སྣང་བའི་ཕྲེང་བའི་འགྲེལ་པ་ཡིད་དགའ་བ་བསྐྱེད་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱ་ལོ་ཀ་མཱ་ལ་ཧྲྀ་དཱ་ནནྡ་ཛ་ན་ནཱི་ཊཱི་ཀ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๘ · หน้า 62a

༄༅༅། །རྒྱ་གར་སྐད་དུ། ཨཱ་ལོ་ཀ་མཱ་ལ་ཧྲྀ་དཱ་ནནྡ་ཛ་ན་ནཱི་ཊཱི་ཀ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བའི་འགྲེལ་པ་ཡིད་དགའ་བ་བསྐྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གསུང་གི་མཆོག་

ཏུ་སད་མཛད་པ། །གཟིགས་དབང་མགོན་ལ་ཕྱག་འཚལ་ནས། །སྣང་བའི་ཕྲེང་བ་གསལ་བ་ཡི། །དོན་ནི་རྣམ་པར་ངེས་པར་བྱ། །མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་།

དགོས་པའི་དགོས་པ་རྣམས་བསྟན་ཏེ། གང་གི་ཕྱིར་འབྲེལ་པ་ལ་སོགས་པ་མ་བསྟན་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཐོས་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་རོ། །འདིར་སེམས་ཙམ་ཉིད་དུ་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །མི་ཤེས་པ་

གསུམ་སྤངས་པ་ནི་དགོས་པ་ཡིན་ནོ། །མི་ཤེས་པ་གསུམ་སྤངས་ནས་གདུལ་བྱ་རྣམས་སངས་རྒྱས་ཉིད་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །སེམས་ཙམ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ། རབ་ཏུ་བྱེད་པ་ནི་ཐབས་ཡིན་པའི་ཕྱིར་རབ་ཏུ་བྱེད་པ་དང་བརྗོད་པར་བྱ་བ་ཐབས་དང་ཐབས་

เล่ม ๑๐๘ · หน้า 62b

ལས་བྱུང་བའི་མཚན་ཉིད་ནི་འབྲེལ་བ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་དག་ནི་རེ་ཞིག་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་གིས་སེམས་ཙམ་དུ་གསུངས་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཐུགས་སུ་ཆུད་པས་ན་ཐུབ་པ་སྟེ།

ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་པོ་ནི་ཐུབ་དབང་སྟེ། ཐུབ་པའི་མཆོག་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྨྲས་པ། རང་བཞིན་གསུམ་ནི་བསྒོམས་པ་ཡིས། །

ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་ནི་རང་བཞིན་གསུམ་མོ། །རང་བཞིན་གསུམ་གྱི་ངོ་བོ་གང་བསྒོམས་པ་དེ་གསུམ་གྱི་རང་བཞིན་གྱི་ངོ་བོ་ནི་སེམས་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར། རང་བཞིན་གསུམ་གྱི་ངོ་བོ་སྒོམ་ཞེ་ན། །

མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་ཡུལ་ལ་གང་མི་ཤེས་པ་བྱིས་པ་རྣམས་ལ་ཡོད་པ་དེ་སྤང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་དག་ཀུན་བརྟགས་པའི་རང་བཞིན་གཟུགས་ལ་སོགས་པ་རྣམས་ལ་

དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གང་དག་འདུ་བྱེད་ཀྱི་བག་ཆགས་ཀྱི་རྒྱུ་ལས་སྐྱེ་བའི་སེམས་ལ་ཡང་རྒྱུ་མེད་པ་ཉིད་དུ་འདོད་པ་དེ་དག་ནི་གཞན་གྱི་དབང་གི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་

མེད་པ་ལ་གང་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་འདོགས་པར་བྱེད་པ་དེ་དག་ནི་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་ཡིན་ནོ། །མི་ཤེས་པ་གསུམ་པོ་དེ་ཡང་མདོ་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ། །དེ་ལྟར་ཡང་། བློ་ཡིས་རྣམ་པར་གཞིག་ན་ནི། །གཞན་དབང་

མེད་ཅིང་ཀུན་བརྟགས་མེད། །ཡོངས་སུ་གྲུབ་པའང་ཡོད་མིན་ནི། །ཇི་ལྟར་བློ་ཡིས་རྣམ་པར་བརྟག །ཅེས་གསུངས་སོ། །ཆོས་ཅན་བཀག་པ་ཉིད་ཀྱིས་ཆོས་རྣམས་བཀག་པ་ཡིན་ཏེ། དེ་ཡང་སློབ་དཔོན་གྱིས་ཡང་གཞུང་དེའི་རྗེས་སུ་འབྲང་ནས་དོན་དེ་ཉིད་རབ་ཏུ་བྱེད་པ་འདིས་

เล่ม ๑๐๘ · หน้า 63a

གཏན་ལ་ཕབ་སྟེ། འདི་ལྟར། མིང་དང་རིགས་སྩོགས་ཡོན་ཏན་ནོ། །ཆོས་རྣམས་བརྫུན་པ་གང་མཐོང་བ། །མཁའ་ལ་རི་མོ་འདྲི་བ་ལྟར། །ཕྱིན་ཅི་ལོག་གིས་དུབ་པ་ཡིན། །ཞེས་བྱ་བ་དེས་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན་ནོ། །འདི་

སྐད་དུ། ཁ་ལས་སྒྲ་ནི་ཅི་ཕྱིར་དང་། །རྫ་རྔ་ལས་ནི་ཡང་འབྱུང་བ། །ཐ་དད་པ་ཡི་རྒྱུ་འདི་ལས། །དངོས་པོ་དངོས་པོ་མེད་པར་སྣང་། །ཞེས་བྱ་བ་འདིས་ནི་གཞན་དབང་གི་ཡུལ་ལ་མི་ཤེས་པ་སྤོང་བ་ཡིན་ནོ། །འདི་ལྟར། འདིར་ནི་ཕྱི་ནང་ཅུང་ཟད་མེད། །ཕན་ཚུན་ལྟོས་པས་གྲུབ་པའི་

ཕྱིར། །བར་ན་མ་ཡིན་མེད་མིན་ཏེ། །སེམས་ཙམ་དུ་ནི་གནས་ཕྱིར་རོ། །ཞེས་བྱ་བ་འདིས་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན་ནོ། །དེ་བས་ན་འདི་ལྟར་སེམས་ཙམ་དུ་གསུངས་པའི་བཅོམ་ལྡན་འདས་ཉི་མ་ལྟ་བུས་མུན་པའི་ཚོགས་ལྟ་བུའི་མི་ཤེས་པ་གསུམ་མ་ལུས་པ་རིང་དུ་སྤངས་

པས་འགྲོ་བ་རྣམས་ངེས་པར་ལེགས་པ་ཐོབ་པར་མཛད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ཉིད་གཅིག་པུ་ཡིན་ན་ཇི་ལྟར་རང་བཞིན་གསུམ་གྱི་ངོ་བོའི་ཐ་སྙད་དུ་མི་འགྱུར་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར་བུམ་པ་གཅིག་རིམ་པ་བཞིན་ལྡོག་

པའི་དབྱེ་བས་ཡོད་པ་དང་། མི་རྟག་པ་དང་། བྱས་པ་ཞེས་བྱ་བར་བསྟན་ཏོ། །དེ་བཞིན་དུ་སེམས་ཙམ་ལ་ངོ་བོ་གསུམ་ཡིན་ཏེ། འདི་ལྟར་སེམས་གཉིས་སུ་མེད་པ་ལས་ལྡོག་པ་ཡང་འཁྲུལ་པའི་བག་ཆགས་རྗེས་སུ་འབྲེལ་བའི་ཀུན་བརྟགས་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱིའི་དོན་

ཉིད་དུ་སྣང་ངོ་། །གཞན་ཡང་མ་ཡིན་པའི་དོན་ལས་ལྡོག་པ་ལས་གཞན་དབང་གི་ངོ་བོ་ཉིད་དེ་བཞིན་ནོ། །གཟུང་བ་དང་འཛིན་པའི་ངོ་བོ་ཡོངས་སུ་མ་གྲུབ་པ་ལས་ལྡོག་པ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་ཤེས་པ་

གསུམ་སྤངས་པས་ཀུན་བརྟགས་ལ་སོགས་པ་མེད་པར་ཤེས་པ་ནི་མ་ཡིན་ཏེ། གོས་ཀྱི་དྲི་མ་བཀྲུས་པ་ནི་དྲི་མ་མེད་པས་གོས་མེད་པར་རྟོགས་པ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་ཡང་ཀུན་བརྟགས་པའི་ངོ་བོ་ཡོད་པར་འགྱུར་རོ་ཞེ་ན། དེ་སྙམ་དུ་དགོངས་ནས་སློབ་དཔོན་གྱིས། སྲིད་གསུམ་མཐའ་

เล่ม ๑๐๘ · หน้า 63b

རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཀུན་བརྟགས་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྤྲོས་པའོ། །སྲིད་གསུམ་མཐའ་རུ་བྱོན་ནི་འདོད་པ་དང་། །གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་པོ་དེ་དག་མཐར་མཛད་པས་ན་སྲིད་གསུམ་མཐའ་རུ་བྱོན་ནོ། །སྲིད་པ་གསུམ་

གྱི་མཐའ་རུ་བྱོན་པ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་དོ། །དེ་ལ་བསྡུས་ནས་ཏེ། རྣམ་པར་དཔྱད་པའི་རྗེས་སུ་འབྲངས་ན་སེམས་ཀྱི་རྣམ་པར་རྟོག་པ་ཙམ་ཉིད་དུ་རྟོགས་པའི་དངོས་པོའི་ངོ་བོ་ཉིད་དུ་ནི་མ་ཡིན་ནོ། །གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། །ཞེས་བྱ་བ་ནི་གལ་

ཏེ་ནི་བརྒྱ་ལའོ། །དེ་དག་ནི་རྣམ་པར་རྟོག་པ་ཙམ་མཆོག་ཏུ་འཛིན་པའོ། །གལ་ཏེ་དེ་དག་སེམས་ལས་ནི་ཤེས་པ་ལས་སོ། །མ་ལུས་པ་ནི་ཐམས་ཅད་དེ་བག་ཆགས་དང་བཅས་པའོ། །སྤངས་པ་ནི་བསལ་བར་གྱུར་པ་སྟེ། དེའི་ཚེ་དེ། ཡང་སྲིད་འཆིང་བའི་སྐྱེ་བ་ཡོད་མ་ཡིན། །ཞེས་སྨོས་

ཏེ། སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། ཡང་སྲིད་པར་འཆིང་བར་མི་འགྱུར་རོ། །དེ་ལྟར་ན་ཡང་། རྣམ་པར་རྟོག་པ་མ་གཏོགས་པར། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །དེས་ན་རྣམ་པར་མི་རྟོག་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །

ཞེས་གསུངས་པ་ཡིན་ནོ། །ད་ནི་སྲིད་པ་ཐར་པ་དག་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ་ནི། སྲིད་དང་ཐར་པ་ཡོངས་ཤེས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་དང་ཐར་པ་ནི་སྲིད་པ་དང་ཐར་པའོ། །དེ་དག་ཡོངས་སུ་ཤེས་པ་ནི་སྲིད་པ་

དང་ཐར་པ་ཡོངས་སུ་ཤེས་པའོ། །དེའི་ཕྱིར་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པའི་རྒྱུ་ལས་འབྲས་བུ་འབྱུང་བར་འགྱུར་བ་ཡིན་ནོ། །འབྲས་བུ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། དེ་སྤངས་ཐོབ་པའི་འབྲས་བུ་འབྱུང་། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བས་ནི་སྲིད་པ་དང་ཐར་པ་བཟུང་

ངོ། །དེ་ལྟར་ན་དོན་ནི་འདི་ཡིན་ཏེ། སྲིད་པ་ནི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྤངས་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་ལ། ཐར་པ་ནི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བ་ཞེས་བྱའོ། །ཡོངས་སུ་ཤེས་པ་དེ་ཡང་ཇི་སྲིད་འབད་པ་མཆོག་གིས་

เล่ม ๑๐๘ · หน้า 64a

རིག་པ་རྟོགས་པར་བྱས་ན། དེ་སྲིད་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པ་མི་འབྱུང་ངོ་། །ཡོངས་སུ་ཤེས་པ་མེད་པས་དེ་སྤངས་པ་འཐོབ་པའི་འབྲས་བུ་འབྱུང་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་

པ་ཡིན། ཞེས་བྱ་བ་སྨོས་ཏེ། བློ་གྲོས་བཟང་པོ་གང་ལ་ཡོད་པ་དེ་ནི་བློ་གྲོས་བཟང་པོའོ། །བློ་གྲོས་བཟང་པོ་དེ་དག་ཐམས་ཅད་ནང་གི་བདག་ཉིད་སེམས་ལ་བརྩོན་པ་ཡིན་ནོ། །ནང་གི་སྒྲ་ནི་ནང་རིག་པ་ལ་བྱའོ། །དེ་ཐོས་པ་དང་བསམ་པ་དང་བསྒོམ་པ་ནི་སེམས་པའོ། །བརྩོན་པ་ནི་

དེའི་དོན་དུ་བརྩོན་པ་སྟེ། གང་གོམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པ་ཕྱིན་ཅི་མ་ལོག་པར་དེ་དག་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་བ་དང་ཐར་པ་དག་ལུང་གི་རྗེས་སུ་འབྲངས་ཏེ་བསྡུས་ནས་མདོའི་གནས་ཀྱི་མཚན་ཉིད།

འདོད་ཆགས་ལ་སོགས་དྲིར་བཅས་སེམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དང་པོར་གང་དག་ལ་ཡོད་པ་དེ་ནི་འདོད་ཆགས་སོ། །སྩོགས་པ་སྨོས་པས་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་བཟུང་ངོ་། །བག་ཆགས་ཀྱི་དབང་གིས་དེ་དང་དེ་དག་གི་འདོད་ཆགས་

ལ་སོགས་པའི་དྲི་མས་བསྒོས་པའི་སེམས་ལ་འཁོར་བ་ཞེས་བྱ་བར་བརྗོད་དོ། །སེམས་དེ་ཉིད་ལས་ལམ་བསྒོམས་པས་འདོད་ཆགས་ལ་སོགས་པས་དབེན་པ་ཉིད་དེ་དག་མདོར་བསྡུས་པ་ནི་རྒྱ་ཆེ་བ་མ་ཡིན་པར་ཐར་པ་ཡིན་པར་གསུངས་སོ། །གང་གིས་གསུངས་ཤེ་ན། སྒྲིབ་པ་སྤངས་པའི་

རྒྱལ་བ་ཡིས། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་དག་ལ་སྤངས་པ་མངའ་བ་དེ་དག་ནི་སྒྲིབ་པ་སྤངས་པའོ། །དེ་ལྟ་བུ་དེས་གསུངས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་རྣམས་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་འབའ་ཞིག་ངེས་པར་འགྱུར་བས་དེ་ལྡོག་

པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཅན་ནི་ལུས་དང་ལྡན་པ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་དེ་དག་ནི་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོར་རྟོགས་པར་བྱའོ། །དེ་བས་ན་དེ་དག་དོན་དམ་པར་ཡོད་པ་ནི་མ་

เล่ม ๑๐๘ · หน้า 64b

ཡིན་ནོ། །གལ་ཏེ་གང་དག་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་གཟུགས་ལ་སོགས་པའི་ཆོས་དེ་དག་ཀྱང་ཐ་དད་པས་དོན་དམ་པར་ཡོད་པའི་ཕྱིར་སེམས་ཙམ་ཉིད་དུ་མི་འགྲུབ་བོ་ཞེ་ན། གང་གིས་ཆོས་ནི་གཞན་དག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་

བསྡུ་བའོ། །འདོད་ཆགས་པ་འབའ་ཞིག་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོ་མ་ཡིན་གྱི། གཟུགས་ལ་སོགས་པའི་ཆོས་གང་ཅི་སྲིད་པའོ། །བྱིས་པ་ནི་མི་མཁས་པའོ། །བརྫུན་བདག་ཉིད་ནི་ལོག་པར་ལྟ་བས་ཡོངས་སུ་བཟུང་བ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་

བརྟགས་པ་དེ་དག་ཀྱང་སེམས་ཀྱི་ཀུན་རྟོག་པ་ཙམ་གྱི་ངོ་བོར་བལྟ་བར་བྱའོ། །གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་ན་དྲི་ཟའི་གྲོང་ཁྱེར་ལྟ་བུར་དོན་དམ་པའི་ངོ་བོར་མི་རུང་བའི་ཕྱིར། དེ་བཞིན་སོ་སོའི་བདག་ཉིད་ཡོད་པ་རྙེད་པར་མི་འགྱུར་ཏེ། དེ་བས་ན་ཀུན་བརྟགས་

པའི་རང་བཞིན་ཡིན་ནོ། །ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་དེ་དག་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་དོན་དམ་པར་གང་ཞིག་ལས་འགྱུར། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་རྣམ་པར་རྟོག་པའི་ངོ་བོ་ཡིན་པར་རྣམ་པར་

དཔྱད་པའི་སྒོ་ནས་མེད་པར་བསྟན་ནས། དོན་དམ་པའི་བདེན་པ་རྣམ་པར་རྟོག་པ་ཐམས་ཅད་དང་འབྲེལ་བ་མེད་པས་གཅིག་ཏུ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ཕྱིར། འདི་སྐད་དུ། དམ་པའི་དོན་གྱི་རྟོག་པ་ལའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་འང་གི་སྒྲ་ནི་བསྡུས་

པ་ཡིན། འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་དོན་དམ་པར་མེད་པས་རྣམ་པར་རྟོག་པ་ཐམས་ཅད་སློབ་དཔོན་གྱིས་བཀག་གི་འབའ་ཞིག་ནི་མ་ཡིན་ནོ། །ཇི་སྲིད་དོན་དམ་པ་ལའང་ཐོབ་པ་དང་དཔྱོད་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཤིན་ཏུ་མེད་པའི་

ཕྱིར་དགག་པ་ཉིད་བརྗོད་པར་བཞེད་པ་ཡིན་ཏེ། དོན་དམ་པ་བདག་གིས་རྟོགས་ཟིན་ཏོ། །བདག་གིས་རྟོགས་སོ། །བདག་གིས་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། འདི་ལྟར་རྟོགས་པར་བྱ་བ་དང་། རིག་པ་དང་། རིག་པར་བྱེད་པ་ལ་སོགས་པ་མཐའ་ཡས་པ་རྣམ་པར་རྟོག་པའི་ཞེན་པ་ནི་

เล่ม ๑๐๘ · หน้า 65a

དོན་དམ་པ་རིག་པའི་མཁས་པས་མཐའ་ཡས་པའི་ཆགས་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བའི་རྒྱུར་ཡང་རྟོགས་སོ། །གང་གི་ཕྱིར་དེ་ལྟ་བས་ན་དོན་དམ་པ་རིག་པས་གནས་པར་མི་བྱ་ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དགེ་བའི་དོན་ལ་ཡང་རྟོགས་

པའི་དོན་གྱིས་འཁོར་བའི་རྒྱུར་འགྱུར་ལ། མི་དགེ་བ་ཡང་རྣམ་པ་དེ་བཞིན་དུ་ཡིན་ནོ། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །ཅེས་བྱ་བ་ནི་དོན་དམ་པའི་ཡུལ་ལམ་དོན་དམ་པ་མ་ཡིན་པའི་ཡུལ་དུ་རྟོག་པ་དེ་ལའོ། །གཉི་ག་ལ་ཡང་ལམ་མཐུན་པ་ཡིན་ཏེ། བརྟགས་པ་ཉིད་ཡིན་པའི་

ཕྱིར་རོ། །ད་ནི་སྔར་གསུངས་པའི་དོན་དཔེས་བསྟན་པའི་ཕྱིར། རྟེན་གྱི་དབྱེ་བ་ལ་བརྟེན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེའི་བསྲེག་པའི་མཚན་ཉིད་ནི་བུད་ཤིང་ཡིན་མོད་ཀྱི། རྩ་བ་དང་ལོ་མའི་དབྱེ་བས་དེའི་སྲེག་པ་ཉིད་དུ་ནི་བྱེ་བྲག་མེད་དོ། །བསིལ་བའི་ངོ་བོ་ཙན་དན་གྱི་མེ་

འདིས་ཀྱང་རེག་པ་ཙམ་གྱིས་ཏེ། རེག་པའི་སྤྱོད་ཡུལ་དུ་གྱུར་པས་སྲེག་པ་ཉིད་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་ཡུལ་གྱི་རྟོག་པ་ལ་ཡང་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་དོན་དམ་པའི་རྣམ་པར་རྟོག་པ་ལ་ཡང་ཞེན་པར་མི་བྱ་ཞེ་ན། ཐམས་ཅད་ཉིད་དུ་སྤང་བར་བྱ། །ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་མ་ལུས་པའོ། །འདི་ལྟར་འཁོར་བའི་རྣམ་པར་རྟོག་པ་རགས་པ་འབའ་ཞིག་ནི་མ་ཡིན་གྱི། དོན་དམ་པའི་ངོ་བོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཐོབ་པའམ། མི་འཐོབ་པའི་རྒྱུ་མཚན་ཕྲ་མོ་ཇི་སྙེད་པའང་སྤང་བར་བྱའོ་ཞེས་བྱ་བའི་

དོན་ཏོ། །རྟོག་པ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། འཁྲུལ་པའི་ངོ་བོ་ཞེས་བྱ་བ་སྟེ། སྒྱུ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར། སེམས་ནི་མངོན་པར་བསླད་པ་ཡིན། །ཞེས་པ་ནི་དེ་ཁོ་ན་ཉིད་ལ་གེགས་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་འཁྲུལ་

པའི་ངོ་བོ་ཇི་ལྟ་བུ་ཡིན། གང་གི་ཕྱིར་དེ་རྟོག་པ་དང་མཚུངས་པ་དེའི་ཕྱིར་དགག་པའི་དཔེས་དེའི་ངོ་བོ་བསྟན་པའི་ཕྱིར། འཁྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །དེས་ན་འཁྲུལ་པ་མ་དག་པའི་ཕྱིར། མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། །ཞེས་བྱ་བ་ནི་མིག་

เล่ม ๑๐๘ · หน้า 65b

འཕྲུལ་གྱི་སྤྲོས་པ་ལྟ་བུར་སྣང་བ་ཡིན་ནོ། །རྣམ་འཕྲུལ་ནི་ཡང་དག་པར་བྱུང་བའོ། །ཇི་ལྟར་མིག་འཕྲུལ་མཁན་གྱིས་དེའི་ངོ་བོ་མ་ཡིན་པའི་ས་ལ་སོགས་པའི་དངོས་པོ་གླང་པོ་ལ་སོགས་པའི་དངོས་པོར་སྣང་བ་དེ་བཞིན་དུ་གཉིས་སུ་མེད་པའི་རང་བཞིན་གྱི་སེམས་ཀྱང་འཁྲུལ་པའི་དབང་གིས་གཉིས་ཀྱི་ངོ་བོར་སྣང་

བ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་མིག་འཕྲུལ་གྱི་ངོ་བོ་དེ་ཤིན་ཏུ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། མིག་འཕྲུལ་ཡང་ཞེས་བྱ་བ་སྨོས་ཏེ། མིག་འཕྲུལ་ཡང་སེམས་འཁྲུལ་པ་ཙམ་དུ་ཤེས་པར་བྱ་སྟེ་ཁོང་དུ་ཆུད་པར་བྱའོ། །ཡང་མིག་འཕྲུལ་ཞེས་བྱ་བ་དངོས་པོ་ཆུང་ཟད་ཀྱང་མེད་དེ་གང་གི་ཕྱིར་དེའི་

ངོ་བོ་རྣམ་པ་དཔྱད་པའི་སྒོ་ནས་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ད་ནི་འཁྲུལ་པ་བཀག་ནས་སེམས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་བསྟན་པའི་ཕྱིར། དེ་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་བསྟན་མ་ཐག་པའི་རྣམ་པས་སོ། །རང་བཞིན་མེད་པའི་འཁྲུལ་པ་དང་སེམས་ཀྱི་རང་

རིག་ཙམ་ལྷན་ཅིག་གཉིས་སུ་མེད་པར་བལྟའོ། །ཇི་ལྟར་འཁྲུལ་པ་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་མེད་པ་དེ་བས་ན་སེམས་ཀྱི་དེ་དང་དེ་གཉིས་སུ་མི་རིགས་པའི་ཕྱིར་གཉིས་སུ་མེད་པར་བལྟའོ། །འཁྲུལ་པ་མི་དམིགས་པའི་ཕྱིར་སེམས་ཉིད་གཅིག་ཏུ་གྲུབ་བོ། །འདི་ལྟར་མོ་གཤམ་གྱི་བུ་དང་

རི་བོང་གི་རྭ་གཉིས་ལས་མོ་གཤམ་གྱི་བུ་མི་དམིགས་པའི་ཕྱིར་མོ་གཤམ་རང་ཉིད་གཅིག་པུ་ཁོ་ན་གྲུབ་པོ། །དེ་ལྟར་རི་བོང་གི་རྭ་མི་དམིགས་པ་ཉིད་ཀྱི་ཕྱིར་རྭ་དང་འབྲེལ་པ་མེད་པའི་ངོ་བོ་རྭས་དབེན་པ་རང་ཉིད་གཅིག་པུ་གྲུབ་པོ། །དེ་བཞིན་དུ་འཁྲུལ་པ་མི་དམིགས་པའི་ཕྱིར་ཤེས་པ་གཅིག་པུ་

ཉིད་གྲུབ་པོ། །གཉིས་སུ་མེད་པ་ནི་དེའི་ངང་ཚུལ་དུ་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁྲུལ་པ་དགག་པར་བྱས་ནས་སེམས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་བསྟན་པའི་ཕྱིར། དབུ་མའི་ཞེས་བྱ་བ་སྨོས་ཏེ། དེ་ཉིད་དུ་གཉིས་སུ་མེད་པར་བསྟན་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་

པ་ནི་དབུ་མའི་ལམ་དུ་ཤེས་པར་བྱའོ། །འདི་ལྟར་ཡོད་པ་མ་ཡིན་པའི་བདག་ཉིད་ཡང་ཕྱིའི་དོན་གཟུང་བ་དང་འཛིན་པ་ཉིད་དུ་ལྷག་པར་སྒྲོ་འདོགས་པ་ནི་སྒྲོ་བཏགས་པའོ། །གཉིས་སུ་མེད་པའི་ཤེས་པ་ཁས་མི་ལེན་པ་ནི་སྐུར་པ་འདེབས་པ་ཡིན་ནོ། །གང་གཉིས་པོ་དེ་དག་དང་བྲལ་

เล่ม ๑๐๘ · หน้า 66a

བ་ནི་དབུ་མའི་ལམ་ཞེས་བྱའོ། །དེ་ཉིད་གཉིས་སུ་མེད་པར་ལྟ་བ་སེམས་ཀྱི་གཉིས་སུ་མེད་པའི་ངོ་བོ་མཐོང་བ་ནི་ཆོས་ཉིད་དེ་ཆོས་ཀྱི་བདག་ཉིད་མེད་པ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པའི་ཆོས་རྣམས་བདག་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་

ལྟར་ཡང་དག་ཏུ་འཛིན་པ་བཟློག་པའི་ཕྱིར། ཕུང་པོ་ཁམས་ལ་སོགས་པ་བསྟན། །དེ་ཡང་བཟློག་ནས་སྐལ་ལྡན་ལ། །སེམས་ཙམ་དུ་ནི་རྣམ་པར་གཞག །ཅེས་གསུངས་པ་ཡིན་ནོ། །ཡང་དག་པ་དང་བདེན་པའི་མཐའ་ནི་མཐར་ཐུག་པའོ། །དེ་བས་ན་དེ་ལ་ཡང་དག་པའི་མཐར་ཞེས་

བསྟན་ཏོ། །དེ་ཉིད་ལས་གཞན་མེད་པའི་ཕྱིར་དེ་བཞིན་ཉིད་དོ། །དེ་ཉིད་གཉིས་ཀྱིས་སྟོང་པས་ན་སྟོང་པ་ཉིད་དོ། །དེ་བཞིན་དུ་ཆོས་རྣམས་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་དོ། །རྣལ་འབྱོར་པ་རྣམས་ཞི་གནས་དང་ལྷག་མཐོང་དང་ལྡན་པས་ངེས་པར་གྲོལ་བ་ནི་གྲོལ་བ་ཡིན་ནོ། །དེ་ཉིད་རྣམ་

པར་རིག་ཙམ་ཉིད་ནི། ཕྱི་རོལ་གྱི་དོན་བཀག་པ་ཡིན་ནོ། །དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རིང་བ་དང་ཉེ་བ་བཀག་པའི་སྒོ་ནས་ཐོབ་པ་དང་མཐོང་བ་བསྟན་པའི་ཕྱིར། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་སེམས་ཉིད་དེ་བཞིན་ཉིད་ཀྱི་སྒྲར་

བརྗོད་དོ། །དེ་གཉིས་ཀྱིས་དབེན་པ་ཉིད་ཀྱིས་ཆོས་ཐམས་ཅད་ནང་དུ་ཆུད་པའི་ཕྱིར་དེའི་ནང་དུ་ཆུད་པ་ཡིན་ནོ། །དེའི་ཕྱིར་རིང་བ་མ་ཡིན་ཏེ། རིང་བ་ན་གནས་པར་གྱུར་པ་མ་ཡིན་ནོ། །འོན་ཀྱང་རྣལ་འབྱོར་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མ་ཤེས་པ་ཕྱིར་ཐོབ་པར་མི་འགྱུར་རོ། །གང་

གི་ཚེ་དགའ་བ་ཆེན་པོས་དེའི་ཟག་པ་རྣམས་ཟད་པས་སངས་རྒྱས་པར་གྱུར་པ་དེའི་ཚེ་ཉེ་བ་མ་ཡིན་པས་ཉེ་བའང་མིན་ནོ། །འདི་ལྟར་གཉིས་སུ་མེད་པའི་ངོ་བོ་དེ་ཉིད་ལ་གཉིས་ཀྱི་རྣམ་པར་བྱིས་པ་རྣམས་འཁྲུལ་པས་ངོ་བོ་དཔྱད་པར་མི་ནུས་ཏེ། ངེས་པ་ཉིད་དུ་མི་ནུས་ཞེས་བྱ་བའི་དོན་ཏོ། །

དེའི་ཕྱིར་འདི་བྱིས་པ་རྣམས་ཀྱིས་ཐོབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འོ་ན་སུ་ཞིག་གིས་དེ་རང་གིས་རིག་ཅེ་ན། རང་རིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་གཟིགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོ་ཕྲ་བ་རྣམས་གཟུགས་ཏེ། དེ་དག་གིས་དེ་རང་གིས་རིག་པ་

เล่ม ๑๐๘ · หน้า 66b

ཡིན་ནོ། །རང་ལ་གནས་པ་ནི་ཡང་རང་གི་སེམས་ལ་གནས་པའོ། །བདག་འདྲ་བ་ཤེས་རབ་རྩིངས་པས་མཐོང་བ་མེད་ཅེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་སངས་རྒྱས་དེ་རྣམས་ཀྱིས་རང་གིས་རིག་ཅེ་ན། ཕྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སངས་རྒྱས་དེ་དག་གི་རང་བཞིན་ཕྲ་བ་ཡིན་ཏེ། དེ་

ལྟ་བས་ན་ཕྲ་བ་ཉིད་རང་གིས་རིག་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཟག་པ་རྣམས་ཟད་པས་གཉིས་སུ་མེད་པ་དེ་བཞིན་ཉིད་ཤིན་ཏུ་ཕྲ་བ་ཉིད་སངས་རྒྱས་རྣམས་ཀྱི་ཡུལ་དུ་གྱུར་པས་དབང་པོ་ལས་འདས་པ་གཟིགས་ཀྱི། ཕྱི་རོལ་གཟིགས་པ་མེད་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་རྣམས་

ཐར་པ་ཐོབ་པ་དཀའོ་སྙམ་དུ་བརྒྱ་ལ་སོགས་པ་དེ་བསལ་བའི་ཕྱིར་ནམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་རིག་པས་ན་རྣལ་འབྱོར་རིག་པའོ། །དེས་ནམ་ཡང་རྣམ་པ་འགའ་ཞིག་ཏུ་ཡང་ཐར་པ་རིང་པོ་ན་གནས་པར་འགྱུར་སྙམ་མི་བསམ་མོ། །འདི་ལྟར་སེམས་དེ་ཉིད་ཀུན་ཏུ་བརྟགས་

པའི་ཆོས་ཀྱིས་དབེན་པ་མ་ཡིན་པ་ནི་འཁོར་བ་ཉིད་དུ་ཤེས་ལ། ཆོས་དེ་དག་ཉིད་ཀྱིས་སྟོང་པ་ནི་མྱ་ངན་ལས་འདས་པར་ཤེས་པའོ། །གང་གི་ཕྱིར་རང་དངོས་ཉིད་དེས་མཐོང་བ་ནི་མྱ་ངན་ལས་འདས་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། སེམས་དེ་ཉིད་དྲི་མ་དང་བཅས་པ་དང་། དྲི་

མ་མེད་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདས་པར་བཞག་གི །དེ་ལས་མ་གཏོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་འགའ་ཡང་མི་དམིགས་སོ་ཞེས་བྱ་བ་ཡིན་ནོ། །འཁྲུལ་པ་ཐ་དད་པ་ཀུན་ཏུ་བརྟགས་པ་ཇི་སྲིད་རིགས་པ་དང་ལུང་གིས་དགག་པར་མ་བྱས་པ་དེ་སྲིད་

དུ། སེམས་གཉིས་སུ་མེད་པའི་ངོ་བོ་ཇི་ལྟར་འགྲུབ། དེ་ལྟ་བས་ན་དང་པོར་རྒྱ་ཆེར་དེ་དགག་པའི་ཕྱིར། ཉི་ཆུ་རབ་རིབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་ཆུའི་སྒྲ་ནི་སྨིག་རྒྱུའི་ཆུ་ལ་བྱའོ། །ལྷག་མ་ནི་ཁོང་དུ་ཆུད་པར་སླའོ། །ཉི་ཆུ་རབ་རིབ་ལ་སོགས་པའི་འཁྲུལ་པའི་དཔེ་འདི་དག་གིས་

འཁྲུལ་པ་ཐ་དད་པ་ཀུན་བརྟགས་པ་དགག་པའི་ཕྱིར་གཉིས་སུ་མེད་པ་སེམས་ཙམ་དུ་སྨྲ་བ་རྣམས་ལ་དགོས་པར་འགྱུར་བ་ཡིན་ནོ། །འདི་ལྟར་དེའི་རིགས་པ་བརྗོད་པར་བྱ་སྟེ། སྣང་བ་ཙམ་ཉིད་དུ་བརྟགས་པའི་དོན་འགྲུབ་པར་ནི་མི་རིགས་ཏེ། གཞན་དུ་ན་ཉི་ཆུ་རབ་རིབ་ལ་སོགས་པའི་འཁྲུལ་པ་

เล่ม ๑๐๘ · หน้า 67a

རྣམས་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་སྣང་བའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རྒྱུ་མཚན་མཚུངས་པའི་རྒྱུ་མཚན་ཅན་ལ་བྱེ་བྲག་ཅུང་ཟད་མི་དམིགས་སོ། །འདི་ལྟར་རྨི་ལམ་ལ་སོགས་པ་ལ་ཡང་དོན་དུ་སྣང་མོད་ཀྱི་དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་

ན་སྣང་བ་ཙམ་གྱི་ཕྱིའི་དོན་ཡོད་པར་མི་འགྲུབ་བོ། །འཁྲུལ་པ་གཞན་ཀུན་བརྟགས་དང་འཁྲུལ་པ་རྣམས་ཁྱད་པར་མེད་པའི་ཕྱིར་དེ་དག་གིས་འཁྲུལ་པ་གཞན་ཀུན་བརྟགས་པ་ཇི་ལྟར་དགག་པར་རིགས་པ་མ་ཡིན་ནམ། མོ་གཤམ་གྱི་བུས་རི་བོང་གི་རྭ་དགག་པར་བྱ་བར་མི་ནུས་སོ། །དེ་ལྟར་ནི་མ་

ཡིན་ཏེ་ཕྱིའི་དོན་དུ་མངོན་པར་ཞེན་པའི་དུག་གིས་སེམས་བསླད་པས་ཁྱད་པར་མེད་པའི་ངོ་བོ་མི་སྣང་གི་འོན་ཀྱང་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་དུའོ། །དེའི་ཕྱིར་བྱིས་པ་དེ་རྣམས་ཀྱི་དངོས་པོར་འཛིན་པ་དེ་དག་གིས་སེལ་བར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེས་ཀྱང་སེལ་བར་མི་

རིགས་ཏེ། འཁྲུལ་པ་ནི་དངོས་པོ་མེད་པའི་ཕྱིར་དང་། མེད་པ་བྱ་བ་བྱེད་པ་མི་སྣང་བའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་ཏེ། འདི་ནི་མཐོང་བ་ཁོ་ན་སྟེ། འདི་ལྟར་ཕ་མེད་པས་བུ་ཤིའོ་ཞེས་བྱ་བ་དང་། ཆར་མེད་པས་འབྲུ་ཉམས་ཞེས་བྱ་བ་ལྟ་བུའོ། །དོན་རྣམས་བརྫུན་པ་ཡིན་ན་བྱིས་པ་

རྣམས་ལ་ཅིའི་ཕྱིར་ཕྱིའི་དོན་སྣང་ཞེ་ན། ཡུལ་དུ་ཀུན་བརྟགས་དེ་དང་དེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་དེས་ནི་རྣམ་པ་དུ་མ་ཐོག་མ་མེད་པའི་དུས་སུ་གོམས་པའི་ཡུལ་དུ་ཀུན་ཏུ་རྟོག་པས་གཟུགས་ལ་སོགས་པའི་ཀུན་བརྟགས་པས་སེམས་འཁྲུགས་པས་ད་ལྟར་ཡང་དེའི་

བག་ཆགས་ཀྱི་ཤུགས་ཏེ་བག་ཆགས་ཀྱིས་འབྱུང་བའོ། །རྨི་ལམ་གཏན་པ་མེད་པ་ལ་དོན་དུ་སྣང་བ་དེ་དག་ལ་སྐྱེའོ། །ཡང་ཅི་ཉིན་པར་སད་པའི་གནས་སྐབས་ན་སྐྱེ་བ་ལྟ་ཅི་སྨོས། དེ་ལྟ་བས་ན་དེ་ཉིད་ཀྱི་ཕྱིར། མི་བཟད་པ་ཡི་བག་ཆགས་དུག །ཅེས་བྱ་བ་སྨོས་ཏེ། འདི་ལྟར་དུག་

ཟིན་པ་འགའ་ཞིག་ལ་སེར་པོའི་དངོས་པོ་མེད་ཀྱང་སེར་པོའི་དངོས་པོར་སྣང་བ་སྐྱེའོ། །དེ་བཞིན་དུ་བག་ཆགས་ཀྱི་དུག་གིས་ཟིན་པས་ཕྱིའི་དོན་མེད་ཀྱང་དེར་སྣང་བ་སྐྱེ་བ་ཉིད་དོ། །འོན་ཀྱང་འདི་ཙམ་གྱི་ཁྱད་པར་ཡོད་དེ། དུག་གིས་ཟིན་པ་ནི་སྔགས་ལ་སོགས་པས་དུག་ཞིག་པར་ནུས་ཀྱི།

เล่ม ๑๐๘ · หน้า 67b

ལམ་སྒོམ་པ་ལ་མི་ཕྱོགས་པས་ནི་བག་ཆགས་ཀྱི་དུག་ཞི་བར་མི་ནུས་སོ། །དེ་ལྟ་བས་ན་དུག་སྔ་མ་ལས་དུག་འདི་ནི་མི་བཟད་པ་ཡིན་ནོ། །ད་ནི་ཕྱིའི་དོན་དུ་མངོན་པར་ཞེན་པ་རྣམས་ནི་ཤེས་པར་བསྟན་པའི་ཕྱིར། ཨེ་མའོ་བརྫུན་པའི་རྣམ་རྟོག་གི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་

མའོ་ཞེས་བྱ་བ་ནི་ངོ་མཚར་ཏོ། །བརྫུན་ནི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བའོ། །རྒྱུན་ནི་འཇུག་པའོ། །སྟུག་པོ་ནི་མཐུག་པོ་ཉིད་དོ། །གང་གི་ཕྱིར་དེའི་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ། རྨི་ལམ་ལས་ཀྱང་རྨི་ལམ་གཞན་གྱི་རྟོག་པ་སྟེ། མི་ཤེས་པ་གཉིད་

ཀྱིས་ལོག་པའི་འཇིག་རྟེན་རྣམས་ལ་མེད་པའི་དོན་སྣང་བ་ཉིད་ནི་རྨི་ལམ་ཡིན་པར་གྲག་གོ། །རྨི་ལམ་གྱི་གནས་པ་དེ་ལ་ཡང་རྨི་ལམ་གཞན་གྱི་རྟོག་པ་གང་བརྟེན་པ་དེ་རྣམས་ནི་ཤིན་ཏུ་མི་བརྟན་པ་ཉིད་དོ། །འདིར་དཔེ་བསྟན་པའི་ཕྱིར། ཆུ་བུར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཆུ་བུར་གྱི་སྟེང་དུ་ཆུ་

བུར་གཉིས་པས་གནོད་པའི་བདག་ཉིད་ཅན་དེ་བཞིན་དུ་རྨི་ལམ་གཞན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་སྔ་མ་མེད་ན་རྨི་ལམ་ཕྱི་མ་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། གང་གི་ཕྱིར་རྨི་ལམ་ལྟ་བུའི་རྨི་ལམ་མོ། །ཇི་ལྟར་ཞེ་ན། དོན་མེད་པ་སྣང་བ་དང་འདྲ་བའི་ཕྱིར་རོ། །འདྲ་བ་ཡང་གཉིས་ལ་གནས་

པར་འགྱུར་བ་ཡིན་ཏེ། བ་ལང་དང་བ་མེད་པ་བཞིན་ནོ། །དེས་ཀྱང་རྨི་ལམ་གཞན་མེད་པས་འདྲ་བ་མེད་པའི་ཕྱིར་འདོད་པའི་དངོས་པོ་མི་འགྲུབ་པོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་གྱི་རྨི་ལམ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་

དགོངས་པ་ནི་འདིར་འདི་ཡིན་ཏེ། གང་གིས་དཔེ་ཉིད་དུ་རྨི་ལམ་བསྟན་པ་དེ་དག་གི་གཞུང་མི་འདོད་པ་འགྲུབ་པ་མེད་དོ། །ཡང་གང་དག་ཕྱིའི་དོན་བཞིན་དུ་རྨི་ལམ་དུ་མཐོང་བའི་དོན་ཡང་ཡོད་པ་ཉིད་དུ་འདོད་པ་དེ་དག་ལ་རྨི་ལམ་གཞན་གྱིས་གནོད་པ་ཡིན་ཏེ། ཆུ་བུར་གྱི་སྟེང་དུ་ཆུ་བུར་བཞིན་

ནོ། །དེ་ལྟར་ཡང་སློབ་དཔོན་གྱིས། །རྨི་ལམ་དུ་མཐོང་ཡོད་ཡིན་ལ། །དངོས་པོ་བཟུང་བའི་སྟོབས་ཡིན་ན། །གཞོན་ནུ་མ་སྦྲུམ་བུ་ཐོབ་པ། །སྣང་ཕྱིར་འདི་ནི་མི་རིགས་སོ། །ཞེས་ཕྱིས་འཆད་པར་འགྱུར་རོ། །བྱིས་པ་རྣམས་ལ་མེད་བཞིན་དུ་སྣང་བ་སྐྱེ་བ་ཅིའི་ཕྱིར་ཞེ་ན། ཡང་དག་

เล่ม ๑๐๘ · หน้า 68a

མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རིག་པའི་དབང་གིས་དེ་དག་ལ་མེད་པ་སྣང་བར་འགྱུར་རོ། །ཡང་དག་པ་ནི་ཡང་གཉིས་མེད་པའི་དོན་དམ་པ་བསྒྲིབས་ནས་གནས་ཏེ། དེ་འགེབས་པར་བྱེད་པ་ཡིན་ནོ། །འདི་ལྟར་མ་རིག་པ་ཡང་དག་པ་མ་ཡིན་པའི་དོན་

བསྐྱེད་པ་ཉིད་ནི་བརྫུན་པ་ཉིད་དེ་སྣང་བར་བྱེད་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། མིག་སེར་ཞེས་བྱ་བ་སྨོས་ཏེ། དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པས་དུང་དཀར་པོ་ལ་ཡང་དག་པ་མ་ཡིན་པའི་དོན་སེར་པོའི་དངོས་པོ་ཉིད་དུ་སྣང་ངོ་། །དེ་བཞིན་དུ་མ་རིག་པའི་རྒྱུས་འདི་ཡིན་གྱི་ཕྱིའི་དོན་ནི་

མེད་དོ། །ཕྱིའི་དོན་ཐ་དད་པ་མེད་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་དོན་གྱི་རྣམ་པར་སྣང་བ་ཞེས་རྣལ་འབྱོར་སྤྱོད་པ་པ་སྨྲ་བས། དེ་བས་ན་དེའི་གཞུང་གིས་དོགས་པ་བསྡུ་བའི་ཕྱིར། ཐ་དད་མིན་པའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་མིན་པའང་ནི་གཉིས་མེད་པའི་ངོ་བོའི་ཡང་སེམས་

བག་ཆགས་ཀྱི་དབང་གིས་ཐ་དད་དེ། གཟུང་བ་དང་འཛིན་པའི་བྱེ་བྲག་ཏུ་གསལ་བར་སྣང་ངོ་། །དེ་བཞིན་དུ་ཕྱི་རོལ་མིན་པའང་ཕྱིའི་དངོས་པོ་ཉིད་རྣམ་པ་དུ་མ་སྔོན་པོའི་ངོ་བོ་ལ་སོགས་པའི་རྣམ་པའི་དྲི་མས་བསྒྲིབས་པར་སྣང་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གཟུང་བ་དང་

འཛིན་པའི་དབྱེ་བས་སེམས་གཉིས་ཀྱི་ངོ་བོ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། ཕྱིའི་དོན་མངོན་སུམ་དུ་དམིགས་པ་ཇི་ལྟར་མེད་པ་བཞིན་དུ་གནས་མ་ཡིན་ནམ། གང་གི་ཕྱིར་ཉི་མ་ལ་སོགས་པ་ཕྱིའི་དངོས་པོ་ཉིད་མངོན་སུམ་དུ་དམིགས་པ་འདི་ཇི་ལྟར་དེ་དག་མེད་པ་ཡིན་སྙམ་པ་ལ། ཉི་མ་ཟླ་བ་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མ་ལ་སོགས་པ་ཕྱིའི་དངོས་པོ་ནི་མ་ཡིན་ཏེ། འོན་ཀྱང་འདི་དག་སེམས་ཀྱི་སྤྲུལ་པའོ་ཞེས་བྱ་བ་ནི་སེམས་ཉིད་དེའི་རྣམ་པར་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ། །ཉི་མ་ལ་སོགས་པ་འབའ་ཞིག་ནི་མ་ཡིན་གྱི། ཁམས་གསུམ་པོ་འདི་དག་པར་ནི་འདོད་པ་དང་གཟུགས་

དང་། གཟུགས་མེད་པའི་ཁམས་གསུམ་ནི་ཁམས་གསུམ་པོའོ། །དེ་དག་གི་ཚད་ནི་ཇི་ཙམ་ཞེ་ན། སྲིད་པའི་རྩེ་མོས་ཞེས་བྱ་བ་སྨོས་ཏེ། སྲིད་པའི་རྩེ་མོས་ཡོངས་སུ་གཅད་པའི་བར་དུའོ། །འདི་སྐད་དུ། འདུ་ཤེས་ཡོད་མིན་མེད་མིན་གྱི་བར་འདི་དག་ཐམས་ཅད་སེམས་ཅན་དང་

เล่ม ๑๐๘ · หน้า 68b

སེམས་ཅན་མ་ཡིན་པའི་གྲངས་ཇི་ལྟར་སྣང་བ་སྟེ། དམིགས་པ་འདི་ཐམས་ཅད། རྣམ་ཤེས་དུག་གི་ཐིག་ལེ་ཡིན། །ཐིག་ལེ་དང་འདྲ་བར་ཁྱབ་ཅེས་བྱ་བའི་དོན་ཏེ། དུག་གི་སྒྲ་སྨོས་པ་ནི་སློབ་དཔོན་རྣལ་འབྱོར་སྤྱོད་པའི་གཞུང་མི་བཞེད་པར་ཟུར་གྱིས་སྟོན་པའི་དོན་ཏོ། །ད་ནི་རྣལ་

འབྱོར་སྤྱོད་པ་པ་ལ་སྤྱིའི་དོན་དུ་སྨྲ་བས། གལ་ཏེ་སྣང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་རྣམ་པར་ཤེས་པ་ཉིད་ལ་དོན་གྱི་རྣམ་པ་སྣང་བར་ཁས་ལེན་ན། ཕྱིའི་དོན་མེད་དོ་ཞེས་དེ་ཇི་ལྟར་རྟོགས། ཇི་སྲིད་ཕྱིའི་དོན་གྱི་རྣམ་པར་ཤེས་པ་ལ་རྣམ་པ་མ་བསྐྱེད་པ་དེ་སྲིད་དེའི་རྣམ་པ་ཇི་

ལྟར་སྣང་། རྣམ་པ་མ་བསྐྱེད་པར་དེའི་རྣམ་པ་ཉིད་མི་རིགས་ཀྱི་གང་གི་ཚེ་ཡང་དོན་ཉེ་བ་ན་གནས་པ་དེའི་རྣམ་པ་ཉིད་རྣམ་པར་ཤེས་པ་ལ་འབྱུང་བ་དེའི་ཚེ། ཕྱིའི་དོན་ཡོད་པ་ཉིད་དུ་གྲུབ་བོ་ཞེས་ཟེར་ཞེས་གྲག་གོ། །གཞན་དུ་དོན་ལ་ལྟོས་པ་མེད་པར་གལ་ཏེ་དོན་གྱི་རྣམ་པ་འབྱུང་བའམ།

འབྱུང་བར་མི་འགྱུར་རོ། །དེ་ལྟ་བུ་སེམས་ལ་བསྡོགས་ནས་གལ་ཏེ་ཕྱིའི་དོན་སྣང་ན་ཇི་ལྟར་མེད་དེ། ཅི་ལྟར་མེད་པ་ཉིད་དེ་རྟོགས་པར་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པ་མི་སྣང་བའི་ཕྱིར་རོ། །སྣང་བ་ཡང་ཡོད་པས་ཁྱབ་པ་ཡིན་ལ། མེད་པའི་བདག་ཉིད་སྣང་བར་མི་

རིགས་སོ། །དེ་ལྟར་ཕྱིའི་དོན་དུ་སྨྲ་བ་རྒོལ་བ་ལ་རྣལ་འབྱོར་སྤྱོད་པ་ལ་ལན་འདེབས་ཏེ། སྣང་བའི་ཕྱིར་དོན་ཡོད་པ་ཉིད་སྣང་བ་ནི་མ་ཡིན་ཏེ། དེ་ནི་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། ཅི་ག་རྨི་ལམ་མི་སྣང་ངམ། །དོན་དུ་སྣང་མོད་ཀྱི་དེ་ལས་ཡང་དོན་ཡོད་པ་མ་ཡིན་

ཏེ། མེད་ཅེས་བྱ་བའི་དོན་ཏོ། །དོན་ཉེ་བར་གནས་པས་དོན་གྱི་རྣམ་པ་རྣམ་པར་ཤེས་པ་འབྱུང་བ་ནི་མ་ཡིན་ཏེ། འདི་ལྟར་རབ་རིབ་དང་ལྡན་པས་དོན་མེད་ཀྱང་སྐྲ་ཤད་ཀྱི་རྣམ་པ་རྣམ་པར་ཤེས་པ་ལ་འབྱུང་བ་བཞིན་ནོ། །དེ་ལྟ་བས་ན་བག་ཆགས་ཀྱི་མཐུས་རྣམ་པར་ཤེས་པ་ལ་

དོན་གྱི་རྣམ་པ་སྣང་གི་ཕྱིའི་དོན་ཡོད་པས་ནི་མ་ཡིན་ནོ། །ཡང་ཇི་ལྟར་སེམས་གཞན་གྱི་ངོ་བོར་སྣང་ཞེ་ན། ལྷག་པའི་དྲི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བག་ཆགས་ཀྱི་མཐུས་ལྷག་པའི་དྲི་མས་བློ་རྟོགས་པའི་རང་གི་བདག་ཉིད་བསྒྲིབས་པར་གྱུར་པས་དེའི་ཕྱིར་

เล่ม ๑๐๘ · หน้า 69a

བློ་གཞན་གྱི་ངོ་བོར་སྣང་བ་ཡིན་ནོ། །བློའི་སྒྲ་ནི་རྣམ་པར་ཤེས་པའི་རྣམ་གྲངས་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་ཉིད་སྣང་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཤེལ་དང་འདྲ་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ན་ནོར་བུ་ཤེལ་ལྷག་པའི་དྲི་མས་

རང་གི་ངོ་བོ་བསྒྲིབས་གཞན་གྱི་ངོ་བོར་སྣང་ངོ་། །རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷག་པའི་རྒྱུ་མཚན་གྱིས་ནོར་བུ་ཤེལ་གཞན་གྱི་དངོས་པོར་སྣང་བ་མངོན་སུམ་གྱིས་དམིགས་ན་ཡང་རྣམ་པར་ཤེས་པའི་རྒྱུ་མཚན་མ་དམིགས་པའི་ཕྱིར་ཇི་ལྟར། གཞན་གྱི་དངོས་པོར་

སྣང་ཞེས་བྱ། །རང་བཞིན་ཉིད་ནི་མི་སྣང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་སྤྱི་ཉིད་ཀྱི་ཕྱིར་རང་བཞིན་ཉིད་ནི་མི་སྣང་བའང་དེ་དག་ཀྱང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་བག་ཆགས་བསྒོས་

པ་དང་འདྲ་བས་བསྩགས་ཐོབ་པའི་རང་གི་མཚན་ཉིད་ཀྱི་ངོ་བོ་ལྟ་བུ་ཐོབ་ཅིང་དེ་རྣམ་པར་རྟོག་པ་ལ་སྣང་བར་འགྱུར་ཏེ། མཐོང་བའི་སྤྱོད་ཡུལ་ཉིད་ཐོབ་པ་ལྟ་བུ་མཚན་ཉིད་དོ། །དེ་བས་ན་སེམས་གཞན་གྱི་ངོ་བོ་ཐོབ་པ་ནི་བག་ཆགས་ཀྱི་རྒྱུ་མཚན་ཡིན་ཞེས་བྱ་བའི་དོན་ཏོ། །སེམས་

གཅིག་ཇི་ལྟར་གཉིས་སུ་སྣང་བ་མ་ཡིན་ཞེ་ན། སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སེམས་གཅིག་ཉིད་དེ་བཞིན་དུ་ཡང་རྣམ་པར་བསླང་བའི་ཕྱིར་ཏེ། རྣམ་པར་འཁྲུལ་པས་སོ། །ཡང་བག་ཆགས་དང་ཐབས་ལ་མཁས་པ་འགའ་ཞིག་གིས་གཟུང་བའི་ཆ་

དང་འཛིན་པའི་ཆའི་དབྱེ་བས་གཉིས་སུ་སྣང་བ་ནི་གཉིས་སུ་དམིགས་ཞེས་བྱ་བའི་དོན་ཏོ། །གཟུང་བ་དང་འཛིན་པའི་ངོ་བོ་མི་ཤེས་པ་དེ་བས་ན་དེ་གཉིས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། གཟུང་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བའི་རྣམ་པ་མི་གཡོ་བའི་

ཕྱིར་ནི་འགུལ་བ་མེད་པའི་ཕྱིར་ཏེ། ཕྱི་རོལ་ལྟ་བུ་ཉིད་དུ་གནས་པ་ནི་ཕྱི་རོལ་ལྟ་བུར་སྣང་བའོ། འཛིན་པའང་སྲོག་དང་བཅས་པའི་ཕྱིར་ནི་གཡོ་བ་དང་བཅས་པའི་ཕྱིར་ནང་ནི་དེ་བྱ་བ་དང་བཅས་པ་ལྟ་བུར་མཚོན་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ།

เล่ม ๑๐๘ · หน้า 69b

དོན་ནི་གཟུང་བའི་རྣམ་པར་ཤེས་པ་ནི་འཛིན་པ་ཡིན་ནོ། །ད་ནི་སློབ་དཔོན་གྱིས་གཟུང་བ་དང་འཛིན་པའི་ངོ་བོ་དགག་པ་སྔོན་དུ་འགྲོ་བས་ཕྱིའི་དོན་དུ་སྨྲ་བའི་གཞུང་དགག་པའི་ཕྱིར། འདིར་ནི་ཕྱི་ནང་ཅུང་ཟད་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཅུང་ཟད་དེ་ཕྱིའི་གཟུང་བའི་

ངོ་བོ་མི་དམིགས་པ་དང་། ནང་གི་འཛིན་པའི་ངོ་བོ་ཡང་མ་ཡིན་ནོ། །རིག་པ་པོ་མ་གཏོགས་པར་གཟུང་བ་དང་འཛིན་པའི་ངོ་བོ་གཞན་ནི་མེད་དོ། །དེ་ཡང་གཉི་ག་སྐད་ཅིག་གཅིག་ལ་སྐྱེ་བ་ནི་མི་རིགས་སོ། །དེའི་བདག་ཉིད་དང་། དེ་ལས་བྱུང་བའི་འབྲེལ་པ་མེད་ན་གཞན་གྱིས། །

གཏོགས་པ་ནི་མ་ཡིན་ནོ། །འཛིན་པ་ནི་གཟུང་བའི་རང་བཞིན་མ་ཡིན་ཏེ། ཐ་དད་པར་ཁས་ལེན་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཕྱིར་རོ། །གང་གི་ཕྱིར་དེའི་བདག་ཉིད་དེ་ལས་བྱུང་བ་ཉིད་ཡིན་ན་གཟུང་བ་དང་འཛིན་པའི་ངོ་བོར་འགྲུབ་བོ། །

གཅིག་ལ་གཅིག་ལྟོས་པས་གྲུབ་པའི་ཕྱིར་གཟུང་བ་དང་འཛིན་པའི་ངོ་བོ་མ་ཡིན་ནོ། །གང་གི་ཕྱིར་གཟུང་བ་ནི་ཀུན་བརྟགས་པ་ཡིན་པའི་ཕྱིར་བརྟག་ཏུ་མེད་པའི་ངོ་བོ་ཉིད་དེ། དེ་བས་ན་ཅི་ཞིག་ལ་ལྟོས་ནས་རྣམ་པར་ཤེས་པ་ལ་འཛིན་པ་ཞེས་བྱ། བར་ན་མ་ཡིན་ཞེས་བྱ་བ་སྨོས་ཏེ།

དབང་པོ་དང་ཡུལ་གྱི་བར་ན་གཟུང་བ་དང་འཛིན་པའི་ངོ་བོ་ཅུང་ཟད་ཀྱང་མེད་དོ། །གཟུང་བ་ལོག་ན་དེའི་རང་བཞིན་མ་ཡིན་པ་དང་། དེའི་འབྲས་བུ་མ་ཡིན་པའི་འཛིན་པ་ངེས་པར་མི་ལྡོག་གོ། །དེ་ཉིད་ཀྱི་ཕྱིར་མེད་མིན་ཞེས་གསུངས་ཏེ། དགག་པ་གཉིས་ཀྱིས་རྣལ་མའི་དོན་རྟོགས་

པར་བྱེད་པ་ཡིན་ནོ། །དེས་ན་གཟུང་བ་དང་འཛིན་པའི་ངོ་བོ་ལས་འཛིན་པ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཉིད་དོ། །མ་རིག་པའི་དབང་གིས་སེམས་ལ་རྣམ་པའི་ངོ་བོ་ཉིད་སྣང་བར་རྣལ་འབྱོར་སྤྱོད་པ་པ་གང་སྨྲ་བ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་རྣམ་པ་མེད་པ་ནི་རྣམ་པར་

ཤེས་པའི་དེ་ཁོ་ན་ཉིད་ཡིན་པས་དེ་དང་འབྲེལ་པ་མེད་པའི་བརྫུན་པའི་རང་བཞིན་དུ་གྱུར་པ་དེ་ལ་ཇི་ལྟར་སྣང་བར་འགྱུར། རྣམ་པ་དང་རྣམ་པར་ཤེས་པ་ལྷན་ཅིག་འབྲེལ་པ་མེད་ན་གང་ཞིག་དེའི་སྟོབས་ཀྱིས་རྣམ་པ་ཉམས་སུ་མྱོང་བར་འགྲུབ་པར་འགྱུར་བ། འདི་ལྟར་རྣམ་པ་ནི་ཤེས་

เล่ม ๑๐๘ · หน้า 70a

པའི་རང་བཞིན་མ་ཡིན་ཏེ། ཤེས་པ་བཞིན་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་པའི་རྣམ་པར་རིག་པའི་རང་བཞིན་ཡིན་པར་འདོད་ན་དེའི་ཚེ་རྣམ་པ་བཞིན་དུ་ཤེས་པ་ཡང་མེད་པར་ཐལ་བར་འགྱུར་རོ། །ཤེས་པས་རྣམ་པ་བསྐྱེད་

པ་ནི་མ་ཡིན་ཏེ། གཟུགས་མེད་པས་གཟུགས་ཅན་བསྐྱེད་པ་མི་སྲིད་པའི་ཕྱིར་རོ། །རྣམ་པ་ལས་ཤེས་པ་འབྱུང་བ་ཡང་མ་ཡིན་ཏེ། རྣམ་པ་བརྫུན་པ་ཉིད་ཀྱིས་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་མ་གཏོགས་པས་འབྲེལ་

པ་གཞན་མེད་དོ། །ཡང་དེ་ལྟ་བས་ན་གང་ཞིག་གང་དང་འབྲེལ་པ་མེད་པ་དེ་ཡང་དག་པར་རིག་དེ་ངེས་པར་མི་རྟོགས་ཏེ། འདི་ལྟར་ཤེས་པའི་བདག་ཉིད་རིག་པ་ན་མོ་གཤམ་གྱི་བུ་བཞིན་ནོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་རྣམ་པ་གཉིས་པོ་རྣམ་པར་ཤེས་པ་

དང་། མངོན་པར་འདོད་པའི་རྣམ་པར་བཅས་པ་ཡང་མེད་པ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཀུན་བརྟགས་པ་སྤངས་པའི་ཕྱིར་སེམས་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། སེམས་ཙམ་དུ་ནི་གནས་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །རྟོག་པའི་དྲ་

བས་ཐམས་ཅད་སྤངས་པའི་གཉིས་སུ་མེད་པའི་ཤེས་པ་རྣམ་པར་གཞག་པ་དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཤེས་པ་ཉིད་ཐར་པ་ཡིན་ནོ། །འཕགས་པའི་བདེན་པ་བཞི་བསྒོམས་པས་འདོད་ཆགས་ལ་སོགས་པ་སྤངས་པ་ཐར་པ་མ་ཡིན་ནམ། ཀུན་ཏུ་བརྟགས་པའི་འཁྲུལ་པ་དང་བྲལ་བའི་

སེམས་ཉིད་ཇི་ལྟར་ཐར་པ་ཡིན། འདི་ནི་ཉན་ཐོས་ཀྱི་གཞུང་གི་དོགས་པ་བསྡུ་བའི་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གྲོང་གི་སྒྲ་ནི་ཚོགས་ཀྱི་རྣམ་གྲངས་སོ། །དེ་ལ་དབང་པོའི་ཚོགས་ནི་འདོད་ཆགས་ཀྱི་གནས་མ་

ཡིན་ཏེ། དེ་བས་ན་དབང་པོ་རྣམས་ལ་མི་གནས་སོ། །དོན་རྣམས་ལ་མིན་ཏེ། གཟུགས་ལ་སོགས་པ་ལ་མ་ཡིན་ནོ། །སེམས་ལ་མིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་ལ་ཡང་མ་ཡིན་ནོ། །བདག་ལ་གནས་མིན་གཞན་གནས་མིན། །ཞེས་བྱ་བ་ནི། བདག་ཚད་མས་

เล่ม ๑๐๘ · หน้า 70b

མ་གྲུབ་པའི་ཕྱིར་བདག་ལ་མི་གནས་སོ། །བདག་ཡོད་ན་ནི་གཞན་དུ་ཤེས་ལ། གང་གི་ཚེ་བདག་མ་གྲུབ་པ་དེའི་ཚེ་གཞན་མེད་པའི་ཕྱིར་གཞན་ལ་མི་གནས་སོ། །དེ་ནི་ཡོད་པ་མ་ཡིན་ཏེ་ཡོད་པ་མི་དམིགས་སོ། །གཞན་དུ་ན་གཟུགས་ལ་སོགས་པ་བཞིན་དུ་མངོན་སུམ་གྱིས་

ཡོངས་སུ་གཅོད་པར་འགྱུར་རོ། །མེད་པའང་མིན་ནི་སེམས་ལས་བྱུང་བའི་ངོ་བོར་ཁ་ཅིག་གིས་བརྟགས་པའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ལ་རྒྱུ་མེད་པར་ཇི་ལྟར་སྐྱེ་ཞེ་ན། མ་བརྟགས་འབྲེལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་མེད་པའི་ཕྱིར་ཡུལ་རྣམས་སྒྱུ་མ་ཡིན་ཏེ།

དེ་བས་ན་དེའི་དག་ལས་སྐྱེ་བ་མ་ཡིན་ནོ། །ཁ་ཅིག་སེམས་འཁྲུལ་པ་ལས་ཡིན་ནོ་ཞེའོ། །དེ་ནི་དངོས་པོ་མེད་པའི་ཕྱིར་མ་ཡིན་ནོ། །དེ་བས་ན་མ་བརྟགས་པའི་འབྲེལ་པའི་རྒྱུ་ལས་འདོད་ཆགས་འབྱུང་ངོ་། །ག་ལ་ཡི་ཡང་ནི་བསྟན་དུ་མེད་ཅིང་མི་སྣང་བའི་སྤྲིན་གྱི་ནང་ནས་གནམ་ལྕགས་བཞིན་ནི་ཐོག་འབྱུང་བ་ལྟ་བུའོ། །དེ་བས་

ན་དེ་བརྟགས་པ་ཉིད་དོ། །དེ་བཞིན་དུ་ཉོན་མོངས་པ་གཞན་ཡང་དངོས་པོ་མེད་པར་བསྟན་པའི་ཕྱིར། དེ་བཞིན་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འདོད་ཆགས་དངོས་པོ་མེད་པ་ཉིད་དུ་བསྟན་པ་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གཉིས་ཀྱང་དངོས་པོ་མེད་པ་ཉིད་དུ་རྟོགས་པར་བྱའོ། །

དེ་ལྟར་འདོད་ཆགས་ཞེ་སྡང་གཏི་མུག་འབའ་ཞིག་མ་ཡིན་གྱི། ཉོན་མོངས་པའི་རིགས་གཞན་གང་ཡིན་པ་ཡང་སྟེ། ང་རྒྱལ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པའོ། །ཁམས་གསུམ་དུ་ནི་ཁྱབ་བྱེད་པ་ནི། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཁྱབ་པའི་ངང་ཚུལ་

ཅན་ནོ། །དེ་དག་ནི་རྟོག་པའི་དུག་ལས་བྱུང་བར་རྟོགས་པར་བྱའོ། །དངོས་པོའི་ངོ་བོ་ལ་ནི་མ་ཡིན་ནོ། །ཡང་ཉན་ཐོས་པ་འདི་སྐད་དུ་སྨྲ་སྟེ། རྟོག་པ་ཡང་ནི་ཞེ་སྡང་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོད་ཆགས་ལ་སོགས་པ་རྟོག་པ་ལས་བྱུང་བ་ཡིན་ན། དེ་ལྟ་ན་ཡང་རྟོག་པ་ནི་དེ་ཁོ་ན་ཉིད་དུ་གཞི་

མེད་པར་མི་སྲིད་དེ། མེ་ལྕེ་འབར་བ་ནི་བུད་ཤིང་མེད་པར་འགའ་ཞིག་གིས་ནམ་མཁའ་ལ་མཆེད་པར་མཐོང་བ་མེད་དོ། །དེའི་གཞི་ནི་སེམས་ཉིད་དོ། །དེ་ལྟ་བས་ན་ཡང་དེ་སེམས་དང་འབྲེལ་བ་ཉིད་ཀྱི་ཕྱིར་འདོད་ཆགས་ལ་སོགས་པ་སེམས་ལས་ཀུན་ཏུ་འབྱུང་བ་ཡིན་ཏེ། དེ་དག་ཇི་ལྟར་

เล่ม ๑๐๘ · หน้า 71a

རྒྱུ་མེད་པར་འབྱུང་བ་ཡིན། གལ་ཏེ་རྒྱུ་ལས་སྐྱེ་བ་ཉིད་ཀྱང་དངོས་པོ་མེད་པ་ཡིན་ན། རྒྱུ་དང་བཅས་པ་དེ་དག་ཐམས་ཅད་དངོས་པོ་མེད་པར་འགྱུར་རོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པ་དངོས་པོ་ཉིད་དུ་གྲུབ་བོ། །ཡང་དངོས་པོ་ཉིད་ཡིན་པའི་ཕྱིར་དེ་སྤངས་པས་

ཐར་པ་ཡང་གྲུབ་བོ། །དོན་དེ་ལྟ་བུ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཡོད་པ་གཉིས་ལ་རྟེན་དང་བརྟན་པའི་ངོ་བོར་རིགས་སོ། །གཞན་དུ་ན་རི་བོང་ཡང་རྭའི་རྟེན་དུ་འགྱུར་རོ། །མེ་ལྕེ་དང་བུད་ཤིང་གཉི་ག་ཡང་དངོས་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ལ་སོགས་

པ་རྣམས་དངོས་པོ་ཉིད་མ་ཡིན་ནོ། །ཡང་དེ་དག་འདི་སྐད་དུ་སྨྲ་སྟེ། གལ་ཏེ་འདོད་ཆགས་ལ་སོགས་པ་དངོས་པོ་མེད་པར་གྱུར་པ་ཡིན་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག་གི་གཉེན་པོ་སྟོན་པར་མཛད་ཅེ་ན། མི་སྡུག་པ་ལ་སོགས་པ་སྨོས་ཏེ། ཐུབ་པའི་དབང་པོ་སངས་རྒྱས་བཅོམ་

ལྡན་འདས་ཀྱིས་མི་སྡུག་པ་སྒོམ་པ་ལ་སོགས་པ་འདོད་ཆགས་པའི་གཉེན་པོར་གྱུར་པ་གང་གསུངས་པ་དེ་དག་ཏུ་ཟིན་དོགས་པ་ཞི་བའི་ཕྱིར་ཡིན་གྱི། ཡང་དངོས་པོ་ལ་གནས་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་དཔེར་འགའ་ཞིག་དུག་གིས་ཟིན་པའི་དོགས་པའི་དུག་གིས་ཁྱབ་པ་དོགས་པའི་

དུག་ལ་མཁས་པ་འགའ་ཞིག་གིས་བརྫུན་གྱི་སྔགས་བཟླས་པས་དོགས་པའི་དུག་ཞི་བར་འགྱུར་རོ། །དེ་བཞིན་དུ་བུད་མེད་ཉིད་འདོད་ཆགས་ཀྱི་རྒྱུ་མཚན་དུ་གྱུར་པ་དེ་ལྟ་བུའི་དུག་གིས་ཡོངས་སུ་ཟིན་པའི་བྱིས་པ་གང་ཡིན་པ་དེ་དག་ལ་མི་སྡུག་པའི་སྒོམ་པ་གཉེན་པོར་བསྟན་པ་ཡིན་ནོ། །ཡང་

བུད་མེད་རྣམས་འདོད་ཆགས་ཀྱི་རྒྱུ་མཚན་ཉིད་ནི་མ་ཡིན་ཏེ། གཞན་དུ་ན་བུད་མེད་མཐོང་བ་དེ་དག་ཐམས་ཅད་འདོད་ཆགས་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་འགའ་ཡང་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །དེ་ལྟར་ཡང་། ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ནི། །ཞེས་གསུངས་པ་ཡིན་

ནོ། །འདི་ཉིད་ལ་རིག་པ་གཞན་བསྟན་པའི་ཕྱིར་ཀུན་ད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དངོས་པོ་མེད་པའི་རང་བཞིན་དེའི་དཔེ་ནི་ཀུན་ད་དང་། ཟླ་བ་དང་། པདྨ་ལ་སོགས་པ་མེད་པ་ལ་གང་གིས་འདོད་ཆགས་བསྐྱེད་པའི་ཕྱིར་སོ་དང་། བཞིན་དང་། མིག་གི་དཔེར་སྦྱར་རོ། །འདོད་

เล่ม ๑๐๘ · หน้า 71b

ཆགས་དང་བྲལ་བ་བསྐྱེད་པའི་ཕྱིར། བཤང་བ་ལ་སོགས་པའི་དཔེ་སྦྱར་བ་ལུས་ཀྱི་དཔེར་མི་རུང་སྟེ། གང་གི་ཕྱིར་སད་པའི་སྐབས་ཀྱི་བུད་མེད་ཀྱི་ལུས་རྨི་ལམ་གྱི་གནས་སྐབས་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་རྨི་ལམ་གྱི་སྐབས་བརྫུན་པ་དེ་ལྟར་སད་པའི་སྐབས་ཀྱང་བརྫུན་པར་འགྱུར་ཞེས་བྱ་

བའི་དོན་ཏོ། །འདི་ལྟར་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་རྒྱུ་མཚན་མེད་པར་མཐོང་བས་རྣལ་འབྱོར་པས་ཡུལ་འགའ་ལ་ཡང་ཆགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འདོད་ཆགས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་བསྟན་མ་ཐག་པའི་རྣམ་པས་སོ། །རྨི་ལམ་གྱི་

གནས་སྐབས་ན་བུད་མེད་ཤེས་ན་འདོད་ཆགས་དང་འདོད་ཆགས་བྲལ་བ་གཉི་ག་བརྫུན་ཞིང་མེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྒྱུ་མཚན་མི་དམིགས་པའི་ཕྱིར་གཞན་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར། འགའ་ཞིག་ཅེས་བྱ་བ་སྨོས་ཏེ། དེ་ལ་ཆང་བས་ནི་ཡུལ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་

དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཕྱོགས་གཅིག་བུད་མེད་རྣམས་དངོས་པོ་མེད་པར་བསྟན་པའི་ཕྱིར། དེ་ཕྱེ་བར་གྱུར་པ་དེའི་ཚེ། ཆད་པ་ཕྱེ་བའི་གཏན་ཚིགས་ཀྱིས་ཡུལ་གང་དངོས་པོ་མེད་པའི་ཕྱིར། རྣལ་འབྱོར་པ། ཆགས་པ་མ་ཡིན་ཆགས་མེད་མིན། །ཞེས་བྱ་བའི་དོན་ཏོ། །དོན་

དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པ་དང་ལྡན་པས་མི་གཙང་བ་བསྒོམས་པས་ཡུལ་རྣམས་ལ་འདོད་ཆགས་དང་བྲལ་བ་སྐྱེ་མོད་ཀྱི། དེས་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་པས། འཁོར་བ་ལས་ངེས་པར་མི་གྲོལ་

ལོ། །གང་གི་ཕྱིར་ཆགས་པ་དང་། ཆགས་པ་དང་བྲལ་བ་ཕན་ཚུན་ལྟོས་པའི་ཕྱིར་ཏིང་ངེ་འཛིན་ལས་ལངས་ན་ཆགས་པ་སྐྱེ་བར་ཐེ་ཚོམ་མེད་དོ། །དེའི་ཕྱིར་འདོད་སྤོང་དོན་གཉེར་བ་སྟེ། གང་ཡིན་པ་དེ་ཆགས་བྲལ་ལའང་སྟེ། འང་གི་སྒྲ་ནི་འདོད་ཆགས་ལའང་བསྟེན་མི་བྱ་སྟེ།

ཡིད་ལ་མི་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཕགས་པའི་བདེན་པ་བཞིའི་ལམ་འཁྲུལ་པ་ཉིད་དུ་བསྟན་པས་ཆོས་ལ་བདག་མེད་པའི་ལམ་འདི་ནི་ངོ་མཚར་དང་བཅས་པས་བསྔགས་པའི་ཕྱིར། ཨེ་མའོ་འཇིག་རྟེན་ལས་འདས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་

เล่ม ๑๐๘ · หน้า 72a

ཞེས་བྱ་བ་ནི་ངོ་མཚར་རོ། །འཇིག་རྟེན་ལས་འདས་པ་ནི་འཇིག་རྟེན་ལས་འདས་པའི། ལམ་འདི་རྣམ་པར་དབེན་པ་ཉིད། །དེ་བརྟགས་པའི་ཆོས་ཀྱིས་དབེན་པ་ཉིད་དོ། །གང་གི་ཕྱིར། གང་ཞིག་གཞན་གྱི་ཚིག་བདེན་ན་ནི། ཉན་ཐོས་ཀྱི་ཐེག་པར་མི་

གཙང་བ་སྒོམ་པ་ལ་སོགས་པའི་ཚིག་དེ་ཉིད་ཁོ་ན་བདེན་པ་ཐེག་པ་ཆེན་པོའི་ཚིག་འདི་བརྫུན་ཏེ། བདེན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཉི་ག་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནམ། ཇི་ལྟར་གཅིག་ནི་བརྫུན་ལ་གཞན་ནི་བདེན་ཞེ་ན། གནོད་པ་བྱེད་པ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། གལ་ཏེ་ཡང་བདེན་པར་ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འདས་ཀྱིས་བདེན་པར་གསུངས་ཏེ། རབ་འབྱོར་ལ་སོགས་པ་ལམ་དེས་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་སྦྱོར་བའི་ཕྱིར་བརྫུན་པ་ཉིད་དེ་མི་བདེན་པར་

རྟོགས་པར་བྱའོ། །ཉན་ཐོས་རྣམས་ཀྱང་སེམས་ཅན་གྱི་དོན་ལ་འཇུག་པ་མ་མཐོང་སྟེ། དེ་དག་རང་གི་དོན་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་དག་ལས་ཉན་ཐོས་ཀྱི་ཐེག་པ་ལ་དམན་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་ཐེག་པ་

དེ་དག་བདེན་པ་དང་བརྫུན་པར་བརྟགས་པ་ཅི་ཞིག་དགོས། གང་ཞིག་གཞན་དོན་བྱེད་པ་དེ་བདེན་པར་བདག་གིས་རྟོགས་ཏེ། དེ་ཡང་ཐེག་པ་ཆེན་པོ་ཡིན་ཏེ། གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་རྣམས་སྲོག་གཏོང་བས་ཀྱང་སེམས་ཅན་གྱི་དོན་བྱེད་དོ། །འདི་ལྟར་སེམས་ཅན་གྱི་དོན་

ལ་ཉེ་བར་སྦྱོར་བ་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཡེ་ཤེས་མཆོག་ཉིད་ཀྱིས་དེ་མཆོག་ཉིད་བསྟན་པའི་ཕྱིར། བདེན་ལ་བདེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཐེག་པ་ཆེན་པོ་བདེན་པ་ཡིན་ཏེ། དེ་

བས་ན་ཐེག་པ་ཆེན་པོ་བདེན་ལ། བདེན་པ་ཡིན་པར་མཁས་པ་མཆོག་རྣམས་གསུངས་པ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པ་གཟུང་བ་དང་འཛིན་པའི་ངོ་བོར་རྟོག་པའི་བདག་ཉིད་འཁྲུལ་པ་བརྫུན་པར་གཟིགས་ཏེ། དེ་བརྫུན་པའི་ཕྱིར་ཉན་ཐོས་ཀྱི་

เล่ม ๑๐๘ · หน้า 72b

ཐེག་པ་བདེན་པ་ལ་ནི་གནས་པར་མི་བྱའོ། །མཁས་པ་བདེན་པར་གསུང་བ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལྟར་ཡེ་ཤེས་མཆོག་ཉིད་ཀྱིས་ཐེག་པ་ཆེན་པོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པའི་ཚིག་རྣམས་མི་བདེན་པར་བསྟན་པའི་ཕྱིར། བྱིས་པའི་འཇིག་རྟེན་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། བྱིས་པའི་འཇིག་རྟེན་རྣམས་ཀྱི་ཚིག་སྟེ། ངག་རྣམས་ཀྱི་ནང་ནས་བདེན་པའི་དག་ལས་བརྫུན་པའི་ངག་མཆོག་སྟེ། ཕུལ་དུ་བྱུང་བ་ཡིན་ནོ། །གང་གི་ཕྱིར་གང་ཅུང་ཟད་དེ་དང་འབྲེལ་བའི་ངག་དེ་དག་ཐམས་ཅད་མཐར་ནི་སྟེ། དེའི་བདག་ཉིད་བརྫུན་ཞེས་བྱ་

བའི་དོན་ཏོ། །འདི་ལྟར་དེ་དག་གི་ངག་རྣམས་ནི་དྲང་བའི་དོན་དུ་བསྟན་པ་ཡིན་ཏེ། གང་ཟག་དང་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་སྟོན་པའི་ཕྱིར་རོ། །གང་ཟག་ལ་སོགས་པ་རྣམས་ཀྱང་ཡོད་པ་ནི་མ་ཡིན་ཏེ། ཉི་ཤུ་པ་ལས་བཀག་པའི་ཕྱིར་རོ། །བཅོམ་ལྡན་འདས་

ཀྱིས་གསུངས་པའི་དགོངས་པ་ཡང་མི་ཤེས་ཏེ། བློ་ལ་རྣམ་པར་དཔྱོད་པའི་ནུས་པ་མེད་པས་སྒྲ་ཇི་བཞིན་དུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟ་བ་བཞིན་གྱི་སྒྲའི་དོན་མི་ཤེས་པས་སྒྲའི་ཤེས་པ་ཚད་མར་སྟོན་པར་བྱེད་དོ། །སྒྲའི་ཤེས་པ་ལས་དོན་ཐོབ་པ་ནི་མེད་དེ། གང་གི་

ཕྱིར་སྒྲ་རྣམས་དང་ནི་ཕྱིའི་དོན་འབྲེལ་པ་མེད་པའི་ཕྱིར་རོ། །དོན་ལ་མི་བསླུ་བ་ཡང་ཚད་མར་བསྟན་པའི་ཕྱིར། །ཐོབ་བློ་དེ་ཉིད་མིན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། བློའི་སྒྲ་ནི་སྒྲའི་ཤེས་པར་བསྟན་ཏོ། །དེ་ཡང་དེ་ཉིད་མིན་ཏེ་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན།

ཚད་མ་མེད་པའི་ཕྱིར་རོ། །ཐོབ་པར་བྱ་བའི་དོན་ལ་དེས་ཐོབ་མེད་དེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་དག་པ་མ་ཡིན་པ་བརྗོད་པ་འདིས་རང་གི་ཐེག་པ་དམན་པར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོས་བཟློག་པའི་དོན་གྱིས་མཆོག་ཏུ་བསྟན་ཏོ། །དོན་དེ་ཉིད་

རྣམ་པར་སྤོ་བའི་ཕྱིར། དངོས་པོ་གང་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་དེ་ཞེས་བྱ་བར་བསྟན་པར་རིགས་ཏེ། སྡེབ་སྦྱོར་ཉམས་པས་མ་བརྗོད་ཀྱང་རྟོགས་པར་བྱའོ། །རྣམ་བརྟགས་པ་ཞེས་བྱ་བ་ནི། གཉི་ག་ལ་ཡང་བལྟའོ། །དེ་ལ་དོན་ནི་འདི་ཡིན་ཏེ། སྔར་

เล่ม ๑๐๘ · หน้า 73a

བསྟན་པའི་རྣམ་པས་ཉན་ཐོས་ཀྱི་ཐེག་པའི་ཡེ་ཤེས་རྣམས་བློས་བརྟགས་པ་གཟུང་བ་དང་འཛིན་པ་དང་། ཀུན་ཏུ་རྟོག་པས་རྣམ་པར་བརྟགས་པ། དེ་དག་ཐམས་ཅད་བརྫུན་པ་ཡིན། །དེ་བདེན་པ་མ་ཡིན་ནོ། །སྒྲས་སྒྲོ་བཏགས་པ་ཀུན་ཏུ་རྟོགས་

པས་བརྟགས་པ་དེ་དག་ཐམས་ཅད་བརྫུན་ཞེས་བྱ་བའི་དོན་དུ། དེ་བདེན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་གང་དང་གང་བརྗོད་པ་རིག་པས་སྔ་མ་བཞིན་དུ་སྦྱར་རོ། །གང་ཞིག་མ་བརྟགས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏོ། ཐེག་པ་ཆེན་པོ་གཉིས་སུ་མེད་

པའི་ཡེ་ཤེས་དེ་ཁོ་ན་ཉིད་བློས་མ་བཅོས་པ་རྣམ་པར་རྟོག་པས་གང་རྣམ་པར་མ་བརྟགས་པ་དེ་ནི་བདེན་པ་ཡིན་ནོ། །ཡང་གང་གི་སྒྲས་སྒྲོ་བཏགས་པས་རྣམ་པར་མ་བརྟགས་པ་དེ་ནི་ཡང་དག་མཐའ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་། གང་ཞིག་བློ་ཡི་ཡུལ་མིན་པ། །དེ་ལ་ངག་

བརྗོད་ག་ལ་འབྱུང་། །ཞེས་གསུངས་སོ། །ད་ནི་རྟོག་གེ་པའི་དབང་དུ་བྱས་ནས། ཨེ་མའོ་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་སྐྱེས་བུའི་རང་བཞིན་ནི། ཨེ་མའོ་སྐྱེས་བུའོ། །དེ་མ་དུལ་བ་ནི་འབར་བའོ། །དེ་ཉིད་ཕྱིར་ནི་གནས་མེད་པ་སྟེ། འགའ་ཞིག་ལམ་དེ་ལ་གནས་

པ་མེད་པས་གང་དག་དེ་ལྟ་བུར་གྱུར་པའི་བྱིས་པ་རྣམས་ཀྱིས་བརྟགས་པའི་དོན་ཏོ། །སྒྲུབ་པ་དང་ནི་སུན་འབྱིན་པའི། །རྒྱུས་ཡོད་པ་མ་ཡིན་པ་ཡང་ང་རྒྱལ་གྱི་དབང་གིས་ཇི་ལྟར་མོས་པའི་དོན་དུ་འཇོག་སྟེ། ཡོད་པའི་ངོ་བོ་ཉིད་དུ་འཇོག་ཅེས་བྱ་བའི་དོན་ཏོ། །ད་ནི་ཐེག་པ་ཆེན་པོའི་ཕན་

ཡོན་བསྟན་པར་བཞེད་ནས། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེག་པ་ཆེན་པོ་མི་ཤེས་པ་ནི་ཐེག་པ་ཆེན་པོའི་ངོ་བོ་མི་ཤེས་པ་རྣམས་ལས་བླུན་པ་ཉིད་དེ། རྨོངས་པ་ཉིད་ལེགས་པ་ཡིན་ཏེ། མཆོག་ཡིན་གྱི་བྱང་ཆུབ་ཆེན་པོའི་ལམ་ལས་རིང་བར་བྱེད་པའི་ལམ་ངན་པ་ལ་

ཤེས་རབ་རྣོ་བ་ནི་མ་ཡིན་ནོ། །དཔེར་ན་ལམ་ནོར་བ་ལས་འཕྱེ་བོ་ཉིད་ནི་འཕྱེ་བོའི་རང་བཞིན་ཅན་མཆོག་ཡིན་གྱི། མགྱོགས་པ་ནི་མགྱོགས་པར་འགྲོ་བ་མ་ཡིན་ཏེ། གང་གི་ཕྱིར་ལམ་དེ་ནི་རིང་བ་ནི་ཡོངས་སུ་ཆད་པ་མེད་པར་ཕྱིན་པས་བརླག་ཅེས་བྱ་བའི་དོན་ཏོ། །ད་ནི་ཐེག་པ་ཆེན་

เล่ม ๑๐๘ · หน้า 73b

པོ་ལ་གུས་པ་དང་གཞན་པའི་ཕན་ཡོན་དང་སྨད་པ་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ཐེག་པ་ཆེན་པོ་ཤེས་ཤིང་ཐེག་པ་ཆེན་པོ་ལ་གུས་པ་དེ་དག་ཉིད་དོན་གྱིས་བདེ་བར་གཤེགས་པ་པར་རྟོགས་པར་བྱའོ། །རང་སྡེ་ནི་གཞན་དག་བཅོམ་ལྡན་

འདས་ཀྱི་སློབ་མ་ཡིན་པའི་ཕྱིར་རང་གི་སྡེ་པའོ། །ལམ་མིན་ནི་ལམ་ལས་ཉམས་པའོ། །དེ་ཉིད་གཡང་ས་སྟེ་ལྷུང་བའི་གནས་ལྟ་བུའོ། །དེར་འཁོར་བ་ནི་འཁྲུལ་པའི་རྒྱུ་ལ་ཞུགས་ཤིང་ཐོབ་ཅེས་བྱ་བའི་དོན་ཏོ། །ད་ནི་འཁོར་བ་རྣམ་པར་དཔྱད་པའི་ཕྱིར། སེམས་ནི་ཡང་

དག་འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་ཡང་དག་པར་འཇུག་པ་གང་ཡིན་པ་དེ་ལ་མཁས་པས་རྣམ་པར་དཔྱོད་པ་མི་འཇུག་གི། གང་གི་ཕྱིར་དངོས་པོ་འདི་དག་ལ། འཁོར་བ་རབ་ཏུ་སྤང་བའི་ཕྱིར་ཏེ། འཁོར་བ་རབ་ཏུ་སྤང་བ་ལ་དམིགས་ནས། ཐམས་ཅད་

བློ་ནི་མཚུངས་པ་ཡིན་ཏེ། དེའི་ཕྱིར་བློ་ཐ་དད་མེད་པའི་རྒྱུས་མཁས་པ་རྣམ་པར་དཔྱད་པར་མི་རིགས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཐེག་པ་གཉིས་པོ་ལ་འཁོར་བ་སྤོང་བར་མི་འདོད་པའི་བློ་ནི་གང་ཡང་མེད་དོ། །ཡང་འཁོར་བ་རྣམས་སྐྱེ་བ་དང་འཇིག་པ་ལ་སོགས་པ་རྣམ་

པར་དཔྱོད་པ་ལ་འཇུག་པ་དེ་ཉིད་བསྟན་པའི་ཕྱིར། རྒྱུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུན་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྐད་ཅིག་གཞན་དང་གཞན་གྱི་རྒྱུན་འཇུག་སྟེ། མི་རྟག་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཐོག་མཐའ་མེད་པའི་བདག་ཉིད་ཅན། །ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མ་དང་བྲལ་བ་ནི་ཐོག་མ་མེད་པའོ། །གང་གི་ཚེ་ཐོག་མ་ཡོད་པར་གྱུར་པ་དེའི་ཚེ་རྒྱུ་མེད་པར་འགྱུར་རོ། །དེ་ཡང་རྒྱུ་མེད་པ་ཉིད་ཡིན་ན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །ཆོས་ལ་བདག་མེད་པར་མ་བསྒོམས་པའི་ཚུལ་གྱིས་མཐའ་མ་མེད་པའི་

བདག་ཉིད་ཅན་ནོ། །རང་བཞིན་འདི་ཅི་ཞེས་ནི་ཅིའི་ངོ་བོ་ཉིད་ཡིན་ཞེས་འཁོར་བ་རྣམ་པར་དཔྱོད་པ་ལ་ཤེས་རབ་ཅན་ཏེ། ཐེག་པ་ཆེན་པོའི་རྗེས་སུ་འབྲང་བའི་མཁས་པས་བློས་ཡོངས་སུ་ཚོལ་ཏེ་འཇུག་ཅེས་བྱ་བའི་དོན་ཏོ། །ད་ནི་སྐྱེ་བ་དང་འཇིག་པ་དཔྱད་པའི་སྒོ་ནས་འཁོར་བ་བརྟག་པའི་

เล่ม ๑๐๘ · หน้า 74a

ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་ཀྱི་སྒྲ་ནི་འཁོར་བའི་རྣམ་གྲངས་སོ། །དེ་ལྟ་ན་སྣ་ཚོགས་འདི་དག་གང་ལས་འབྱུང་ཞིང་གང་དུ་ཡང་ནི་འཇིག་པར་འགྱུར་ཞེས་རྣམ་པར་དཔྱོད་པ་ལ་འགའ་ཞིག་འཇུག་ན་རང་གི་བག་ཆགས་ས་བོན་ཞེས་

བྱ་བ་སྨོས་ཏེ། དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཀྱི་ས་བོན་ལས་སྣ་ཚོགས་པ་འབྱུང་ཞིང་སྐྱེས་སོ། །འཇུག་པའི་རྣམ་པར་ཤེས་པ་རང་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་གསལ་བར་རྟོགས་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ཡོད་པར་ཁོང་དུ་ཆུད་པར་བྱ་

ཞེ་ན། གཉིད་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གཉིད་ལོག་པ་དང་། བརྒྱལ་བ་དང་། མི་དྲན་པའི་གནས་སྐབས་དང་། དེ་བཞིན་དུ་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་གནས་སྐབས་ན། འཇུག་པའི་རྣམ་པར་ཤེས་པ་རྣམས་འགགས་ནས་

སླར་ཡང་འབྱུང་བར་སྣང་བས་ས་བོན་ཐམས་ཅད་པ་ངེས་པར་འགྲུབ། ས་བོན་ཐམས་ཅད་པའི་སྒྲ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བྱ་སྟེ། འདི་ལྟར་སུམ་ཅུ་པ་ལས། རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་བསྟན་ཏོ། །ས་བོན་ཐམས་ཅད་པ་ཉིད་དུ་ཡང་དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ།

གང་གི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་གྱི་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་གྲུབ་པ་ནི་ངེས་པར་ཡོད་པར་གྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འཇུག་པའི་རྣམ་པར་ཤེས་པའི་འབྲས་བུ་མཐོང་བ་ལས་རྒྱུ་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ། །རྒྱུ་མེད་ན་འབྲས་

བུ་འབྱུང་བ་མི་སྲིད་པའི་ཕྱིར་གང་རྒྱུ་ཡིན་པ་དེ་ཉིད་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །རང་གང་གི་ཉེ་བར་ལེན་པའི་རྒྱུ་རྣམ་པར་ཤེས་པ་སྤངས་ནས་རིགས་མི་མཐུན་པ་ལས་རྣམ་པར་ཤེས་པ་གཞན་འབྱུང་བ་ནི་མི་རིགས་སོ། །དབང་པོ་རྣམས་ཀྱང་ཉེ་བར་ལེན་པའི་རྒྱུ་ཉིད་ནི་མ་ཡིན་

ཏེ། ཤེས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། བདག་ཏུ་བརྟགས་པ་ལས་ཀྱང་མི་རིགས་ཏེ། དེ་ནི་རྟག་པ་ཉིད་ཀྱི་ཕྱིར་དོན་གྱི་བྱ་བ་མི་བྱེད་དོ། །དེ་ལྟར་འཁོར་བ་གང་ལས་འབྱུང་བར་ཤེས་པར་བྱ་སྟེ། གང་དུ་འགག་པ་རྣམ་པར་དཔྱད་པའི་ཕྱིར། དབང་དོན་ཞེས་བྱ་བ་ལ་

เล่ม ๑๐๘ · หน้า 74b

སོགས་པ་སྨོས་ཏེ། དབང་པོ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་སོ་སོར་ངེས་པའི་ཡུལ་གྱི་རྣམ་པར་ཤེས་པ་འབྲས་བུ་ལས་ནུས་པའི་ཁྱད་པར་འབྲེལ་པ་དང་ལྡན་པའི་མིག་ལ་སོགས་པའི་སྐྱེ་མཆེད་རྗེས་སུ་དཔག་པར་བྱའོ་ཞེས་བསྟན་ཏོ། །

དེ་ཉིད་ཀྱི་ཕྱིར་གཞན་མཐོང་བས་ངེས་ཏེ། རང་གི་རྣམ་པས་དཔག་པ་སྔོན་པོ་ལ་སོགས་པའི་ཤེས་པས་ནུས་པའི་བྱེ་བྲག་དང་ལྡན་པ་གཟུགས་ཀྱི་སྐྱེ་མཆེད་རྗེས་སུ་དཔག་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟ་བུར་གྱུར་པའི་དབང་དོན་གྱི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་ལས་འབྱུང་བ་

གང་ཡིན་པ་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་དག་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །རྒྱུ་དང་འབྲས་བུའི་ངོ་བོ་ཕན་ཚུན་ཐ་མི་དད་པས་ན་ཐ་དད་མིན་ནོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཁོ་ན་འཁོར་བའི་སྒྲར་

བརྗོད་དེ། གཞན་འགའ་ཞིག་འཁོར་ཞེས་བྱ་བའི་དོན་དུ་གཞག་པ་ནི་མེད་དོ། །གང་གི་ཕྱིར་ཀུན་ཏུ་འཁོར་བས་ན་འཁོར་བ་སྟེ། རྣམ་པར་ཤེས་པ་ལས་མ་གཏོགས་པ་གཞན་འཁོར་བ་ནི་མེད་དེ་ཕྱིའི་དོན་དག་ནི་བེམས་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་རྣམས་

འབྱུང་བ་དང་། འགག་པ་ནི་འཁོར་བ་འབྱུང་བ་དང་འགག་པ་ཡིན་པར་ཤེས་པར་བྱའོ། །ད་ནི་སྔར་བསྟན་པའི་དོན་བསྟན་པར་བྱེད་པ་གཉིས་སུ་མེད་པའི་རང་བཞིན་གྱི་སེམས་ཡང་རྣམ་པའི་བྱེ་བྲག་གིས་ཐ་དད་པར་ཇི་ལྟར་སྣང་བ་ཡིན་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་གཉིས་

སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་བྱིས་པ་རྣམས་ལ་དེའི་ངོ་བོ་བསྟན་པའི་ཕྱིར། ཆུ་གཡོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན། ཆུ་གཡོས་པ་ལས་དེ་དང་དེར། །རླབས་ནི་ཐ་དད་དངོས་འབྱུང་བཞིན་ཏེ། ངོ་བོར་མཐོང་བ་ཉིད་སྐད་ཅིག་དེ་ལ་ཡང་།

ཕྱིར་ཡང་མི་གཡོ་གཉིད་ལོག་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཀུན་ཏུ་བརྟགས་པའི་རྣམ་པའི་བྱེ་བྲག་གིས་བདག་ཉིད་དུ་ཐ་དད་པའི་ངོ་བོར་སྣང་སྟེ། སྐད་ཅིག་དེ་ལ་གཉིས་སུ་མེད་པའི་ངོ་བོར་འགྱུར་ཞེས་བྱ་བའི་དོན་ཏོ། །དངོས་པོ་གཅིག་གི་རང་བཞིན་གཉིས་སུ་

เล่ม ๑๐๘ · หน้า 75a

སྣང་བར་ཅི་ལྟར་རིགས་པ་མ་ཡིན་ནམ་ཞེ་ན། དེ་ནི་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་གཉིས་སུ་སྣང་བ་གང་ཡིན་པ་སྟེ། གཉིས་སུ་མཐོང་བའོ། །རིགས་པའི་སྤྱོད་ཡུལ་དེ་མ་ཡིན་ཏེ། །དོན་དེ་ནི་རིགས་པའི་སྤྱོད་ཡུལ་དུ་གྱུར་པ་མ་

ཡིན་ཏེ། རིགས་པས་བསྟན་པར་མི་ནུས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། སྐད་ཅིག་ལ་ནི་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་སྐད་ཅིག་ལ་ནི་བརྗོད་པ་ནི་སྐད་ཅིག་ལ་བཏོན་པའོ། །སྒྲ་དང་སྒྲ་བརྙན་ནི་བྱེ་བྲག་གཉིས་སུ་ཐོས་པའི་རིགས་པ་ནི་མེད་དེ། དེ་བཞིན་དུ་འདིར་ཡང་ཞེས་བྱ་བའི་

དོན་ཏོ། །ཀུན་བརྟགས་པའི་ངོ་བོ་ཉིད་སྣང་བའི་རང་བཞིན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྱུ་མ་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྒྱུ་མ་མཁན་རྣམ་པ་སྣ་ཚོགས་པ་སྟེ། རྣམ་པ་དུ་མ་སྐད་ཅིག་ལ་སྟོན་པ་ན་འགའ་ཞིག་གསང་བའི་གནས་ཤེས་པ་ནི་སྒྱུ་མ་དང་ལྡན་པའི་

སྐྱེས་བུ་མཐོང་ན། རང་བཞིན་ནི་རང་གི་ངོ་བོར་རྣམ་པར་གནས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་རྣམས་ཀྱི་དབང་གིས་བྱིས་པ་རྣམས་རྣམ་པའི་ངོ་བོ་སྐད་ཅིག་ལ་སྣང་ངོ་། །མཁས་པའི་རང་བཞིན་ཅན་འགའ་ཞིག་གིས་མཐོང་ན་རང་བཞིན་གཉིས་སུ་མེད་ཅེས་བྱ་བའི་དོན་ཏོ། །དོན་

འདི་ཉིད་བསྟན་པར་བྱ་བའི་ཕྱིར། སྔོ་དང་དམར་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་རྩངས་པ་སྔོ་དང་དམར་པོར་ངེས་པར་སྣང་བའི་དངོས་པོར་བདག་ཉིད་སྟོན་ཅིང་ཡང་དངོས་པོ་གཞན་དུ་སྟོན་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་བྱིས་པ་རྣམས་ལ་ཀུན་ཏུ་བརྟགས་པའི་དངོས་པོའི་

བདག་ཉིད་དུ་སྣང་ཞིང་། མཁས་ལ་སྟེ་མཁས་པ་རྣམས་ལ་ནི་གཞན་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་སྣང་ཞེས་བྱ་བའི་དོན་ཏོ། །ཡང་ཨུ་རྒྱན་པ་ལས་འདི་སྐད་ཐོས་ཏེ། འདི་ལྟར་བདག་ཅག་གི་ཡུལ་གྱི་རྩངས་པ་གང་ཅི་འདྲ་བའི་གཟུགས་སྟོན་ཅིག་བྱས་ན་དེ་བཞིན་དུ་དེ་

འདྲ་བ་སྟོན་ཅེའོ། །བྱིས་པ་རྣམས་ལ་གཞན་དུ་སྣང་ཞིང་མཁས་པ་རྣམས་ལ་གཞན་དུ་སྣང་ཞེས་བྱ་བའི་བསམ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ་འདིར་དགོངས་པ་ནི་འདི་ཡིན་ཏེ། འདི་ལྟར་ཤེས་པ་ནི་ཀུན་བརྟགས་པའི་རང་བཞིན་དང་ཡོངས་སུ་གྲུབ་པའི་རང་བཞིན་གཉིས་སུ་གནས་

เล่ม ๑๐๘ · หน้า 75b

ཏེ། དེ་ལ་ཀུན་བརྟགས་པའི་རང་བཞིན་ལོག་པ་དེ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ཉིད་ཡིན་ནོ། །དེ་ལ་གལ་ཏེ་དུས་ཐམས་ཅད་དུ་ཀུན་བརྟགས་པའི་ངོ་བོ་དེ་ཡིན་ན་དེའི་ཚེ་འགའ་ཡང་གྲོལ་བར་མི་འགྱུར་རོ། །འོན་ཏེ་ཡོངས་སུ་གྲུབ་པའི་རང་བཞིན་ཡིན་ན་དེའི་ཚེ་སེམས་ཅན་རྣམས་ཐར་པ་

རྩོམ་པའི་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་དབྱེ་བས་བྱིས་པ་དང་མཁས་པ་རྣམས་ལ་དེའི་བདག་ཉིད་སྣང་བར་འགལ་བ་མེད་པ་ཉིད་དོ། །ད་ནི་སློབ་དཔོན་གྱི་རང་བཞིན་གྱི་དངོས་པོ་བསྟན་པའི་ཕྱིར། འདི་ཡི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

རྣམ་པར་ཤེས་པ་འདི་ནི་འདི་ལྟ་བུའི་རང་བཞིན་དུ་བཞེད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་མི་བྱེད་པས་ན་དྲི་མ་མེད་པའོ། །སྔོན་པོ་དང་དམར་པོ་ལ་སོགས་པའི་རྣམ་པ་རྣམས་མེད་པའི་ཕྱིར་རྣམ་པ་མེད་ཅིང་ངོ་། །སྒྲ་ལ་སོགས་པས་གཞན་གྱི་རྒྱུད་ལ་གསལ་བར་བྱེད་པའི་རྒྱུ་མེད་པའི་

ཕྱིར་བརྗོད་དུ་མེད་པའོ། །སངས་རྒྱས་མིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མ་གཏོགས་པས་ན་ཡང་གཞན་འགའ་ཞིག་གིས་དོན་དམ་པའི་ངོ་བོ་ཤེས་པར་མི་ནུས་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནས་མཁྱེན་ཞེ་ན། ཐ་མལ་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེ་བོ་ཐ་མལ་པས་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་ངོ་བོར་བརྟགས་པ་རིགས་དེ་དག་བཞིན་དུ་དེའི་ངོ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མི་མཁྱེན་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་དེའི་རབ་ཏུ་གྲགས་པ་དེ་ཉིད་ནི་ཡོངས་སུ་

གྲུབ་པའི་ངོ་བོ་མཁྱེན་ཏེ། དེ་ཉིད་བཅོམ་ལྡན་འདས་དེས་མཁྱེན་ཏོ། །གང་གི་ཕྱིར་རབ་ཏུ་གྲགས་པ་དེ་ཉིད་ནི་གཞན་དག་གི་མ་ཡིན་ནོ། །ཅིའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་གཞན་དག་གིས་མ་ཡིན་ཞེ་ན། ལུང་དང་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། ལུང་དང་བསྟན་བཅོས་ལ་དྲིས་ནས་བདག་ཅག་སྨྲ་བ་འབའ་ཞིག་ཙམ་ཡིན་གྱི་ཐམས་ཅད་རྟོགས་པས་ནི་མ་ཡིན་ནོ། །ཅི་ལྟར་ཞེ་ན། མིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མིག་དང་ལྡན་པའི་སྤྱོད་ཡུལ་གྱི་གཟུགས་ཡུལ་ཉིད་དུ་དམུས་ལོང་རྣམས་ཀྱིས་བརྒྱུད་

เล่ม ๑๐๘ · หน้า 76a

པས་ཐོས་ནས། མིག་གིས་གཟུགས་མཐོང་ངོ་ཞེས་སྨྲ་བ་བཞིན་ནོ། །གལ་ཏེ་སངས་རྒྱས་ཀྱིས་རྣམ་པར་ཤེས་པའི་ངོ་བོ་མཁྱེན་ལ་གཞན་དག་གིས་དེ་ཡོངས་སུ་མི་ཤེས་པ་དེ་ལྟ་ཡིན་ན་དེའི་དོན་དུ་སེམས་པ་ནི་དོན་མེད་པ་ཡིན་ནོ་ཞེ་ན། ཡེ་ཤེས་མིག་

སྨན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མིག་སྨན་ཁྱད་པར་གྱིས་ཏེ་མིག་གིས་སོ། །གང་གི་ཕྱིར་གནས་སྐབས་དེ་རུ་མ་འོངས་འགྱུར་ཏེ། རབ་ཏུ་དགའ་བ་ལ་སོགས་པ་ས་ཐོབ་པའི་གནས་སྐབས་སོ། །གང་གི་གནས་སྐབས་ལ་ཐུབ་པའི་དབང་པོ་སྟེ། སངས་རྒྱས་བཅོམ་

ལྡན་འདས་བཞིན་དུ་བདག་ཅག་གི་སེམས་ཀྱི་དེ་ཉིད་དེ། ཡོངས་སུ་གྲུབ་པ་དོན་དམ་པ་དེ་ཐམས་ཅད་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་བདག་ཉིད་ཕྱིའི་འགྲོ་བར་རྣམ་པར་གཞག་པ་མ་ཡིན་ནམ། ཅི་ལྟར་རྣམ་པར་ཤེས་པ་ལ་དེ་གཞག་ཅེ་ན། བྱིས་པ་རྣམས་ཀྱིས་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་དང་རིགས་པས་ལེན་འདེབས་ཏེ། དེ་ལ་ལུང་ནི། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །རིགས་པ་བརྗོད་པར་བྱ་སྟེ། གང་དང་གང་གི་ནི་བྱིས་པ་རྨོངས་པས་ཡང་དང་ཡང་དུ་ཀུན་བརྟགས་པའི་རྣམ་

པར་ཤེས་པ་བསྒོམས་པས་དེ་དང་དེའི་རྣམ་པར་ཤེས་པ་བསྒོམས་པའི་སྟོབས་ལས་བྱུང་བ་སྒྱུ་མའི་སྐྱེས་བུ་བཞིན་དུ་མདུན་ན་སྣང་སྟེ། དེའི་རིགས་ཡིན་པའི་ཕྱིར་ཕྱིའི་དོན་ནི་མེད་དོ། །ཇི་ལྟར་བསྒོམས་པའི་སྟོབས་ལས་འདི་དག་གི་དོན་འགྲུབ་ཅེ་ན། དེའི་ཕྱིར་ཚིགས་སུ་བཅད་པ་གསུམ་

གྱིས་དཔེ་བསྟན་པའི་ཕྱིར། གོས་རྣམས་བགོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོས་རྣམས་བགོས་ཀྱང་ཡན་ལག་ལ་གོམས་པ་མ་ཚང་བས་ཤིན་ཏུ་གྲང་བའི་བ་མོས་གནོད་པར་འགྱུར་ལ། མིག་ལ་མི་གནོད་པ་འདི་ནི་ངོ་མཚར་ཆེའོ། དེ་ལྟ་བས་ན་འདིར་གོམས་པ་དང་གོམས་པ་

མ་ཡིན་པའི་སྟོབས་ལས་རྗེས་སུ་དཔྱད་པར་བྱའོ། །དེ་བཞིན་དུ་གོམས་པའི་སྟོབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་ཀོ་པགས་མཁན་ལ་ཀོ་པགས་ཀྱི་དྲི་ང་བས་ཤིན་ཏུ་གནོད་པ་མེད་ཀྱི། གཞན་དག་ལ་གནོད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པའི་

เล่ม ๑๐๘ · หน้า 76b

པགས་པ་ཡིན་ཞེ་ན། ལག་པས་ཉེད་པའི་ཞེས་བྱ་བ་སྨོས་ཏེ། ལག་པ་གཉིས་ཀྱིས་ཉེད་པ་ན་དེ་ལ་དྲི་ཤིན་ཏུ་ང་བར་སྣང་ངོ་། །ལུས་དང་ལྡན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དང་ལྡན་པ་རྣམས་ཀྱིས་ཐོག་མར་ནི་དང་པོར་ཏེ། དུག་ཟོས་པས་ནི་འཆི་བ་ཉིད་དུ་འགྱུར་

བ་དེ་ཉིད་གོམས་པའི་སྟོབས་ཀྱིས་ཟོས་མཐར་ནི་བཅུད་ཀྱིས་ལེན་དུ་འགྱུར་ཏེ། དེ་བཞིན་དུ་བསྒོམས་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་ཉིད་མདུན་ན་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ། །ད་ནི་སེམས་ལས་ཕྱི་རོལ་དུ་གྱུར་པ་འབྱུང་བ་རྣམས་ཀྱི་རྒྱུ་བརྟགས་ནས་དགག་པའི་ཕྱིར། འབྱུང་བ་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་རྣམ་པར་རྟོག་པའོ། །འབྱུང་བ་རྣམས་ཀྱང་གང་ལས་འབྱུང་ཞེས་ཟེར་ན། ཕྱི་རོལ་དུ་གྱུར་པའི་རྒྱུ་གང་ལས་བྱུང་བ་མེད་ཅེས་བྱ་བའི་དོན་ཏོ། །འདི་ལྟར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་ལས་རྣམས་ལས་འབྱུང་བ་རྣམས་

སྐྱེ་བར་འདོད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཅི་ལྟར་མི་རིགས་ཤེ་ན། གང་གི་ཕྱིར་འབྱུང་བ་རྣམས་ནི་སྐྱེ་བ་གཞན་གྱི་ལུས་ལ་གནས་པ་དེའི་འབྲས་བུ་ཉིད་དུ་འདོད་ན་དེ་དང་དགེ་བ་དང་མི་དགེ་བའི་ལས་རྣམས་འབྲེལ་བ་མེད་པའི་ཕྱིར་རོ། །གཞན་ཡང་ལས་ཀྱི་བག་ཆགས་གང་ལ་

གནས་ཤེ་ན། ལས་ཀྱི་བག་ཆགས་སེམས་གནས་ཕྱིར། ཞེས་བྱ་བ་སྨོས་ཏེ། བག་ཆགས་ནི་སེམས་ལ་གནས་སོ། །གལ་ཏེ་སེམས་ལ་གནས་པ་ཡིན་ན་དེའི་ཚེ་སྐྱེ་བ་གཞན་ན་ཡོད་པའི་འབྱུང་བ་རྣམས་དེའི་སྐྱེ་བའི་རྒྱུ་མ་ཡིན་ཏེ། བར་དུ་ཆོད་པའི་ཕྱིར་རོ། །གང་དུ་བག་ཆགས་གནས་

པ་དེར་དེས་འབྲས་བུ་ཉིད་བྱེད་དོ་ཞེས་གྲག་གོ། །ཞིང་ལ་ས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་སྐྱེ་བ་ནི་མེད་དོ། །དེ་ལྟ་བས་ན་བག་ཆགས་ཀྱི་མཐུས་རྣམ་པར་ཤེས་པ་ཉིད་འབྱུང་བ་ལ་སོགས་པའི་རྣམ་པར་མདུན་ན་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ། །གཞན་ཡང་དམིགས་པས་འབྱུང་

བ་རྣམས་ཡོད་པར་རྗེས་སུ་རྟོགས་ཏེ། དམིགས་པ་ཡང་དེའི་རྣམ་པ་ཡིན་ཏེ། ཤེས་པ་ལས་སྐྱེས་པའི་ཕྱིར་རོ། །དེ་ལྟ་བས་ན་ཡང་ཤེས་པ་དེ་ཉིད་གཉི་ག་ལས་གྲུབ་པས་འབྱུང་བའི་རྣམ་པར་ཡོངས་སུ་གྱུར་པའི་བརྟགས་པ་ཡིན་པར་རིགས་ཀྱི། གཉི་ག་ལ་མ་གྲུབ་པས་ཕྱི་རོལ་གྱི་དོན་

เล่ม ๑๐๘ · หน้า 77a

ཡིན་པར་མི་རིགས་སོ། །ད་ནི་ལས་ཀྱི་བག་ཆགས་ཀྱི་རྣམ་པ་བསྟན་པའི་ཕྱིར། ལེགས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པའི་ལས་རྣམས་ནི་སྐྱེ་བ་གཞན་ལ་ལས་ཀྱི་བག་ཆགས་ཀྱི་རྣམ་པ་དེས་རྣམ་པར་རིག་པ་ཞི་བའི་རྣམ་པ་ཡིན་ཏེ། གཟུགས་

ཀྱི་རྣམ་པར་རིག་པ་སེམས་ཡིད་དུ་འོང་བའི་སྐྱེ་བོར་སྐྱེའོ། །དེ་བཞིན་དུ་རྒྱུ་དེ་ཉིད་ཀྱིས་སྐྱེ་བ་སྔ་མ་ལ་གཞན་གྱི་སྲོག་ལ་མངོན་པར་ཞེན་པ་ནི་སྟག་དང་སེང་གེ་དོམ་དང་སྦྲུལ་ཤིན་ཏུ་འཇིགས་པར་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ད་ནི་འདིར་དེ་ཉིད་ཀྱི་གཏན་ཚིགས་གཞན་བསྟན་པའི་ཕྱིར། གལ་ཏེ་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྱུང་བ་རྣམས་ཤེས་པའི་ངོ་བོ་ཉིད་ལ་བརྟགས་པ་མ་ཡིན་ན་དེའི་ཚེ་དེ་དག་བེམ་པོའི་རང་བཞིན་ཡིན་པའི་ཕྱིར་གར་ལ་སོགས་པའི་བྱ་བ་གཞན་ལ། རྐང་པ་ལག་པའི་གཡོ་བ་ལ་སོགས། །ཇི་ལྟར་གཞན་ལས་བྱས་པར་འགྱུར། །ད་ནི་གཞན་གྱི་

དོགས་པ་བསུ་བ་དང་དེ་དགག་པའི་ཕྱིར། རླུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རླུང་ལས་འབྱུང་བ་རྣམས་ཀྱིས་བྱ་བ་བསྐྱེད་དོ། །དེ་ལྟ་ཡིན་ན་རླུང་གང་ལས་ཡིན་འབད་པ་ལས་ཡིན་ནོ་ཞེ་ན། འབད་པ་དེ་ཡང་གང་ལས་ཡིན། གལ་ཏེ་འདོད་པ་ལས་ཡིན་ན། དེ་ཉིད་

ནི་ཁྱོད་ནི་ལམ་དུ་ངེས་པར་ཞུགས། ངེས་པར་ནི་རྣམ་པར་རྟོག་པའོ། །ལམ་དེ་ཉིད་དུ་ཁྱོད་ཞུགས་ཏེ་ཤེས་པའི་བྱ་བ་ཡིན་གྱི་རླུང་གི་ནི་མ་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་པ་ལས་མ་གཏོགས་པའི་འདོད་པ་ནི་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་ཡིན་པའི་ཕྱིར་གཞན་ལས་དེ་ནི་འབྱུང་བར་མི་

སྲིད་དོ། །རེ་ཞིག་འབྱུང་བ་རྣམས་ཀྱི་རྒྱུའི་དཔྱད་པ་གཞག་ལ། དེ་དག་ནི་རྟག་ཏུ་རང་བཞིན་འགྱུར་བ་ཡིན་ཏེ། གྲངས་ཅན་གྱི་གཞུང་གི་དོགས་པ་བསུ་བའི་ཕྱིར། ཕ་མའི་ཁུ་བ་ཁྲག་དག་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་དང་ཁ་དོག་ལ་སོགས་པ་གཞན་

དང་ལྡན་པའི་ཕ་མ་སྟེ། ཕ་མ་གཉིས་དང་འབྲེལ་པའི་ཁུ་ཁྲག་དག་ལས་ཁུ་ཆུ་དང་ཟླ་མཚན་དག་ལས་མཚན་ཉིད་མི་མཐུན་པའི་མགོ་བོ་དང་། ལག་པ་དང་ལྡན་པའི་ངོ་བོ་མི་རྣམས་འབྱུང་བར་འགྱུར། དབྱིབས་དང་ཁ་དོག་གཞན་དང་ལྡན་པའི་ས་བོན་ལས་མཚན་ཉིད་མི་

เล่ม ๑๐๘ · หน้า 77b

མཐུན་པའི་ཤིང་རྣམས་དངོས་པོ་ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར་ཞེ་ན། རྟག་པའི་བདག་ཉིད་ཀྱི་དངོས་པོ་རྣམས་ཡོངས་སུ་འགྱུར་བར་མི་རིགས་སོ། །འདི་ལྟར་ཁྱོད་འདོད་པའི་གཙོ་བོ་ཆེན་པོ་ལ་སོགས་པ་འབྲས་བུའི་ངོ་བོར་ཡོངས་སུ་འགྱུར་བ་བརྟགས་པའི་ངོ་བོར་མི་རིགས་ཏེ།

དེ་ཅི་བདག་ཉིད་ཐམས་ཅད་ཡོངས་སུ་འགྱུར་རམ། འོན་ཏེ་ཕྱོགས་གཅིག་ཡིན། བདག་ཉིད་ཐམས་ཅད་ཡོངས་སུ་འགྱུར་ན། འདི་ལྟར་ཆེན་པོ་ལ་སོགས་པ་མི་རྟག་པ་དེ་བཞིན་དུ་གཙོ་བོ་ཡང་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་ཡིན་ན་དེ་ཡང་གང་གི་ཕྱིར་ཕྱོགས་གང་ཡོངས་སུ་

གྱུར་པ་འབྲས་བུ་གསལ་བ་དང་ལྡན་པ་དེ་བྱ་བ་མེད་པ་རྒྱུ་མ་ཡིན་པ། ཕྱོགས་གཅིག་ལས་བྱས་པ་དང་བཅས་པའི་རང་བཞིན་གྱི་དབྱེ་བས་ཁྱད་པར་དུ་འགྱུར་ཏེ། དེ་བས་ན་གཙོ་བོ་དེ་བྱེད་པ་བྱེད་པ་མེད་པ་གཉིད་ཀྱིས་བྱ་བ་དང་བྱ་བ་མེད་པ་སྣ་ཚོགས་པ་ཡིན་ལ། སྣ་ཚོགས་པའི་ཕྱིར་མི་རྟག་པ་ཡིན་

ནོ། །རྟག་པ་ནི་སྣ་ཚོགས་པར་མི་རིགས་ཏེ། རང་བཞིན་ཐ་དད་པའི་ཉེས་པར་ཐལ་པར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུ་མེད་ན་སྒྲ་འབྱུང་བར་མི་འགྱུར་རོ་ཞེ་ན། ཁ་ལས་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ནི་སྐྱེས་བུའི་འབད་པའི་རྩོལ་བ་ལ་རག་ལས་པ་གནས་དང་

བྱེད་པ་དང་། རྐན་དང་མཆུ་སྦྱར་བ་ལ་སོགས་པ་ཐ་དད་པའི་རྒྱུ་འདི་ལས་ལྷན་ཅིག་བྱེད་པ་ཡིན་ཏེ། དངོས་དང་དངོས་པོ་མེད་པར་སྣང་བ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་མཐོང་བའི་ཕྱིར་རོ། །འདི་ལྟར་དེ་དག་ནི་ཡོད་ན་ནི་འབྱུང་ལ་དེ་མེད་ན་ནི་མི་འབྱུང་བ་དེའི་ཕྱིར་གལ་ཏེ་ཉེ་བར་ལེན་པའི་

རྒྱུ་མི་འདོད་ན་དེའི་ཚེ། ཁ་དང་རྫ་རྔ་ལ་སོགས་པ་རྣམས་ཀྱི་རྒྱུ་མེད་པ་རྣམས་ལས་སྒྲ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་དངོས་པོ་རྣམས་ཕན་ཚུན་འགལ་བའི་བྱ་བ་བྱེད་པ་དེར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། བྱ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་རྣམས་ནི་བྱ་རྣམས་

ཏེ། ཇི་ལྟར་འདོད་པ་བཞིན་དུ་ནམ་མཁའ་ལ་འགྲོའོ། །སྣང་བའི་ལྷན་ཅིག་བྱེད་པས་མིག་གི་རྣམ་པར་ཤེས་པས་དོན་མཐོང་བར་ནུས་པར་འགྱུར་བ་ཡིན་མོད་ཀྱི། དེ་ལྟ་ཡིན་ཡང་ཇི་ལྟར་འུག་པ་རྣམས་སྣང་བ་དང་བྲལ་བའི་སྨག་ཏུ་ཟས་ལ་སོགས་པའི་དངོས་པོ་རྣམས་ཇི་ལྟར་མཐོང་བར་

เล่ม ๑๐๘ · หน้า 78a

འགྱུར། ཁུང་ན་ཁུང་བུར་སྣང་བ་མེད་པར་བྱི་བ་རྣམས་ཀྱིས་དེ་བཞིན་ནོ། །བར་དུ་མ་ཆོད་པའི་དངོས་པོ་མིག་གིས་མཐོང་བ་ཡིན་ན། ཉ་རྣམས་ཀྱིས་ཆུ་ནང་དུ་སྟེ། རྒྱ་མཚོའི་ཆུས་ཆོད་པའི་དངོས་པོ་ཇི་ལྟར་མཐོང་བར་འགྱུར། དབང་པོའི་རྣམ་པར་

ཤེས་པའི་ཡུལ་སོ་སོར་ངེས་པ་ཡིན་ན། སྦྲུལ་རྣམས་ནི་སྦྲུལ་རྣམས་ཏེ། མིག་གཉིས་ཀྱིས་ཇི་ལྟར་ཐོས་པ་དང་མཐོང་བར་འགྱུར། དེ་ལྟ་བུའི་འགལ་བ་གཞན་དང་གཞན་རྣམས་ནི། དངོས་པོ་རྣམས་དེ་བཞིན་དུ་རྣམ་པ་དུ་མར་འཁོར་བར་བསྟན་པ་སྟེ། འགལ་བར་མཐོང་ངོ་། །དེ་ལྟ་བས་

ན་ཉེ་བར་ལེན་པའི་རྒྱུ་རྗེས་སུ་དཔག་གོ། །འདི་ལྟར་དངོས་པོ་འདི་དག་གི་དབྱེ་བ་ནི་འགལ་བའི་ཆོས་དང་འབྲེལ་བ་དང་རྒྱུའི་དབྱེ་བ་ལས་ཡིན་ནོ། །གལ་ཏེ་ཡང་དངོས་པོ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་མི་འདོད་ན་དེའི་ཚེ་འགའ་ཡང་བྱེ་བྲག་ཏུ་མི་འགྱུར་རོ། །བྱེ་བྲག་མེད་ན་ཡང་སྣ་ཚོགས་པ་བྱེ་

བྲག་མེད་པར་འགྱུར་རོ། །རྣམ་པ་གཞན་གྱི་རྒྱུར་སྨྲ་བར་ཁས་ལེན་པ་ཐམས་ཅད་བདེ་བའམ་སྡུག་བསྔལ་བར་ཅིའི་ཕྱིར་མི་འགྱུར། དེ་བཞིན་དུ་འབྲས་བུ་དང་སྣང་བ་དང་མེ་ལོང་ལ་སོགས་པ་རྣམས་ཀྱིས་ས་བོན་དང་སྡོང་བུ་དང་བུད་ཤིང་གི་བྱེད་པ་རྣམས་མེད་ཀྱང་སྐྱེ་བར་འགྱུར་རོ། །འདི་ལྟར་

ཞར་ལས་བྱུང་བའི་རྒྱུར་སྨྲ་བ་བཀག་ནས། སྔར་བསྟན་པ་ཉིད་བརྟན་པར་བྱེད་ཅིང་། ཇི་ལྟར་རྣམ་པར་ཤེས་པའི་དངོས་པོ་ལས་མ་གཏོགས་པའི་བྱ་བ་གཞན་མེད་པར་བསྟན་པའི་ཕྱིར། གནས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པས་དགྲ་ལ་ཕོག་པའི་སྐྱེས་བུས་གནས་དང་

གནས་པ་མ་མཐོང་བའི་འབེན་ལ་ཤེས་པའི་རྟོག་པ་མ་རྟོགས་པར་ཏེ། ཤེས་པའི་རང་བཞིན་མ་རྟོགས་པར་མི་འཆོར་བར་ཕོག་པ་ནི་མདའ་རྣམས་འབྲས་བུ་དང་བཅས་པར་ཅི་ལྟར་འགྱུར། ཆུ་ཡི་རྒྱུན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆུའི་རྒྱུན་དང་འདྲ་བར་འབྱུང་བ་རྣམ་

པར་རིག་པ་མ་ཡིན་པར་འགྱུར་ན་ནི། དེའི་ཚེ་གང་ཅུང་ཟད་བསྟན་བཅོས་གང་གཟུང་བ་གོམས་པར་མ་བྱས་ཀྱང་མི་འཆོར་ཏེ་དེ་ཉིད་ལ་གནས་པ་ཡིན་ནོ། །འདི་ལྟར་སེམས་ལས་བསྟན་བཅོས་ཤོར་བ་ཡང་གཞན་གྱི་རྒྱུད་ལས་ཡང་ཅི་ལྟར་གཟུང་དགོས་ཞེས་བྱ་བར་རིགས། གང་

เล่ม ๑๐๘ · หน้า 78b

འགྲོ་བ་བསྐྱོད་པའི་རྒྱུ་དབང་ཕྱུག་ཡིན་པར་འདོད་པ་བསྟན་པའི་ཕྱིར། རི་བོ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བྱ་བ་མེད་ན་དེ་རི་བོ་རྣམས་ནི་མཐོ་བར་འགྱུར། དེ་བཞིན་དུ་རྒྱ་མཚོ་ཆེན་པོ་སྟེ། རྒྱ་མཚོ་གཏིང་དཔག་དཀའ་བའོ། །ཕྲ་རབ་རྣམས་ནི་འདུས་པ་ཡི་སྟེ།

ཕྲ་རབ་འདུས་པའི་དངོས་པོར་གྱུར་པ་གཉིས་འདུས་པ་དང་གསུམ་འདུས་པའི་རིམ་གྱི་ཇི་ལྟར་འབྲས་བུར་བྱེད། གང་གི་ཕྱིར་དེ་རྟག་པའི་ཕྱིར་རིམ་མམ་ཅིག་ཅར་གྱི་དོན་བྱེད་པར་མི་རིགས་སོ། །དེ་ལྟ་བས་ན་སྣ་ཚོགས་པ་སྐྱེ་བ་ཉིད་ཀྱི་རྒྱུ་དབང་ཕྱུག་མ་ཡིན་པའི་ཕྱིར།

འཇིག་པའི་རྒྱུ་ཡང་མ་ཡིན་པར་བསྟན་པའི་ཕྱིར། ནུས་དང་ལྡན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་གི་སྒྲ་ནི་རྣམ་པར་རྟོག་པའོ། །ནུས་པ་ཆེན་པོ་དང་ལྡན་པར་འབྲས་བུ་བྱས་ན་ནི། དེ་ཉིད་སྨྱོན་པ་བཞིན་དུ་ཡང་སྟེ། སྣ་ཚོགས་འགག་པའི་དུས་སུ་བདག་ཉིད་ཀྱི་འབད་པ་ཇི་

ལྟར་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ཉིད་དུ་མི་རིགས་སོ། །རྣམ་པར་རིག་པ་ཙམ་དུ་མི་འདོད་ན་ཇི་ལྟར་སྔགས་ལ་ནུས་པ་ཡོད་ཅེས་བསྟན་པའི་ཕྱིར། ཁབ་ལོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁབ་ལོང་ལ་སོགས་པས་ནི་

སྦུར་ལོང་ལ་སོགས་པ་བསྡུའོ། །འདྲེན་པ་ནི་ལྕགས་དང་རྩྭ་འདྲེན་ལ་དེ་བཞིན་དུ་སྔགས་ཀྱིས་དུག་ཞི་བ་དང་། སྨན་གྱིས་རིམས་སེལ་བར་སུ་ཞིག་གིས་བྱས་ཞེས་བྱ་བའི་དོན་ཏོ། །ད་ནི་མཇུག་བསྡུ་བའི་ཕྱིར། དེ་ཕྱིར་མ་རིག་སྣ་ཚོགས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་

ཕྱིར་དེ་དག་ཐམས་ཅད་གང་ཅུང་ཟད་སྣ་ཚོགས་པའི་དངོས་པོ་ཕྱི་རོལ་དུ་སྣང་བ་དེ་དག་སེམས་ཀྱིས་སྤྲུལ་པར་བྱའོ། །སེམས་ཉིད་གོམས་པའི་སྟོབས་ཀྱིས་ཀུན་བརྟགས་པའི་ངོ་བོ་སྣ་ཚོགས་པ་སྣང་བ་ལས་ཕྱིའི་དོན་ནི་མ་ཡིན་ནོ། །ཡང་གང་ཞིག་མ་རིག་པའི་སྣ་ཚོགས་མ་རྟོགས་པ་དེ་ལ་བདག་

གིས་བྱར་ཅི་ཞིག་ཡོད། ཅི་ལྟ་བུ་ཞིག་ཅེ་ན། ཅོག་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅོག་ཆུང་ནི་བྱའི་ཁྱད་པར་རོ། །དེའི་སྒྲ་ནི་ཅོ་གའི་སྒྲའོ། །དེའི་སྒྲ་བརྙན་ནི་ཅོག་ཆུང་གི་སྒྲ་བརྙན་ཏེ་རྒྱ་ཆེ་བའོ། །ཅོག་ཆུང་གི་སྒྲ་བརྙན་གྱི་གཞན་ཅུང་ཟད་འདི་ལྟར་མི་ཤེས་ཏེ། དེ་བཞིན་དུ་ཞེས་

เล่ม ๑๐๘ · หน้า 79a

བྱ་བའི་དོད་དོ། །སེམས་ལས་ཕྱིའི་དོད་དུ་མི་འདོད་ན་ལུང་དུ་འགལ་ལོ་ཞེ་ན། ཟད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་མེད་ན་རྣལ་འབྱོར་པ་རྣམས་ཀྱིས་ཟད་པར་སྒོམ་པ་ནི་ས་ལ་སོགས་པ་སྒོམ་པ་ཇི་ལྟར་རིགས། གང་གི་ཕྱིར་བརྟན་པའི་

རང་བཞིན་དངོས་པོ་རྣམས་གཞན་དང་གཞན་དུ་གཞག་པར་མི་རིགས་སོ། །གང་གི་ཚེ་རང་གི་གཞུང་ལ་ཟད་པར་སྒོམ་པ་གྲུབ་པ་དེ་ལྟར་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ནི་རྣམ་པ་འདིས་རྣལ་འབྱོར་པ་རྣམས་ཀྱིས་ཟད་པར་སྒོམ་པར་རིགས་སོ། །

ཅི་ལྟར་སེམས་འདི་ཉིད་ཤེལ་བཞིན་དུ་ནི་ནོར་བུ་ཤེལ་དང་འདྲའོ། །རྣམ་པ་དུ་མ་ནི་ས་ལ་སོགས་པའི་དངོས་པོ་ལ་ཁྱབ་པ་འཁྲུལ་པ་གོམས་པ་དེའི་ཚེ་ཟད་པར་སྒོམ་པར་རིགས་ཀྱི། ཕྱིའི་དོན་ཁས་ལེན་པའི་རྒྱུས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཁྱབ་ཅེ་ན། བག་ཆགས་ཆུ་

ལ་ཏིལ་མར་བཞིན། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཆུ་ལ་ཏིལ་མར་ཕྱོགས་གཅིག་ཏུ་བཏབ་པས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ་བག་ཆགས་ཀྱི་ཆུ་ལ་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། དེ་བཞིན་དུ་སེམས་ཙམ་ཉིད་དུ་མོས་པའི་རྣལ་འབྱོར་པས་ངོ་མཚར་མེད་པར་བསྟན་པའི་ཕྱིར།

འཇིག་རྟེན་པ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ངོ་མཚར་རྣམས་ནི་བྱིས་པ་རྣམས་ཀྱིས་ཕྱི་རོལ་གྱི་དོན་ལ་ངོ་མཚར་དུ་བྱེད་པ་ལ་ངོ་མཚར་དུ་འགྱུར་བ་མ་ཡིན། ངོ་མཚར་ཉིད་དུ་མི་བྱེད་ཅེས་བྱ་བའི་དོན་ཏོ། །ས་བོན་ཐམས་ཅད་པའི་སྒྲ་ནི། ཀུན་གཞི་རྣམ་པར་

ཤེས་པ་ལ་བརྗོད་དེ། འདི་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་ཉིད་དུ་གནས་པའི་ཕྱིར་རོ། །ས་བོན་ཐམས་ཅད་ས་དེ་ལས་འབྱུང་བ་ལ་སོགས་པ་ཡོད་དོ། །འདི་ལྟར་རྣལ་འབྱོར་པས་བསམས་ཏེ་ཤེས་རབ་ཀྱིས་རྣམ་པར་ངེས་པར་བྱའོ། །ད་ནི་གཞན་གྱི་ཕྱི་རོལ་གྱི་དོན་མངོན་

སུམ་གྱི་ཚད་མས་གྲུབ་པར་སྨྲ་བ་དགག་པའི་ཕྱིར་དྲིས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྣང་བའི་བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་གིས་སྣང་བ་ཐོབ་པ་གང་ཡིན་པ་དེ་དག་རེ་ཞིག་དངོས་འདི་ཡོད་ཡིན་ན་ནི་གནས་པའོ། །དེ་དག་ཡོད་པ་ཉིད་དུ་ཁྱོད་ཀྱིས་ཇི་

เล่ม ๑๐๘ · หน้า 79b

ལྟར་ངེས་པར་གཟུང་ཞེས་བྱ་བ་ནི་དྲི་བའོ། །གཞན་གྱི་དོགས་པ་བསུ་ནས་དགག་པའི་ཕྱིར། ཨེ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ནའི་སྒྲ་ནི་གལ་ཏེའི་དོན་ཏོ། །གལ་ཏེ་དེ་རྣམས་སེམས་ཡིན་པར་རྟོགས་ན་དེའི་ཚེ་ཨེ་མ་སྟེ་ངོ་མཚར་བ་ཡིན་ནོ། །སེམས་ལ་རྒྱུ་མེད་པར་

ཁྱེད་སྡང་བར་མི་རིགས་སོ། །གང་ཡིན་སེམས་དེ་ཉིད་ཀྱི་རྣམ་པ་ཅིའི་ཕྱིར་མི་འདོད་དགོས་པ་མེད་པའི་ཕྱིའི་དོན་གྱིས་ཅི་ཞིག་བྱ། འདི་ལྟར་ཕྱི་རོལ་གྱི་དོན་ནི་བག་ཆགས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་བག་ཆགས་སེམས་ལ་གནས་པ་དེའི་ཚེ། དེ་ཉིད་ལས་འབྲས་

བུ་འབྱུང་ངོ་། །ཞིང་ལ་ས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་མི་འབྱུང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཉིད་དོན་གྱི་རྣམ་པར་སྣང་ན་དེའི་ཚེ་ཡང་འཛིན་པ་ཉིད་གང་ཞིག་ཡིན་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རྣམ་པར་རྟོག་པའོ། །

རྣམ་པར་ཤེས་པ་ཕྱིར་བྱུང་ནས་ཡུལ་རྣམས་འགུལ་བ་ནས་དྲངས་ནས་ཅི་འཛིན་པ་ཡིན་ནམ། གང་གི་ཕྱིར་མ་བཟུང་ན་འཛིན་པ་ཉིད་དུ་མི་འགྱུར་རམ། གང་གི་ཕྱིར་བག་ཆགས་ཀྱི་མཐུས་དེའི་རྣམ་པ་དེ་ཡིན་ཏེ། དེ་བས་ན་དེའི་རྣམ་པ་སེམས་ལ་སྐྱེ་བ་ཉིད་འཛིན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཡང་

ཅི་སེམས་དེ་ཐོག་མ་ནས་ཡོད་དམ་འོན་ཏེ་མེད་ཅེས་བྱ་བའི་ཕྱོགས་གཉིས་ཏེ། དེ་ལ་གལ་ཏེ་ཐོག་མ་ནས་ཡོད་ན་དེའི་རྣམ་པ་ཉིད་སེམས་ལས་སྐྱེས་པ་ཡིན་ན་དུས་ཕྱིས་འབྱུང་བའི་ཡུལ་གཟུང་བ་ལ་དགོས་པ་ཅི་ཞིག་ཡོད། གལ་ཏེ་ཐོག་མར་མེད་ལ་ཕྱིས་བྱུང་བས་ཡུལ་

འཛིན་ཏོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དེའི་ཚེ་དོན་འགག་པའི་ཕྱིར་དེ་གང་གིས་འཛིན་པ་ཡིན། ལྷན་ཅིག་སྐྱེས་པ་ཡིན་ན་ཕན་པར་བྱ་བ་དང་ཕན་པར་བྱེད་པ་མེད་པས་ཇི་ལྟར་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར། དེ་ལྟ་བས་ན་མངོན་སུམ་གྱིས་ཕྱིའི་དོན་མ་གྲུབ་བོ་ཞེས་བསྟན་ཏོ། །གང་ཞིག་

ཡང་རྗེས་སུ་དཔག་པས་ཕྱིའི་དོན་གྲུབ་པར་འདོད་དེ། འདི་ལྟར་ཇི་སྲིད་ཕྱིའི་དོན་གྱིས་རང་དང་འདྲ་བར་རྣམ་པར་ཤེས་པ་མ་བསྐྱེད་པ་དེ་སྲིད་དུ་དེའི་རྣམ་པར་ཇི་ལྟར་སྣང་། དེའི་ཕྱིར་དོན་གྱིས་བསྐྱེད་པ་ཉིད་ལ་དོན་གཟུང་ཞེས་བྱའོ། །དེ་ལྟར་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་

เล่ม ๑๐๘ · หน้า 80a

བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྗེས་སུ་དཔག་པ་ལས་ཀྱང་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པས་མ་གྲུབ་ཀྱང་ལུང་གིས་གྲུབ་པོ་ཞེ་ན། ལུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་

ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཚད་མས་ཕྱིའི་དོན་ཡང་དག་པར་རྟོགས་པར་གྲུབ་པ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་སོ། །འདིར་ལན་སྨྲས་པ། མངོན་སུམ་དོན་ལ་ལུང་

ཅི་དགོས། །ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་དོན་གང་ཡིན་པ་དེ་ལ་ལུང་གིས་དགོས་པ་ཅི་ཞིག་ཡོད། ལུང་གི་ཚིག་ཀྱང་ག་ལ་ཞེ་ན། མི་སྣང་ཞེས་བྱ་བ་སྨོས་ཏེ། གང་དབང་པོ་ལས་འདས་པའི་དངོས་པོ་འཇིག་རྟེན་ཕ་རོལ་ལ་སོགས་པའི་དོན་མངོན་སུམ་གྱི་ཡུལ་མ་ཡིན་པ་དེ་ལ་

ལུང་གིས་གསུངས་པའི་རྗེས་སུ་འབྲངས་ནས་རྟོགས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གལ་ཏེ་ཕྱིའི་དོན་ཡོད་ན་དེ་མངོན་སུམ་ཉིད་ཀྱིས་ཡོངས་སུ་བཅད་པས་ལུང་གི་ཚིག་གིས་ཅི་ཞིག་བྱ། འོན་ཏེ་མེད་ན་དེ་ཡང་ལུང་གི་ཚིག་གིས་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱི་

ཕྱིར། དྲང་བའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་གི་ཚིག་གིས་ཀྱང་ཕྱིའི་དོན་ཡོད་པར་མི་འགྲུབ་སྟེ། ཅི་ལྟར་ཞེ་ན། དྲང་བའི་དོན་ཡིན་ཕྱིར་ཡང་སྟེ། །འདི་ལྟར་དྲང་བའི་དོན་དུ་བསྟན་པ་ཐམས་ཅད་ནི་རྣམ་པ་བཞིར་བརྗོད་པར་བྱ་སྟེ། དེ་ལ་དགོངས་པ་ནི་གང་ལ་དགོངས་ནས་སྒྲ་སྦྱར་བ་ཡིན་ནོ། །སྐྱེ་བོ་གདུལ་

བྱའི་ཡུལ་ནི་གང་དག་ལ་བསྟན་པའོ། །འབྲས་བུ་ནི་གང་ལ་བསྟན་པས་གྲུབ་པའོ། །རྒྱུན་ནི་གང་གིས་མངོན་པར་འདོད་པའི་དོན་བརྟགས་པ་ཞེས་བྱ་བའོ། །ཡང་འདིར་ནི་དགོངས་པ་གསུངས་པ་ཡིན་ནོ། །འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། སྨྲས་པ། ཁ་ཅིག་གིས་བདག་མཐོང་བ་

པོ་ཉིད་དང་། ཟ་བ་པོ་ལ་སོགས་པར་འདོད་པ་དེ་སྤང་བའི་ཕྱིར། གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས། །ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་མཛད་དེ། འདི་ལྟར་ཡུལ་སོ་སོར་ངེས་པ་ལ་དབང་པོ་རྣམས་ཡིད་མཐོང་བ་པོ་དང་ཡུལ་གང་ལ་གཞག་པར་བྱ་ཞེ་ན། བསྟན་པ་སེམས་

เล่ม ๑๐๘ · หน้า 80b

ཀྱི་སྤྱོད་ཡུལ་ལོ། །ཞེས་བྱ་བ་སྨོས་ཏེ། སེམས་ཉིད་ལ་ཡུལ་དང་དབང་པོའི་ངོ་བོར་རྣམ་པར་གཞག་གི་ཕྱིའི་དོན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྐྱེན་གཞན་གྱི་བག་ཆགས་ཀྱི་ནུས་པའི་ཁྱད་པར་སད་པར་བྱས་པས། རང་གི་ས་བོན་

ཀུན་གཞི་རྣམ་པར་ཤེས་པ་ལས་དེ་མ་ཐག་ཏུ་འབྱུང་བ་མིག་གི་རྣམ་པར་ཤེས་པ་དང་། དབང་པོར་བརྗོད་དོ། །དེ་བས་ན་དེ་ཉིད་ཀྱང་སེམས་ཡིན་ཏེ། བག་ཆགས་ཀྱི་དབང་གིས་སྔོན་པོ་དང་སེར་པོ་ལ་སོགས་པ་ཡུལ་གཟུགས་ཀྱི་རྣམ་པར་སྐྱེས་པ་ཡུལ་དུ་ཤེས་པར་བྱ་བའི་དོན་ཏོ། །རྣམ་

པར་ཤེས་པ་དོན་དམ་པར་ཐ་དད་པ་མེད་པའི་ཕྱིར་དབང་པོ་དང་ཡུལ་གྱི་དབྱེ་བས་ཇི་ལྟར་བྱེ་བྲག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་དག་བློ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་དང་གཟུགས་ལ་སོགས་པ་རྣམས་ཕྱིའི་དོན་ཉིད་ཀྱི་དབང་པོ་དང་ཡུལ་གྱི་ངོ་བོར་གྱུར་པ་མེད་དོ་ཞེས་བློས་ངེས་པར་

བྱའོ། །དོན་དམ་པར་སེམས་ལ་ཆ་ཤས་མེད་མོད་ཀྱི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་མཁས་པས་དབང་པོ་དང་ཡུལ་གྱི་སྒོ་ནས་ཆ་ཤས་སུ་སེམས་ལ་བརྟགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་ནི་ཡང་། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི་སེམས་

ཏེ། མིག་ནི་དབང་པོར་བརྟགས་པ་དེ་མེད་དོ། །གཟུགས་མིན་ནི་ཡུལ་དུ་བརྟགས་པ་མི་རིགས་པའོ། །སྣང་བ་མེད་ཅིང་ཡིད་བྱེད་མེད་པ་ནི་ལྷན་ཅིག་བྱེད་པར་བརྟགས་པ་མེད་པའོ། །གང་གི་ཚེ་བག་ཆགས་ཀྱི་དབང་གིས་བརྟགས་པའི་རྣམ་པ་འཁྲུལ་པའི་སེམས་ལས་བྱུང་བ་དེའི་ཚེ་ཀུན་

རྫོབ་ཏུ་ཐམས་ཅད་ཡོད་པ་ཡིན་ནོ། །དོན་དམ་པར་ནི་ཆུང་ཟད་ཀྱང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཞེ་ན། རྨི་ལམ་ལྟ་བུ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྨི་ལམ་གྱི་ངོ་བོ་དོན་མེད་པ་ལས་དོན་གྱི་རྣམ་པར་འཁྲུལ་པའི་སེམས་སྐྱེ་སྟེ། དེའི་ཚེ་དོན་ཡོད་པའི་རྣམ་པར་སྣང་ངོ་། །

གང་གི་ཚེ་ཡང་སད་པ་དེའི་ཚེ་ཆུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ལ་ཕྱིའི་དོན་མེད་ན་དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་བསྟེན་པ་ལས་དགེ་བ་དང་མི་དགེ་བའི་བྱ་བ་ངེས་པར་ཇི་ལྟར་གྲུབ་ཅེ་ན། བཟང་དང་ངན་པའི་

เล่ม ๑๐๘ · หน้า 81a

གྲོགས་བསྟེན་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟང་དང་ངན་པའི་གྲོགས་བསྟན་པ་ལས་ཏེ། བཟང་པོ་དང་བཟང་པོ་མ་ཡིན་པ་དང་འབྲེལ་བས་སེམས་ཅན་གྱི་རྒྱུད་ལ་དགེ་བ་དང་མི་དགེ་བའི་བྱ་བའི་ཁྱད་པར་གང་ཡིན་པ་དེ་གཞན་གྱི་སེམས་ཀྱི་དབང་

གིས་བྱུང་བ་ཡིན་ནོ། །གང་གི་ཚེ་སྲོག་ཆགས་རྣམས་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་སྤྱོད་པ་བསླབ་པར་འདོད་པ་དེའི་ཚེ། དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོའི་རྣམ་པར་ཤེས་པའི་དབང་གིས་དགེ་བ་དང་མི་དགེ་བའི་རྣམ་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །

ཇི་ལྟར་ཞེ་ན། དེ་ཡང་འབྱུང་པོས་གཟུང་སྩོགས་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་འབྱུང་པོས་གཟུང་བ་རྣམས་སེམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་ཁྲག་ལ་སོགས་པ་འདྲེན་པར་འགྱུར་བ་དེ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཐམས་ཅད་རྣམ་པར་

རིག་པ་ཙམ་ཡིན་ན། ར་ལུག་ལ་སོགས་པ་ཤན་པས་གསོད་ཅེ་ན། ཉེ་བའི་རིམ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ར་ལུག་རྣམས་གཞན་གྱི་ལུས་དང་ཉེ་བའི་རིམ་པས་གསད་པར་ནི་མི་འདོད་དེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཕུང་པོ་རྣམས་སྐད་ཅིག་རེ་རེར་

གྱུར་པ་འཇིག་པ་ལ་རྒྱུ་མེད་པ་ཡིན་ནོ། །ཡང་གང་ཐོ་བ་ལ་སོགས་པས་བུམ་པ་ལ་སོགས་པ་འཇིག་པ་ཡིན་པར་རྟོག་ན། དེ་ནི་འཇིག་པ་མ་ཡིན་ཏེ། འོན་ཀྱང་མཚན་ཉིད་མི་མཐུན་པ་གྱོ་མོ་ལ་སོགས་པའི་འབྲས་བུ་བསྐྱེད་པ་ཉིད་དུ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཚུལ་

འདིས་ཐེག་པ་ཆེན་པོ་ནི་ཆོས་བདག་མེད་པའི་ཕྱིར་རང་བཞིན་གྱིས་རྣམ་པར་བྱང་བའི་ཚུལ་གཉིས་སུ་མེད་པ་སེམས་ཙམ་ཉིད་དུ་གནས་ཏེ། གང་འདི་ནི་གསད་པར་བྱ་བ་དང་གསོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་གཞག་པའི་རྒྱུ་མཚན་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་། མི་འདོད་པ་ཡི་ལས་

ཀྱི་མཐུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མི་འདོད་པའི་ལས་ཀྱི་མཐུས་ཏེ། སྔར་བྱས་པའི་ལས་ཀྱི་འབྲས་བུའི་མཐུས་འབའ་ཞིག་ཏུ། དྲག་ཤུལ་སྤྱོད་པའི་རྣམ་རིག་ནི། །འཇིགས་པའི་དོན་དུ་འདི་སྐྱེས་ཏེ། ཤིན་ཏུ་འཇིགས་པ་སྐྱེད་པར་བྱེད་ཅིང་། གནོད་པར་བྱེད་པའི་

เล่ม ๑๐๘ · หน้า 81b

རྣམ་པར་རིག་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཉིད་ཅེ་ན། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དམྱལ་བར་དམྱལ་བ་པ་རྣམས་ཀྱི་འཇིགས་པ་བསྐྱེད་པའི་ཕྱིར་སེང་གེ་དང་སྟག་གི་རྣམ་པར་རིག་པ་སྐྱེའོ། །འདིར་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་དོན་

དུ་སྨྲ་བའི་ཞར་ལ་གཞན་བསྟན་པའི་ཕྱིར། ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོའི་ཆོས་སྣང་བ་ནི་སོ་སོར་སྣང་བའི་སྟེ། དེ་ཁོ་ནའི་གལ་ཏེ་རང་བཞིན་ཉིད་དོན་དམ་པའི་ངོ་བོ་ཡིན་གྱི་བརྟགས་པ་ནི་མ་ཡིན་ན། དེའི་ཚེ། ཡང་དག་དོན་

ནི་མཐོང་བའི་ཕྱིར། །འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །ཞེས་བྱ་བ་ཡིན་ནོ། །ད་ནི་དེ་དག་བརྟགས་པ་ཡིན་པར་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དམ་པར་དེས་ཆོས་རྣམས་ལ་བྱིས་པ་རྣམས་ཞེན་པ་བསྐྱེད་ན་རྒྱུ་དེ་ཉིད་ཀྱིས་རང་བྱུང་སྟེ། རང་གིས་

དངོས་པོ་ཐམས་ཅད་མཁྱེན་པར་གྱུར་པ་ནི་རང་བྱུང་ངོ་། །རང་བྱུང་སངས་རྒྱས་བཅོམ་ལྡན་འདས་དེས་ཐུགས་རྗེས་ཏེ། སྙིང་རྗེས་བྱིས་པ་དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ལ་འགྲོ་བ་འཁྲུལ་པ་དེ་སྤང་བའི་ཕྱིར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བདག་ཉིད་བདེ་བའི་འགྲོ་བ་ལ་

ཐུགས་རྗེ་དེ་མེད་པར་འགྲོ་བའི་ཕྱིར་རོ། །ནད་མེད་པ་ལ་སྨིན་པའི་ངག་གིས་ཅུང་ཟད་ཀྱང་བྱ་བ་མེད་པ་བཞིན་ནོ། །གཞན་ཡང་སེམས་ཙམ་ཉིད་དུ་ཁས་མི་ལེན་ན་ཉེས་པ་འབྱུང་བ་བསྟན་པའི་ཕྱིར། གློག་དང་འབྲུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློག་ལ་སོགས་པ་རང་གི་ཉེ་བར་

ལེན་པའི་རྒྱུ་མི་དམིགས་པས་སེམས་ཙམ་ལས་མ་གཏོགས་པར་དེ་དག་ནམ་མཁའི་དཀྱིལ་དུ་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱིའི་དངོས་པོ་རྣམས་ངེས་པར་རང་བཞིན་མེད་པས་མི་འགྲུབ་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་

ཏེའི་དོན་ནི་བརྒྱ་ལའི་དོན་ཏོ། །གལ་ཏེ་ཕྱིའི་དངོས་པོ་རྣམས་གཅིག་ཉིད་དང་རྟག་པར་འགའ་ཞིག་ལ་བདག་ཉིད་ཀྱི་རང་བཞིན་གྲགས་པ་བཞིན་དུ་ཡིན་ན། དེའི་ཚེ་འདོད་པའི་དབྱེ་བས་ཏེ། འདོད་པ་དང་མི་འདོད་པས་ངེས་པའི་དབྱེ་བ་དུ་མར་སྣང་བར་མི་འགྱུར་རོ། །དབྱེ་བ་མཐོང་

เล่ม ๑๐๘ · หน้า 82a

སྟེ་འདི་ལྟར་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དུ་གཅིག་པ་ལ་གཞོན་ནུ་དང་། བར་མ་དང་། ཚོ་བ་དང་། སྐེམ་པ་དང་། སྔོ་བསངས་ཞེས་བྱ་བ་དུ་མ་ཐ་དད་པའི་ཤེས་པ་སྐྱེའོ། །འདིས་ནི་ཆ་ཤས་ཅན་རགས་པའི་ཡུལ་གྱི་དངོས་

པོ་བཀག་པ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཡུལ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །དེ་དག་ཀྱང་རང་བཞིན་མེད་པ་ཉིད་ཡིན་ཏེ། དྲུག་གིས་ཅིག་ཅར་སྦྱར་བ་ཡིས། །ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་། སྣ་ཚོགས་རང་བཞིན་ཉིད་གྲུབ་པས། །དེ་ཕྱིར་མིག་

དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་རགས་པ་དང་ཕྲ་བའི་ཡུལ་གྱི་དངོས་པོ་མེད་པའི་ཕྱིར། སེམས་ཙམ་ཉིད་ཡིན་པས། སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་

མེད་མོད་ཀྱི་བག་ཆགས་ཀྱི་དབང་གིས་གང་གི་ཚེ་བུད་མེད་ཀྱི་རྣམ་པར་སེམས་ཉིད་སྐྱེས་པ་དེའི་ཚེ། ངོ་ཚ་དང་བཅས་འདོད་ཆེན་གྱིས་ཏེ། འདོད་པ་ལ་ཆགས་པའི་སེམས་དང་ལྡན་པས། བདག་ཉིད་བདག་ལ་སུ་ཞིག་ཆགས། །ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་

པ་སྨོས་ཏེ། དེས་ན་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་ཡུལ་ཐམས་ཅད་རང་གི་ངོ་བོ་ཡིན་པར་བློ་ལྡན་ཏེ། བློ་གྲོས་དང་ལྡན་པས་སོ། །ཐམས་ཅད་དུ་ནི་དུས་ཐམས་ཅད་དུ་སྟེ། ཡུལ་གྱི་ཉེ་བར་ལོངས་སྤྱོད་ཕྱིར། །བྱིས་པ་ལྟ་བུར་འཇུག་མི་རིགས། །ཞེས་བྱ་བའི་དོན་ཏོ། །ཡུལ་

ཡོད་པས་ཡུལ་གྱི་ཉེ་བར་ལོངས་སྤྱོད་ཇི་ལྟར་སྤང་བ་མ་ཡིན་ནམ་ཞེ་ན། རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་ནི་མེད་པར་སྣང་བ་ཡིན་ཏེ། དཔེར་ན་འགའ་ཞིག་རང་གི་རྨི་ལམ་གྱིས་འཁྲུལ་པའི་ཕྱིར་ལག་པ་ནི་ལག་པ་སྟེ། ལག་པ་ཡིས་ནི་ལག་བཟུང་ནས། །བདག་

གིས་རྐུན་མ་འདི་ཟིན་ཞེས། །སྨྲས་པ་གཞན་གྱིས་སྤོང་བར་བྱེད། །ཅེས་བྱ་བ་ནི། དཔེར་ན་འདི་ནི་རྐུན་མ་མ་ཡིན་ཏེ། འོན་ཀྱང་རྨི་ལམ་གྱིས་འཁྲུལ་པ་ཁྱོད་ཀྱིས་མཐོང་བ་ཡིན་ནོ། །དེ་བཞིན་དུ་རྐུན་མ་ལྟ་བུའི་ཡུལ་འདི་དག་ལ་དེ་དག་ཇི་ལྟར་ཉེ་བར་ལོངས་སྤྱོད་པར་རིགས། ཕྱིའི་

เล่ม ๑๐๘ · หน้า 82b

དོན་ཡོད་ན་གཅིག་ཅིང་ཐ་མི་དད་པའི་མཚན་ཉིད་ལ་ཐ་དད་པའི་འདུ་ཤེས་བསྐྱེད་པར་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུད་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུད་འགྲོ་ནི་བ་ལང་ལ་སོགས་པའོ། །རྩྭ་སྐམ་པོའི་ཚོགས་ལ་ཟ་བའི་འདུ་ཤེས་དང་ལྡན་ན། མི་རྣམས་བཟའ་

བར་སེམས་མ་ཡིན། །དེ་བས་ན། རྣམ་རྟོག་འཇུག་པ་ངོ་མཚར་ཆེ་སྟེ། མི་རིགས་པའི་ཕྱིར་ངོ་མཚར་དུ་གྱུར་པའོ། །གང་། རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ། །ཅེས་བྱའོ། །གཞན་ཡང་། རི་དགས་མེ་མདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཁ་ཅིག་ན་རི་དགས་མེ་

མདག་ཅེས་བྱ་བ་མེས་དྲི་མ་མེད་པར་འགྱུར་ལ། གཞན་དག་ནི་སྲེག་གོ། །དེ་བཞིན་དུ་དེ་དག་མེ་ཟའི་གཞན་དག་ནི་མ་ཡིན་ནོ། །དེ་བཞིན་དུ་དུག་གི་བྱི་བས་སྲོག་ནི་མཐའ་རུ་བྱེད་པའི་དུག་ཟོས་པས་དེ་ནི་འཆི་བར་འགྱུར་བ་མ་ཡིན། གཞན་དག་ནི་འཆི་བར་འགྱུར་རོ། །དེ་བཞིན་དུ། མས་

དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གཞན་དག་ནི་དངོས་པོ་འདི་དག་གིས་འཚོ་བར་འགྱུར་རོ། །སེམས་ཅན་གང་དག་དངོས་པོ་གང་དག་གིས་ཤེ་ན། དེ་ལ་ཉ་དང་བྱ་དང་ཁྱི་དང་སྦྲུལ་རྣམས་ནི་སེམས་ཅན་དེ་རྣམས་སོ། །མས་དྲན་པས་ཉའི་རྒྱུད་འཚོ་བ་ཡིན་གྱི་གཞན་དག་ནི་

མ་ཡིན་ནོ། །འཚོ་བ་ཡིན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །དེ་བཞིན་དུ་སྒོ་ངའི་གནས་སྐབས་ན་བྱ་རྣམས་ནི་རེག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །ཁྱི་རྣམས་གཉིད་ལོག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །སྦྲུལ་ནི་བྲང་འགྲོའོ། །ཡང་དག་འགྲོ་སྟེ་རླུང་གིས་ཡིན་གྱི་གཞན་

དག་ནི་མ་ཡིན་ནོ། །དེ་བཞིན་དུ། སྣ་ཚོགས་ལས་ཀྱིས་དབེན་པ་ཡི། །སླཀྵ་མཐོང་ན་གནོད་སྦྱིན་ནི། །སེམས་ཅན་གྱི་ཁྱད་པར་རོ། །ཅི་ལྟ་བུར་མཐོང་ཞེ་ན། འཁོར་གྱི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི་བྲན་གྱི་ཚོགས་དང་བཅས་པས་རང་གི་ཁྱིམ་དང་འདྲ་བར་སླཀྵ་མཐོང་ངོ་། །གནོད་སྦྱིན་

འབའ་ཞིག་གིས་མཐོང་བ་མ་ཡིན་གྱི་གནོད་སྦྱིན་མོས་ཀྱང་མཐོང་ཞེས་བྱ་བའི་བར་དུའོ། །ཡང་གཞན་དག་གིས་སླཀྵ་ཉིད་དུ་མཐོང་ངོ་། །དེ་བཞིན་དུ་ཡི་དགས་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ལས་སྣ་ཚོགས་པས་ཆུ་བོ་གཅིག་ལ་ཡང་རྣག་ཏུ་འབྲུབ་ཅིང་དེ་བཞིན་དུ་བཤང་གཅི་རྙོག་པ་དང་ལྡན་

เล่ม ๑๐๘ · หน้า 83a

ན། ཕྱི་ས་དང་གཅིན་འདྲེས་པའི་རྙོག་པ་དང་ལྡན་པར་ཡི་དགས་ཀྱིས་མཐོང་ངོ་། །དེ་བཞིན་དུ་ཆུ་བོ་དེ་ཉིད་ལ་མི་ཡིས་ཆུ་བོ་དྲི་མ་མེད་པར་མཐོང་བ་དང་ནི་འཐུང་བ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་ཕྱིའི་དོན་ཡིན་ན་འགལ་བ་ཉིད་དོ། །

དེ་ལྟ་བས་ན། དགེ་མིན་དགེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དགེ་བ་དང་དགེ་བའི་འབྲས་བུའི་རྣམ་པ་ལས་ཀྱི་བག་ཆགས་ཀྱིས་བསྒོས་པས་ནི་དེ་དང་དེའི་ལས་ཀྱིས་བསྒོས་པས་ཕྱིའི་དོན་སྟོང་པ་རྣམ་པར་ཤེས་པ་གལ་ཏེ་འདི་ཉིད་ལ་འཇུག་ན། དེའི་ཚེ་འདི་དག་ཐམས་ཅད་ལ་འགལ་བ་མེད་

པ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་དུ་མར་ཅི་ལྟར་སྣང་ཞེ་ན། ཨེ་མའོ་ཡུལ་ནི་སྣ་ཚོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ནི་ངོ་མཚར་རོ། །རྣམ་པར་ཤེས་པ་འདི་ཡུལ་གྱི་རྣམ་པ་ཉིད་སྣ་ཚོགས་རྣམས་ཏེ་ཐ་དད་པ་ཉིད་དོ། །དུས་གཅིག་ལ་ནི་དུ་མ་རུ་སྟེ། སྣ་ཚོགས་

པའི་རྣམ་པར་རྟོག་པའི་རྗེས་སུ་འགྲོ་བ་ཡིན་ནོ། །ཇི་ལྟར་ཞེ་ན། རོལ་མོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རོལ་མོའི་ཚོགས་ཀྱི་སྒྲ་བཞིན་ཏེ་རོལ་མོའི་ཚོགས་ཀྱི་སྒྲ་དལ་བ་དང་དྲག་པ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པའི་རྟོག་པའི་རྗེས་སུ་འགྲོ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཞེས་

བྱ་བའི་དོན་ཏོ། །ད་ནི་དོན་མེད་པ་དོན་བྱེད་པར་མི་རིགས་པ་ནི་འདིར་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ་ནི། གལ་ཏེ་དོན་ཡོད་དོན་བྱེད་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕྱིའི་དོན་གྱིས་དོན་གྱི་བྱ་བ་བྱེད་པར་གྱུར་པ་དང་། དེ་མེད་ན་ཡང་དེ་རུ་མི་འགྱུར་ན། དེའི་ཚེ་ཁྱོད་

ཀྱི་རྩོད་པ་འཇུག་པར་རིགས་ན། གང་གི་ཕྱིར་ཕྱིའི་དོན་གྱི་སྟོང་པ་ལ་དོན་བྱེད་པར་སྣང་ངོ་། །གང་ཇི་ལྟ་བུ་ཞིག་ཅེ་ན། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སྐྱེས་བུ་འགའ་ཞིག་གིས་སེའུ་ནི་བལ་པོ་སེའུ་ལ་སོགས་པ་ཟོས་པས་གཞན་གྱི་ཁ་ནས་ཆུ་འཛག་འགྱུར་

ཏེ། རླན་གྱིས་ཁྱབ་པར་གྱུར་པ་ཡིན་ནོ། །གལ་ཏེ་ཡང་དོན་གྱིས་དོན་བྱེད་པར་གྱུར་པ་ཡིན་ན། དེའི་ཚེ་གང་དག་བལ་པོ་སེའུ་ཟ་བ་དེ་ཉིད་ཀྱིས་རླན་འཛག་པའི་བྱ་བ་བྱེད་པར་རིགས་ཀྱི་ཡང་དོན་གཞན་གྱིས་གཞན་གྱི་བྱ་བ་བྱེད་པ་ནི་མི་རིགས་སོ། །དེ་ལྟ་བས་ན་དོན་བྱེད་ཡོད་པས་དོན་

เล่ม ๑๐๘ · หน้า 83b

བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་འགའ་ཞིག་གིས་གྲུས་ཟ་བ་ལ་གཞན་འགའ་ཞིག་གིས་དྲིས་པ་ན་སྟེ། ཁྱོད་ཅི་ཟ་ཞེས་དྲིས་པ་ན་དེ་ལ་གལ་ཏེ་སེའུ་ཟ་ཞེས་སྨྲས་ན་སྟེ། བལ་པོ་སེའུ་ཟའོ་ཞེས་སྨྲས་ན་དེའི་ཚེ་

ཐོས་པས་རླན་གྱིས་བྱ་བའི་འགྱུར་བ་ཅི་མི་བསྐྱེད་དམ། དེ་ལྟ་བས་ན་དོན་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་དུ་བདེ་བ་ཐོབ་པའི་རྒྱུ་མེད་ལས་ཏེ། འདོད་པའི་བུད་མེད་དང་ཕྲད་པ་མེད་པར་ཡང་ཁུ་བ་ཤོར་བ་འབྱུང་བ་མིན་ནམ་ཅི། དེ་བས་

ན་དོན་ཡོད་པས་དོན་བྱེད་པར་མ་གྲུབ་པ་ཡིན་ནོ། །གང་ཞིག་རྨི་ལམ་དུ་ཡོད་པའི་ང་རྒྱལ་དེ་བསྟན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འགའ་ཞིག་རྨི་ལམ་དུ་མཐོང་བའི་དོན་ལ་ཡོད་པར་འཛིན་པ་ནི་གོམས་པའི་སྟོབས་ཀྱིས་ཏེ། སྔོན་གོམས་པའི་བག་ཆགས་

ཀྱི་ནུས་པས་ཡོད་པ་དེ་དག་དཔེ་འདིས་སེལ་ཏེ། དཔེར་ན་གཞོན་ནུ་མ་སྦྲུམ་མ་བུ་སྐྱེས་པ་ནི་འདི་ལྟར་རྨི་ལམ་དུ་མཐོང་བ་དེ་ནི་འདི་ལྟར་རིགས་ལྡན་མིན་ཏེ། རིགས་པས་འབྲེལ་པར་མི་འགྱུར་རོ། །དེ་བཞིན་དུ་རྨི་ལམ་གྱི་དོན་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་དུ་ན་གང་གཞོན་ནུ་མ་

ཉིད་དུ་མི་འགྱུར་ལ། བུ་ཡང་མཐོང་བར་འགྱུར་རོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། ཁང་པའི་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་འདིས་ཀྱང་རྨི་ལམ་དུ་མཐོང་བའི་དཔེའི་དོན་མེད་པར་སྟོན་ཏེ། དཔེར་ན་ཁང་པའི་ནང་དུ་ནི་ཁང་པའི་ནང་སྟེ། དུས་ཡུན་རིང་པོ་དང་ལམ་

དང་རི་དང་། དེ་བཞིན་དུ་ཡུལ་རྣམས་ཀྱང་ཅིག་ཅར་རྣམ་པ་ཐ་དད་དེ། སོ་སོའི་དངོས་པོ་རྣམས་ཀྱི་རྨི་ལམ་དུ་མཐོང་བ་བསྐྱེད་པ་དེའི་ཚེ་རྨི་ལམ་མཐོང་བ་ཡོད་མིན་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གཟུགས་ལ་སོགས་པ་རྣམས་ཕྱི་རོལ་དུ་གྱུར་པ་བཀག་ནས་རྣམ་པར་རིག་པ་གཞན་ཡང་ཡུལ་གྱི་

དངོས་པོ་ཡིན་པ་དགག་པའི་ཕྱིར། རྣམ་པར་རིག་པའང་རྣམ་རིག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པའང་རྣམ་པར་རིག་པར་གཞན་གྱི་དོན་མིན་ཏེ་ཡུལ་མ་ཡིན་ནོ། །གལ་ཏེ་ཡང་འགའ་ཞིག་ཡིན་པར་འདོད་ནས་དེའི་ཚེ་དེའི་གྲུབ་པའི་མཐའ་ནི་དུས་གཅིག་པ་ཉིད་དུ་

เล่ม ๑๐๘ · หน้า 84a

འགྱུར་རོ། །རྒྱུད་གཅིག་པ་ཉིད་དུ་འདོད་ན་ངེས་པར་རགས་པའི་གནས་ཐོབ་པར་འགྱུར་ཞེས་བྱ་བ་ལ། ངེས་པར་ནི་རྣམ་པར་རྟོག་པའོ། །རགས་པའི་དངོས་པོ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ངོ་བོའི་གནས་ཐོབ་པར་འགྱུར་རོ། །དེ་གཉིས་ཡུལ་དང་ཡུལ་ཅན་དུ་མི་

རིགས་ཏེ། འདི་ལྟར་དམིགས་པའི་རྐྱེན་ཉིད་ཀྱི་ཡུལ་ནི་ངོ་བོ་ཡིན་གྱི། དེ་ཡང་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་མི་རིགས་སོ། །འདས་མ་ཐག་པ་ནི་དེའི་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་དམིགས་པའི་རྐྱེན་ནི་མ་ཡིན་ཏེ། གཞན་དུ་ན་མིག་གི་དབང་པོ་ཡང་ཡིན་པར་འགྱུར་རོ། །སྐད་ཅིག་

གཉིས་པ་དེ་མེད་པའི་ཕྱིར་ཇི་ལྟར་ཡུལ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རགས་པའི་གནས་ཐོབ་འགྱུར་ནི་བརྟག་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་གཞན་སེམས་དུས་མཉམ་པ་འཛིན་པའི་ཕྱིར་དེའི་ཡུལ་ཉིད་དུ་འགྱུར་རོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གཞན་གྱི་སེམས་ལ་སོགས་པའི་ཡུལ་རྣལ་འབྱོར་པའི་ས་གང་ཤེས་པའང་དེ་ཡང་ཤེས་པ་ཁོ་ན་མིན་ཏེ་མ་ཡིན་པ་ཉིད་དོ། །ཇི་ལྟ་བུ་ཞིག་ཅེ་ན། རང་གི་སེམས་ཀྱིས་མོས་པ་བཞིན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རང་གི་བདག་ཉིད་དེ། རང་གི་བདག་ཉིད་ཀྱི་སེམས་ཀྱིས་འདས་པ་ཁོང་དུ་ཆུད་སྙམ་པ་

ནི་མངོན་པའི་ང་རྒྱལ་ཡིན་ནོ། །འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དུས་མཉམ་དུ་འཛིན་ཏོ་ཞེས་སྨྲས་པ་དེ་ལ་ཡང་སྐད་ཅིག་མ་ཡིན་པའི་ཇི་ལྟར་དུས་མཉམ་ཞེས་བྱ། གཞན་ཡང་གཞན་གྱི་སེམས་ཀྱང་གཉིས་སུ་མེད་པའི་ཕྱིར། དེ་ཇི་ལྟར་ཡུལ་གྱི་རང་བཞིན་ཉིད་

ཡིན། གཉིས་སུ་མེད་པའི་ཤེས་པ་ཕྱོགས་གཅིག་པ་ཉིད་མ་ཡིན་ཏེ། ཀུན་དུ་འགྲོ་བའི་ཕྱིར་རོ། །འདི་ལྟར་སེམས་ཙམ་ལ་གནས་པ་ཡིན་ནོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཕྱིའི་དོན་མེད་ན་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་སེམས་ཉིད་གཟུང་བ་མེད་པར་བརྗོད་

པར་བྱ་བ་མ་ཡིན་པ་དོན་དམ་པའི་རང་བཞིན་གྲུབ་ཅེས་བྱ་བའི་དོན་ཏོ། །གལ་ཏེ་བརྗོད་པར་བྱ་བ་མ་ཡིན་ལ་གཟུང་བར་བྱ་བ་དོན་དམ་པར་ཡིན་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་འཛིན་པར་བྱེད་པ་མ་ཡིན་ནམ་ཞེ་ན། ཀུན་རྫོབ་བདེན་ཤེས་ཐམས་

เล่ม ๑๐๘ · หน้า 84b

ཅད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཆུང་ཟད་ཀུན་རྫོབ་དང་ལྡན་པའི་ཤེས་པ་ཐམས་ཅད་ལ། མཁས་པ་དང་ནི་གཞན་དག་གིས། །གཟུང་བ་དང་ནི་སྟོན་པ་ལ། །མཚུངས་པ་ཁོ་ནར་འཇུག་པར་འགྱུར་ཏེ། མི་མཉམ་པ་མ་ཡིན་ནོ། །དོན་དམ་པའི་ཡེ་ཤེས་ནི་མ་ཡིན་ཏེ། དེ་

བརྗོད་དུ་མེད་པའི་ཕྱིར་རོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཀུན་རྫོབ་ཀྱིས་སྟོན་པར་བྱེད་པ་དང་། བསྟན་པར་བྱ་བའི་ཐ་སྙད་དུ་འཇུག་གི་དོན་དམ་པར་ནི་མ་ཡིན་ནོ། །ད་ནི་ཆོས་ལ་བདག་མེད་པ་མཐོང་བས་རྣལ་འབྱོར་པ་རྣམས་སྣང་བའི་འབྲས་བུ་བསྟན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་

ལ་སོགས་པ་སྨོས་ཏེ། དང་པོ་རུ་ནི་སྔ་མ་རུའོ། །ཆོས་ཐམས་ཅད་ཕྱིའི་གཟུགས་ལ་སོགས་པས་སྟོང་ངོ་ཞེས་གང་གི་ཚེ་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པ་དེའི་ཚེ། མི་སྣང་བའི་འབྲས་བུ་འབའ་ཞིག་མ་ཡིན་གྱི། གང་ཇི་སྲིད་སྣང་བ་ཁོ་ནའི་འབྲས་ཆེན་ཡིན་ཏེ། དེ་ལས་སྐྱེས་པ་མ་ཡིན་

ནོ། །གང་གི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་འཇིགས་པ་མེད་པ་ཐོབ་པ་འདི་རྣལ་འབྱོར་པ། འཇིག་རྟེན་གཞན་བཞིན་འཇིགས་པ་མེད་དེ་འཁོར་བ་པ་བཞིན་དུ་འཇིགས་པ་མེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་སྟོང་པ་ཉིད་མཐོང་བ་དེས་འཆི་བའི་ཆོས་ལས་མ་འདས་པ་མ་ཡིན་

ནམ། དེ་ལྟ་བས་ན་ཡང་དེ་ཇི་ལྟར་འཇིགས་པ་མེད་པར་འགྱུར་ཞེ་ན། འཆི་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བདག་ཉིད་ཀྱི་འཆི་བ་དང་ནི་སྐྱེ་བ་ཉིད། སྤྲུལ་པ་འདྲ་བ་ནི་སྤྲུལ་པའི་སྐྱེས་བུ་ལྟ་བུར་བཞེད་དེ། དེ་ལ་ཇི་ལྟར་ན་རྣམ་པ་གང་གིས་ཀྱང་འཆི་བའི་འཇིགས་པ་མེད་ཅེས་བྱ་བའི་དོན་

ཏོ། །ལམ་ཐོབ་པ་ལའང་འཇིགས་པ་ཡོད་ན་ལམ་ཚོལ་བ་ནི་ཉམས་པར་འགྱུར་རོ་ཞེ་ན། འདི་དག་ལས་ཀྱི་སྤྲུལ་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པ་དེས་འདི་དག་ལས་ཀྱི་སྤྲུལ་པ་ཡིན་གྱི་རང་གི་ངོ་བོར་གྲུབ་པ་ནི་མ་ཡིན་ནོ་ཞེས་ས་

གསུམ་པོ་ཡང་ཤེས་པ་ཡིན། གལ་ཏེ་ཕྱིར་ཡང་འཇིགས་འགྱུར་ན་སྟེ། འཁོར་བ་པའི་སྡུག་བསྔལ་གྱི་འཇིགས་པ་དེ་ལྟར་ཡིན་ན། བདག་ཅག་འདྲ་བ་དེ་ཁོ་ན་ཉིད་མ་མཐོང་བས་ལམ་འདིས་སྤང་བར་འདོད་པ་ངལ་བ་འབྲས་བུ་མེད་པའི་ཕྱིར་ཉམས་ཞེས་བྱ་བའི་དོན་ཏོ། །མཐོང་

เล่ม ๑๐๘ · หน้า 85a

བའི་ལམ་ལ་གནས་པའི་རྣལ་འབྱོར་པས་བདག་ཉམས་པར་རྟོག་པ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡན་ལག་མཆོག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡན་ལག་མཆོག་ནི་སྟེ། མགོ་བོ་གཉིས་པ་དང་། དེ་བཞིན་མིག་ནི་

གསུམ་པ་སྟེ། མེད་པའི་ཕྱིར་རོ། །གཉིས་པོ་དེ་དག་མེད་ན་སྐྱེས་བུ་སུ་ཞིག་བཅད་པ་དང་ཕྱུང་བར་དོགས་པར་འགྱུར། དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པས་ཀུན་དུ་བརྟགས་པའི་རང་བཞིན་གྱིས་མེད་པས་དེའི་སྡུག་བསྔལ་གྱིས་ཇི་ལྟར་གནོད་པར་དོགས་ཞེས་བྱ་བའི་དོན་

ཏོ། །འདི་ལྟར་མཐོང་བའི་ལམ་ལ་གནས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་གྱི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་མ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། །ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། དེ་ལྟས་ནི་སྔར་གསུངས་པའི་རིམ་པས་སོ། །ཡུལ་འདི་རྣམ་པར་ངེས་པ་ནི་ཕྱིའི་དོན་མེད་པར་རྣམ་པར་ངེས་པ་ཡིན་ནོ། །བློ་དང་ལྡན་པ་ནི་མཁས་པའོ། །གལ་ཏེ་ཡང་ལྷག་པའི་དྲི་མ་དང་འདྲེས་པ་རྣམ་པར་བསྒོམས་པས་ཀྱང་ནི་ལྷག་པའི་སྒྲ་ནི་འབྱུང་པོ་ལ་སོགས་པ་ལ་བརྗོད་དོ། །དེ་ཉིད་ནི་

དྲི་མ་སྟེ། ལྷག་པའི་དྲི་མ་རྣམས་སོ། །འདྲེས་པ་ནི་ཕན་ཚུན་འདྲེས་པའོ། །བསྒོམས་པས་ཀྱང་སྟེ་ཟིལ་གྱིས་གནོན་པའོ། །དེ་བཞིན་དུ་ཡང་ཤིན་ཏུ་དག་པའི་ཕྱིར་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མས་ནམ་ཡང་དྲི་མ་ལྡན་པ་མ་ཡིན་ཏེ། མི་འགྲོའོ་ཞེས་བྱ་བའི་དོན་

ཏོ། །ཅི་ལྟ་བུར་ཞེ་ན། སྤྲིན་དུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་ནམ་མཁའ་ནི་ནམ་མཁའོ། །སྤྲིན་གྱི་དུམ་བུ་ནི་སྤྲིན་གྱི་ཆས་མ་དག་པས་དྲི་མ་ཅན་ཉིད་དུ་དེ་མི་འགྱུར་རོ། །དེ་བཞིན་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་བློ་དང་ལྡན་པ་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །གལ་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམ་པ་ཐམས་ཅད་དུ་མེད་ན། འདི་དེ་ཡིན་ཞེས་དོན་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་ཅི་ལྟར་སྐྱེ་ཞེ་ན། འདིར་ནི་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་སྟེ་ཕྱོགས་སྔ་མ་ལ་མང་དུ་སྨྲས་པས་ཅི་ཞིག་བྱ། གལ་ཏེ་ཁྱི་དང་རི་བོང་རྟ་

เล่ม ๑๐๘ · หน้า 85b

མགོར་སྐྱེས་པའི་རྭ་རྣམས་འགའ་ཞིག་གིས་བསྒོམས་ན་དེའི་ཚེ་བསྒོམས་པའི་སྟོབས་ཀྱིས་མེད་པའི་ངོ་བོ་ཡང་མཐོང་ཞེས་བྱ་བའི་དོན་ཏོ། །སྦལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦལ་པ་ནི་ཆུ་ན་གནས་པའི་སྲོག་ཆགས་ཀྱི་བྱེ་བྲག་གོ། །དེ་གལ་ཏེ་འགའ་ཞིག་གིས་འདི་ལྟ་བུའི་ཚུལ་

དུ་བསྒོམས་ན་དེའི་ཚེ་སྒོམ་པ་གོམས་པས་དེ་བཞིན་དུ་སྣང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རལ་པའི་ཐོད་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །ཁང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁང་པ་མུན་པ་དང་བཅས་པའི་ནང་དུ་དེ་དང་དེ་

བརྟགས་པས་ཏེ། མི་མ་ཡིན་པ་ལ་སོགས་པ་བརྟགས་པའོ། །འཇིགས་པ་ནི་འཇིགས་པས་ནོན་པའོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་སེམས་ངེས་པར་སྣང་བ་ནི། ཞེས་སྨོས་པ་སྟེ། སྐྱེ་བོའི་འཇིགས་པའི་དོན་བྱེད་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །བྱིས་པ་ནི་བྱིས་པ་སྟེ།

མཐོང་བ་མིན་ནམ་ཅི། དེ་བཞིན་དུ། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་འཇིགས་པའི་གནོད་སྦྱིན་གྱི་གཟུགས་རང་གིས་ཏེ། བདག་ཉིད་ཀྱིས་བྲིས་ནས་དབེན་པ་ནི་སྐྱེ་བོ་མེད་པའི་ཕྱོགས་སོ། །གཅིག་པུ་ནི་གྲོགས་མེད་པར་ངེས་ཡང་གནོད་སྦྱིན་འདིས་བདག་འཛིན་པར་

འགྱུར་རོ་ཞེས་སེམས་པས་རི་མོ་མཁན་འཇིགས་མིན་ནམ་ཅི་སྟེ། ཅི་འཇིགས་པ་ཐོབ་པར་མི་འགྱུར་རམ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྡོང་དུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་སྣང་བ་མི་གསལ་བའི་ཕྱོགས་སུ་རིང་པོ་ན་སྡོང་དུམ་དང་ཐག་པ་མཐོང་བ་ལ།

སྡོང་དུམ་ལ་རྐུན་མ་དང་ཐག་པ་ལ་སྦྲུལ་ཡིན་ནོ་ཞེས་བརྟགས་པ་སྟེ། འགའ་ཞིག་ཏུ་སྐྱེ་བོ་དུ་མ་ལམ་ནས་འགྲོ་བ་ན་འདི་དང་འདི་ཡིན་ནོ་ཞེས་བརྟགས་པས་གློ་བུར་དུ་སྟེ། རྒྱུ་མེད་པར་འཇིགས་པ་ཐོབ་པ་མ་ཡིན་ནམ་སྟེ། ཅི་འཇིགས་པར་མི་འགྱུར་རམ་ཞེས་བྱ་བའི་དོན་

ཏོ། །དེ་བཞིན་དུ། ཡང་དག་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་མིན་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཡུལ་རྣམས་ཇི་ལྟར་གྱུར་པ་ཞིག་ཅེ་ན། རང་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྟོག་པ་ཉིད་ནི་བཟོ་བོ་སྟེ། རི་མོ་མཁན་

เล่ม ๑๐๘ · หน้า 86a

དང་འདྲ་སྟེ། དེས་བྲིས་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཐམས་ཅད་ནི་བླང་བ་དང་དོར་བ་མི་ཤེས་པས། ཅིའི་ཕྱིར་བྱིས་པའི་སྐྱེ་བོ་ཡུལ་རྣམས་ཀྱིས་བཅོམ་ཞེ་ན། རང་གི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སེམས་ཡུལ་གྱི་རྣམ་

པའི་བག་ཆགས་ཡིན་པར་ཁོང་དུ་མ་ཆུད་པ་དེའི་ཚེ། རང་བདག་ཉིད་ཀྱི་ཉེས་པས་བཅོམ་ཞེས་བྱ་བའི་དོན་ཏོ། །སྒྲ་བརྗོད་པས་ཀྱང་ཡུལ་རྣམས་སྣང་བ་མིན་ནམ་ཞེ་ན། ཉིན་དང་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིན་དང་མཚན་མོ་མཚུངས་པ་ནི་འདྲ་བའོ། །

ལོང་བས་སྔོན་མཐོང་བའི་དོན་ནམ་ནངས་ཞེས་བྱ་བའི་སྒྲ་ཐོས་ནས། སྣང་བ་དང་ནི་བཅས་པ་སྟེ། །ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་ལྡན་པའི་སྐྱེས་བུས་དོན་མཐོང་བ་དེ་བཞིན་དུ་ལོང་བས་ཞེས་བྱ་བའི་དོན་ཏོ། །ད་ནི་ཡུལ་དང་དུས་ལ་སོགས་པ་ཡང་གཞན་དུ་སྣང་བ་འཁྲུལ་པ་

ཉིད་དུ་བསྟན་པའི་ཕྱིར། ཡུལ་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྨི་ལམ་ན་ཡུལ་དང་དུས་ལ་སོགས་པའི་དངོས་པོ་གཞན་དུ་སྣང་བ་ཉིད་ཀྱི་ཕྱིར་འཁྲུལ་པའི་ཤེས་པ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་སད་པའི་གནས་སྐབས་ལ་ཡང་སྐྱེས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དུབ་པ་ནི་ལམ་

རིང་པོས་སྐྱོ་བར་རོ། །ལམ་ཉེ་བ་ལ་རིང་བ་རུ་ནི་སེམས་པ་ཡིན་ཏེ། དེ་བཞིན་ཡིད་འོང་དང་བྲལ་བས། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་འདོད་ལྡན་ནི་འདོད་པ་ལ་མངོན་པར་ཞེན་པའི་སྐྱེས་བུ་ཉིན་གཅིག་སྟེ། ཆུ་ཚོད་གྲངས་དང་མཉམ་པ་ལ་ནི་ཆུ་ཚོད་སུམ་

ཅུའི་ཚད་ནི་རང་བཞིན་ཡིན་ན་ཡང་ལོ་སྐོར་བརྒྱ་དང་འདྲ་བར་སེམས་ཏེ། ལོ་བརྒྱར་གྱུར་པར་རོ། །དུས་གང་ལ་ཞེ་ན། ཡིད་དུ་འོང་བ་དང་བྲལ་བའི་སྟེ། མངོན་པར་འདོད་པའི་དངོས་པོ་དང་བྲལ་བ་ཐོབ་པས་མ་འབྲེལ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཕྱི་རོལ་གྱི་དོན་མེད་ན་བྱང་ཆུབ་སེམས་དཔའ་

རྣམས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་དང་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། དེ་ཉིད་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་དོན་དམ་པ་མཐོང་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་དང་དེ་འདྲ་བ་ནི་བརྟགས་པའི་དོན་གྱི་སྦྱིན་པ་ལ་སོགས་པ་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་འཇུག་གི་དེ་བཞིན་

เล่ม ๑๐๘ · หน้า 86b

དུ་ནི་དམིགས་པ་མ་ཡིན་ཏེ། དོན་དམ་པ་རྟོགས་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སྣ་ཚོགས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ནི་སྔར་བསྟན་པའི་ཚུལ་གྱིས་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་སྣ་ཚོགས་འདི་དག་ཐམས་ཅད་རི་མོ་བཞིན་དུ་མཐོང་

སྟེ། དོན་དམ་པའི་རང་བཞིན་དུ་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པའི་སྣ་ཚོགས་པ་ཞེ་ན། རྣམ་རྟོག་ཚོན་གྱིས་བྲིས་པ་ནི་སྟེ་བྲིས་པའི་སྒྲས་ནི་རྒྱུ་མཚན་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། འདི་ལྟར་ཚོན་གྱི་རྒྱུ་མཚན་གྱིས་རི་མོ་སྣང་ལ། དེ་བཞིན་དུ་རྟོག་པའི་ཚོན་གྱི་རྒྱུ་མཚན་གྱིས་སྣ་ཚོགས་པས་སྣང་ཞེས་

བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མཐོང་བ་ལ་ཡང་འགྲོ་བ་འདི་དག་གིས་འཁྲུལ་པ་བསྐྱེད་དོ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ནི་ངོ་མཚར་རོ། །སྣ་ཚོགས་ནི་ངོ་མཚར་ཏེ་གཞན་དུ་མ་མཐོང་བའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མ་ཁམས་གསུམ་པོ་འདི་དག་གོ། །མཉམ་དང་མི་མཉམ་

མཐོ་དང་དམའ་དང་རྟོགས་ཏེ། རྣལ་འབྱོར་པའི་བློ་ལ་འཁྲུལ་བ་རྒྱས་པའོ། །འདི་དག་ཐོག་མ་མེད་པའི་འཁོར་བ་འདིར་བདག་ཅག་མཉམ་པ་སྟེ། མིའི་འགྲོ་བ་རུ་སྐྱེས་པའམ། མི་མཉམ་པ་སྟེ་དམྱལ་བའི་འགྲོ་བར་རོ། །ཡང་དམའ་བ་ནི་དུད་འགྲོ་དང་། ཡི་དགས་ལ་སོགས་པའོ། །མཐོ་བ་

ནི་ལྷ་ལ་སོགས་པའོ། །ཡང་དག་དོན་གྱི་སྒྲུབ་པ་ནི་དོན་དམ་པའི་ངོ་བོ་ལ་བརྟེན་ནས་ཀུན་བརྟགས་པའི་ངོ་བོ་ཤེས་ཀྱང་ནི་ཤེས་པས་ཀྱང་ངོ་། །ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱི་བློ་འཁྲུལ་པར་བྱེད་ཅེ་ན། སེམས་ཀྱི་ནམ་མཁའི་དཀྱིལ་དུ་བྲིས་པ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནམ་མཁའ་

ལྟ་བུ་སྟེ། དེའི་དཀྱིལ་ནི་རྒྱ་ཆེ་བའོ། །དེ་ལ་བྲིས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །བརྫུན་པའི་ཀུན་ཏུ་རྟོག་པས་ས་རྣམས་གསུམ་པོ་འདི་དག་བསྡུས་ལྟ་བུ་ཞེས་བྱ་བ་སྨོས་ཏེ། བརྫུན་པ་ནི་ཀུན་ནས་ཉོན་མོངས་པས་བསྡུས་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་པ་དེ་བདེན་པ་མ་ཡིན་པར་བསྟན་པའི་རིགས་

པ་གཞན་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་གལ་ཏེ་དངོས་པོ་དངོས་ཡིན་ན་དེའི་ཚེ་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར་གཞན་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་ཇི་ལྟར་ཆོས་ལ་བདག་མེད་པ་རྟོགས་ནས་དངོས་པོ་དེ་ཉིད་

เล่ม ๑๐๘ · หน้า 87a

ཕྱིས་ནི་ཅིའི་ཕྱིར་དངོས་པོ་མེད་པར་འགྱུར། དོན་དམ་པ་ལ་ངོ་བོ་གཉིས་ནི་མེད་དོ། །འོ་ན་གང་ལ་དངོས་པོའི་ཐ་སྙད་དུ་བྱ་ཞེ་ན། དེ་བཞིན་ཞེས་བྱ་བ་སྨོས་ཏེ། གཉིས་མེད་པའི་སེམས་ལ་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ། །དེ་ཡང་བརྟན་ངོ་བོའི་ཕྱིར་གང་གི་ཚེ་

གཞན་པ་ཉིད་དུ་འགྱུར་བ་མ་ཡིན་པ་དེའི་ཚེ། དེའི་དངོས་པོའི་སྒྲའི་ཐ་སྙད་དུ་རིགས་ཀྱི་བརྟགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀུན་དུ་བརྟགས་པ་རྣམས་ཀྱི་མིང་ལ་སོགས་པའི་མིང་ཡང་དངོས་པོ་མེད་དོ་ཞེ་ན། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་ཆོས་བརྟགས་པ་

བརྫུན་པའི་དངོས་པོ་མིང་དང་རིགས་སྩོགས་ཡོན་ཏན་ནི། ཡོན་ཏན་གྱི་ཁྱད་པར་དུ་མཐོང་བ་དེས་ནམ་མཁའ་ལ་རི་མོ་བྲིས་པ་ནི་ནམ་མཁའི་དཀྱིལ་དུ་རི་མོ་བྲི་བ་ལྟ་བུར་རོ། །དེ་ཡང་ཕྱིན་ཅི་ལོག་གིས་དུབ་པ་ཡིན་ནོ། །ཡོན་ཏན་དང་ལྡན་པ་ཡོན་ཏན་ལ་འཇུག་གི །གང་གི་ཚེ་ཡོན་ཏན་ཅན་མེད་

ན་དེའི་ཚེ་གང་གི་ཡོན་ཏན་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་སྡུད་པར་བྱེད་དེ། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་སྔར་བསྟན་པའི་གཏན་ཚིགས་ཀྱིས་སོ། །སྣ་ཚོགས་རང་བཞིན་རྣམས་ནི་གཟུང་བ་དང་འཛིན་པའི་རང་བཞིན་གྱི་ཆོས་རྣམས་སོ། །རང་བཞིན་ངོ་བོ་མེད་པ་

ཡིན་ཏེ་དེ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་གང་གིས་གཞན་དུ་སྟེ་གཟུང་བ་དང་འཛིན་པའི་དངོས་པོའི་རང་བཞིན་དུ་ཡོངས་སུ་རྟོགས་པར་བྱེད་པ་དེ་ནི་དམ་པའི་དོན་ལས་ལོག་སྟེ། དོན་དམ་པ་ཡོངས་སུ་ཤེས་པ་ལ་མཁས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་

དོན་དམ་པའི་མཚན་ཉིད་རྣམ་པར་གཞག་ནས་འགའ་ཞིག་དེ་མངོན་སུམ་དུ་བྱ་བའི་ཕྱིར་འབད་པར་མི་བྱ་བ་སྟོན་པར་བྱེད་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་སྟོང་པ་ཉིད་ཀྱི་སྒྲར་བསྟན་པ་དེར་གཉིས་སུ་མེད་པའི་སེམས་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ཀུན་

བརྟགས་པའི་སྒྲར་བསྟན་པ་དེར་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཡིན་ནོ། །དེ་ལ་གལ་ཏེ་ཀུན་བརྟགས་པ་ཐམས་ཅད་དུ་མེད་པ་ཁོ་ནར་གྱུར་ལ། སྟོང་པ་ཉིད་ཡང་གལ་ཏེ་ཡོད་པར་གྱུར་ན། དེའི་ཚེ་སྐྱེ་བ་དང་ནི་འཇིག་པ་དག་འབད་པ་མེད་པར་རང་ཉིད་ཐོབ་སྟེ། རྣལ་འབྱོར་པས་འབད་པ་

เล่ม ๑๐๘ · หน้า 87b

མེད་པར་རང་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་སྟོང་པ་ཉིད་ཡོད་ལ་ཀུན་བརྟགས་པ་མེད་པ་དེ་ལྟ་བུ་ཡིན་ན་འབད་པ་དང་བྲལ་བས་ལུས་ཅན་རྣམས་གྲོལ་བར་འགྱུར་རོ། །དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར། མི་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྲིད་རྟོགས་པས་སྒྲོ་བཏགས་པ་གཟུང་བ་དང་

འཛིན་པའི་དངོས་པོ་བརྟགས་པ་དངོས་པོ་མེད་པ། རིགས་པ་དང་ལུང་སྔོན་དུ་འགྲོ་བའི་རྣལ་འབྱོར་པས་མི་ཤེས་པ་དེ་དེ་སྲིད་མེད་པ་ཙམ་གྱིས་དེ་ལྡོག་པར་ནི་རིགས་སོ། །གཉེན་པོས་སྒོམ་པ་མེད་པར་དེ་ལྡོག་པ་ནི་མེད་དོ། །དེ་ལྟ་བས་ན་ལྡོག་པ་མེད་ན་ནི་བསྟན་པའི་ངོ་བོ་ཡང་སྟོང་པ་ཉིད་དེས་བསྒྲིབས་པ་ཐོབ་པར་མི་

འགྱུར་ཏེ། གསལ་བ་མ་ཡིན་ན་དེ་བས་ན་ཅི་ལྟར་དོན་དམ་པར་འགྲུབ་པར་འགྱུར། །གཞན་ཡང་། འདི་དག་འགའ་ཡང་བྱེ་བྲག་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཀུན་བརྟགས་པ་འདི་ནི་སྟོང་པ་ཞེས་འདི་གཉིས་ཇི་སྲིད་འགའ་ཞིག་གིས་བྱེ་བྲག་མ་མཐོང་བ་དེ་སྲིད་ཀུན་

བརྟགས་པའི་རང་བཞིན་དུ་སྟོང་པ་ཉིད་མེད་པའི་བདག་ཉིད་འཐོབ་བོ་ཞེས་གཞན་དག་རྒོལ་བས་ལན་གདབ་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དབང་ཉིད་ནི་གཞན་གྱི་དབང་གིས་སེམས་ལ་བརྟེན་པ་སྟེ། སྟོང་པ་ཉིད་དང་བརྟགས་པ་ཡང་དག་པ་དང་། ཡང་དག་

པ་མ་ཡིན་པ་མཐོང་བ་སྐྱེས་པ་དེའི་ཚེ་དེ་གཉིས་ཀྱི་དབྱེ་བ་ཤེས་པར་འགྱུར་རོ། །འདི་ལྟར་གཞན་གྱི་དབང་ལ་ངོ་བོ་གཉིས་ཏེ། ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོར་སྒྲོ་བཏགས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཡང་

དེས་སྟོང་པ་ཞེས་བྱའོ། །དེ་ལ་གང་གི་ཚེ་རྣལ་འབྱོར་པས་ཀུན་བརྟགས་པ་བརྟག་ཏུ་མེད་པར་རིག་པས་དཔྱད་ཅིང་དེའི་གཉེན་པོར་འགྱུར་བ་ཡོངས་སུ་གྲུབ་པའི་ངོ་བོ་ཡང་བསྒོམས་པ་དེའི་ཚེ། ཡོངས་སུ་གྲུབ་པའི་ངོ་བོ་མཐོང་བས་སྟོང་པ་ཉིད་ཡང་དག་པ་མཐོང་བར་འགྱུར་རོ། །ཡོངས་སུ་གྲུབ་པའི་

ངོ་བོ་མ་གཏོགས་པར་གཞན་སྟོང་པ་ཉིད་ཅེས་བྱ་བ་འགའ་ཡང་མེད་དོ། །ཀུན་བརྟགས་པ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར། ཡང་དག་པར་མཐོང་བ་མ་ཡིན་ནོ་ཞེས་བྱ་བས་དོན་དམ་པ་གྲུབ་པ་ཡིན་ནོ། །དོན་དེ་ཉིད་ཚིགས་སུ་བཅད་པ་འདིས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་

เล่ม ๑๐๘ · หน้า 88a

ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་འདི་ལ་རྣལ་འབྱོར་པ་རྣམས་ཇི་ལྟར་འཇུག་ཅེས་དྲི་བ་ལ། རང་བཞིན་གསུམ་ནི་མཐོང་བས་སོ། །ཞེས་བྱ་བ་ནི་ལན་ཡིན་ནོ། །གང་གི་ཚེ་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གསུམ་གྱི་ངོ་བོའི་

སེམས་མཐོང་བར་གྱུར་ན། དེའི་ཚེ་རང་བཞིན་གསུམ་མཐོང་བའི་རྒྱུས་ཏེ། སྔར་བསྟན་པའི་རིམ་པས་སྟོང་པ་ཉིད་ལ་འཇུག་པར་འགྱུར་རོ། །སེམས་ཀྱི་ངོ་བོ་གསུམ་པོ་སྟོང་པ་ཉིད་འབའ་ཞིག་མཐོང་བར་གྱུར་པ་མ་ཡིན་གྱི། ཇི་སྲིད་དེ་མཐོང་བས་ནི་རང་བཞིན་གསུམ་གྱི་ངོ་བོ་གང་གི་ཚེ་སེམས་

མཐོང་བ་དེའི་ཚེ། དེ་མཐོང་བས་ནི་ཆོས་ཀུན་ལ། །རིལ་པོར་འཛིན་པ་ལྡོག་པར་འགྱུར། །གཅིག་ཏུ་མངོན་པར་ཞེན་པ་ལྡོག་པར་འགྱུར་རོ། །དེ་བས་ན། གཅིག་ལ་ཐ་དད་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་གཅིག་ལ་ཐ་དད་པ་མཐོང་བ་ནི་མེད་དོ། །

དེ་བས་ན་ཚུལ་གསུམ་དུ་གསལ་བར་སྣང་ངོ་། །འོན་ཀྱང་བག་ཆགས་འཇུག་པའི་ནུས་པ་ཡིས་ཏེ། བག་ཆགས་ཀྱི་ནུས་པའི་མཐུས་དེ་གཉིས་ལས་ཏེ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ལས་ཀུན་བརྟགས་པའི་ངོ་བོ་གསལ་བར་སྣང་ཞེས་བྱ་བའི་དོན་ཏོ། །དེའི་ཕྱི་མའི་གནས་སྐབས་

བསྟན་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བའི་དངོས་པོ་དགག་པའི་ཕྱིར། །ཀུན་བརྟགས་དོན་ནི་ནུབ་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། མི་གསལ་བར་གྱུར་པའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་རང་བཞིན་ལས་དང་པོར་གཞན་གྱི་དབང་ནི་རབ་ཏུ་གསལ་བར་མཐོང་ཞེས་

བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་གསལ་ཞེ་ན། རང་བཞིན་སྔ་ནས་མ་མཐོང་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྔ་ནས་མ་མཐོང་བ་ནི་ཀུན་བརྟགས་པའི་གནས་སྐབས་སོ། །གང་གི་ངོ་བོ་མ་མཐོང་བ་དེའི་ངོ་བོས་གཡོ་བ་བཞིན་ཏེ། མི་བརྟན་པའི་ངོ་བོ་ལྟ་བུར་གསལ་ཞེས་བྱ་བའི་དོན་ཏོ། །

ད་ནི་མཐོང་བའི་ལམ་བསྟན་པའི་ཕྱིར། རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་ནི་སྔར་བསྟན་པའི་རིམ་པས་སོ། །གཟུང་བ་མེད་པས་འཛིན་པ་མེད་པའི་རིགས་པས་སོ། །དེ་ཉིད་ཀྱི་སྟེ་གཞན་གྱི་དབང་འཛིན་པའི་རྣམ་པ་སྣང་བ་བཟློག་པ་སྟེ་སྤངས་པས་སོ། །གཉིས་དང་བྲལ་བ་ནི་སྟོང་

เล่ม ๑๐๘ · หน้า 88b

པ་ཉིད་དོ། །དེ་ཉིད་ནི་གཞན་དབང་སྟེ་བསྟན་པར་བྱ་བའི་ཕྱིར། སྙིང་ག་རུ་ནི་འོད་གསལ་སྐྱེས་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གསལ་བའི་ངོ་བོ་བསྐྱེད་ཅེས་བྱ་བའི་དོན་ཏོ། །སྐད་ཅིག་ལ་དེ་མཐོང་བར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གང་གི་ཚེ་མངོན་

དུ་མ་བྱས་ན་གློག་བཞིན་དུ་མི་བརྟན་ཕྱིར། སྐད་ཅིག་ལ་ནི་འགྲོ་ཞིང་འོང་སྟེ། འགྲོ་བ་དང་འོང་ཞེས་བྱ་བའི་དོན་ཏོ། །འདིར་རྒྱུ་གང་ཡིན་ཞེ་ན། ཐམས་ཅད་ནི་དུས་ཐམས་ཅད་དུའོ། །ཐོག་མ་མེད་དུས་ཀྱི་གཉིས་པོ་གཟུང་བ་དང་འཛིན་པ་གཉིས་པ་གཉིས་པོའོ། །གང་གི་ཚེ་ཀུན་དུ་བསླང་པ་དེའི་ཚེ་

གཉིས་པོ་དེ་ཉིད་ཀྱིས་བསླད་ཕྱིར་ཏེ། སྐད་ཅིག་ལ་འོང་ཞིང་འགྲོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། གཉིས་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་གནས་ནི་གཟུང་བ་དང་འཛིན་པ་གཉིས་སོ། །གཉིས་མེད་པ་ནི་སྟོང་པ་ཉིད་ཀྱི་གནས་སོ། །རྗེས་སུ་

འབྱུང་བ་ནི་རེས་འགའ་རྗེས་སུ་འགྲོ་བ་ཡིན་ནོ། །ཇི་སྲིད་ནི་སྟོང་པ་ཉིད་དེའི་དབུས་མ་ནི་གཟུང་བ་དང་འཛིན་པ་གཉིས་ཀྱི་དབུས་སོ། །བརྟན་པར་མ་བྱས་ནི་དངོས་པོ་བརྟན་པར་མ་བྱས་པ་དེ་སྲིད་ཡང་དང་ཡང་དུ་དེར་འགྲོ་ཞེས་བྱ་བའི་དོན་ཏོ། །ད་ནི་བརྟན་པ་ཉིད་ན། བརྟན་པར་གྱུར་པ་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། གང་གི་ཚེས་བརྒྱད་པར་སྟོང་པ་ཉིད་བརྟན་པར་གྱུར་པ་དེའི་ཚེ། མུན་པའི་འཇུག་པའི་གནས་སྐབས་ཉིད་ནི་ཡོད་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྟོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འོད་ཟེར་སྟོང་ལྡན་ནི་ཉི་མ་ཤར་བས་མུན་པའི་

འཇུག་པ་ལ་གནས་པའི་སྐབས་མེད་པ་དེ་བཞིན་དུ་སྟོང་པ་ཉིད་ཡིན་ཏེ་དེ་དང་འགལ་བའི་ཕྱིར་རོ། །ད་ནི་སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པ་ཉིད་དགག་པའི་ཕྱིར། གནས་སྐབས་དེ་ཡང་མི་ཤེས་པས་ཏེ། གནས་སྐབས་གསུམ་ཡོད་པ་དེའི་ཕྱིར་ཡང་སྒྲ་སྨོས་སོ། །དེ་ལྟ་བས་ན་གནས་སྐབས་

དེ་ཡང་གནས་སྐབས་གང་ཡིན་པ་ལ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་ཅག་འདྲ་བས་མི་ཤེས་ཀྱི་སངས་རྒྱས་ཉིད་ཀྱིས་མཁྱེན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྲགས་པ་ཉིད་བཞིན་དུ། །མེད་པའི་རྗེས་སུ་འབྲང་མི་བྱ། །འཇིག་རྟེན་རྒྱང་པན་པའི་བསྟན་པར་གྲགས་པ་ནི་དོན་ཅུང་ཟད་ཀྱང་མེད་ཅེས་

เล่ม ๑๐๘ · หน้า 89a

སྨྲ་སྟེ། དེ་སྟོང་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་སྟོང་པ་ཉིད་ནི་ཆོས་ཀྱི་སྒྲས་བསྟན་ཏེ། ཆོས་ཅན་ལས་ཆོས་ཉིད་ནི་གཞན་མ་ཡིན་ནོ། །ད་ནི་མཐའ་མེད་པར་བསྟན་པའི་ཕྱིར། དེ་ཡི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་རྟོག་

པའི་མཐའི་གཡེང་བ་སྤང་བའི་ཕྱིར་དེའི་སྟོང་པ་ཉིད་དེ་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱའོ། །དངོས་པོ་མེད་པར་རྟོག་པའི་མཐའི་གཡེང་བ་སྤང་བའི་ཕྱིར། ཐ་སྙད་དོན་ཏེ། ཀུན་རྫོབ་ཏུ་ཡོད་པར་ཡང་ཤེས་པར་བྱའོ། །དོན་དམ་པ་རྟོགས་ན། རང་བཞིན་མེད་པའི་ཆོས་རྣམས་ལ། །གང་

ཞིག་ཡོད་དང་མེད་པ་ཡིན། །ཞེས་སྨོས་ཏེ། མཐའ་གཉིས་མེད་ཅེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པའི་སྦྱོར་བ་མེད་ན་མི་འབྱུང་བའི་ཕྱིར། གཅིག་ཀྱང་གཟུགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཁྱོད་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་ལ། ཁྱོད་དྲན་

མ་བྱེད་ཅེས་བརྗོད་ན་སྟེ། ཁྱོད་དངོས་པོ་འདི་དྲན་པར་བྱེད་ཅེས་སྨྲ་བའོ། །དེའི་ཕྱིར་དགག་དབྱེ་ནི་དངོས་པོ་སྟེ་མེད་ན་མི་འབྱུང་བའི་ཕྱིར་བློས་མཆོག་ཏུ་དཔྱོད་པས་དྲན་པ་ཡིན་ནོ། །དེ་ལྟར་དེ་བཞིན་མེད་པའི་སྒྲས། མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་ཁོང་དུ་ཆུད་པ་ཡིན་ནོ། །དེ་ལྟ་བས་ན་

ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་སྤངས་པ་ནི་དབུ་མའི་ལམ་དུ་ཤེས་པར་བྱའོ། །གལ་ཏེ་དགག་པར་བྱ་བ་མི་འབྱུང་བར་གྲུབ་པ་ཡིན་ན་ཡང་དེའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཀུན་བརྟགས་པ་དེ་ཡོད་པར་གྲུབ་བོ་ཞེ་ན། རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ནི་

སྒྲའི་རྣམ་པར་རྟོག་པ་ལས་བག་ཆགས་ཀྱི་དབང་གིས། རྣམ་པར་རྟོག་པ་ལས་དོན་རྣམས་ཤེས་པ་ནི་དྲན་པའི་ཤེས་པ་སྐྱེ་བ་ཡིན་ནོ། །དོན་གྱི་བློ་ལས་རྣམ་རྟོག་ཀྱང་སྟེ་དེ་ལས་བྱུང་བ་ཡིན་ནོ། །གཉི་ག་རྣམ་རྟོག་ཆོས་ཡིན་ཕྱིར་ཏེ། སྒྲ་དང་དོན་གྱི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པའི་ཆོས་ཡིན་

པའི་ཕྱིར། ཡོད་པ་གང་ཡིན་མེད་གང་ཡིན། །ཞེས་བྱ་བའི་དོན་ཏོ། །མེད་པའི་རྣམ་པར་རྟོག་པ་ལ་ཡང་བརྟག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། རྟེན་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་ནི་གང་ཞིག་ནི་ཀུན་བརྟགས་པ་ལ་སོགས་པ་སྟེ། མེད་པ་ཉིད་ཀྱང་བསྒོམས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด