བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ

ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་སང་ཀཱ་ར

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๖ · หน้า 58b

བྱས་པ་དེ་ལ་ཡང་དགའ་བར་རིགས་སམ་ཞེ་ན། ལུས་ལ་བསྐུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་དང་ཙནྡན་ནི་ཁ་དོག་དང་། མེ་ཏོག་གི་ཕྲེང་བ་དང་། གོས་ལ་སོགས་པ་ཉེ་བར་མཚོན་པ་ཡིན་ནོ། །གཞན་མིན་ན་ཞེས་བྱ་བ་ལ་སོགས་པ་ལས་གཞན་མ་ཡིན་པའོ། །ཆགས་

པ་དང་བྲལ་བ་ཉིད་དོན་ཡིན་ནོ་ཞེས་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི་ལུས་ལའོ། །ལུས་དེ་དྲི་ཞིམ་པའི་དོན་དུ་སྐུད་པ་ཡིན་ནོ་ཞེ་ན། འཇིག་རྟེན་དོན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་པ་དང་ལྡན་པ་འདི་ལ་སྐུད་པར་རིགས་པ་ཡིན་ནོ་

ཞེས་བསྟན་པའི་ཕྱིར་འོན་ཏེ་དྲི་ཞིམ་ཙནྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པ་ནི་མངོན་པར་འཕེལ་བ་ཡིན་ནོ། །དེ་ལྟར་ནི་རུས་གོང་ཞེས་བྱ་བ་ལ་སོགས་པ་ལ། གྲོང་གི་དུར་ཁྲོད་ལ་སྟེ། གཡོ་བའི་རུས་གོང་གི་ལུས་ཀྱི་ཁྱད་པར་གྱི་དུར་ཁྲོད་དང་འདྲའི་ཁྱོད་དེ་ལ་དགའ་

འམ། གཞན་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡང་འདོད་ལྡན་ངན་པ་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ལྡན་ནི་བྲན་ནོ། །ཁྱུད་ཀོར་ལོས་ཀྱང་ཞེས་བྱ་བ་ནི་ལོ་མང་པོ་དག་ཀྱང་ངོ་། །བུད་སྨད་འདོད་བཞིན་ཞེས་བྱ་བ་ནི་བུ་དང་བུ་མོ་ལ་སོགས་

པ་དོན་དུ་གཉེར་བའོ། །གང་དོན་ཉིད་ནི་བུ་ལ་སོགས་པ་ཉིད་དོ། །ཚོང་པ་བསྟེན་པས་རང་གི་ལུས་བཙོངས་པ་སྟེ། རང་གི་ལུས་འཚོང་བ་གང་ལ་ཡོད་པ་དེ་དག་ནི་ལ་ལ་རང་གིས་ལུས་བཙོངས་ཤིང་ངོ་། །གཡུལ་དུ་འཇུག་པ་ནི་རབ་ཏུ་འཇུག་པའོ། །འདོད་ལྡན་པ་ནི་འདི་ང་རྒྱལ་ཡིན་

པར་དགོངས་སོ། །ལུས་ཀྱང་བཅད་ཅེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །དོན་ཕུན་སུམ་ཚོགས་པ་ཡོད་ན་འདོད་པ་རྙེད་སླ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བྱིས་པ་ནོར་སྤེལ་མི་ནུས་པས། །དར་ལ་བབ་ནས་འདིས་ཅི་བདེ། །བསགས་པས་གཞོམ་པར་གྱུར་ན་ནི། །

རྒས་ནས་འདོད་པས་ཅི་ཞིག་བྱ། །དེའི་ཕྱིར་བསག་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསག་དང་བསྲུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་དོན་འཇིག་པར་མཐོང་བ་འདི་ནི་དོན་མེད་པར་མཐོང་བ་ཡིན་ནོ། །དོན་མེད་པར་མཐོང་བ་ནི་ནོར་ལ་ཆགས་པ་ཞེས་བྱ་བ་ལ་

เล่ม ๑๐๖ · หน้า 59a

སོགས་པ་སྨོས་སོ། །འདོད་ལྡན་རྣམས་ལ་དེ་ལ་སོགས། །ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །ཉེས་དམིགས་ནི་སྐྱོན་ཡིན་ཏེ། གང་ཞིང་ཆེས་མང་ལ་མནོག་ཆུང་བ་སྟེ། ཉམས་སུ་མྱོང་བ་ཆུང་བ་ཡིན་ནོ། །མནོག་ཆུང་བ་གང་ཡིན་པ་དེ་ཞེས་བྱ་བ་ནི་འདོད་

པའི་བདེ་བ་མནོག་ཆུང་བ་གང་ཡིན་པ་དེའོ། །གང་ཞེ་ན། ཕྱུགས་ཀྱིས་སྒྲུབ་ནའང་མི་དཀོན་པའིའོ། །དེའི་དོན་དུ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་དཀའ་འདི་བཅོམ་པ་ཡིན་ནོ། །གང་གིས་བཅོམ་ཞེ་ན། ལས་ཀྱིས་མནར་བ་རྣམས་ཀྱིས་ཏེ། །ལས་ནི་ལས་དང་ཉོན་མོངས་པའོ། །དེས་

མནར་བ་ནི་འདོད་ལྡན་ཉེ་བར་བཅོམ་པ་སྟེ། བདག་ཉིད་ཀྱིས་བདག་བཅོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་འགྱུར་མོད་ཀྱིས། བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་སྡུག་བསྔལ་ཆེན་པོ་ཡིན་ནོ་ཞེ་ན། །འདོད་པ་ངེས་པར་འཇིག་འགྱུར་ཞིང་། །དམྱལ་བ་ལ་སོགས་ལ་ལྟུང་བྱེད་པ།

ཆུང་བ་ཉིད་ཀྱི་ཕྱིར། ཆེན་པོ་མིན་ཕྱིར་དུས་ཀུན་ཏུ་ཞེས་བྱ་བ་ནི་སྐྱེ་བོ་སོ་སོར་ཏེ། འདོད་པ་དང་ལྡན་པ་འཁོར་བར་རོ། །དེ་ཡང་འདོད་ལྡན་བྱང་ཆུབ་སྤྱོད་པ་བས་སྡུག་བསྔལ་ཆེ་བ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་སྟེ། །སངས་རྒྱས་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཆེན་པོ་ཡིན་ཞེ་ན།

དམྱལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ལྡན་རྣམས་ཀྱིས། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །དམྱལ་བ་ལ་སོགས་པའི་དུས་ཀྱིའོ། །འདོད་པ་རྣམས་ལ་མཚོན་ལ་སོགས་པའི་སྡུག་བསྔལ་གྱིས་ཀྱང་དཔེར་མི་ཕོད་དོ། །འདི་སྐད་དུ། འཇིག་

རྟེན་འདི་དང་ཕ་རོལ་ཏུ། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འདོད་པ་པོ་ལས་སྐྱོ་བ་སྐྱེད་ཅིང་། འདོད་པའི་རྣམ་པར་རྟོག་པ་སྤངས་ནས་གནོད་སེམས་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བའི་ཆེད་དུ། དེ་ལྟར་འདོད་ལས་སྐྱོ་བ་སྟེ། །དབེན་པ་ལ་ནི་དགའ་བ་སྐྱེད་ཅེས་

སྟོན་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་ནི་འཇིགས་པ་མེད་པའོ། །ཟླ་འོད་ནི་ཟླ་བའི་ཟེར་ཉིད་དོ། །དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཙནྡན་ཏེ། དེས་བསིལ་བའིའོ། །ཁང་བཟངས་ཏེ། གཞལ་ཡས་ཁང་བཞིན་ཡངས་ཤིང་རྒྱ་ཆེ་བར། །གཞན་ལ་ཕན་དོན་

เล่ม ๑๐๖ · หน้า 59b

སེམས་ཤིང་འཆག་པར་བྱེད། །གང་ཞེ་ན། སྐལ་ལྡན་ཏེ་དམ་པའོ། །ཅི་འདྲ་བ་ཞིག་གིས་ཤེ་ན། སྒྲ་མེད་ཞི་བའི་ནགས་རླུང་གཡོབ་པ་ཡིས་སོ། །ཁང་སྟོང་ལ་སོགས་པ་གང་དུ་སྟེ། ལ་ལར་ཅི་སྲིད་འདོད་གནས་ཤིང་སྟེ། འདུག་ནས་ཡོངས་འཛིན་སྲུང་བའི་སྡུག་བསྔལ་སྤངས། །

ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ཡོངས་སུ་འཛིན་པ་བསྲུང་བའི་སྡུག་བསྔལ་དེ་དང་བྲལ་བར་བྱ་སྟེ། སའི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ནི་རྐུན་པོས་དབྲོག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སའི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་དང་། བྲང་ཁང་སྟོང་པ་དེ་ལ། ལྟོས་པ་མེད་པར་བག་ཡངས་

སྤྱོད། །ལྟོས་པ་མེད་པར་སྤྱོད་པས་གནས་པར་བྱའོ། །དེ་ལྟར་ནི་གྱ་ནོམ་པའི་ཡོ་བྱད་མེད་པའི་ཕྱིར་སྡུག་བསྔལ་གྱིས་གནོད་པར་འགྱུར་ཞིང་བདེ་བ་ལས་ཀྱང་ཏིང་ངེ་འཛིན་སྐྱེ་བ་མ་ཡིན་ནམ་ཞེ་ན། རང་དབང་སྤྱོད་ཅིང་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་ཡང་འབྲེལ་མེད་པ་སྟེ།

གཞན་གྱི་རྣམ་པར་རྟོག་པ་ལ་སོགས་པ་མེད་པའི་ཕྱིར་རོ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །ཞེས་བྱ་བ་ནི་གཞན་གྱི་རྣམ་པར་རྟོག་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པ་གཞན་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར་དེ་ལ་སོགས་པའི་རྣམ་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། མཇུག་བསྡུ་བ་ཡིན་ནོ། །དེ་ལ་སོགས་པའི་རྣམ་པ་ཡིས། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྒྱུན་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ལ་སོགས་པ་དམིགས་པ་དང་འཛིན་པའི་རྣམ་པ་ཡོངས་སུ་སྤང་བར་བྱ་བ་ཡིས་སོ། །དེ་ལ་རྣམ་པར་རྟོག་པའི་རྒྱུན་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་

པ་ནི། ཇི་ལྟར་ན་གཞན་གྱི་ཡོན་ཏན་གྱི་རྣམ་པ་མེད་པར་བླ་མ་བྱེད། །ཅེས་བྱ་བའོ། །དེ་ལྟར་སྤོང་བར་བྱེད་པའི་རྣམ་པ་ཇི་ལྟར་བདག་གིས་འགྲོ་བའི་བླ་མར་བྱ་བ་ཡིན་ན་དེ་འདྲ་བའི་ཡོན་ཏན་བདག་ལ་མེད་པའི་དབེན་པའི་ཡོན་ཏན་གོམས་པར་བྱས་ན་རིམ་གྱིས་འབྱུང་བར་འགྱུར་རོ། །དབེན་པ་

མེད་པར་ལས་དང་པོ་པའི་སེམས་ལས་སུ་རུང་བར་མི་འགྱུར་ཏེ། བསླབ་པ་འདོད་པའི་དགེ་སློང་རྣམས། །དབེན་པ་དག་ཀྱང་མཐོང་བར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་བསྒོམ་གྱུར་ཅིག །ཅེས་འཆད་པ་ལྟ་བུའོ། །དེ་ལྟར་ན་དབེན་པའི་ཡོན་ཏན་བསམ་བྱས་ནས། །

เล่ม ๑๐๖ · หน้า 60a

རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱའོ། །དེ་ལྟར་ནང་དུ་ཡང་དག་འཇོག་པའི་བསམ་གཏན་གྱིས་བྱང་ཆུབ་སེམས་ཀྱི་རྣམ་པ་བཅུ་བསྒོམས་ནས་ཀུན་ནས་ནང་དུ་ཡང་དག་འཇོག་གིས་བདག་དང་གཞན་མཉམ་པ་ཉིད་དང་པོར་བསྒོམ་པར་

བྱ་བ་ཡིན་པ་དེ་ལྟར་ན་འཆད་པར་འགྱུར་བའི་ཚུལ་གྱིས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་སྟེ། བདག་དང་གཞན་མཉམ་པ་ཉིད་ལ་སོགས་པ་ནི་ཁྱད་པར་ཅན་གྱི་ཡོན་ཏན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། བདེ་

དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་དང་བདེ་བ་མ་ཡིན་པའི་བདག་ཉིད་བདེ་བ་དང་སྡུག་བསྔལ་གང་ཡིན་པ་དེ་དག་མཚུངས་ཤིང་མཉམ་པས་ན། ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཇི་ལྟར་བདག་སྡུག་བསྔལ་ལས་བཟློག་ནས་བདེ་བ་ལ་སྦྱོར་ཞིང་བསྲུང་བར་བྱ་བ་

ཡིན་པ་དེ་ལྟར་བསྲུང་བར་བྱའོ། །ཇི་ལྟར་ཞེ་ན་ལག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར། ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་། །དུ་མ་ཡིན་ན་ཡང་དེ་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཅན་དུ་ཐ་དད་པའི་ཕྱིར་རོ། །ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་

ལྟར། །དུ་མའི་བདག་ཉིད་ཅན་ཡིན་པའི་ཕྱིར། དེ་བཞིན་འགྲོ་བའི་སྡུག་བསྔལ་ཐ་དད་ཀྱང་། །འགྲོ་བ་ཐམས་ཅད་བདག་བཞིན་བདེ་བ་འདོད་མཉམ་གཅིག །དེ་ལྟར་ཡོངས་སུ་བསྐྱང་བར་བྱ། །གཞན་གྱི་ལུས་ལ་བདག་གི་སྡུག་བསྔལ་གནོད་པར་བྱེད་པ་མ་ཡིན་ན་དེ་ཇི་ལྟར་ན་འདི་

ཐམས་ཅད་སྡུག་བསྔལ་དང་བདེ་བའི་བདག་ཉིད་དུ་ཐ་དད་པ་མེད་པ་ཡིན་ཞེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱི་སྡུག་བསྔལ་ནི་བདག་ཉིད་ཀྱི་སྡུག་བསྔལ་ལོ། །བདག་ཉིད་ལ་ཆགས་པས་མི་བཟོད་པ་སྟེ། བདེ་བ་མ་ཡིན་པ་ལ་བདག་ལ་ཆགས་པས་

བརྣག་པར་དཀའ་བའོ། །དེ་བཞིན་གཞན་གྱི་སྡུག་བསྔལ་དག །གལ་ཏེ་བདག་ལ་བབ་པར་མི་འགྱུར་ཡང་གཞན་དེ་འདི་ལས་ཅིར་འགྱུར་ཞེ་ན། བདག་གིས་གཞན་གྱི་སྡུག་བསྔལ་བསལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པར་བྱ་བ་ནི་བདེ་བར་བྱ་བའོ། །གཞན་

เล่ม ๑๐๖ · หน้า 60b

ལས་བཟློག་པའི་ལུས་དང་སེམས་ཀྱི་རྒྱུད་ནི་འདིར་བདག་ཡིན་ནོ། །དེ་ཡང་ཡིན་ལ་སེམས་ཅན་ཡང་དེ་ཡིན་པས་ན་སེམས་ཅན་དེ་ཡིན་པའི་ཕྱིར་ཏེ། སེམས་ཅན་མ་ཡིན་པ་ལས་བཟློག་པ་སྟེ། སེམས་ཅན་བཞིན་ནོ། །བདག་ཉིད་ཁོ་ན་བདེ་བ་ལ་བརྩོན་པར་བྱ་བ་མ་ཡིན་ནམ་

གཞན་ལ་སེམས་ཅི་ཞིག་བྱ་སྟེ། དེའི་བདེ་བ་ཁྱོད་ཀྱིས་ཉམས་སུ་མྱོང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གང་ཚེ་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་ཉིད་ཁོ་ན་ལ་ཡིན་གྱི་གཞན་དག་ལ་ཡང་མ་ཡིན་ནམ། དེ་དག་གིས་བདེ་བ་ལ་བརྩོན་པར་བྱའོ་ཞེས་

བྱ་བའི་ཐ་ཚིག་གོ། །གང་ཚེ་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་ཅིག་ཤོས་སོ། །གལ་ཏེ་དེ་ལས་ཅིག་ཤོས་ཀྱི་སྡུག་བསྔལ་ནི་དེ་ལ་སྡུག་བསྔལ་ལོ། །དེས་བདག་ལ་མི་གནོད་པ་དེའི་ཕྱིར་མི་སྲུང་ནའོ། །འོ་ན་དེ་ལྟར་ན་ནི་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་

ཡང་བདག་ལ་གནོད་པ་མེད་པ་དེའི་ཕྱིར་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ལས་དོན་ཅིས་བདག་སྲུང་བར་བྱེད་པར་འགྱུར་ཞིང་། གང་གིས་ན་དེའི་དོན་དུ་བསླབ་པ་བསྲུང་བར་བྱ། དེ་ལྟར་ནི་འགྱུར་མོད་ཀྱི། མ་འོངས་པའི་ལུས་གཞན་ཡིན་གྱི་འོན་ཀྱང་མ་འོངས་པའི་དུས་

སུ་དེའི་ཚེ་ཡང་བདག་ཉིད་ཡིན་པ་དེས་ན་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་བདག་ལ་གནོད་པ་ཡིན་ནོ་ཞེ་ན། བདག་གིས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཤི་བའང་གཞན་ཡིན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་

དེ་ལྟར་ན་ནི་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་བསླབ་པ་བསྲུང་བ་ལ་སོགས་པས་བདག་མི་བསྲུང་ངམ་ཞེ་ན། བསྲུང་བ་ཡང་ཡིན་པ་དེའི་ཕྱིར་བདག་ཉིད་དེའི་ཚེ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ཏུ་རྟོགས་པ་ལོག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་གིས་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེ་ནི་དེ་ཉིད་ཀྱིས་བསྲུངས་ན། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་བདག་སྡུག་བསྔལ་ཡིན་ཏེ། ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་དེ་སྐད་དུ་སྟོན་ཏོ། །རྐང་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། མགོ་བོའི་སྡུག་བསྔལ་ཡང་ལག་པ་མ་ཡིན་ནོ། །

เล่ม ๑๐๖ · หน้า 61a

ཅིའི་ཕྱིར་ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་རྐང་པའི་སྡུག་བསྔལ་ཏེ་ལག་པས་སྲུང་བར་བྱེད་ཅེ་ན། དེ་དག་གཅིག་པ་ཉིད་མ་ཡིན་ཏེ། ཡན་ལག་ཅན་མེད་པའི་ཕྱིར་དང་། ལག་པ་ལ་སོགས་པ་བསྐྱོད་པ་ན་ཐམས་ཅད་བསྐྱོད་པར་འགྱུར་རོ་ཞེས་བྱ་བ་

ལ་སོགས་པས་གཞན་དུ་བཀག་ཟིན་པའི་ཕྱིར་དང་། བདག་རྟག་པ་གཅིག་པུ་ནི་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་བསྲུངས་པ་དེ་ལྟར་མི་རིགས་གྱུར་ཀྱང་ནི། བདག་གིར་འཛིན་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། བདག་ཏུ་འཛིན་པ་ལ་སོགས་

པ་ཕྱིན་ཅི་ལོག་ལས་འཇུག་པར་འགྱུར་རོ། །གལ་ཏེ་དེ་ལྟར་སྡུག་བསྔལ་ཡང་མི་རིགས་པ་ཡིན་པ་དེ་ལྟར་ན་བདག་གིར་འཛིན་པ་ལས་བྱུང་བའི་ལས་ལས་འཇུག་པར་འགྱུར་རོ། །དེའི་ཕྱིར་དེ་དག་རང་གིས་བཟློག་པར་བྱ་ཞིང་། གཞན་དག་གི་སྟོབས་ཇི་ལྟ་བ་བཞིན་དུ་བདག་

གིར་བྱས་ནས་བཟློག་པར་བྱའོ་ཞེས་བཤད་པ་གང་ཡིན་པ་ལྟ་བུའོ། །དེ་དེ་ལྟར་གྱུར་མོད་ཀྱི་ལུས་དང་སེམས་ཀྱི་རྒྱུན་རྟེན་ཉིད་ཡིན་པའི་ཕྱིར་རྟེན་ཉིད་སྡུག་བསྔལ་ཡིན་པར་རིགས་པ་མ་ཡིན་ཏེ། དགྲ་བོའི་སྡུག་བསྔལ་ཉིད་འདོད་པ་ཡིན་པའི་ཕྱིར་རོ། །སྡུག་པ་དག་ཀྱང་དགྲ་

བོ་མེད་པ་ལ་སོགས་པ་ཡང་ཡིན་ནོ། །བདག་ཉིད་ཀྱི་སྡུག་བསྔལ་དེ་བདག་གིར་འཛིན་པ་ལ་སོགས་པས་སྤང་བར་བྱ་བ་ཡིན་ནོ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་དང་སེམས་ཀྱི་རྒྱུད་ལ་ལྟོས་ནས་ཀྱང་དེ་ཁོ་ན་ཉིད་དུ་སྡུག་བསྔལ་ཡོད་པ་མ་ཡིན་ནོ་ཞེས་

བསྟན་པའི་ཕྱིར་རྒྱུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པའི་རྒྱུད་ནི་རྒྱུན་ཡིན་ཏེ། །ཚོགས་ནི་འདུས་པ་སྟེ། ལག་པ་ལ་སོགས་པའི་ཕུང་པོ་ལྟ་བུའོ། །སོགས་པའི་སྒྲས་ནི་ཆུའི་རྒྱུན་ལ་སོགས་པ་བཞིན་དུ་བརྫུན་ཏེ་ལོག་པ་ཡིན་ནོ། །དེའི་ཕྱིར་གཞན་ཡང་། གང་གི་

སྡུག་བསྔལ་མེད་པ་འདིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དེ་ནི་གཞན་ལ་མེད་པའི་རྒྱུ་དེའི་ཕྱིར་སྡུག་བསྔལ་གང་དང་འབྲེལ་པ་ཡིན་ནོ། །དེ་ནི་སུའི་བདག་གིར་འགྱུར། དེ་ལྟར་ན་མི་སྲིད་པ་དེའི་ཕྱིར། སྡུག་བསྔལ་བདག་པོ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་

เล่ม ๑๐๖ · หน้า 61b

རྟོགས་པར་སླའོ། །གལ་ཏེ་སྡུག་བསྔལ་ཡིན་ན་ཡང་། །དེ་ལྟར་བརྫུན་ཡིན་པ་དེ་ལྟར་ན་གང་གིས་བཟློག་པར་བྱ། ཅིའི་ཕྱིར་ཀུན་གྱི་སྡུག་བསྔལ་ནི་རང་དང་གཞན་གྱི་སྡུག་བསྔལ་རང་གི་སྡེ་པས་ཇི་ལྟར་མཐོང་བ་བཞིན་དུ་བཟློག་པར་བྱ་ཞེས་བརྩད་དུ་མེད་དོ། །རང་ཉིད་ཀྱང་

བརྫུན་ཡིན་པ་དེ་ལྟར་ན། བཟློག་པར་བྱ་བ་མ་ཡིན་ལ། གལ་ཏེ་བཟློག་པར་བྱ་བ་ཡིན་ན་ཐམས་ཅད་བཟློག་པ་སྟེ། བདག་ཉིད་ཀྱི་བཞིན་དུ་གཞན་དག་གི་ཡང་བཟློག་པར་བྱ་བ་ཡིན་ནོ། །གལ་ཏེ་མ་ཡིན་ན་ཐམས་ཅད་ཀྱང་བཟློག་པར་བྱ་བ་མ་ཡིན་ནོ། །འོ་ན་དེ་ལྟར་ན་སྡུག་

བསྔལ་སྣ་ཚོགས་ཀྱི་བདག་ཉིད་འདིར་ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་བདག་ཡིན་ལ། དེ་ཡང་ཐམས་ཅད་བཟློག་པར་བྱ་བ་ཡིན་ནོ། །སྙིང་རྗེས་དེ་གཞན་སྡུག་བསྔལ་དང་བྲལ་བར་འདོད་པས་སོ། །བདག་གི་སྡུག་བསྔལ་དང་སེམས་ཅན་གཞན་གྱི་སྡུག་བསྔལ་དུ་

མར་གྱུར་པ་བཟློག་པར་བྱ་བ་ཡིན་ན། དེ་ཅིའི་ཕྱིར་འབྱུང་བ་ཡིན། གལ་ཏེ་སྟོབས་ཀྱིས་ཡིན་ནོ་ཞེ་ན། འགྲོ་བའི་སྡུག་བསྔལ་བསམ་བྱས་ནས། །ཇི་ལྟར་སྙིང་རྗེའི་སྡུག་བསྔལ་མང་བ་མ་ཡིན་ནམ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །དེས་ན་མེ་

ཏོག་ཟླ་མཛེས་ཀྱིས་ཏེ། བྱང་ཆུབ་ལ་སེམས་ཅན་གདུལ་བའི་ཕྱིར། རྒྱལ་པོའི་གནས་སུ་ཞུགས་པ་ན། །མངོན་པར་ཤེས་པ་བརྙེས་པ་ཉིད་ཀྱིས་ཤེས་ཀྱང་རྒྱལ་པོའི་གནོད་པ་ལ་སྟེ། རྒྱལ་པོ་དཔས་བྱིན་དེ་ལས་བྱུང་བའི་གནོད་པ་ནི་རྒྱལ་པོའི་གནོད་པའོ། །བདག་གི་སྡུག་

བསྔལ་ཏེ། བདག་ཉིད་འཆི་བའི་སྡུག་བསྔལ་མ་བསལ་བར་ཞེས་བྱ་བ་ནི་སྤྱོད་དུ་ཟིན་ཀྱང་མ་སྤངས་པར་རོ། །གདུལ་བྱ་མང་པོའི་དོན་སྡུག་བསྔལ་ཟད་པར་བྱས་པའི་ཕྱིར་རོ། །དེ་དག་གི་སྡུག་བསྔལ་ཟད་པ་ཞེས་བྱ་བའི་དོན་ཡིན་ཞིང་དེ་ལ་ས་བོན་བསྐྲུན་པ་དང་། ཡོངས་སུ་སྨིན་པ་ལ་

སོགས་པ་ཡང་ངོ་། །དེ་ཡང་དེའི་ཚེ་བདག་ཉིད་སྡུག་བསྔལ་ཉིད་ཀྱིས་གཟིགས་པ་ཡིན་པ་དེ་ལྟར་ན། དེའི་བདག་ཉིད་ཀྱིས་སྡུག་བསྔལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཡིད་ནི་བསྒོམས་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བདག་དང་གཞན་མཉམ་པ་

เล่ม ๑๐๖ · หน้า 62a

ཉིད་དུ་བསྒོམས་པས་གོམས་པར་འགྱུར་བའི་རྒྱུད་གང་ལ་མངའ་བ་དེ་དག་གིས་གཞན་གྱི་སྡུག་བསྔལ་ཞི་བར་དགའ་བས་སོ། །ཅིའི་ཕྱིར་བདག་ཉིད་ཀྱི་སྡུག་བསྔལ་ཞི་བ་ལ་བྱང་ཆུབ་སེམས་དཔའ་དགའ་བར་མི་འགྱུར་ཞེས་བསྟན་པའི་ཕྱིར། སེམས་

ཅན་གྲོལ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རོ་ལ་སྲེད་པ་མེད་ཅིང་འདུས་མ་བྱས་པས་རྒྱུད་གོམས་པར་བྱས་པ་དེ་ཉིད་ཀྱི་ཕྱིར་གཞན་གྱི་དོན་ལ་གཅིག་ཏུ་སྲེད་པ་བདག་ཉིད་ཁྱད་པར་ཅན་གྱིས། རྣམ་སྨིན་འབྲས་བུའི་རེ་བ་མེད། །དེ་དག་ལ་ནི་གཞན་གྱི་སྡུག་བསྔལ་ཞི་བ་ལ་

དགའ་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ན་གཞན་གྱི་ལུས་ལ་ཡང་བདག་ཅེས་འཛིན་པར་བྱེད་ཅེ་ན། གོམས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱིས་ཞེས་བྱ་བ་ནི་མ་དང་ཕའི་འབྲེལ་པ་ལས།

ཁུ་བ་ཁྲག་གི་ཐིགས་པ་ལ་སྟེ། རིམ་གྱིས་ཕའི་ཁུ་བ་དང་མའི་ཁྲག་དང་ལས་ཀྱི་དབང་གིས་འཕེལ་བ་ཕལ་ཆེར་མིའི་ལུས་དེ་ལ། བདག་གོ་ཞེས་ནི་ཤེས་པ་ལྟར་ཏེ། ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་ཏུ་གོམས་པའི་ཕྱིར་རོ། །ཅིའི་ཕྱིར་གོམས་པ་མེད་པར་མ་ཡིན་ཞེ་ན། དངོས་པོ་མེད་

པར་གྱུར་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྒྱུད་དང་མཚུངས་པ་དང་ནི་བརྫུན་པ་ཉིད་ཀྱི་ཕྱིར་དང་། བདག་རྟག་པ་གཅིག་པུ་ལ་སོགས་པ་ནི་དགག་པར་བྱ་བ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང་བདག་ཅེས་བྱ་བ་ཤེས་པ་ཉིད་ནི་སྒྱུ་མ་ལྟ་བུ་འབའ་ཞིག་ཏུ་

འགྱུར་རོ། །དེའི་ཕྱིར་གོམས་པ་མེད་པར་ཡང་སྒྱུ་མ་ལྟ་བུ་ཡོད་པ་མ་ཡིན་ནོ། །ཀྱང་གི་སྒྲས་ནི་དངོས་པོ་བདེན་པ་ཉིད་ཀྱང་ཇི་ལྟར་མཐོང་བ་བཞིན་དུ་གསལ་བར་སྣང་བ་ནི་གོམས་པ་ཉིད་ཀྱི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །དེ་དག་ནི་གཞན་དག་གིས་ཀྱང་། དེ་ཕྱིར་ཡང་དག་ཡང་དག་

མིན། །གང་གང་ཞིག་ཏུ་བསྒོམས་པ་ལས། །བསྒོམས་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཞན་གྱི་ལུས་ལ་ཡང་། །བདག་ཅེས་ཅི་ཡི་ཕྱིར་མི་གཟུང་། །ཞེས་བྱ་བ་དེ་བཞིན་ནི་གོམས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བདག་

เล่ม ๑๐๖ · หน้า 62b

དང་གཞན་མཉམ་པ་ཉིད་ཀྱི་ཀུན་ནས་ནང་དུ་ཡང་དག་འཇོག་གི་བསམ་གཏན་བཤད་ནས། བདག་དང་གཞན་བརྗེ་བ་ལ་སོགས་པས་བྱ་བ་ནན་ཏན་གྱི་བསམ་གཏན་བསྟན་པའི་ཕྱིར། བདག་གི་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཡིད་ལས་གཞན་ཉིད་ནི་གཞན་དག་ཏུའང་རང་གི་

ལུས་ལ་རྨོངས་པས་ཡིད་ཀྱིས་བདག་གིར་བྱས་པ་བཞག་པ་དེ་ལྟར་བཀག་པ་མེད། རྟོགས་དཀའ་བ་མ་ཡིན་ནམ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་རྟོགས་པ་དང་རྟོགས་པའི་བདག་ཉིད་མ་ཡིན་པ་དག་འགལ་བའི་ཕྱིར་ལོག་པར་གོམས་པ་ལས་ཡིད་ཀྱིས་བདག་གིར་བྱས་

པ་ཡིན་ནོ། །བདག་ཉིད་སྐྱོན་བཅས་ཤེས་ནས་ནི། །གཞན་ལ་ཡང་། ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཇི་ལྟར་ན་གཞན་དག་བདག་ཉིད་དུ་བླང་བ་ཡིན་ཞེ་ན། ཇི་ལྟར་ལག་པ་ལ་སོགས་པ། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་གསུམ་པོ་དག་གི་དོན་ཁོང་དུ་ཆུད་པར་སླའོ། །བདག་བསྲུང་བ་ནི་བདག་སྦེད་པར་འདོད་པའོ། །བྱིན་གྱིས་བརླབ་པར་མཛད་པ་དེ་བས་ཏེ། གོམས་པའི་ཕྱིར་མགོན་པོ་སྤྱན་རས་གཟིགས། །འགྲོ་ལ་ཐུགས་རྗེས་མངའ་བས་སོ། །

ཅི་ཞིག་བྱིན་གྱིས་བརླབ་པར་མཛད་ཅེ་ན། །སྤྱན་རས་གཟིགས་ཞེས་བྱ་བ་དེའི་རང་གི་མཚན་ཡང་སྟེ། རེ་ཞིག་སེམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །ཅིའི་ཕྱིར་བྱིན་གྱིས་བརླབ་ཅེ་ན། འཁོར་གྱི་འཇིགས་པ་སྟེ། སྤོབས་པ་མེད་པ་དེ་ལས་

འཇིགས་པ་ནི་འཁོར་གྱིས་འཇིགས་པའོ། །འང་གི་སྒྲས་ནི་སྐྱེ་བོ་གཞན་གྱིས་ཡང་འཇིགས་པའི་སྡུག་བསྔལ་བསྐྱབ་པའི་ཕྱིར་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་དག་ལས་ཇི་སྐད་བཤད་པ་ལྟ་བུའོ། །གང་གི་ཕྱིར། དེ་བཞིན་འགྲོ་ལ་བསྲུང་སེམས་དང་། །

སྙིང་རྗེའི་སེམས་ནི་གོམས་པར་བྱས། སེམས་དེ་ནི་དཀའ་བས་བྱེད་ཅིང་གྲུབ་པ་ཡིན་པ་དེ་ལྟ་ན་དཀའ་བར་བྱེད་པ་ཡིན་ནོ་ཞེ་ན། དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར། མཛའ་བར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་སྟེ། སྒྲ་ཐོས་

เล่ม ๑๐๖ · หน้า 63a

པ་འམ་འཇིགས་པ་ཡང་། དེ་ཉིད་མེད་ནའང་མི་དགར་འགྱུར་རོ། །དགའ་བར་སྤྱོད་པ་འདི་མེད་པར་ཡང་བདག་དང་གཞན་བསྐྱབ་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་བདག་དང་གཞན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་

དམ་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསང་བ་ནི་དམན་པ་དག་ལས་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བདག་སྐྱོན་དང་བཅས་པ་ཉིད་ཡིན་པར་ཤེས་ནས་སྤང་བར་བྱ་ཞེ་ན། བདག་ལུས་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་འཇིགས་པ་དེ་ལ་འཇིགས་གནས་ཆུང་ལ་

སྟེ། ཚེར་མ་ལ་སོགས་པའི་འཇིགས་པ་ལ་འཇིགས་པ་སྐྱེ་བ། འཇིགས་པ་སྐྱེ་བའི་ལུས་དེ་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། །ལུས་གང་བཀྲེས་དང་སྐོམ་སོགས་ནད། །གསོ་བའི་ཆོ་ག་བྱེད་འདོད་པས། །ཉ་ལ་སོགས་པ་གསོད་པར་བྱེད་ཅིང་ལམ་སྒུགས་བྱེད་པ་སྟེ། གཞན་ལ་

འཚེ་བའི་དོན་དུ་ལམ་སྒུགས་བྱེད་ཅིང་གནས་སོ། །བརྐུས་ནས་ཞེས་བྱ་བ་ནི་ལེན་པར་བྱེད་པས་སོ། །ཕ་གསོད་པའི་མཚམས་མེད་པའི་ལས་དང་། དཀོན་མཆོག་གསུམ་གྱི་དཀོར་ཕྲོགས་པ་མཚམས་མེད་པ་དང་ཉེ་བ་གང་ཡིན་པ་དེས་ནི་མནར་མེད་བསྲེག་འགྱུར་ན། མནར་མེད་པའི་བུད་

ཤིང་དུ་གྱུར་ན་བདག་ཉིད་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་ཅིང་གཞན་དག་གིས་གུས་པར་བྱེད་པའོ། །གལ་ཏེ་བྱིན་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་གཉིས་ནི་ཁོང་དུ་ཆུད་པར་སླའོ། །དེ་ལྟར་ནི་ལུང་དང་རིགས་པ་དག་གིས་བརྗེས་པར་རབ་ཏུ་བསྒྲུབས་

ནས། རང་གི་ཡིད་བརྟན་པར་བྱ་བའི་ཕྱིར་རྗེས་སུ་སྟོན་པ་ནི། བདག་ཉིད་གཞན་ལ་གཏད་བྱ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་གི་ལུས་ལ་ཅི་མཐོང་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རང་གི་དོན་གྱི་སྒྲ་ལ་སོགས་པ་བཟུང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་

པ་དེས་ན་སེམས་ཅན་གཙོར་བྱས་ཏེ། སེམས་ཅན་ཐམས་ཅད་གཙོར་བྱས་པ་གང་ཡིན་པ་ལ། མིག་ལ་སོགས་པ་དག་གིས་མཐོང་བ་གང་ཡིན་པ་དེ་དང་དེ་ནི་བདག་གི་ལུས་ལ་ཕྲོགས་ནས་ཀྱང་ཡིད་བརྟན་པས་བླངས་ནས་དེ་དང་དེས་གཞན་དག་ལ་ནི་ཕན་པར་སྤྱོད་ཅིང་བྱ་བ་ཡིན་ནོ། །

เล่ม ๑๐๖ · หน้า 63b

གཞན་གྱི་དོན་ལ་སྦྱོར་བར་བྱེད། །ཅེས་བྱ་བའི་གཞུང་ནི་རྟོགས་པར་སླའོ། །ཡང་ཇི་ལྟར་ཞེ་ན། དམན་སོགས་ཞེས་བྱ་བ་ལ། དམན་པ་དང་། བར་མ་དང་། མཆོག་ལ་རྣམ་རྟོག་མེད་པ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ནི་འདིར་ཐེ་ཚོམ་ཡིན་ཏེ། ཐེ་ཚོམ་མེད་པའི་སེམས་ཀྱིས་

བདག་ཉིད་ཀྱིས་སོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། ང་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་དེ་དམན་པ་དག་ལས། གཞན་ཉིད་ནི་བདག་མ་ཡིན་ནོ་ཞེ་ན། དེ་བཞིན་འོག་མ་དག་ལ་ཡང་བརྗེ་བ་ལ་རྗེས་སུ་འབྲང་བར་བྱའོ། །འདི་ནི་བསྟོད་བྱས་ཞེས་བྱ་བ་ལ་སོགས་པ་ནི་ཁོང་

དུ་ཆུད་པར་སླའོ། །མཐོ་བ་དང་དམའ་བ་ལ་ཡང་ལྟོས་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚུལ་ཁྲིམས་ལྟ་བ་ཕོངས་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་བ་ནི་འདིར་སྦྱིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཡོད་པ་ནི་ཡང་དག་པའི་ལྟ་བའོ། །ལྟ་བ་དང་ཚུལ་ཁྲིམས་

རྒུད་པ་ནི་ལོག་པར་ལྟུང་བ་ཉིད་དང་། ཚུལ་ཁྲིམས་འཆལ་པའི་འོ། །སོགས་པའི་སྒྲས་ནི་འཚོ་བ་རྒུད་པ་ལ་སོགས་པ་གཟུང་ངོ་། །ཉོན་མོངས་པའི་ནད་ཀྱི་དབང་གྱུར་དེའི་ཕྱིར་བདག་ཉིད་གསོ་བྱ་ཡིན་པས་ན། ཅི་ནུས་བདག་གིས་གསོ་བྱ་སྟེ། །གནོད་ཀྱང་དེ་ནི་དང་དུ་བླང་། །འོན་ཏེ་

བདག་འདི་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ངན་འགྲོ་གདུག་པ་སྟེ། སྟག་ལ་སོགས་པའི་ཁར་གནས་པ་སྟེ། ངན་འགྲོའི་གདུག་པའི་ཁར་གནས་པ་ལས་རྒྱལ་ཞིང་ཟིལ་གྱིས་གནོན་པར་འདོད་དོ། །དེ་བཞིན་དུ་དམན་པ་དག་ལ་བདག་ཉིད་ཀྱིས་བདག་ཉིད་ལ་ཕྲག་དོག་དང་ང་རྒྱལ་

བསམ་པར་བྱ་བ་ཡིན་ནོ། །བདག་དང་མཉམ་པར་བལྟས་ནས་ནི། །དེ་ཡིས་ལྷག་པར་བྱ་བའི་ཕྱིར། །འདི་ལྟར་ཅི་ཞིག་ལྟར་བྱས་ནས། །བདག་གིས་རྙེད་དང་བཀུར་སྟི་ནི། །གཞན་དང་ལྷན་ཅིག་རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ། །དེ་བཞིན་ལུས་དང་ངག་གི་རྩོད་པ་ཡང་ཡིད་སྔོན་

དུ་སོང་བ་ཅན་ཡིན་ནོ་ཞེས་དེ་ལྟར་བསམ་པར་བྱའོ། །འོན་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཀུན་ལ་ཇི་ལྟར་ཡོན་ཏན་གསལ་བར་བསྒྲགས་པས་ཏེ། །འཇིག་རྟེན་ཐམས་ཅད་ལ་འདིའི་ཡོན་ཏན་དེ་དག་གསལ་བར་སུས་ཀྱང་ཐོས་པར་མི་འགྱུར་ཞེས་བྱའོ། །འོན་ཀྱང་གསང་བར་

เล่ม ๑๐๖ · หน้า 64a

བྱའོ། །འཇིག་རྟེན་ཡང་ཞེས་བྱ་བའི་གཞུང་ནི་གལ་ཏེ་བདག་གི་ཡོན་ཏན་གསལ་བར་མི་འགྱུར་ན་སུས་ཀྱང་ཐོས་པར་མི་འགྱུར་ཏེ། དོན་མེད་པ་ཡིན་པས་ཡོན་ཏན་གསལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་འགྱུར་ཞེས་བྱ་བ་དེ་ནི་རྣམ་པར་དབྱེ་

བས་བསྒྱུར་ནས་གཞན་དག་ལ་སྦྱར་བར་བྱ་སྟེ། རེ་ཞིག་མེད་པ་གསལ་བར་སུས་ཀྱང་ཐོས་པར་མི་འགྱུར་བར་བྱའོ། །བདག་གི་སྐྱོན་ཡང་སྦ་བྱ་ཞིང་། །ཇི་ལྟར་གསལ་བར་མི་འགྱུར་བ་དེ་ལྟར་རོ། །བདག་ནི་མཆོད་འགྱུར་འདི་ལ་མིན། །ཡུན་རིང་ཞེས་བྱ་བ་ནི་དུས་རིང་པོའོ། །

ངག་གི་རྩོད་པ་ནི་འགྲོ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་བདག་གིས་རྩོད་པ་ཡིན་པ་དེ་ལྟར་བསྟན་ནས། དེ་བཞིན་དུ་ལུས་ཀྱི་རྩོད་པ་ནི། འདི་ལས་བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཁོང་དུ་ཆུད་པར་སླའོ། །རྩོད་པ་ནི་བརྫུན་པ་ཉིད་ནི། ཡིད་ཁྱོད་

རང་དོན་བྱེད་འདོད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་དོན་བྱེད་འདོད་པ་ནི་ཤེས་པར་བྱེད་འདོད་པའི་སྡུག་བསྔལ་འབའ་ཞིག་ནི། ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཁོ་བོས་དེ་ལྟར་གནོད་པར་བྱས་པ་ཡིན་ནོ། །དེ་ལྟར་ངེས་པར་ཞེས་བྱ་བ་ནི་རང་གི་དོན་བཞིན་དུ་གཞན་དག་གི་

དོན་ལ་སྟེ། བདག་དང་གཞན་བརྗེ་བ་ལ་ཡང་ངོ་། །རྩོད་པ་ལ་སོགས་པ་སྤོང་བ་ནི་རྣམ་པས་བདག་གི་དོན་ཉིད་མ་ཡིན་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཐུབ་པའི་བཀའ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཡོན་ཏན་ནི་གཞན་གྱི་དོན་ལ་འཇུག་པའི་ཡོན་ཏན་བདག་དང་གཞན་བརྗེ་

བའི་ཡོན་ཏན་ལས་སོ། །ཕྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སའམ། སངས་རྒྱས་ཀྱི་ས་ལའོ། །མི་སླུ་བའི་བདེན་པ་འདི་ཞེས་བྱ་བ་ནི་བདག་དང་གཞན་བརྗེ་བར་བྱེད་འདོད་པའོ། །གལ་ཏེ་སྔོན་བྱས་པར་གྱུར་ན་ནི། སངས་རྒྱས་དང་འབྲེལ་པའི་ཕུན་སུམ་བདེ་མིན་པ།

འདི་འདྲ་གནས་སྐབས་སྲིད་མི་འགྱུར། །གཞན་གྱི་དོན་ལ་ཆགས་པའོ། །འོན་ཀྱང་སངས་རྒྱས་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་བདེ་བ་དང་རང་དང་གཞན་གྱི་དོན་དུ་ཡང་དག་པར་གྱུར་ན། ཀྱེ་ཡིད་ཁྱོད་ཇི་ལྟར་དེ་མི་བྱེད། །དེ་བས་འདི་ལྟར་གཞན་དག་གི །ཞེས་བྱ་བ་ལ་སོགས་

เล่ม ๑๐๖ · หน้า 64b

པ་སྨོས་ཏེ། ཚིགས་སུ་བཅད་པ་དེ་དག་ནི་རྟོགས་པར་སླའོ། །མཆོག་དང་བར་མ་ལ་བལྟས་ནས། །གཞན་གྱི་གྲགས་པ་ལྷག་བརྗོད་པས། །ཞེས་བྱ་བ་ནི་གཞན་གྱི་གྲགས་པ་ལྷག་པར་བརྗོད་པ་ཡིས། །བདག་གྲགས་དྲི་མ་ཅན་དུ་གྱིས། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་

ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་དག་མཉམ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་སྐྱོན་ཅན་རང་བཞིན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་བོའི་ཡོན་ཏན་ནི་ཕལ་ཆེར་རྒྱུན་ཆད་པ་ཉིད་ཀྱི་ཕྱིར་གློ་བུར་བ་ཡིན་ནོ། །གློ་བུར་བའི་ཡོན་

ཏན་དེ་དག་གི་ཆ་སྟེ། ཕྱོགས་གཅིག་གིས་བདག་ལ་ཁྱོད་ཀྱིས་མི་བསྟོད་དོ། །སོ་སོ་སྐྱེ་བོ་ནི་སྐྱོན་གྱི་རང་བཞིན་ཡིན་པས་ན། འདི་ནི་སྐྱོན་ཅན་རང་བཞིན་ནོ། །ཡོན་ཏན་གང་དག་གཞན་ལ་ཡོད་དོ་ཞེས་བསྟན་པའི་ཕྱིར། འདིའི་ཡོན་ཏན་ཅི་ནས་ཀྱང་། །ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །གནོད་བྱས་ནི་སྡུག་བསྔལ་བར་བྱས་པའོ། །གནོད་དེ་སྟེ། སྡུག་བསྔལ་བདག་ཉིད་ལ་ནི་འབབ་པར་གྱིས། །སེམས་ཅན་གྱི་དོན་ནི་རྒྱུ་མཚན་ནོ། །ཇི་ལྟར་གཞོལ་བར་བྱ་ཞེ་ན། །བག་མ་སར་པའི་ཚུལ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། །ངོ་ཚ་ནི་འཛེམ་ཞིང་བག་འཁུམས་པའོ། །ཇི་ལྟ་ཞེ་ན། འདི་ནི་གཉའ་གྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱའོ། །འདི་ལྟར་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་གཉེན་པོའི་ཕྱོགས་ཀྱིས་བདག་དབང་དུ་གྱུར་པར་གཞག་པར་བྱའོ། །ཇི་སྐད་སྨྲས་ནས་ཤེ་ན། འོན་ཏེ་

དེ་ལྟར་བརྟགས་ཀྱང་ནི། །ཞེས་བྱ་བ་སྨོས་ཏེ། ཀྱེ་གལ་ཏེ་སེམས་ཁྱོད་དེ་ལྟར་མི་བྱེད་ན། །ཁྱོད་ལ་ཉེས་པ་ཀུན་བསྟེན་པས། །ཁྱོད་ནི་ཚར་གཅད་བྱ་བར་ཟད། །ཅེས་པ་ནི་རྟོགས་པར་སླའོ། །མི་ནུས་པ་ནི་བསྒྲུབ་པར་དཀའ་བའོ། །ཉོན་མོངས་པ་ནི་དུབ་པའོ། །

བསམ་པ་ཉམས་པ་ནི་བསམ་པ་ཆད་པའོ། །རེ་ཐག་ཆད་པ་ནི་འདོད་པ་མེད་པ་སྟེ། ནུས་པ་དང་མི་ནུས་པའི་དངོས་པོ་ཐམས་ཅད་དོ། །དེ་ཡི་ཕུན་ཚོགས་མ་སྤྱད་པ། །ཞེས་བྱ་བ་ནི། ཕུན་སུམ་ཚོགས་པ་ལྷག་པར་གྱུར་པའོ། །ལུས་ཀྱི་ཞེས་བྱ་བ་ནི་སེམས་དང་བཅས་པའི་སྟེ། །

เล่ม ๑๐๖ · หน้า 65a

གཞན་གྱི་འདོད་པ་འཕེལ་བར་མི་རུང་བའི་ཕྱིར་རོ། །དངོས་པོ་ནུས་པ་བཟང་པོ་ལ་ཇི་ལྟར་རེ་ཐག་ཆད་པར་འགྱུར་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་དངོས་པོ་བཟང་པོ་ཡིན། །གང་གི་ཚེ་ཞེ་ན། གང་ཞིག་ཡིད་འོང་ཞེས་བྱ་བ་ཡིད་

དུ་འོང་བ་ཡུལ་དུ་བྱས་ནས་མི་འཇིགས་པའོ། །ཏིང་ངེ་འཛིན་ནི་འཛིན་པ་དོན་མེད་པར་དོན་མེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བཟང་པོ་ཉིད་ཡིན་པས་སོ། །ནུས་པའི་དངོས་པོ་བཟང་པོ་གཞན་དག་ལ་འཛིན་པའམ་ཞེན་པར་མི་འགྱུར་ན་ཡང་རང་བཞིན་གྱི་ལུས་ལ་ཡང་ཅིའི་ཕྱིར་མི་འཛིན་ཞེ་ན། ཐ་

མར་ཐལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཚིག་པ་དེ་རླུང་ལ་སོགས་པས་ཐ་མར་ཐལ་བའི་མཐར་གཏུགས་ཤིང་བཅོམ་པར་གྱུར་པ་དེ་ཉིད་ཡང་སྲིད་པར་མི་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱིས་བསྐྱོད་བྱ་བ་ནི་སྤྱིས་སོ། །འདིར་གསོན་པོ་ལ་ཀུན་ནས་འཛིན་

པར་རིགས་སམ་ཞེ་ན། མི་གཡོ་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡང་འདི་ལ་བདག་ཅེས་བྱ་བ་ཞེན་པའི་ངར་འཛིན་པ་ནི་ཐམས་ཅད་དུ་དོན་མེད་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཅིའི་ཕྱིར་ན་འཁྲུལ་འཁོར་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀྱི་ཧུད་

ཅེས་བྱ་བ་ནི་སྐྱེ་བོ་སྟེ། ང་རྒྱལ་སེལ་མི་བྱེད། འོན་ཀྱང་རང་གི་ས་བོན་གྱི་རྒྱུན་རྒྱུན་ཆད་པས་བསལ་བར་བྱའོ། །འདིར་ཇི་ལྟར་ན་འཛིན་པ་དོན་མེད་པའི་རྒྱུ་ཡིན་ཞེ་ན། ལུས་ཀྱི་ཁ་ཏ་བྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་འཛིན་པ་མེད་ན་ཡང་རླུང་ལ་

སོགས་པ་འཁྲུགས་པས་ཁྲོ་བར་འགྱུར་རོ་ཞེ་ན། རྗེས་སུ་ཆགས་དང་ཁོང་ཁྲོ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དེ་དག་ཅི་ཞིག་བྱ་སྟེ། ལས་ཀྱི་རླུང་ལ་སོགས་པ་འཁྲུགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་བདག་གིས་

ཞེས་བྱ་བ་ནི་བདག་གི་ལུས་འདིའི་དོན་དུའོ། །སྐྱེ་བོ་གང་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བྱེད་ན་ཡང་འདི་ལ་བྱས་པ་ཡིན་ནོ་ཞེ་ན། གང་ཞིག་སྨོད་པས་ཁྲོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད་པར་སླའོ། །དེ་ལྟར་བདག་དང་གཞན་བརྗེ་བ་བྱ་བ་ནན་ཏན་གྱི་རྣམ་པ་

เล่ม ๑๐๖ · หน้า 65b

དཔེར་བྱས་པ། དེ་བས་བདག་གིས་དཔེར་བྱས་པའང་། །ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དེ། གང་ཕྱིར་དེ་ལྟར་ཡིན་པར་རྒྱུ། །དེ་བས་བྱིས་པའི་སྤྱོད་པས་ཆོག །བདག་གིས་མཁས་པའི་རྗེས་བསྙེགས་ཏེ། །རྗེས་སུ་འཇུག་པར་བྱ་སྟེ། དེའི་སྤྱོད་པའི་རྗེས་སུ་

འཇུག་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། སྔར་བསྟན་པའི། བག་ཡོད་གཏམ་ནི་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། །གཉིད་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཡིན་ལ། རྨུགས་པ་ནི་སེམས་བློང་བ་ཡིན་ཏེ། དེ་དག་བཟློག་པ་སྟེ། མཁས་

པའི་རྗེས་སུ་འབྲང་བ་ཡིན་ནོ། །གདམས་ངག་མེད་ཅིང་གཉིད་དང་རྨུགས་པ་ཡོད་ན་བསྒོམ་ནུས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རག་ལུས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བསམ་གཏན་གྱི་སྦྱོར་བ་རྣམ་པ་གསུམ་

གྱི་རྣམ་པ་དཔེར་བྱས་པ། དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དེ། སྒྲིབ་པ་དེ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཏེ། །ཚུལ་བཞིན་ཡིད་ལ་བྱེད་པའི་ཞགས་པས་དྲང་

ཞིང་དྲན་པའི་ཐག་པས་ཀུན་ནས་དམ་པར་བཏགས་ལ། ཡང་དག་དམིགས་ལ་རྟག་པར་ཡང་། །རྒྱུན་མི་འཆད་པར་བདག་ཉིད་མཉམ་པར་གཞག་པར་བྱ། མཉམ་པར་གཞག་པ་ལ་དེ་ཁོ་ན་ཉིད་ཀྱི་བློ་འབྱུང་ཞིང་དེས་སྒྲིབ་པ་རྣམས་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་

ལ་འཇུག་པའི་ལེགས་པར་སྦྱར་བ་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་བརྒྱད་པའོ།། །།མཉམ་པར་འཇོག་པ་ལས་དེ་ཁོ་ན་ཉིད་ཀྱི་བློ་སྐྱེ་བར་འགྱུར་བས་དེའི་རྗེས་ཐོགས་ལ་ཤེས་རབ་བསྟན་པར་བྱ་བའི་ཕྱིར། བསྔོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་

ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་དང་། བདེ་བར་གཤེགས་པ་ལ་སོགས་པ་མཆོད་པའི་དོན་དུ། སྦྱིན་པ་ལ་སོགས་རྒྱུར་བསྔོགས་པའི། །ཚོགས་འདི་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདིར་བཤད་དོ། །ཅིའི་ཕྱིར་ཞེ་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་

เล่ม ๑๐๖ · หน้า 66a

ཀྱི་གཞི་ཡིན་པའི་ཕྱིར་རོ། །ཡང་ན་ཤེས་རབ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེའི་དོན་དུ་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གསུངས་ཞེས་བྱ་བ་ནི་བྱང་ཆུབ་འདོད་པའི་དོན་དུ་གཉེར་བ་ལ་ནི་གོ་རིམས་འདི་ཉིད་ཀྱིས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ངེས་པ་

བསྐྱེད་པར་བྱ་བའི་ཕྱིར། ཡང་དང་ཡང་དུ་བཀའ་སྩལ་པའོ། །སུ་ཞིག་གིས་གསུངས་ཤེ་ན། ཐུབ་པས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྟོགས་ནས་དེ་དག་ཡང་དག་པར་བླང་བ་ལ་སོགས་པའི་བསོད་ནམས་ཀྱིས་སྐྱེ་བ་བརྒྱུད་པ་ཐམས་ཅད་དུ་བདེ་བ་དང་ལྡན་

པར་འགྱུར་ལ། བདེ་བར་འགྱུར་བའི་སེམས་ནི་མཉམ་པར་འཇོག་པར་འགྱུར་ལ། བསམ་གཏན་ལ་མཉམ་པར་བཞག་པ་དེ་ལས་ནི་དེ་ཁོ་ན་ཉིད་ཀྱི་བློ་སྐྱེ་བར་འགྱུར་བ་དང་། གཞན་ཡང་སངས་རྒྱས་ལ་སོགས་པ་དང་ཕྲད་པར་གྱུར་པ་ལ། གདམས་ངག་འཐོབ་པར་འགྱུར་བ་ནི་ཐོས་

པའི་རང་བཞིན་ཅན། དེའི་རྗེས་ལ་ནི་བསམ་པའི་རང་བཞིན་ནོ། །དེ་ནས་མོས་པས་སྤྱོད་པའི་ས་ལ་སྦྱངས་པ་ནི་བསྒོམ་པའི་རང་བཞིན་ལ། དེའི་རྗེས་ལ་ནི་ས་དང་པོ་ཐོབ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤོང་བར་བྱེད་མོད་

ཀྱི། དེ་འབྲས་བུ་མངོན་སུམ་དུ་ནི་མི་བྱེད་དེ། འདིར་བྱམས་པའི་བྱ་བ་དང་། ས་དང་འདྲ་བའི་སྨོན་ལམ་ཆེན་པོ་གཉིས་ཀྱི་ཡོན་ཏན་མངོན་པར་བསྒྲུབས་ཏེ་གནས་སོ། །དེ་ཡན་ཆད་ཀྱིས་གཞན་གྱིས་ནི་ས་ལ་བསྒྲིབས་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་མ་ལུས་པར་སྤངས་པ་དང་།

སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཉོན་མོངས་པའི་ཉེས་པ་བག་ཆགས་དང་བཅས་པ་མ་ལུས་པར་ཟད་པས་མྱ་ངན་ལས་

འདས་པ་ཡིན་ཡང་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་འཕེན་ཤུགས་ཀྱིས་སེམས་ཅན་གྱི་དོན་མ་ལུས་པ་ལ་དབང་ཐོབ་པ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་གི་ཕྱིར་དེ་མེད་པ་གཞན་རྣམས་ཀྱིས་སྡུག་བསྔལ་ཟད་པའི་མྱ་ངན་ལས་འདས་པར་མི་འགྱུར་རོ། །དེ་བས་ན་

เล่ม ๑๐๖ · หน้า 66b

དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ལམ་གྱི་བདེན་པ་དང་། དེའི་རྒྱུར་གྱུར་པ་ཐོས་པ་དང་། བསམ་པ་དང་བསྒོམ་པ་རྣམ་པ་གསུམ་གྱིས་ཤེས་རབ་བསྐྱེད་པར་བྱའོ། །དེ་ཡང་བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །

མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་བྱ་བ་འདི་ནི་ལས་དང་པོ་པ་རྣམས་ཀྱིས་ཚེ་གཅིག་ལ་བྱ་བའི་རིམ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །དེ་བས་ན་དེ་ཡང་ཤེས་རབ་བསྐྱེད་པས་དམ་པ་རྣམས་དང་ཕྲད་ཅིང་གདམས་ངག་ཐོས་པ་ལ་སོགས་པ་ནི་དེའི་རྒྱུ་ཡིན་ནོ། །རྒྱུ་ཅིའི་ཕྱིར་བསྐྱེད་པར་

བྱ་ཞེ་ན། སྡུག་བསྔལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་ནི་དེའི་རྒྱུ་མ་ཟད་པར་མི་འགྱུར་ལ། ཀུན་འབྱུང་འགོག་པར་འགྱུར་ན་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། གནས་པ་དང་མི་གནས་པའི་མྱ་ངན་ལས་འདས་པ་

ཐོབ་པས། དེ་འདོད་པ་རྣམས་ཀྱིས་འདི་ལྟར་བདེན་པ་བཞིར་གསུངས་པས་གཙོ་བོ་ཡང་ཤེས་རབ་ཡིན་ནོ། །ཡང་མདོར་བསྡུས་ནས་ནི་ཤེས་རབ་བསྔོགས་པ་དང་བཅས་པ་གང་ཡིན་པ་དེ་ཐམས་ཅད་ནི་ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བ་བདེན་པ་གཉིས་སུ་འདོད་པ་དེ་འདིར་དེ་རྣམས་ནི་དེའི་

ཁོངས་སུ་ཆུད་པ་ཡིན་ནོ། །ཡང་ན་ཤེས་རབ་ནི་བདེན་པ་རྣམས་རྣམ་པར་འབྱེད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཅེས་བཤད་པ་ཡིན་ནོ། །དེ་ན་འདིར་བདེན་པ་གཉིས་ཀྱི་རང་བཞིན་བཤད་པའི་ཕྱིར། དོན་དམ་དང་ནི་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། འདིར་དེ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་པའི་མིང་ཡིན་ཡང་ཤིན་ཏུ་ལྐོག་ཏུ་གྱུར་པ་དངོས་པོ་རྣམས་དབྱེར་མི་ཕྱེད་པའི་རང་བཞིན་ལ་བྱ་བར་བཤད་ལ། དེ་ཉིད་ནི་དོན་དམ་པ་སྟེ། དེ་ཁོ་ན་ཉིད་ཡིན་གྱི་ལྟོས་པ་ཙམ་གྱི་དེ་ཁོ་ན་ཉིད་ནི་བཏགས་པ་ཙམ་དུ་ཟད་པ་མ་ཡིན་ཏེ། རྟོག་

པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་གཞན་ཡང་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་མངོན་སུམ་ལ་སོགས་པའི་བློ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིས་དོན་དམ་པ་ཐོབ་པ་ལ་སྒྲིབ་པའི་ཕྱིར་རོ། །གང་འདི་ཡོན་ཏན་དང་ཉེས་པ་འཕེལ་བ་དང་འབྲི་བར་བྱེད་པའི་མཐར་ཐུག་པར་བྱེད་པའི་རྣལ་འབྱོར་

เล่ม ๑๐๖ · หน้า 67a

པ་རང་རིག་པའི་མངོན་སུམ་དེ་ཡང་སྐད་ཅིག་མ་རེ་རེ་ཞིང་གཞན་དང་གཞན་ཡིན་གྱི། དེ་ཉིད་མ་ཡིན་པ་དེ་ཡང་དོན་དམ་པ་ཡིན་ཏེ། དེ་བཞིན་ཉིད་འདི་སྐད་ཅིག་མིན། །ཞེས་བྱ་བ་འོག་ནས་བཤད་པའི་ཕྱིར་རོ། །དེ་བས་དེ་ཡང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བླ་

ན་མེད་པ་རྟོགས་པར་བྱེད་པའི་ཀུན་རྫོབ་ཡིན་ཏེ། མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བའི་བླ་ན་མེད་པའི་ལམ་གྱི་བདེན་པ་ཡིན་ནོ། །བདེན་བཞི་རྟོགས་པར་བྱེད་པའི་ཀུན་རྫོབ་ཀྱང་ལམ་གྱི་བདེན་པ་ཡིན་ཏེ། འཇིག་རྟེན་པའི་ལམ་སོགས་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་། འཇིག་རྟེན་

ལ་ལྟོས་དེ་ཉིད་མཐོང་། །ཞེས་འོག་ནས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ཡང་འཇིག་རྟེན་པས་འཇིག་རྟེན་ནོ། །འདིར་ནི་བློའི་ཡུལ་གཙོ་བོར་བྱས་པར་སེམས་ཅན་ལ་བྱའོ། །རྣམ་གཉིས་མཐོང་བ་ནི་འཇིག་རྟེན་ཐ་མལ་པ་དང་། རྣལ་འབྱོར་པའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་ཞི་གནས་དང་

ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པ་དྲན་པའི་ཐག་པས་བཏགས་པ་དང་ལྡན་པའི་ནི་རྣལ་འབྱོར་པ་སྟེ། ཏིང་ངེ་འཛིན་ཡིན་ཏེ། དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །ཐ་མལ་པ་ནི་རྣལ་འབྱོར་པ་ལས་ཕྱི་རོལ་དུ་གྱུར་པའོ། །དེ་ལ་དེ་ལྟར་རྣམ་པར་གནས་པའི་འཇིག་རྟེན་ལ་རྣལ་

འབྱོར་པས་ཕལ་པ་སུན་འབྱིན་པ་ནི་གང་མི་གཙང་བ་ཉིད་ཡིན་ཏེ། དཔེར་ན་བུམ་པ་མི་གཙང་བ་བུག་རྡོལ་ཅན་དང་འདྲའོ། །མི་གཙང་བ་ནི་འདིར་བུད་མེད་དོ། །བྱ་བའི་དོན་ནི་བསྒྲུབ་པར་བྱ་བའི་དོན་ཏོ། །དཔེ་ཡིས་ཞེས་བྱ་བ་ནི་ཕྱོགས་དང་བཅས་པའི་དོན་མཚོན་པའི་ཚུལ་གྱིས་ནི་

དཔྱད་མི་དགོས་པ་སྟེ། གཉི་ག་འདོད་པ་ཡིན་པའི་ཕྱིར་དཔྱད་མི་དགོས་སོ། །དེ་ལ་འཇིག་རྟེན་ཐ་མལ་པ་རྣམས་ནི་བུད་མེད་ལ་ཁྲུས་ལ་སོགས་པ་བྱས་པས་གཙང་བ་ཡིན་ནོ་ཞེས་སྨྲ་བ་ན་རྣལ་འབྱོར་པའི་འཇིག་རྟེན་མི་གཙང་བར་མོས་པའི་ཚུལ་གྱིས་སུན་འབྱིན་པར་བྱེད་དོ། །དེ་ཡང་

ཕྲ་རབ་ཏུ་མཐོང་བས་སུན་འབྱིན་ཏེ། ཆ་ཤས་དང་བྲལ་བ་གང་ཡིན་པ་དེ་ནི་མི་གཙང་བ་མ་ཡིན་ཏེ་བློ་དང་འདྲའོ། །རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་ཡིན་ལ་དེའི་ཚོགས་པ་ནི་བུད་མེད་ཡིན་པས་ཆ་ཤས་ཅན་ནི་དངོས་པོ་གཅིག་ཏུ་མི་འགྲུབ་སྟེ་ནགས་དང་འདྲའོ། །དེ་ཡང་སེམས་ཙམ་པས་སུན་

เล่ม ๑๐๖ · หน้า 67b

འབྱིན་ཏེ། ཕྱོགས་ཀྱི་ཆ་ཡོད་པའི་ཕྱིར་ཕྲ་རབ་ནི་ཆ་ཤས་མེད་པ་མ་ཡིན་ཏེ་བུམ་པ་ལ་སོགས་པ་དང་འདྲའོ། །དེ་ཡང་དབུ་མ་པས་སུན་འབྱིན་ཏེ་ཡོད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ་སྒྱུ་མ་དང་འདྲའོ། །དབུ་མ་པའི་ནི་བསྒྲུབ་པར་བྱ་བ་མེད་པ་ཙམ་ཡིན་ཏེ། གང་འདིར་ཡོད་

པར་ཁས་ལེན་པ་དེ་ཡང་མ་བཏགས་ན་ཉམས་དགའ་བ་ཙམ་དུ་ཐ་སྙད་ལ་བརྟེན་ནས་སྨྲ་སྟེ། བྱ་བ་བྱེད་པའི་ཕྱིར་སྒྱུ་མ་ཡང་ཡོད་པར་སྨྲ་བ་ལ། ཁྱོད་ཉིད་ཀྱིས་སེམས་གཞན་སུས་ཀྱང་མ་མཐོང་ཡང་ཡོད་པར་ཁས་ལེན་པ་དང་འདྲའོ། །གཞན་ཡང་ཁྱོད་ཀྱིས་སེམས་མེད་དུ་ཟིན་ཀྱང་

གཟུང་བ་དང་། འཛིན་པ་པོ་དང་། ཡང་དག་པར་རིག་པ་ཞེས་བྱ་བ་གཞལ་བར་བྱ་བ་དང་། འཇལ་བ་པོ་དང་། འབྲས་བུར་གནས་པ་མེད་དུ་ཟིན་ཀྱང་མཐོང་བ་ལྟ་བུར་བྱེད་པ་དང་འདྲའོ། །བུམ་པ་ལ་སོགས་པའི་དངོས་པོ་ཡང་རིམ་པའམ་ཅིག་ཅར་བྱ་བ་བྱེད་པར་སྣང་བས་ཡང་

དག་པར་ཡོད་པའི་ཕྱིར་སྒྱུ་མ་ལྟ་བུར་མི་རིགས་སོ་ཞེ་ན། དངོས་པོ་རྣམས་འབྱུང་བ་སྐད་ཅིག་གམ་སྐད་ཅིག་མ་ཡིན་པར་སྐྱེད་པར་བྱེད་ན། རིམ་མམ་རིམ་པ་མ་ཡིན་པར་བྱེད་པ་མེད་པའི་སྐད་ཅིག་མ་མ་ཡིན་པ་ནི་ནམ་མཁའི་མེ་ཏོག་དང་འདྲའོ། །གང་སྐད་ཅིག་མ་ཡིན་པ་དེ་ནི་སྐད་

ཅིག་མ་ཉིད་ཀྱིས་ལན་ཅིག་ཀྱང་མི་སྡོད་ན། གང་ལས་ཅི་ཞིག་འབྱུང་། རྒྱུ་དང་འབྲས་བུ་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། བ་ལང་གི་རྭ་གཡས་གཡོན་གཅིག་གི་རྒྱུ་གཅིག་མ་ཡིན་པ་བཞིན་ནོ། །མེད་པ་ཡང་དེ་ཁོ་ན་ཉིད་མ་ཡིན་ཏེ། མེད་པ་ནི་དེ་ལ་ལྟོས་པ་ཡིན་ན་དངོས་པོ་ཉིད་དུ་མ་གྲུབ་

པའི་ཕྱིར་རོ། །དེ་ལྟར་ན་བློའི་ཁྱད་པར་ཞེས་པ་ཤེས་རབ་ཀྱི་བྱེ་བྲག་གིས་གོང་མ་གོང་མས་རྣལ་འབྱོར་པ་སུན་འབྱིན་ནོ། །དེ་ཡང་གཉི་ག་འདོད་ཅིང་ཀུན་ལ་གྲགས་པའི་དཔེས་བསྒྲུབ་པར་བྱ་བ་སྒྲུབ་པའི་དོན་དུ་དཔྱད་མི་དགོས་ཤིང་སུན་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དུ་

ཟིན་ཀྱང་དབུ་མ་པ་ཡང་འཇིག་རྟེན་པ་ལྟར་སུན་འབྱིན་དུ་རུང་ངོ་ཞེ་ན། དེའི་ཕྱིར་འཇིག་རྟེན་པའི་ས་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་དངོས་པོ་འཇིག་རྟེན་ན་མངོན་སུམ་གྱིས་མཐོང་བ་ཡིན་ལ། རྗེས་སུ་དཔག་པ་ལ་སོགས་པས་ཀྱང་དཔག་ཏུ་རུང་བ་ཡིན་ནོ། །དེ་བས་ན་ཐམས་

เล่ม ๑๐๖ · หน้า 68a

ཅད་དུ་རྩོད་པའི་གཞིར་གྱུར་པར་སྲིད་དོ་སྙམ་ན། སྒྱུ་མ་ལ་སོགས་པའི་དཔེ་འདི་ལ་ནི་འཇིག་རྟེན་པ་དང་རྣལ་འབྱོར་པ་དག་ཕན་ཚུན་མི་མཐུན་པའི་རྩོད་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་དཔེ་འདིས་ནི་གཟུགས་ལ་སོགས་པ་ཚོགས་པ་ཙམ་ལ་སྣང་བའི་རྒྱུ་སླུ་བའི་

རང་བཞིན་ཡིན་པའི་ཕྱིར་སྒྱུ་མ་ཡིན་ནོ། །གཟུགས་ལ་སོགས་པ་རང་གི་མཚན་ཉིད་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་ཏུ་ཟིན་ན་ཇི་ལྟར་ན་ཡང་དག་པ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་གཟུགས་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།

རྣམ་པར་ཤེས་པ་ལ་སོགས་པ་བསྡུའོ། །དེ་ལ་གཟུགས་ནི་དབང་པོ་ལྔ་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་ལུས་ཞེས་བྱ་སྟེ། དེ་དག་ནི་རང་རང་གི་རྣམ་པར་ཤེས་པའི་ཚོགས་ལས་རྗེས་སུ་དཔག་པར་བྱ་བ་ཡིན་དུ་ཟིན་ཀྱང་མངོན་སུམ་གྱི་རྒྱུ་ཡིན་པའི་ཕྱིར་ཉེ་བར་བཏགས་པས་མངོན་སུམ་

ཞེས་བཤད་དོ། །དེ་བཞིན་དུ་ཡུལ་ནི་ལྔ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ། མངོན་སུམ་དུ་བཅད་པར་བྱ་བ་ཡིན་པས་ན་མངོན་སུམ་མོ། །ཚོར་བ་ལ་སོགས་པ་ནི་སེམས་དང་སེམས་ལས་བྱུང་བས་ཐམས་ཅད་བདག་ཉིད་ཀྱི་རང་རིག་པའི་མངོན་སུམ་ཡིན་པ་དེ་ཉིད་ནི་གཙོ་

བོ་ཡིན་ནོ། །ཡང་གཟུགས་ལ་སོགས་པ་མངོན་སུམ་ཡིན་པས་སྔོན་པོ་ལ་སོགས་པའི་དམིགས་པ་ངེས་པ་བཅས་པས་སྔོན་པོ་ལ་སོགས་པའི་ཤེས་པ་དང་ཁྱད་པར་མེད་པས་མངོན་སུམ་ནི་གཙོ་བོ་ཡིན་ནོ། །དེ་བས་ན་རབ་ཏུ་གྲགས་ཞེས་སྨོས་ཏེ། བློ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཀུན་རྫོབ་

ཏུ་བརྫུན་པའི་སྣང་བ་ཙམ་ཡིན་ཏེ། དེའི་ཕྱིར་ཚད་མས་མིན་ཞེས་བྱ་བ་སྨོས་ཏེ། སླུ་བ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་གཟུགས་ལ་སོགས་པ་རབ་ཏུ་གྲགས་སུ་ཟིན་ཀྱང་བརྫུན་ཡིན་ཞེ་ན། དེའི་ཕྱིར་དེ་ནི་མི་གཙང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །མི་གཙང་ལ་སོགས་

ཞེས་བྱ་བ་ནི་མི་གཙང་བ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ཡིན་ལ། གཙང་སོགས་གྲགས་པ་བཞིན་ཞེས་བྱ་བ་གཙང་བ་དང་། བདེ་བ་དང་། བདག་ཡོད་པར་གྲགས་པ་བཞིན་དུ་གཟུགས་ལ་སོགས་པ་མངོན་སུམ་དུ་གྲགས་པ་དེ་ནི་བརྫུན་ཡིན་ཏེ་སླུ་བ་ཡིན་ནོ། །

เล่ม ๑๐๖ · หน้า 68b

དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོ་མེད་པ་རྣམས་ལ་འཇིག་རྟེན་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐད་ཅིག་མ་ལ་སོགས་པར་ཅིའི་ཕྱིར་སྟོན་པར་མཛད་ཅེ་ན། དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐར་པ་འདོད་པའི་འཇིག་རྟེན་པ་རྣམས་དེ་ཁོ་ན་ཉིད་

ལ་འདིར་འཛུད་ཅིང་གཞུག་པར་བྱ་བའི་ཕྱིར་རོ། །ཡང་ཞེས་བྱ་བའི་དོན་ནི་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཡང་དངོས་པོ་རྣམས་སྐད་ཅིག་མར་མགོན་པོས་བསྟན་པར་མཛད་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི་ཀུན་རྫོབ་འདིས་དོན་དམ་པ་དང་། དོན་གྱི་ཤུགས་ཀྱིས་

འགལ་བར་འགྱུར་རོ་ཞེ་ན། གང་དུ་ཐ་དད་པའི་བློ་གཞན་སེལ་བར་བྱེད་པའི་ཡུལ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དོན་དམ་པའི་བདེན་པ་དེ་ལས་གཞན་དུ་གྱུར་པ་ཡིན་པས་སྐད་ཅིག་མ་ཡང་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དུ་རུང་སྟེ། ཆ་ཤས་མེད་པའི་ཕྱིར་བདག་མེད་པ་

དང་འདྲའོ། །ཅིའི་ཕྱིར་ཀུན་རྫོབ་ཏུ་མི་འགྱུར་ཞེ་ན། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་འཇིག་པ་གཉི་ག་དེ་ཁོ་ན་ཉིད་ཀྱི་བློས་བརྟགས་པ་ན་རང་བཞིན་མེད་པའི་ཕྱིར་སྐད་ཅིག་མ་དང་། བདག་མེད་པ་ལ་སོགས་པའི་བློ་ཡོད་པ་མ་ཡིན་ལ། གཞན་

དུ་ན་སྐད་ཅིག་མ་ལ་སོགས་པ་རྣལ་འབྱོར་པའི་བློས་མཐོང་བ་ནི་མིག་ཡོར་ཙམ་དུ་ཟད་དོ། །དེའི་ཕྱིར་རྣལ་འབྱོར་པའི་ཀུན་རྫོབ་ནི་དོན་དམ་པར་ཡང་འགྱུར་བས་སྐད་ཅིག་མ་ལ་སོགས་པ་དང་འགལ་བའི་ཉེས་པ་མེད་དོ། །འོ་ན་དེ་ཉིད་མཐོང་བ་ཞེས་ཅིའི་ཕྱིར་ཞེ་ན། དེ་ཡང་འཇིག་རྟེན་

ལ་ལྟོས་ཞེས་བྱ་བ་ཐ་མལ་པའི་འཇིག་རྟེན་པ་ལ་ལྟོས་ནས་རྣལ་འབྱོར་པ་དེ་ཁོ་ན་ཉིད་མཐོང་བ་ཞེས་བཤད་དོ། །གཞན་དུ་ན་གལ་ཏེ་ཐ་མལ་པ་ཉིད་རྣལ་འབྱོར་པའི་འཇིག་རྟེན་ལ་ལྟོས་ནས་དེ་ཁོ་ན་ཉིད་མཐོང་བར་འགྱུར་ན་དེའི་ཚེ་ཐ་མལ་པའི་འཇིག་རྟེན་པས་འགལ་བར་བྱས་པས་རྣལ་འབྱོར་པའི་

འཇིག་རྟེན་ལས་འགལ་བར་འགྱུར་ཏེ། མི་གཙང་བའི་བུད་མེད་རྟོགས་པས་མི་གཙང་བ་ལ་སོགས་པར་རྟོགས་པའི་ཚེ་འགལ་བར་བྱས་པར་འགྱུར་ན། དེ་ལྟ་བུར་ནི་མི་འགྱུར་རོ། །དེ་བས་ན་དེ་ནི་འཇིག་རྟེན་པ་ལ་ལྟོས་ནས་དེ་ཉིད་མཐོང་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པའི་འཇིག་རྟེན་གྱིས་ཐ་

เล่ม ๑๐๖ · หน้า 69a

མལ་པའི་འཇིག་རྟེན་སུན་འབྱིན་པར་བྱེད་དོ། །དེ་ཁོ་ན་ཉིད་མཐོང་བ་ལ་ལྟོས་པ་ཡིན་པས་གོང་མ་གོང་མའི་ཁྱད་པར་གྱིས་རྣལ་འབྱོར་པ་ཡང་སུན་འབྱིན་ནོ་ཞེས་བྱ་བར་གནས་སོ། །ཅི་སྟེ་འདིར་རྣལ་འབྱོར་པ་དང་འཇིག་རྟེན་པ་གཉིས་ཀྱིས་ཐམས་ཅད་སྒྱུ་མ་ལྟ་བུར་

བརྟགས་ན་དེ་ལྟ་ན་ནི་རྒྱལ་བ་ཡང་སྒྱུ་མ་དང་མཚུངས་པར་འགྱུར་ལ། དེས་ན་སྒྱུ་མ་དང་འདྲ་ཞིང་བརྫུན་ཡིན་པའི་རྒྱལ་བ་ལ་མཆོད་པ་ལ་སོགས་པ་བྱས་པ་ལ་བསོད་ནམས་ཇི་ལྟར་སྐྱེད་པར་འགྱུར་ཞེ་ན། དབུ་མ་པས་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྒྱལ་བ་ཡོད་དུ་ཟིན་ཀྱང་

མཆོད་པ་ལ་སོགས་པ་ལས་བསོད་ནམས་ཇི་ལྟར་འབྱུང་། དེ་ནི་ཇི་ལྟར་ཡོད་དུ་ཟིན་ཀྱང་འདི་ནི་རྐྱེན་ཙམ་ཡིན་པ་དེ་བཞིན་དུ། སྒྱུ་མ་ཙམ་ཡིན་ཡང་བསོད་ནམས་སྐྱེ་བར་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དྲི་བའོ། །ཅི་སྲིད་ཅེས་

བྱ་བ་ལ་སོགས་པ་ནི་དབུ་མ་པའི་ལན་ཡིན་ནོ། །དེ་ལྟར་ཡིན་དུ་ཆུག་ན་ཡང་སེམས་ཅན་རྣམས་ཡུན་རིང་དུ་གནས་པ་ཡིན་པས་ཡང་དག་པར་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུན་རིང་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུན་རིང་ཞེས་བྱ་བ་ཐོག་མ་མེད་པའི་དུས་དང་འབྲེལ་

པའི་སྐད་ཅིག་མ་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། རྒྱུན་ཙམ་ཉིད་སྨོས་པའི་ཕྱིར་རོ། །གནས་པའི་རྒྱུན་སྐད་ཅིག་མ་ནི་སྒྱུ་མ་ཡང་ཡིན་ནོ་ཞེས་བྱ་བར་ཡང་དགོངས་སོ། །དེ་བས་ན་སྒྱུ་མ་ནི་རྒྱུན་ཡུན་རིངས་སུ་གནས་སུ་ཟིན་ཀྱང་བརྫུན་པ་ཡིན་པར་འདྲའོ། །

གལ་ཏེ་དེ་ལྟར་འདྲ་ན་ནི་སྒྱུ་མའི་སྐྱེས་བུ་བསད་སོགས་ཞེས་སྨོས་པས། དེའི་རྫས་དབྲོག་པ་ལ་སོགས་པ་བྱས་ན་སྡིག་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་སེམས་མེད་ཕྱིར་ན་ཞེས་བྱ་བ་སྨོས་ཏེ། སྒྱུ་མའི་སེམས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉི་གའི་རྒྱུ་ཡིན་ན།

སྒྱུ་མའི་སྐྱེས་བུ་ལ་སྒྱུ་མའི་སེམས་ཡོད་པ་མ་ཡིན་ནོ། །དེས་ན་གལ་ཏེ་ཁྱེད་ཀྱི་སྒྱུ་མའི་སྐྱེས་བུ་དེ་དང་འདྲ་ན་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་འབྱུང་བ་དེ་ཉིད་སྲིད་ན་དེ་ཡིན་ནོ། །ཅིའི་ཕྱིར་སྒྱུ་མའི་སྐྱེས་བུ་ལ་སེམས་མེད་ཅེ་ན། སྔགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

เล่ม ๑๐๖ · หน้า 69b

སོགས་པའི་སྒྲས་ནི་རྣལ་འབྱོར་གྱི་མཐུ་ལ་སོགས་པ་ལ་ཡང་སེམས་བསྐྱེད་པའི་མཐུ་ཡོད་པ་མ་ཡིན་ནོ། །བདེ་བར་གཤེགས་པའི་སྤྲུལ་པའི་སྒྱུ་མ་ནི་སེམས་དང་བཅས་པ་ཡིན་དུ་ཟིན་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་ན་ནི་སེམས་ཅན་དང་སྒྱུ་མ་འདྲ་བ་མ་ཡིན་ཏེ། སེམས་

དང་ལྡན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སྣ་ཚོགས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྒྱུ་མའི་རྐྱེན་གྱི་དངོས་པོ་གཅིག་ལས་འབྲས་བུ་དངོས་པོ་ཐམས་ཅད་བསྐྱེད་པར་ནུས་པ་ཡོད་པ་ནི་གང་ཡང་མེད་དོ། །དེ་བས་སྒྱུ་མ་ལ་དེ་དག་ཀྱང་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་

གནས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དོན་དམ་པར་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ཡིན་པར་གསུངས་ལ། དེ་རྣམས་ཀུན་རྫོབ་ཏུ་ནི་འཁོར་བར་འདོད་པས། དེ་ལྟར་ན་སངས་རྒྱས་ཀྱང་འཁོར་བར་ཐལ་བར་འགྱུར་བས། དེ་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་བྱ་

བ་ལ་སོགས་པའི་ཚིགས་སུ་བཅད་པས་བརྒལ་བ་ཡིན་ནོ། །འདིར་དེའི་ལན་ནི་རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དོན་དམ་པར་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བག་ཆགས་ཀྱི་རྒྱུན་མ་ཆད་པས་ཀུན་རྫོབ་ཏུ་འཁོར་བ་

ཡིན་གྱི། བཅོམ་ལྡན་འདས་ཀྱིས་ནི་བག་ཆགས་ཞེས་བྱ་བའི་རྐྱེན་རྒྱུན་བཅད་ནས་ཀུན་རྫོབ་ཏུ་ཡང་འབྱུང་བར་མི་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲས་ནི་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བག་ཆགས་མ་

ལུས་པ་སྤངས་པའི་ཕྱིར། འཇིག་རྟེན་གྱི་ཁམས་དེ་དང་དེར་འབྱུང་བར་སྟོན་ཅིང་། རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པའི་ཁྱད་པར་དེ་དང་དེར་སྟོན་པར་མཛད་ཅིང་སེམས་ཅན་སྣ་ཚོགས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ནི་འཁོར་བ་མ་ཡིན་ཏེ། སྔོན་གྱི་སྨོན་

ལམ་གྱི་འཕེན་པའི་ཤུགས་ཀྱིས་འབྱུང་བ་ཡིན་གྱི། རྐྱེན་མ་སྤངས་པར་འབྱུང་བ་མ་ཡིན་པས་འགལ་བར་འགྱུར་རོ་ཞེས་སྟོན་ཏོ། །འདིར་སེམས་ཙམ་པ་ན་རེ་གང་འདི་བུམ་པ་དང་སྣམ་བུ་ལ་སོགས་པའི་མཚན་ཉིད་ཅན་གྱིས་སྒྱུ་མ་དེ་དམིགས་པ་མེད་ན་ནི་སྒྱུ་མ་ཉིད་དུ་འཁྲུལ་པ་ཡང་མི་

เล่ม ๑๐๖ · หน้า 70a

འཐད་ལ། འཁྲུལ་པར་གནས་པའི་སེམས་ཀྱིས་དེ་རྟོགས་པ་ཡིན་ནོ་ཞེས་སྨྲ་བར་ནུས་པ་ཡང་མ་ཡིན་ཏེ། ཁྱེད་དབུ་མ་པའི་འཁྲུལ་པ་ནི་སེམས་ཉིད་མེད་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་གང་འདི་སྐད་དུ། གང་ཚེ་འཁྲུལ་པའང་མེད་ན་

ཞེས་བྱ་བ་སྨོས་ཏེ། དེའི་ལན་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་ཁྱེད་ཀྱི་བུམ་པ་དང་སྣམ་བུ་ལ་སོགས་པའི་མཚན་ཉིད་ཅན་དུ་བཤད་པའི་སྒྱུ་མ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་ཡོད་པར་ཁས་ལེན་ན་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་འདྲ་བར་ཐལ་བར་

འགྱུར་རོ། །དེ་བས་ན་སྒྱུ་མ་དེ་ཡོད་པ་ཇི་ལྟར་དམིགས། དེའི་ཕྱིར་སེམས་ཙམ་པའི་ལྟར་སྒྱུ་མ་མེད་པ་དག་ནི་དམིགས་པ་ཇི་ལྟར་འགྱུར། ཁོ་བོ་ཅག་དབུ་མ་པ་རྣམས་ཀྱི་ནི་མེད་པའི་མཚན་ཉིད་ཅན་གྱིས་འཁྲུལ་པ་ཡང་དམིགས་པར་བྱར་རུང་བ་ཡིན་ནོ། །གལ་ཏེ་སེམས་ཙམ་པ་

དག་སེམས་ཉིད་སྒྱུ་མའི་རྣམ་པ་དེ་ཡིན་མོད་ཅེས་ཟེར་ན། དེ་ལྟ་ཡིན་དུ་ཆུག་ན་གལ་ཏེ་སྒྱུ་མ་འམ་གཞན་པའི་དོན་ཁྱད་པར་ཅན་ཡིན་ཡང་ཡང་དག་པར་ཡོད་ན་དེ་ལྟར་རུང་ན། སྐྱེ་བ་དང་བྲལ་བའི་སེམས་ཉིད་སྒྱུ་མ་ཡིན་ན་དེའི་ཚེ་གང་གིས་གང་ལ་དམིགས་ཏེ་མཐོང་བར་འགྱུར་ཏེ། སུས་

ཀྱང་ཅི་ཡང་མི་མཐོང་ངོ་། །དེ་ཡང་འཇིག་རྟེན་གྱི་ནི་མགོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཅི་ཞིག་གསུངས་ཤེ་ན། སེམས་བྱེད་པ་པོས་དེ་ལས་གཞན་པའི་སེམས་གཉིས་པ་མི་མཐོང་ངོ་ཞེས་གསུངས་སོ། །དེ་ནི་འདིར་ལུང་ཡིན་ལ། རིགས་པ་ནི་རལ་གྲིའི་

སོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་ཞིག་བདག་ཉིད་གང་ཡིན་པ་དེ་ནི་དེས་གཅོད་པར་མི་བྱེད་དོ། །དཔེར་ན་རལ་གྲིའི་སོ་རང་གིས་རང་ལ་མི་གཅོད་པ་དང་འདྲ་བར། ཡིད་ཀྱང་དེ་བཞིན་ཏེ་རང་གིས་རང་ལ་དམིགས་པར་མི་ནུས་ཏེ། རང་ལ་རང་བྱེད་པ་འགལ་བའི་ཕྱིར་རོ། །

དེ་བས་ན་ཉེ་བར་མི་དམིགས་པའི་སེམས་དེ་ཇི་ལྟར་ཡོད་པ་ཡིན། རལ་གྲི་གཞན་གྱིས་མི་ཆོད་པ་དང་འདྲ་བར་ཤེས་པ་གཞན་གྱིས་གཞན་ཤེས་པ་མེད་དོ། །རང་རིག་པ་མེད་ན་རིག་པར་མི་རུང་བའི་ཕྱིར་རོ། །འདིར་འཁྲུལ་པའི་དབང་གིས་དོགས་པ་གཞན་སྐྱེ་བ་གསལ་བའི་ཕྱིར། བདག་

เล่ม ๑๐๖ · หน้า 70b

གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ཡང་ཡིད་ནི་རང་ཉིད་རང་ལ་རིག་པར་རུང་ངོ་། །དཔེར་ན་མར་མེ་རང་ལ་རང་གསལ་བར་སྣང་བ་དང་འདྲ་བ་དེ་བཞིན་དུ། སེམས་ཀྱང་རང་ལ་རང་སྣང་དུ་རུང་བ་ཡིན་ནོ་ཞེ་ན། འདིར་དཔེ་མ་གྲུབ་པར་བསྟན་པའི་ཕྱིར། མར་མེ་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མུན་པས་བསྒྲིབས་པའི་བུམ་པ་ལ་སོགས་པ་ནི་གསལ་བར་བྱེད་དུ་རུང་གི། མར་མེ་ནི་བདག་ཉིད་བུམ་པ་ལྟར་མུན་པས་བསྒྲིབས་པ་མེད་པས་གསལ་བར་བྱེད་པ་མ་ཡིན་ཏེ། གང་གི་རང་བཞིན་གང་ཡིན་པ་དེ་ནི་དེའི་རང་བཞིན་གྱི་བདག་ཉིད་རྒྱུར་

འགྱུར་རོ་ཞེས་བྱ་བའི་ཚིག་ནི་རིགས་པ་མ་ཡིན་པས་གསོག་ཡིན་ནོ། །དེ་ཡང་འདི་ལྟར་དེའི་རང་བཞིན་མ་ཡིན་པ་རང་བཞིན་གཞན་དང་ཕྲད་ནས་དེའི་རང་བཞིན་དུ་འགྱུར་བ་ནི་རིགས་ཏེ། དཔེར་ན་ཤེལ་དེ་དང་མི་མཐུན་པའི་སས་སྔོན་པོ་དེ་དང་ཕྲད་ན་དེ་སྔོན་པོར་འགྱུར་བར་རུང་གི །སྔོན་པོ་

ཉིད་གཞན་ལ་ལྟོས་ནས་རང་ལ་སྔོན་པོར་མི་བྱེད་དོ། །དེ་ལྟར་བུམ་པ་ལ་སོགས་པ་གཞན་དག་ནི་མར་མེ་ལ་སོགས་པ་ལ་ལྟོས་ནས་སྣང་བ་མར་མེ་ལ་སོགས་པ་གཞན་འགའ་ནི་སྣང་བ་གཞན་ལ་མི་ལྟོས་པར་སྣང་བ་བདག་ཉིད་སྣང་བར་བྱེད་དོ་ཞེས་བྱ་བ་ནི་རིགས་སོ། །སྔོན་པོ་ཉིད་སྔོན་པོ་མ་ཡིན་

ན་ནི་དེ་ཤེལ་དང་འདྲ་བར་བདག་ཉིད་སྔོན་པོར་བྱེད་ཀྱི། སྔོན་པོ་ཉིད་དུ་གནས་པ་ནི་སྔོན་པོར་བྱེད་པར་མི་རིགས་སོ། །གལ་ཏེ་མར་མེ་རང་ཉིད་ཀྱང་གསལ་བར་མི་བྱེད་ལ། གཞན་གྱིས་ཀྱང་གསལ་བར་མི་བྱེད་ན་ནི་རྣམ་པ་ཐམས་ཅད་དུ་སྣང་བའི་རྒྱུན་ཆད་པར་འགྱུར་ན། དེ་ལྟར་མི་རུང་

བས་སྣང་བ་གཞན་ལ་མི་ལྟོས་པའི་ཕྱིར་རང་ལ་རང་གསལ་བར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་སེམས་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་པའི་ཕྱིར་རང་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མེ་ནི་གསལ་བར་

བྱེད་པ་ཡིན་པར་ཤེས་པས་དེ་ལྟར་རྟོགས་པའི་ཕྱིར་སྒྲོ་བཏགས་པའི་ཚུལ་གྱིས་ལན་འགའ་ཞིག་བརྗོད་དུ་རུང་གི་ཤེས་པ་ལ་ནི་དེ་ལས་གཞན་པའི་ཤེས་པ་པོ་མེད་པས་དེ་ལ་རང་གསལ་བར་བྱེད་དོ་ཞེས་ཤེས་པ་རྒྱུ་གང་གིས་ཤེས་ནས་རྗོད་པར་བྱེད། ཡང་བློ་ནི་གཞན་གྱི་སེམས་ཤེས་པས་

เล่ม ๑๐๖ · หน้า 71a

ཀྱང་ཇི་ལྟ་བ་བཞིན་དུ་མི་མཐོང་བས་དེའི་ཕྱིར་སུས་ཀྱང་ཇི་ལྟ་བ་བཞིན་དུ་མི་མཐོང་བས་གསལ་བའམ་མི་གསལ་བ་ཞེས་བརྗོད་དུ་རུང་བ་མ་ཡིན་ནོ། །བློ་ནི་བརྗོད་དུ་མེད་པ་ཡིན་དུ་ཟིན་ཀྱང་སྒྲོ་བཏགས་པ་ཙམ་གྱིས་ཡོད་པར་བཤད་པ་དེ་བདེན་པ་མ་ཡིན་ནོ། །དེའི་

ཕྱིར་གསལ་ལམ་མི་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུས་ཀྱང་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱིས་ཀྱང་མ་གཟིགས་པ་སྟེ། འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་

བཤད་པ་ལྟ་བུའོ། །དེ་བས་ན་མོ་གཤམ་གྱི་བུའི་ཚུལ་སྤྱོད་དང་འདྲ་བར་གསལ་བ་དང་མི་གསལ་བ་ལ་སོགས་པ་ཇི་སྐད་དུ་བརྗོད་དུ་ཟིན་ཀྱང་དོན་མེད་བརྫུན་ཡིན་ནོ། །དེ་ལྟར་རང་རིག་པ་རྣམ་པར་བསལ་བ་ན་རྒོལ་བ་རྩོད་པ་ལ་བརྩོན་པས་བརྒལ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་

ཏེ། གཞན་དག་གི་རྣམ་པར་ཤེས་པས་རྗེས་སུ་མྱོང་བར་རབ་ཏུ་གསལ་བར་གྱུར་པ་ནི་དྲན་པའི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་སེམས་གཞན་གྱི་རྗེས་སུ་མྱོང་བའི་དོན་སྐྱེས་བུས་ཇི་ལྟར་དྲན་པར་འགྱུར་དུ་རུང་ཞེས་དྲིས་པ་དང་། གཞན་དག་གིས་འབྲེལ་པ་ལས་ཞེས་བྱ་བ་

སྨོས་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་བྱི་བའི་དུག་ཇི་ལྟར་དྲན་པར་འགྱུར་ཞེས་དྲི་བར་སྦྱར་ཏེ། དེ་ཡང་དབྱར་གྱི་ཚེ་བྱི་བ་དུག་དང་བཅས་པར་འགྱུར་ལ། དེ་དག་ཡོད་པར་རྟོགས་པ་ན་སྦྲུལ་གྱི་མཆེ་བས་

ཟིན་པའི་རྗེས་ཐོགས་ལ་སྦྲུལ་ནི་མ་མཐོང་བར་གྱུར་པ་དང་ལུས་ལ་གནོད་པའི་འགྱུར་བ་མཐོང་བས་བྱི་བའི་དུག་མེད་བཞིན་དུ་དེའི་དུག་གིས་ཟིན་པའི་དྲན་པ་འབྱུང་མོད་ཀྱི། སྦྲུལ་གྱི་དུག་ནི་དེ་ལས་གཞན་པ་ཉིད་ཡིན་ནོ། །དེ་བཞིན་དུ་རྨའམ་ལུས་ཀྱི་ནད་གཞན་ལས། བྱི་བའི་དུག་གི་ཤེས་

པ་མེད་པ་བཞིན་དུ་དྲན་པ་དང་འདྲ་བར་རང་རིག་པ་མེད་པ་ཉིད་དུ་བརྗོད་པ་རྣམ་པར་ཤེས་པའི་དྲན་པ་འབྱུང་བ་ཡིན་ནོ། །ཡང་འདི་སྐད་དུ་བདག་ཉིད་མི་འབྱུང་མོད་ཀྱི། འོན་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྱུང་བ་ན་གཟུགས་ལ་སོགས་པའི་རྐྱེན་གཞན་དང་ལྡན་པར་སྣང་བའི་

เล่ม ๑๐๖ · หน้า 71b

རང་བཞིན་ཅན་ཡིན་ནོ་ཞེ་ན། དེ་མི་རིགས་པར་བསྟན་པའི་ཕྱིར། རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲུབ་པའི་མིག་སྨན་མེད་པར་ཡང་བུམ་པ་ལ་སོགས་པ་མི་མཐོང་བ་དང་འདྲ་བར་རྐྱེན་ཉིད་དང་ལྡན་པ་ཙམ་གྱིས་ཤེས་པ་ཡིན་དུ་མི་རུང་ངོ་། །དེ་ལྟར་ན་རང་རིག་

པ་མེད་པར་བུམ་པ་ལ་སོགས་པ་མཐོང་བ་ཡང་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་ཞེས་བྱ་བ་ནི་འདིར་མངོན་སུམ་གྱི་ཚད་མས་ངེས་པར་བྱས་པའོ། །ཐོས་པ་ནི་སྒྲ་ལས་བྱུང་བའོ། །ཤེས་པ་ནི་རྗེས་སུ་དཔག་པས་སོ། །ཇི་

ལྟར་མཐོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་འདིར་དབུ་མ་པས་ཀྱང་བཀག་པ་མེད་ཀྱང་གཞན་དུ་ཚད་མས་ཡང་དག་པ་ཉིད་ཡིན་པ་གཞན་དུ་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། འདིར་མཐོང་བ་ལ་སོགས་པ་བདེན་པ་ཉིད་དུ་རྟོགས་པ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་གཏི་མུག་ཡིན་པས་དེ་

བཟློག་པ་ཡིན་ནོ། །གལ་ཏེ་སེམས་ལས་སྒྱུ་མ་གཞན་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་ན། དཔེར་ཇི་ལྟར་རུང་ཞེས་རྟོག་པས་དེའི་ཕྱིར། སེམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྱུ་མ་དངོས་པོ་ཡིན་ན་ནི་སེམས་ལས་ཇི་ལྟར་གཞན་པ་མ་ཡིན་ཏེ། བུམ་

པ་ལ་སོགས་པ་དང་འདྲ་བར་གཞན་ཡིན་ནོ། །གལ་ཏེ་མཚན་མིན་ཞེས་པ་སེམས་ལས་སྒྱུ་མ་གཞན་མ་ཡིན་ན་ནི་ཡང་དག་པར་དངོས་པོར་མ་གྲུབ་སྟེ་ཡོད་པ་མ་ཡིན་ནོ། །སེམས་མེད་དུ་ཟིན་ན་སྒྱུ་མ་ཇི་ལྟར་མཐོང་ཞེས་རྟོག་པ་དེའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། ཇི་ལྟར་སྒྱུ་མ་མི་བདེན་ཞིང་མེད་དུ་ཟིན་ཀྱང་སྣང་བ་དང་འདྲ་བར་སེམས་གཞན་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་བལྟ་བར་བྱ་བའི་ཡུལ་དང་། ལྟ་བ་པོར་སྣང་བ་ལ་ཉེས་པ་ཅི་ཞིག་ཡོད། འདིར་སེམས་ཙམ་པ་ན་རེ་གལ་ཏེ་དངོས་པོ་ལ་བརྟེན་ན་ནི་དེ་ཉིད་ཀྱིས་འཁོར་བར་

འགྱུར་ལ། དེ་ལ་མ་བརྟེན་ན་ནི་འཁོར་བ་ཉིད་ནམ་མཁའ་དང་འདྲ་བར་འགྱུར་རོ་ཞེས་རྟོག་པས་དེའི་ཕྱིར། དངོས་པོ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་དངོས་པོ་མེད་པའི་འཁོར་བ་སྐྱེ་བའི་བྱ་བ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འཁོར་བ་

เล่ม ๑๐๖ · หน้า 72a

དངོས་པོ་མེད་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བའི་གཞན་དབང་ཡོད་དོ་ཞེ་ན། དེའི་ཕྱིར་གྲོགས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཁོར་བ་མེད་ཀྱི་སེམས་ཀྱི་རྣམ་པ་མ་ཡིན་པར་ཀུན་ཏུ་རྟོག་ན་འདི་ནི་གྲོགས་མེད་པ་ཆ་ཤས་དང་

བྲལ་བ་མ་ཡིན་ནོ། །དེ་ལྟར་ཡིན་ན་ཅི་ཉེས་ཤེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སེམས་གཅིག་པུ་གཟུང་བ་དང་བྲལ་བར་གནས་པ་དེའི་ཚེ་འཛིན་པ་པོ་ཡང་མེད་ལ། དེ་གཉི་ག་དང་བྲལ་ན་ནི་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་རོ། །

དེ་ལྟར་ན་ཁྱོད་ཀྱི་སེམས་ཙམ་དུ་བསྟན་པ་དེས་ཡོན་ཏན་ཅི་ཞིག་ཐོབ་སྟེ། བཏགས་པ་ཙམ་ཉིད་ཉོན་མོངས་པ་ཡིན་པས་ཉོན་མོངས་པ་ལས་ལྡོག་པར་མི་འགྱུར་རོ་ཞེས་དགོངས་སོ། །འདི་ལྟར་གཞན་དག་གིས་དབུ་མ་པ་ལ་དྲིས་པ་ནི། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་

བཤད་པའི་སྒྱུ་མ་ལྟ་བུར་ཤེས་པས་ཀྱང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྡོག་པར་ཇི་ལྟར་འགྱུར་ཏེ། གང་གི་ཚེ་སྒྱུ་མའི་བུད་མེད་སྤྲུལ་པ་ལ་སྒྱུ་མ་དེ་བྱེད་པ་དེ་ཉིད་ཀྱང་འདོད་ཆགས་སྐྱེ་བར་འགྱུར་བས་དེ་ལྟར་ཤེས་སུ་ཟིན་ཀྱང་ཉོན་མོངས་པ་མི་ལྡོག་གོ། །དེ་ལྟར་བརྒལ་བའི་

ལན་གདབ་པའི་སྒོ་ནས་ཉོན་མོངས་པ་སྤང་བའི་རིམ་པ་བསྟན་པའི་ཕྱིར། དེ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱུ་མ་དེའི་བྱེད་པ་པོ་ནི་དེ་བྱེད་པ་སྟེ། དེ་ཞེས་བྱ་བ་བུད་མེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་སྐྱེ་བའི་ས་བོན་མ་སྤངས་པ་ལས་སྒྱུ་མའི་བུད་མེད་དེ་མཐོང་བའི་

དུས་སུ་ཉོན་མོངས་པ་སྐྱེ་བ་ནི་སྟོང་པ་ཉིད་ཀྱི་བག་ཆགས་བསྒོམ་པ་ཉམ་ཆུང་བ་ཉིད་ཡིན་ནོ། །འོ་ན་ཇི་ལྟར་ཉོན་མོངས་པ་སྤོང་ཞེ་ན། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་སྟོང་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །དེའི་ས་བོན་ནི་བག་ཆགས་སོ། །དེ་བསྒོམ་

པས་ནི་བསྒོམ་པ་ཤིན་ཏུ་གོམས་པ་སྐྱེས་པ་སྟེ། དེ་ནི་དངོས་པོའི་བག་ཆགས་གཟུགས་ལ་སོགས་པའི་རྟོག་པའི་ས་བོན་སྤོང་ཞིང་སེལ་བར་བྱེད་དོ། །ཅུང་ཟད་མེད་ཅེས་བྱ་བ་ནི་དངོས་པོ་མེད་པ་དག་གོ། །མེད་དོ་ཞེས་སྟོང་པ་ཉིད་ལ་བསླབ་པའི་བག་ཆགས་ཇི་ལྟར་སྤོང་བར་འགྱུར་ཞེ་ན། དེའི་ཕྱིར་

เล่ม ๑๐๖ · หน้า 72b

གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ན་སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ནི་དངོས་པོ་རྣམས་ལྡོག་པ་ལ་ལྟོས་པ་མ་ཡིན་པས། དངོས་པོ་ལ་བརྟེན་ཞེས་བྱ་བའི་དངོས་པོ་མེད་ན་ནི་རྟེན་མེད་པ་ཡིན་ན་བློ་ཞེས་བྱ་བ་ཤེས་པ་སྟེ། མདུན་ན་དམིགས་པ་མེད་

པའི་དོན་གྱིས་ན་ཇི་ལྟར་གནས་པར་འགྱུར་ཏེ་མི་གནས་སོ། །དེ་ལྟར་ན་དངོས་པོ་མེད་པར་རྟོགས་པའི་བག་ཆགས་ཀྱི་ས་བོན་ཡང་ཚུལ་འདི་ལྟར་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བཤད་ནས། ལྷག་མ་མེད་པ་བསྟན་པའི་ཕྱིར། གང་

ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་མེད་པ་ནི་ཡུལ་མེད་པའམ་ཉེ་བར་ལེན་པ་མེད་པའོ། །བློ་ནི་སེམས་སོ། །རབ་ཏུ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེ་ལྟར་ན་རྒྱལ་བའི་སྐུ་ཇི་ལྟར་སྣང་བས་བལྟ་ཞེ་ན། དེའི་ཕྱིར་ཡིད་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདུལ་བྱ་ནི་

འགྲོ་བ་རྣམས་ཀྱི་དོན་གྱི་རྐྱེན་དང་སྨོན་ལམ་གྱི་རྒྱུ་དེ་གཉིས་ཇི་སྲིད་ཡོད་པ་དེ་སྲིད་དུ། སྐལ་བ་ཇི་བཞིན་དུ་འདོད་པ་ཡོངས་སུ་སྐོང་བར་མཛད་པར་སྣང་སྟེ། དེ་ཡང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་དང་འདྲ་བར་རྟོག་པ་མི་མངའ་ཡང་རེ་བ་ཡོངས་སུ་སྐོང་བར་མཛད་དོ། །ཇི་ལྟར་ན་སེམས་མེད་དུ་

ཟིན་ཀྱང་བྱ་བ་དེ་བྱེད་ཅེས་རྟོག་པ་དེའི་ཕྱིར། མཁའ་ལྡིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའ་ལྡིང་གི་དུག་སྔགས་གྲུབ་པའི་སྐྱེས་བུས་མཆོད་སྡོང་གི་ཀ་བ་བསྒྲུབས་ཏེ་བཙུགས་པ་དེས་སྐྱེས་བུ་སྦྲུལ་ལ་སོགས་པའི་དུག་གིས་ཟིན་པ་སེལ་བར་བྱེད་པའི་མཐུ་ཡོད་ལ། དེའི་

གྲུབ་པ་པོ་དེ་མེད་ནས་ཡུན་རིང་པོར་ལོན་ན་ཡང་མཆོད་སྡོང་དུ་བཙུགས་པའི་ཤིང་གིས་དུག་སེལ་བར་ནུས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྤྱོད་པའི་རྗེས་སུ་མཐུན་པའི་སྤྱོད་པས་སྙིང་པོར་བྱ་བ་ཐམས་ཅད་ཚུལ་བཞིན་སྤྱོད་དེ། བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་དེས། རྒྱལ་

བའི་མཆོད་སྡོང་ཞེས་བྱ་བ་རྒྱལ་བའི་སྐུ་སྤྲུལ་པར་གྱུར་ནས་བྱང་ཆུབ་སེམས་དཔའ་སེམས་དང་བཅས་པ་འདས་པར་གྱུར་ནས་ཀྱང་གདུལ་བྱ་རྣམས་དང་སྨོན་ལམ་གྱི་རྣམ་པའི་ཤུགས་གཉིས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་འགྱུར་གྱི། ཉན་ཐོས་ལྟར་ཡོངས་སུ་མྱ་ངན་ལས་འདའ་

เล่ม ๑๐๖ · หน้า 73a

བར་མི་འགྱུར་རོ། །གལ་ཏེ་མྱ་ངན་ལས་འདས་སུ་ཟིན་ཀྱང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འགྲོ་བའི་དོན་མཛད་པ་ནི་ཀྱང་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སེམས་མེད་ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ལ་མཆོད་པ་བྱས་པའི་བསོད་ནམས་ནི་

འབྲས་བུ་ལས་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་འདྲ་ཞེས་རྟོག་ན་དེའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་བཞུགས་པ་ན་མཆོད་པ་བྱས་པ་ཅི་ལྟ་བར་འདིར་ཡང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་ནི་སྒྱུ་མ་དང་འདྲ་བའི་སེམས་དེ་ལས་བསོད་ནམས་སྐྱེ་བར་

བཤད་ལ། ད་ལྟར་ནི་དེ་མེད་དུ་ཟིན་ཀྱང་ཞེས་བྱ་བ་ནི་འདིར་ཁྱད་པར་རོ། །བསོད་ནམས་ཀྱི་འབྲས་བུ་འདིར་མཚུངས་པ་དེ་ཡང་ལུང་གི་ཚད་མ་ལས་གྲུབ་པ་ཡིན་པས་ཀུན་རྫོབ་བམ་དོན་དམ་པ་གང་ཡིན་ཡང་སངས་རྒྱས་བཞུགས་པ་ལ་མཆོད་པ་བྱས་པ་དང་འདྲ་བར་འབྲས་བུ་དང་བཅས་པ་ཡིན་

ནོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པ་དེའི་རིམ་པ་བཤད་པ་ན་ཐེག་པ་དམན་པ་དག་ཐེག་པ་ཆེན་པོ་མི་བཟོད་པས་ཕྱིར་རྒོལ་བར་བྱེད་པ་ནི། བདེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་ན་གང་ཟག་ལ་བདག་མེད་པ་རྟོགས་པའི་ཡེ་ཤེས་

ཡང་སྲིད་པར་འགྲོ་བར་བྱེད་པའི་ལས་རྣམས་མི་བྱེད་པས་མྱ་ངན་ལས་འདས་ཤིང་གྲོལ་བར་འགྱུར་གྱི། སྟོང་པ་ཉིད་མཐོང་བས་ཡོད་པ་བཀག་ཅིང་མེད་པར་ལྟ་བར་མི་ཤེས་པ་དེས་འབྲས་བུ་ཅི་ཞིག་འགྲུབ་པ་ཡོད་དེ། ཅི་ཡང་མེད་དོ་ཞེས་རྟོག་པ་ལ། དེའི་ཁྱད་པར་ཆེན་པོ་ཡོད་པེ་ལ་

ཁྱེད་ཀྱིས་མ་ཤེས་པ་ཡིན་ནོ་ཞེས་སྟོན་ཏེ། དེའི་ཕྱིར་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ལུང་ཡང་དག་པ་ལས་འདི་ལྟ་བུའི་སྟོང་པ་ཉིད་མ་མཐོང་བས་བྱང་ཆུབ་ཏུ་ནི་མི་འགྱུར་བར་གསུངས་ལ། དེ་བས་ན་སྟོང་པ་ཉིད་མཐོང་བ་ནི་དོན་ཆེན་པོ་ཡིན་པར་སྨྲའོ་ཞེས་བྱ་

བའི་ཐ་ཚིག་གོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་ཞིག་ལ་སྨྲ་བ་སྟེ། ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། ས་བཅུ་འབྲས་བུ་དང་བཅས་པ་དེ་ཐོབ་པར་བྱེད་པའི་ཕྱིར་ཐེག་པའོ། །འབྲས་བུ་དང་། དུས་དང་། དམིགས་

เล่ม ๑๐๖ · หน้า 73b

པ་དང་། བསམ་པ་དང་། འབྱོར་པ་དང་། བརྩོན་འགྲུས་དང་། ཚོགས་ཀྱི་ཆེ་བ་ཉིད་ཡིན་པའི་ཕྱིར་ཆེན་པོ་སྟེ། ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་རབ་དང་དེ་སྟོན་པའི་བསྟན་བཅོས་ས་བཅུ་པ་ལ་སོགས་པའོ། །དེ་ནི་མི་འགྲུབ་པར་གཞན་སྨྲ་ནའོ། །ཁྱེད་ཀྱི་ལུང་ནི་ཇི་ལྟར་འགྲུབ་ཅེས་

བྱ་བ་ནི་ཐེག་པ་ཆེན་པོ་པས་དྲིས་པའོ། །གང་ཕྱིར་འདིར་ནི་གཉི་གའང་འགྲུབ། །ཅེས་བྱ་བ་ནི་ཉན་ཐོས་པའི་སྟེ། གཉི་ག་སངས་རྒྱས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དང་པོ་ཁྱོད་ཀྱི་འདི་མི་འགྲུབ། །ཅེས་བྱ་བ་ཐེག་པ་ཆེན་པོའི་ཚིག་སྟེ། དང་པོར་ཞེས་བྱ་བ་ཐེག་པ་ཆེན་པོ་

མེད་པར་འཚང་རྒྱ་བར་མི་འགྱུར་ལ། དེ་མེད་པར་ཁྱེད་ཀྱི་ལུང་གྲུབ་པ་མ་ཡིན་ནོ་ཞེས་པའོ། །འདིར་གཞན་ཡང་རྒྱུ་གང་གིས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། གང་ལ་དེ་རྒྱུ་གང་གིས་ཁྱེད་ཀྱི་ལུང་གིས་དེར་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཡིད་ཆེས་པར་འཇོག་

ན། ཡིད་ཆེས་པ་ཐེག་པ་ཆེན་པོ་ལ་ཡང་གྱིས་ཤིག་ཅེས་པའོ། །འོན་ཏེ་གཉི་ག་འདོད་པ་ཉིད་ཡིན་པས་ཁྱེད་ཀྱི་ལུང་ལ་ནི་ཡིད་ཆེས་ཀྱི། སངས་རྒྱས་ཀྱིས་གསུངས་པ་ལས་ནི་མ་ཡིན་ཏེ། སངས་རྒྱས་ཀྱིས་གསུངས་པ་ལས་གཞན་པ་གཉི་ག་འདོད་པ་དེ་ལ་བདེན་པར་ཁས་

ལེན་ན་རིག་བྱེད་ལ་སོགས་པ་འགའ་ཞིག་ཀྱང་གཉི་ག་འདོད་པ་ཡོད་པས་བདེན་པར་འགྱུར་རོ། །འོན་ཏེ་སངས་རྒྱས་ཀྱིས་གསུངས་པ་ཉིད་བདེན་མོད་ཀྱི་ཐེག་པ་ཆེན་པོ་རྩོད་པ་དང་བཅས་པའི་ཕྱིར་མི་འདོད་དོ་ཞེ་ན། ཁྱེད་ཀྱི་ལུང་ཡང་མུ་སྟེགས་པ་རྣམས་དང་རྩོད་པ་དང་བཅས་

པའི་ཕྱིར་དོར་དགོས་སོ། །གཞན་གྱི་ལུང་གཞན་དག་ཀྱང་དོར་དགོས་སོ། །རང་གི་སྡེ་པ་དང་། གཞན་འགའ་ཞིག་དང་རྩོད་པ་དང་བཅས་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ནི་དགེ་སློང་ཉིད་ཡིན་ཏེ། དགེ་སློང་གི་སྡོམ་པའི་རྩ་བ་གཞི་གང་ལ་ཡོད་པ་དགེ་སློང་ཉིད་

དོ། །དེ་ཉིད་ཀྱང་དཀའ་བས་གནས་པ་ནི་མུ་སྟེགས་པ་དང་རྩོད་པ་དང་བཅས་པའི་ཕྱིར་རོ། །རེ་ཞིག་དགེ་སློང་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཀྱི། སེམས་དམིགས་པ་དང་བཅས་པ་སྟེ། ཉེ་བར་དམིགས་པ་ཡོད་པ་རྣམས་ཀྱིས་ཇི་སྲིད་ཕུང་པོའི་འཛིན་པ་ཡོད་པ་དེ་སྲིད་ཀྱི་བར་ངའོ་ཞེས་ཀྱང་ང་

เล่ม ๑๐๖ · หน้า 74a

རྒྱལ་བྱེད་པར་འགྱུར་ཞིང་། ཡང་ལས་དང་སྐྱེ་བ་ཡོད་ལ། དེ་ལྟར་ན་མྱ་ངན་ལས་འདས་པ་ཡང་དཀའ་བས་གནས་པ་ཡིན་ནོ། །བདེན་པ་མཐོང་བས་ཉོན་མོངས་པ་སྤོང་བའི་ཕྱིར་དཀའ་བས་གནས་པ་མ་ཡིན་ནོ་ཞེས་ཟེར་བ་དེའི་ཕྱིར། ཉོན་མོངས་པ་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་སྤངས་པའི་རྗེས་ཐོགས་ལ་ཡང་སྟོང་པ་ཉིད་མ་བསྒོམས་པར་དེ་མི་འབྱུང་སྟེ། དམིགས་པ་དང་བཅས་པའི་སེམས་དང་ལྡན་པ་ལ་གནོད་པ་དང་བཅས་པར་སྣང་ངོ་། །དཔེར་ན་འཕགས་པ་མཽད་གལ་གྱི་བུ་ལུས་ཀྱི་སྡུག་བསྔལ་གྱིས་གཟིར་ཞིང་

རྨོངས་པའི་ལས་ཀྱི་ནུས་པ་ཡོད་པར་སྣང་བ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་རེ་ཞིག་སྲེད་པ་ནི་སྲིད་པའི་རྩ་བར་གྱུར་ན་དེ་དེ་རྣམས་ལ་མེད་དོ་ཞེ་ན། དེ་ངེས་པར་གཟུང་ཞིང་དཔྱད་པས་ངེས་པར་བྱ་དགོས་ལ། ཅི་ཞིག་ངེས་པར་བྱ་དགོས་ཤེ་ན། ཇི་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་

གཞན་དག་ན་རེ་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སྲེད་པ་དང་། འདོད་པའི་ཁམས་ཀྱི་མི་དགེ་བ་ནི་འདིར་ཡང་སྲིད་པ་འབྱུང་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་དགའ་བའི་འདོད་ཆགས་དང་བཅས་པ་ནི་ཉོན་མོངས་པ་ཅན་ཡིན་ན། ཉོན་མོངས་མེད་ཀྱང་ཞེས་ཅིའི་ཕྱིར་

སྨྲ་ཞེས་འདི་ལྟར་དགོངས་ཏེ། གཏི་མུག་ཀྱང་ཉོན་མོངས་པ་ཆེན་པོ་ཡིན་པས་ཉོན་མོངས་པ་ཅན་ཡིན་ལ། དེའི་བག་ཆགས་ཀྱང་ནི་ཀུན་ཏུ་རྨོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་སེམས་དམིགས་པ་དང་བཅས་པ་འདི་ལ་ཡོད་པར་འདོད་དོ། །དེ་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་

སྲེད་པ་ལ་བག་ཆགས་ཉོན་མོངས་པ་ཅན་མ་ཡིན་པ་ཡོད་དོ། །དེ་ཡང་ཚོར་བ་ཡིན་ནོ། །དེ་ཡང་དཔྱད་པར་བྱ་སྟེ། ཉོན་མོངས་པ་ཅན་མ་ཡིན་ཡང་ལྷན་ཅིག་བྱེད་པའི་རྒྱུ་དང་ཕྲད་ནས་ཉོན་མོངས་པ་ཅན་བསྐྱེད་དོ་ཞེས་བྱ་བ་ཡང་ཞེས་བྱ་བའི་སྒྲས་སྟོན་ཏོ། །དེ་བས་ན་སྲེད་འདི་ཞེས་བྱ་བ་

ལ་སོགས་པ་སྨོས་པ་ཡིན་ནོ། །རྒྱུ་རྣམས་འབྲས་བུ་ངེས་པར་སྐྱེད་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་རུང་བ་དེར་འཇོག་པར་འགྱུར་རོ་ཞེས་བྱ་བ་ནི། སེམས་དམིགས་པ་དང་བཅས་པ་ཡིན་ན། སྲིད་པའམ་ཟག་པ་མེད་པའི་

เล่ม ๑๐๖ · หน้า 74b

དབྱིངས་གང་ཡིན་པ་དེར་ངེས་པར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་རྟོགས་པ་དང་བྲལ་བའི་སེམས་དེའི་དངོས་པོའི་བག་ཆགས་ཀྱིས་བཅིངས་པ་ཡིན་པའི་ཕྱིར་གྲོལ་བར་མི་འགྱུར་ཏེ། སླར་ཡང་སྐྱེ་བར་འགྱུར་རོ། །དེ་ཡང་

ཅི་དང་འདྲ་ཞེ་ན། དེའི་ཕྱིར་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་ནི་སྔོན་པོ་ལ་སོགས་པ་མཚན་མར་འཛིན་པའི་སེམས་ཀྱི་འདུ་ཤེས་སོ། །དེ་གང་ལ་མེད་པ་དེ་འདུ་ཤེས་མེད་པ་སྟེ། འདུ་ཤེས་མེད་པ་དེ་ཡང་ཡིན་ལ། །ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་བཀག་པ་

བསྐྱེད་པས་སྙོམས་པར་འཇུག་པ་ཡང་ཡིན་པའི་ཕྱིར་འདུ་ཤེས་མེད་པར་སྙོམས་པར་འཇུག་པ་སྟེ། དེ་ཡང་བསམ་གཏན་བཞི་པའི་འབྲས་བུ་ཆེན་པོ་ནམ་ཞིག་ཐོབ་པ་ན་སྲིད་པ་ལ་ཐར་པར་འདུ་ཤེས་པས་འགའ་ཞིག་གིས་འདུ་ཤེས་བཀག་སྟེ་སྙོམས་པར་འཇུག་པར་བྱེད་པའོ། །དེའི་

སེམས་ནི་ཕྱིན་ཅི་ལོག་གི་བག་ཆགས་ཀྱིས་བཅིངས་པའི་ཕྱིར་འདུ་ཤེས་བཀག་ཏུ་ཟིན་ཀྱང་དུས་ཇི་སྲིད་དུ་སྔ་མའི་འཕན་ཤུགས་ཟད་པ་དང་། ལུས་ཀྱི་དབང་པོ་དེ་ལས་སྐྱེ་བར་འགྱུར་རོ། །འབྲས་བུ་ཆེ་བའི་ལྷ་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བའི་རྣམ་པར་སྨིན་པ་དེ་ནི་མི་ཁོམ་པ་ཡིན་ནོ། །

དེས་ན་སྟོང་པ་ཉིད་བསྒོམ་པར་བྱའོ། །གལ་ཏེ་ཁྱོད་ཀྱི་ལུང་སངས་རྒྱས་ཀྱིས་གསུངས་པའི་མཚན་ཉིད་ཅན་མ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཀྱི་གསུང་ཡིན་པར་ཅིའི་ཕྱིར་མི་འདོད་དེ། འདོད་པར་བྱ་བ་ཡིན་ནོ། །ཕལ་ཆེར་

ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་མི་མཉམ་ཡང་ཞེས་བྱ་བའོ། །ཡང་སྟོང་པ་ཉིད་ལ་སོགས་པའི་ཕྱོགས་འགའ་ཞིག་མི་མཐུན་པས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་རྟོག་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེག་པ་ཆེན་པོ་དང་ཁྱེད་ཀྱི་མདོ་ཚིག་འགའ་ཞིག་

མི་མཐུན་པ་མི་རུང་ངོ་སྙམ་ན། ཁྱེད་ཀྱི་མདོ་ཡང་ཡང་དག་པར་ལྡན་པའི་ལུང་ལ་སོགས་པ་ལས་སྟོང་པ་ཉིད་ཆེན་པོ་དང་མཚུངས་པར་སྟོན་པ་དོན་ཡོད་ལ། དེ་ལྟར་མཉམ་པའི་ཚིག་གིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་རྒྱལ་བས་གསུངས་པ་ཅི་སྟེ་མ་ཡིན་ཏེ། སངས་རྒྱས་ཀྱིས་

เล่ม ๑๐๖ · หน้า 75a

གསུངས་པ་ཉིད་ཡིན་ནོ། །འོད་སྲུངས་ཆེན་པོ་ཞེས་བྱ་བས་ནི་གསུང་རབ་ཟབ་མོ་མ་རྟོགས་པ་ཉིད་ཀྱི་ཉེས་པ་ཡིན་ནོ་ཞེས་སྟོན་ཏོ། །གཞན་ཡང་སྟོང་པ་ཉིད་མ་རྟོགས་སུ་ཟིན་ཀྱང་གྲོལ་བར་གདགས་སུ་རུང་བ་ནི་སྲིད་ཀྱིས། དེ་མེད་པར་འཚང་རྒྱ་བར་ནི་མི་

འགྱུར་ཏེ། དེ་ཅིའི་ཕྱིར་ཆགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་དང་འཇིག་པ་གཉིས་དེ་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་འདི་ནི་སྟོང་པ་ཉིད་དུ་རྟོགས་པའི་འབྲས་བུ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་དེ་ནི་ཉེ་བར་སྡུད་པ་ཡིན་ནོ། །འདོད་ཆགས་ལ་

སོགས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དེ་ཐམས་ཅད་ལ་འགེབས་ཤིང་སྒྲིབ་པའི་མི་ཤེས་པ་ཉིད་ནི་མུན་པ་དང་འདྲ་བས་མུན་པ་སྟེ། དེ་གཉིས་སྤང་བའི་གཉེན་པོ་ནི་སྟོང་པ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་བདག་མེད་དོ་ཞེས་བྱ་བའི་རྣམ་པ་འདི་ལ་

འཇིགས་པས་ཁོ་བོ་མི་བསྒོམ་མོ་ཞེ་ན། དེའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཟེར་བ་དེ་ཅི་ལས་འཇིགས་པའི་གཞི་མེད་དོ་ཞེས་བསྟན་པའི་ཕྱིར་བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ལྟར་ན་ཅི་ཡང་མེད་ཅེས་རྟོག་ན། དེའི་ཕྱིར་སོ་དང་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། བུ་ག་དགུ་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ཁ་སྟེ་བདུན་དང་། བཤང་བ་དང་། གཅི་བའི་ལམ་སྟེ་དགུའོ། །རྣམ་ཤེས་དྲུག་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལྟར་རེ་ཞིག་བད་སའི་བུ་ལ་སོགས་པ་

བདག་དང་སྲོག་ལས་གང་ཟག་ཅེས་བྱ་བ་ཡོད་པར་འདོད་པ་སུན་ཕྱུང་བ་དང་། གྲངས་ཅན་དག་ཀྱང་ཤེས་པ་ལ་བདག་ཅེས་འདོགས་པས་དེ་ཡང་ཤེས་པ་དང་བཅས་པའི་སྐྱེས་བུའི་རང་གི་ངོ་བོ་ཡིན་པ་ལས་དེའི་འདོད་པ་ལས། སྙིང་སྟོབས་དང་། རྡུལ་དང་། མུན་པ་ཆ་མཉམ་པའི་གནས་

སྐབས་སུ་རང་བཞིན་རྟག་པ་དང་འདྲེས་པར་གྱུར་པ་ལས་ཆེན་པོ། དེ་ལས་ང་རྒྱལ། དེ་ལས་སྒྲ་ལ་སོགས་པ་དེ་ཙམ་ལྔ་འབྱུང་ལ། སྒྲ་ལ་སོགས་པའི་ཤེས་པ་དེ་ཡང་སྐྱེས་བུ་ལ་སྒྲ་ལ་སོགས་པ་གཟུགས་བརྙན་གྱི་ཚུལ་དུ་སྣང་ངོ་ཞེས་ཟེར་བས། དེའི་ཕྱིར་གལ་ཏེ་སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་

เล่ม ๑๐๖ · หน้า 75b

ཏེ། གལ་ཏེ་སྒྲ་ལ་སོགས་པའི་ཤེས་པ་ནི་སེམས་དེ་ནི་སྐྱེས་བུ་རྟག་པ་ཡིན་ལ། སྒྲ་ཡང་རྟག་པར་དུས་ཐམས་ཅད་དུ་འཛིན་ཅིང་ཐོས་པར་འགྱུར་ན། རྟག་ཏུ་མི་ཐོས་པས་ཤེས་པ་དེ་མི་རྟག་པ་ཡིན་ནོ་ཞེས་སྟོན་ཏོ། །འདིར་གཞན་དག་ན་རེ་སྒྲ་ལ་སོགས་པ་རྟག་ཏུ་མི་གནས་པས་དུས་ཐམས་ཅད་དུ་མི་

ཐོས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་ལྟ་ཡིན་ན་རྒྱུ་གང་གིས་ཤེས་པ་ཞེས་བརྗོད་ཅིང་མིང་དུ་བཏགས་པ་དེ་ཤེས་པར་བྱ་བའི་ཡུལ་མེད་པར་ཅི་ཞིག་དེས་ཤེས་པར་མ་གྱུར་པས་ཤེས་པ་ཇི་ལྟར་ཡིན་ཏེ་མི་རུང་ངོ་། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ་དེ་ནི་གོ་སླའོ། །སྒྲའི་ཤེས་པ་དེ་ཉིད་སྒྲ་ཉེ་བར་མི་གནས་པ་ན་གཟུགས་དང་ཉེ་བས་གཟུགས་ཤེས་པ་ཡིན་ཏེ། དེའི་ཕྱིར་ཡོད་དོ་ཞེས་ཟེར་ན། གལ་ཏེ་དེ་ལྟར་ཡིན་ན་གང་གི་ཚེ་གཟུགས་ཤེས་པ་དེའི་ཚེ་རྒྱུ་གང་གིས་ཅི་སྟེ་ཐོས་པར་ཡང་མ་གྱུར། སྒྲ་དྲུང་ན་མེད་པའི་ཕྱིར་

རོ་ཞེ་ན། དེས་ན་སྒྲའི་ཤེས་པ་ཡོད་པ་ཡིན་ནོ། །མེད་པ་མ་ཡིན་ཏེ་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རྒྱུ་དེས་ན་ཤེས་བྱ་དྲུང་ན་མེད་ཅིང་རྒྱང་རིང་ན་ཤེས་པ་ཡང་མེད་པ་ཁོ་ནར་ངེས་པ་ཡིན་ནོ། །གཞན་ཡང་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲའི་ཤེས་པ་དང་།

གཟུགས་ཀྱི་ཤེས་པ་གཉིས་སྐྱེས་བུའི་རྣམ་པས་གཅིག་ཡིན་ལ། གང་གི་གཟུགས་ཤེས་པ་དེའི་ཚེ་སྒྲ་ཐོས་པར་ཡང་ཅིའི་ཕྱིར་མི་འགྱུར། འོན་ཏེ་གཟུགས་འཛིན་པའི་དུས་ན་སྒྲ་མེད་པས་མ་ཐོས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཤེས་བྱ་མེད་པའི་ཤེས་པའང་མེད་པ་ཁོ་ནར་འགྱུར་བས་

ཤེས་པ་རྟག་པར་མི་འགྱུར་རོ། །གཞན་ཡང་སྒྲ་འཛིན་པར་བྱེད་པའི་རང་བཞིན་གྱི་ཤེས་པ་གང་ཡིན་པ་དེ་གཟུགས་འཛིན་པར་ནུས་པར་ཇི་ལྟར་འགྱུར། དེ་གཉིས་གཅིག་ན་ནི་དབང་པོ་ལྔར་བརྟག་པ་ཡང་དོན་མེད་དོ། །གཞན་ཡང་རང་བཞིན་ལས་སྐྱེས་བུ་འབྱུང་བར་བརྟག་པ་

ཡང་རིགས་པ་མ་ཡིན་པའི་ཕྱིར་ཕ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་དང་། རྡུལ་དང་མུན་པ་ཆ་མཉམ་པའི་གནས་སྐབས་སུ་རང་བཞིན་ཞེས་བརྟགས་པ་ལ་སོགས་པ་སྐྱེ་བར་བཤད་པ་ཡང་རྟོག་པ་ཉིད། གཅིག་པུ་ཡིན་ན་ཡང་མི་རུང་ངོ་། །དེ་བས་ན་སྒྲ་

เล่ม ๑๐๖ · หน้า 76a

འཛིན་པའི་རང་བཞིན་ཡོད་པར་འདོད་པའི་ངོ་བོ་ཉིད་མ་མཐོང་བར་གྲུབ་པ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྒྲ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་འཛིན་པའི་ཤེས་པའི་ངོ་བོ་གང་ཡིན་པ་དེ་ནི་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ། ཅི་ནས་ཀྱང་མི་

འགྱུར་རོ། །དེ་ཡང་གཅིག་པ་དུ་མ་ཉིད་དུ་འགྱུར་བ་ནི་འགལ་བའི་ཕྱིར་རོ། །གཅིག་པུ་ཉིད་ཡིན་ན་ཡང་དུ་མར་གདགས་སུ་རུང་སྟེ། སྐྱེས་བུ་གཅིག་ལ་ཡང་བུ་ལ་ལྟོས་ནས་ཕ་ཞེས་བྱ་ལ་ཕ་ལ་ལྟོས་ནས་བུ་ཞེས་བྱ་བས་དུ་མའི་བདག་ཉིད་ཅན་ཡིན་པ་དང་འདྲ་བར་ཤེས་པ་ཡང་དེ་དང་འདྲ་

བར་ཡོད་མོད་ཅེ་ན། དེ་ནི་ཕ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། སྙིང་སྟོབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་ནི་བདེ་བའོ། །རྡུལ་ནི་སྡུག་བསྔལ་བའོ། །མུན་པ་ནི་གཏི་མུག་སྟེ། སྙིང་སྟོབས་ལ་སོགས་པ་དེ་དག་ཀྱང་གཅིག་པུ་བརྟན་པ་ཡིན་པའི་

ཕྱིར་རྣམ་པར་འགྱུར་བ་ཙམ་དུ་བརྟགས་ཀྱི། འགྲོ་བ་ནི་དེ་ལས་སྐྱེས་པ་མ་ཡིན་པས་ཡང་དག་པར་ན་སྙིང་སྟོབས་ལ་སོགས་པ་ནི་ཕ་ཡང་མ་ཡིན་བུ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཡང་དག་པ་ཉིད་དུ་མ་ཡིན་ནོ། །དེ་བཞིན་དུ་སྒྲ་ཉེ་བར་མི་གནས་པའི་ཚེ་ན་ཡང་སྒྲ་འཛིན་

པའི་ཤེས་པ་གཟུགས་ཀྱི་ཤེས་པའི་རང་བཞིན་ལྡན་པར་ཡང་མ་མཐོང་ཞིང་མི་སྣང་ངོ་། །དེ་བས་ན་སྒྲའི་ཤེས་པ་དེ་ཡོད་པ་མ་ཡིན་ནོ། །འོན་ཏེ་དེ་ཉིད་ཅེས་བྱ་བའི་སྒྲའི་ཤེས་པ་དེ་ཉིད་གར་མཁན་དང་འདྲ་བར་ཚུལ་གཞན་གྱིས་གཟུགས་ཀྱི་ཤེས་པར་སྣང་བ་ཡིན་ཏེ། དཔེར་ན་གར་མཁན་

གཟུགས་གཞན་གྱིས་འཇིགས་སྡེར་སྟོན་ལ་གཞན་གྱིས་ནི་སྲིད་སྒྲུབ་ཏུ་སྟོན་ཏེ། དེ་ཡང་དེ་དང་འདྲའོ་ཞེ་ན། དེ་ལྟ་ན་ནི་ཤེས་པ་དེ་ཡང་གར་མཁན་དང་འདྲ་བར་རྟག་ཅིང་ཐེར་ཟུག་པ་མ་ཡིན་ནོ། །གལ་ཏེ་དེ་ཉིད་རང་བཞིན་གཞན་ཡིན་ནོ་ཞེས་རྟོག་ན། དེའི་གཅིག་པ་ཉིད་འདི་ནི་སྔོན་ཆད་

མེད་པ་ཡིན་ཏེ། གཞན་པ་དང་གཞན་གཅིག་པ་ཉིད་འདི་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་གཅིག་པ་བཀག་པ་ན་རང་བཞིན་གཞན་ཡིན་པ་ནི་བརྫུན་པ་ཡིན་ཏེ། དེ་ལྟར་མེད་དོ་ཞེས་ཟེར་བ་ནི་དེ་ལྟར་ན་བདག་དེའི་རང་གི་རང་བཞིན་ནམ། ངོ་བོ་ཇི་ལྟ་བུ་ཡིན་པ་སྨྲོས་ཤིག་ཅེས་དྲིས་པའོ། །

เล่ม ๑๐๖ · หน้า 76b

གལ་ཏེ་དེའི་རང་གི་ངོ་བོ་ཤེས་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེས་བུ་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་ཏེ། གྲོལ་བ་དང་མ་གྲོལ་བའི་སྐྱེས་བུ་རྣམས་གཅིག་ཁོ་ནར་འགྱུར་བའི་སྐྱོན་ཡོད་དོ། །གཞན་ཡང་སེམས་དང་བཅས་པའི་སྐྱེས་བུ་དང་། སེམས་མེད་པའི་རང་བཞིན་དེ་

གཉིས་གཅིག་པ་ཁོ་ནར་ཐལ་བར་འགྱུར་རོ། །ཡང་གྲངས་ཅན་གྱིས་དེ་ཤེས་པ་དང་རང་བཞིན་ནི་ཡོད་པ་ཉིད་དུ་མཉམ་ཞིང་མཚུངས་ཏེ། དེའི་ཕྱིར་གཅིག་པ་ཉིད་དུ་འདོད་དོ་ཞེ་ན། དབུ་མ་པས་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྐྱེས་བུ་དང་རང་བཞིན་གཉིས་

སེམས་དང་སེམས་མེད་པའི་བྱེ་བྲག་གི་ཁྱད་པར་གང་ཡིན་པ་དེ་མེད་ཅིང་རིམ་དང་རིམ་མ་ཡིན་པར་བྱེད་པ་དང་བྲལ་བས་རི་བོང་གི་ར་ལྟར་མེད་པས་ཕྱིན་ཅི་ལོག་ཡིན་ན། དེའི་ཚེ་འདྲ་བའི་རྐྱེན་གང་ཞིག་ཡིན་ཏེ་ཅི་ཡང་མེད་དོ། །དེ་བས་ན་གཅིག་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་

ཚིག་གོ། །འདི་དག་གིས་ནི་རྒྱུ་ལ་སོགས་པ་སྤྱི་དང་རིས་མཐུན་པ་དག་ཀྱང་གསལ་བ་ཡིན་ནོ། །དེ་ལྟར་རེ་ཞིག་བདག་སེམས་དང་ལྡན་པ་ཡིན་པར་ཚད་མས་བཀག་པ་དང་། སེམས་མེད་པ་ཉིད་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་སེམས་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་

གཞན་དག་ན་རེ་བདག་དེར་སྔར་སེམས་མེད་པ་ཡིན་ཡང་བདག་ཉིད་ཀྱི་ཡོན་ཏན་ཤེས་པ་ཞེས་བྱ་བ་ཡོད་པ་དེ་དང་ཕྲད་པ་ལས་ཀྱང་ཤེས་པ་ཅན་དུ་འགྱུར་རོ་ཞེས་ཟེར་ན། དེ་ལྟ་ན་ནི་སྔ་མའི་མི་ཤེས་པ་དེ་འཇིག་ཅིང་མེད་པས་མི་རྟག་པར་ཐལ་བར་འགྱུར་རོ། །འོན་ཏེ་རྟག་པ་ཡིན་པར་འགྱུར་

བས་མེད་པ་ཡིན་ནོ་ཞེ་ན། དེའི་ཚེ་བདག་འདི་ལ་ཤེས་པ་ཡོད་པའི་སེམས་དང་ཕྲད་དུ་ཟིན་ཀྱང་ཅི་ཞིག་བྱ་སྟེ། ཅི་ཡང་མ་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱ་བ་མེད་པ་ཞིག་ཡོད་དུ་ཡང་མི་རུང་སྟེ། ཤེས་པ་མེད་ཅིང་བྱ་བ་མེད་པ་ནི་ནམ་མཁའ་དང་འདྲ་བས་དེ་ལ་བདག་ཏུ་སྒྲོ་

བཏགས་པས་བདག་ཏུ་བྱས་པ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་གཟེགས་ཟན་པ་ཡང་འདི་སྐད་དུ་དེ་ལྟར་བདག་མེད་ན་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཡིད་དུ་འོང་བ་དང་། འབྲས་བུ་ཡིད་དུ་མི་འོང་བ་དང་འབྲེལ་པ་ཡོད་པར་མི་རིགས་ཏེ། ལས་བྱས་

เล่ม ๑๐๖ · หน้า 77a

ནས་སེམས་ཀྱི་སྐད་ཅིག་མ་སྔ་མ་འཇིག་པའི་རྗེས་ལ། སེམས་ཀྱི་སྐད་ཅིག་མ་གཞན་ཉིད་འབྱུང་བར་འགྱུར་ལ། ལས་དེ་ནི་གཞན་པ་དེའི་ནི་མ་ཡིན་པས་དེའི་འབྲས་བུ་མྱོང་ན་ཤིན་ཏུ་ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། །ལས་དེ་གང་གི་ཡིན་པ་འཇིག་པར་འགྱུར་བས་

འབྲས་བུ་གང་གི་ཡིན་ཞེས་སྨྲ་ན། དེའི་ཕྱིར་ཡུ་བུ་ཅག་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དང་ཕྱི་མའི་གཞི་ཐ་དད་པ་གང་ལ་ཡོད་པ་དེ་ནི་གཞི་ཐ་དད་པ་ཞེས་བྱ་སྟེ། ལས་འདིར་བྱས་པའི་འབྲས་བུ་ཕལ་ཆེར་ནི་ཕྱི་མར་འབྱུང་ལ། བྱ་བ་དང་འབྲས་བུ་དེ་དག་ལ་བདག་གང་ཡིན་པ་དེ་

ནི་རྟག་པ་ཡིན་པའི་ཕྱིར་བྱ་བ་མེད་ཅིང་བྱ་བ་དང་བྲལ་བ་ཡིན་ནོ། །དེ་བས་ན་འདིར་བདག་བྱེད་པ་པོ་དང་ཚོར་བ་པོ་ཡིན་པ་ལ་སོགས་པའི་སྨྲ་བ་དེ་ནི་ལོག་པ་ཡིན་པས་དོན་མེད་པ་ཉིད་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་ཅན་གཅིག་གི་རྒྱུད་ཁོ་ན་ལ་ཁ་

ཟས་མི་མཐུན་པ་ལ་སོགས་པའི་རྒྱུ་དང་ལྡན་ན་ནད་ལ་སོགས་པའི་འབྲས་བུ་དང་ལྡན་པ་ཚེ་འདི་ཉིད་ལ་སྣང་། ཚེ་ཕྱི་མ་ལ་ཡང་བདག་དེ་དང་འདྲ་མོད་ཅེ་ན། དེའི་ཕྱིར་རྒྱུར་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚེ་འདི་ཉིད་ལ་ཡང་སེམས་ཅན་རྣམས་བྱ་བ་དང་ལྡན་པའི་སེམས་ཅན་

ཡིན་པའི་ཕྱིར་སྐད་ཅིག་མ་ཡིན་གྱི། སྐད་ཅིག་མ་ཡིན་པ་དག་ནི་རིམ་དང་རིམ་མ་ཡིན་པས་མི་བྱེད་པས་མེད་པ་ཡིན་པའི་ཕྱིར། རྒྱུ་དང་བཅས་ཤིང་ལྡན་པ་གང་ཡིན་པ་དེ་འབྲས་བུ་དང་ལྡན་པར་སྣང་ངོ་ཞེས་བྱ་བ་འདི་ནི་མི་སྲིད་དོ། །འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱེད་པ་

པོ་དང་ལོངས་སྤྱོད་པ་པོར་གསུངས་པ་ཡོད་དོ་ཞེ་ན། དེའི་ཕྱིར་རྒྱུན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་སེམས་སྐད་ཅིག་མའི་རྒྱུན་དུ་གནས་པ་སྔ་ཕྱིའི་འབྲེལ་པ་ལ་དགོངས་ནས་ལས་ཆུད་མི་ཟ་བར་སྟོན་པར་མཛད་པ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་འདས་པ་ལ་སོགས་པའི་སེམས་གང་ཡིན་

པ་དེ་བདག་ཅེས་བྱ་བའི་ང་རྒྱལ་གྱི་གཞི་ཡིན་པའི་ཕྱིར་བདག་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་འདས་པ་དང་མ་འོངས་པའི་སེམས་མེད་པ་ཡིན་པའི་ཕྱིར་གཞིར་མི་རུང་བས་བདག་མ་ཡིན་ལ་འོན་ཏེ་ད་ལྟར་བྱུང་བའི་སེམས་བདག་ཡིན་པར་

เล่ม ๑๐๖ · หน้า 77b

འདོད་ན་ད་ལྟར་གྱི་ཡང་བྱུང་མ་ཐག་འཇིག་པ་ཡིན་པས་གཞིར་མི་རུང་སྟེ། སེམས་དེ་མེད་ལ། དེ་མེད་པས་བདག་ཀྱང་མེད་དོ། །གལ་ཏེ་ལུས་དང་སེམས་དང་སེམས་ལས་བྱུང་བའི་ཚོགས་བསྡུས་པ་ལ་སྤྱིར་བདག་ཅེས་བྱ་བར་འདོད་དོ་ཞེ་ན། དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། དཔེར་ན་འདི་ན་ཆུ་ཤིང་གི་ཕུང་པོ་ལ་ཆ་ཤས་སུ་ཕྱེ་ཞིང་ཕྱོགས་ཆར་རྣམ་པར་བསལ་ན་ཆ་ཤས་ཅན་གྱི་དངོས་པོ་ཅི་ཡང་མེད་པ་དང་འདྲ་བར་ཕུང་པོ་རྣམས་ལ་བདག་ཅེས་བྱ་ཡང་རྣམ་པར་དཔྱད་ཅིང་བཙལ་ན་ཡང་དག་པ་མ་ཡིན་པས་ཡོད་པ་མ་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་

ཞལ་སྔ་ནས། རིན་པོ་ཆེའི་ཕྲེང་བ་ལས། བདག་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པས་ང་རྒྱལ་བསལ་བ་མཛད་པ་ཡིན་ནོ། །དེ་བས་ན་རྣམ་པར་དཔྱད་ཅིང་ཀུན་ཏུ་བཙལ་ན་ཡང་དག་པ་མ་ཡིན་པ་ཁོ་ནར་མཐོང་ངོ་། །འོ་ན་ཁྱེད་འདོད་པའི་འགྲོ་བའི་དོན་བྱེད་པར་མི་འགྲུབ་པོ་

ཞེ་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པའི་དོན་དུ་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་དོན་དུའོ། །ཁས་བླངས་པ་ཞེས་བྱ་བ་ནི་འདོད་པས་སམ། བདག་གིས་བྱས་པས་བདག་ཉིད་དུ་ནི་རབ་བརྟགས་གང་། །ཞེས་བྱ་བ་ནི་གཏི་མུག་གིས་སེམས་ཅན་དུ་རབ་ཏུ་

བརྟགས་པ་སྒྲོ་བཏགས་པ་གང་ཡིན་པ་དེ་ལ་སྙིང་རྗེ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་སེམས་ཅན་མེད་ན་དགོས་པ་ཉིད་སུའི་དོན་དུ་བྱ་སྟེ་མི་རུང་ངོ་ཞེ་ན། དེའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མེད་ན་དགོས་པ་དེ་སུའི་དགོས་པ་ཡིན་ཏེ། སུའི་

ཡང་མ་ཡིན་ནོ། །བདེན་ཡང་ཞེས་བྱ་བ་ནི་བདེན་མོད་ཀྱི་ཞེས་ཁས་བླངས་པའོ། །དོན་དུ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་བྱ་བའོ། །བདག་བཏགས་ཞེས་བྱ་བ་འདི་འདོད་པའམ་འགྲོ་བའི་དོན་གྱིས་ལ་བྱ་བའོ། །བྱ་བ་དེ་ནི་སྒྲོ་འདོགས་པའི་དབང་གིས་སྡུག་བསྔལ་ཉིད་ཡིན་ན་ཡང་

སྡུག་བསྔལ་རྣམས་ཉེ་བར་ཞི་བའི་དོན་ཉིད་དུ་བྱ་བའི་རྨོངས་པ་འདི་ནི་དགག་ཅིང་བཟློག་པར་བྱ་བ་མ་ཡིན་ནོ། །དེ་ཡང་རྟག་པ་དང་བདག་ལ་སོགས་པ་རྨོངས་པ་ལས་ནི་ང་རྒྱལ་འབྱུང་ལ། དེ་ནི་སྡུག་བསྔལ་འཕེལ་བའི་རྒྱུ་ཡིན་པས། དེ་ཉིད་ནི་བཟློག་པར་བྱ་དགོས་སོ། །དེ་སྐད་དུ་

เล่ม ๑๐๖ · หน้า 78a

སྨྲས་པ་དང་། གཞན་དག་ན་རེ་སེམས་ཅན་ཙམ་དུ་སྒྲོ་འདོགས་པའི་ཁྱེད་ཀྱི་རྨོངས་པ་དེས་ཀྱང་ང་རྒྱལ་བཟློག་པར་མི་འགྱུར་ཏེ། བྱ་བའི་རྨོངས་པ་ཡང་རྨོངས་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་བཟློག་པར་མི་ནུས་ལ། དེ་མི་ནུས་པས་ན་ཐར་

པ་མེད་དོ་ཞེ་ན། བྱང་ཆུབ་འདོད་པ་རྣམས་ཀྱིས་ནི་སྒྱུ་མ་ལྟ་བུ་ལ་སྙིང་རྗེ་བྱ་ཞིང་བདག་མེད་པ་ཤེས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། བདག་མེད་བསྒོམ་པ་མཆོག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཡང་ན་སྡུག་བསྔལ་གྱི་རྒྱུ་སྔ་མའི་ཚུལ་དེ་ལས་ཀྱང་བཟློག་པར་མི་འགྱུར་ཞེས་ཁྱེད་སྨྲ་

ན། དེ་ལྟར་ན་བདག་མེད་པ་བསྒོམས་ཏེ། སེལ་བས་དེ་མཆོག་ཡིན་མོད་ཅེས་བྱ་བར་སྦྱར་རོ། །སེམས་ཡོད་པ་དང་མེད་པ་དགག་པའི་ཚུལ་གྱིས་བདག་མེད་པར་སུན་ཕྱུང་བ་ན་ཡན་ལག་ཅན་གྱི་མཚན་ཉིད་དང་ལྡན་པའི་ལུས་ཞེས་བྱ་བ་སེམས་དང་འབྲེལ་པ་ཡོད་པས་བདག་

ཡོད་དོ་ཞེ་ན། དེའི་ཕྱིར་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ལུས་རྗེས་སུ་དྲན་པ་ཡང་སྟོན་ཏོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཡན་ལག་ལ་སོགས་པའོ། །ཆ་ནི་ལག་པ་ལ་སོགས་པའོ། །ཆ་རེ་ནི་སོར་མོ་ལ་སོགས་པའོ། །ཡན་ལག་དང་ཉིང་ལག་དེ་ལྟར་གནས་པར་གྱུར་པ་

ཡིན་ན་དེ་ལྟ་བུ་མ་ཡིན་པའི་ཡན་ལག་ཅན་གདགས་པའི་ལུས་དེ་ཡན་ལག་ལས་ལོགས་ཤིག་ན་བདག་ཉིད་གང་ན་གནས། དེ་བཞིན་དུ་ལུས་ནི་གཅིག་པུའམ་ཕྲ་རབ་ཙམ་གྱི་ཆ་ཤས་སུ་ཡང་བརྟག་པར་བྱ་བ་མ་ཡིན་པས། དེའི་ཕྱིར་དེ་བཞིན་ཕྱི་ནང་ཞེས་བྱ་བ་སྨོས་སོ། །དེ་བས་ན་དེའི་

དབྱིབས་སུ་བཀོད་པའི་ཁྱད་པར་གྱི་ཞེས་བྱ་བ་ལ་སོགས་པའི་དབྱིབས་ཀྱི་ཚོགས་པའི་ཁྱད་པར་གྱིས་སྡོང་དུམ་གྱི་ཤིང་ལ་འདྲ་བའི་ཚུལ་གྱིས་མིའི་བློ་སྐྱེ་བ་ལྟ་བུ་ཡིན་ནོ། །སྡོང་དུམ་ལ་དུས་ཅུང་ཟད་ཅིག་ཐག་རིང་པོ་ནས་སྐྱེས་བུའི་བློ་འབྱུང་བ་ཡིན་ལ། ལག་པ་ལ་སོགས་པ་ལ་གམ་དུ་ཉེ་

བ་འམ། དུས་ཡུན་རིང་པོར་ཡང་ལུས་ཀྱི་བློ་འབྱུང་བར་འགྱུར་བས་མི་འདྲའོ་ཞེ་ན། དེའི་ཕྱིར་ཇི་སྲིད་རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོང་དུམ་གྱི་ཤིང་རྒྱང་རིང་བ་ལ་སོགས་པའི་རྐྱེན་གྱི་ཚོགས་པས་མིག་དང་བ་གང་ཡིན་པ་དེ་ནི་རྐྱེན་གྱི་ཚོགས་པ་ཡིན་ལ། འདིར་ལག་པ་ལ་

เล่ม ๑๐๖ · หน้า 78b

སོགས་པ་ལ་ཡང་དེ་དང་འདྲའོ། །གླེགས་བམ་ལ་ལས་ཇི་སྲིད་ལུས་ལ་སོགས་ཞེས་སྨོས་ཏེ། དེ་ནི་གཞན་དུ་བཤད་པར་བྱ་སྟེ། ཅི་སྲིད་དུ་གཏི་མུག་གི་རྐྱེན་གྱི་ཚོགས་པ་ཡོད་པ་དེ་སྲིད་དུ་ལུས་ལ་སྐྱེས་བུ་མེད་དུ་ཟིན་ཀྱང་སྐྱེས་བུ་ལྟར་སྣང་ངོ་། །དེ་བཞིན་དུ་ལག་པ་ལ་སོགས་

པ་ལ་ཡང་རྐྱེན་གྱི་ཚོགས་པ་ཡོད་པ་དེ་སྲིད་ཀྱི་བར་དུ་འདིར་ལག་པ་ལ་སོགས་པ་ལུས་སུ་རྨོངས་པའི་དབང་གིས་སྣང་ངོ་། །ཕྱོགས་སྔ་མ་ནི་སྡོང་དུམ་དང་ལུས་དེ་གཉིས་མེད་པ་ཡིན་པར་བྱེ་བྲག་མེད་པར་སྟོན་ཏོ། །དེ་ལྟར་ལུས་མེད་པར་བཀག་ན་དེ་དང་མཚུངས་པ་ཉིད་ཀྱི་རྐང་པ་ལ་

སོགས་པ་ལ་བསྒྲེ་བ་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པས་དེ་མེད་པའི་སོར་མོ་གཞན་ག་ལ་ཡོད། ཚིགས་ཀྱང་ཆ་ཤས་ཀྱིས་ཕྱེ་ན་དེ་ལས་གཞན་ཅི་ཞིག་ཡོད། ཆ་ཤས་ཀྱང་རྡུལ་ཕྲ་རབ་དབྱེ་བས་ཕྱེ་ན། དེ་ལས་

གཞན་པ་ཅི་ཞིག་ཡོད། རྡུལ་ཕྲ་རབ་དེ་ཡང་ཕྱོགས་ཀྱི་ཆ་ཤས་དྲུག་ཏུ་ཕྱེ་ན་གང་ཞིག་ཡོད། ཕྱོགས་ཀྱི་ཆ་ཤས་དེ་ཡང་ཆ་ཤས་མེད་པ་ཡིན་པས་ནམ་མཁའ་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །རྒྱུ་གང་གིས་དེ་ལྟར་གཞིགས་པ་དེས་ན་རྡུལ་ཕྲན་ཡང་ཡོད་པ་མ་ཡིན་ནོ། །ཚུལ་དེ་ལྟར་

གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སུ་ཞིག་ཆགས་ཤིང་ཞེན་པར་བྱེད་དེ། ཆགས་པའི་གནས་མེད་དོ། །དེ་ལྟར་རེ་ཞིག་ལུས་དྲན་པ་ཉེ་བར་གཞག་པ་བཤད་ནས། ཚོར་བ་དྲན་པ་ཉེ་བར་གཞག་པ་བཤད་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཚོར་བ་

སྡུག་བསྔལ་ཡང་དག་པར་རམ། དོན་དམ་པར་ངེས་པར་ཡོད་ན་ཡིད་རབ་ཏུ་དགའ་བ་ལ་སོགས་པ་དེ་དང་མི་མཐུན་པའི་ཕྱོགས་ཅིའི་ཕྱིར་འགོག་ཅིང་སེལ་བར་མི་བྱེད། དེ་མི་བྱེད་པ་ལས་ན་སྡུག་བསྔལ་ཡང་དག་པར་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བདེ་བ་ཡང་དག་པར་ཡོད་

ན་མྱ་ངན་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པ་ན་གོས་དང་མལ་སྟན་ལ་སོགས་པ་བདེ་བའི་རྒྱུར་འགྱུར་བ་ཡིན་ན། བདེ་བ་དེ་ཅིའི་ཕྱིར་འདོད་པ་ལས་ན་བདེ་བ་ཡང་དག་པར་མེད་དོ། །གལ་ཏེ་བདེ་བ་འམ་སྡུག་བསྔལ་ལམ་རྒ་བ་དང་མྱ་ངན་ལ་སོགས་པ་མངའ་བའི་སྟོབས་ཀྱིས་

เล่ม ๑๐๖ · หน้า 79a

ཟིལ་གྱིས་མནན་པའི་ཕྱིར་དེ་མི་མྱོང་བ་ཡིན་ནོ་ཞེ་ན། བདེ་བའམ་སྡུག་བསྔལ་གང་ཡང་རུང་བ་ཞིག་ཉམས་སུ་མྱོང་བའི་བདག་ཉིད་ཅན་མེད་ན་དེའི་ཚོར་བ་ཉིད་ཇི་ལྟ་བུ་ཡིན་ཏེ། ཚོར་བར་བཞག་ཏུ་མི་རུང་ངོ་། །ཚོར་བ་ཉམས་སུ་མྱོང་བ་ནི་རྣམ་པ་གསུམ་

སྟེ། བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །དེ་དག་ནི་འདོད་པ་ཡིན་མོད་ཀྱི། འོན་ཀྱང་སྐྱེས་བུ་དགའ་བ་དང་ལྡན་པ་རྣམས་ལ་ནི་སྡུག་བསྔལ་ཉམས་སུ་མྱོང་བ་ཕྲ་བའི་བདག་ཉིད་ཅན་དུ་ཡོད་དོ་ཞེ་ན། དེ་ལྟ་ཡིན་ན་སྡུག་བསྔལ་

འདིའི་རིགས་པ་ཉིད་ནི་ཡང་དག་པ་ཉིད་དུ་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ཕྲ་བ་དེ་ཡང་དེ་ལས་གཞན་པའི་རབ་ཏུ་དགའ་བ་རྣམས་ཀྱིས་བདེ་བ་ཉམས་སུ་མྱོང་བ་ཅུང་ཟད་ཀྱང་འགོག་པར་མི་ནུས་པས་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་གཞན་པ་ཞེས་བྱ་བ་བདེ་བའི་ཚོར་བ་ནི་

དགའ་བ་ཙམ་དུ་གྱུར་པ་ཡིན་ན། དེའི་ཕྱིར་དགའ་བ་ཙམ་དེ་ལ་སྡུག་བསྔལ་གྱི་ཕྲ་བ་ཉིད་ཀྱིས་བདེ་བའི་ཚོར་བ་ལ་མི་གནོད་པས་སྡུག་བསྔལ་ཡང་ཕྲ་བ་ཉིད་ཡིན་པའི་ཕྱིར་ཚོར་བ་མྱོང་བར་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་དང་མི་མཐུན་པ་དགའ་བའི་རྐྱེན་བྱུང་བ་ན་སྡུག་བསྔལ་

འབྱུང་བར་མི་འགྱུར་ཞིང་སྐྱེ་བར་མི་འགྱུར་བ་ཡིན་ལ། དེ་བཞིན་དུ་མྱ་ངན་ལ་སོགས་པའི་རྐྱེན་དང་ཕྲད་པར་གྱུར་པ་ན་བདེ་བ་མི་འབྱུང་སྟེ། གཉིས་པོ་འདི་དག་ཕན་ཚུན་ལྟོས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་མི་འབྱུང་བ་ཡིན་ནོ་ཞེ་ན། དེ་ལྟར་ན་རྐྱེན་ཕན་ཚུན་འདྲེས་པས་

ཚོར་བ་ཡང་མེད་པ་ཡིན་པས་བརྟགས་པ་ལ་མངོན་པར་ཞེན་པ་ཙམ་ཡིན་ནོ་ཞེས་དེ་དང་དེར་བཤད་པ་དེ་ནི་རིགས་པ་ཉིད་དེ། མྱ་ངན་དང་དགའ་བ་ལ་སོགས་པ་ནི་བརྟགས་པ་ཙམ་ཡིན་པའི་ཕྱིར་ཡང་དག་པར་ན་རྒྱུ་དང་འབྲས་བུ་ཉིད་ཀྱང་ཕྲད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་མ་གྲུབ་ཅིང་

རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་ཤིན་ཏུ་མངོན་པར་ཞེན་པའི་སྟོབས་ཀྱིས་བདེ་བ་ལ་སོགས་པ་སྒྱུ་མ་ལྟ་བུ་ཉིད་ཉམས་སུ་མྱོང་བར་སྣང་བ་ཡིན་ནོ། །དེ་བས་ན་བརྟགས་པ་ལ་མངོན་པར་ཞེན་པ་འདི་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རྣམ་པར་དཔྱད་པ་གང་ཡིན་པ་འདི་

เล่ม ๑๐๖ · หน้า 79b

ཉིད་འདིའི་གཉེན་པོ་ཡིན་པའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པའི་བདག་ཉིད་ཅན་བསྒོམ་པར་བྱ་ཞིང་གོམས་པར་བྱ་སྟེ། ལོག་པར་མངོན་པར་ཞེན་པའི་ཀུན་ནས་ཉོན་མོངས་པ་འདི་གཞོམ་པར་བྱ་བའི་ཕྱིར། མངོན་པར་ཞེན་པའི་རང་བཞིན་ལ་རྣམ་པར་དཔྱད་པ་ཉིད་ཡིད་ལ་བྱ་བ་བྱའོ་

ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལྟར་ན་གཉེན་པོ་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པར་རྟོག་པ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་ལ་མངོན་པར་ཞེན་ཅིང་དགའ་བའི་མཚན་ཉིད་ཅན་གྱི་རྟོག་པ་སྟེ། དེ་ཁོ་ན་ཉིད་མ་ཡིན་པར་རྟོག་པ་ལ་

མངོན་པར་ཞེན་པའི་གཉེན་པོར་གྱུར་ཅིང་དེ་ལས་བྱུང་བའི་རྣམ་པར་རྟོག་པའི་བསམ་གཏན་ཏེ། དེ་ནི་ཟག་པ་མེད་པའི་ཟས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་མཚན་ཉིད་ཅན་དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པར་འགྱུར་ཏེ། ཐོས་པ་ལས་བསམ་པ། དེ་ལས་བསྒོམ་པ། དེ་ལས་དེ་ཁོ་ན་ཉིད་ཀྱི་ཡེ་

ཤེས་སྐྱེ་བ་ཡིན་པའི་ཕྱིར་ཏེ། འདི་ལྟར་སྒྱུ་མའི་སེང་གེས་སྒྱུ་མའི་གླང་པོ་ཆེ་བསད་པ་ནི་ཡང་དག་པ་ཉིད་དུ་མ་ཡིན་ནོ། །དེ་བཞིན་དུ་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པས་ལོག་པ་རྣམ་པར་རྟོག་པ་ཡང་དག་པར་མེད་བཞིན་དུ་འཇོམས་པ་ཡིན་ནོ། །དེ་ལྟ་ཡིན་དུ་ཆུག་ན། དེ་ཁོ་ན་ཉིད་ཀྱི་རྣམ་པར་

རྟག་པ་ལ་མངོན་པར་ཞེན་པ་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེ་ན། དེའི་ཕྱིར་དབང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ནི་མིག་ལ་སོགས་པའོ། །དེའི་དམིགས་པར་བྱ་བའི་དོན་ཡིན་པས་ན་དོན་ཏེ། གཟུགས་ལ་སོགས་པའོ། །དེ་གཉིས་

བར་མཚམས་དང་བཅས་པའི་ནི་རྡུལ་ཕྲ་རབ་མ་འདྲེས་པར་འགྱུར་ཏེ། དེ་ལྟར་གྱུར་ན་ནི་དབང་པོ་དང་ཡུལ་འདི་དག་འདུས་ཕྲད་པ་མེད་ན་རེག་པ་མེད་པའི་ཕྱིར་ཚོར་བ་ཡང་ག་ལ་ཡོད་ཅེས་བྱ་བ་སྟེ། དེ་ལྟར་སྨྲས་པ་དེ་ཡང་ཡང་དག་པར་ན་རྡུལ་ཕྲ་རབ་ཡོད་པ་མ་ཡིན་མོད་ཀྱི། སུན་ཕྱུང་བའི་

ཕྱོགས་ཀྱི་དབང་དུ་བྱས་ནས་རྡུལ་ཕྲ་རབ་ཁས་བླངས་པ་ཡིན་ནོ། །གཞན་དག་ན་རེ་དེ་ནི་བར་མཚམས་མེད་པའི་ཚུལ་གྱིས་གནས་སོ་ཞེ་ན་མི་རུང་སྟེ། གཅིག་པུ་ཡིན་པ་ལ་གཞན་དང་འདུ་ཞིང་ཕྲད་པའི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་ནང་དུ་རྡུལ་ཕྲ་རབ་འཇུག་པ་ཡང་

เล่ม ๑๐๖ · หน้า 80a

མེད་དེ། གལ་ཏེ་དེ་ལ་འཇུག་པའི་གོ་སྐབས་ཀྱིས་ནམ་མཁའ་ཡོད་ན་ལྟ་འཇུག་ཏུ་རུང་ན། དེ་མེད་པའི་ཕྱིར་དེས་ན་དེ་དག་མཉམ་པ་ཉིད་མཚུངས་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་འདྲེ་བར་འདུ་བ་ཡང་མེད་པའི་ཕྱིར་རོ། །དེ་མེད་པས་ཆ་ཤས་མེད་པ་ལ་འདུ་བ་དང་

ཕྲད་པར་ཇི་ལྟ་བུའི་ཚུལ་གྱིས་ཀྱང་རིགས་པ་དང་འཐད་པས་སྒྲུབ་ཏུ་རུང་བ་མ་ཡིན་ནོ། །དེའི་ཕྱིར་ཕན་ཚུན་གཉིས་འདུས་པ་དང་ཆ་ཤས་མེད་པ་གཉིས་པ་ཉིད་གཅིག་ཏུ་སྒྲུབ་པ་ནི་ཡོད་པ་མ་ཡིན་ལ། གལ་ཏེ་དེ་ལྟ་བུ་ཡོད་པ་མཐོང་ན། ཡོད་པའི་དཔེ་དང་གཏན་ཚིགས་བསྟན་པར་གྱིས་ཤིག་

ཅེས་སུན་དབྱུང་བ་སྟེ། བསྟན་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གལ་ཏེ་ཤེས་པའི་རང་བཞིན་ཡིན་ན་ཡང་འདུ་བའི་ཐ་སྙད་དུ་རུང་བ་མ་ཡིན་སྟེ། གཟུགས་ཅན་གྱི་ལུས་མེད་ཅིང་རང་རིག་པར་འདོད་པ་དེ་ལ་འདུ་བར་མི་འཐད་དོ། །རྐྱེན་ཚོགས་པར་ཡང་བརྟགས་པ་ཙམ་དུ་ཟད་པས་

དངོས་པོ་མེད་པའི་ཕྱིར་མི་འགྲུབ་སྟེ། སྔར་ཕྱོགས་ཆ་དྲུག་གིས་དཔྱད་ནས་ནམ་མཁའ་དང་མཚུངས་པ་འདྲའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུས་པས་སོ། །རེག་པས་ན་རེག་པ་སྟེ། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་འདུས་པའམ། དེ་ལས་བྱུང་བའི་སེམས་

ལས་བྱུང་བའི་ཆོས་སོ། །དེ་ཡང་འདུས་པ་མེད་པར་ཡོད་པ་མེད་པ་ཡིན་ནོ། །དེ་ལྟར་མེད་ན་གོ་ཚོར་བ་ཞེས་བྱ་བའི་རྒྱུ་གང་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །ཉོན་མོངས་པ་ནི་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་བ་དང་བྲལ་བར་འདོད་པའི་སྲེད་པས་ནོར་ལ་སོགས་པ་དེ་ལའོ། །

ཅིའི་ཕྱིར་ཞེས་བྱ་བ་ནི་བདེ་བ་མེད་པའོ། །གནོད་པ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མེད་པའོ། །དེ་ལྟར་ན་ནི་ཐར་པའི་དོན་དུ་ཡང་དཀའ་བ་བྱས་པ་ལ་དགོས་པ་མེད་པར་འགྱུར་རོ་ཞེས་དེ་ལྟར་རྟོག་པ་དེའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་ཡིན་ལ།

དེ་དེ་ལྟར་ཡོད་པ་མ་ཡིན་ན་དེ་ཟད་པའི་མཐའ་ནི་ཐར་པ་ཡིན་པས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་མོད་ཀྱིས། འོན་ཀྱང་གནོད་པའི་རྒྱུ་ཡིན་པས། །སྲིད་པ་ཅི་སྟེ་འཇོམས་མི་བྱེད། །ཅེས་བྱ་བ་སྨོས་ཏེ། མངོན་པར་ཞེན་པས་སེད་པའི་སྲེད་པ་བསལ་བ་ཉིད་ཐར་པ་ཡིན་

เล่ม ๑๐๖ · หน้า 80b

ནོ་ཞེས་བསྟན་ཏོ། །འདི་དག་གིས་ནི་གཟེགས་ཟན་ལ་སོགས་པ་ཡང་སུན་ཕྱུང་བ་ན་དེ་རྣམས་འདི་སྐད་དུ་སྨྲ་སྟེ། རྫས་ནི་རྣམ་པ་གཉིས་ཡོད་དེ། མཐོང་བར་བྱ་བ་དང་རེག་པར་བྱ་བའོ། །དབང་པོ་དང་དོན་ཕྲད་པ་ལས་བྱུང་བའི་ཤེས་པ་ནི་མངོན་སུམ་ཞེས་བྱའོ་ཞེས་ཟེར་ན། རྣམ་པར་དཔྱད་པའི་

ཚུལ་གྱིས་རྫས་སམ་ཕྲད་པ་ཡོད་པ་མ་ཡིན་ནོ། །ཡང་གཟུགས་ལ་སོགས་པའི་རྫས་བུམ་པ་ལ་སོགས་པ་དང་འདྲ་བར་མཐོང་བའམ་རེག་ཏུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཀུན་རྫོབ་ཏུ་ཁས་ལེན་པ་སྟེ། དོན་དམ་པར་མཐོང་བའམ་རེག་པ་གང་ཡང་མེད་པའོ། །འདི་

ནི་རྨི་ལམ་དང་སྒྱུ་མ་ལ་དཔེར་བྱས་པའི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་ལྡན་པའི་སེམས་གང་ཡིན་པ་དེ་ལྟ་བུའི་རང་བཞིན་བདག་ཉིད་གང་ལ་ཡོད་པའི་སེམས་ཏེ། རྨི་ལམ་དང་སྒྱུ་མ་དང་འདྲ་བ་དེ་ནི་རང་བཞིན་རྟག་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡང་ཚད་མས་གཞིག་ཅིང་

བཅོམ་ན། མེད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་སེམས་དང་ལྷན་ཅིག་ཡོད་པར་སྣང་ངོ་། །སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དང་ཚོར་བ་དུས་གཅིག་བྱུང་བ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་སེམས་དེས་ཚོར་བ་མི་མཐོང་སྟེ། ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །ཕྱི་ནས་སྐྱེས་པའི་སེམས་ཀྱིས་སྔར་ཚོར་བ་འགགས་མ་ཐག་ཏུ་མྱོང་བ་ཡིན་དུ་ཟིན་ཀྱང་དེ་ནི་དྲན་པ་ཡིན་གྱིས་མྱོང་བ་མ་ཡིན་ནོ། །གཟུགས་ལ་སོགས་པའི་ལྷན་ཅིག་སྐྱེས་པ་ཡང་མཐོང་བའམ་རེག་པ་མེད་ཀྱི། གཟུང་བར་བྱ་བའི་རྒྱུ་ཉིད་ཙམ་དུ་གནས་ཀྱི་སྐད་ཅིག་མ་

འགགས་པ་ན་བྱི་བའི་དུག་བཞིན་དུ་དྲན་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་གཟུགས་ལ་སོགས་པ་ནི་རེ་ཞིག་སེམས་ལས་ཐ་དད་པར་སྣང་བ་ཡིན་ལ། ཚོར་བ་ལ་སོགས་པ་ནི་མ་ཡིན་པས་དེ་སྐད་དུ་སྨྲས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་གིས་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་

ཏེ། རང་གིས་བདག་ཉིད་ལ་མྱོང་བར་མི་བྱེད་དེ། དེ་འགལ་བའི་ཕྱིར་རོ། །གཞན་གྱིས་ཞེས་བྱ་བ་ནི་སེམས་གཞན་གྱིས་སོ། །ཚོར་བ་པོ་ནི་བདག་དང་གང་ཟག་ལ་སོགས་པའོ། །བདག་མེད་པའི་ཚོགས་འདི་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་འདིས་རང་བཞིན་མེད་པའི་ཚོགས་འདི་

เล่ม ๑๐๖ · หน้า 81a

ལའོ། །འདི་ལ་སུ་ཡིས་གནོད་ཅེས་བྱ་བ་ནི་གནོད་པ་དང་། གནོད་པ་བྱེད་པ་པོ་རང་བཞིན་མེད་པས་ཚོར་བ་འདིས་སུ་ལ་གནོད་པར་འགྱུར་ཏེ། གནོད་པར་མི་འགྱུར་རོ། །དེ་ལྟར་ཚོར་བ་དྲན་པ་ཉེ་བར་གཞག་པ་བཤད་ནས། སེམས་དྲན་པ་ཉེ་བར་གཞག་པ་བཤད་

པའི་ཕྱིར་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ལ་ལྷག་པར་དབང་བྱེད་ཅིང་རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པས་ན་དབང་པོ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་སྟེ། དེ་རྣམས་ལ་ཡང་མི་གནས་སོ། །འདིར་འདི་

ནི་རྟག་ཅིང་བརྟན་པ་དང་། གནོད་པར་བྱར་རུང་བས་གཟུགས་ཏེ། སྔོན་པོ་ལ་སོགས་པའོ། །སོགས་པའི་སྒྲས་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་བསྡུ་སྟེ། དེར་ཡང་མི་གནས་སོ། །བར་ནའང་མིན་ཞེས་བྱ་བ་ནི་དབང་པོ་དང་དོན་གཉིས་ཀྱི་བར་ན་ཡང་མེད་པའོ། །དེ་ཡང་

གང་གི་ཕྱིར་ནང་ཞེས་བྱ་བ་ལུས་ཀྱི་ནང་ན་ཡང་མེད་ལ། ལུས་ལས་ཕྱི་རོལ་ནའང་མེད་པའོ། །གཞན་ནའང་མེད་ཅེས་བྱ་བ་ནི་ལུས་ཀྱི་ནང་དང་ཕྱི་རོལ་མ་ཡིན་པ་གཞན་དག་ན་ཡང་ཡོད་པ་མ་ཡིན་པའོ། །ཡུལ་དང་དབང་པོ་གཞན་ལ་མི་གནས་པ་ནི་རུང་ན་ཡིད་ཀྱི་དབང་པོ་ནི་སེམས་ཉིད་ཡིན་ན་

དབང་པོ་ལ་མི་གནས་ཞེས་བྱ་བ་ལ་སོགས་པར་སྨྲར་ཅི་ལྟར་རུང་། ཡིད་དང་སེམས་གཉིས་བློའི་རང་བཞིན་ཅན་ཡིན་པས་ཡིད་ཀྱང་དྲན་པ་ཉེ་བར་གཞག་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དེའི་ཁྱད་པར་ཡང་ཇི་སྐད་དུ་སྨྲས་པ་ཡིན་ཏེ། དེ་ཉིད་ཀྱིས་ན་ལུས་གང་ལ་གང་མེད་ཅེས་

བྱ་བ་ལ་སོགས་པ་སྨོས་ཏེ། འདྲེས་མིན་ཞེས་བྱ་བ་ནི་ལུས་དང་ངོ་། །ཐ་དད་པ་མ་ཡིན་ནས་བྱ་བ་ནི་ལུས་ལས་ལོགས་ཤིག་ན་གཞི་མེད་པར་གནས་པ་ཡང་མ་ཡིན་ནོ། །སེམས་ནི་གཟུགས་མེད་པའི་ཕྱིར་ལ་ལར་སེམས་འདྲེས་ཏེ་ཡང་གནས་ལ། ལུས་ལས་ཐ་དད་པ་ཡང་ཡིན་ནོ་ཞེ་ན་དེའི་ཕྱིར་

ཞེས་བྱ་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ག་ལ་ཡོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་ཤེས་བྱ་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་ཆ་ཤས་མེད་དེ། ཅིག་ཅར་འཇིག་ཅིང་མེད་པའི་ཕྱིར་དང་། ཆ་ཤས་དང་བཅས་ན་ཡང་དངོས་པོ་མེད་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་མ་མེད་པ་

เล่ม ๑๐๖ · หน้า 81b

ཡིན་ནོ། །ཤེས་པ་དང་ཤེས་བྱ་ལྷན་ཅིག་སྲང་གི་མདའ་ལྟར་ཡོད་དུ་ཟིན་ཀྱང་གཅིག་གི་རྒྱུ་གཅིག་མ་ཡིན་པས་ཡང་དག་པར་དེ་གཉི་ག་ཡང་མེད་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཆོས་དྲན་པ་ཉེ་བར་གཞག་པ་བཤད་པ་ཡིན་ཏེ། དེ་ལྟར་

ཇི་སྐད་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་བ་ཡོད་པར་ནི་ཤེས་ཤིང་བསྒྲུབ་ཏུ་མི་རུང་ངོ་། །ཡང་དེའི་ཀུན་རྫོབ་ཏུ་བློ་རང་བཞིན་ཡོད་པར་བཤད་པ་དེ་ཡང་ངེས་པར་བརྟགས་ན་རང་རིག་པ་མ་གྲུབ་པས་དེ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉི་ག་ཡང་དག་པར་ཡོད་པ་མ་

ཡིན་ནོ། །ཡང་ན་ཀུན་རྫོབ་རྒྱུ་གཞན་གྱིས་སམ་ཕྱི་མའི་དབང་གིས་ཀུན་རྫོབ་ཏུ་འགྱུར་ན། ལོགས་སུ་གྲུབ་པའི་ཕྱིར་སེམས་ཅན་རྣམས་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཀུན་རྫོབ་གཞན་པར་བརྟགས་པས་མྱ་ངན་ལས་ག་ལ་འདའ། གླེགས་བམ་ལ་ལ་ལས་ནི། དེ་བས་མྱ་ངན་

འདས་པ་མེད། །ཅེས་ཟེར་རོ། །དེ་ཡང་འོན་ཏེ་ཀུན་རྫོབ་གཞན་ཡིན་པར་འགྲུབ་ན། གཞན་དུ་བྱས་པ་ཡིན་པས་སེམས་ཅན་མྱ་ངན་ལས་འདས་པ་ཡིན་པར་ཡང་མི་འགྱུར་རོ་ཞེས་པ་ཡང་དོན་དེ་ཉིད་ཡིན་ནོ། །དེ་ལྟར་གཞན་གྱིས་བརྒལ་བའི་ལན་བཤད་པའི་ཕྱིར་འདི་ནི་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སེམས་ཀྱི་རྣམ་རྟོག་ཅེས་བྱ་བ་ནི་གཞན་གྱི་འམ་གཞན་པ་སྟེ། གཞན་གྱི་རྒྱུད་དུ་འམ་ཕྱི་མའི་ཚུལ་དུ་སེམས་ཡོད་པར་རྟོག་པའི་ཀུན་རྫོབ་བོ། །སེམས་སྨོས་པ་ནི་བརྡ་སྤྲོད་པ་རྣམས་ཀྱི་རྟོག་པ་པ་ལས་དགར་བའོ། །དེ་ཡང་ཕྱོགས་གཞན་གྱི་སེམས་སུ་

བརྟགས་པ་དེ་ནི་འདིར་གཟུང་བར་མི་བྱ་སྟེ། རབ་ཏུ་བྱེད་པ་འདི་ལ་ནི་སྒྲུབ་པ་སྙིང་པོར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྨོས་པ་ནི་སེམས་དེ་ཡང་རྫུན་པ་ཙམ་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་གཞན་སུ་ཞིག་ཡིན་

ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རང་གི་ཀུན་རྫོབ་ཏུ་མེད་པ་དེ་ནི་དེའི་འོག་ཏུ་རྣམ་པར་དཔྱོད་པ་ཉིད་ཀྱིས་མེད་པ་ཁོ་ནར་ངེས་པ་ཡིན་ལ། སྔར་རྣམ་པར་མ་བཤིག་པའི་མ་བརྟགས་ན་ཉམས་དགའ་བའི་རྣམ་པར་ཡོད་པ་ཡིན་ནོ། །དེ་ཡང་། དེ་ཉིད་ཚོལ་བ་

เล่ม ๑๐๖ · หน้า 82a

ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །མ་བརྟགས་པའི་གོང་དུ་དེ་ཡོད་ན་ཕྱིས་བརྟགས་པས་ཀྱང་རྣམ་པར་བསལ་བར་ནུས་པ་

མ་ཡིན་ཏེ། གཞན་དག་ནས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ་ཞེས་ཟེར་ན། དེའི་ཕྱིར་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་རང་ངམ་གཞན་པའི་ཀུན་རྫོབ་མེད་པ་ཉིད་ཡིན་ནོ། །དེ་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་

རྟོག་པས་རྒྱུ་དང་འབྲས་བུར་བརྟགས་པ་ཡིན་ནོ། །དེ་ལྟར་ན་རྟོག་པས་བརྟགས་པས་གཉིས་པོ་འདི་དག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་ཡིན་ཏེ། བརྟག་པར་བྱ་བ་མེད་པར་ནི་རྟོག་པ་མེད་ལ། དེ་མེད་པར་ནི་བརྟག་པར་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཅི་ལྟར་

རྣམ་པར་དཔྱད་ཅེ་ན། ཇི་ལྟར་གྲགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་དང་ཆོས་ཅན་གཟུགས་ལ་སོགས་པ་ཇི་ལྟར་གྲགས་པ་གང་ཡིན་པ་དེ་ལ་བརྟེན་ནས། དབུ་མ་པ་དེ་ནི་ཡོད་པའི་ཕྱིར་ཡང་དག་པ་མ་ཡིན་

པས་སྒྱུ་མ་དང་འདྲའོ། །ཞེས་བྱ་བ་ལ་སོགས་པ་གྲགས་པར་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་ནོ། །དཔྱོད་པར་བྱེད་པར་ཡང་རྣམ་པར་བྱ་བ་ཉིད་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དཔྱོད་པ་ནི་ཁོ་བོ་ཅག་གིས་དགོས་པའི་

དོན་དུ་ཁས་བླངས་པ་ཡིན་ཏེ། དཔྱད་པར་བྱ་བ་དེ་ཁོ་ན་ཉིད་ལ་སོགས་པ་ལ་རྣམ་པར་དཔྱོད་ཅིང་བརྟག་པ་ན་བརྟག་པའི་གནས་མེད་ལ། གནས་མེད་པ་ཉིད་ཀྱིས་ན་དེ་མི་སྐྱེ་ཞིང་འབྱུང་བར་མི་འགྱུར་ཏེ། རྣམ་པར་དཔྱོད་པ་ཡང་རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། མ་སྐྱེས་པ་དེ་ནི་མྱ་

ངན་ལས་འདས་པར་བཤད་དོ། །ཡང་རྟོག་པ་པོ་དང་བརྟག་པར་བྱ་བ་གཉིས་པོ་འདི་དག་དེ་ཁོ་ན་ཉིད་དམ་བདེན་པར་ཡོད་པའམ་མེད་པར་སྨྲ་བ་དེ་ཉིད་ནི་ཤིན་ཏུ་འགལ་བ་དང་བཅས་པ་ཡིན་པས་སྡུག་བསྔལ་བ་ཡིན་ནོ། །ཅི་ལྟར་དཀའ་བས་གནས་ཤེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་

เล่ม ๑๐๖ · หน้า 82b

ཏེ། རྟོག་པར་བྱེད་པ་ནི་ཤེས་པའོ། །བརྟག་པར་བྱ་བ་ནི་དོན་ཏོ། །དེ་ལྟར་ན་ཤེས་པ་དང་ཤེས་བྱ་མེད་ན་ཤེས་པ་ཡོད་པར་ག་ལ་འགྱུར་ཏེ། འདིས་ནི་རྟོག་དང་བརྟག་པར་བྱ་བ་དག །གཉིས་པོ་ཕན་ཚུན་བརྟེན་པ་ཡིན་ཞེས་གང་བཤད་པ་གསལ་བར་བྱེད་པ་ཡིན་ནོ། །ཕན་ཚུན་

གཅིག་ལ་གཅིག་བརྟེན་དུ་ཟིན་ཀྱང་ཤེས་པ་དང་ཡུལ་དག་ཕ་དང་བུའི་ཚུལ་དུ་ཡོད་ཅེ་ན། དེའི་ཕྱིར་ཕ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕ་དང་བུ་གཉིས་ཕན་ཚུན་ལྟོས་པ་ཡིན་པ་ཉིད་ཀྱིས་ཡང་དག་པར་ན་མེད་ཅིང་མ་གྲུབ་པ་ཡིན་པ་དེ་བཞིན་དུ་ཤེས་པ་དང་དོན་

གཉིས་ཀྱང་བསྐྱེད་པ་པོ་དང་། སྐྱེད་པར་བྱེད་པ་གཉིས་ཀྱི་ཚུལ་དུ་ཕན་ཚུན་ལྟོས་པ་ཉིད་ཡིན་པས་དེས་ན། དེ་གཉིས་མེད་པ་ཡང་དེ་བཞིན་དུ་བལྟའོ། །མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་གི་ཚིག་གོ། །མྱུ་གུ་ལས་གཞན་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། མྱུ་གུ་

ལས་གཞན་པའི་ཤེས་པས་མྱུ་གུ་ཤེས་ནས་ས་བོན་ཡོད་དོ་ཞེས་རྟོག་པར་བྱེད་པ་ཡིན་ན། ཤེས་བྱ་ལ་ཤེས་བྱར་ཤེས་པ་ཉིད་ཀྱང་ག་ལ་ཡོད་དེ། རང་རིག་པ་མེད་པའི་ཕྱིར་ཤེས་པ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་པ་ལས་ས་བོན་ཡོད་དོ་ཞེས་ཀྱང་ཇི་ལྟར་རྟོགས་ཤེ་ན།

དེའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་རྗེས་སུ་དཔག་པ་ལ་སོགས་པ་ལ་ལྟོས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱུ་རྐྱེན་གྱི་ཚོགས་པ་ཇི་ལྟར་སྣང་བའི་ནུས་པ་ལས་དགག་པ་མེད་པ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་པདྨ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེ་སྐད་ཅེས་སྨྲས་པ་དང་། རྒྱུ་མེད་པར་སྨྲ་བ་དག་ན་རེ། པདྨའི་སྡོང་བུ་ལ་སོགས་པ་དེ་ནི་སུ་ཞིག་གིས་བྱས་པ་ཞེས་སྨྲ་བ་ལ། དེའི་ཕྱིར་རྒྱུའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མའི་རྒྱུའི་དབྱེ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་ལས་ལས་སྐྱེས་པའི་འཇིག་རྟེན་

སྣ་ཚོགས་པའི་རབ་ཏུ་དབྱེ་བ་ལས་གྱུར་པ་ཡིན་གྱི། རྒྱུ་མེད་པ་ཉིད་ནི་ཡུལ་དང་དུས་ལ་སོགས་པའི་དབྱེ་བ་མེད་པའི་ཕྱིར་མི་རིགས་སོ། །རྒྱུའི་དབྱེ་བ་ལས་འབྲས་བུའི་དབྱེ་བ་འབྱུང་བ་ཡིན་དུ་ཆུག་ན། རྒྱུས་འབྲས་བུ་བསྐྱེད་པར་ཇི་ལྟར་འགྱུར་ཞེས་རྟོག་ན། ཐམས་ཅད་རྒྱུའི་མཐུ་ལས་

เล่ม ๑๐๖ · หน้า 83a

འབྱུང་། །ཞེས་བྱ་སྟེ། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འབྲས་བུ་སྐྱེ་བའི་ནུས་པའི་མཐུ་གང་ལ་ཡོད་པ་དེ་ལས་འབྱུང་བ་ཡིན་ནོ། །འདིར་དབང་ཕྱུག་རྒྱུར་སྨྲ་བ་དག་ན་རེ་རྒྱུ་དེ་ཡོད་དུ་ཆུག་ན་དེ་ནི་དབང་ཕྱུག་གི་བློ་སྔོན་དུ་བཏང་བ་དེ་ཉིད་ཀྱིས་ལུས་ཅན་དང་

གནས་ལ་སོགས་པ་ཐམས་ཅད་བྱས་པ་ཡིན་ནོ་ཞེས་རྟོག་པས། དེའི་ཕྱིར་འགྲོ་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་དབང་ཕྱུག་གང་ཡིན་སྨྲོས། །ཞེས་བྱ་བ་ནི། དེ་ལྟར་དབང་ཕྱུག་འགྲོ་བའི་རྒྱུ་ཞེས་བྱ་བ་ཡིན་ན། དབང་ཕྱུག་ཉིད་གང་ཡིན་སྨྲོས་ཤིག་ཅེས་དྲི་

བའོ། །གལ་ཏེ་དེ་དག་ན་རེ་འབྱུང་བ་རྣམས་ཡིན་ནོ་ཞེས་ཟེར་ན། དེ་ལྟར་ཡིན་པར་ནི་ཟད་དེ། གང་གི་ཕྱིར་ཁོ་བོ་ཅག་ཀྱང་དེ་རྣམས་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྲས་བུའི་ཚུལ་གྱིས་འགྲོ་བའི་རྒྱུ་ཉིད་དུ་འདོད་པས་དེ་ཡིན་དུ་ནི་ཆུག་ན། དེ་རྣམས་ལ་ཁྱེད་ཀྱིས་དབང་ཕྱུག་ཅེས་

མིང་བཏགས་པ་ཙམ་དུ་ཟད་ན། མིང་ཙམ་ལས་མེད་དུ་ཟིན་ན་ངལ་བས་ཅི་ཞིག་བྱ་སྟེ། ཅིའི་ཕྱིར་ཁྱོད་དེ་ཙམ་དུབ་ཅིང་ཉོན་མོངས་པར་བྱེད། འོན་ཀྱང་ས་ལ་སོགས་པ་འདི་དག་ནི་དུ་མ་ཡིན་པ་དང་། སྐྱེ་བ་དང་འཇིག་པ་དག་གིས་མི་རྟག་པ་ཡིན་པ་དང་། སེམས་མེད་པ་ཡིན་པའི་

ཕྱིར་ལྷ་མ་ཡིན་ཏེ། ལིང་ག་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་འགོམ་པར་བྱ་བ་གང་ཡིན་པ་དང་། མི་གཙང་བ་ཉིད་ཀྱང་ཡིན་ཞིང་། མི་གཙང་བ་དང་འདྲེས་པས་ས་ལ་སོགས་པ་དེ་དག་དབང་ཕྱུག་མ་ཡིན་ཏེ། ཁྱོད་ནི་འདི་ལྟར་གཅིག་པ་ཉིད་དང་རྟག་པ་དང་། བློ་གྲོས་

བཟང་པོ་དང་ལྡན་པ་དང་། ལྷ་ཉིད་ཡིན་པ་དེས་ན། ལིང་ག་ལ་སོགས་པ་དེ་ཡང་འགོམ་པར་བྱ་བ་མ་ཡིན་པར་གཙང་མ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་ཁྱོད་དབང་ཕྱུག་ནམ་མཁའ་ཡིན་པར་འདོད་ན། དེ་ཡང་བྱ་བ་དང་འདོད་པའི་སྤྱོད་པ་དང་བྲལ་བས་དབང་ཕྱུག་མ་ཡིན་ནོ། །

ཉི་མ་དང་ཟླ་བ་མཆོད་པ་བྱེད་པ་ལ་སོགས་པའི་བདག་ཉིད་ཅན་གྱི་བདག་ཉིད་ཀྱང་དབང་ཕྱུག་དེ་མ་ཡིན་ཏེ། དེ་ནི་སྔར། །སོ་དང་སྐྲ་སེན་བདག་མ་ཡིན། ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་དེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་འདོད་ན། དེ་བྱེད་

เล่ม ๑๐๖ · หน้า 83b

པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་ཅི་ཞིག་བརྗོད་དུ་ཡོད་དེ། བསམ་གྱིས་མི་ཁྱབ་པ་དེ་བརྗོད་པའི་ཡུལ་ཇི་ལྟར་ཡིན། གལ་ཏེ་དེ་ལྟར་ཡིན་ན་དེས་ན་དངོས་པོ་ཅི་ཞིག་འབྱིན་ཅིང་སྐྱེད་པར་འདོད། གལ་ཏེ་བདག་ཅེས་བྱ་བ་འབྱིན་པར་འདོད་ན། དེ་ནི་རྟག་ཅིང་བརྟན་པར་ཁྱེད་

སྨྲ་བས་དབང་ཕྱུག་དང་འདྲ་བ་མ་ཡིན་ནོ། །ས་ལ་སོགས་པ་གང་འབྱིན་པ་མ་ཡིན་ཏེ། དབང་ཕྱུག་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་པ་ཡང་འབྱུང་བ་མ་ཡིན་ཏེ། དེ་ནི་ཤེས་པ་ལས་འབྱུང་བ་མ་ཡིན་པའི་ཕྱིར་དང་། ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཤེས་བྱ་

ཡང་རང་གི་རྒྱུ་ཐོག་མ་མེད་པ་ཅན་རང་བཞིན་ཡིན་པའི་ཕྱིར་དེ་ལས་འབྱུང་བར་མི་འདོད་དོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་སྤྲུལ་ཏོ་ཞེ་ན། དགེ་བ་དང་མི་དགེ་བའི་ལས་རྣམས་ལས་བདེ་བ་དང་སྡུག་བསྔལ་སྐྱེས་པ་ཡིན་པའི་ཕྱིར་དང་། ལས་དེ་ཡང་ཐོག་མ་མེད་པའི་དུས་ཅན་ཡིན་

པའི་ཕྱིར་མི་རུང་ངོ་། །དེ་ལྟ་ཡིན་ན་དབང་ཕྱུག་དེས་དངོས་པོ་ཅི་ཞིག་སྤྲུལ་ཞིང་འབྱིན་པར་བྱེད་པ་ཡིན་པ་སྨྲོས་ཤིག །ཡང་གཞན་དག་ན་རེ་ཤེས་པ་ལ་སོགས་པ་ཐོག་མ་མེད་པ་ཉིད་མ་ཡིན་གྱི། དབང་ཕྱུག་ཐོག་མ་མེད་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུའི་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། ཁྱེད་གལ་ཏེ་རྒྱུ་དབང་ཕྱུག་ཐོག་མ་ཡོད་པ་མ་ཡིན་པར་འདོད་ན། འབྲས་བུ་ཡང་ཐོག་མ་མེད་པར་འགྱུར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་རྟག་ཏུ་མི་བྱེད་དེ། དེ་ལྟོས་ནས་ཡང་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱིན་པ་ནི་དེ་དངོས་པོ་

གཞན་ལ་མི་ལྟོས་པ་ཡིན་ན་རྟག་པར་དུས་ཐམས་ཅད་དུ་ཅིའི་ཕྱིར་མི་བྱེད། དེ་མ་བྱས་པའི་དངོས་པོ་ཞིག་ལ་ལྟོས་ནས་རྟག་ཏུ་མི་བྱེད་དོ་ཞེ་ན། དེའི་ཕྱིར་དེ་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མ་བྱས་པའི་དངོས་པོ་ཞིག་ཡོད་ན་ནི་དེ་ལ་ལྟོས་སུ་རུང་ན། ཐམས་ཅད་འདིས་

བྱས་པར་ཁྱེད་འདོད་པ་དང་། ལྟོས་པ་ཡོད་པར་འདོད་པ་ནི་མི་རིགས་སོ། །གལ་ཏེ་འགའ་ཞིག་ལ་ལྟོས་པར་འདོད་ན་ནི་དེའི་ཚེ་ཚོགས་པ་ཉིད་རྒྱུ་ཡིན་གྱི། དབང་ཕྱུག་མ་ཡིན་ནོ། །དེ་ཡང་གལ་ཏེ་ཚོགས་པ་ཡོད་ན་ནི་དབང་ཕྱུག་དེ་མི་བྱེད་ཅིང་བྱ་བ་བཤོལ་བར་ཡང་མི་ནུས་ལ་དེ་མེད་པ་སྟེ།

เล่ม ๑๐๖ · หน้า 84a

ཚོགས་པ་དེ་མེད་ན་ནི་དབང་ཕྱུག་གིས་བྱེད་པ་མེད་དེ། ཚོགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཚོགས་པ་ཡོད་པར་གྱུར་ནས་དབང་ཕྱུག་མི་འདོད་བཞིན་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་དབང་ཕྱུག་དེ་གཞན་གྱི་དབང་དུ་ཐལ་བར་འགྱུར་བས་ཁྱོད་ཀྱི་རང་

དབང་དུ་ཡོད་པར་འདོད་པ་དང་མི་མཐུན་ནོ། །འོན་ཏེ་འདོད་པ་ལ་རག་ལས་པར་བྱེད་དོ་ཞེ་ན། དེའི་ཕྱིར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ཡང་འདོད་པ་ཉིད་ལ་རག་ལས་པར་འགྱུར། དབང་ཕྱུག་དེ་བྱེད་པ་པོ་ཡིན་པར་རྣམ་པ་ཐམས་ཅད་དུ་ག་ལ་ཡོད་དེ་མེད་དོ། །དེས་

ན་རང་དགར་དབང་བྱེད་པ་ག་ལ་ཡིན། གང་ཡང་གཟེགས་ཟན་ལ་སོགས་པ་རྡུལ་ཕྲ་རབ་རྟག་པར་སྨྲ་བ་དག་གིས་འདུ་བ་དང་ཆ་ཤས་སུ་དབྱེ་བ་དག་གི་འབྲས་བུ་སྐྱེད་པར་འདོད་པ་དེ་ཡང་། ཕྱོགས་ཆ་རྣམས་ཀྱང་ཆ་མེད་པ་ཞེས་བྱ་བས་རྣམ་པར་དཔྱད་དེ་བཟློག་པ་ཡིན་ནོ། །དེ་

ལྟར་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པ་བཀག་ནས། འདི་མན་ཆད་གྲངས་ཅན་དག་གཙོ་བོ་ཞེས་བྱ་བ་ནི་རྒྱུ་ཡིན་པར་འདོད་པའི་ཕྱིར་གཙོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་དུ་གནས་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པ་འགྱུར་བ་མེད། དེ་དག་ལ་ནི་གཙོ་བོ་ཞེས་བྱ་ལ།

འགྱུར་བ་ལས་མི་མཉམ་པར་གྱུར་པ་དེའི་ཚེ་ནི་འགྲོ་བ་ཞེས་ཟེར་རོ། །དེ་ལ་དབུ་མ་པས་གཙོ་བོ་ཞེས་བྱ་བ་གཅིག་པུ་ལ་རང་བཞིན་གསུམ་ཡོད་པ་ནི་མི་རིགས་པ་ཡིན་ལ། དེས་ན་གཙོ་བོ་ཞེས་བྱ་བ་དེ་མེད་དོ། །དེ་བཞིན་དུ་ཡོན་ཏན་ཡང་ཡོད་པ་མ་ཡིན་ཏེ། ཡོན་ཏན་གསུམ་པོ་དེ་དག་རེ་རེ་

ཞིང་ཡང་སྙིང་སྟོབས་དང་། རྡུལ་དང་མུན་པ་གསུམ་དང་ལྡན་པར་འགྱུར་རོ། །གསུམ་པོ་དེ་དག་ཀྱང་བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་བདག་ཉིད་ཅན་ཡིན་པར་འདོད་ལ། དེ་དག་ནི་ཕན་ཚུན་འགལ་ཏེ། བདེ་བ་མྱོང་བའི་སྐབས་སུ་ཡང་སྡུག་བསྔལ་མི་མྱོང་བའི་

ཕྱིར། ཡོན་ཏན་མ་གྲུབ་ཅིང་མེད་པ་ཡིན་པས་དེ་དེ་ལས་བྱུང་བའི་སྒྲ་ལ་སོགས་པའི་གཞན་དག་ཡོད་པ་ཉིད་ནི་ཤིན་ཏུ་ཡང་ཐག་རིང་བ་ཡིན་ཏེ། ཚད་མ་གཞན་གྱིས་མི་བཟོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གྲངས་ཅན་དག་གོས་ལ་སོགས་ལས་བྱུང་བའི་བདེ་བ་ཡང་དེའི་འགྱུར་བ་ཡིན་པར་

เล่ม ๑๐๖ · หน้า 84b

འདོད་པ་དེ་ཐམས་ཅད་འདོད་པ་ཡང་མ་ཡིན་པས་མི་རུང་ངོ་། །དེའི་ཕྱིར་སེམས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་མེད་པ་དང་སེམས་ཡོད་པ་དག་ཕན་ཚུན་འགལ་བ་ཡིན་པས་དེ་ནི་མི་སྲིད་དོ། །འོན་ཏེ་བདེ་བ་ལ་སོགས་པ་རྒྱུའི་རང་བཞིན་ནམ་ངོ་བོ་ཉིད་ཡིན་པ་གོས་ལ་

སོགས་པའི་དངོས་པོ་གང་ཡིན་པ་དེ་ནི་རྒྱུའི་རང་བཞིན་དུ་གྱུར་པས་རྒྱུ་ཡིན་ལ། དེའི་འབྲས་བུ་ནི་གོས་ལ་སོགས་པ་ཡིན་པས་དེ་ལ་བདེ་བ་ལ་སོགས་པ་ཡོད་པ་ཡིན་གྱི། གཞན་དུ་ན་དེ་ལས་འབྱུང་བར་མི་འགྱུར་རོ་ཞེ་ན། དངོས་པོ་རྣམས་དཔྱད་མ་ཟིན་ནམ་ཞེས་བྱ་བ་སྨོས་ཏེ། དྲན་

པ་ཉེ་བར་གཞག་པ་རྣམས་ཀྱིས་དེ་མ་གྲུབ་པར་དཔྱད་ཟིན་ཏེ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་ཁྱོད་ཀྱིས་དངོས་པོ་རྣམས་ཀྱི་རྒྱུ་བདེ་བ་ལ་སོགས་པ་ཉིད་ཡིན་པར་འདོད་ན། དེ་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དེ་ལས་ཀྱང་སྣམ་བུ་ལ་སོགས་པའི་དངོས་

པོ་རྣམས་ཀྱང་སྐྱེ་བར་མ་མཐོང་ངོ་། །གཞན་དུ་ན་གོས་ལ་སོགས་པ་ལས་བདེ་བ་ལ་སོགས་པ་འགྱུར་བ་ཡིན་ལ། ཡང་དག་པར་ན་གོས་ལ་སོགས་པ་དེ་མེད་ཅིང་མ་གྲུབ་པས་ན་བདེ་བ་ལ་སོགས་པ་ཡང་མེད་པ་ཡིན་ནོ། །བདེ་བ་ལ་སོགས་པ་ནི་རྟག་པ་ཡིན་པས་ངེས་

པར་ཡོད་དོ་ཞེ་ན། བདེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་རྟག་པ་ཉིད་མ་ཡིན་ནོ། །དུས་ནམ་ཡང་རྙེད་ཅིང་དམིགས་པར་མི་འགྱུར་རོ། །གལ་ཏེ་རྟག་པར་ཡང་ཡོད་མོད་ཀྱི། གལ་ཏེ་དེ་གསལ་བའི་ཚེ་ན་བདེ་བར་སྣང་གི །ནུས་པའི་

ཚུལ་དུ་མི་གསལ་བའི་ཚེ་ན་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་རིག་པའི་མངོན་སུམ་གྱིས་བདེ་བ་ལ་སོགས་པ་ཉིད་ཡོད་དོ་ཞེས་སྨྲ་ན། དེས་བདེ་བ་ལ་སོགས་པ་ཅིའི་ཕྱིར་མི་འཛིན། དེ་ནི་ཕྲ་བ་ཉིད་ཀྱི་ཕྱིར་མི་འཛིན་ནོ་ཞེས་

ཟེར་ན། གལ་ཏེ་རགས་པ་ཡིན་ན་ཕྲ་བར་ཡང་ཇི་ལྟར་འགྱུར་ཏེ། རགས་པ་དང་ཕྲ་བ་གཉིས་ནི་ཕན་ཚུན་འགལ་བ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱི་བདེ་བ་དེས་རགས་པ་སྤངས་ནས་ཕྲ་བར་གྱུར་པ་ཡིན་པས། དེ་ཕྲ་བ་དང་རགས་པའི་གནས་སྐབས་ཐ་དད་པ་ཡིན་གྱི་གནས་ཀྱི་གཞི་

เล่ม ๑๐๖ · หน้า 85a

བདེ་བ་ལ་ནི་ཐ་དད་པ་མེད་དོ་ཞེ་ན། དེའི་ཕྱིར་རགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གནས་སྐབས་མི་རྟག་པ་ཡིན་གྱི་དེའི་གཞི་རྟག་པས་ཐ་དད་དོ་སྙམ་ན། དེའི་ཕྱིར་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་ན་བདེ་བ་ལས་

རགས་པ་དེ་གཞན་མ་ཡིན་པས། བདེ་བ་དེ་མི་རྟག་པ་ཉིད་ཡིན་པར་ཤིན་ཏུ་གསལ་བ་ཡིན་ནོ། །ཡང་གཞན་དག་ན་རེ་བདེ་བ་རགས་པའི་ཟླ་ལ་མི་འཇིགས་ཏེ། ཞིག་ཅིང་མི་རྟག་ན་ཅི་ཡང་མེད་པ་ཡིན་པས་མེད་པ་ལས་མི་སྐྱེའོ་ཞེ་ན། དེའི་ཕྱིར་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་

འདོད་པ་དེ་ནི་མི་རུང་ངོ་། །ཡོད་པར་ཁས་ལེན་པ་རགས་པར་ཡོད་དགོས་ལ། དེ་ནི་གསལ་བར་ཡིན་ཏེ། དེ་ལས་སྐྱེ་བར་འགྱུར་བས་ན་ཁྱེད་རགས་པའི་ཚུལ་དུ་མེད་དོ་ཞེས་ཟེར་ཏེ། གསལ་བར་མི་འདོད་ཀྱང་མེད་ཅིང་མི་གསལ་བ་ལས་མི་སྐྱེའི་ཡོད་པ་ལས་སྐྱེས་པ་ཉིད་ཀྱིས་རགས་པར་

གནས་པར་འགྱུར་རོ། །གལ་ཏེ་འབྲས་བུ་གསལ་བར་རྒྱུ་ལ་གནས་ན་ནི་རྒྱུ་ཟས་ལ་སོགས་པ་ལ་འབྲས་བུ་མི་གསལ་བར་གནས་པས་དེ་ཟ་བ་ནི་མི་གཙང་བ་ཟ་བར་འགྱུར་རོ། །གཞན་ཡང་རྒྱུ་ལ་འབྲས་བུ་གསལ་བར་གནས་ན་ནི་རས་ཀྱི་རིན་གང་ཡིན་པ་དེས་རས་བལ་གྱི་ས་བོན་

ཉོས་ལ་གོས་སུ་བགོ་བར་གྱིས་ཤིག་པའོ། །གལ་ཏེ་རས་བལ་གྱི་ས་བོན་ལས་རས་ཡོད་མོད་ཀྱི། འཇིག་རྟེན་པ་རྣམས་རྨོངས་པས་མ་མཐོང་བར་ཟད་དོ་ཞེས་ཟེར་ན་ནི། དེ་ཁོ་ན་ཉིད་ཤེས་ཤིང་མ་རྨོངས་པ་ལ་ཡང་རྨོངས་པ་དེ་གནས་ཤིང་ཡོད་པ་མ་ཡིན་ཏེ། གལ་ཏེ་མེད་ན་རས་བལ་

གྱི་ས་བོན་གོས་སུ་ཅིའི་ཕྱིར་མི་གྱོན་ཡང་གལ་ཏེ་དེ་ཁོ་ན་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་འཇིག་རྟེན་པ་ལ་ཡང་ཡོད་དོ། །རྒྱུ་དང་འབྲས་བུ་ཡོད་པས་མཐོང་བ་ཉིད་ཡིན་ན་ནི་འཇིག་རྟེན་པ་ཡང་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་ཅིའི་ཕྱིར་དེ་མ་མཐོང་། དེ་བཞིན་དུ་བདེ་བ་ལ་སོགས་པའི་རྒྱུ་

དང་འབྲས་བུས་འཇིག་རྟེན་པ་ཅིའི་ཕྱིར་མ་མཐོང་། འཇིག་རྟེན་པ་རྣམས་ནི་ཚད་མ་དང་ལྡན་པ་མ་ཡིན་པས་རྒྱུ་ལ་འབྲས་བུ་མ་མཐོང་ངོ་ཞེ་ན། དེའི་ཕྱིར་འཇིག་རྟེན་གསལ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་སྒྲ་ལ་སོགས་པ་ཡོད་པར་དོན་གྱི་ཚད་མས་གསལ་བར་

เล่ม ๑๐๖ · หน้า 85b

མཐོང་བ་དང་། འང་ཞེས་བྱ་བའི་སྒྲས་རྗེས་སུ་དཔག་པ་དང་། ལུང་ལ་ཡོད་པ་ཡང་བདེན་པ་མ་ཡིན་ཞིང་མེད་པར་འགྱུར་རོ། །དེ་ཁོ་ན་ཉིད་དུ་སྒྲ་ལ་སོགས་པ་བརྟགས་པའི་དངོས་པོ་རྣམས་ལས་སྟོང་པ་ཉིད་ཡིན་ན་གསལ་བར་མཐོང་བ་གང་ཞིག་ཡོད། དེ་མེད་ན་ཚད་མ་ཡང་ཚད་མ་ཡིན་

པར་འགྱུར་བར་དེའི་ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ནི་ཚད་མ་གཞལ་བ་ཡིན་གྱི་གཞན་དུ་ན་ཇི་ལྟར་ཤེས་པར་འགྱུར། དེ་ཡང་ཚད་མ་དག་ཚད་མ་མ་ཡིན་ཞིང་བརྫུན་ན་ནི་དེས་གཞལ་བའི་སྟོང་པ་ཉིད་ལ་སོགས་པ་ཐམས་ཅད་བརྫུན་པར་འགྱུར་བ་དེ་བས་ན་

དངོས་པོ་རྣམས་ཀྱི་སྟོང་པ་ཉིད་མི་འཐད་པར་འགྱུར་རོ། །གླེགས་བམ་ལ་ལ་ལས་ནི་ཁྱོད་ཀྱིས་འཐད་པ་མ་ཡིན་ནོ་ཞེས་ཟེར་ཏེ། གྲངས་ཅན་ཁྱོད་ཀྱིས་སྟོང་པ་ཉིད་སྨྲ་བར་ཡང་དག་པར་འཐད་ཅིང་རིགས་པ་མ་ཡིན་ཏེ། སངས་རྒྱས་རྣམས་ནི་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པར་འདོད་

པ་རིགས་པ་ཡིན་ནོ། །གང་གི་ཕྱིར་བརྟགས་པའི་དངོས་པོ་རྣམས་ཀྱིས་བཙལ་ཞིང་ཡོངས་སུ་མ་དཔྱད་པར་དེ་མེད་པ་ཉིད་ཅེས་བརྟགས་པའི་དངོས་པོ་མེད་པ་ཉིད་འཛིན་པར་མི་ནུས་ཀྱི། དེའི་རང་བཞིན་སྟོང་པ་ཉིད་དུ་ཤེས་ཤིང་འཛིན་པ་དེ་ལས་དངོས་པོ་རྣམས་བརྫུན་པར་ཤེས་པར་

འགྱུར་རོ། །དེ་བས་ན་བརྟགས་པའི་དངོས་པོ་རྣམས་བརྫུན་པ་མ་ཡིན་པས་དེའི་དངོས་པོ་མེད་པ་ཉིད་ནི་ཤིན་ཏུ་གསལ་བར་བརྫུན་པ་ཡིན་ཏེ། མེད་པ་ནི་ཡོད་པ་ལ་ལྟོས་པ་ཡིན་པས་དངོས་པོ་མ་གྲུབ་པས་ན་དེའི་མེད་པ་ཡང་མི་འགྲུབ་པོ། །གྲངས་ཅན་ལ་དཔེ་བསྟན་པའི་སྒོ་ནས་ཉེ་བར་

བསྡུ་བ་སྨྲས་པ་ནི། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་གྱི་ནང་ན་བུ་སྐྱེས་པ་རྨིས་ལ་རྨི་ལམ་ན་དེ་ཤི་བ་རྨི་ལ་དེའི་མེད་དོ་ཞེས་བྱ་བ་ནི་རྣམ་པར་བརྟགས་པ་ཙམ་ཡིན་པའི་རྟོག་པ་དེས་བུ་ཡོད་པའི་རྟོག་པ་སྐྱེས་པ་གང་ཡིན་པ་དེ་རྗེས་སུ་ཟློག་པར་བྱེད་ཅིང་

འགོག་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་དངོས་པོར་བརྟགས་པ་ཡོད་ན་དེ་མེད་དོ་ཞེས་བྱ་བ་རྣམ་པར་རྟོག་པར་འགྱུར་ཏེ། དེ་ཉིད་ཀྱང་བརྫུན་པ་ཡིན་ནོ། །དེ་ལྟར་རྒྱུ་མེད་པར་སྨྲ་བ་དང་མི་མཐུན་པ་རྒྱུར་སྨྲ་བ་རྣམ་པར་བསལ་ནས། གཞུང་ཉེ་བར་བསྡུ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด