བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་ཙཱརྱཱ་བ་ཏཱ་ར་ཏཱ་ཏ་པརྱ་པཉྫི་ཀ་བི་ཤཻ་ཥ་དྱོ་ཏ་ནི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๖ · หน้า 276b

འགྲོ་མཐོང་བས་མིང་ཙམ་ལ་ངལ་བས་ཅི་བྱ། དོན་ལ་ཁྱད་མེད་པས་སོ། །དུ་མ་རང་བཞིན་སྣ་ཚོགས་པ་མི་རྟག་པ་འཇིག་པའི་ངོ་བོ། །གཡོ་བ་མེད་པས་སེམས་པ་མ་ཡིན་པས་བྱ་བ་དང་བྲལ་བ། མཆོད་པར་བྱ་བ་ལྷ་མ་ཡིན་པ། དེ་བས་བསྒོམ་པར་བྱ་བ་མི་གཙང་བ་བཤང་བ་ལའང་ས་ལ་སོགས་པ་ཡོད་

པས་སོགས་པའི་སྒྲས་ཆུ་དང་མེ་དང་རླུང་འཛིན་ནོ། །དེ་དག་དབང་ཕྱུག་མ་ཡིན་ཏེ། དེ་ཡི་མཚན་ཉིད་མེད་པས་སོ། །དེ་ནི་རྟག་པ་དང་གཅིག་པུ་ཡིན་ནོ། །ས་ལ་སོགས་པ་མ་ཡིན་ན་ནམ་མཁའ་ཡིན་ཞེ་ན། སྨྲས་པ། དབང་ཕྱུག་ནམ་མཁའ་མ་ཡིན་གཡོ་བ་མེད་པའི་ཕྱིར་རོ། །རང་

བཞིན་མེད་པས་བྱ་བ་དང་བྲལ་བས་སོ། །འོ་ན་བདག་ཡིན་མོད་ཅེ་ན། མ་ཡིན་ཏེ་སྔར་བཀག་ཟིན་པའི་ཕྱིར། ཐ་མལ་པས་བསམ་པར་བྱ་བ་མ་ཡིན་པ་དབང་ཕྱུག་ཡིན་ན། བསམ་པར་བྱ་བའི་ལམ་ལས་འདས་པའི་བྱ་བ་ཉིད་ཀྱང་བསམ་པར་བྱ་བ་མ་ཡིན་པས། དེ་བརྗོད་པ་མི་

རིགས་པས་བརྗོད་པས་ཅི་ཞིག་བྱ། གལ་ཏེ་དེ་མཚོན་པ་བཀག་ན་ཡང་དེའི་བྱ་བ་སྐྱེ་བ་ཐམས་ཅད་ཀྱིས་ཤེས་པས་བསམ་པར་བྱ་བ་ཡིན་ཞེ་ན། སྨྲས་པ། དེས་བསྐྱེད་པར་འདོད་པ་གང་ཡིན། གལ་ཏེ་བདག་ཡིན་ན་དེ་རྟག་པ་ཡིན་པས། དེ་ཇི་ལྟར་བསྐྱེད། ས་ཆུ་མེ་རླུང་ནམ་

མཁའ་དུས་ཕྱོགས་ཡིད་སོགས་པའི་སྒྲས་འཛིན་ཏོ། །དེ་དག་ཀྱང་རྟག་པ་ཡིན་པས་དེས་མི་སྐྱེད་དོ། །དབང་ཕྱུག་ཅེས་བྱ་བའི་བདག་ཉིད་ཀྱང་དེས་མི་སྐྱེད་དེ། རྟག་པ་ཉིད་ཀྱི་ཕྱིར་རོ། །ཤེས་པ་ཡང་དེས་མི་སྐྱེད་དེ། ཤེས་བྱ་ལས་འབྱུང་བ་དང་། འཁོར་བ་ཐོག་མ་མེད་པ་ནས་

ཤེས་བྱ་ལ་དམིགས་ནས་སྐྱེ་བས་དེ་ལས་མི་སྐྱེའོ། །བདེ་བ་དང་སྡུག་བསྔལ་འདི་ལས་མི་འབྱུང་སྟེ། དགེ་བ་དང་མི་དགེ་བ་ལས་སོ། །དེ་ལ་ཡང་དེའི་བྱ་བ་མེད་དོ། །ད་ནི་དབང་ཕྱུག་ཆེན་པོས་ཅི་བྱས། ད་ནི་ཐུན་མོང་གི་སྐྱོན་བཤད་དེ། འགྲོ་བའི་

རྒྱུ་རྟག་པའམ་མི་རྟག་པའང་དེ་ལ་རྟག་པ་ཡིན་ན་རྒྱུ་ལ་ཐོག་མ་མེད་པས། འབྲས་བུ་ཐོག་མ་ག་ལ་འབྱུང་། དེས་སྐྱེད་ཅིག །རྟག་ཏུ་འཇུག་པས་ཐོག་མ་མེད་པས་དེས་དབང་ཕྱུག་གིས་བྱས་པར་མི་འགྲུབ་པོ། །རྟག་ཏུ་ནུས་ཤིང་གནས་པ་རྒྱུ་ཡོད་ན་འབྲས་བུ་ཡང་རྟག་ཏུ་འབྱུང་ངོ་། །ཅི་སྟེ་འབྲས་

เล่ม ๑๐๖ · หน้า 277a

བུ་ཐམས་ཅད་རྟག་ཏུ་མི་བྱེད་བསྐལ་པའི་དུས་སུ་ཡང་ཡོད། དེ་ལྟར་གནས་པ་དང་བསྡུས་པ་ཡང་བརྗོད་པར་བྱའོ། །རྐྱེན་མེད་པས་མི་བྱེད་ཅེ་ན། མ་ཡིན་ཏེ་དེ་ནི་གཞན་ལ་ལྟོས་པ་མ་ཡིན། ནུས་པའི་ཕྱིར་དང་རྟག་པ་ལ་རྐྱེན་གྱིས་ཁྱད་པར་སྐྱེད་མི་ནུས་པས་སོ། །ཁྱད་པར་

དེ་ལས་ཐ་མི་དད་པ་སྐྱེ་ན། དེ་ཡང་སྐྱེ་བར་འགྱུར་རོ། །ཐ་དད་པ་ན་ཁྱད་པར་ཁོ་ན་ལས་འབྲས་བུ་སྐྱེ་བས། དེ་རྒྱུ་མ་ཡིན་པར་འགྱུར་རོ། །དེའི་ཁྱད་པར་ཡིན་ན་དེ་དང་ཅིས་འབྲེལ། འབྲེལ་པ་གསུམ་པས་སོ་ཞེ་ན། དེ་ཡང་དེ་དག་ལ་ཅིས་འབྲེལ་ཞེས་འབྲེལ་པ་བསམས་ན་ཐུག་པ་མེད་

པར་འགྱུར་རོ། །རྐྱེན་ལ་ལྟོས་པ་ཡོད་ཀྱང་དེའི་ཚེ་ཚོགས་པ་ཡང་དེས་བྱེད་པས་མེད་པ་མི་སྲིད་དེ་དབང་ཕྱུག་གིས་མ་བྱས་པ་མེད་པ་མི་སྲིད་པའི་ཕྱིར་རོ། །དེས་ན་བྱེད་པ་པོ་རྟག་པ་ཅི་ལ་ལྟོས། ཉེར་ལེན་གྱི་རྒྱུ་ལྷན་ཅིག་བྱེད་པའི་རྐྱེན་ཚད་མའི་རྒྱུ་སྟེ་གསུམ་ལས་དབང་ཕྱུག་ཚད་མའི་རྒྱུ་ཡིན་པས་

རྐྱེན་ལ་ལྟོས་པ་མི་འགལ་ཞེ་ན། སྨྲས་པ། གལ་ཏེ་ཚོགས་པ་ལ་ལྟོས་ན་དབང་ཕྱུག་རྒྱུར་མི་འགྱུར། དེའི་ཚེ་ཐག་པ་ལ་སོགས་པའི་ཚོགས་པ་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །དེ་ལས་མི་འབྱུང་བས་སོ། །གཞན་ཡང་ཚོགས་པ་ཡོད་པ་ནི་མི་སྐྱེད་པར་མི་ནུས་པ་དང་། ཚོགས་པ་མེད་

ན་བྱེད་མི་ནུས་པའི་ཕྱིར་རོ། །གཞན་ཡང་ཚོགས་པ་ཡོད་ནས་བྱེད་ཀྱང་། རང་ཉིད་འདོད་བཞིན་དུ་སྐྱེད་དམ་མི་འདོད་བཞིན་དུ་སྐྱེད། དེ་ལ་གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་བྱེད་ན། དེའི་ཚེ་གཞན་དབང་དུ་འགྱུར་རོ། །གལ་ཏེ་འདོད་བཞིན་དུ་བསྐྱེད་ན་དེའི་ཚེ་འདོད་པའི་དབང་དུ་འགྱུར་རོ། །

དེ་ལྟར་གཞན་ལ་ལྟོས་ནས་སྐྱེད་པས་དབང་ཕྱུག་ཏུ་མི་འགྱུར་རོ། །དེས་འགྲོ་བ་སྣ་ཚོགས་པ་དབང་ཕྱུག་གི་བྱ་བ་མ་ཡིན་པར་གྲུབ་པོ། །དེ་ལྟར་རྡུལ་ཕྲན་རྟག་པའི་རང་བཞིན་རྡུལ་ཕྲན་གཉིས་པ་ལ་སོགས་པའི་རིམ་པས་ས་གཞི་དང་། རི་ལ་སོགས་པ་ཡིན་ཞེ་ན། སྨྲས་པ། སྤྱོད་པ་ལ་སོགས་

པ་གང་དག་འགྲོ་བ་སྣ་ཚོགས་པའི་རྒྱུ་རྡུལ་ཕྲ་རབ་རྟག་པར་སྨྲ། དེ་སྔར་ཆ་རྡུལ་དུ་ཕྱེ་བས་ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་ནོ། །དེ་བས་རྡུལ་ཕྲན་རྟག་པའི་རང་བཞིན་ཀྱང་འགྲོ་བ་མ་ཡིན་ནོ། །ད་ནི་རང་བཞིན་ཡོངས་སུ་གྱུར་པའི་ཚུལ་དགག་པར་བཤད་དེ། བསྟན་པ་དང་གཡོ་བའི་རྒྱུ་གཙོ་བོ་ཡིན་པར་གྲངས་

เล่ม ๑๐๖ · หน้า 277b

ཅན་གྱིས་འདོད་དོ། །དེའང་གང་ཞེ་ན། སྙིང་སྟོབས་རྡུལ་དང་མུན་པ་ཞེས་ཡོན་ཏན་གསུམ་མཉམ་པར་གནས་པ་གཙོ་བོ་ཞེས་བརྗོད་དོ། །སྙིང་སྟོབས་ལ་སོགས་པ་མི་མཉམ་ན་འགྲོ་བར་བརྗོད་དོ། །གང་གི་ཚེ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པས་དེའི་ཚེ་གཙོ་བོ་སྐྱེས་བུ་དང་འབྱོར་རོ། །སླར་

ཡང་སྒྲ་ལ་སོགས་པ་ཉིད་དུ་ཡོངས་སུ་འགྱུར་རོ། །རིམ་པ་ནི་གཙོ་བོ་ལས་བློ་སྟེ། དེ་ལས་ང་རྒྱལ་དེ་ལས་ཕྱོགས་བཅུ་དྲུག་དབང་པོ་ལྔ་སྟེ། རྣ་བ། རེག་པ། མིག །ལྕེ། སྣའོ། །ལས་ཀྱི་དབང་པོ་ལྔ་ནི་ངག་དང་། ལག་པ་དང་། རྐང་པ་དང་། བཤང་ལམ་དང་། དབང་པོའོ། །ཡིད་ཅེས་པ་

དང་བཅུ་གཅིག་གོ། །དེ་ཙམ་ལྔ་སྟེ་སྒྲ་དང་། རེག་པ་དང་། གཟུགས་དང་། རོ་དང་དྲིའོ། །སྒྲ་ལ་སོགས་པ་ལྔ་ལས་ནམ་མཁའ་དང་། རླུང་མེ་ཆུ་ས་རྣམས་སོ། །གཙོ་བོ་ནི་རྒྱུ་ཉིད་ཡིན་ལ་འབྲས་བུ་མིན་ནོ། །བློ་དང་ང་རྒྱལ་དང་སྒྲ་ལ་སོགས་པ་ལྔ་ནི་འབྲས་བུའང་ཡིན་ལ་རྒྱུའང་ཡིན་ནོ། །དབང་

པོ་བཅུ་གཅིག་དང་། ནམ་མཁའ་ལ་སོགས་པ་འབྲས་བུ་ཁོ་ན་ཡིན་ཏེ་རྒྱུ་མ་ཡིན་ནོ། །སྐྱེས་བུ་ནི་འབྲས་བུའང་མིན་ལ་རྒྱུའང་མ་ཡིན་ནོ། །གང་གི་ཕྱིར་བཤད་པ། བྱ་བའི་རང་བཞིན་འགྱུར་བ་མེད། །ཆེ་སོགས་རང་བཞིན་འགྱུར་བ་བདུན། །རྣམ་འགྱུར་རྣམ་པ་བཅུ་དྲུག་སྟེ། །

།སྐྱེས་བུ་གཙོ་མིན་འགྱུར་བ་མིན། །ཞེས་སོ། །དེ་ནི་རྟེན་མེད་པའི་རི་མོ་ལྟར་ཤེས་ནས་ལན་འདེབས་པ་པོས་བཤད་དེ། གཅིག་ལ་སོགས་པའོ། །གཙོ་བོ་གཅིག་པུ་ལ་སྙིང་སྟོབས་རྡུལ་མུན་པའི་དབྱེ་བས་རང་བཞིན་གསུམ་མི་རིགས་པས་གཙོ་བོ་མེད་དོ། །དེ་བས་དེའི་འབྲས་བུ་

ཐམས་ཅད་ཀྱང་མེད་དོ། །རེ་ཞིག་ཡོན་ཏན་ནི་ཡོད་ཅེ་ན། སྨྲས་པ། དེ་ལྟར་གཙོ་བོ་བཞིན་དུ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་ཡང་མེད་དོ། །གང་གི་ཕྱིར་དེ་དག་རེ་རེ་ཡོན་ཏན་གསུམ་པ་ཡིན། འགྲོ་བ་ཡོན་ཏན་གསུམ་གྱི་རང་བཞིན་ཞེས་གྲུབ་མཐའ་ཡིན་པས་སོ། །རེ་རེ་ཡང་ཡོན་

ཏན་གསུམ་པ་ཡིན་པས་རང་བཞིན་གཅིག་པ་མ་ཡིན་པས་སོ། །སྙིང་སྟོབས་ལ་སོགས་པ་ཡོན་ཏན་མེད་ན། དཔྱད་པས་དེས་བསྐྱེད་པའི་སྒྲ་ལ་སོགས་པ་ཡང་གནས་པ་རིང་དུ་འགྱུར་རོ། །རྒྱུ་མེད་འབྲས་བུ་མི་སྲིད་པས་སོ། །གང་བཤད་པ། །རྟག་ཏུ་བདེ་སོགས་སེམས་པ་མིན། །འདི་ནི་གསལ་བར་

เล่ม ๑๐๖ · หน้า 278a

ཡང་དག་མཐོང་། །དད་དང་གདུང་བཀྲེན་པ་ལ་སོགས། །ཚུལ་དུ་འདིར་ནི་དམིགས་པས་སོ། །དེའང་མི་རིགས་པར་བཤད་དེ། སེམས་པ་མེད་པ་བེམས་པོ་གོས་ལ་སོགས་པ་ལ། བདེ་བ་ལ་སོགས་པ་སེམས་ཀྱི་རང་བཞིན་དེའི་བདག་ཉིད་དུ་མི་སྲིད། གང་གི་ཕྱིར་

སྙིང་སྟོབས་རྡུལ་མུན་པ་ཁོ་ན་བདེ་བ་དང་སྡུག་བསྔལ་དེ་རྨོངས་པའོ། །ཡོན་ཏན་དེ་དག་སེམས་བྱུང་ཡིན་པས་གོས་ལ་སོགས་པར་མེད། །ཇི་ལྟར་དེ་ལ་བདེ་བ་ལ་སོགས་པ་འབྱུང་། བདེ་བ་ལ་སོགས་པའི་རང་བཞིན་ཡིན་པས་གོས་ལ་སོགས་པ་བདེ་བ་ལ་སོགས་པའི་ངོ་བོ་མ་ཡིན་འོན་

ཀྱང་བདེ་བ་ལ་སོགས་པ་དེ་ལས་སྐྱེ་བས་ཤེ་ན། སྨྲས་པ། བདེ་བ་ལ་སོགས་པ་དེའི་རྒྱུ་གོས་ལ་སོགས་པའི་དངོས་པོ་རྣམས་ཀྱང་དཔྱད་དེ། དེ་དག་ཡན་ལག་ཅན་ཡང་མ་ཡིན། རྡུལ་ཕྲན་གྱི་རང་བཞིན་ཡང་མ་ཡིན། ཡོན་ཏན་གསུམ་པ་ཡང་མ་ཡིན་པར་དཔྱད་པའི་ཕྱིར་རོ། །སྣང་བ་

རྣམས་ཀྱང་རང་བཞིན་མེད་པའི་ཕྱིར་རོ། །གསལ་བ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ན། གོས་ལ་སོགས་པ་ཁོ་ན་བདེ་བ་ལ་སོགས་པས་བསྐྱེད་པར་འགྱུར་ཞེས་བཤད་དེ། ཁྱོད་ཀྱི་ལ་སོགས་པའོ། །དེ་ལྟར་ཡིན་ཀྱང་དེ་ལ་གོས་ལ་སོགས་པ་དང་། སོགས་པའི་སྒྲས་ཙནྡན་ལ་སོགས་

པ་དེ་ལས་འབྱུང་བ་མེད་དོ། །གོས་སོགས་ལ་བདེ་སོགས་ཀྱང་འབྱུང་སྟེ། གོས་སོགས་ལ་བདེ་སོགས་ཀྱང་མེད། དེའི་རྗེས་འགྲོ་དང་ལྡོག་པའི་རྗེས་སུ་འབྲང་བས་བདེ་བ་ལ་སོགས་པ་ནི་དེའི་འབྲས་བུ་ཡིན་ནོ། །སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་ཡིན་པས། གང་བདེ་བ་ལ་སོགས་

པ་རྟག་པར་འདོད་པ་དེའང་རྟག་པ་མ་ཡིན་པར་བཤད་དེ། བདེ་བ་དང་སྡུག་བསྔལ་བ་དང་རྨོངས་པ་རྟག་པ་ནམ་ཡང་མི་དམིགས་སོ། །ཡོན་ཏན་རྣམས་མེད་པའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་རྟག་པ་ཡིན་ན་དེའི་ཚེ་རྟག་ཏུ་དམིགས་པར་འགྱུར་ཞེས་བཤད་དེ། བདེ་སོགས་ལ་སོགས་པའོ། །

དེའི་རང་བཞིན་མ་སྤངས་པའི་ཕྱིར་རོ། །གལ་ཏེ་མི་གསལ་བའི་ཚུལ་གྱིས་ནུབ་པས་མི་མཐོང་ཞེ་ན། སྨྲས་པ། བདེ་བ་ལ་སོགས་པ་གསལ་བ་ཉིད་ལན་ཅིག་ཏུ་གྱུར་ན་རྟག་པ་ཡིན་པས་བདེ་བ་མྱོང་བ་རྟག་ཏུ་ཅི་སྟེ་མི་འགྱུར། གལ་ཏེ་དེ་ཉིད་གསལ་བར་གྱུར་ལ་མི་དམིགས་པའི་ཚེ། ཕྲ་བར་འགྲོ་

เล่ม ๑๐๖ · หน้า 278b

སྟེ་ཉིན་མོ་སྐར་མ་བཞིན་ནོ། །དེ་ནི་མི་བདེན་ཏེ་གང་གི་ཕྱིར་རགས་པའི་རང་བཞིན་ཁོ་ན་ཕྲ་ཞིང་མི་གསལ་བར་ག་ལ་འགྱུར། རྟག་པའི་ཕྱིར་རོ། །གཅིག་ལ་ཚུལ་དུ་མི་རིགས་སོ། །རགས་པ་གསལ་བའི་དངོས་པོ་དོར་ནས་ཕྲ་བ་མི་གསལ་བའི་ཚུལ་དུ་གྱུར་ན། འོ་ན་རགས་པ་དང་ཕྲ་བ་མི་

རྟག་པའི་ཚུལ་དུ་འགྱུར། སྐྱེ་བ་དང་འགགས་པས་སོ། །མི་རྟག་པས་ཅི་སྟེ་ཞེ་ན། སྨྲས་པ། དེ་ཙམ་ཉི་ཤུ་ལྔ་ཐམས་ཅད་རགས་པ་དང་། ཕྲ་བ་བཞིན་དུ་མི་རྟག་པར་ཅི་སྟེ་མི་འདོད། གཞན་ཡང་རགས་པ་འདི་བདེ་བ་ལ་སོགས་པ་ལས་ཐ་དད་དམ་མི་དད། གལ་ཏེ་ཐ་དད་ན་དེའི་ཚེ་དེ་ལོག་ན་

སྔར་བཞིན་དུ་བདེ་བ་མྱོང་བར་འགྱུར། གོས་ལོག་ན་བུམ་པ་མི་དམིགས་པ་མེད་པ་བཞིན་ནོ། །གལ་ཏེ་ཐ་མི་དད་ན་དེ་ལ་བཤད་དེ། རགས་པ་བདེ་བ་ལས་གཞན་མ་ཡིན་ན། དེའི་ཚེ་བདེ་བ་ཁོ་ན་ཡིན་པས་བདེ་བ་ལ་གསལ་བར་མི་རྟག་པ་ཉིད། རགས་པ་ལོག་ནས་བདེ་བ་ཡང་ལྡོག་པའི་ཕྱིར་

རོ། །གལ་ཏེ་ཐམས་ཅད་དུ་འགག་ན་བདེ་བ་སླར་མི་སྐྱེ་བ་ཉིད། གཏན་ནས་མེད་པ་ནམ་མཁའ་ལྟར་སྐྱེ་བ་མི་རིགས་པས་སོ། །གལ་ཏེ་མེད་པ་འགའ་ཡང་མི་སྐྱེ་ན་གང་རྣམ་པ་ཐམས་ཅད་དུ་མེད་པ་དེ་མི་སྐྱེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །གཞན་ཡང་ནི་དེ་ལྟ་སྟེ། ཅིའི་ཕྱིར་མེད་

པས་སོ་ཞེས་འདོད་ན་འདིར་བཤད་དེ། སྔར་མི་གསལ་བའི་གནས་སྐབས་སུ་གསལ་བ་མེད། ཕྱིས་གསལ་བར་སྐྱེ་བ་ཁྱོད་མི་འདོད་ཀྱང་གནས། གཞན་དུ་ན། སྔར་ཡང་དམིགས་པར་འགྱུར་རོ། །སྐྱོན་གཞན་ཡང་ཡོད་དེ། འབྲས་བུ་རྒྱུ་ལ་ཡོད་པ་ན་ཟན་ཟ་བ་ཡང་མི་གཙང་བ་ཟ་

བར་འགྱུར། ཟན་གྱི་འབྲས་བུ་མི་གཙང་བ་ཟན་གྱི་གནས་སྐབས་སུ་ཡང་ཡོད་པས་སོ། །གཞན་ཡང་རས་བལ་གྱི་ས་བོན་ལ་སྐྱེ་བར་འགྱུར་བའི་གོས་ཡོད་པས། གོས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་གྱོན་ཅིག །གལ་ཏེ་མུན་པའི་ངོ་བོ་མི་རིགས་པས་རྒྱུ་ལ་འབྲས་བུ་

འཇིག་རྟེན་གྱིས་མ་མཐོང་ཞེ་ན། འོ་ན་དེ་ཉིད་ཤེས་ཀྱི་དེ་མཐོང་བར་འགྱུར། དེ་ནི་མེད་དེ། གྲངས་དེ་ཉིད་ཤེས་པའི་ཡང་འཇིག་རྟེན་བཞིན་དུ་འདི་ནི་ཐ་སྙད་ཡོད། དེའང་ཟན་ཟ་བ་མཐོང་གོས་འདོད་ཀྱང་རས་བལ་གྱི་ས་བོན་མི་ཉོའོ། །རྒྱུ་ལ་འབྲས་བུ་ཡོད་པ་གང་གིས་རྟོགས། །ཤེས་

เล่ม ๑๐๖ · หน้า 279a

པ་དེ་ཐ་སྙད་པའི་སྐྱེ་བོ་ལ་ཡང་ཡོད་པས། དེ་ཉིད་ཤེས་པ་བཞིན་དུ་འཇིག་རྟེན་པས་ཅི་སྟེ་མི་མཐོང་། འཇིག་རྟེན་གྱིས་མཐོང་བ་ཚད་མ་མ་ཡིན་ཞེ་ན། ལན་འདེབས་པ་པོས་གལ་ཏེ་འཇིག་རྟེན་ཚང་མ་མ་ཡིན་ན་དེའི་ཚེ། དེས་གསལ་བར་མཐོང་བ་ཡང་བདེན་པ་མ་ཡིན་

འདི་ནི་དབུ་མ་པས་འདོད་པ་ཉིད་དོ། །ཕ་རོལ་པོས་འདི་སྨྲས་ཏེ། གལ་ཏེ་ཚད་མ་དོན་དམ་པར་ཚད་མ་མ་ཡིན་ན། དེས་གཞལ་བ་བརྫུན་པར་མི་འགྱུར་རམ་དེས་ཅི་སྟེ་ཞེ་ན། དོན་དམ་པར་རང་བཞིན་མེད་པ་སྟོང་པ་ཉིད་ཚད་མ་ངེས་པ་གང་ཡིན་པ་དེའང་མེད་པར་འགྱུར་རོ། །ལན་བཤད་

དེ། རྟོག་པས་བརྟགས་པའི་དངོས་པོ་མ་བརྟགས་པས་དེ་དངོས་མེད་འཛིན་པ་མ་ཡིན། ས་ཕྱོགས་ལ་བརྟགས་པའི་བུམ་པ་མེད་པར་རྟོགས་སོ། །འཇིག་རྟེན་ལ་གྲགས་པའི་དཔྱད་པས། དེར་བུམ་པའི་གཟུགས་གང་ཡང་མེད་དོ། །དེ་བས་བརྟགས་པའི་དངོས་པོ་མ་གྲུབ་པས་མེད་

པའོ། །དེ་ཕྱིར་བརྫུན་པའི་དངོས་པོ་གང་ཡིན་པ་དེ་མེད་པ་གསལ་བར་བརྫུན། དེ་ལྟར་དངོས་དང་དངོས་མིན་བརྟགས་པ་ཡིན་པས། རང་བཞིན་མེད་པ་ཁོ་ན་གནས་པར་འགྱུར་རོ། །དེ་ཉིད་གསལ་བར་བྱེད་དེ་དེ་བས་རྨི་ལམ་དུ་གནས་པའི་བུ་སྐྱེས་ནས་འཆི་ན་དེ་མེད་རྨི་བའི་རྟོག་པས་

བུ་དེ་ཡོད་པར་རྟོག་པ་འགོག་པར་བྱེད་དོ། །ཡོད་པའི་རྟོག་པ་འགོག་པར་བྱེད་ཀྱང་དེ་བརྫུན་ཡིན་བུ་དེ་རྨི་ལམ་དུ་མ་སྐྱེས་པ་དང་། མ་འགགས་པའི་ཕྱིར་རོ། །ཡང་ན་བུ་བདེན་ལ་རྨི་ལམ་དུ་ཤི་བ་ལ་འདི་སྦྱར་བར་བྱའོ། །དེ་ལྟར་ཆོས་རྣམས་སྐྱེ་བ་དང་འགག་པའོ། །འདི་ཚད་མ་མ་ཡིན་ཀྱང་རང་

བཞིན་མེད་པ་ལ་སྐྱོན་མེད་དོ། །དེ་ལྟར་རྒྱུ་མེད་པ་དང་རྒྱུ་མི་མཉམ་པ་བསལ་ནས་ཉེ་བར་བསྡུས་ཏེ། གང་གི་ཕྱིར་རང་བཞིན་ལས་འབྲས་བུ་མི་འབྱུང་། དེ་བས་དེ་མ་ཐག་པའི་དཔྱད་པས་འགའ་འང་རྒྱུ་མེད་ཡོད་མ་ཡིན། སྐྱེས་བུ་དང་དུས་ལ་སོགས་པས་བྱས་པ་ཡང་མེད་པར་ཤེས་པར་བྱའོ། །

དེས་རྒྱུ་མེད་པ་ལ་མ་ཡིན་པར་གྲུབ་པོ། །འོ་ན་རང་བཞིན་དང་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ལས་མི་སྐྱེ་ན་ཡང་། འདོད་པའི་རྒྱུ་ལས་དོན་དམ་པར་སྐྱེ་བས་ཇི་ལྟར་རང་བཞིན་མེད་ཅེ་ན། འདིར་རང་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་ཞེས་མཐའ་གསུམ་བསྒྲུབ་པར་བཤད་དེ།

เล่ม ๑๐๖ · หน้า 279b

སོ་སོ་ལ་སོགས་པའོ། །དེ་ལ་རང་ངམ་གཞན་སོ་སོ་རེ་རེ་ལ་མ་ཡིན། གཉིས་འདུས་པ་ལ་ཡང་མ་ཡིན། རྐྱེན་རྣམས་ལས་སྐྱེ་བའི་ཚུལ་དུ་གནས་པ་མ་ཡིན་ནོ། །དེ་ལ་རེ་ཞིག་རང་ལས་དངོས་པོ་མི་སྐྱེ་སྟེ། སྐྱེ་བའི་སྔོན་དུ་དངོས་པོ་མེད་པའི་ཕྱིར་གང་ལས་སྐྱེ། སྐྱེས་ནའང་རྫོགས་པའི་ཕྱིར་ཅི་

སྐྱེ། གཞན་ཡང་ཁོ་ན་ལས་སྐྱེ་ན་སྐྱེས་པ་ཉིད་སླར་སྐྱེ་བར་འགྱུར་ཏེ། དེ་ནི་མི་རིགས་བྱས་པ་བྱེད་པ་མི་སྲིད་པས་སོ། །ཡང་ན་ས་བོན་ལ་ས་བོན་ཁོ་ན་འབྱུང་གི་མྱུ་གུ་ནམ་ཡང་མི་སྐྱེའོ། །ས་བོན་དང་མྱུ་གུ་ངོ་བོ་གཅིག་པ་ཡང་མ་ཡིན་ནོ། །རང་གི་དངོས་པོ་བསྐྱེད་ན་གང་ཡང་སྐྱེ་བར་མི་

འགྱུར། ཕན་ཚུན་དུ་བརྟེན་པའི་ཕྱིར་རོ། །རང་བཞིན་ཡོད་ན་སྐྱེ། སྐྱེས་ནས་རང་བཞིན་ནོ། །གཞན་ལས་མ་ཡིན་ཏེ། སཱ་ལུའི་ས་བོན་ལས་སྲན་མའི་མྱུ་གུ་སྐྱེ་བར་ཐལ་ལོ། །གཞན་ཉིད་དུ་ཁྱད་མེད་པས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ནུས་པ་ངེས་པ་

ཅན་ཡིན་པས་སྐྱོན་མེད་ཅེ་ན། མ་ཡིན་ཏེ། འབྲས་བུ་མ་སྐྱེས་པའི་ཚེ་སུའི་ནུས་པ། འབྲས་བུ་སྐྱེས་ནས་རྒྱུ་མེད་པས་སུ་ལ་ནུས་པ། དུས་མི་མཉམ་པས་བསྐྱེད་བྱ་དང་། སྐྱེད་བྱེད་ཀྱི་ངེས་པ་ཡང་མེད་དོ། །རྒྱུན་གཅིག་གིས་ངེས་པའང་མི་རིགས་ཏེ་རྒྱུན་མེད་པ་ཁོ་ནས་སོ། །གཉི་ག་ལ་

ཡང་མ་ཡིན་ཏེ། སོ་སོ་ལ་བཀོད་པའི་སྐྱོན་རྣམས་འདིར་འབྱུང་བར་ཐལ་བས་སོ། །སོ་སོར་མི་ནུས་ན་བསྡུས་ཀྱང་མི་ནུས་པས་སོ། །ལོང་བ་བརྒྱ་ཐམ་པས་ཡང་མི་མཐོང་བས་སོ། །བྱེ་མ་གཅིག་གིས་སྣུམ་འབྱིན་མི་ནུས་པ་ལྟར་མང་པོ་བསྡུས་ཀྱང་མི་ནུས་པ་བཞིན་ནོ། །དངོས་པོ་རྣམས་

འཇིག་རྟེན་འདས་པ་ལས་ད་ལྟར་བ། ད་ལྟར་བ་ལས། མ་འོངས་པར་འགྲོ་ཞེས་དུས་གསུམ་སྨྲ་བ་རྟོགས་ནས་བཤད་དེ། དུས་དང་ཕྱོགས་གཞན་ལས་ཅུང་ཟད་ཀྱང་བྱུང་བ་མ་ཡིན་ལ། ད་ལྟར་བ་ལ་མི་གནས་དེ་ལས་མ་འོངས་པར་ཡང་མི་འགྲོ །གང་གི་ཕྱིར་དེ་ལྟ་ཡིན་ན་འདུས་

བྱས་ཀྱང་རྟག་པར་འགྱུར་ཏེ། རྟག་ཏུ་ཡོད་པའི་ཕྱིར་ད་ལྟར་བ་ཁོ་ནའོ། །རང་བཞིན་རྟག་ཏུ་ཡོད་པ་དང་དངོས་པོ་རྟག་པར་མི་འདོད་དེ། དངོས་པོ་རང་བཞིན་ལས་གཞན་མིན། །དབང་ཕྱུག་སྤྱོད་འདིས་གསལ་བ་ཡིན། །ཐམས་ཅད་ཡོད་པར་སྨྲ་བའི་བསྡུས་པ་ཡིན་ནོ། །དེ་ལྟར་དུས་གསུམ་

เล่ม ๑๐๖ · หน้า 280a

ལས་འདས་པས་སྒྱུ་མ་ལས་འདི་ཁྱད་པར་ཅི་ཡོད། རྨོངས་པས་བདེན་པར་གང་བྱས་པ་འདི་སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ལས། རྒྱུ་ལས་བྱུང་བ་འདི་ལ་རང་བཞིན་མེད་པས་ཁྱད་མེད་དེ། དེ་ཉིད་བཤད་དེ། རྣམ་ཤེས་ལ་སོགས་པ་སྒྱུ་མས་སྤྲུལ་པ་དང་།

འཇིག་རྟེན་དུ་གྲགས་པའི་རྒྱུས་བྱས་པ་འདི་གང་ལས་འབྱུང་། འགགས་པའི་དུས་སུ་གར་འགྲོ་བ་རིགས་པ་ཕྲ་མོས་བརྟག་པར་བྱ། འོ་ན་རྒྱུས་བསྐྱེད་པ་ཇི་ལྟར་མི་བདེན་ཞེ་ན། སྨྲས་པ། གང་ཞིག་ལ་སོགས་པའོ། །དངོས་པོ་གང་རྒྱུ་ཉེ་ན་མཐོང་གི་དེ་མེད་ན་མི་མཐོང་། གཞན་ལ་རག་ལས་

པས་མེ་ལོང་གི་གཟུགས་བརྙན་དང་མཚུངས་ལ། མེ་ལོང་ཡོད་ན་བྱད་མཐོང་གི་དེ་མེད་ན་མི་མཐོང་། དེ་ལྟར་དངོས་པོ་ཡང་རྒྱུ་དང་ཉེ་བ་དང་རིང་བ་ལའོ། །གཞན་ལ་རག་ལས་པས་བྱས་པ་རང་བཞིན་མ་ཡིན་པ་ལ་བདེན་པ་ག་ལ་ཡོད། གཞན་ཡང་རང་དང་གཞན་གཉི་གའི་བདག་ཉིད་རྒྱུས་

དངོས་པོ་ཡོད་པའམ། མེད་པའམ་གཉི་གའི་རང་བཞིན་བསྐྱེད། དེ་ལ་རྒྱུའི་བྱ་བའི་སྔོན་དུ་ཡོད་པ་ལ་རྒྱུས་དགོས་པ་ཅི། རྫོགས་པའི་ཕྱིར་རོ། །གཉིས་པ་བཤད་དེ། འོན་ཏེ་དེ་ནི་མེད་པ་ན་ཡང་རྒྱུས་ཅི་བྱ། རི་བོང་གི་རྭ་ལྟ་བུ་མེད་པ་ལ་རྒྱུའི་བྱ་བ་མེད་པས་སོ། །འོ་ན་མེད་པ་ཉིད་རྒྱུ་ལས་

སྐྱེ་བ་མ་ཡིན་ནམ། སྨྲས་པ། དངོས་མེད་ནམ་མཁའ་ལྟ་བུ་ལ་བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་བསྒྱུར་དུ་མེད་དེ་གཟུགས་མེད་པའི་ཕྱིར་རོ། །དངོས་པོ་ཡིན་དུ་ཆུག་ཅེ་ན། སྨྲས་པ། དངོས་པོ་མ་ཡིན་པ་དེ་ཇི་ལྟར་དངོས་པོར་འགྱུར། དངོས་པོ་མ་ཡིན་པ་ལས་ལོག་ནས་ཤེ་ན། སྨྲས་པ། དངོས་པོ་

མ་ཡིན་པ་ལས་ལོག་ནས་གཞན་དངོས་པོར་གྱུར་པ་གང་ཞིག་ཡིན། ཟན་ཟ་བ་ལ་སོགས་པས་རྒྱུ་ཡོངས་སུ་སྨིན་པ་འགོག་པའི་ཕྱིར་རོ། །སྔར་མེད་པ་ལོག་ནས་དངོས་པོ་འབྱུང་ཞེ་ན། སྨྲས་པ། དངོས་མེད་ཀྱི་དུས་སུ་དངོས་པོ་མི་འབྱུང་ན་གང་གི་ཚེ་ནམ་དངོས་པོ་འབྱུང་བར་འགྱུར། དངོས་མིན་

འགལ་ཚབས་ཅན་གྱིས་རྟག་ཏུ་དོན་དམ་པས་དངོས་པོ་སྐྱེ་བར་མི་ནུས་སོ། །སྐྱེ་འགྱུར་གྱི་དངོས་པོས་དངོས་མིན་བཟློག་ཅེ་ན། སྨྲས་པ། ཇི་སྲིད་དངོས་པོ་མ་སྐྱེས་པ་དེ་སྲིད་དུ་དངོས་མིན་མི་ལྡོག་པས་དངོས་པོ་མ་སྐྱེས་པར་སྔར་གྱི་དངོས་མིན་འབྲལ་བར་མི་འགྱུར་རོ། །གལ་ཏེ་དངོས་མིན་མ་ལོག་པར་དངོས་

เล่ม ๑๐๖ · หน้า 280b

པོ་སྐྱེ། སྐྱེས་ནས་འགལ་བས་དངོས་མིན་བཟློག་ཅེ་ན། སྨྲས་པ། དངོས་མེད་ལ་སོགས་པའོ། །དངོས་མིན་མ་ལོག་པར་དངོས་པོ་ལ་སྐབས་མེད་དེ། འགལ་བ་དངོས་མིན་ཡོད་ལས་སོ། །དོན་དམ་པར་དངོས་པོའི་སྐྱེ་བ་འགག་ནས་སྐྱེས་པ་བཟློག་པ་མེད་པར་བཤད་དེ། དངོས་པོའང་མེད་

པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་དངོས་མིན་དངོས་པོར་མི་འགྱུར་བ་ལྟར། དེ་ཅིས་ཤེ་ན། རང་བཞིན་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར། གཅིག་པུ་ཁོ་ན་ལ་དངོས་པོ་དང་དངོས་མིན་ཚུལ་གཉིས་མི་སྲིད་པས་སོ། །ཉེ་བར་བསྡུས་ཤིང་བཤད་དེ། དེ་ལྟར་བཤད་པའི་རིམ་པས་སྐྱེ་བ་དང་འགག་པ་

མེད་པས། གང་གི་ཕྱིར་འགག་པ་མེད་ལ་དངོས་པོའང་ཡོད་པ་མ་ཡིན་ཏེ། རྟག་ཏུ་མ་སྐྱེས་པ་མ་འགགས་པ་དེ་བས། འགྲོ་བ་འདི་ཐམས་ཅད་རང་བཞིན་མེད་པའོ། །འོ་ན་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་ཞེ་ན། སྨྲས་པ། དམྱལ་བ་ལ་སོགས་པའི་རིས་ཀུན་རྫོབ་ཀྱི་བདེན་པ་ནི་གཉིད་ཀྱི་གནས་སྐབས་

ན་མ་སྐྱེས་པ་ཉིད་མཐོང་བ་ལྟར། ཀུན་རྫོབ་རྨོངས་པ་ལའང་དེ་ལྟར་རོ། །དེ་བས་ཀུན་རྫོབ་ནི་རྨི་ལམ་ལྟ་བུའོ། །དོན་དམ་པ་ནི་སྐྱེ་བ་མེད་པའོ། །རྣམ་པར་དཔྱད་ན་ཆུ་ཤིང་དང་འདྲའོ། །ཆོས་ཐམས་ཅད་རང་བཞིན་མེད་པས་ཆུ་ཤིང་ལྟར་སྙིང་པོ་མེད་པའོ། །གང་གི་ཕྱིར་དོན་དམ་པར་ཆོས་ཐམས་ཅད་

སྐྱེ་བ་མེད་ལ་འགག་པ་མེད། དེ་བས་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དང་། མ་འདས་པ་ནི་སེམས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་ཏེ། དེ་དག་གཉི་ག་ལ་དོན་དམ་པར་དབྱེ་བ་མེད་ལ་ཀུན་རྫོབ་ཏུ་ཉོན་མོངས་པ་སྐྱེ་བ་ལ་སོགས་

པ་བརྟགས་པས་སོ། །བཤད་པའི་རིགས་པས་ཉོན་མོངས་པ་ལ་སོགས་པ་སྐྱེ་བ་ལ་སོགས་པ་མེད་པས་མྱ་ངན་ལས་འདས་པ་དང་ཁྱད་མེད་པའི་ཕྱིར་རོ། །འདི་ལྟར་དེ་ཁོ་ན་ཉིད་མི་ཤེས་པས་བརྫུན་པ་ལ་མངོན་པར་ཞེ་ན། རང་ཉིད་ཀྱིས་རང་སྡུག་པར་བྱེད་ཅེས་བཤད་དེ། དེ་ལྟར་བཤད་པའི་ལམ་གྱིས་

ཐམས་ཅད་རང་བཞིན་མེད་པ་ལ་གང་རུང་ལས་ཅི་ཐོབ། གང་རུང་གི་སུ་ཞིག་ལ་ཤོར། རིམ་གྲོ་བྱས་པའམ་ཡོངས་སུ་བརྙས་པ་སུས་སུ་ལ་སླར་བྱེད་པར་འགྱུར། དངོས་པོ་ལ་རང་བཞིན་མེད་པས་གང་ལས་བདེ་བ། གང་ལས་སྡུག་སྟེ་བདེ་སྡུག་གི་རྒྱུ་མེད་པས་སོ། །གང་དགའ་བ་གང་མི་དགའ་བ་

เล่ม ๑๐๖ · หน้า 281a

གང་དང་ཕྲད་པ་དང་བྲལ་བའི་ཕྱིར་འབད་པའོ། །སྲེད་པ་གང་ཡིན་པའི་ཅི་ལ་སྲེད། གང་གིས་འཁོར་བ་དེ་བཙལ་བས་གཏི་མུག་ཙམ་སྟེ་རང་བཞིན་མེད་དོ། །དཔྱད་ན་གསོན་པའི་འཇིག་རྟེན་གང་ཡིན་ཏེ་མེད་པས་སོ། །གང་ཞིག་འདིར་འཆི་བར་འགྱུར་ཏེ། གང་ཞིག་

བྱུང་བར་གྱུར། གང་འབྱུང་བར་འགྱུར་ཏེ། འདས་པ་ལ་སོགས་པ་ལྟོས་པ་ཅན་ཡིན་པས་སོ། །གཉེན་དང་བཤེས་གང་ཞིག་གང་གི་ཡིན། གང་ལས་མི་དགེ་བ་དང་སྲིད་པར་འཆི་བའོ། །ཐམས་ཅད་ནམ་མཁའ་དང་འདྲ་བ་བདེན་པའི་དོན་གོམས་པའི་ཁྱད་པར་གྱི་མཐར་ཐུག་ལས་

བྱུང་བ་རྣལ་འབྱོར་པའི་ཡེ་ཤེས་ལ་སྣང་ངོ་། །དེ་བས་དེ་བཞིན་དུ་བདག་འདྲ་བ་གཞན་གྱིས་ཀྱང་དེ་ཁོ་ན་ཉིད་ཐེ་ཚོམ་མེད་པར་གཟུང་བར་བྱའོ། །གང་མི་ཤེས་པས་བྱིས་པ་རྣམས་འཐབ་པའི་རྒྱུས་རབ་ཏུ་འཁྲུག་སྤྲོ་བའི་རྒྱུས་དགའ་བར་བྱེད་དོ། །མྱ་ངན་དང་། ངལ་བ་དང་། སྒྱིད་ལུག་

དང་། ཕན་ཚུན་དུ་གཅོད་པ་དང་འབིགས་པ་ལ་སོགས་པའི་སྡིག་པས་བདག་བདེ་བར་འདོད་པ་རྣམས་ཚེགས་ཆེན་པོས་འཚོ་བའོ། །དེ་ལྟར་ཞེ་སྡང་དང་འདོད་པ་ལ་སོགས་པས་ངན་སྤྱོད་བྱས་ཏེ་ཤི་ནས་མི་བཟད་སྡུག་བསྔལ་ངན་སོང་དུ་ཡུན་རིངས་ལྟུང་སྟེ། ལས་ཟད་ན་ཡང་དང་ཡང་དུ་བདེ་འགྲོར་

འོངས་ཤིང་བདེ་བ་མང་པོ་སྤྱད་ནས་སོ། །འདོད་པ་དང་གཟུགས་དང་། གཟུགས་མེད་ཀྱི་སྲིད་པ་ལ་ཉེ་བར་འཚེ་བ་རྣམ་པ་སྣ་ཚོགས་པ་འབྱུང་སྟེ། མི་ཤེས་པའི་དབང་གིས་སོ། །སྲིད་པ་དེར་ནི་དེ་ཉིད་མ་ཡིན་པ་གཟུགས་ལ་སོགས་པ་འདི་འདྲ་རྨོངས་པར་བྱེད་པ་དང་། དེའི་དོན་དུ་ཕན་ཚུན་དུ་འགལ་བ་

འབྱུང་སྟེ། མུ་བཞི་དང་བྲལ་བའི་དེ་ཉིད་མི་རྟོགས་པས་སོ། །དེར་ཡང་དཔེ་མེད་ཅིང་མི་བཟད་པའི་སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས་པ་དང་། དེར་ནི་དེ་ལྟར་བརྩོན་འགྲུས་ཆུང་ཞིང་དེར་ནི་ཚེ་ཡང་ཐུང་བ་ཉིད་དོ། །གསོན་པ་དང་ནད་མེད་པ་ལ་ཕན་པའི་བྱ་བ་དང་། བཀྲེས་པ་དང་། སྐོམ་པས་ངལ་

བ་དང་། གཉིད་དང་། ཕྱི་ནང་གི་འཚེ་བ་དང་། བྱིས་པ་དང་འགྲོགས་པས་དགོས་པ་མེད་པར་དུས་འདའ་བར་མི་བྱའོ། །དེ་བས་ཚེ་ནི་དོན་མེད་པར་མྱུར་དུ་འདའ་ལ་ཆགས་པ་དང་བྲལ་བའི་རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ། ཆགས་པ་དང་བྲལ་ཀྱང་ཏིང་ངེ་འཛིན་གྱི་དགྲ་གཡེང་བ་དགག་པ་དཀའོ། །དེའི་

เล่ม ๑๐๖ · หน้า 281b

སྟེང་དུ་ངན་སོང་ཆེན་པོར་ལྟུང་བར་བྱེད་པའི་ཆེད་དུ་བདུད་བརྩོན་པར་བྱེད། དེར་ཡང་རྒྱང་པན་པ་དང་དཔྱོད་པ་པ་ལ་སོགས་པ་ལམ་ལོག་པ་མང་བས་ཐེ་ཚོམ་སྤོང་བ་དཀའོ། །དེ་ལྟར་ཤི་ནས་སླར་དལ་འབྱོར་རྙེད་པར་དཀའ་བ་དང་། སངས་རྒྱས་འབྱུང་བ་རྙེད་པ་དེ་བས་ཀྱང་དཀའ་ལ་འདོད་ཆགས་ལ་

སོགས་པ་ཉོན་མོངས་པའི་ཚོགས་ཀྱི་ཆུ་བོ་བཟློག་པར་དཀའོ། །དེ་བས་ཀྱེ་མ་སྡུག་བསྔལ་བརྒྱུད་པར་འགྱུར། གཅིག་ལས་ཐར་ཀྱང་གཞན་དུ་ལྟུང་བའི་ཕྱིར་རོ། །སླར་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བས་བཤད་དེ། དེ་ལྟར་བཤད་པའི་རིམ་པས་ཕན་པ་དང་གནོད་པ་མི་ཤེས་པས་གོང་

ནས་གོང་དུ་ཡོངས་སུ་གདུངས་པའི་སྡུག་བསྔལ་གྱི་ཆུ་བོ་ལ་གནས་པ། མ་རིག་པས་ལོང་བས་རང་གི་སྡུག་བསྔལ་མི་མཐོང་བ་ལ། ཀྱི་ཧུད་མྱ་ངན་བྱ་བར་འོས། དཔེ་བཤད་དེ། ཇི་ལྟར་བློ་རྒོད་པ་འགའ་ཞིག་ཡང་ཡང་ཁྲུས་བྱས་ནས་གྲང་བའི་གདུང་བས། ཡང་དང་ཡང་དུ་མེ་ལ་འཇུག་པ་ལྟར་སེམས་

ཅན་འདི་དག་ཀྱང་སྡུག་བསྔལ་གྱི་མེ་འབར་བས་བཟུང་ཡང་བདག་ཉིད་བདེ་བར་རློམ་པ་བཞིན་གནས་སོ། །རང་ཉིད་བག་མེད་པ་མི་མཐོང་བར་བཤད་དེ། དེ་ལྟར་ལ་སོགས་པའོ། །འཆི་བ་དང་རྒས་པ་མེད་པའི་རོལ་པ་བཞིན་དུ་སྤྱོད་པ་ཅི་དགར་གནས་པ་རྣམས་ལ། རྒས་པ་དང་ན་བ་ལ་

སོགས་པ་འཇིགས་སུ་རུང་བ་བཅོས་སུ་མེད་པའི་འཆི་བ་སྔོན་དུ་འགྲོ་བ་མི་བཟད་པ་འོང་བར་འགྱུར་རོ། །ཇི་ལྟར་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པ། ཕྱོགས་བཞི་ནས་རི་བཞི་བུ་ག་མེད་པ། སྲ་བ་ནམ་མཁའ་རེག་ཅིང་། ས་གཞི་རྨོ་ཞིང་འོང་བ་གང་ལ་བརྒྱུགས་ཏེ་འབྲོས་པ་སླང་

བ་མ་ཡིན། དེ་ལྟར་རྒས་པ་དང་། ན་བ་དང་། གདུང་བ་དང་། འཆི་བ་བཞི། དར་ལ་བབ་པ་དང་། ནད་མེད་པ་དང་། ཕུན་སུམ་ཚོགས་པ་དང་། གསོན་པ་རྣམས་འཇོམས་ཤིང་འོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་སྡུག་བསྔལ་ཞི་བའི་ཕྱིར་སྨོན་ལམ་བྱེད་དེ། དེ་ལྟར་ལ་

སོགས་པའོ། །སྡུག་བསྔལ་ཁོ་ན་མེད་དེ། དཔེ་གདུངས་པ་རྣམས་ལ། བསོད་ནམས་ཁོ་ན་སྤྲིན་ཏེ། གདུང་བ་སེལ་བས་སོ། །དེ་ལས་བྱུང་བ་བདག་གི་བདེ་བའི་ཡོ་བྱད་གོས་དང་ཟས་ལ་སོགས་པས་བདག་ནམ་ཞི་བར་བྱེད་པར་འགྱུར། མངོན་པར་མཐོ་བ་བཤད་ནས། ངེས་པར་ལེགས་པ་

เล่ม ๑๐๖ · หน้า 282a

བཤད་དེ། ནམ་ཞིག་ལ་སོགས་པའོ། །དངོས་པོར་དམིགས་པའི་ལྟ་བ་རྣམས་ལ་ཚིག་དང་རྟོག་པའི་ཡུལ་དུ་མ་གྱུར་པའི་སྟོང་པ་ཉིད་ཀུན་རྫོབ་ཀྱིས་ནམ་སྟོན་པར་འགྱུར། ཡེ་ཤེས་ཀྱི་ཚོགས་བཤད་ནས། བསོད་ནམས་ཀྱི་ཚོགས་བཤད་དེ། སྦྱིན་པ་ལ་སོགས་པ་

བསོད་ནམས་ཀྱི་ཚོགས་གུས་པས་འཁོར་གསུམ་དུ་རང་བཞིན་མེད་པ་ཡང་ངོ་། །ཤེས་རབ་བསྟན་པའི་ལེའུ་ནི་ཕུང་པོ་སྟེ། དེའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་དགུ་པའོ།། །།ཡོངས་སུ་བསྔོ་བ་བཤད་དེ། བདག་གི་ལ་སོགས་པའོ། །བྱང་ཆུབ་ནི་ཡོན་

ཏན་དང་སྐྱོན་ནི་འཕེལ་བ་དང་འགྲིབ་པའི་མཐར་ཐུག་ལ་གནས་པ། དེ་ཁོ་ན་ཉིད་ཀྱི་ཤེས་རབ་དང་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་སླད་དུ་སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་གོམས་པ་སྟེ། དེ་ལ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྣམས་དགུ་གང་གིས་དེ་ནི་དེ་བཞིན་ནོ། །དེའི་ཁྱད་

པར་དུ་བསམས་པས་དགེ་བ་བདག་ལ་གང་བྱུང་བ་དེས་སྐྱེ་བོ་ཐམས་ཅད་བྱང་ཆུབ་སྤྱོད་པ་ཁོ་ན་རྒྱན། ཚིགས་བཅད་ཐམས་ཅད་བློ་ལ་ལེན་པ་དང་དོན་གྱིས་དེའི་དོན་སྒོམ་པའི་ཕྱིར་དེ་སྙིང་ལ་གནས་པས་དེ་གང་གི་ཡིན་པ་དེ་བཞིན་ནོ། །ཐུགས་རྗེས་བཤད་དེ། ཕྱོགས་ལ་སོགས་པའོ། །ལུས་

སེམས་ཀྱི་གནོད་པ་ཅན་ལུས་ཀྱི་བདེ་བ་རེག་པའི་རྒྱ་མཚོ་སེམས་ཀྱིས་ཡིད་བདེ་བའི་རྒྱ་མཚོ་ཐོབ་པར་ཤོག །བྱང་ཆུབ་སེམས་དཔའི་བདེ་བ་ནི་ཟག་པ་མེད་པ་སྟེ། སེམས་ཅན་གྲོལ་བ་ཞེས་བྱ་བ་ལ་སོགས་པས་བཤད་པས་སོ། །དམྱལ་བ་ནི་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་

དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་དེ་བརྒྱད་ཚ་བའི་དམྱལ་བའོ། །སོ་ཐམས་ཐམས་པ་དང་། ཀྱི་ཧུད་སྨྲ་བ་དང་། ཨ་ཆུ་སྒྲོགས་པ་དང་། ཆུ་བུར་དང་། ཆུ་བུར་ཆེན་པོ་དང་། ཨུཏྤལ་ལྟར་གས་པ་དང་། པདྨོ་ལྟར་གྱེས་པ་དང་། པདྨོ་ལྟར་ཆེར་

གྱེས་པ་སྟེ་གྲང་བའོ། །ཟག་པ་མེད་པའི་བདེ་བ་འདི་ལ་ཡོད་པས་བདེ་བ་ཅན། ས་ལ་རབ་ཏུ་འཇུག་པ་ཁོ་ན་དེར་སྐྱེ་བའོ། །བྱང་ཆུབ་སེམས་དཔའ་ཁོ་ན་སྤྲིན་ཆེན་པོ་སྟེ། དེས་སྙིང་བརྩེ་བས་ཚ་བའི་དམྱལ་བ་ལ་ཆུ་བསིལ་བའི་ཆར་ཕབ་པས་སོ། །དེ་ལྟར་གྲང་བའི་དམྱལ་བར་ཤིན་ཏུ་དྲོ་བའི་འོད་ཟེར་

เล่ม ๑๐๖ · หน้า 282b

སྤྲོས་པས་སོ། །ཉེ་བའི་དམྱལ་བ་བཤད་དེ། རལ་གྲི་དང་། མདའ་དང་། མདུང་དང་། ནུས་པ་ལ་སོགས་པའི་ལོ་མ་ཅན་ནི་ལྷའི་ཀུན་དགའ་ར་བ་དགའ་ཚལ་ལྟར་སྡུ་གུར་ཤོག །ཀུ་ཏྲ་ནི་ལས་ཀྱི་སྒྱུ་མས་ཁ་ཐུར་དུ་བལྟས་པ། རྣོན་པོ་སོར་བཅུ་དྲུག་པ། འབར་བ་ལྕགས་ཀྱི་ཚེར་མ་ཅན་ཤལ་མ་རིའི་

སྡོང་པོ་ཉེ་བའི་དམྱལ་བ་ཤལ་མ་རིའི་ནགས་ལ་གནས་པ་རྣམས་ནི། ཆོས་དང་མཐུན་པ་འདོད་པའི་དོན་སྟེར་བའི་ལྷའི་ཡུལ་ན་གནས་པའི་དཔག་བསམ་གྱི་ཤིང་ལ་གནས་པར་གྱུར་ཅིག །བདག་གི་དགེ་བའི་སྟོབས་ཀྱིས་ཞེས་འཆད་པར་འགྱུར་བ་ཀུན་དང་སྦྱར་རོ། །དམྱལ་བའི་ཚོགས་དག་ནི་

ཉམས་དགར་ཤོག །ཅིས་ཤེ་ན་པདྨའི་དྲི་བསུང་དང་ལྡན་པའི་མཚོ་དང་། ཐིང་རིལ་ལ་སོགས་པའི་སྐད་སྙན་འབྱིན་པས་སོ། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུས་ཉེ་བའི་དམྱལ་བ་མེ་མ་མུར་ལ་སོལ་བའི་ཕུང་པོ་འབར་བ་ནི་གཟི་བརྗིད་འབར་བར་ནོར་བུའི་ཕུང་པོར་ཤོག །ལྕགས་ཀྱི་ས་

གཞི་མེ་འབར་བ་ཤེལ་གྱི་ས་གཞི་རུ་གྱུར་ཅིག །གང་ལ་སེམས་ཅན་འདུས་པ་ཆེར་གདུངས་པས་འཇོམས་པར་བྱེད་པའི་དམྱལ་བའི་རི་རྣམས་ནི། མཆོད་པས་བརྒྱན་པ་རྒྱལ་བ་གནས་པའི་གཞལ་ཡས་ཁང་དུ་དམྱལ་བ་པ་རྣམས་ལ་སྣང་བར་གྱུར་ཅིག །མེ་འབར་བ་བསིལ་བའི་ཆར་དང་། རྡོ་བ་ཚ་

བའི་ཆར་དང་། མཚོན་གྱི་ཆར་ནི་དིང་ནས་བརྩམས་ཏེ། ལོག་པར་ལྟ་བ་རྣམས་ཀྱི་མགོར་མེ་ཏོག་གི་ཆར་དུ་སྣང་བར་ཤོག །འདིར་བརྣབ་སེམས་ཀྱིས་གཞན་གྱི་ནོར་ལ་འདོད་པ་མི་ཉམས་པས་དམྱལ་བར་ནོར་གྱི་ཕུང་པོ་མཐོང་ནས་བརྒྱུགས་པ་རྣམས་ཕན་ཚུན་དུ་འཐབ་པ་ནི་བརྩེ་བའི་ཕྱིར་མེ་ཏོག་

འཕེན་པར་ཤོག །དམྱལ་བའི་འོབས་འབར་བའི་ཟངས་མའི་ཁུ་བའི་ཆུས་གང་བའི་ནང་དུ་ནུབ་པའི་སེམས་ཅན་ཤ་ཀུན་ཞིག་པ། མེ་ཏོག་ཀུན་ད་ལྟར་དཀར་བའི་རུས་པའི་ལུས་ཅན་ནི་བདག་གི་བསོད་ནམས་ཀྱིས་ལྷའི་ལུས་ཐོབ་ནས་ལྷའི་བུ་མོ་རྣམས་དང་། ལྷ་ཡུལ་གྱི་ཆུ་བོ་གང་གཱའི་ཆུ་ལ་རྩེ་ཞིང་

གནས་པར་གྱུར། ཆུ་བོར་གཉི་ག་མཚུངས་སོ། །དམྱལ་བ་འདིར་གཤིན་རྗེའི་ཕོ་ཉ་དང་། ཁྭ་དང་། བྱ་རྒོད་རྣམས་འཇིགས་སུ་རུང་བ་སྐྲག་ཅིང་ཕྱག་ན་རྡོ་རྗེ་མཐོང་བར་གྱུར་ཅིག །དེས་དམྱལ་བ་པ་རྣམས་སྡུག་ཏུ་མི་འཇུག །ཤ་དང་རྐང་མར་ལ་སོགས་པའི་དུ་བ་གྱེན་དུ་རྒྱུ་བས་བྱས་པའི་

เล่ม ๑๐๖ · หน้า 283a

མུན་པ། ཕྱོགས་ཀུན་དུ་འཇོམས་པའི་འོད་ཟེར་ཡིད་དུ་འོང་བ་དགའ་བ་དང་བདེ་བ་སྐྱེད་པ་དམྱལ་བ་རྣམས་ཀྱིས་གྱེན་དུ་བལྟས་པས་མཐོང་ནས་འོད་ཟེར་འདི་སུའི་ཡིན་བལྟས་པས། ནམ་མཁའ་ལ་ཕྱག་ན་རྡོ་རྗེ་གཟི་བརྗིད་འབར་བ་མཐོང་ནས། རྫུ་འཕྲུལ་ཆེན་པོ་དེ་ལ་

དང་བའི་ཤུགས་ཀྱིས་རྙོག་པ་མེད་པ་བཞིན་དུ། དམྱལ་བ་ལས་དེ་དང་ལྷན་ཅིག་ཏུ་འགྲོགས་པར་ཤོག །འཕགས་པ་སྤྱན་རས་གཟིགས་ཀྱི་མཐུས་དམྱལ་བ་ལ་དྲི་བཟངས་ཀྱི་ཆུ་དང་འདྲེས་པ་པདྨའི་ཆར་འབབ་པར་ཤོག །དེས་ཆིལ་ཆིལ་སྒྲོགས་ཤིང་དམྱལ་བའི་མེ་འཇོམས་པ་མཐོང་བར་གྱུར་

ཅིག །དེ་བས་འདི་ཡིན་ཞེས་བདེ་བས་ཚིམ་པ་དམྱལ་བ་པ་རྣམས་ཀྱིས་གང་ལས་བྱུང་མི་ཤེས་པར་ཐུགས་རྗེ་ཆེན་པོ་མཐོང་བར་གྱུར་ཅིག །འཇམ་དབྱངས་མཐོང་ནས་དམྱལ་བ་པ་རྣམས་ཕན་ཚུན་དུ་འབོད་དེ། ཀྱེ་གྲོགས་བདག་དིང་ནས་བརྩམས་ཏེ་འཇིགས་པར་མ་བྱེད་མྱུར་དུ་ཚུར་ཤོག །བདག་

ཅག་གསོན་པ་ཉིད། གྲོལ་བ་ཉིད་གང་གི་ཕྱིར་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ་མི་འཇིགས་སྦྱིན་པའི་འོད་ཟེར་ཅན་བདག་ཅག་གི་གན་དུ་འོངས་གང་གི་མཐུས་སྡུག་བསྔལ་ཐམས་ཅད་བྲལ། དགའ་བའི་ཤུགས་རྣམས་རབ་ཏུ་འཇུག །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བྱུང་། སྐྱེ་བོ་

ཐམས་ཅད་སྐྱོབ་པའི་ཕྱིར་མ་ལྟ་བུའི་སྙིང་རྗེ་སྐྱེས་སོ། །ཁྱེད་ཅག་སྟེང་དུ་འདི་ལ་ལྟོས་ཤིག །ལྷའི་ཡུལ་ནས་བབས་པ་ལྷ་བརྒྱ་ཕྲག་དུ་མས་ཅོད་པན་གྱིས་ཞབས་ཀྱི་པདྨ་ལ་མཆོད་པ། འུ་ཅག་ལ་བརྩེ་བས་སྤྱན་བརླན་པ་ལྷ་རྣམས་ཀྱིས་མཆོད་པས་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ།

ལྷ་མོ་སྟོང་ཕྲག་དུ་མས་འཇམ་དཔལ་གྱི་བསྟོད་པ་སྒྲོགས་པ་དང་ལྡན་པ། ཡིད་དུ་འོང་བ་གཞལ་ཡས་ཁང་དུ་མས་ཉེ་བར་སྤྲས་པ། འཇམ་དབྱངས་མཐོང་ནས་ད་ནི་གྲོགས་དག་ཚུར་ཤོག་ལ་སོགས་པའི་དམྱལ་བ་རྣམས་ཀུ་ཅོ་འདོན་པར་ཤོག །དེ་ལྟར་གཞུང་བརྩམས་པ་ལས་བྱུང་བའི་བདག་གི་དགེ་

བས་ཀུན་ཏུ་བཟང་པོ་ལ་སོགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་སྤྲིན་བདེ་བར་རེག་པ། བསིལ་བ་དྲི་བཟང་བའི་རླུང་དང་ཆར་འབེབས་པར་མཐོང་ནས་དམྱལ་བ་རྣམས་མངོན་པར་དགའ་བར་གྱུར་ཅིག །སྡུག་བསྔལ་མི་བཟོད་ཅིང་སླར་ཡང་

เล่ม ๑๐๖ · หน้า 283b

བཤད་དེ། སྲེག་པ་དང་གཅོད་པ་དང་འབིགས་པ་ལ་སོགས་པའི་ཚོར་བ་མི་བཟད་པ་དང་། གཤིན་རྗེའི་ཕོ་ཉ་རྣམས་ལ་འཇིགས་པ་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་གྱུར་ཅིག །དེ་དང་དེར་གནས་པ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་ལས་གྲོལ་བར་གྱུར་ཅིག །

ཆེན་པོ་ཀུན་གྱིས་ཆུང་བ་ཀུན་ཟ་བ། ཆུང་བ་མང་པོ་འདུས་པས་ཆེ་བ་ཡང་སྲིད། དེའི་འཇིགས་པ་དུད་འགྲོ་རྣམས་ལ་མེད་པར་གྱུར་ཅིག །བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་པ། ཡི་དགས་རྣམས་ནི་སྒྲ་མི་སྙན་གྱི་མི་རྣམས་བཞིན་དུ་ཚེ་ལོ་སྟོང་ཕྲག་གཅིག་

པ། དུས་མ་ཡིན་པར་འཆི་བ་དང་བྲལ་བ། མ་རྨོས་པ་དང་མ་བཏབ་པའི་སཱ་ལུ་དང་། དཔག་བསམ་ཤིང་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་དབང་ཕྱུག་གི་ཕྱག་ལས་འབབ་པ་བདུད་རྩིའི་རྒྱུན། སྙིང་རྗེའི་རྒྱུ་མཐུན་བརྒྱ་ཕྲག་དུ་མས་

ཁྲུས་བྱས་པས་ཚིམ་པར་གྱུར་ཅིག །ཡི་དགས་རྣམས་བསིལ་བར་གྱུར་ཅིག །མིའི་རིས་ལ་འང་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་དང་། འོན་པ་རྣམས་ཀྱིས་སྒྲ་ཐོས་པ་དང་། སྦྲུམ་མ་རྣམས་སངས་རྒྱས་ཀྱི་ཡུམ་བཞིན་དུ་ན་ཚ་མེད་པར་བཙའ་བར་ཤོག །མི་

རྣམས་ཀྱིས་ཀྱང་གོས་ལ་སོགས་པ་བདེ་བ་ཡང་མི་ཕན་པ་མི་རུང་བས་གང་གང་འདོད་པའི་ཕན་པ་ཐམས་ཅད་ཐོབ་པར་གྱུར་ཅིག །རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པས་འཇིགས་པ་རྣམས་འཇིགས་པ་མེད་པ་དང་། ཕ་མ་དང་བུ་ལ་སོགས་པའི་སྡུག་བསྔལ་གྱིས་གདུང་བ་

རྣམས་ཡིད་བདེ་བར་འགྱུར་བ་དང་། ཕྱི་ནང་གི་གནོད་པས་ཡི་ཆད་པ་རྣམས་ཀྱང་ཡིད་སོས་པ་དེ་བས་བརྟན་པའི་བདེ་བ་དང་ལྡན་པར་གྱུར་ཅིག །ཚད་པའི་ནད་ལ་སོགས་པ་ལས་གྲོལ་བས་ནད་མེད་པ་དང་། བཅིངས་པ་སྣ་ཚོགས་པ་ལས་གྲོལ་བ་དང་། ཕྱི་ནང་གི་

སྟོབས་ཐོབ་པས་སྟོབས་དང་ལྡན་པ་དང་། ཕན་ཚུན་དུ་སྡོང་བ་དང་བྲལ་ཞིང་བརྟན་པར་གྱུར་ཅིག །འགྲོན་པོ་ལ་སོགས་པ་གོ་སླའོ། །གྲུ་ཆེན་ནི་གཟིངས་ལ་སོགས་པའོ། །ངོགས་ནི་རྒྱ་མཚོ་ལ་སོགས་པའོ། །མྱ་ངན་ནི་ལམ་བགྲོད་པར་དཀའ་བའོ། །ལམ་གོལ་ནི་ལོག་པའོ། །

เล่ม ๑๐๖ · หน้า 284a

གཉིད་དུ་སོང་བ་དང་། ཆང་ལ་སོགས་པས་མྱོས་པ་དང་། རབ་ཏུ་མྱོས་པ་ནི་གཡེང་བ་ཆེ་བ་ལ། རྔོན་པ་དང་། ནགས་དང་། དགྲས་བགྲོད་པར་དཀའ་བ་ལས་མགོན་མེད་པ་དང་། བྱིས་པ་དང་། རྒན་པོ་རྣམས་ལ་ལྷ་ཡིས་བསྲུང་བར་ཤོག །

མི་ཁོམ་པ་ནི་སྔར་བཤད་དོ། །དད་པ་ནི་མོས་པ་སྟེ། བསོད་ནམས་དང་ནི་འགྱོད་པ་མེད། །ཡིད་བདེ་བ་དང་བདེ་བ་ཆེ། །ཉམ་ང་མེད་ཅིང་བརྟན་པ་དང་། །ཁྱད་པར་དུ་ནི་འགྲོ་བ་དང་། །ཆོས་རྣམས་མངོན་པར་རྟོགས་པ་དང་། །བླ་ན་མེད་པ་རང་གཞན་དོན། །མྱུར་དུ་མངོན་པར་ཤེས་པ་

དག །ལྷག་པར་མོས་པའི་ཕན་ཡོན་ནོ། །ཤེས་རབ་ཀུན་རྫོབ་དེ་ཉིད་དོན། །སེམས་ཅན་ཀུན་དོན་སྤྱོད་ཡུལ་ཅན། །ས་ལ་འཇུག་པར་བྱེད་པ་དང་། །སངས་རྒྱས་ཆོས་རྫོགས་བྱེད་པ་དང་། །སངས་རྒྱས་བྱ་བ་བྱེད་པའི་ཕྱིར། །བྱ་བ་དག་ལ་མ་འཁྲུལ་བ། །ཇི་ལྟ་བར་ནི་

ཡོངས་ཤེས་ནས། །ཏིང་འཛིན་ལ་གནས་གྲོལ་བྱེད་པ། །དོན་དམ་གསལ་བར་བྱེད་པ་དང་། །ཆོས་ཀྱི་བདག་མེད་རྟོགས་པ་དང་། །ཤེས་བྱའི་སྒྲིབ་པ་དག་པའི་ཐབས། །རྟོག་པ་མེད་ཅིང་ཐེ་ཚོམ་བྲལ། །ས་བོན་ལས་བྱུང་སྙིང་རྗེ་ནི། །རང་གི་ས་བོན་ལས་བྱུང་བའི། །མི་མཐུན་

ཕྱོགས་ཀྱིས་མ་བཅོམ་ན། །ཤིན་ཏུ་སེམས་ཀྱི་བདག་ཉིད་འགྱུར། །དེ་བས་རང་གཞན་སྡུག་བསྔལ་མེ། །འཇོམས་པར་བྱེད་པ་བདུད་རྩི་ཆེ། །སྙིང་རྗེ་གོམས་པ་བྱང་ཆུབ་ཀྱི། །རྒྱུ་ཡིན་པ་ནི་ངེས་པའོ། །འགྲོ་བ་ལོ་ཏོག་ཕུན་ཚོགས་ཀྱི། །ཐོག་མར་ས་བོན་དེ་མེད་ན། །བློ་ལྡན་

རབ་ཏུ་མི་འཇུག་ལ། །བྱང་ཆུབ་སེམས་ནི་རིང་བའོ། །འགྲོ་བ་བདག་མེད་ཤེས་ནས་སུ། །མི་བརྟན་སྡུག་བསྔལ་གསུམ་གྱིས་གཟིར། །ཆོས་ལ་དམིགས་པའི་སྙིང་རྗེ་ནི། །རབ་ཏུ་འཕེལ་འགྱུར་ཆུ་བཞིན་ནོ། །སྐད་ཅིག་རེ་རེ་སྙིང་རྗེའི་ཆུ། །འདེབས་པ་མེད་ན་ངེས་པར་ནི། །བསོད་

ནམས་ཚོགས་ནི་མི་རྫོགས་ཤིང་། །བྱང་ཆུབ་དམན་པར་ལྟུང་བར་འགྱུར། །ཐ་མར་མི་དམིགས་ཡུན་རིངས་སུ། །ལོང་བྱ་ལོ་ཐོག་སྨིན་པ་བཞིན། །འགྲོ་བ་ནམ་མཁའ་བཞིན་མཐོང་ཀྱང་། །སྔར་རྟོགས་ཤུགས་ཀྱིས་འཇུག་པར་འགྱུར། །དེ་དག་དང་ལྡན་པ་གཟུགས་དང་བ་འདྲེན་

เล่ม ๑๐๖ · หน้า 284b

པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། རྟག་ཏུ་ཚེ་རབས་དྲན་པས་སྡིག་ལ་འཛེམ་པའོ། །ནམ་མཁའ་ཁོ་ན་མཛོད་གང་གི་ཡིན་པ་དེ་ནི་དེ་བཞིན་ནོ། །འདོད་པ་བཞིན་དུ་ནམ་མཁའ་ལས་བླངས་ཤིང་སྦྱིན་པ་གཏང་བས་སོ། །སེམས་ཅན་ལ་སོགས་པ་གོ་སླའོ། །བུད་

མེད་འཚང་མི་རྒྱ་བས་དེ་ལྟར་བཤད་དེ། བུད་མེད་སྐྱེ་ལ་སྨོད་པ་གང་། །ཆགས་པ་ཆུང་ལ་ཚུལ་ཁྲིམས་བཟང་། །རྟག་ཏུ་སྐྱེས་པར་སྐྱེ་བར་འདོད། །བུད་མེད་དེ་ནི་སྐྱེས་བུར་འགྱུར། །མ་རབས་ནི་རིགས་ལ་སོགས་པ་ལའོ། །ང་རྒྱལ་ནི་ཉོན་མོངས་པ་ལ་སོགས་པ་ཡིན་པས་སོ། །བདག་

གི་ལ་སོགས་པ་ཚིགས་བཅད་བཞི་གོ་སླའོ། །གྱོ་མོ་ནི་རྫའི་བུམ་པ་ཆག་པའི་དུམ་བུ་རྣམས་སོ། །ཆོས་བཞིན་བྱེད་པ་ལ་འཇུག་པའི་རྒྱུ་ཡིན་པས་འཁོར་བ་ལ་སོགས་པ་གོ་སླའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བྱ་ལ་སོགས་པ་ལས་ཆོས་

སྟོན་པར་འབྱུང་ངོ་། །དེ་དག་ལ་སོགས་པ་ཚིགས་བཅད་ལྔ་གོ་སླའོ། །ལས་སུ་རུང་བ་ནི་བསམ་གཏན་ནུས་པའོ། །རབ་ཏུ་བྱུང་བ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་ཁྱིམ་ནས་བྱུང་བའོ། །ཚུལ་ཁྲིམས་འཆལ་པ་ལ་སོགས་པ་ཚིགས་བཅད་དྲུག་གོ་སླའོ། །ས་རབ་དགའ་བ་

ཐོབ་པར་དུ། །ཞེས་གསུངས་པས་གཞུང་འདི་ནི་དང་པོ་ཉིད་དུ་མཛད་པར་ངེས། སྟོན་པའི་དུས་སུ་ཡང་གཞུང་མ་རྫོགས་པར་ནམ་མཁའ་ལ་གཤེགས་པའི་ཕྱིར་རོ། །འཇམ་པའི་དབྱངས་དང་མཇལ་བས་དུས་དེ་ཉིད་དུ་ས་དང་པོ་ཐོབ་པའོ། །བདག་ནི་ཁ་ཟས་ཀྱི་ནས་ཀྱང་ལ་སོགས་

པ་ཚིགས་བཅད་དྲུག་གོ་སླའོ། །བསྟན་པ་ནི་ལུང་དང་རྟོགས་པ་གཉིས་ཏེ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ལྡན་ཕྱིར་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་

པའི་ཕྱིར་རོ། །གང་གི་དྲིན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡོངས་སུ་བསྔོ་བའི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་བཅུ་པ་རྫོགས་སོ།། །།དམ་ཆོས་དྲི་མེད་འོ་མའི་རྒྱ་མཚོ་བསྲུབས་པའི་སྙིང་པོར་གྱུར་པ་བདག་མེད་གཉིས། །རང་

เล่ม ๑๐๖ · หน้า 285a

གིས་ཤེས་ནས་སྐྱེ་བོ་སྡུག་བསྔལ་གྱུར་པ་རྣམས་ལ་བྱང་སེམས་ཕན་ཡོན་གཏམ། །བླ་མེད་ཡན་ལག་བདུན་དང་བདག་ཉིད་འབུལ་བ་དང་ནི་དཀོན་མཆོག་གསུམ་མཆོད་པས། །བྱང་ཆུབ་སེམས་བསྐྱེད་གཉིས་ཀྱི་ཆོ་ག་བསླབ་བྱ་དང་བཅས་འདིར་ནི་གསུངས་པ་ཡིན། །ལོངས་སྤྱོད་དུས་གསུམ་

དགེ་བ་བདག་ཉིད་འབུལ་བ་ཚུལ་ཁྲིམས་རྙོག་མེད་བཟོད་པ་གསུམ། །བརྩོན་འགྲུས་མི་མཐུན་ཕྱོགས་བྲལ་སྟོབས་ཀུན་དང་ལྡན་བསམ་གཏན་སྙིང་རྗེ་ཡེ་ཤེས་ལྡན། །ཤེས་རབ་གང་ཟག་ཆོས་ཀྱི་བདག་མེད་ཡུལ་ཅན་གང་ཡིན་དེ་བསྔོ་བྱང་ཆུབ་ཏུ། །གཞན་ཡང་གང་དག་ཉན་ཐོས་ལམ་ནས་དབུ་མར་འཇུག་པར་

འབྱུང་མཛའ་འདི་ཡིན་ནོ། །རིགས་པ་ངོ་མཚར་བ་ལ་མཁས། །དམ་པའི་གཞལ་བྱ་རྒྱ་མཚོ་ཆེ། །དྲང་པོས་ཕྲ་བར་འདྲེན་པ་པོ། །ཞི་ལྷའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་མཐའ་ཡས་མཉེས་མཛད་ཅིང་། །ཤེས་རབ་སྙིང་རྗེ་ཡུན་རིངས་སྦྱངས། །ཞི་བའི་ལྷས་མཛད་གཞུང་གི་འགྲེལ། །

བརྩམས་དགེས་འགྲོ་རྣམས་རྒྱལ་བར་ཤོག །སློབ་དཔོན་འཕགས་པ་དཔལ་ཞི་བའི་ལྷའི་ཞབས་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པ་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་རིག་པའི་འབྱུང་གནས་དབུས་འགྱུར་འཆང་གི་ཤར་ཕྱོགས་བྷ་རེན་དྲར་

རྒྱལ་རིགས་ལས་འཁྲུངས་ཤིང་། ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བ། རིག་པའི་གནས་རྣམ་པ་ལྔ་ལ་མཁས་ཤིང་ཚུལ་ཁྲིམས་དྲི་མ་མེད་པའི་རྒྱན་གྱིས་སྤྲས་པ། རིམ་པ་གཉིས་ཀྱི་དོན་ལ་རྒྱུད་ལེགས་པར་སྦྱངས་པས་ལམ་གྱི་རྟོགས་པ་གོང་ནས་

གོང་དུ་ཆེར་འཕེལ་བ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པ་མ་འོངས་པའི་སངས་རྒྱས་ཁ་ཆེའི་པཎྜི་ཏ་ཆེན་པོ་བསོད་སྙོམས་པ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་པཎ་གྲུབ་དུ་མའི་ལེགས་བཤད་ཀྱིས། ཐུགས་ཀྱི་བུམ་པ་ལེགས་པར་བལྟམས་པས་ཕྱོགས་ཕྱི་ནང་གི་ཐེག་པ་མ་ལུས་པ་ལ་མངའ་བརྙེས་

ཤིང་། སྒྲ་དང་ཚད་མའི་མིག་གིས་ཤེས་བྱའི་དེ་ཉིད་གཟིགས་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་རུ་ལག་གཙང་སྟོད་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་རང་འགྱུར་དུ་མཛད་པའོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด