ཐུབ་པའི་དགོངས་པའི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) མུ་ནི་མ་ཏ་ཨ་ལཾ་ཀཱ་ར

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๙ · หน้า 73b

༄༅༅། །རྒྱ་གར་སྐད་དུ། མུ་ནི་མ་ཏ་ཨ་ལཾ་ཀཱ་ར། བོད་སྐད་དུ། ཐུབ་པའི་དགོངས་པའི་རྒྱན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་དབང་ལ་འདུད་སྒྲོལ་མ་ཐུགས་བརྩེར་མཛོད། །ཀྭ་ཡེ་འཇམ་དབྱངས་ཡང་དག་

དགོངས་སུ་གསོལ། །མ་མ་འོད་ཟེར་ཅན་མ་ཡིད་ཀྱི་ནི། །རང་བཞིན་བཀྲ་ཤིས་གནས་རྣམས་རྒྱས་པར་མཛོད། །ཤེས་རབ་ཕ་རོལ་ཕྱིན་དང་སྙིང་རྗེ་བདུད་རྩིའི་རང་བཞིན་ཨེ་མ་ཐུབ་པ་རྣམས་ཀྱི་སྐུ། །སེམས་བསྐྱེད་མཆོག་ནས་མཆོག་ཏུ་ཡོངས་སུ་གྱུར་པ་རབ་ཏུ་མཐོན་པོར་ཅི་ཡང་

སོན་གྱུར་པ། །གང་ཞིག་བར་མེད་ཁམས་གསུམ་དག་ཏུ་ས་ཡི་དབང་ཕྱུག་རྣམས་ཀྱིས་ཀྱང་ནི་རྒྱུན་དུ་བསྟེན། །ཐེག་པ་གང་ཞིག་ཆེ་བའི་གདེང་ལྡན་མཆོག་ཏུ་འོད་འབར་ཡོན་ཏན་ཕྲེང་བ་རྣམས་ཀྱིས་རོལ། །ཐུབ་ཆེན་རྣམས་ཀྱི་དགོངས་པ་མཆོག་འདི་ཡི། །རང་བཞིན་འཕགས་མཆོག་

རྣམས་ཀྱིས་གསལ་མཛད་པ། །འཇིག་རྟེན་མུན་པས་དཀྲུགས་ལས་མི་ཤེས་པས། །དེ་ཕྱིར་དེ་ཡི་སྣང་བ་བརྒྱུད་པ་འདི། །ལམ་བྲལ་རྣམས་དང་ལོག་པའི་ལམ་ཅན་དང་། །ཤེས་རབ་ལྡན་དང་དད་དང་ལྡན་རྣམས་ཀྱི། །སེམས་ཀྱི་བདག་ཉིད་དག་པའི་ཆེད་དུ་འདི། །བྱ་བ་

བདག་བློའི་དགའ་སྟོན་རང་ཉིད་སྤྲོ། །ཡོན་ཏན་རིན་ཆེན་རང་བཞིན་རྒྱན། །འདི་ལས་ཐུབ་པའི་དགོངས་པ་ནི། །སྣང་བ་བྱས་པས་ཡང་དག་པའི། །ལྟ་བ་ཅི་ཡང་སྟོན་པར་བྱེད། །དམ་པ་ཀུ་ཤའི་རྩེ་འདྲའི་བློ། །ཡོན་ཏན་རིན་ཆེན་ཚོང་འདུས་ཏེ། །དེ་དང་རིན་ཆེན་མི་ལེན་དང་། །

ཐེ་ཚོམ་ཟ་བའང་བསླུས་པ་ཡིན། །འདིར་ངེས་པར་སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་སྤོང་བའི་སྐལ་བ་ལས་མ་འདས་པ་ཁོ་ནར་ཡོད་དེ། དེ་རྣམས་ཀྱང་དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་རང་བཞིན་མེད་པའི་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་

ལས། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ལ་ཡང་སྔོན་དང་ཕྱི་མ་དང་བར་མའི་རིམ་པ་མ་རྟོགས་པ་རྣམས་སྲིད་པའི་རྩེ་མོ་ནས་མནར་མེད་པའི་མཐར་ཐུག་པའི་འཁོར་བའི་ཁྲོན་པ་ཆེན་པོ་དམའ་བར་རང་གི་ངང་ཉིད་ཀྱིས་འོག་ཏུ་

เล่ม ๑๐๙ · หน้า 74a

འགྲོ་བར་ཞུགས་པ་རྣམས་རྩོལ་བ་ལས་ཇི་ལྟར་ཡང་ལྡང་བར་བྱ་བ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་དག་གིས་ཉིན་དང་ཉིན་དུ་ཡོངས་སུ་སྐྱོ་བར་འགྱུར་བ་རྣམས་སོ། །དེ་རྣམས་ལས་དང་ཉོན་མོངས་པའི་གཟུགས་བརྙན་

བཞིན་ངེས་པར་འཇུག་ཅིང་རབ་ཏུ་གཡོ་བའི་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་ལྟར་རྟེན་གྱི་ཡུལ་དང་ལྷན་ཅིག་སྐད་ཅིག་སོ་སོར་མི་རྟག་པ་ཉིད་ཀྱིས་ཕོངས་པར་ངེས་པར་ལྟུང་བ་དང་། རང་བཞིན་གྱིས་སྟོང་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་གྱི་དབང་ཉིད་ཀྱིས། དེ་རྣམས་

ཀྱི་མི་རྟག་པ་ཉིད་ཀྱི་ཕོངས་པའི་ཕོངས་པ་ལྟ་བུ་དམ་པའི་ཆོས་བདུད་རྩིའི་བཅུད་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་མཐའ་དག་གི་གཉེན་པོའི་མཚན་ཉིད་ཅན་འགྲོ་བ་མ་ལུས་པའི་གཉེན་གྱི་རང་བཞིན་སངས་རྒྱས་ཉིད་ཐོབ་པར་འདོད་དོ། །དེས་བསྐུལ་བར་གྱུར་པ་

བདག་ཉིད་ལ་ལྟོས་པ་མེད་པ་དེ་ནི་མཐའ་གཅིག་ཏུ་ཕ་རོལ་ལ་ཕན་པ་དོན་དུ་གཉེར་བ་ཉིད་ཀྱིས་ཤིན་ཏུ་དཀའ་བ་བྱེད་ཅིང་དུས་རིང་པོར་ཡང་ཚོགས་སོགས་པའི་ཡོངས་སུ་ངལ་བ་ལ་འཇུག་གོ། །དཀའ་བ་རྣམས་ལ་རབ་ཏུ་ཞུགས་པས་ཀྱང་ཡུན་རིང་པོ་ཉིད་ཀྱིས་ཚོགས་ཡོངས་སུ་རྫོགས་ནས་ངེས་

པར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་དོ་ཞེས་པ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྩ་བ་སྙིང་རྗེ་ཉིད་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ཉིད་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ནས་འགྲོ་བ་མ་ལུས་པའི་དོན་མཛད་ཅིང་བཞུགས་

ཞེས་པས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡང་རྒྱུ་སྙིང་རྗེ་ཆེན་པོ་དེ་ཁོ་ནའོ། །དེ་གསུངས་པ། བརྩེ་ཉིད་ས་བོན་འཕེལ་ལ་ཆུ་བཞིན་དང་། །ཡུན་རིང་ལོངས་སྤྱོད་གནས་ལ་སྨིན་པ་བཞིན། །ཞེས་པ་དང་། རྣམ་འགྲེལ་དུའང་། གང་རྣམས་བརྩེ་བ་ཆེན་པོ་

པ། །གཞན་གྱི་ངོར་ནི་བཞུགས་པ་ཉིད། །ཅེས་སོ། །དེ་ཡང་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་མ་ལུས་པ་རྣམས་ལ་མང་དུ་གོམས་པར་བྱས་པ་ལས་འཕེལ་བར་འགྱུར་རོ། །དེ་ལྟར་དེ་སྙིང་རྗེ་གོམས་པའི་སྟོབས་ལས་སེམས་ཅན་ཐམས་ཅད་འདོན་པར་དམ་བཅའ་བས་བྱང་ཆུབ་ཏུ་

เล่ม ๑๐๙ · หน้า 74b

སེམས་སྐྱེད་པར་བྱེད་དོ། །གང་གི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་ཀྱེ་ཀུན་དགའ་བོ་སུ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་།

བསླབ་པའི་གཞི་ལྔ་རྣམས་ཡང་དག་པར་བཟུང་ནས་ཡོངས་སུ་སྐྱོང་བར་བྱེད་ན་དགེ་བའི་རྩ་བ་དེའི་བསོད་ནམས་གཞལ་དུ་མེད་པ་དང་གྲངས་མེད་པར་ང་སྨྲའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཇི་སྲིད་པར་གང་གིས་ཚད་གཟུང་བར་མི་

ནུས་པར་སྨྲའོ་ཞེས་པ་ལ་སོགས་པའི་ཕན་ཡོན་ཐོས་པས་ཡང་དག་པར་དགའ་བ་སྐྱེས་པ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་པས་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་

སྐྱབས་ལ་བརྟེན་ནས། བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་འདི་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་སྦྱར་བར་བྱའོ་ཞེས་དབང་པོ་རབ་ཀྱིས་རབ་མདོར་བསྡུས་པས་བྱང་ཆུབ་ཀྱི་སེམས་སྡོམ་

པའི་རང་བཞིན་སྐྱེད་པར་བྱེད་དོ། །སྡོམ་པ་འདི་ཡང་བླ་མ་སྡོམ་པ་ལ་གནས་པ་ཡང་དག་པར་བླང་བའི་ཆོ་ག་ཤེས་པ་ཉིད་གསར་བུ་དང་ཁྱིམ་པའི་ཆ་ལུགས་འཛིན་པ་ལས་ཀྱང་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་ན་གནས་པར་ཡིད་ལ་བྱས་ནས་བླང་

བར་བྱའོ། །དེ་རྒྱས་པར་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བྱས་ཏེ། ཀུན་དགའ་བོ་གང་སུ་ཞིག་སེམས་རབ་ཏུ་དང་བས་དེ་བཞིན་གཤེགས་པའི་ཆེད་དུ་གྲུ་བཞིའམ་ཟླ་བ་ཕྱེད་པའི་རྣམ་པའམ་ཟླུམ་པོའམ་ཤིང་རྟའི་རྣམ་པར་མཎྜལ་བྱེད་པ་དེ་གྲངས་ཇི་ལྟ་བ་བཞིན། བྱང་

སྒྲ་མི་སྙན་དང་། ཤར་ལུས་འཕགས་པོ་དང་། ནུབ་བ་ལང་སྤྱོད་དང་། འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་བར་སྨྲའོ། །ལུས་ཞིག་ནས་ནི་གྲངས་ཇི་ལྟ་བར་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་རྣམས་སུ་སྐྱེ་བར་རོ་ཞེས་པ་ཁང་བུ་

เล่ม ๑๐๙ · หน้า 75a

བརྩེགས་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པས། མཎྜལ་བྱུགས་ཏེ་མཆོད་པ་ལྔས་ཡང་དག་པར་མཆོད་ནས། ཀུན་དགའ་བོ་གང་སུ་ཞིག་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱེད་པར་འགྱུར་

བའི་སེམས་ཅན་དེ་རྣམས་ངས་ཡོངས་སུ་གཟུང་བའོ་ཞེས་པ་ལ་སོགས་པའི་ཕན་ཡོན་བསྟན་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དང་བ་ཡང་དག་པར་སྐྱེད་ཅིང་ཕྱག་འཚལ་ནས་བླ་མའི་མདུན་དུ་མཎྜལ་ལ་སོགས་པ་བྱས་ཤིང་པུས་མོ་བཙུགས་པའམ་

ཙོག་པུར་ཐལ་མོ་སྦྱར་བས་དམའ་བར་འདུག་ནས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་མདུན་དུ་བདག་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པར་འདོད་པས། དེ་བླང་བར་འོས་ན་བདག་ལ་ཐུགས་བརྩེ་བས་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་

སྩལ་དུ་གསོལ་ཞེས་སོ། །དེ་ལ་བླ་མས་འདི་སྐད་ལན་གསུམ་བརྗོད་པར་བྱ་སྟེ། ཁྱོད་བྱང་ཆུབ་ཏུ་སྨོན་པ་བྱས་སམ་ཞེས་པ་དང་། བདག་གི་མདུན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་རྣམས་ལན་ནམ་ཞེས་པའོ། །དེས་འཛིན་ནོ་ཞེས་དམ་བཅའ་བར་བྱའོ། །བླ་

མ་ཡིས་ནི་དེ་འདི་སྐད་བརྗོད་དུ་གཞུག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ལུས་དང་

ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕ་དང་མའམ་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་བསྒྲུབས་ནས་སྐྱེ་བ་འདིའམ་སྲིད་པ་གཞན་རྣམས་སུ་སྡིག་པ་གང་ཅུང་ཟད་བགྱིས་པ་དང་བགྱིད་དུ་སྩལ་བ་དང་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཤགས་སོ། །

ཤེས་བཞིན་དྲན་པ་མི་འཆབ་པོ། །དེ་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་ཉི་མ་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཐམས་ཅད་མཁྱེན་པ་ཐམས་ཅད་སྟོན་པ་དགྲ་དང་འཇིགས་

เล่ม ๑๐๙ · หน้า 75b

པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ་ཅན་བླ་ན་མེད་པའི་སྐུ་ཅན་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །

འདི་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དང་། གདོན་པའི་ཆེད་དང་ཡོངས་སུ་བསྐྱབ་པའི་ཆེད་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་དགོད་པའི་ཆེད་དུ་ཇི་ལྟར་

འདས་པ་དང་ད་ལྟར་བྱུང་བ་དང་མ་བྱོན་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། སངས་རྒྱས་ཉིད་དུ་གཤེགས་པ་དང་གཤེགས་པར་བྱེད་པ་དང་། གཤེགས་པར་འགྱུར་བ་དང་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་

རྒྱས་ཀྱི་སྤྱན་གྱིས་མཁྱེན་ཞིང་གཟིགས་པ་དང་ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ནས་རྗེས་སུ་མཁྱེན་བཞིན་དུ་ཆོ་ག་དེས་བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་མིང་འདི་ཞེས་བགྱི་བའི་མདུན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ལྟར་ལན་གསུམ་མོ། །བདག་གིས་སྡིག་པ་བཤགས་པ་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སྐྱེས་པའི་དགེ་བའི་རྩ་བ་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་

བསྔོ་སྟེ། སྐྱོབ་པ་མེད་པ་སྐྱབས་མེད་པ་གནས་མེད་པ་དཔུང་གཉེན་མེད་པ་གླིང་མེད་པའི་འཇིག་རྟེན་དུ། སྐྱོབ་པ་དང་སྐྱབས་དང་གནས་དང་དཔུང་གཉེན་དང་གླིང་དུ་འགྱུར་བར་བགྱིའོ། །སེམས་ཅན་སྲིད་པའི་རྒྱ་མཚོ་ལས་མ་རྒལ་བ་རྣམས་ཐམས་ཅད་བསྒྲལ་བར་བགྱིའོ། །སྒྲིབ་པ་

མེད་པའི་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །འདི་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་དེ་ལྟར་བྱང་ཆུབ་ཏུ་སེམས་

เล่ม ๑๐๙ · หน้า 76a

བསྐྱེད་པས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ལ་ཇི་ལྟར་མ་དང་ཕ་དང་སྲིང་མོ་དང་སྤུན་དང་བུ་དང་བུ་མོ་དང་གཉེན་དང་སྣག་གི་གཉེན་མཚམས་གང་ཡང་རུང་བར་གནས་པ་དེ་ལྟར་སོ་སོར་འཛིན་ནོ། །སོ་སོར་བཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང་། སྟོབས་ཇི་ལྟ་བ་དང་།

སྣོད་ཇི་ལྟ་བའི་ཚད་དུ་དགེ་བའི་རྩ་བ་བསྐྲུན་དུ་གཞུག་གོ། །འདི་ནས་བཟུང་ནས་གང་ཅུང་ཟད་སྦྱིན་པ་སྟེར་བར་འགྱུར་བ་དང་ཚུལ་ཁྲིམས་བསྲུང་བར་འགྱུར་བ་དང་བཟོད་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་བ་དང་། བརྩོན་འགྲུས་རྩོམ་པར་འགྱུར་བ་དང་བསམ་གཏན་ལ་སྙོམས་པར་འཇུག་

པར་འགྱུར་བ་དང་། ཤེས་རབ་ཀྱིས་རྣམ་པར་དཔྱོད་པར་འགྱུར་བ་དང་། ཐབས་ལ་མཁས་པ་ལའང་སློབ་པར་འགྱུར་བ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་ཆེད་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། ས་ཆེན་པོ་ལ་རབ་

ཏུ་བཞུགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱི་ཐེག་པ་ཆེན་པོ་དང་མཐུན་པར་རྗེས་སུ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་བདག་བྱང་ཆུབ་སེམས་དཔའ་སློབ་པའོ། །འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས་དཔའ་ཞེས་པར་སློབ་དཔོན་གྱིས་གཟུང་དུ་གསོལ། དེ་ལྟར་ལན་གསུམ་མོ། །

དེ་ལྟར་བསོད་ནམས་ཡོངས་སུ་བསྔོ་བ་སྔོན་མ་ཅན་འགྲོ་བ་ཡོངས་སུ་འཛིན་པ་དང་། དེ་བསྐྱབ་པའི་ཆེད་དུ་ཚོགས་སོགས་པ་དང་། ཐེག་པ་ཆེན་པོ་དང་མཐུན་པར་རྗེས་སུ་འབྲང་བར་བྱེད་དུ་བཅུག་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་འཚལ་ནས་མཁྱེན་པར་གསོལ་བར་བྱ་སྟེ། བདག་གི་མདུན་དུ། འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་གཟུང་ངོ་ཞེས་པའོ། །བླ་མ་དེ་འདྲ་བ་མེད་པར་རང་གིས་ལེན་ན། སློབ་དཔོན་དགོངས་སུ་གསོལ་ཞེས་པ་དང་། སློབ་དཔོན་

མིང་འདི་ལྟ་བུའི་མདུན་ལས་ཤེས་པ་བཞག་ནས་ཇི་སྲིད་དུ་འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས་དཔའ་ཞེས་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུང་དུ་གསོལ་ཞེས་པའི་བར་དུའོ། །གསོལ་བའི་དེ་མ་ཐག་ཏུ་སངས་རྒྱས་དང་བྱང་ཆུབ་

เล่ม ๑๐๙ · หน้า 76b

སེམས་དཔའ་རྣམས་ཀྱིས་བསྔགས་ཤིང་། དགེ་བ་མངོན་པར་འཕེལ་བའི་ཆེད་དུ་འདི་ལ་རྟག་ཏུ་དགོངས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པར་གསུངས་པའི་ཆོ་གས་དབང་པོ་རྣོན་པོས་སྡོམ་པ་བླང་བར་བྱའོ། །དབང་པོ་འབྲིང་པོ་ཡང་ཁ་ཅིག་དགེ་བའི་

བཤེས་གཉེན་ལ་སོགས་པ་དང་ཕྲད་པའི་དབང་ལས་དེ་བཞིན་དུ་ཁ་ཅིག་ཇི་སྲིད་འཚོའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གང་ཡང་རུང་བ་སྔོན་མ་ཅན་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པར་བྱེད་དོ། །དབང་པོ་རྟུལ་པོ་ནི་ཇི་སྲིད་འཚོའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་

གང་ཡང་རུང་བ་སྔོན་མ་ཅན་ཁོ་ནས་སོ། །འདི་དག་གི་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཇི་སྲིད་འཚོའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གང་ཡང་རུང་བ་མེད་པར་ཡང་སྐྱེ་སྟེ། འོན་ཀྱང་དབང་པོའི་བྱེ་བྲག་ལས་དེ་འཛིན་པའི་ཆོ་གའི་དབྱེ་བ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ལྡོག་

པའི་ཚུལ་ཁྲིམས་ཉིད་ཉེས་པར་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པ་ནི་དགེ་བསྙེན་གྱི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་དགེ་སློང་གི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པ་ཞེས་པ་རྣམ་པ་བཞི་གང་ཟག་གི་བྱེ་བྲག་ཉེ་བར་བླངས་ནས་ཡིན་པ་བཞིན་ནོ། །དེ་ལྟར་ནི་གང་ཟག་གང་ལུས་

དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་ཉིད་ལ་དགའ་བ་དང་བྲལ་བ་འདོད་པ་ལ་ལྷག་པར་ཆགས་པ་ཁྱིམ་གྱི་ནང་ན་གནས་པས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལ་བརྟེན་ནས་དང་པོ་རེ་ཞིག་ཇི་སྲིད་འཚོའི་བར་དུ་སྤང་བྱ་ལྔ་སྤོང་བའི་བྱ་བ་ཡང་དག་པར་ལེན་པའི་ངེས་པ་

བྱ་སྟེ། བྱང་ཆུབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་ཀྱི་སེམས་ལས་གཞན་ཡང་དག་པར་བླངས་པ་ནི་ཇི་སྲིད་འཚོ་བ་ཡིན་པའི་ཕྱིར་ཕྱིས་མེད་དེ་རྟེན་ཞིག་པའི་ཕྱིར་དང་རྟེན་གཞན་གྱི་གཞན་དུ་སྦྱོར་བ་མི་རིགས་པའི་ཕྱིར་དང་དྲན་

པ་མི་སྲིད་པའི་ཡང་ཕྱིར་རོ། །དེ་ལྟར་འདི་གོམས་པ་རིམ་གྱིས་འདོད་པ་ལས་སེམས་དབེན་པར་འགྱུར་བ་ནི་སྤང་བྱ་ཐམས་ཅད་དང་མི་ཚངས་པར་སྤྱོད་པ་ལས་ཀྱང་ལྡོག་པར་སྤྲོ་བས་དང་པོར་ལྔ་ཁོ་ན་སྤོང་བ་གཟུང་བར་བྱའོ། །གང་འདོད་པ་ལས་དབེན་པར་སྤྱོད་པ་དེ་ནི་ཁྱིམ་ནས་བྱུང་སྟེ་མི་ཚངས་

เล่ม ๑๐๙ · หน้า 77a

པར་སྤྱོད་པའང་སྤངས་ཤིང་རབ་ཏུ་བྱུང་བ་བྱའོ། །དེ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་གདགས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གོན་ཏེ་ཡང་དག་པ་ཉིད་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་

རབ་ཏུ་འབྱུང་ཞེས་སོ། །འདིས་དགེ་སློང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞི་ཡོངས་སུ་གཟུང་ངོ་། །འོན་ཏེ་ཞེས་པའི་བར་གྱིས་ཆ་ལུགས་ཕུན་སུམ་ཚོགས་པ་སྟེ། ཆ་ལུགས་འདི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་ཁྱིམ་པའི་ཆ་ལུགས་ལས་ཕུན་སུམ་ཚོགས་པའོ། །

ཡང་དག་པ་ཉིད་དུ་ཞེས་པ་ནི་ལས་ཕུན་སུམ་ཚོགས་པ་སྟེ། གསོལ་བའི་ལས་ལ་སོགས་པས་ཡང་དག་པར་རབ་ཏུ་བྱུང་གི་བསྙེན་པར་མ་རྫོགས་པའམ་རང་གིས་རྟགས་གཟུང་བ་མ་ཡིན་ནོ། །དད་པས་ཤེས་པས་བསམ་པ་ཕུན་སུམ་ཚོགས་པ་སྟེ། བུ་ལོན་གྱིས་མནར་བས་མ་ཡིན། འཇིགས་

པས་མནར་བས་མ་ཡིན་རྒྱལ་པོའི་ཆད་པའི་ཆེད་དུ་མ་ཡིན་ནོ། །ཁྱིམ་ནས་ཞེས་པ་ལ་སོགས་པ་ནི་གནས་ཕུན་སུམ་ཚོགས་པ་སྟེ་ཁྱིམ་པའི་གནས་ནི་ཁྱིམ་མོ། །དོག་པོ་དེ་ལས་གནས་འདི་ཕུན་སུམ་ཚོགས་པ་སྟེ་ཁྱིམ་མེད་པར་ཤིང་དྲུང་ལ་སོགས་པའོ། །རབ་ཏུ་བྱུང་བ་ཡང་རྣམ་པ་གསུམ་

སྟེ་གསོལ་བའི་ལས་ལ་སོགས་པས་ཡང་དག་པར་བླངས་པས་ཐོབ་པ་དང་རྟོགས་པ་ཡོད་ན་ཆོས་ཉིད་ཀྱིས་ཐོབ་པ་དང་སྤྲུལ་པས་ངེས་པར་བསྟན་པ་ཅན་རྣམས་སོ། །བསྙེན་པར་རྫོགས་པ་ནི་རྣམ་པ་བཅུའོ་ཞེས་འདུལ་བར་བྱེ་བྲག་སྨྲ་བའི་འདོད་པ་སྟེ་འཆད་པར་འགྱུར་རོ། །གང་ཉེས་པར་སྤྱོད་པ་

དང་འདོད་པ་ལས་དབེན་པ་དང་བྲལ་བ་དེ་ནི་ཉིན་ཞག་ཙམ་དུ་ཡང་ཉེས་པར་སྤྱོད་པ་དང་། འདོད་པ་ལས་དབེན་པའི་ངོ་བོ་བསྙེན་གནས་ཡང་དག་པར་ལེན་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་འགའ་ཞིག་ཉིན་པར་ཙམ་དུ་འམ་མཚན་མོ་ཙམ་དུ་སྟེ། གཞན་གྱི་བུད་མེད་ལ་རྩེ་བ་དང་ཤན་པ་རྣམས་

མཚན་མོ་དང་ཉིན་པར་སྤོང་བར་སྤྲོ་བ་མེད་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་གང་ཟག་རྣམས་ཉིད་རྗེས་སུ་གཟུང་བའི་ཆེད་དུ་ཞི་བ་དང་རྒྱས་པ་ལ་སོགས་པ་དེ་དང་དེ་ལ་བསྙེན་གནས་ལ་གནས་པར་བྱའོ་ཞེས་རྟོག་པའི་ཆོ་གར་གསུངས་པ་འང་བདག་ཉིད་ཀྱིས་འདི་རྣམས་མ་ཡིན་ཏེ་མཐོང་བའི་འབྲས་

เล่ม ๑๐๙ · หน้า 77b

བུ་འདོད་པས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་འཇུག་གོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་དགེ་བསྙེན་ཡང་འདོད་པ་ལས་དབེན་པ་གོམས་པའི་དོན་དུ་ཚིགས་མཚམས་རྣམས་དང་ཆོ་འཕྲུལ་གྱི་དུས་སུའང་རེས་འགའ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་ལེན་དུ་གཞུག་གོ། །སྤྲོ་བ་དང་ལྡན་པས་ནི་

ཟླ་ཕྱེད་དང་ཟླ་བ་ལ་སོགས་པ་སྟེ་རིམ་གྱིས་གོམས་པས་ཇི་སྲིད་འཚོ་བའི་བར་དུའང་ཞེས་པའོ། །མ་ནིང་ལ་སོགས་པའི་གང་ཟག་རྣམས་ལ་ནི་རང་བཞིན་ཉིད་ཀྱིས་སྡོམ་པ་སྐྱེ་བ་མ་ཡིན་ལ་སྡོམ་པ་མ་ཡིན་པ་ཡང་མ་ཡིན་ཏེ་ཚྭ་སྒོ་ཅན་གྱི་ཞིང་རྣམས་ལ་འབྲུ་དང་རྩྭ་བཞིན་ནོ། །གང་མོའི་དབང་

པོ་དང་ལྡན་པ་དེའང་སྐལ་བ་ཅན་ཉིད་དོ། །དོན་དམ་པར་ཕོ་དང་མོ་འདི་དག་གི་སྡོམ་པ་ལ་ཁྱད་པར་ཅུང་ཟད་མེད་མོད་གཞན་དུ་རྟགས་དང་རྟེན་དང་མིང་ཐ་དད་པ་ལས་སོ། །སྤོང་བ་ཡང་དག་པར་ལེན་པ་འདིའང་བླ་མ་སྡོམ་པ་ལེན་པའི་ཆོ་ག་ལ་མཁས་པ་ཡང་དག་པར་ལེན་པར་འདོད་པའི་

སྡོམ་པ་ཅན་ལས་བྱ་སྟེ་སོ་སོར་ཐར་པའི་སྡོམ་པ་ནི་ཕ་རོལ་གྱི་རྣམ་པར་རིག་བྱེད་ལས་འདོད་པའི་ཕྱིར་རོ། །རྐྱེན་ཡོད་ནའང་ཕ་རོལ་ལ་ལྟོས་པས་མི་འདའ་བའི་དོན་དུའོ། །འདི་ལྟར་བླ་མས་གསུངས་པའི་རྗེས་སུ་བརྗོད་པར་བྱ་སྟེ། བདག་མིང་འདི་ལྟ་བུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་

འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ལྟ་བུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ལྟ་བུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་དགེ་འདུན་ལ་སྐྱབས་སུ་མཆིའོ། །འདི་ལྟར་ལན་གསུམ་ཡང་ངོ་། །

སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེའི་རྗེས་སུ་བདག་མིང་འདི་ལྟ་བུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་སྟེ་སྲོག་གཅོད་པ་ལས་སླར་ལྡོག་གོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་འདོད་པ་ལས་ལོག་པར་གཡེམ་

པ་དང་བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་གོ། །འདི་ལྟར་ལན་གསུམ་ཡང་སྟེ། དེང་ནས་བཟུང་ནས་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེ་ལྟར་འདི་ཡན་ལག་གསུམ་ཡོངས་སུ་རྫོགས་པ་དང་། ཡན་ལག་

เล่ม ๑๐๙ · หน้า 78a

ལྔ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་ཏེ། སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པ་དང་། དེ་བཞིན་དུ་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་སློབ་

དཔོན་གྱིས་གཟུང་དུ་གསོལ་ཞེས་པ་རྣམ་པ་གཉིས་འདུལ་བར་གསུངས་པའི་ཕྱིར་རོ། །རྒྱུ་བཞིས་སྐྱབས་སུ་འགྲོ་བར་རིག་པར་བྱ་སྟེ་ཡོན་ཏན་ཤེས་པ་དང་ཁྱད་པར་ཤེས་པ་དང་ཁས་བླངས་པ་དང་སྟོན་པ་གཞན་བསྟན་པ་མ་ཡིན་པས་སོ། །དེ་རྣམས་ཀྱིས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་སྟེ་

གང་གི་ཕྱིར་ཡོན་ཏན་དང་ཁྱད་པར་ཤེས་པ་དག་ལས་སྲོག་གིས་ཀྱང་དམ་པའི་ཆོས་ཁས་ལེན་པ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་པ་ནི་རྒྱུན་དུ་བ་མ་ཡིན་པའི་རྒྱན་སྤངས་ཏེ་ཉི་མ་ཤར་བ་ན་སྔར་བཞིན་དུ་གཟུང་བར་བྱའོ། །བདག་མིང་འདི་ལྟ་བུ་དུས་

འདི་ནས་བཟུང་ནས་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤོང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་གོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་ཁྲི་སྟན་མཐོན་པོ་དང་ཁྲི་

སྟན་ཆེན་པོ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་ཁ་དོག་འཆང་བ་དང་། གར་དང་གླུ་དང་རོལ་མོ་དང་རྩེ་འཇོ་དང་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་གོ། །དགྲ་བཅོམ་པ་རྣམས་ཀྱི་ཚུལ་ཁྲིམས་ཡོན་ཏན་བརྒྱད་ཀྱིས་བརྒྱན་པར་བདག་བགྱིད་དོ་ཞེས་པའོ། །འདི་ལྟར་ལན་གསུམ་

ཡང་ངོ་། །དེ་ལྟར་འདི་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་པར་འགྱུར་རོ། །འདི་ཡིས་འཕགས་པ་རྣམས་དང་ཉེ་བར་གནས་སོ་ཞེས་པས་བསྙེན་གནས་སུ་བརྗོད་པར་བྱའོ། །གསོ་སྦྱོང་ཞེས་ཀྱང་སྟེ། དགེ་བའི་ས་བོན་གསོ་བ་འཛིན་པར་བྱེད་ཅེས་བྱས་ནས་སོ། །གང་

གསོ་བའི་དོན་ནི་མདོ་ལས་ཉིན་ཞག་པའི་གསོ་སྦྱོང་གི་སྡོམ་པས་འདོད་པ་ན་སྤྱོད་པའི་ལྷ་དྲུག་གང་འདོད་པ་དེར་སྐྱེའོ་ཞེས་སོ། །ཉིན་པར་ཙམ་ཡང་དག་པར་ལེན་ན་ནི་དུས་འདི་ནས་བཟུང་སྟེ་ཇི་སྲིད་ཉི་མ་ནུབ་ཀྱི་བར་དུ་ཞེས་དུས་ཡོངས་སུ་བཅད་པར་བྱའོ། །འདི་ཉིད་ལ་དགོངས་ནས་དུས་འདི་

เล่ม ๑๐๙ · หน้า 78b

ནས་བཟུང་ནས་མཚན་མོ་བྱུང་གི་བར་དང་ཇི་སྲིད་སང་ཉི་མ་ཤར་གྱི་བར་དུ་ཞེས་གསུངས་སོ། །གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོ་བ་པ་ནི་གོ་མིའི་སྡོམ་པའོ་ཞེས་པ་གདམས་ངག་གོ། །འདི་ཉིད་གང་མི་བྱ་བར་ངེས་པའི་མཚན་ཉིད་ཅན་དེ་སོ་སོར་ཐར་པའི་སྡོམ་པའོ། །འདི་ལྟར་གང་

འདི་ཡང་དག་པར་ལེན་པ་པོ་གཡེངས་པ་དང་སེམས་མེད་པ་ལའང་འཕངས་པའི་དུས་ཇི་སྲིད་པར་དགེ་བ་རྗེས་སུ་འགྲོ་བའི་རྒྱུན་ཡོངས་སུ་གྱུར་པའི་ཁྱད་པར་སྐྱེ་སྟེ། གང་ལས་འདི་མི་བྱེད་པར་དམ་བཅའ་བ་ཡང་དག་པར་དྲན་ནས་བཀག་པའི་ལས་ལས་ངོ་ཚས་ལུས་ངག་དག་ཡང་དག་པར་

སྡོམ་མོ། །གང་ཡོངས་སུ་སྨིན་པ་ཐོབ་པ་ལས་ཕྱིས་ཕུན་སུམ་ཚོགས་པ་རྣམས་སྐྱེ་བའོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་དངོས་པོར་གྱུར་པའི་ཆོས་གཞན་འགའ་ཡང་མེད་དེ། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཁས་བླངས་ནས་མི་བྱེད་པ་ཙམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མི་བྱེད་པ་ཡང་

བྱ་བ་འགེག་པ་སྟེ་འདི་ཡང་ཅུང་ཟད་ཀྱང་མ་ཡིན་ནོ། །འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་འདོགས་ནའང་དེ་རྣམས་ཀྱང་མེད་པ་ཉིད་ཀྱི་ཕྱིར་དངོས་པོར་འགྱུར་བ་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་གཟུགས་གང་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཡང་དག་པར་བསྡུས་པ་བསྟན་དུ་མེད་

ལ་ཐོགས་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པར་བྱ་བ་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མར་གནས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བ་དང་གཉིས་ཀའི་རྒྱུན་གྱིས་ངོ་བོ་དེ་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་གཟུགས་འགའ་ཞིག་སེམས་ཀྱི་རྗེས་སུ་འབྲང་

བ་སྟེ། དཔེར་ན་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་རང་བཞིན་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ཐོབ་ལ་དེའི་སེམས་གཏོང་བས་གཏོང་བ་བཞིན་ནོ། །འགའ་ཞིག་གཞན་གྱི་རིག་བྱེད་ལ་སོགས་པས་ཡང་དག་པར་བྱུང་བ་སྟེ། དཔེར་

ན་སོ་སོར་ཐར་པ་སྡོམ་པའི་གཟུགས་ལྟ་བུའོ། །དེ་ལ་ལུས་ཀྱི་རྣམ་པར་རིག་བྱེད་ནི་དེ་ལས་དམིགས་པའི་སེམས་པས་བསྐྱེད་པའི་ལུས་ཀྱི་དབྱིབས་ཀྱི་ཁྱད་པར་དེ་ལྟ་དེ་ལྟའོ། །ངག་གི་རྣམ་པར་རིག་བྱེད་ཀྱང་དེ་ལ་དམིགས་པའི་སེམས་པས་བསྐྱེད་པ་ཚིག་གསལ་པོར་འདོན་པའོ། །

เล่ม ๑๐๙ · หน้า 79a

དེ་དང་འདི་གཉིས་ཀ་ཀུན་ནས་སློང་བའི་སེམས་རྣམ་པར་ཤེས་པར་བྱེད་པའི་ཕྱིར་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་དང་འདྲ་བ་ནི་ཆོས་གང་འཕེན་པར་བྱེད་པ་དང་མཚམས་སྦྱོར་བར་བྱེད་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་རབ་ཏུ་འཇུག་པ་སྟེ། རྣམ་

པར་རིག་བྱེད་ལྟར་ཕ་རོལ་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ་མན་ངག་ཙམ་ལས་རྟོགས་པར་བྱ་བ་འབའ་ཞིག་བ་དགེ་སློང་ལ་སོགས་པར་རྣམ་པར་གཞག་པའི་རྒྱུ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་ཡོད་པ་གཟུགས་ཀྱི་ཕུང་པོས་ཡང་དག་པར་བསྡུས་པ་སྟེ་དེ་དང་འདྲ་བ་དགག་

པ་བྱས་པའི་ཕྱིར་བྲམ་ཟེ་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །དེ་མི་རིགས་སོ་ཞེས་གཞན་དུ་དཔྱད་ཟིན་ཏོ། །ལུང་གི་དོན་ནི་ཁོ་བོ་ཅག་གིས་རྣམ་པ་གཞན་དུ་ཡང་ནུས་པའི་ཕྱིར་སྤྲོས་པས་ཆོག་གོ། །འོ་ན་སེམས་ཅན་དང་ཡན་ལག་དང་ཡུལ་དང་དུས་ངེས་པ་དང་བཅས་པས་ཡང་

དག་པར་བླངས་པ་སེམས་ཅན་འདི་ལས་སྤང་ངོ་། །ཡན་ལག་འདི་དང་ཡུལ་འདི་དང་ཟླ་ཕྱེད་དང་ཟླ་བའམ་ཡུལ་ལ་སོགས་པའི་དུས་ལས་གཞན་དུའོ་ཞེས་པ་དེ་ཅིར་འགྱུར་ཞེ་ན། ལེགས་པར་སྤྱད་པ་ཙམ་དུ་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་སྡིག་པ་སྤོང་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྡོམ་

པ་མ་ཡིན་པ་ཅན་རྣམས་ཀྱི་དེའི་རིགས་ཅན་རྣམས་བྱ་བ་ལ་རབ་ཏུ་སྦྱོར་བ་དང་། གཞན་རྣམས་དེའི་ལས་དེ་ཁས་བླངས་པ་ལས་མི་དགེ་བ་རྗེས་སུ་འགྲོ་བའི་རྒྱུན་ཡོངས་སུ་གྱུར་པའི་ཁྱད་པར་བྱ་བར་ངེས་པའི་མཚན་ཉིད་ཅན་སྡོམ་པ་མ་ཡིན་པ་སྐྱེ་ལ། གང་ཞིག་འདི་རྣམས་ལ་རྟག་ཏུ་འཇུག་

པ་སྟེ་གང་ལས་ཐོབ་པ་ཡོངས་སུ་སྨིན་པ་ལས་ཕྱིས་ཕུན་སུམ་ཚོགས་པ་མིན་པ་རྣམས་སྐྱེ་བའོ། །འདི་ལ་དུས་ཡོངས་སུ་བཅད་པ་ཅི་ཡང་མེད་དེ་ཡང་དག་པར་བླངས་པ་མེད་པའི་ཕྱིར་རོ། །སྡོམ་པ་མ་ཡིན་པ་ཡང་དག་པར་ལེན་པ་ནི་འགའ་ཡང་མེད་ལ་བསམ་པ་ངན་པ་ཅན་ནི་བྱ་བ་དེ་དང་

མངོན་པར་འབྲེལ་པ་ལས་སྡོམ་པ་མ་ཡིན་པ་སོ་སོར་ཐོབ་པོ། །གལ་ཏེ་འགའ་ཞིག་ཡང་དག་པར་བླངས་པར་གྱུར་པ་ཉིད་ན་དེའི་ཚེ་སྡོམ་པ་ལྟར་དུས་ངེས་པའོ་ཞེས་པའོ། །སྡོམ་པ་མ་ཡིན་པ་ཉེས་པར་སྤྱོད་པ་དེ་འདི་རྣམས་ལ་ཡོད་པས་སྡོམ་པ་མ་ཡིན་པ་ཅན་རྣམས་སོ། །དེ་རྣམས་ཀྱང་ཤན་པ་དང་

เล่ม ๑๐๙ · หน้า 79b

བྱ་གག་པ་དང་ཕག་པ་དང་ཉ་པ་དང་བྱ་དང་རི་དགས་རྔོན་པ་དང་། རྐུན་པོ་དང་གཤེད་མ་དང་བཙོན་སྲུང་བ་དང་སྦྲུལ་འཆིང་བ་དང་གླང་པོ་ཆེ་འདུལ་བ་དང་ཁྱི་འཆོར་བ་རྣམས་དང་རྒྱས་འཆོར་བ་རྣམས་དང་རྒྱལ་པོའི་ཆད་པ་པ་དང་ཤགས་ཟན་པ་རྣམས་ནི་དོན་གྱི་སྡོམ་པ་མ་ཡིན་པ་ཅན་ནོ། །དེ་

ལས་གཞན་པ་རྣམས་སྡོམ་པ་ཅན་མ་ཡིན་ལ་སྡོམ་པ་མ་ཡིན་པ་ཅན་མ་ཡིན་ཏེ། འདི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ནི་སྡོམ་པ་མ་ཡིན་ལ་སྡོམ་པ་མ་ཡིན་པའང་མ་ཡིན་ནོ། །དེ་ཡང་ཞིང་དང་བསམ་པ་དང་བྱ་བ་ངེས་པ་དང་དངོས་པོ་ཡོངས་སུ་འཛིན་པ་དང་འབད་པས་འཇུག་པ་

ལས་སྐྱེ་སྟེ། འདི་རྣམས་སྤངས་པ་ལས་ལྡོག་གོ། །དེ་ལ་ཞིང་ལས་ནི་དཔེར་ན་དཀོན་མཆོག་གསུམ་གྱི་ཆེད་དུ་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་རྫས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་བསོད་ནམས་ཀྱི་ཕུང་པོ་ཇི་སྲིད་དུ་འདི་རྣམས་རྒྱུན་མི་འཆད་པའི་བར་དུ་

ཉེ་བར་སྐྱེ་ལ་ཉེ་བར་སྐྱེས་པ་ཡང་མི་ཟད་པ་ལྟ་བུ་སྟེ། ཇི་སྐད་དུ་ཁང་བུ་བརྩེགས་པའི་མདོར་གསུངས་པ། ཀུན་དགའ་བོ་སངས་རྒྱས་ལ་བསྐྲུན་པའི་དགེ་བའི་རྩ་བ་འཁོར་བར་མི་ཟད་དེ་མྱ་ངན་ལས་འདས་པའང་ཐོབ་པར་བྱེད་དོ། །དེ་བཞིན་དུ་ཆོས་ལ་བསྐྲུན་པ་དང་དགེ་འདུན་ལ་

བསྐྲུན་པ་ཡང་ངོ་ཞེས་སོ། །དེ་བཞིན་དུ་ཆོམ་རྐུན་པའི་དོན་དུ་སྐྱེད་ཚལ་ལ་སོགས་པ་རྣམས་བྱེད་པ་ལས་བསོད་ནམས་མ་ཡིན་པའི་ཕུང་པོ་ཇི་སྲིད་དེ་རྣམས་རྒྱུན་མི་འཆད་ཀྱི་བར་དུ་སྟེ་གང་གི་ཕྱིར་ཆོམ་རྐུན་པ་རྣམས་ནི་དེ་ལ་བརྟེན་ནས་གྲོང་གི་སེམས་ཅན་ལ་སོགས་པ་འཕྲོག་པར་བྱེད་

པས་སོ། །དེ་བཞིན་དུ་རྫོང་གི་ཁང་པ་བྱེད་པ་ལ་སོགས་པ་རིག་པར་བྱའོ། །བསམ་པ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་བསོད་ནམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཇི་སྲིད་དུ་བསོད་ནམས་རྒྱུན་མི་འཆད་ལ། བཟློག་པས་བསོད་ནམས་མ་ཡིན་པ་ལྟ་

བུའོ། །བྱ་བ་ངེས་པ་ལས་ནི་དཔེར་ན་དམ་པའི་ཆོས་མ་བཀླགས་པར་བཟའ་བར་མི་བྱ་ཞེས་བྱ་བ་ལ་སོགས་པའི་བསོད་ནམས་ཏེ་བྱ་བ་རྣམ་པར་ཆད་པ་ལས་ཀྱང་ལྡོག་པ་དང་སྲོག་གཅོད་པ་ལ་སོགས་པ་ལ་ནི་བྱ་བ་ངེས་པ་ལས་བསོད་ནམས་མ་ཡིན་པ་སྟེ་ངེས་པ་བཏང་བ་དང་བྱ་བ་ཆད་པ་ལས་

เล่ม ๑๐๙ · หน้า 80a

ཀྱང་ལྡོག་པ་ལྟ་བུའོ། །དངོས་པོ་ཡོངས་སུ་འཛིན་པ་ལས་ནི་དཔེར་ན་འགའ་ཞིག་མཆོད་པའི་ཆེད་དུ་མཆོད་རྟེན་ལ་སོགས་པ་ཡོངས་སུ་འཛིན་པ་དང་། ཅིག་ཤོས་ཕ་རོལ་ལ་གནོད་པའི་ཆེད་དུ་རྒྱ་དང་འཁྲུལ་འཁོར་ལ་སོགས་པ་ལྟ་བུ་སྟེ་དེ་དག་གིས་བསོད་

ནམས་དང་བསོད་ནམས་མ་ཡིན་པ་དག་དེ་ཡོངས་སུ་བཏང་བ་ལས་ལྡོག་གོ། །འབད་པས་འཇུག་པ་ལ་ནི། དཔེར་ན་འགའ་ཞིག་དད་པའི་ཤུགས་སམ་ཉོན་མོངས་པའི་ཤུགས་ལས་དགེ་བ་དང་མི་དགེ་བའི་ལས་འབད་པས་བྱེད་དེ་དེ་ཇི་སྲིད་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད་ནམས་

དང་བསོད་ནམས་མ་ཡིན་པ་ཡང་ངོ་ཞེས་པ་ལྟ་བུའོ། །དེ་ལྟར་སྡོམ་པ་ཅན་དང་སྡོམ་པ་མ་ཡིན་པ་ཅན་དག་གིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྗེས་སུ་འགྲོ་བར་རིག་པར་བྱའོ། །དེ་ལྟར་ན་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་འཕངས་པའི་དུས་ལས་ཚུ་རོལ་དུ་གཏོང་བ་མེད་

དམ་ཞེ་ན། ཡོད་དེ་སྡོམ་པ་དེ་སྲིད་དུ་ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་སྐྱེས་ན་སྟེ། མཚན་ཉིད་ཇི་ལྟ་བར་བསླབ་པ་ཕུལ་བ་དང་ཚུལ་ཁྲིམས་དང་མི་མཐུན་པ་མི་གསོད་པ་དང་རྫས་ཡོངས་སུ་རྫོགས་པ་རྐུ་བ་དང་གཞན་གྱི་བུད་མེད་ལ་བགྲོད་པ་དང་། རང་གིས་

རྟོགས་པའི་བརྫུན་འཕགས་པའི་རྟོགས་པ་དང་ལྡན་པར་གོ་བར་བྱེད་པའི་བདག་ཉིད་ལྟུང་བར་འགྱུར་བའི་ཆོས་སྤྱོད་པ་ལས་དང་། མཚན་གཉིས་བྱུང་བ་ལས་ཏེ་རྟེན་རྣམ་པར་འཁྲུགས་པས་དབང་པོ་མ་ཡིན་པ་ཐོབ་པའོ། །བསྙེན་གནས་ཀྱི་སྡོམ་པ་ནི་རྟེན་ཆད་པས་ཤི་བ་ལས་

གཏོང་བར་འགྱུར་རོ། །སྡོམ་པ་མ་ཡིན་པ་ནི་སྡོམ་པ་ཡང་དག་པར་བླངས་པ་དང་རྟེན་རྣམ་པར་འཁྲུགས་པ་ལས་སོ། །སྡོམ་པ་ཡན་ལག་གསུམ་པ་ཞེས་པ་ལ་སོགས་པ་གང་གསུངས་པ་དེ་ལ་གང་གི་ཡན་ལག་འདི་རྣམས་ཡིན་པ་སྡོམ་པ་གཞན་འགའ་ཞིག་ནི་མེད་དོ་འོ་ན་ཅི་ཞེ་ན།

འདིའི་ཡན་ལག་གསུམ་རྣམས་ཡིན་པས་ཡན་ལག་གསུམ་ཚོགས་པ་སྡོམ་པ་སྟེ་དེ་ཚོགས་པའི་ཆ་ཤས་རྣམས་ནི་ཡན་ལག་རྣམས་ཏེ་དཔེར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་སྡོམ་པ་ཡན་ལག་ལྔ་པ་ལ་སོགས་པ་ལ་ཡང་ངོ་། །ཡན་ལག་ལྔ་ནི་

เล่ม ๑๐๙ · หน้า 80b

སྲོག་གཅོད་པ་ཞེས་པ་ལ་སོགས་པ་རྣམས་སུའང་རིག་པར་བྱའོ། །འདིར་གང་དགེ་བསྙེན་གྱི་སྡོམ་པ་ཡན་ལག་ལྔ་པ་ཡང་དག་པར་བླངས་པ་དེ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་སྤངས་པར་འགྱུར་ཏེ། བརྫུན་དུ་སྨྲ་བ་སྤངས་པས་ནི་ཕྲ་མ་དང་ཚིག་རྩུབ་པ་དང་ངག་འཁྱལ་པ་རྣམས་སྤང་

བར་བྱ་བ་ཡིན་ཏེ། འདི་ལྟར་འདི་དག་གི་ལེགས་པར་སྤྱོད་པ་དང་ལྡན་པར་འགྱུར་རོ། །འོ་ན་བརྫུན་དུ་སྨྲས་པ་ཁོ་ན་ལས་ལྡོག་པར་བརྗོད་ཀྱི། ལུས་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་སོ་སོ་བ་ལས་བཞིན་དུ་ངག་གི་ཉེས་པར་སྤྱོད་པ་ཐམས་ཅད་ལས་མ་ཡིན་པ་ཅི་ལྟར་ཞེ་ན། ལུས་ཀྱི་ཉེས་པར་

སྤྱོད་པ་གསུམ་ནི་སོ་སོར་འཇིག་རྟེན་ན་མཐའ་གཅིག་ཏུ་སྨད་པ་ཡིན་ལ་ངག་གི་ཉེས་པར་སྤྱོད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །འདི་རྣམས་ལས་བརྫུན་དུ་སྨྲ་བ་ཉིད་ཤིན་ཏུ་སྨད་པ་དང་ཆེས་རགས་པ་ཡིན་ལ་དེ་ལས་ལོག་པ་ངག་གི་ཉེས་པར་སྤྱོད་པའི་ལས་ལམ་ལས་བརྒལ་བ་ནི་རང་ཉིད་གཞན་

རྣམས་ལས་ལྡོག་པར་སྤྲོ་ལ་མངོན་པར་འདོད་པ་ཡང་ཉེས་པར་སྤྱོད་པ་ཐམས་ཅད་ལས་ལྡོག་གོ། །ཇི་སྐད་དུ་གསུངས་པ། འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་

པོ་དང་ངག་འཁྱལ་པ་དང་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བའང་སོ་སོར་སྤངས་པར་འགྱུར་རོ་ཞེས་སོ། །ལུས་དང་ངག་གི་ཉེས་པར་སྤྱོད་པ་སྤོང་བ་འདི་ཡང་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་རྣམས་ཀྱིས་ཀུན་ནས་བསླང་བའོ། །དེ་ལས་བརྣབ་སེམས་

ལ་སོགས་པ་ཡིད་ཀྱི་ཉེས་པར་སྤྱོད་པ་ལས་ལྡོག་པར་གྲུབ་པོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་འདོད་ཆགས་མེད་པ་ལ་སོགས་པ་རྣམས་ཡོད་ན་བརྣབ་སེམས་མེད་པ་ལ་སོགས་པ་

རྣམས་གྲུབ་པོ་ཞེས་པ་བཅོམ་ལྡན་འདས་ཀྱི་དགོངས་པའོ། །དེ་ལྟར་ན་དགེ་བ་བཅུ་པོ་འདི་ཡང་ལས་ལམ་གྱིས་བསྡུས་པར་འགྱུར་ཏེ། དེ་ལ་བརྣབ་སེམས་མེད་པ་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་པའི་ཕྱིར་ལས་ལམ་སྟེ། བརྣབ་སེམས་མེད་པ་ལ་སོགས་པ་རྣམས་ལས་

เล่ม ๑๐๙ · หน้า 81a

ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་དེ་རྣམས་རྒྱུ་བས་རྒྱུ་ལ་དེ་རྣམས་འགྲོ་བས་འགྲོ་སྟེ། དེའི་དབང་གིས་དེ་ལྟར་འདུ་བྱེད་པའི་ཕྱིར་རོ། །སྲོག་གཅོད་པ་སྤོང་བ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལ་ལས་ཀྱི་

ལམ་ཡང་ཡིན་པས་ལས་ལམ་སྟེ་དེ་ཀུན་ནས་སློང་བའི་སེམས་པ་ནི་དེ་རྣམས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །ལས་ཀྱི་ལམ་ཡིན་པ་དང་ལས་དང་ལས་ཀྱི་ལམ་ཡང་ཡིན་པས་ན་ལས་ལམ་རྣམས་ཏེ་རང་བཞིན་འདྲ་བས་མ་ཡིན་པ་རྣམས་ཀྱང་གཅིག་ལྷག་ཏུ་བསྟན་པའི་ཕྱིར་རོ། །གང་

རྣམས་བརྣབ་སེམས་མེད་པ་ལ་སོགས་པ་རྣམས་ཀྱང་སེམས་པས་བསྐྱེད་པའི་ཕྱིར་ལས་ཀྱི་རང་བཞིན་ཏེ་ལུས་ངག་གི་ལས་དང་འདྲ་བ་དེ་རྣམས་ཀྱི་ནི་དེ་རྣམས་ལས་ཀྱང་ཡིན་ཏེ་ལུས་ངག་དང་ཡིད་ཀྱི་ལས་ཡིན་པ་ཉིད་ཀྱི་ཕྱིར་ལས་ཀྱང་ཡིན་ལ་ལམ་ཡང་ཡིན་པས་ལས་ལམ་སྟེ་རང་བཞིན་

འདྲ་བ་ཉིད་ཀྱི་གཅིག་ལྷག་གོ། །འདི་རྣམས་ལས་གཞན་བཅུ་ནི་མི་དགེ་བའི་ལས་ཀྱི་ལམ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའོ། །མྱོས་པར་འགྱུར་བ་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ་མྱོས་འགྱུར་འཐུངས་པ་ལས་ཀུན་དུ་རྨོངས་པ་ལས་དང་དྲན་པ་ཉམས་

པ་ལས་གཞན་རྣམས་ཀྱང་མི་སྲུང་བར་འགྱུར་བས་གཞན་སྲུང་བའི་དོན་དུ་བཅས་པའི་ཁ་ན་མ་ཐོ་བ་ཆང་གཅིག་པུ་ཉིད་ལས་ལྡོག་པར་གསུངས་སོ། །མྱོས་འགྱུར་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཞེས་པ་འདི་ཅི་ལས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་རོ། །

རང་བཞིན་གྱི་ཁ་ན་མ་ཐོ་བ་དེ་ནི་སེམས་ཉོན་མོངས་པ་དང་ལྡན་པ་ཁོ་ནས་ལྷག་པར་སྤྱད་པར་བྱ་བ་ཡིན་ལ་གང་རང་ཉིད་ལས་མི་འདོད་པའི་རྣམ་པར་སྨིན་པར་འགྱུར་གྱི་དེར་གཞན་ལ་ལྟོས་པ་ཅི་ཡང་མེད་དེ་གསོད་པ་ལ་སོགས་པ་བཞིན་ནོ། །ཆང་ནི་དེ་ལྟ་མ་ཡིན་ཏེ་བཀྲེས་སྐོམ་ལ་སོགས་

པ་བསལ་བའི་བསམ་པ་ཁོ་ནས་འདི་བཟའ་བཏུང་ལ་སོགས་པ་བཞིན་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཙུན་པ་ལེགས་འོངས་དགྲ་བཅོམ་པས་ཀྱང་རང་གིས་ཆང་འཐུངས་ཏེ་འདི་ཉིད་ལས་བརྩམས་ནས་ཆང་འཐུང་བ་སྤོང་བའི་བསླབ་པའི་གཞི་བཅས་སོ། །ཆང་འཐུང་བ་ནི་

เล่ม ๑๐๙ · หน้า 81b

རང་ཉིད་ལས་མི་འདོད་པའི་རྣམ་པར་སྨིན་པའི་ཆེད་དུ་རྣམ་པར་བརྟག་པ་ཡང་མ་ཡིན་གྱི་ཇི་སྲིད་དུ་འདི་དེ་ལས་དྲན་པ་ཉམས་པས་ཉེས་པར་སྤྱད་པ་ལ་སྤྱོད་པ་དང་ཉེས་པར་སྤྱོད་པ་ལ་ལྷག་པར་སྤྱོད་པའི་རྒྱུ་མཚན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཐལ་ཆེས་པ་ཡོངས་སུ་སྤོང་བའི་དོན་དུ་ཀུ་ཤའི་རྩེ་

མོས་ཀྱང་འཐུང་བ་སྤང་བར་བྱའོ། །གཞན་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པ་ན་ལུས་ཀྱི་ཉེས་པར་སྤྱོད་པ་རྣམས་སུ་ཆང་འཐུང་བ་མི་སྟོན་པ་ཅི་ལྟར་ཡིན་ཞིང་དགེ་བ་ལྡོག་པའི་བསླབ་པའི་གཞི་རྣམས་སུའང་ཕྱི་ནས་ལོགས་སུ་སྤོང་བ་སྟོན་པ་ཅི་ལྟར་

ཡིན། གང་གི་ཕྱིར་འདི་ལུས་ཀྱི་ཉེས་པར་སྤྱོད་པ་རགས་པའི་ཕྱིར་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་ཀྱི་ཕྱིར་ཡང་དགེ་བ་དང་མི་དགེ་བ་སྟོན་པ་ན་ལུས་ཀྱི་ཉེས་པར་སྤྱོད་པ་དང་སྤོང་བ་འཆད་པ་དག་ཉིད་ལ་བསྟན་པར་རིགས་ཤིང་ལས་ལམ་བཅུ་གཅིག་ཏུ་བསྟན་པར་ཡང་སྟེ་དེ་ལྟར་

ནི་མེད་དོ། །དེའི་ཕྱིར་ཆང་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཁོ་ནའོ། །མི་དགེ་བ་བཅུ་པོ་འདི་རྣམས་ཀྱི་ཡང་མཚན་ཉིད་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཆད་པར་འགྱུར་རོ། །འདིའི་ཡང་ཉེས་པར་བྱས་པའི་བདག་ཉིད་ཁོ་ན་ནི་ལྟུང་བའི་རིགས་སོ། །དེ་ཡང་རྣམ་

པ་གསུམ་སྟེ་ལྟུང་བར་འགྱུར་བ་ནི་གང་གིས་འདི་སྡོམ་པ་ཉམས་པར་འགྱུར་བའོ། །བཤགས་པར་བྱ་བ་ནི་གང་གིས་ཕ་རོལ་ལ་བཤགས་པས་འདི་ལས་ལྡང་བའོ། །བསྡམ་བྱ་ནི་གང་རང་ཉིད་ཀྱིས་བསྡམས་པས་ལྡང་བའོ། །དེ་ལ་ལྟུང་བར་འགྱུར་བ་ལས་གཞན་སྲོག་གཅོད་པ་

ལ་སོགས་པ་ཆང་འཐུང་བའི་བར་དང་ཡན་ལག་མ་ཚང་བའི་ལྟུང་བར་འགྱུར་བའི་ཆོས་རྣམས་ཀྱང་སོ་སོར་བཤགས་པར་བྱ་བ་སྟེ། རིགས་ཀྱི་བུ་དགོངས་སུ་གསོལ་བདག་མིང་འདི་ལྟ་བུ་ལ་ཇི་ལྟར་ཡོངས་སུ་གྲགས་པའི་ལྟུང་བ་བྱུང་བས་དེ་བཤགས་པར་བགྱིའོ་ཞེས་པ་མི་འཆབ་

པོ། །སླན་ཆད་ཀྱང་སྡོམ་པར་བགྱིའོ། །འདི་ལྟར་གསུམ་ཞེས་སོ། །ལྟུང་བར་འགྱུར་བའི་ཆོས་རྣམས་ཀྱང་སྡིག་པ་དག་པའི་དོན་ཉིད་དུ་བཤགས་པར་བྱ་སྟེ་ཕུང་པོ་གསུམ་པ་ལ་སོགས་རབ་ཏུ་གདོན་པར་བྱའོ། །གཞན་གང་རྣམས་ཡན་ལག་མ་ཚང་བའི་སྲོག་གཅོད་པ་ལ་

เล่ม ๑๐๙ · หน้า 82a

སོགས་པ་དང་ཕྲ་མ་ལ་སོགས་པ་རྣམས་དང་། ཆོས་གང་འདོད་པས་ལོག་པར་སྤྱོད་པ་རྣམས་ལ་ཐལ་ཆེས་པ་ཡོངས་སུ་སྤང་བའི་དོན་དུ་གསུངས་པ། དེ་རྣམས་ལ་ལྷག་པར་སྤྱད་པ་ནི་སྤང་བའི་ཆོས་ཏེ་དེ་འདིའི་རང་ཉིད་ཀྱིས་བསྡམ་པར་བྱ་བ་ཁོ་ན་སྟེ་

དེ་སླར་བདག་མི་བྱེད་དོ་ཞེས་མི་བྱེད་པར་སེམས་བསྐྱེད་པ་ཉིད་ཀྱིས་ལྡང་བའོ། །དེ་ལྟར་ལྟུང་བ་སོ་སོར་བཤགས་པ་དང་བསྡམས་ནས་ཀྱང་སྔར་བཞིན་དུ་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། སླར་ཡང་འདི་ཡང་དག་པར་ལེན་པ་ལ་སྐལ་བ་ཅན་ཡིན་ནོ། དེ་ལྟར་དགེ་བསྙེན་

གྱི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་བརྗོད་ཟིན་ཏོ། །དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་ནི་ཁོ་བོས་གསལ་བའི་འགྲེལ་བཤད་དང་འདུལ་བ་སྣང་བར་གསལ་བར་བརྗོད་པའི་ཕྱིར་འདིར་མ་བསྟན་ཏོ། །གང་ཞིག་དགེ་བསྙེན་

དང་དགེ་བསྙེན་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་། དགེ་སློང་མ་དང་། དགེ་སློང་དང་། དགེ་སློང་མའི་དབྱེ་བས་ཇི་སྲིད་འཚོ་བ་པའི་སོ་སོ་ཐར་པའི་སྡོམ་པ་བདུན་པ་རྣམས་ལས་གང་ཡང་རུང་བའི་སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་

བར་བྱའི་གཞན་གྱིས་མ་ཡིན་ཏེ། གཞན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་མང་པོ་མ་བྱས་པ་སྟེ། གལ་ཏེ་སོ་སོ་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་

དཔའི་སྡེ་སྣོད་ལ་སོགས་པ་དང་དེའི་རྗེས་སུ་འབྲང་བའི་གཞུང་དུ་འདི་དེའི་རྩ་བར་བཤད་པར་འགྱུར་རོ། །དགོས་པ་ནི་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ་དཔེར་ན་ཐེག་པ་ཆེན་པོར་བྱང་ཆུབ་ཀྱི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་

པའི་རྗེས་སུ་འབྲང་བའི་ཟླ་བ་གྲགས་པས་ཀྱང་སྐྱབས་གསུམ་བདུན་ཅུ་པར། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །རྫོགས་སངས་རྒྱས་ཆོས་དགེ་འདུན་ནི། །གྲོལ་བར་འདོད་པ་རྣམས་ཀྱི་སྐྱབས། །ཐུབ་པའི་དབང་པོའི་སྐུ་གཉིས་དང་། །

เล่ม ๑๐๙ · หน้า 82b

མྱ་ངན་འདས་དང་གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང་། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཤར་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔའ་ཕྱག་བྱ་སྟེ། །དཀོན་མཆོག་གསུམ་ལས་ཕྱི་རོལ་མིན། །སངས་རྒྱས་ནང་དུ་འདུས་པར་དགོངས། །

འབྲས་བུ་ལ་གནས་ཞུགས་པ་ཡི། །སློབ་པ་བདུན་པོ་རྣམས་ཀྱི་ས། །འཕགས་པའི་ལམ་ལས་རབ་བྱུང་རྣམས། །ཆོས་མངོན་པ་རུ་བརྗོད་ཇི་བཞིན། །དེ་ལྟར་རྒྱས་པའི་སྡེ་སྣོད་དུའང་། །ས་བཅུ་རྣམས་སུ་གསུངས་པ་ཡིས། །འཕགས་པའི་ལམ་གྱི་བདག་ཉིད་

ཅན། །དེ་ཀུན་འཕགས་མིན་ཇི་ལྟར་འགྱུར། །རེ་རེའི་ཡོན་ཏན་མཐར་ཐུག་པ། །ནམ་མཁའི་ཚད་ཀྱི་ཡོན་ཏན་མཆོག །བྱང་ཆུབ་སེམས་དཔའ་རྟག་ཕྱག་འོས། །བློ་ལྡན་རྣམས་ཀྱིས་སྐྱབས་ཀྱང་ངོ་། །ཞེས་སོ། །སྐྱབས་ཀྱི་དོན་དང་ཡོངས་སུ་སྐྱོབ་པའི་དོན་ཅི་ཞེ་ན། རྟག་

ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འཚོ་བ་རྣམས་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་ལས་ཀྱང་། །དེ་ཕྱིར་སྐྱབས་ཀྱི་

དམ་པའོ། །འཚེ་བ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་སངས་རྒྱས་ཀྱི་མཐུས་ལོང་བ་རྣམས་ཀྱིས་མིག་ཐོབ་པོ། །འོན་པ་རྣམས་ཀྱིས་རྣ་བའོ། །སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་རང་བཞིན་དུ་གནས་པའི་སེམས་སོ། །ཡམས་ནད་རྣམས་ཞིའོ་ཞེས་པ་འདི་ལྟ་བུ་ལ་

སོགས་པའོ། །ངན་སོང་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་སངས་རྒྱས་ཀྱི་འོད་ཟེར་གྱིས་དེར་སོང་བ་རྣམས་ཐར་བར་བྱེད་པའི་ཕྱིར་དང་དེར་མི་འགྲོ་བ་ལ་སོ་སོར་གནས་པར་བྱེད་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ནི་མུ་སྟེགས་ཀྱི་ལྟ་བ་ལས་སློང་བའི་ཕྱིར་རོ། །འཇིག་ཚོགས་ལས་ནི་ཐེག་

པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རོ། །ཐེག་པ་དམན་པ་ལས་ནི་ཐེག་པ་ཆེན་པོ་ལ་བགྲོད་པ་གཅིག་ཏུ་བྱེད་པའི་ཕྱིར་རོ། །སངས་རྒྱས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་སངས་རྒྱས་སོ་དེ་ནི་བྱང་ཆུབ་ཉིད་དེ། དེ་ཉིད་བྱང་ཆུབ་ཀྱི་ལམ་གྱི་འབྲས་

เล่ม ๑๐๙ · หน้า 83a

བུའོ། །གཟུགས་ཀྱི་སྐུ་དག་ཀྱང་སངས་རྒྱས་ཉིད་དོ། །ལམ་འཁོར་ལོ་དང་བཅས་པ་ཆོས་དཀོན་མཆོག་གོ། །དེའི་རྟེན་གཟུགས་ཀྱི་སྐུའི་ངོ་བོ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ནི་དགེ་འདུན་དཀོན་མཆོག་གོ། །གང་དུ་ཆོས་ཐམས་ཅད་

ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ནི་ཆོས་དཀོན་མཆོག་ཏུ་རྣམ་པར་གཞག་པ་དེར་ནི་གཟུགས་ཀྱི་སྐུ་དག་ཁོ་ན་སངས་རྒྱས་དཀོན་མཆོག་སྟེ་དེའི་ཚེ་ལམ་ཡང་དགེ་འདུན་དཀོན་མཆོག་གོ། །སངས་རྒྱས་ཀྱི་མྱུ་གུ་བྱང་ཆུབ་སེམས་དཔའ་སྟེ་དངོས་སུ་ན་དེ་

ལས་གཞན་པ་མེད་དོ། །འགའ་ཞིག་ཏུ་བྱང་ཆུབ་ཀྱི་རང་བཞིན་མེད་པའི་ཆ་ནི་ཆོས་དཀོན་མཆོག་གོ། །རྟོགས་པའི་ཆ་དང་གཟུགས་ཀྱི་སྐུ་དག་ནི་སངས་རྒྱས་དཀོན་མཆོག་གོ། །རྡོ་རྗེ་ལྟ་བུ་ལ་སོགས་པ་སྔོན་གྱི་གནས་སྐབས་ཀྱི་ལམ་ནི་དགེ་འདུན་དཀོན་མཆོག་གོ་ཞེས་རྣམ་

པར་གཞག་གོ། །དོན་དམ་པར་ནི་དཀོན་མཆོག་གསུམ་རྣམས་ལ་ཐ་དད་ཅི་ཡང་མེད་དོ། །ཕྱིན་ཅི་མ་ལོག་པ་ཙམ་ལ་ལྟོས་པ་དང་བདག་མེད་པ་ཉིད་ཀྱིས་ཀྱང་ཞེས་པའོ། །འདིར་སངས་རྒྱས་རྣམ་པ་གཉིས་ཏེ། དོན་དམ་པ་བ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་

པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་དང་མཆོད་རྟེན་དང་། བྱང་ཆུབ་སེམས་དཔའི་གཟུགས་ཏེ་འདི་རྣམས་ལ་མཆོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པའོ་ཞེས་གསུངས་པའི་ཕྱིར་རོ། །མཉམ་པར་སེམས་རབ་ཏུ་དང་བས་རྣམ་པར་སྨིན་པ་

མཉམ་པར་གསུངས་སོ། །ཆོས་ཀྱང་རྣམ་པ་གཉིས་ཏེ་དོན་དམ་པ་བ་ནི་མྱ་ངན་ལས་འདས་པའོ། །ཐ་སྙད་པ་ནི་ལམ་དང་སངས་རྒྱས་ཀྱི་གསུང་རབ་དང་གླེགས་བམ་རྣམས་ཏེ་འདི་རྣམས་ལ་མཆོད་ན་ཆོས་ལ་མཆོད་པར་ཞལ་གྱིས་འཆེས་པའི་ཕྱིར་རོ། །དགེ་འདུན་ཡང་རྣམ་པ་གཉིས་

ཏེ། དོན་དམ་པ་པ་ནི་བྱང་ཆུབ་སེམས་དཔའ་ས་ལ་རབ་ཏུ་ཞུགས་པ་རྣམས་དང་གང་ཟག་བརྒྱད་རྣམས་སོ། །ཐ་སྙད་དུ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱང་སྟེ་སྡེ་པ་བཞི་ལ་སོགས་པ་དང་དགེ་སློང་དང་དགེ་སློང་མ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་དགེ་འདུན་

เล่ม ๑๐๙ · หน้า 83b

གྱིས་བསྡུས་པ་ཡང་སྟེ། དེ་རྣམས་ནི་སངས་རྒྱས་ཀྱི་མྱུ་གུ་དང་ཐ་སྙད་པའི་སངས་རྒྱས་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་རྒྱུན་གཅིག་པའི་ཕྱིར། །ནྱ་གྲོ་དྷའི་མྱུ་གུ་དང་ནྱ་གྲོ་དྷའི་ལྗོན་ཤིང་གི་རྒྱུན་བཞིན་ནོ། །ང་ཉིད་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་དེར་གྱུར་ཏོ་ཞེས་པ་ལ་སོགས་

པས་སྐྱེས་རབས་རྣམས་སུ་གཞན་ཉིད་ཀྱི་མིང་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསྙེན་པར་མ་རྫོགས་པ་དང་ཁྱིམ་པའི་ཆ་ལུགས་འཛིན་པ་རྣམས་ཀྱང་སྟོན་པར་འདུ་ཤེས་པས་དགེ་སློང་དང་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་ཕྱག་བྱའོ། །

འདི་ཉིད་ལ་དགོངས་ནས་འདུལ་བར་གསུངས་པ། ཕྱག་གི་འོས་ནི་གཉིས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དགེ་སློང་རྒན་པོའོ་ཞེས་སོ། །གཞན་དུ་ན་ནི་དེ་བཞིན་གཤེགས་པ་བཟུང་བ་དོན་མེད་པར་འགྱུར་ཏེ། དགེ་སློང་རྒན་པོ་

བཟུང་བས་དེ་གྲུབ་པའི་ཕྱིར་རོ། །མདོར་གསུངས་པའང་། རྒྱུ་མཚན་དེ་ལ་ལྕགས་མགར་གྱི་བུ་ཙུན་ད་འགྱོད་པར་གྱུར་པ་མི་རུང་བ་ཁོ་ནའོ། །ཀུན་དགའ་བོ་དེ་ཁྱོད་ཀྱིས་བསལ་བར་བྱའོ། །དེ་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། བསོད་སྙོམས་གང་ཡོངས་སུ་གསོལ་ནས་དེ་

བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། བསོད་སྙོམས་གང་ཡོངས་སུ་གསོལ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བསོད་སྙོམས་དེ་

ཉིད་གཉིས་ཀ་ཡང་འབྲས་བུ་མཉམ་པ་མེད་པའོ་ཞེས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་རྣམས་ཡོན་གནས་མཆོག་ཏུ་ཁྱད་པར་མེད་པར་བསྟན་ཏོ། །བུ་མོ་འོད་བཟང་གིས་ཐེག་པ་ཆེན་པོའི་མདོར་ཡང་། འཕགས་པ་མཽད་གལ་གྱི་བུ་ཆེན་པོས་

གསོལ་པ། བཅོམ་ལྡན་འདས་བདག་འདི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བགྱིད་དོ་ཞེས་གསུངས་སོ། །སྡེ་པའི་གཞུང་དུའང་གསུངས་ཏེ། ཇི་སྐད་དུ། དགྲ་བཅོམ་པ་བརྒྱ་ཕྲག་ཕྱེད་དང་བཅུ་

เล่ม ๑๐๙ · หน้า 84a

གསུམ་གྱིས་གསོལ་པ། བཅོམ་ལྡན་འདས་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་དགེ་འདུན་ཕལ་ཆེན་པའི་རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་

བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པ་དེ་ཐམས་ཅད་ཀུན་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་རྣམས་ལ་ཇི་ལྟར་འདྲི་བ་བཞིན་བདག་ཉིད་ཆོས་སྟོན་ཏོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་ཇི་ལྟ་བ་དེ་ལྟ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་ཡང་མ་ལགས་པས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་ཤར་གྱི་རི་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུའོ། །བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་བདག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུབ་པ་ཆེན་པོ་དེ་ལ་ཕྱག་འཚལ་ལོ་ཞེས་གངས་རིར་གནས་པ་རྣམས་ཀྱིས་སྐྱེས་པ་རབས་ཀྱི་སྡེ་སྣོད་དུའོ། །གནས་བརྟན་པ་རྣམས་

དང་བརྟགས་པ་པ་དང་མང་དུ་ཐོས་པ་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོའི་མདོར་ཡང་། དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དེ་བྱང་ཆུབ་ཀྱི་སེམས་ཉེ་བར་བླངས་ནས་དེ་ནི་ཤིན་ཏུ་ཆེན་པོ་ཡིན་པས་བདག་ཕྱག་འཚལ་ལོ། །

བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ལ་ཕྱག་འཚལ་ལོ། བསིལ་བར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། །དེ་ནས་ཡང་ཚེ་དང་ལྡན་པ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་པ། བྱང་ཆུབ་སེམས་དཔའ་མགོན་པོར་གྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་རྒྱལ་བྱེད་ཚལ་

པ་རྣམས་ཀྱིས་ཆོ་འཕྲུལ་ཆེན་པའི་མདོར་རོ། །ཀུན་གྱིས་བཀུར་བ་ཀུ་རུ་ཀུལླ་རུས་སྒྲོགས་རིགས་སུ་གནས་པ་རྣམས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། གང་འདི་དགའ་ལྡན་ནས་སྐུ་གཟི་བརྗིད་དང་ལྡན་པ་དང་ཁ་དོག་དང་མཛེས་པས་གཤེགས་པའི་བྱང་ཆུབ་སེམས་

เล่ม ๑๐๙ · หน้า 84b

དཔའ་ཤཱ་ཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། །ཚེ་དང་ལྡན་པ་ཀཱ་ལོ་དཱ་ཡིས་ཀྱང་གསོལ་པ། སེམས་ཅན་ཀུན་ལ་ཕན་དོན་དུ། །གང་ཚེ་ཁྱོད་ཀྱི་སྤྱི་གཙུག་ནི། །གཙུག་ནོར་དང་ལྡན་སྔོན་བྱིན་པ། །དེ་ཚེའང་ཕྱག་འོས་ཕྱག་འཚལ་ལོ། །ཞེས་རྣམ་པར་ཕྱེ་སྟེ་སྨྲ་

བ་རྣམས་ཀྱིས་སངས་རྒྱས་བཤད་པར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། གང་འདི་དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་ཉེ་བར་ཞུགས་པ་དེ་དང་མངལ་ན་གནས་པ་ལ་ཕྱག་འཚལ་ལོ་ཞེས་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱིས་ཆོས་རྨད་དུ་བྱུང་བར་གསུངས་སོ། །དེ་ལྟར་

དུ་སྡེ་པ་བཞི་རྣམས་ལ་ཡང་སོ་སོར་དད་པའི་ཕྱག་གི་གཞུང་ཡོད་དེ་མངས་པས་འཇིགས་པའི་ཕྱིར་འདིར་མ་བྲིས་སོ། །འོ་ན་ཅི་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་རྣམས་ལའང་དགེ་སློང་རྣམས་ཀྱིས་ཕྱག་བྱ་འམ་ཞེ་ན། དེ་ངེས་པར་སངས་རྒྱས་སུ་འགྱུར་རོ་ཞེས་

ཤེས་པར་བྱེད་པ་མེད་དེ། གང་ས་ལ་རབ་ཏུ་ཞུགས་པ་ལུང་བསྟན་པ་ཐོབ་པ་ཐོས་པ་དེ་རྣམས་ཁོ་ན་ལ་ཕྱག་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའི་ཆོས་རྒན་པ་རྣམས་ལ་ཕྱག་བྱའི་གཞན་སུ་ལའང་མ་ཡིན་

ནོ། །འཇིག་རྟེན་གཞུག་པ་ལས་ནི་སེམས་ཅན་གདུལ་བའི་དོན་དུ་གནས་སྐབས་ཀྱི་ཁྱད་པར་དང་རྗེས་སུ་མཐུན་པར་བྱ་སྟེ། ཇི་སྲིད་མ་དང་ཕ་ལ་སོགས་པའི་བར་རྣམས་ལའང་ཕྱག་བྱ་བར་བསྟན་ལ། དགེ་སློང་རྣམས་ལའང་བཙུན་པ་སྨྲ་བས་བརྗོད་དོ། །འདིར་བྱང་ཆུབ་

སེམས་དཔའི་སྲོག་གཅོད་པ་ལ་སོགས་པ་སྤོང་བ་རྣམས་ཐ་དད་པར་མ་བརྗོད་པ་ཉིད་ཇི་ལྟར་ཞེ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་ཞེས་པ་ཐལ་ཆེས་པས་ཆོག་གོ། །འོ་ན་གང་ཟག་གཅིག་པུ་གང་ལ་ཇི་སྲིད་འཚོའི་བར་གྱི་ཡན་ལག་གསུམ་པ་དང་ཡན་ལག་ལྔ་པའི་དགེ་བསྙེན་གྱི་

སྡོམ་པ་དག་དང་དེའི་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ལས་གཞན་དགེ་བསྙེན་གྱི་སྡོམ་པ་གསུམ་དུ་འགྱུར་རོ་ཞེ་ན། འདི་ལ་འཆད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བའང་མཐའ་ཡས་པའི་འཁོར་བའི་བདེ་བ་བསྐྱེད་ལ་སྒྲུབ་པ་དང་བཅས་པ་ནི་

เล่ม ๑๐๙ · หน้า 85a

འཇིག་རྟེན་ལས་འདས་པའི་བདེ་བ་ཡང་ངོ་ཞེས་རྟོགས་ནས། ཅུང་ཟད་ཙམ་བསམས་ནས་མི་སྟེར་བ་ལས་ཡི་དགས་སུ་འགྲོ་ལ་དམ་བཅས་ནས་མི་སྟེར་བ་ལས་ཀྱང་དམྱལ་བར་འགྲོ་ན་འགྲོ་བ་མ་ལུས་པ་ལ་བླ་ན་མེད་པའི་དོན་དམ་བཅས་ནས་སྒྲུབ་པར་མི་

བྱེད་པ་ནི་ལྟ་ཅི་སྨོས་ཞེས་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོར་གསུངས་པས། འགྲོ་བ་མཐའ་དག་ཡོངས་སུ་བསྐྱབ་པའི་ཆེད་དུ་སྙིང་རྗེས་དམ་བཅའ་བ་བྱས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཅན་གྱིས་བདག་ཉིད་དམ་གཞན་རྣམས་ལ། གཞན་རྣམས་སམ་

ནི་བདག་ལ་ཡང་། །ཕན་པ་དང་ནི་བདེ་བར་བྱ། །སྡུག་བསྔལ་ཡིན་ཡང་གང་ཕན་ཉིད། །བདེ་ཡང་མི་ཕན་ཉིད་མ་ཡིན། །ཕན་པ་ནི་ཕྱིས་རྣམ་པར་སྨིན་པ་བདེ་བ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཡང་ངོ་། །བདེ་བ་ནི་རྗེས་སུ་འཛིན་

པའི་ཚོར་བའོ། །འདིས་འདི་གཉིས་བདག་དང་གཞན་རྣམས་ལའང་བྱ་སྟེ་འདི་དག་གིས་རང་དང་གཞན་གྱི་དོན་ཐམས་ཅད་ཡང་དག་པར་བསྡུས་པའི་ཕྱིར་རོ། །སྡུག་བསྔལ་ནི་ཉེ་བར་འཇོམས་པའི་ཚོར་བ་སྟེ། གང་འདིའི་ཕན་པ་ཕྱིས་བདེ་བར་འགྱུར་བ་འཕྲོད་པའི་ཟས་ལྟར་མི་

ཕན་པ་མ་ཡིན་པའོ། །བདེ་ཡང་མི་བྱ་བ་ཉིད་ནི་གང་མི་ཕན་པ་ཕྱིས་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་མི་འཕྲོད་པ་ལྟ་བུ་སྟེ། ཉོན་མོངས་པ་ཅན་ཉིད་དང་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་ཕན་པ་མ་ཡིན་པའོ་ཞེས་པ་འདི་རེ་ཞིག་འདིའི་བྱ་བ་མདོར་བསྡུས་པའོ། །ཡང་འདིའི་

ལྟུང་བ་ནི་ཅི་ཡིན། རྣམ་པ་དུ་ཞེ་ན། ལྟུང་བ་ནི་ཤིན་ཏུ་འདའ་བའོ། །ལྟུང་བའི་སྡེ་ནི་གཉིས་ཁོ་ན་སྟེ། ཕས་ཕམ་པར་འགྱུར་བའི་ཆོས་རྣམ་པ་བཞི་པོ་གང་ལྷག་པར་སྤྱད་པ་ལས་འདི་སྡོམ་པ་དང་འབྲལ་ཞིང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བ་དང་། ལྟུང་བས་ཡང་

དག་པར་བསྡུས་པའི་ཉེས་བྱས་གང་གིས་ལྟུང་བ་དང་བཅས་པར་འགྱུར་བའོ། །འདིར་ཡང་ལྟུང་བ་འགའ་ཞིག་གཞན་ལས་བཤགས་པར་བྱ་བ་སྟེ། ཁ་ཅིག་རང་གིས་བསྡམ་པར་བྱ་བའོ། །ལྟུང་བ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པར་ཇི་ལྟར་འདའ་བ་

เล่ม ๑๐๙ · หน้า 85b

བཞིན་རྒྱུ་དང་ལྡན་པར་བཅས་པའོ། །འོ་ན་བསླབ་པ་ཀུན་ལས་བཏུས་པར་རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ་གང་གིས་དེ་སྔར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་བསྐམས་པར་བྱེད་པ་ཕས་ཕམ་པའི་དངོས་པོ་ལྷ་དང་མིའི་བདེ་བ་ཐམས་

ཅད་ལྟུང་བར་བྱེད་པ་ངན་སོང་དུ་ངེས་པར་འགྲོ་བར་བྱེད་པར་འགྱུར་བའོ་ཞེས་པ་ལ་སོགས་པ་དང་། ལས་དང་པོ་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱི་རྩ་བའི་ལྟུང་བ་ནི་བརྒྱད་རྣམས་ཏེ། གང་གིས་འཁྲུལ་པ་རྣམས་སྔར་བསྐྲུན་པའི་

དགེ་བའི་རྩ་བ་རྣམས་བསྐམས་པར་བྱེད་པ་ཕས་ཕམ་པ་ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བ་ལས་ལྟུང་བར་བྱེད་པའི་དངོས་པོ་ངན་སོང་དུ་འགྲོ་བར་བྱེད་པར་འགྱུར་བ་རྣམས་སོ་ཞེས་པ་ལ་སོགས་པ་དང་། ཐབས་ལ་མཁས་པའི་མདོར་ཡང་རྩ་བའི་ལྟུང་བ་གསུངས་པ་གང་ཡང་

རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས་བསྡུས་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་ཆོས་སྤོང་བར་བྱེད་པ་ནི། །གཉིས་པ་ཡིན་པར་ཐུབ་པས་གསུངས། །དགེ་

སློང་ཚུལ་ཁྲིམས་འཆལ་པའི་འང་། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་བ་འབེབས་པས་ཀྱང་། །མཚམས་མེད་ལྔ་པོ་བྱེད་པ་ལས། །ལོག་པར་ལྟ་བ་འཛིན་པས་ཀྱང་། །གྲངས་ལ་སོགས་པ་འཇིག་པས་ཀྱང་། །

རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་མ་སྦྱངས་པའི་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་ལས། །སངས་རྒྱས་ཉིད་ལ་ཞུགས་པ་རྣམས། །རྫོགས་པའི་བྱང་ཆུབ་ལས་བཟློག་ལས། །སོ་སོར་ཐར་པ་སྤོང་བཅུག་སྟེ། །ཐེག་པ་ཆེ་ལ་སྦྱོར་བ་ལས། །སློབ་མའི་

ཐེག་པ་ཆགས་ལ་སོགས། །སྤང་ཕྱིར་མིན་ཞེས་འཛིན་པ་དང་། །གཞན་རྣམས་འཛིན་དུ་འཇུག་ལས་ཀྱང་། །བདག་གི་ཡོན་ཏན་བརྗོད་པ་དང་། །གཞན་རྣམས་སྨོད་པར་བྱེད་ལས་ནི། །བསྙེན་དང་བཀུར་སྟི་གྲགས་པའི་རྒྱུས། །བདག་ནི་ཟབ་མོ་ལ་བཟོད་

เล่ม ๑๐๙ · หน้า 86a

ཅེས། །བརྫུན་ཉིད་དུ་ནི་སྨྲ་བ་ལས། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །སྐྱབས་གསུམ་པོ་ཡི་སྟེར་བ་དང་། །སྟེར་བ་ལེན་པར་བྱེད་པ་ལས། །ཞི་གནས་གཏོང་དུ་འཇུག་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་

སྟེར་ལས་སོ། །བྱང་ཆུབ་སེམས་ནི་ཡོངས་གཏོང་དང་། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྟེར་བར་མི་བྱེད་ལས། །འབད་པས་དགའ་བར་བྱེད་པ་ཡི། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་ལ་བརྡེག་ལས། །ཉོན་མོངས་པས་

གཞན་རྗེས་ཞུགས་ཏེ། །དམ་ཆོས་འདྲར་སྣང་སྟོན་ལས་སོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་ནི་རྩ་བའི་ལྟུང་བ་བཞི་ཁོ་ན་སྟེ། དེ་ལྟར་ཡང་དེ་བསྡུས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པར་གསུངས་པས། ཉོན་མོངས་དྲག་པོས་ཀུན་བསླང་བ། །

སྡོམ་པ་འཇིག་པར་བྱེད་པ་གང་། །འདི་ཡིས་ལྟུང་བ་བཞི་པོ་རྣམས། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་ཅན་མགོན་མེད་རྣམས་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་

གྱིས་བཤགས་པ་མི་ལེན་པར། །ཁྲོས་པས་གཞན་ལ་རྡེག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པ་དེ་ཅི་ལྟར་འགལ་བ་མ་ཡིན་ཞེ་ན། མ་ཡིན་ཏེ་གང་ཟག་འབྲིང་དང་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་ལྔ་དང་བརྒྱད་དང་བཞིའོ་

ཞེས་ལྟུང་བའི་རབ་ཏུ་དབྱེ་བ་བསྟན་ལ། གང་ཟག་གཅིག་གི་ལྟུང་བ་གང་ཡིན་པ་དེ་རྣམས་གཞན་དག་གི་ཡང་ངོ་། །དེ་ཉིད་དུ་ཇི་སྐད་དུ་གསུངས་པ། གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན་དེ་རྣམས་ཀྱི་ལྟུང་བ་དེས་ཤིང་གཞན་རྣམས་ཀྱི་ལྷག་པ་ཅི་ལྟར་ཡིན།

ཅི་སྟེ་དེ་རྣམས་སྡོམ་པ་ཅན་མ་ཡིན་ན་ནི་འདི་རྣམས་ཀྱི་ལྟུང་བ་རྣམ་པར་གཞག་པ་ཅི་ལྟར་ཡིན། ཅི་ལྟར་སྡོམ་པ་ཅན་རྣམས་ཀྱང་ཉེས་པ་དེས་ཟིན་པར་འགྱུར་ཞེ་ན། སྐྱོན་འདི་ནི་མེད་དེ། གང་རྣམས་གང་ལ་མང་དུ་འབྱུང་བ་དེ་རྣམས་དེ་ལ་བསྣན་པ་སྟེ་རང་གི་མིང་གིས་བཟུང་ནས་བསྟན་པ་

เล่ม ๑๐๙ · หน้า 86b

ལས་འཇིགས་པ་བསྐྱེད་པའི་དོན་དུ་སྟེ། ཐམས་ཅད་ཀྱིས་ཕན་ཚུན་དུ་ལྟུང་བ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོ་གང་གིས་ཡང་དག་པར་མ་བླངས་པ་རྣམས་ཀྱང་སྐལ་བ་མེད་པར་འགྱུར་བ་དེས་སྡོམ་པ་ཅན་རྣམས་ཆེས་ཤིན་ཏུའོ་ཞེས་སོ། །གལ་

ཏེ་དེ་ལྟར་ན་རེ་རེ་ལ་ལྟུང་བ་བཅུ་བདུན་བཅུ་བདུན་རྣམས་སུ་ཐལ་བར་འགྱུར་རོ་ཞེ་ན་དེ་ལྟ་མ་ཡིན་ཏེ། སྡེ་སྣོད་དུ་གསུངས་པའི་བཞི་པོ་རྣམས་ཉིད་དུ་གཞན་རྣམས་འདུས་པའི་ཕྱིར་རོ། །དེ་ལྟར་ནི་ལྔ་པོ་རྣམས་ཀྱི་གཉིས་པ་ནི་ཐེག་པ་ཆེན་པོ་སྤོང་བས་བསྡུས་ཏེ། ཐེག་པ་ཆེན་པོར་

ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཀྱང་སྟོན་ཏེ་དེ་སྤངས་པ་ལས་དེ་དག་ཀྱང་སྤངས་པའོ། །གསུམ་པ་དང་བཞི་པ་དག་བརྡེག་པས་སོ། །ལོག་པར་ལྟ་བ་འཛིན་པ་ནི། །དམ་ཆོས་འདྲར་སྣང་སྟོན་པ་སྟེ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་ཕ་རོལ་སྤོང་བ་སྟེ་མི་དགེ་བ་བཅུ་

ཡང་དག་པར་བླངས་ནས་འཇུག་ཅིང་སེམས་ཅན་གཞན་རྣམས་ཀྱང་མི་དགེ་བ་བཅུ་ཡང་དག་པར་འཛིན་དུ་འཇུག་གོ་ཞེས་གསུངས་སོ། །གྲོང་ལ་སོགས་པ་འཇིག་པ་ནི་བརྡེག་པས་སོ། །བརྒྱད་པོ་རྣམས་ཀྱི་དང་པོ་ནི་ཐེག་པ་ཆེན་པོ་སྤང་བས་ཏེ། བློ་མ་སྦྱངས་པ་ནི་སྟོང་པ་ཉིད་སྤོང་

བར་བྱེད་དེ། ཇི་སྐད་དུ་གསུངས་པ། གཞན་ཡང་ཤེས་པ་ངན་པའི་ཕྱིར། །རྨོངས་པ་མཁས་པའི་ང་རྒྱལ་ཅན། །འདི་སྤོང་བདག་ཉིད་ཕུང་བྱས་པ། །འོག་ཏུ་ཁ་ཕྱོགས་མནར་མེད་འགྲོ། །ཞེས་སོ། །དེ་སྤོང་བའི་རྒྱུ་ཉིད་ཀྱིས་ན་སྟོན་པ་པོས་ཀྱང་སྤོང་བར་བྱེད་པའོ། །གཉིས་

པ་ནི། །དམ་ཆོས་འདྲར་སྣང་སྟོན་པས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྤྱོད་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དམ་པའི་ཆོས་ལྟར་སྣང་བའོ། །གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་བདག་བསྟོད་གཞན་ལ་སྨོད་པས་ཏེ་ཐེག་པ་ཆེན་པོ་ནི་བྱང་

ཆུབ་སེམས་དཔའ་རང་གིའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་ངུར་སྨིག་འཕྲོག་པ་དང་དགེ་འདུན་གྱི་དབྱེན་དང་བདུན་པ་ནི་སེར་སྣ་དང་ཆགས་པ་དག་གིས་ནོར་མི་སྟེར་བས་ཏེ། དེ་ལྟར་ནི་ཤིན་ཏུ་དྲག་པོའི་སེར་སྣ་དང་ཆགས་པ་དག་ནི་གང་ལས་ཕ་རོལ་རྫས་དེ་ལ་ལོངས་

เล่ม ๑๐๙ · หน้า 87a

སྤྱོད་པའི་དོན་ཅན་ཡང་མི་བཟོད་དེ། ཚུར་འཕྲོག་པར་བྱེད། འབྱེད་པར་བྱེད། སྟེར་དུ་འཇུག་པ་དང་། བྱིན་པ་ལེན་པ་ཡང་ངོ་། །ཞི་གནས་གཏོང་དུ་འཇུག་པ་ནི་རྟོགས་པའི་ཆོས་ལ་སེར་སྣ་དྲག་པོས་རང་ཡང་མི་སྟོན་ལ་ཕ་རོལ་ཡང་སོ་སོར་གཏོང་དུ་འཇུག་

གོ། །བསམ་གཏན་པ་རྣམས་ལ་སྦྱིན་པར་བྱ་བ་ཀློག་པ་པ་རྣམས་ལ་སྟེར་དུ་འཇུག་པ་ནི་ནོར་ལ་སེར་སྣས་ཏེ་འགའ་ཞིག་ནི་གང་ཟག་འགའ་ཞིག་ཉིད་ལ་སེར་སྣར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་གཏོང་བ་ནི་ཐེག་པ་ཆེན་པོ་སྤོང་བས་ཏེ་བྱང་ཆུབ་ཀྱི་སེམས་ཉིད་ཐེག་པ་ཆེན་པོ་

དང་དེ་གཏོང་བ་ཡང་སྤོང་བ་ཡིན་པའི་ཕྱིར་རོ། །ལྟུང་བ་བཞི་པོ་འདི་རྣམས་ནི་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཞེས་པ་ལ་སོགས་པས་སོ་སོར་གཉིས་ཉིད་དག་སྟེ་བརྒྱད་རྣམས་སོ། །རབ་ཏུ་དབྱེ་བ་འདི་ནི་ཇི་ལྟར་རིགས་པར་སྔར་བརྗོད་ཟིན་ཏོ། །དེའི་རབ་ཏུ་དབྱེ་བ་ལས་མང་པོ་

ཡོད་དེ་རང་གིས་རྟོགས་པར་བྱའོ། །གཞན་རྣམས་ནི། འོ་ན་ནམ་མཁའི་སྙིང་པོའི་མདོ་སྡེར་ཕས་ཕམ་པའི་ལྟུང་བ་གཞན་མང་པོ་གསུངས་པ་ཇི་ལྟར་ཞེ་ན། གསུངས་པ་ནི་བདེན་མོད། དེ་རྣམས་སྡོམ་པ་ཡང་དག་པར་བླངས་པའི་སྡོམ་པ་འཇིག་པའི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན།

སྡོམ་པ་ཡང་དག་པར་བླངས་པ་མ་ཡིན་པའི་སྔར་བསྐྲུན་པའི་དགེ་བའི་རྩ་བ་དང་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་ཡང་དག་པར་གཅོད་པའི་རྒྱུ་ཡིན་པས་མི་འགལ་ཞེས་ཟེར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་རྣམས་ལ་ཆེས་ལྷག་པར་ཆགས་པས་བདག་

ལ་བསྟོད་པ་དང་གཞན་ལ་སྨོད་པ་ཕས་ཕམ་པའི་ལྟུང་བ་འབྱུང་སྟེ། མུ་སྟེགས་པ་རྣམས་ཟིལ་གྱིས་མནན་པར་འདོད་པ་དང་། བསྟན་པ་གནས་པར་འདོད་པ་དང་ཐབས་དེས་འདུལ་བར་འདོད་པ་དང་། མི་དགེ་བའི་གནས་ལས་བསླང་ནས་དགེ་བའི་གནས་ལ་དགོད་པར་འདོད་པ་

དང་། མ་དང་ཕ་རྣམས་དང་བའི་ཆེད་དང་དང་བ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དུ་ལྟུང་བ་མེད་དོ། །དེ་ལྟར་ཡང་ལྟུང་བ་མེད་པའི་རྣམ་པ་འདི་གཉིས་ལ་དགོངས་ནས་གསུངས་པ། སྙིང་བརྩེ་ལྡན་དང་བྱམས་ཉིད་ལས། །སེམས་དགེ་བ་ལ་ལྟུང་བ་མེད། །ཅེས་སོ། །

เล่ม ๑๐๙ · หน้า 87b

སྦྱིན་པར་བྱ་བའི་དངོས་པོ་རྣམས་དང་ཆོས་གཏན་ལ་ཕབ་པ་ཡོད་ནའང་དོན་དུ་གཉེར་བ་ཡང་དག་པར་ལྷགས་པ་རྣམས་ལ་སེར་སྣ་དྲག་པོས་ཟིལ་གྱིས་ནོན་ཏེ་ནོར་རམ་ཆོས་མི་སྟེར་ན་ཕས་ཕམ་པའི་ལྟུང་བ་འབྱུང་སྟེ། ལོངས་སྤྱོད་མེད་ནས་མི་སྟེར་བ་དང་དགེ་འདུན་གྱི་བྱ་བ་བྱེད་པ་

ལ་འཇུག་པར་འདོད་ནས་མི་སྟེར་བ་དང་ཐབས་དེས་འདུལ་བར་འདོད་པ་དང་། མི་དགེ་བའི་གནས་ལས་བསླང་ནས་དགེ་བའི་གནས་ལ་གཞག་པར་འདོད་པ་དང་། མི་འཕྲོད་པ་དང་རུང་བ་མ་ཡིན་པ་སློང་བ་དང་དེ་རྒྱལ་པོ་ལ་གནོད་པར་གྱུར་ན་ལྟུང་བ་མེད་དོ། །མུ་སྟེགས་པ་གླགས་

ལྟ་བར་གྱུར་པའམ་མ་གུས་པ་དང་ཞེ་ས་མེད་པ་དང་སྤྱོད་ལམ་ངན་པས་ཆོས་ནོད་པ་དང་དབང་པོ་རྟུལ་པོར་གྱུར་ཏེ་ཆོས་རྒྱ་ཆེན་པོར་བསྟན་པས་འདི་སྐྲག་ཅིང་ལོག་པར་ལྟ་བ་དང་ལོག་པར་མངོན་པར་ཞེན་པར་འགྱུར་བ་དང་། བཅོས་མ་དེ་ལ་སོན་པའི་ཆོས་གཞན་སྣོད་མ་ཡིན་པ་རྣམས་

འཕོ་བར་འགྱུར་བ་སྲིད་པ་དང་། རང་མཆོག་ཏུ་ན་བར་གྱུར་པ་ནུས་པ་མེད་པ་དང་དེའང་ཆོས་མ་ཡིན་པས་འཇུག་པ་དང་ཐབས་དེས་འདུལ་བར་འདོད་ན་ལྟུང་བ་མེད་དོ། །ཁྲོ་བ་དྲག་པོས་ཟིལ་གྱིས་ནོན་པས་གཞན་ལ་བརྡེག་ཅིང་ཤད་ཀྱིས་སྦྱངས་ཀྱང་དང་དུ་མི་ལེན་ལ་བཟོད་པར་

མི་བྱེད་ན། ཕས་ཕམ་པའི་ལྟུང་བ་འབྱུང་སྟེ་ལྟུང་བ་མེད་པ་ནི་ཐབས་དེས་འདུལ་བར་འདོད་ན་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ལྟ་བ་ཆེན་པོས་ཀུན་ནས་དཀྲིས་པས་ཐེག་པ་ཆེན་པོ་ལ་སྨོད་པ་དང་སྤོང་བར་བྱེད་དེའི་གཟུགས་བརྙན་གྱིས་ཆོས་སྟོན་པར་བྱེད་ན་ཕས་ཕམ་པའི་

ལྟུང་བ་འབྱུང་ངོ་ཞེས་པ་ཀུན་ནས་དཀྲིས་པ་ཆེན་པོ་ལས་བྱུང་བ་རྣམས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླངས་པ་ཁོ་ན་ཕས་ཕམ་པ་ཅན་དུ་འགྱུར་ལ། ཀུན་ནས་དཀྲིས་པ་གཞན་ལས་བྱུང་བ་རྣམས་ཀྱིས་དེ་གཏོང་བ་མ་ཡིན་ནོ། །ཡང་སྡོམ་པ་

བླངས་པ་མ་ཡིན་པ་དང་སྡོམ་པ་ཕུལ་བ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་པས་དེ་ལ་རྣམ་པ་འདི་མེད་དོ། །ཕུལ་བ་ནི་རང་བཞིན་དུ་གནས་པས་སྡོམ་པ་ཡོངས་སུ་གཏོང་བའི་བསམ་པས་སེམས་ཅན་ཕ་རོལ་པོ་གོ་བ་ཡོད་པ་ལ་བསླབ་པ་འབུལ་ལོ། །སངས་རྒྱས་དང་ཆོས་དང་

เล่ม ๑๐๙ · หน้า 88a

དགེ་འདུན་དང་བྱང་ཆུབ་སེམས་ཀྱང་ངོ་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་སོ། །སེམས་ཅན་རྣམས་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་པ་ལའོ་ཞེས་ཁ་ཅིག་གོ། །གང་བྱང་ཆུབ་ཀྱི་སེམས་མ་བཏང་བ་ཕས་ཕམ་པའི་གནས་

ཀྱི་ཆོས་ལྷག་པར་སྤྱད་པ་མེད་པ་དྲན་པ་ཉམས་པར་གྱུར་པ་མེད་པ་དེ་ནི་སྡོམ་པ་ཡོངས་སུ་མ་བཏང་ཞིང་ཉམས་པ་མེད་པས་དྲན་པ་ལས་སྐྱེ་བ་བརྗེས་ཀྱང་སྡོམ་པ་དེ་ཉིད་རྗེས་སུ་འབྲང་བར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ལ་ཇི་སྲིད་འཚོའི་བར་དུ་ཞེས་པའི་དུས་ཡོངས་སུ་བཅད་པར་མི་བྱའོ། །

དྲན་པ་ཉམས་པ་ནི་སྔོན་གྱི་འཕེན་པའི་དབང་ངམ་དགེ་བའི་བཤེས་གཉེན་དང་ཕྲད་པའམ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོས་པ་ལས་མངོན་པར་འདོད་པ་ཡང་དག་པར་སྐྱེ་སྟེ། ཡང་དག་པར་མ་བླངས་པ་མེད་པར་རང་བཞིན་དུ་གནས་པ་མེད་དོ། །གཞན་ནི་ཡང་དག་པར་ལེན་པ་

ལ་མངོན་དུ་ཕྱོགས་པར་འགྱུར་བའམ་མིན་ཡང་རུང་ངོ་། །གང་བསླབ་པའི་རྒྱུ་རྣམས་བྱེ་བྲག་ཏུ་མ་རྟོགས་པའམ་མ་དྲན་པའམ་ཕྱིན་ཅི་ལོག་གིས་སམ་མ་གུས་པའམ་ཉོན་མོངས་པས་ཟིལ་གྱིས་མནན་པས་གང་ཡང་རུང་བའི་ཕས་ཕམ་པའི་གནས་ཀྱི་ཆོས་ལ་ལྷག་པར་སྤྱད་ནས་བྱང་

ཆུབ་སེམས་དཔའ་མ་ཡིན་པར་འགྱུར་རོ། །དེ་ཡང་གལ་ཏེ་གང་ཡང་ཡང་དག་པར་ལེན་པར་འདོད་ན་དེས་མཐོང་བའི་ཆོས་ཉིད་ལ་སླར་ཡང་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། འདི་དགེ་སློང་གི་སྡོམ་པ་ལྟར་དེ་ཡང་དག་པར་བླང་བའི་སྐལ་བ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་གང་

རྣམས་ཀྱིས་འདི་སྡོམ་པ་འདོར་བར་བྱེད་པའི་ཆོས་དེ་རྣམས་ཀུན་ནས་དཀྲིས་པ་འབྲིང་ལས་སྐྱེས་པར་གྱུར་ན་དེའི་ཚེ་ཟག་པ་འབྲིང་གི་ཉེས་བྱས་ཀྱི་ལྟུང་བ་རྣམས་ཏེ་གང་ཟག་གསུམ་རྣམས་ཀྱི་མདུན་དུ་བཤགས་པས་ལྡང་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་ཚེ་དང་ལྡན་པ་རྣམས་དགོངས་སུ་

གསོལ། བདག་མིང་འདི་ལྟ་བུ་ལ་ལྟུང་བ་འདི་བྱུང་བ་དེ་བཤགས་པར་བགྱིའོ། །ཕྱིས་སྡོམ་པར་འཚལ་ལོ་ཞེས་པ་གསུམ་དུའོ། །ཀུན་ནས་དཀྲིས་པ་ཆུང་ངུས་བསླང་བ་རྣམས་ཟག་པ་ཆུང་ངུ་སྟེ་གཅིག་གིའང་མདུན་དུ་བཤགས་པར་བྱ་བ་ཉིད་དོ། །ཉོན་མོངས་པ་ཅན་དང་ཉོན་

เล่ม ๑๐๙ · หน้า 88b

མོངས་པ་ཅན་མ་ཡིན་པ་རྣམས་ནི་བཤགས་པར་བྱ་བ་རྣམས་ཀྱང་རང་གི་སེམས་ཀྱིས་བསྡམས་པས་ཀྱང་ལྡང་བར་འགྱུར་རོ། །ཆོས་དང་ལྡན་པའི་གང་ཟག་མེད་ན་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་བྱུང་བའི་བསམ་པས་སླར་མི་བྱེད་པར་སེམས་བསྐྱེད་པར་བྱ་ཞིང་ཕྱིས་

ཀྱང་བསྡམ་པར་བྱ་སྟེ་སླར་བདག་གིས་འདི་ལྟར་མི་བྱའོ་ཞེས་པའོ། །དེ་ལ་འདོད་ཆགས་དང་ཀུན་ནས་མནར་སེམས་དང་ཕྲག་དོག་དང་ང་རྒྱལ་དང་མ་དད་པ་དང་མ་གུས་པ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་སེམས་པས་ཀུན་ནས་བསླང་བའི་ལྟུང་བ་ནི་ཉོན་མོངས་པ་ཅན་ནོ། །ལེ་ལོ་དང་

སྙོམ་ལས་དང་བག་མེད་པ་དང་བརྗེད་ངས་པ་ལ་སོགས་པས་བསྐྱེད་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དཀོན་མཆོག་གསུམ་མཆོད་པ་ལས་གཞན་དུའོ། །འདིར་སྙོམ་ལས་དང་ལེ་ལོ་ལ་སོགས་པའང་ཉོན་མོངས་པ་ཅན་དུ་འདོད་དོ། །འདིར་ཀུན་ནས་མནར་སེམས་ནི་འཁྲུག་

པ་སྟེ་ཁོང་ཁྲོ་དང་ཞེ་སྡང་ངོ་། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །སྙོམ་ལས་ནི་ལུས་དང་སེམས་གུས་པར་བྱེད་མི་འདོད་པའོ། །ལྟུང་བ་དེ་རྣམས་དང་ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་ཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པ་ཚོལ་བ་དང་ཆང་དང་མཚོན་དང་དུག་

དང་སྲོག་ཆགས་དང་རྒྱ་སྐྱེགས་དང་ཏིལ་མར་ལ་སོགས་པ་འཚོང་བ་དང་ཏིལ་དང་ཡུངས་ཀར་མ་བརྟགས་པར་འཚིར་བ་སྟེ་སྨད་པས་འཚོ་བའི་རྒྱུ་ཉིད་ཀྱིས་ན་ལོག་པར་འཚོ་བའོ་ཞེས་པ་ལ་སོགས་པ་མཐར་ཐུག་པ་མེད་པ་རྣམས་སྤངས་པར་བསླབ་བོ། །དེའི་མི་མཐུན་པ་མཐར་ཐུག་

པ་མེད་པ་རྣམས་ཀྱང་བསླང་བར་བསླབ་བོ། །དེའི་ཕྱིར་བསླབ་པ་མཐའ་ཡས་པ་རྣམས་མདོ་སྡེ་ལ་སོགས་པ་རྣམས་སུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཚད་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་གསུངས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །ཚད་མེད་པར་ནི་

གསུངས་པ་སྟེ། །སེམས་སྦྱོང་བ་ཡི་སྤྱོད་པ་ནི། །ངེས་པར་རེ་ཞིག་སྤྱད་པར་བྱ། །ཞེས་སོ། །འདི་ཙམ་འདི་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་སྟེ་འདི་ལྟར་སེམས་ཡོངས་སུ་སྦྱང་བའོ། །འདི་ནི་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་།

เล่ม ๑๐๙ · หน้า 89a

དཀོན་མཆོག་སྤྲིན་དུ་གསུངས་པ། ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཡོངས་སུ་ཤེས་པ་ཉིད་དུ་འགྱུར་རོ། །འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བའམ་འོན་ཏེ་མི་དགེ་

བའི། །ལས་ནི་སེམས་ཀྱིས་སོགས་པའོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་ལྟུང་བ་མེད་པ་ནི་གང་ཅུང་ཟད་བྱ་བ་གསུངས་པ་སྟེ་སྒྲུབ་པའི་སྒོ་ནས་སམ་དགག་པའི་སྒོ་ནས་དེ་ལས་མི་འདའ་བའོ་ཞེས་པ་འདི་ནི་དྲང་པོ་ལྟུང་བ་མེད་པའི་རྣམ་པའོ། །ལྟུང་བ་ནི་འདའ་བའི་རང་བཞིན་

ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྙིང་རྗེ་དང་ལྡན་པ་འདའ་བ་ནི་ལྟུང་བ་མེད་པའོ་ཞེས་པ་སྟེ་ད་རྒྱས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་བཤད་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་སྤྱོད་པ་ཅུང་ཟད་དང་བཅས་པ་བརྗོད་ཟིན་ཏོ། །བླ་ན་མེད་པ་

རྡོ་རྗེ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་ནི་ཁོ་བོས་མན་ངག་གི་སྙེ་མ་དང་འཇིགས་པ་མེད་པའི་གཞུང་འགྲེལ་དུ་གསལ་བར་བརྗོད་དོ། །འོ་ན་གང་གི་ཚེ་གང་ཟག་གཅིག་འགའ་ཞིག་ཉིད་ཇི་སྲིད་འཚོ་བ་པའི་ཡན་ལག་གསུམ་དང་ཡན་ལག་ལྔ་པ་དང་བྱང་ཆུབ་ཀྱི་བར་དུ་

དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཡན་ལག་གསུམ་པ་སྟེ། དགེ་བསྙེན་གྱི་སྡོམ་པ་གསུམ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་སློང་གི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། རྡོ་རྗེ་སེམས་དཔའི་སྡོམ་པ་རིམ་པས་ཡང་དག་པར་ལེན་པ་དེའི་ཚེ། ཅི་

འདི་མེ་དང་ཕྲད་པ་ན་གྲང་བ་ལྟར་སྡོམ་པ་ཕྱི་མ་དང་ཕྲད་པ་ན་སྡོམ་པ་སྔ་མ་ལྡོག་གམ། ཡང་ན་སྤོང་བ་འཕེལ་བ་དང་ལྡན་པ་ལས་ཕྱི་མ་སྔ་མ་དང་ལྷན་ཅིག་གྱུར་ནས་དེའི་མིང་ཐོབ་སྟེ་ཇི་ལྟར་བསླབ་པའི་གཞི་ལྔ་དང་ལྷན་ཅིག་འདྲེས་པར་འགྱུར་ཏེ་གསུམ་ཁོ་ན་བརྒྱད་ཉིད་དུ་འགྱུར་བ་དང་

གཉིས་པོའང་བརྒྱད་དང་ལྷན་ཅིག་བཅུ་ཡིན་ནམ། ཡང་ན་དེ་རྣམས་གཞན་ཉིད་སྐྱེ་ཞིང་ཐ་དད་ཉིད་དུ་གནས་པ་རྟེན་གཅིག་ལ་རྣམ་པ་སྣ་ཚོགས་པའི་རྒྱན་ལྟར་ཡིན་ཞེ་ན་བརྗོད་པར་བྱའོ། །དེ་ལ་ཕྱོགས་དང་པོ་མ་ཡིན་ཏེ། སྡོམ་པ་ཉམས་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར་དང་འགལ་བ་

เล่ม ๑๐๙ · หน้า 89b

མེད་པའི་ཕྱིར་ཏེ་གྲང་བའི་ཁྱད་པར་གཞན་སྐྱེས་པ་ན་གྲང་བ་སྔ་མ་མི་ལྡོག་སྟེ་འགལ་བ་མེད་པའི་ཕྱིར་རོ། །བསགས་པ་འདི་ཁོ་ན་ལ་ཐ་སྙད་འཇུག་པ་འབའ་ཞིག་སྟེ་སྔ་མ་མ་ཡིན་ལ་གཉིས་པ་མ་ཡིན་ནོ། །སྡོམ་པ་གོང་མ་གོང་མ་མཐའ་དག་ཉིད་སོ་སོར་ཡང་དག་པར་བླངས་པ་ལས་སྐྱེ་བ་

དང་གནས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དེའི་ཚེ་སྲོག་གཅོད་པ་ལ་སོགས་པ་སྤོང་བ་མང་པོ་རྣམས་ལ་ཁྱད་པར་རམ་ཉེ་བར་མཁོ་བ་ཅི་ཡོད་ཅེ་ན། སྲོག་གཅོད་པ་ལ་སོགས་པ་སྤོང་བ་ཉིད་ཀྱིས་ན་ཁྱད་པར་ཅུང་ཟད་ཀྱང་མེད་དེ་རིགས་མཚུངས་པའི་ཕྱིར་རིགས་མཐུན་པའི་གསེར་གྱི་རྒྱན་དུ་མ་བཞིན་

ནོ། །འོ་ན་ཅི་ལྟར་ཐ་དད་ཅེ་ན། རང་གི་མཚན་ཉིད་དང་དང་པོའི་རྒྱུ་ཐ་དད་པ་ལས་ཏེ། ཕྱི་རོལ་གྱི་ལྷན་ཅིག་བྱེད་པའི་ཁྱད་པར་དང་ནང་གི་ལྷག་པའི་བསམ་པ་ཕུལ་དུ་བྱུང་བ་བསགས་པ་དང་སེམས་པའི་ཁྱད་པར་ལས་གོང་མ་གོང་མའི་སྤོང་བ་རྣམས་སྐྱེས་པའི་ཕྱིར་བཟོ་བོ་མཁས་པས་

བྱས་པའི་རིགས་མཚུངས་པའི་རྒྱན་བཞིན་ནོ། །དེ་ལྟ་ན་སྡོམ་པ་སོ་སོ་གཞན་ཡང་དག་པར་ལེན་པ་ན་སྐྱབས་སུ་འགྲོ་བ་རྣམས་སོ་སོར་བྱ་སྟེ། འདི་རྣམས་སྡོམ་པ་གཞན་ཡང་དག་པར་ལེན་པའི་སྒོར་གྱུར་པའི་ཕྱིར་རོ་ཞེ་ན་བྱ་སྟེ་དགག་པ་བྱེད་པ་སུའང་མེད་དོ། །གཞན་ནི་སྐྱབས་

སུ་ཁས་ལེན་པ་ཙམ་དོན་དུ་གཉེར་བ་ཡིན་པ་ཉིད་ཀྱི་ཕྱིར་དེའང་བྱང་ཆུབ་ཀྱི་བར་ཉིད་དུ་ཁྱད་པར་མེད་ན་ལེན་ཅིག་ཁས་བླངས་པས་གྲུབ་པའི་ཕྱིར་ན་སྡོམ་པ་ཡང་དག་པར་ལེན་པ་རྣམས་ལ་འཇུག་པའི་དང་པོར་གྱུར་པ་དང་དེའི་ཚེ་ཁས་བླངས་པ་ལ་ཁྱད་པར་མེད་པའི་ཕྱིར་འདི་ཙམ་ཉིད་

ཀྱིས་སྡོམ་པ་སོ་སོ་ཡང་དག་པར་ལེན་པའི་སྒོའི་དངོས་པོར་གྲུབ་པའི་ཕྱིར་སླར་ཡང་སྐྱབས་སུ་འགྲོ་བ་ནི་ཅི་ཡང་མ་ཡིན་ནོ། །སྐྱབས་སུ་འགྲོ་བ་དེ་ཉིད་ནི་དོན་གྱིས་སོ་སོ་བཞིན་དུ་ཐ་སྙད་དུ་བྱ་ལ། གང་གིས་སྡོམ་པ་ཕྱི་མ་ཡོངས་སུ་གཏང་བ་ནའང་སྡོམ་པ་སྔ་མ་མི་ལྡོག་སྟེ་

སྐྱབས་སུ་འགྲོ་བ་ཡོད་པའི་ཕྱིར་དང་སྡོམ་པ་རྣམས་ཐ་དད་པའི་ཕྱིར་རོ། །གཞན་དུ་ན་སྡོམ་པ་ཕྱི་མ་གཏང་བ་ཉིད་ལས་སྡོམ་པ་ཐམས་ཅད་གཏང་བར་འགྱུར་རོ་ཞེས་པ་སྟེ་འདི་ནི་སྤོང་བ་མང་པོ་རྣམས་ཀྱི་ཉེ་བར་མཁོ་བའོ། །དེ་ལྟར་བརྗོད་པའི་རིམ་པས་བྱང་ཆུབ་སེམས་དཔའ་

เล่ม ๑๐๙ · หน้า 90a

བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྡོག་པའི་ཚུལ་ཁྲིམས་ཀྱི་རང་བཞིན་སྡོམ་པའི་ཚུལ་ཁྲིམས་ལ་བརྟན་པོར་བྱས་ནས་འཇུག་པའི་ཚུལ་ཁྲིམས་དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་ལ་སོགས་པ་དང་

སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་སྒྲུབ་པ་ལའང་ཚོགས་གཉིས་བསགས་པའི་ཆེད་དུ་སྟོབས་ཇི་ལྟ་བས་ཚོགས་ཀྱི་སར་མི་དམིགས་པར་གོམས་པར་བྱའོ། །དེ་ལ་དགེ་བ་ནི་ངོ་བོ་ཉིད་དང་འབྲེལ་པ་དང་རྗེས་སུ་འབྲེལ་པ་དང་སློང་བ་དང་སྐྱེ་བས་ཐོབ་པ་དང་ནོར་དམ་པ་

དང་། སྦྱོར་བ་དང་ཕན་འདོགས་པ་དང་ཡོངས་སུ་འཛིན་པ་དང་མདུན་དུ་བྱེད་པ་དང་གཉེན་པོ་དང་ཉེ་བར་ཞི་བ་དང་རྒྱུ་མཐུན་པ་ལས་སོ། །དེ་ལ་ངོ་བོ་ཉིད་ལས་ནི་དད་པ་དང་། བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ངོ་ཚ་དང་ཁྲེལ་ཡོད་པ་དང་འདོད་ཆགས་མེད་པ་དང་ཞེ་སྡང་མེད་

པ་དང་དགུ་སྟེ། གཏི་མུག་མེད་པ་ནི་ཤེས་རབ་ཉིད་ཀྱི་ཕྱིར་ལ། བག་ཡོད་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དང་རྣམ་པར་འཚེ་བ་སྟེ་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བཏང་སྙོམས་ནི་སེམས་ལྷུན་གྱིས་གྲུབ་པ་ཉིད་དོ། །འབྲེལ་པ་ལས་དེ་དང་མཚུངས་པར་ལྡན་པ་རྣམས་

སོ། །རྗེས་སུ་འབྲེལ་པ་ལས་དེ་རྣམས་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །སློང་བ་ལ་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །སྐྱེ་བས་ཐོབ་པ་ལས་ནི་དགེ་བའི་ཆོས་འདི་རྣམས་ཉིད་སྔོན་གོམས་པར་བྱས་པ་ལ་བརྟེན་ནས་དེའི་ངོ་བོ་རྣམ་པར་སྨིན་པར་འགྲུབ་སྟེ་གང་གིས་

དེ་རྣམས་ཁོ་ན་ལ་སོ་སོར་མ་བརྟགས་པར་འདོད་པ་ཀུན་དུ་གནས་པའོ། །དོན་དམ་པ་ལས་དེ་བཞིན་ཉིད་དོ། །སྦྱོར་བ་ལས་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །ཕན་འདོགས་པ་ལས་ནི་

བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སེམས་ཅན་རྗེས་སུ་འཛིན་པའི་དགེ་བ་གང་ཡིན་པའོ། །ཡོངས་སུ་འཛིན་པ་ལས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ་ཚུལ་ཁྲིམས་ལས་བྱུང་བས་སམ། བསྒོམས་པ་ལས་བྱུང་བའི་ཕྱུག་པོ་དང་རིགས་མཐོན་པོར་སྐྱེ་བ་ཡོངས་སུ་

เล่ม ๑๐๙ · หน้า 90b

འཛིན་པའམ། མཐོ་རིས་སུ་སྐྱེ་བ་ཡོངས་སུ་འཛིན་པའམ་རྣམ་པར་བྱང་བའི་རྗེས་སུ་མཐུན་པ་ཡོངས་སུ་འཛིན་པའོ། །མདུན་དུ་བྱེད་པ་ནི་དེ་བཞིན་གཤེགས་པའམ་མཆོད་རྟེན་ནམ་སྐུ་གཟུགས་མདུན་དུ་བྱས་པའམ་ཆོས་སམ་ཆོས་ཀྱི་གཞི་གང་ཟག་གམ་གླེགས་བམ་མདུན་དུ་བྱས་ཏེ་མཆོད་

པ་བྱེད་པ་ལས་སོ། །གཉེན་པོ་ལས་ནི་གང་རྣམ་པར་སུན་འབྱིན་པ་གཉེན་པོ་དང་རྣམ་པར་གནོན་པ་གཉེན་པོ་དང་ཐག་བསྲིང་བ་གཉེན་པོ་དང་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །ཉེ་བར་ཞི་བ་ལས་ནི་གང་དེ་ལ་བརྟེན་ནས་ཆགས་པ་སྤོང་བའོ། །

རྒྱུ་མཐུན་པ་ལས་ནི་དེའི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པར་ཤེས་པ་ལ་སོགས་པའོ། །འདིར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ་ཞེས་པ་ལ་སོགས་པ་གསུངས་པ་དེ་ལ། རྒྱུ་ལ་མ་ཡཊ་སྟེ། སྦྱིན་པའི་རྒྱུ་

ཅན་སྦྱིན་པ་ལས་བྱུང་བ་དང་དེ་བཞིན་དུ་ཚུལ་ཁྲིམས་དང་བསྒོམ་པའི་རྒྱུ་ཅན་ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམ་པ་ལས་བྱུང་བ་སྟེ། ཟས་ལས་བྱུང་བ་སྲོག་ཆགས་རྣམས་རྩྭ་ལས་བྱུང་བ་བ་ལང་རྣམས་ཞེས་པ་ལྟ་བུའོ། །ཡང་ན་རང་བཞིན་ལ་མ་ཡཊ་སྟེ། སྦྱིན་པའི་རང་གི་ངོ་

བོའི་བསོད་ནམས་ནི་སྦྱིན་པའི་རང་བཞིན་དང་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམ་པའི་རང་བཞིན་ཏེ། འཇིམ་པའི་རང་བཞིན་གྱི་སྣོད་ཅེས་པ་ལྟ་བུའོ། །བསོད་ནམས་ཞེས་པའི་དོན་ཅི་ཞེ་ན། ཡང་དང་ཡང་དགེ་ལེགས་ཀྱི་ཆེད་དུ་འགྱུར་བའི་ཕྱིར་བསོད་ནམས་སོ། །

ཡང་ན་སྐྱེས་བུ་དག་ཏུ་འཇུག་པར་བྱེད་དག་པར་བྱེད་པའི་ཕྱིར་བསོད་ནམས་སོ། །དེ་ཡང་ལུས་ལ་སོགས་པ་དང་ཡང་དག་པར་ལྡན་པའི་དགེ་བའོ། །སྦྱིན་པ་འདི་ཅི་ཞེ་ན། གང་གིས་སྟེར་བར་བྱེད་པ་དེ་སྦྱིན་པའོ། །འགྲན་པ་དང་གྲགས་པ་འདོད་པ་དང་འཇིགས་པ་དང་རེ་བ་དང་

བསྟེན་པའི་དོན་དུ་གང་སྟེར་བ་དེ་ནི་སྦྱིན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་མཆོད་པ་དང་ཕན་གདགས་པའི་དོན་དུ་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་ལ་མཆོད་པའི་བསམ་པས་སྟེར་བ་དང་དེ་ལས་གཞན་པ་རྣམས་ལ་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་

เล่ม ๑๐๙ · หน้า 91a

པར་བྱ་འདོད་པས་ཏེ་གང་གི་དོན་དུ་སྟེར་བར་བཤད་དོ། །ཡང་ཅིས་སྟེར་བར་བྱེད་ཅེ་ན་སེམས་ལ་སོགས་པ་ཚོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཀྱི་སྟེ་འདི་ནི་སྦྱིན་པའི་མཚན་ཉིད་དོ། །དེ་སྐད་དུ་གསུངས་པ། གང་ཚེ་སྐྱེས་བུ་རང་ཉིད་རྫས། །

དགེ་བའི་ཡིད་ཀྱིས་སྦྱིན་བྱེད་པ། །སྐད་ཅིག་དེ་ལ་དགེ་བ་ཡི། །ཕུང་པོ་སྦྱིན་པ་ཞེས་བརྗོད་བྱ། །ཞེས་སོ། །གཙོ་བོ་ལས་ནི་སེམས་ཉིད་སྦྱིན་པ་སྟེ། །གང་གསུངས་པ། རང་གི་རྫས་ཉིད་ཡོངས་སུ་བཏང་ནས་གཞན་གྱི་རྫས་སུ་བྱེད་པའི་སེམས་ནི་སྦྱིན་པའོ་ཞེས་སོ། །སྦྱིན་

པ་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཅི་ཞེ་ན། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་བསྔོས་པས་ཐར་པའི་འབྲས་བུ་དང་འབྲས་བུས་ལོངས་སྤྱོད་ཆེན་པོའོ། །འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་ནི་རྒྱ་ཆེ་བ་དང་གྱ་ནོམ་པ་རྒྱུན་མི་འཆད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་

ཀྱི་ཕྱིར་དོན་དང་མཐུན་པའི་མིང་སྟེ། སྟེར་བ་པོ་དང་ལེན་པ་པོ་དག་གི་དབུལ་བའི་གདུང་བ་སེལ་བར་བྱེད་པའི་ཕྱིར་སྦྱིན་པའོ། །ཁྱད་པར་མེད་པར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཡིན་ལ་དེའི་ཁྱད་པར་ཡང་རྒྱུ་བརྒྱད་རྣམས་ཀྱིས་ཏེ་ཞིང་ལས་དང་དངོས་པོ་དང་ཡིད་ལ་བྱེད་པ་དང་བསམ་

པ་དང་། དེ་ལས་གཞན་ཡོངས་སུ་འཛིན་པ་དང་རྟེན་དང་མང་དུ་བྱེད་པ་དང་སྐྱེ་བོ་མང་པོ་ལས་ཀྱང་ངོ་། །དེ་ལ་ཞིང་ནི་འགྲོ་བ་དང་སྡུག་བསྔལ་དང་ཕན་གདགས་པ་ཉིད་དང་ཡོན་ཏན་རྣམས་ཀྱི་ཁྱད་པར་དུ་འཕགས་པའོ། །འགྲོ་བའི་ཁྱད་པར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ།

དུད་འགྲོའི་སྐྱེས་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ནས་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་པ་མིར་གྱུར་པ་སྟོང་འགྱུར་དུའོ་ཞེས་སོ། །སྡུག་བསྔལ་གྱི་ཁྱད་པར་ནི་དཔེར་ན་འགའ་ཞིག་གིས་དཀོན་མཆོག་གསུམ་གྱི་ཆེད་དུའམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་

གྱི་ཆེད་དུ་སྐྱེད་མོས་ཚལ་བྱེད་པ་དང་སྐྱེད་མོས་ཚལ་དེར་ཡང་གཙུག་ལག་ཁང་བཞེངས་པ་དང་། གཙུག་ལག་ཁང་དེར་མལ་ཆ་དང་སྟན་དབུལ་བ་དང་། དེ་བཞིན་དུ་སྟོན་མོ་ངེས་པ་འཆའ་བ་དང་། དེ་བཞིན་དུ་དེར་འོངས་པ་དང་འགྲོ་བ་རྣམས་ལ་སྟེར་བ་དང་། དེ་བཞིན་དུ་ནད་པ་དང་ནད་གཡོག་

เล่ม ๑๐๙ · หน้า 91b

པ་རྣམས་ལ་སྟེར་བ་དང་། དེ་བཞིན་དུ་གྲང་བ་དང་ཡུལ་འཁྲིགས་པ་དང་རླུང་དང་ཆར་གྱིས་ཉེན་པ་རྣམས་སུ་ཟན་ནམ་སྐྱོ་མའམ་ཐུག་པ་དང་བཏུང་བ་རྣམས་མངོན་པར་བསྒྲུབས་ནས་དགེ་འདུན་ལ་ཕུལ་བ་འདིས་འཕགས་པ་རྣམས་ལུས་མ་བརླན་པ་དང་། ཆོས་གོས་མ་བངས་པར་ཡོངས་སུ་

གསོལ་ནས་བདེ་བ་ལ་རེག་པར་གྱུར་ཅིག་ཅེས་པའོ། །དེ་རྣམས་ཀྱང་གཞི་དེས་དོན་ཉུང་བ་བྱ་བ་ཉུང་བར་ཐོས་པ་ལ་སྦྱོར་བར་བྱེད་བསམ་པ་དང་བསྒོམ་པ་རྣམས་ལ་ཡང་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་རྣམས་དང་ཡང་དག་པར་ལྡན་པའི་རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་གཉིད་ཀྱང་རུང་མི་གཉིད་ཀྱང་རུང་རྟག་པར་རྒྱུན་དུ་བསོད་ནམས་མངོན་པར་འཕེལ་བ་ཁོ་ནའོ་ཞེས་པ་ལྟ་བུའོ། །སྦྱིན་པ་བྱིན་ནས་ཞེས་པ་དང་སྦྱིན་པར་བྱ་ཞེས་པས་སྦྱིན་པ་དང་སྦྱིན་བྱ་རིག་པར་བྱའོ། །འདིར་ནི་རྐྱེན་གྱི་ཁྱད་པར་ལས་སྡུག་བསྔལ་གྱི་ཁྱད་

པར་ཏེ་ལེན་པ་པོའི་སྡུག་བསྔལ་གྱི་ཁྱད་པར་འཇོམས་པ་ལས་སྟེར་བ་པོའི་འབྲས་བུ་ཁྱད་པར་དུ་འགྱུར་རོ། །འདི་ནི་རྫས་ལས་བྱུང་བ་ལས་དཔེར་བརྗོད་པ་སྟེ་ཁ་ཅིག་ཏུ་ཡོན་ཏན་ལྡན་པའི་ཞིང་ལས་ཀྱང་དཔེར་བརྗོད་ལ། དེ་བཞིན་དུ་སེམས་ཀྱི་ཁྱད་པར་ལས་དཔེར་བརྗོད་དེ་འདིར་ཡང་སྔོན་མའོ། །

ཕན་འདོགས་པ་ཉིད་ཀྱི་ཁྱད་པར་ལས་ནི་ཇི་ལྟར་མ་དང་ཕ་དག་ཕན་འདོགས་པ་གཞན་རྣམས་ལ་ཡང་ངོ་། །ཡོན་ཏན་གྱི་ཁྱད་པར་ལས་ནི་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་པ་ནི་རྣམ་པར་སྨིན་པ་འབུམ་འགྱུར་རོ་ཞེས་པ་ལ་སོགས་པ་ལྟ་བུ་སྟེ། གལ་ཏེ་ཡོན་ཏན་དང་ལྡན་པའི་ཡོན་གནས་ཞིང་

དུ་འགྱུར་བ་དེ་ལ་སྦྱིན་པ་འབྲས་བུ་ཆེན་པོར་འགྱུར་རོ། །ཡོན་ཏན་དང་ལྡན་པའི་ཞིང་དེའང་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་སམ། གང་ཟག་ཁྱད་པར་ཅན་ནོ། །ཞིང་མཉམ་པོ་ལ་གཉིས་དག་གི་སུའི་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་ཞེ་ན། དངོས་པོ་ལས་ཏེ་གང་

གི་ནོར་བུ་དང་དངུལ་དང་གསེར་ལ་སོགས་པའི་དངོས་པོ་གྱ་ནོམ་པ་དང་མང་བར་གྱུར་པ་དེའི་དངོས་པོའི་ཁྱད་པར་ཡོངས་སུ་འཛིན་པ་ལས་སྟོབས་དང་ལྡན་པའི་ལས་བྱུང་སྟེ་ཅིག་ཤོས་ཀྱིས་མ་ཡིན་ནོ། །དངོས་པོའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ནི་ཇི་ལྟར་ཁ་དོག་ཕུན་སུམ་ཚོགས་པ་བྱིན་

เล่ม ๑๐๙ · หน้า 92a

ན་གཟུགས་བཟང་བར་འགྱུར་བ་དང་དྲི་ཕུན་སུམ་ཚོགས་པ་བྱིན་ན་དྲི་ལྟར་གྲགས་པ་ཕྱོགས་རྣམས་སུ་རྒྱས་པའི་ཕྱིར་གྲགས་པ་དང་ལྡན་པ་དང་། རོ་ཕུན་སུམ་ཚོགས་པ་བྱིན་ན་རོ་ཞིམ་པོ་ལྟར་དགའ་བར་འགྱུར་བ་དང་རེག་བྱ་ཕུན་སུམ་ཚོགས་པ་བྱིན་ན་ཤིན་ཏུ་གཞོན་ཤ་

ཅན་དུ་འགྱུར་ཞིང་བུད་མེད་རིན་པོ་ཆེའི་ཇི་ལྟ་བ་བཞིན་ཡན་ལག་རྣམས་སུ་དུས་སུ་རེག་ན་བདེ་བར་འགྱུར་བ་ལྟ་བུའོ། །དངོས་པོ་དང་ཞིང་མཉམ་པོ་ལ་གཉིས་པོ་དག་གིས་སུའི་ལས་སྟོབས་དང་ལྡན་ཞེ་ན། ཡིད་ལ་བྱེད་པ་ལས་ཏེ་རྙེད་གང་དང་བ་དྲག་པོ་དང་བཅས་པའི་ཡིད་ལ་བྱེད་པས་སྟེར་

བ་དེའིའོ། །དད་པས་སྦྱིན་པ་བྱིན་པ་ལས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའོ། །གུས་པར་བྱིན་པ་ལས་བཀུར་སྟི་དང་རྙེད་པ་ཕུན་སུམ་ཚོགས་པའོ། །རང་གི་ལག་གིས་བྱིན་པ་ལས་རྙེད་པ་རྒྱ་ཆེན་པོ་རྣམས་ལ་མོས་པ་ཕུན་སུམ་ཚོགས་པའོ། །དུས་སུ་བྱིན་པ་ལས་ལོངས་

སྤྱོད་ཕུན་སུམ་ཚོགས་པ་དུས་སུ་ཐོབ་པའོ། །གནོད་པ་མེད་པར་བྱིན་པ་ལས་ལོངས་སྤྱོད་བར་ཆད་མེད་པར་རྙེད་པ་ཕུན་སུམ་ཚོགས་པའོ། །གཉིས་དག་གི་འདི་རྣམས་མཉམ་པ་ལ་ཡང་སུའི་ལས་སྟོབས་དང་ལྡན་ཞེ་ན། བསམ་པ་ལས་ཏེ་གང་མྱ་ངན་ལས་འདའ་བའི་བསམ་པ་

དང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་བྱས་ནས་རབ་ཏུ་སྟེར་བ་དེའི་བསམ་པ་ཡོངས་སུ་འཛིན་པ་ལས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་ལ། ཅིག་ཤོས་ཀྱིས་མ་ཡིན་ཏེ། གང་མཐོ་རིས་ཀྱི་རྒྱུ་མཚན་དུའམ་ལོངས་སྤྱོད་ཀྱི་རྒྱུ་མཚན་དུ་རབ་ཏུ་སྟེར་བ་ནི་འབྲས་བུའི་རྒྱུ་མཚན་

དུ་སྟེར་བས་ཚོང་བཞིན་དུ་སྨད་པ་སྟེ། ལེན་པའི་བསམ་པའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་འདི་ཡང་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་སྟེར་ལ། འདི་ཡང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་བྱས་ནས་ཏེ། སྔར་བརྗོད་པའི་རྣམ་པ་རྣམས་མཉམ་པ་

གཉིས་དག་གིས་སུའི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། དེ་ལས་གཞན་ཡོངས་སུ་འཛིན་པ་ལས་དེ་གཞན་པ་སྟེ། སྦྱིན་པ་ལས་གཞན་ནི་ཚུལ་ཁྲིམས་ཡིན་ལ། གང་གི་སྦྱིན་པ་དེ་ཚུལ་ཁྲིམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དེའིའོ། །འོ་ན་གཞན་གྱི་འང་སྦྱིན་པ་ཚུལ་

เล่ม ๑๐๙ · หน้า 92b

ཁྲིམས་ཀྱིས་ཡོངས་སུ་བཟུང་ཞིང་འདིའི་ཡང་སྦྱིན་པ་ཚུལ་ཁྲིམས་ཀྱིས་ཡོངས་སུ་བཟུང་བ་འདི་དག་ཀྱང་དེ་མ་ཐག་ཏུ་བརྗོད་པ་རྣམ་པ་རྣམས་མཉམ་ན་གཉིས་དག་གི་སུའི་ལས་སྟོབས་དང་ལྡན་ཞེ་ན། རྟེན་ལས་ཏེ་གལ་ཏེ་བསོད་ནམས་རྣམས་བྱེད་པ་པོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་

དང་བྲལ་བར་གྱུར་བ་དེའི་བསྒོམ་པ་ལས་བྱུང་བའི་དགེ་བ་ཡོངས་སུ་བསྒོས་པ་ཉིད་ཀྱི་ཕྱིར་རྟེན་ལས་སྟོབས་དང་ལྡན་པའི་ཕུན་སུམ་ཚོགས་པའོ། །འོ་ན་གཉིས་ཀ་དག་ཀྱང་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་ལ་དེ་མ་ཐག་ཏུ་བརྗོད་པའི་རྣམ་པ་རྣམས་ཀྱང་མཉམ་ན་སུའི་ལས་སྟོབས་

དང་ལྡན་ཞེ་ན། མང་དུ་བྱེད་པ་ལས་ཏེ་གལ་ཏེ་ཡང་དང་ཡང་དུ་གོམས་པར་གྱུར་པའམ་ཡང་དང་ཡང་དུ་རྗེས་སུ་རྣམ་པར་བརྟག་པ་དེའིའོ། །ཅིག་ཤོས་ཀྱིས་མ་ཡིན་ཏེ་ལན་ཅིག་ཀུན་དུ་སྤྱོད་པའི་ཕྱིར་རོ། །འོ་ན་གཉིས་དག་གི་ཞིང་དང་དངོས་པོ་དང་ཡིད་ལ་བྱེད་པ་དང་བསམ་པ་དང་དེ་ལས་

གཞན་དུ་ཡོངས་སུ་འཛིན་པ་དང་རྟེན་དང་མང་དུ་བྱེད་པ་རྣམས་མཉམ་ན་སུའི་ལས་སྟོབས་དང་ལྡན་ཞེ་ན། སྐྱེ་བོ་མང་པོ་ལས་ཏེ་གང་གིས་རང་གིས་ཀྱང་བྱས་ལ་གཞན་རྣམས་ཀྱང་བྱེད་དུ་བཅུག་པ་དེའི་སྟེ་རྒྱུད་དུ་མ་ལ་བསོད་ནམས་བསྐྱེད་པའི་ཕྱིར། །སྟོབས་དང་ལྡན་པའི་ལས་སུ་རིག་

པར་བྱའོ་ཞེས་པ་ནི་སྦྱིན་པའི་ཁྱད་པར་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བརྗོད་ཟིན་ཏོ། །དེ་ནས་ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པ་ནི་ཚུལ་ཁྲིམས་སུ་བརྗོད་དོ། །དེའི་འབྲས་བུ་མཐོ་རིས་ཐོབ་ལ་བརྒྱ་བྱིན་ཉིད་དང་

ཚངས་པ་ཉིད་ལ་སོགས་པ་བདག་གི་དངོས་པོ་ཕུན་སུམ་ཚོགས་པ་སྟེ་འགྲུབ་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །སྦྱིན་པའང་མཐོ་རིས་ཀྱི་ཆེད་དུ་ཕུན་སུམ་ཚོགས་པར་བྱེད་དེ་གཙོ་བོ་ནི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ཀྱང་ལོངས་སྤྱོད་ཆེན་པོའི་ཆེད་དུ་སྟེ་གཙོ་བོ་སྟེ་སྦྱིན་པའོ། །ཚུལ་

ཁྲིམས་ཀྱང་ཐོབ་བྱེད་ཀྱི་རྒྱུ་ཉིད་ལས་བྲལ་བའི་ཆེད་དུ་སྟེ་གཙོ་བོ་ནི་སྒོམ་པའོ། །ཅི་ལྟར་ཚུལ་ཁྲིམས་ཀྱི་འབྲས་བུ་བྱང་གྲོལ་ཡིན་ཞེ་ན། ཚུལ་ཁྲིམས་དང་ལྡན་པས་སྨོན་ལམ་འགྲུབ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་ཉིད་ལས་སོ་ཞེས་གསུངས་པའི་ཕྱིར་རོ། །ཡང་རྣམ་

เล่ม ๑๐๙ · หน้า 93a

པར་དག་པ་ནི་ཐར་པ་ཐོབ་པར་བྱེད་པའི་ཚོགས་ཀྱི་ཚུལ་ཁྲིམས་སོ། །འདི་ལྟ་སྟེ་རྣམ་པར་རྟོག་པས་ཉེ་བར་འཇོམས་པའི་གཉེན་པོར་དབང་པོའི་སྒོ་བཟུང་བའོ། །རྟེན་ལས་སུ་མི་རུང་བས་ཉེ་བར་འཇོམས་པའི་གཉེན་པོར་ཟས་ཀྱི་ཚོད་ཤེས་པའོ། །ཚོད་འཛིན་

པ་ནི་དམའ་བ་དང་ལྷག་པའི་ཟས་ཡོངས་སུ་སྤོང་བའི་དོན་ཏོ། །ཆུང་བའི་ཟས་ཀྱིས་རྟེན་ཉམ་ཆུང་བ་ཉིད་ཀྱིས་མངོན་པར་མི་སྤྲོ་བའོ། །ཟས་ཧ་ཅང་ཆེས་ན་གཉིད་ལ་སོགས་པ་སྐྱོན་ལྔ་ཀུན་དུ་སྤྱོད་པ་ལས་རྟེན་ལས་སུ་མི་རུང་བ་ཉིད་དོ། །དེ་ལྟར་གཉིས་ཀས་རྟེན་ལས་སུ་མི་རུང་བ་

ཉིད་དེ་དེ་མེད་ན་དགེ་བའི་ཕྱོགས་དང་མཐུན་པའོ། །མི་བརྩོན་པས་ཉེ་བར་འཇོམས་པའི་གཉེན་པོར་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་གཉིད་པར་རྣལ་འབྱོར་ལ་རྗེས་སུ་སྦྱོར་བའོ། །འགྱོད་པས་ཉེ་བར་འཇོམས་པའི་གཉེན་པོར་ཤེས་བཞིན་ལ་གནས་པ་ཉིད་ཅེས་པའོ། །བསྒོམ་

པ་ལས་བྱུང་བ་ཡང་མཉམ་པར་གཞག་པའི་དགེ་བ་སྟེ་གང་མཉམ་པར་གཞག་པའི་རང་བཞིན་དང་དེ་དང་ལྷན་ཅིག་གྱུར་པའི་བསོད་ནམས་དེ་བསྒོམ་པ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན་སེམས་ལ་བསྒོ་བའི་ཕྱིར་ཏེ་དེ་ལྟར་ནི་མཉམ་པར་གཞག་པའི་དགེ་བས་མེ་ཏོག་རྣམས་ཀྱིས་ཏིལ་ལྟར་ཡོན་ཏན་

རྣམས་ཀྱི་སེམས་ལ་རྟག་ཏུ་ཤིན་ཏུ་བསྒོ་བར་བྱེད་ཅིང་དེའི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །བསྒོམ་པ་ལས་བྱུང་བ་ཡང་མདོར་བསྡུ་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་ལ་འཇིག་རྟེན་པའི་ལམ་ནི་བསམ་གཏན་རྣམས་དང་གཟུགས་མེད་པ་རྣམས་སོ། །དེ་

རྣམས་དང་འདི་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་རྣམ་པར་གཞག་པ་དང་རྣམ་པར་དག་པ་རྣམས་ཀྱིས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན་ལུང་དུ་མ་བསྟན་པའི་རྩ་བ་བཞི་སྟེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པའོ། །སྲེད་པས་ནི་

བདེ་བའི་རོ་མྱང་བས་ཀུན་ནས་ཉོན་མོངས་ཏེ་ཤིན་ཏུ་སྦྱོང་བའི་བདེ་བ་ལ་རོ་མྱོང་བའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་

เล่ม ๑๐๙ · หน้า 93b

ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་དེའི་ཁྱད་པར་རྟོགས་པས་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པ་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་སྟེ་དེ་ཁོ་ན་ཉིད་མ་རྟོགས་པ་ཐར་པ་འདོད་པ་ཁྱད་པར་ཏེ་རྟོགས་པ་ལ་ཐར་

པའམ་ཐར་པ་མིན་པ་ཞེས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །རྣམ་པར་བྱང་བས་ཅི་ལྟ་བུ་ཞེ་ན། དག་པའི་བསམ་གཏན་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱང་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་རྣམ་པར་བྱང་བ་ཞེས་བརྗོད་དོ། །རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན་བསམ་གཏན་

དང་པོ་ཡན་ལག་ལྔ་པ་ཞེས་པ་ལ་སོགས་པ་རྣམ་པར་གཞག་པས་སོ། །རྣམ་པར་དག་པས་ཅི་ལྟ་བུ་ཞེ་ན། རབ་ཀྱི་མཐའ་ཡས་པའི་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་རྣམ་པར་དག་པ་ཞེས་པའོ། །འཇིག་རྟེན་ལས་འདས་པའི་ལམ་ནི་མཐོང་

བའི་ལམ་དང་བསྒོམ་པའི་ལམ་མོ། །ལམ་གཉིས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡང་སྟེ་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི་འཇིག་རྟེན་ཉིད་དེ། ཡོངས་སུ་གསལ་བའི་འདུ་ཤེས་རབ་ཏུ་རྒྱུ་བ་མེད་པ་ཉིད་

ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་སྲིད་དུ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་རྟོགས་སོ་ཞེས་སོ། །འོ་ན་བསོད་ནམས་བྱ་བའི་དངོས་པོ་ཞེས་པའི་དོན་ཅི་ཞེ་ན་གསུམ་པོ་འདི་ནི་ཇི་ལྟར་རིགས་པར་བསོད་ནམས་ཀྱང་ཡིན་དངོས་

པོའང་ཡིན་པས་བསོད་ནམས་བྱ་བའི་དངོས་པོ་སྟེ། རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་ལུས་ངག་གི་ལས་ནི་འདི་རྣམ་པ་གསུམ་ཆར་དུ་འགྱུར་ཏེ་བསོད་ནམས་ཀྱང་ཡིན་བྱ་བའང་ཡིན་བསོད་ནམས་བྱ་བའི་དངོས་པོའང་ཡིན་ཞེས་པའོ། །དེ་ཀུན་ནས་སློང་བར་

བྱེད་པའི་སེམས་པ་ནི་བསོད་ནམས་ཀྱང་ཡིན་བྱ་བའང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་བསོད་ནམས་ཁོ་ནའོ། །ལུས་ངག་གི་ལས་ནི་ཁོ་ན་དངོས་པོའོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་ངག་གི་ལས་ཁོ་ན་ཡིན་པས་རྣམ་པ་གསུམ་དུ་འགྱུར་རོ། །བསྒོམ་པ་ལས་

เล่ม ๑๐๙ · หน้า 94a

བྱུང་བ་ལ་བྱམས་པ་དང་སྙིང་རྗེ་དག་ནི་བསོད་ནམས་ཀྱང་ཡིན་ལ་བྱ་བའི་དངོས་པོའང་སྟེ། བྱམས་པ་དང་སྙིང་རྗེའི་སྒོ་ནས་དེ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །ཡང་ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བ་སྟེ་བསོད་ནམས་

ལ་སྦྱོར་བའོ། །འདི་རྣམས་ནི་དེའི་དངོས་པོ་སྟེ་འདི་རྣམས་སྒྲུབ་པའི་དོན་དུ་བསོད་ནམས་ལ་རབ་ཏུ་སྦྱོར་བ་རྩོམ་པའི་ཕྱིར་རོ་ཞེས་པའོ། །དེ་ལྟར་དགེ་བ་ལ་སོགས་པ་རྣམ་པར་གཞག་པ་འདི་ནི་ཕལ་ཆེར་གང་ཟག་གཞན་དང་ཐུན་མོང་དུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ནི་ཁྱད་པར་དུའང་རྒྱས་པར་བྱའོ། །དེ་ལ་སྦྱིན་པ་ནི་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་དབྱེ་བ་ལས་རྣམ་པ་གསུམ་མོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་བདག་ཉིད་ཀྱི་བར་དུ་ཡོངས་སུ་གཏོང་བའོ། །ཆང་དང་དུག་དང་མཚོན་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་སྟེར་བ་ནི་

བཀག་པའོ། །གང་དྲག་ཤུལ་ཅན་གྱིས་ཞུས་པར་གསུངས་པ། གལ་ཏེ་འདི་རྣམས་ལ་ཆང་གི་ལྟུང་བ་སྟེར་ན། དེ་རྣམས་དྲན་པ་དང་ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་ཞེས་པ་ནི་དེར་ཆང་སྦྱིན་པའང་དགག་པ་བྱས་ན་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་ཤིན་ཏུ་ལྕི་བ་དང་

སེམས་ཅན་ཡང་དག་པར་བསྡུ་བ་ཉམས་པ་སྟེ་དེ་ལས་གཞན་རབ་ཏུ་དང་བའི་ཐབས་མི་སྲིད་ན་ཆང་སྦྱིན་པར་བྱའོ་ཞེས་པ་དགོངས་པའོ། །མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་སྟེ། གནོད་པ་མ་སྐྱེས་པ་དང་སྐྱེས་པ་ལ་ཕ་རོལ་རྣམས་གདུང་བ་མི་བྱེད་

པའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། མི་སྐྱོ་བར་བསམ་གཏན་རྣམས་བསྐྱེད་ནས་ཕ་རོལ་པོ་རྣམས་ཀྱི་བསམ་པ་ཤེས་ཏེ་ཤེས་རབ་ཀྱིས་ཡང་དག་པའི་དོན་ཇི་ལྟ་བ་སྟོན་པའི་ཕྱིར་རོ། །དེ་ལྟར་ནི་ལན་

ཅིག་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ནུས་པ་མེད་པ་ལ་དང་པོར་བདག་ལ་སོགས་པ་བསལ་བས་ཕྱི་རོལ་གྱི་དོན་ལ་བཀོད་ནས་དེའི་རྗེས་སུ་ཁམས་གསུམ་པ་སེམས་ཙམ་དུ་རྟོགས་པ་ལ་སྦྱར་བ་བྱས་ཏེ། དེའི་རྗེས་སུ་ཡང་དག་པའི་དོན་ལ་བྱ་བ་རྣམས་རུང་བ་དང་མི་རུང་བ་

เล่ม ๑๐๙ · หน้า 94b

ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་ཀུན་རྫོབ་གཉིས་པོ་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བ་རང་གི་རྒྱུ་སྔ་མ་སྔ་མ་ལ་རག་ལས་པར་བསྟན་ནས་ཡང་དག་པའི་ཀུན་རྫོབ་ལ་གནས་ཏེ་ཇི་ལྟར་མཐོང་བ་ལྟར་སྒྱུ་མའི་སྐྱེས་བུ་ལྟ་བུས་སྦྱིན་པ་ལ་སོགས་པ་ལ་སྤྱད་པར་བྱའོ། །དོན་

དམ་པར་སྐྱེ་བ་མེད་པ་གཞན་གྱིས་བསྟན་བྱ་མ་ཡིན་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་པ་འདི་ལྟ་བུའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་བྱེད་དོ་ཞེས་ཁྱད་པར་དང་བཅས་པ་འཆད་པར་འགྱུར་རོ། །དེའི་ཕྱིར་ཕ་

རོལ་ཏུ་ཕྱིན་པ་དྲུག་ཀྱང་སྦྱིན་པའོ་ཞེས་བརྗོད་པར་བྱའོ། །གང་འཕགས་པ་ཐོགས་མེད་ཀྱིས་གསུངས་པ། ཕར་ཕྱིན་དྲུག་ཀྱང་སྦྱིན་པ་ཡི། །ཟང་ཟིང་མི་འཇིགས་ཆོས་ལས་ཏེ། །གཅིག་དང་གཉིས་དང་གསུམ་གྱིས་ནི། །བསྒྲུབ་བྱ་དེ་ལ་གནས་མི་བྱ། །ཞེས་སོ། །ཚུལ་ཁྲིམས་

རྣམ་པ་གསུམ་ནི་བརྗོད་ཟིན་ཞིང་འཆད་པར་འགྱུར་རོ། །བཟོད་པ་ནི་ཆོས་ལ་ངེས་པར་སེམས་པ་དང་སྡུག་བསྔལ་དང་དུ་ལེན་པ་དང་ཕ་རོལ་གནོད་པ་བྱེད་པ་ལ་ཇི་སྙམ་པའི་བདག་ཉིད་དེ་རྣམ་པ་གསུམ་མོ། །བརྩོན་འགྲུས་ཀྱང་གོ་ཆ་དང་དགེ་བ་དང་སེམས་ཅན་གྱི་དོན་ལ་སྦྱོར་བའི་དབྱེ་བ་ལས་

དེ་ལྟར་ཉིད་དོ། །བསམ་གཏན་ནི་ཡོན་ཏན་དང་སེམས་ཅན་གྱི་དོན་དང་ཉོན་མོངས་པའི་གཉེན་པོ་དང་བདེ་བ་མངོན་པར་སྒྲུབ་པ་སྟེ་སྔ་མ་བཞིན་ནོ། །ཡོན་ཏན་ནི་མངོན་པར་ཤེས་པ་དང་འཕགས་པ་དང་ལྷ་དང་ཚངས་པའི་གནས་ལ་སོགས་པ་རྣམས་སོ། །ཇི་སྐད་དུ་གསུངས་པ། ཆོས་

ཐམས་ཅད་ནི་ཏིང་ངེ་འཛིན་གྱི་སྒོ་ཅན་ཞེས་སོ། །འཕགས་པའི་གནས་པ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་ཏེ་དེས་རང་དབང་ཉིད་དོ། །ལྷའི་གནས་པ་ནི་བསམ་གཏན་ལ་སོགས་པ་ལ་གནས་པ་སྟེ་དེས་སེམས་དབང་དུ་གྱུར་པ་ཉིད་དོ། །བདེ་བ་ནི་བསམ་

གཏན་གྱི་འབྲས་བུ་གནོད་པ་མེད་པ་དང་བདེ་བ་ཉེ་བར་སྐྱེ་བའི་ཕྱིར་རོ། །ཤེས་རབ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་སེམས་ཅན་གྱི་དོན་མཐའ་དག་ལ་དམིགས་པའི་དབྱེ་བ་ལས་རྣམ་པ་གསུམ་མོ། །བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ཉིད་ལས་རྟེན་དམ་པ་ཉིད་དོ། །དངོས་པོ་མཐའ་

เล่ม ๑๐๙ · หน้า 95a

དག་ལ་ཀུན་དུ་སྤྱོད་པ་ལས་དངོས་པོ་དམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དབང་དུ་བྱས་པ་ཉིད་ལས་ཆེད་དུ་བྱ་བ་དམ་པ་ཉིད་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་ལས་ཐབས་ལ་མཁས་པ་དམ་པ་ཉིད་དང་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཉིད་ལས་ཡོངས་སུ་བསྔོ་བ་དམ་པ་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་བསྒྲིབས་པ་མེད་པ་ཡང་དག་པར་འགྲུབ་པ་ལས་རྣམ་པར་དག་པ་དམ་པ་ཉིད་དེ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་སོ་སོ་རྣམས་ཀྱི་མཚན་

ཉིད་དོ་ཞེས་འཕགས་པ་ཐོགས་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པས་ལོངས་སྤྱོད་ལ་མངོན་པར་དགའ་བ་མེད་དེ་ལྟོས་པ་མེད་པའི་ཕྱིར་རོ། །སྦྱིན་པ་པོ་འདི་སྤྱོད་ལ་ལྟ་བ་དང་བྲལ་ཡང་སྦྱིན་པས་ལོངས་སྤྱོད་མཆོག་ཏུ་མང་པོ་དང་བཟང་པོ་ཉེ་བར་གནས་པར་བྱེད་ཅིང་འདི་ནི་

ཆོས་ཉིད་ཡིན་ཏེ་སེམས་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། བདག་གི་ལུས་ཀྱང་ཇི་ལྟར་འདོད་པར་ལོང་། །འདི་ལ་གཞན་གྱི་བློར་ཡང་མ་བྱེད་ཅིག །གང་ཕྱིར་འདི་ཀུན་མཁྱེན་རྣམས་རང་ཉིད་ཀྱིའོ། །བདག་ལ་འདིར་བདག་མངོན་རློམ་ཅི་ཡང་མེད། །ཅེས་པ་དེ་ལྟར་བྱང་

ཆུབ་སེམས་དཔའ་གཏོང་བ་ཆེན་པོ་ལ་རབ་ཏུ་འཇུག་གོ། །དེ་ཕྱིར་ཐམས་ཅད་ནས་ནི་སྐྱོན་ཀུན་བཏང་བྱས་ནས། །བྱང་ཆུབ་དོན་གཉེར་ཐམས་ཅད་ཚེ་ན་ཀུན་སྟེར་འགྱུར། །འཇིག་རྟེན་བསྐྱབ་ལ་གཅིག་ཏུ་པད་མིན་སེམས་ག་ལ། །བྱ་བས་སྐྱེ་ལས་སྤུངས་མེད་འདིའང་ག་ལ་

ཉིད། །ཅེས་སོ། །རྒྱལ་པོའི་རིན་པོ་ཆེའི་ཕྲེང་བར་ཇི་སྐད་དུ་གསུངས་པ། གོམ་པ་བདུན་པའི་དུས་སུ་ཡང་། །བདོག་པ་ཀུན་གཏོང་སེམས་འཆང་བའི། །བྱང་ཆུབ་སེམས་དཔའ་མཁའ་ལྟ་བུར། །དཔག་མེད་བསོད་ནམས་ཆུ་བོ་བསྐྱེད། །ཅེས་སོ། །ཚུལ་ཁྲིམས་ནི་ཡང་དག་པར་

བླངས་པས་བསླབ་པ་རྣམས་ལ་ཤིན་དུ་གུས་པ་ཉིད་དོ། །བཟོད་པ་དང་བརྩོན་འགྲུས་ཀྱི་རིམ་པ་བཞིན་སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་དང་དགེ་བ་ལ་སྦྱོར་བ་གཉིས་ལ་མི་སྐྱོ་བའོ། །བསམ་གཏན་དང་ཤེས་རབ་དག་གིས་རྣམ་པར་མི་རྟོག་པའི་རྣལ་

เล่ม ๑๐๙ · หน้า 95b

འབྱོར་ཞི་གནས་དང་ལྷག་མཐོང་ཡང་དག་པར་བསྡུས་སོ། །འདི་ཙམ་ཡང་ཐེག་པ་ཆེན་པོ་མཐའ་དག་གོ། །དེ་ལས་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །བསམ་གཏན་ལྷག་པའི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའི་ཤེས་རབ་

བོ། །བརྩོན་འགྲུས་ནི་བསླབ་པ་གསུམ་རྣམས་སུ་ཡང་སྟེ་བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་དེ་རྣམས་ཀྱི་གོ་རིམས་བསྟན་ཏོ། །སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི་ཕྱིར་ཏེ་གང་གི་ཕྱིར་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི་ཚུལ་

ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་པ་ནི་བཟོད་དོ། །བཟོད་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པ་ནི་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ། །སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་དོ། །སྔ་མ་དམན་

པ་ཉིད་ཀྱི་ཕྱིར་དང་ཕྱི་མ་མཆོག་ཉིད་ཀྱི་ཕྱིར་ཡང་སྟེ་སྦྱིན་པ་དམན་ལ་ཚུལ་ཁྲིམས་མཆོག་ནས་བསམ་གཏན་དམན་ལ་ཤེས་རབ་མཆོག་གི་བར་གྱི་ཕྱིར་རོ། །སྔོན་མ་རགས་ལ་ཕྱི་མ་ཕྲ་བ་ཉིད་ཀྱི་ཕྱིར་ཡང་སྟེ། སྦྱིན་པ་ནི་རགས་ཏེ་འཇུག་སླ་བའི་ཕྱིར་དང་བྱ་བླ་བའི་ཕྱིར་ལ་ཚུལ་ཁྲིམས་ནི་

ཕྲ་བ་སྟེ་བཟློག་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་དུའོ། །འདི་རྣམས་ཀྱང་རིམ་པ་བཞིན། ཆོས་སྦྱིན་ཚུལ་ཁྲིམས་རྣམ་དག་དང་། །མི་སྐྱེ་བ་ལ་བཟོད་ཉིད་དང་། །ཐེག་པ་ཆེ་ལ་བརྩོན་འགྲུས་རྩོམ། །མཐའ་ལ་སྙིང་རྗེ་ལྡན་གནས་དང་། །ཤེས་རབ་ཕ་རོལ་ཕྱིན་ཞེས་

པ། །བློ་ལྡན་རྣམས་ཀྱི་གཙོ་བོར་འདོད། །མཐའ་ནི་བསམ་གཏན་བཞི་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་མ་རྡོ་རྗེ་གཅོད་པར་གསུངས་པ། རབ་འབྱོར་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་གང་གཱའི་ཀླུང་རྣམས་སུ་གྱུར་ལ། གང་གཱའི་ཀླུང་དེ་རྣམས་ཀྱི་བྱེ་མ་ཇི་སྙེད་པ་དེ་

སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སྐྱེས་པའམ་བུད་མེད་ལ་ལ་ཞིག་ཁོ་ནས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་ལ། གང་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་

เล่ม ๑๐๙ · หน้า 96a

ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་བཟུང་ནས་གཞན་རྣམས་ལ་སྟོན་པར་བྱེད་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལ་ཚད་མེད་ཅིང་གྲངས་མེད་དོ། །གཞན་ཡང་གང་དུ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་སྟོན་པའི་ས་

ཕྱོགས་དེ་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་མཆོད་རྟེན་དུ་གྱུར་པ་ཡིན་ན་གཟུང་བ་ལ་སོགས་པ་རྣམས་ལ་ལྟ་ཅི་སྨོས་སོ་ཞེས་སོ། །དཔེར་བརྗོད་པ་གཞན་ཡང་མདོ་ཇི་བཞིན་ནོ། །གྲངས་དྲུག་ཅེས་རྣམ་པར་གཞག་པ་ནི་མི་འཕགས་པའི་རྒྱུ་ལོངས་སྤྱོད་དང་ཁྱིམ་ལ་

ཞེན་པའི་གཉེན་པོར་གོ་རིམས་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྡོག་པའི་རྒྱུ་འཁོར་བའི་སེམས་ཅན་གྱི་ལོག་སྒྲུབ་ལས་སྐྱེས་པའི་སྡུག་བསྔལ་དང་དུས་རིང་པོར་དཀར་པོའི་ཕྱོགས་ལ་རབ་ཏུ་སྦྱོར་བས་ཡོངས་སུ་སྐྱོ་བའི་གཉེན་པོར་གྲངས་ཇི་ལྟ་བར་

བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་པའི་རྒྱུ་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་པའི་གཉེན་པོར་དེ་བཞིན་དུ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ་ཞེས་པ་དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་རྣམ་པར་གཞག་པ་ལས་སོ། །

ཕ་རོལ་ཏུ་ཕྱིན་པ་གཞན་གྱི་མི་མཐུན་པའི་ཕྱོགས་རྩ་བ་དང་བཅས་པ་སྤོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྟེ། ཤེས་རབ་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཉིད་ཀྱིས་ཐམས་ཅད་དུ་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་རྣམས་འཁོར་གསུམ་མི་དམིགས་པ་མེད་

པ་ནི་སེར་སྣ་ལ་སོགས་པ་བསྐྱེད་པའི་རྒྱུ་རྟོག་པ་སེལ་བར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་མཐུ་ཉིད་ཀྱིས་ཡོངས་སུ་བསྔོ་བའི་ཁྱད་པར་རྣམས་ཀྱིས་ཕ་རོལ་ཏུ་འགྲོ་བ་ལ་སྦྱར་བ་གནས་སུ་བཅུག་པ་ཉིད་ཀྱི་ཕྱིར་སྦྱིན་པ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པར་བསྟན་པ་ཐོབ་

ཀྱིས་ཅིག་ཤོས་ལྟར་ན་མ་ཡིན་ནོ། །སྦྱིན་པ་ལ་སོགས་པ་རྣམས་གསུམ་དུ་དམིགས་པ་ཡོད་ན་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་ཉེ་བར་བསྟན་ཏོ། །དེ་བཞིན་དུ་རྣམ་པར་མི་གཡེང་བའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་བཞི་རྣམས་ཀྱིས་རྣམ་པར་མི་གཡེང་བའི་ཕ་རོལ་ཏུ་ཕྱིན་པ་གཅིག་

เล่ม ๑๐๙ · หน้า 96b

འགྲུབ་ལ། རྣམ་པར་མི་གཡེང་བ་གང་ལ་བརྟེན་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་རྟོགས་པ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འབྱུང་ངོ་ཞེས་དེ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གཞིའི་གནས་ཀྱི་ཕྱིར་གྲངས་རྣམ་པར་གཞག་གོ། །དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་དག་གི་ཕ་རོལ་གྱི་འབྲས་བུ་གོང་དུ་བརྗོད་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་ཉིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལོངས་སྤྱོད་ལ་སོགས་པ་མི་ཆོད་པ་ཉིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གནོད་པ་མེད་པའི་ལུས་སྐྱེ་བ་སྟེ་འབྲས་བུ་

གཞན་ཡང་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་པོ་རྣོ་བ་ཉིད་དང་བདེ་བ་དང་ཡིད་བདེ་བ་མང་པོ་ཉིད་དོ། །སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་བ་ཡང་ངོ་། །མཐོང་བའི་ཆོས་ཀྱིས་ནི་འདི་རྣམས་ཐམས་ཅད་ཀྱི་གཞི་རབ་ཏུ་དང་བ་དང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའོ་

ཞེས་འབྲས་བུ་ལས་རྣམ་པར་གཞག་གོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྗེས་སུ་འཛིན་པའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་གནོད་པ་མི་བྱེད་པའི་ཕྱིར་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་བཟོད་པའི་ཕྱིར་དང་། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པས་བྱ་བ་མཆོག་ཏུ་འགྲུབ་པར་བྱེད་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་རུང་བར་བྱས་ནས་སེམས་རྣམ་པར་གཡེང་བ་རྣམས་མཉམ་པར་གཞག་པའི་ཆེད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་མཉམ་པར་གཞག་པ་རྣམས་རྣམ་པར་གྲོལ་བའི་ཆེད་དུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པས་འདོམས་པའི་ཕྱིར་ཡོངས་སུ་སྨིན་པར་བྱེད་པས་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པའི་ཕྱིར་ཡང་གྲངས་རྣམ་པར་གཞག་གོ། །སྙིང་རྗེས་གདུངས་པར་གྱུར་པས་ཐབས་སུ་གྱུར་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱིས་རྗེས་སུ་

བཟུང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དེའི་ཚེ་ཉིད་བདེ་བ་ཉེ་བར་སྡུད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕྱི་མར་བདེ་བ་ཉེ་བར་སྡུད་པ་དང་། སྲན་ཚུགས་པ་དང་སྤྲོ་བ་དང་སེམས་རྩེ་གཅིག་པའི་མཐའ་གཅིག་ཏུ་འབྲས་བུ་ཐོབ་པ་ཉེ་བར་བླངས་ནས་བཟོད་པ་དང་། བརྩོན་འགྲུས་

เล่ม ๑๐๙ · หน้า 97a

དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་མཐའ་གཅིག་ཏུ་བདེ་བ་ཉེ་བར་སྡུད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གཏན་དུ་བདེ་བ་ཉེ་བར་སྡུད་པས་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་དང་ལྡན་པས་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དང་།

འཛུད་པ་དང་རབ་ཏུ་དགོད་པ་རྣམས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་སྟེ་ཕ་རོལ་ཏུ་ཕྱིན་པ་གསུམ་དང་། བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཆ་ཤས་ནི་བསོད་ནམས་ཀྱི་ཚོགས་ཏེ་གཟུགས་ཀྱི་སྐུའི་རྒྱུའོ། །

ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆ་ཤས་ཏེ་ཆོས་ཀྱི་སྐུའི་རྒྱུའོ། །མདོར་བསྡུ་ན་སྙིང་རྗེས་ལས་ཐམས་ཅད་སེམས་ཅན་གྱི་དོན་ཉིད་ལས་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱིས་བྱང་ཆུབ་ཀྱི་དོན་ཉིད་

ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་འདི་རྣམས་རེ་རེ་ལ་སྤྱོད་པས་ཀྱང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་སྒོམ་པ་ཡོངས་སུ་རྫོགས་པ་སྒྲུབ་པར་བྱེད་དོ་ཞེས་པ་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡང་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། རབ་འབྱོར་

འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་ཞིང་སེམས་ཅན་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་ལེན་པ་པོ་རྣམས་གཤེ་བ་དང་སྨོད་པ་ལ་སོགས་པ་བཟོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །

དེ་ཉིད་ཀྱི་སློང་བ་པོ་ཁྲོ་བ་དང་མཚང་འབྲུ་བ་ལ་སོགས་པ་རྣམས་ཀྱིས་སྦྱིན་པ་ལ་སྤྲོ་བ་ཡོངས་སུ་མི་འདོར་བ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་རྣམ་པར་གཡེང་བའི་སེམས་མེད་

པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྒྱུ་མའི་བློས་ཉེ་བར་གནས་པས་སྦྱིན་པ་བྱིན་པ་ལས་སུ་ལ་ཡང་ཕན་འདོགས་པ་དང་གནོད་པ་མི་མཐོང་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོར་ཡང་གསུངས་པ། བློ་གྲོས་རྒྱ་མཚོ་འདི་ལྟར་ཆོས་

เล่ม ๑๐๙ · หน้า 97b

བགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱིས་གདུངས་པ་བཟོད་དོ། །དེ་བཞིན་དུ་སྦྱར་ཏེ་གང་ལུས་ཡོངས་སུ་འདོར་བ་དང་ལུས་ཡོངས་སུ་གཏོང་བ་དང་ལུས་ལ་ལྟོས་པ་མེད་པ་འདི་ནི་འདིའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་སེམས་ཅན་ཐམས་

ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི་ནི་འདིའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་འདིའི་ལུས་གཅོད་པར་བྱེད་པ་དེ་རྣམས་ཉིད་ཀྱི་ཐར་པའི་དོན་དུ་བཟོད་པར་བྱེད་ཅིང་སེམས་ཀྱིས་རྨ་མི་འབྱིན་པ་འདི་ནི་འདིའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་

འགྲུས་གང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་དེ་མི་གཏོང་ཞིང་སེམས་ཀྱིས་སྟོབས་བསྐྱེད་པའང་རབ་ཏུ་འཛིན་ལ་འཁོར་བའི་རྗེས་སུ་འབྲེལ་པར་བྱེད་དགེ་བའི་རྩ་བ་བརྩམས་པ་ཉིད་ཀྱང་རྩོམ་པ་འདི་ནི་འདིའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་འཐོར་བ་ན་ཐམས་ཅད་

མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེ་མི་གཏོང་ཞིང་བྱང་ཆུབ་ཉིད་ལ་ལྟ་བར་བྱེད་ཞི་བ་རབ་ཏུ་ཞི་བ་ཉིད་དུ་སོ་སོར་རྟོག་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་ལུས་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་འདི་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འདི་

བཞིན་དུ་ཚུལ་ཁྲིམས་བསྲུང་བ་དང་། ཤེས་རབ་བསྒོམ་པ་ཇི་སྲིད་པ་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཡང་དག་པར་བསྡུས་པར་རིག་པར་བྱའོ། །འདི་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གོ་ཆའི་སྒྲུབ་པ་སྟེ་རྩེ་མོའི་མངོན་པར་རྟོགས་པར་སྐད་ཅིག་གཅིག་པ་མཐོང་

བའི་ལམ་མོ། །དེ་ལ་རྫས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མིང་གིས་བཅུར་འགྱུར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཁྱད་པར་གྱི་རྣམ་པར་ཞུགས་པ་རྣམས་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་བརྗོད་པར་ཤེས་པར་བྱའོ། །དེ་ལྟར་ནི་ཕ་རོལ་ཏུ་

ཕྱིན་པ་དྲུག་གིས་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཐབས་དེས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་གྲངས་མེད་པ་སྟེ།

เล่ม ๑๐๙ · หน้า 98a

གང་གིས་སྐྱེ་བ་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་པའི་སྟོབས་དང་སོ་སོར་རྟོག་པའི་སྟོབས་ཏེ། གང་གིས་ཉི་མ་སོ་སོའམ་སྐད་ཅིག་སོ་སོར་དེ་རྣམས་ལ་སྤྱོད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་ཆེན་པོ་

དགོངས་པ་ཇི་ལྟ་བ་དང་སྒྲ་ཇི་ལྟ་བར་ཡོངས་སུ་ཤེས་པའོ། །སེང་གེ་བཟང་པོ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་མ་ཡིན་ཞེས་བརྗོད་པ་ནི་ཤིན་ཏུ་བབ་ཆོལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་བཅུ་བཞི་པ་ལ་སོགས་པ་སེམས་བསྐྱེད་པ་བདུན་གྱི་ངོ་བོ་ནི་ཡེ་ཤེས་

ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཁོ་ན་ཡིན་པས་དེར་ཐམས་ཅད་དུ་རྣམ་པར་རྟོག་པ་རྣམས་ཀུན་དུ་སྤྱོད་པ་ཅུང་ཟད་ཀྱང་མི་སྲིད་ལ། མཐར་བག་ཆགས་ཀྱང་མ་ལུས་པར་ནུབ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ལས་

འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པའི་ཤེས་པ་ག་ལ་ཡིན། དག་པ་ཉིད་ཀྱང་ཅི་ཞེ་ན་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་མེད་པ་ཡིན་ལ། རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ་འདི་ནི་རང་ཉིད་མ་རིག་པའི་ངོ་བོ་ཉིད་དུ་གྱུར་པ་དང་གང་ལས་

རང་གི་རྣམ་པ་ལ་ཕྱི་རོལ་གྱི་ངོ་བོར་སྒྲོ་བཏགས་ནས་འཇུག་པ་ཡིན་ནོ། །སྒྲོ་འདོགས་པ་མ་ཡིན་ནའང་ཅི་ལྟར་འདི་རྣམ་པར་རྟག་པ་ཡིན་ཞེས་ཤིང་རྟ་ཆེན་པོ་རྣམས་ཀྱིས་ངེས་པར་དཔྱད་དོ། །གལ་ཏེ་རྣམ་པར་མི་རྟོག་པ་ལ་རང་བཞིན་པའི་བྱ་བ་དང་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པའི་

ཕྱིར་རོ། །དེ་ཚེ་བྱ་བ་ལ་འཇུག་པ་མེད་དེ་དེ་ནི་རྣམ་པར་རྟོག་པ་དང་འབྲེལ་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་ཤིང་གི་རང་བཞིན་གྱི་སྐྱེས་པ་དང་བུད་མེད་ཀྱི་འཁྲུལ་འཁོར་བཞིན་དུ་ཡོད་པ་ཙམ་ལས་དེར་རབ་ཏུ་འཇུག་པའི་ཕྱིར་རོ། །དེར་ནི་འཁྲུལ་འཁོར་མཁན་གྱི་རྣམ་པར་རྟོག་པ་རྒྱུ་ཡིན་ལ་

འདིར་ནི་དེ་ལྟ་མ་ཡིན་ཞེས་པར་ཡང་དོགས་པ་མི་བྱ་སྟེ། དེར་ཡང་སྔོན་གྱི་སྨོན་ལམ་གྱིས་འཕེན་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་ནི་རང་ཡོད་པ་ཙམ་ལས་ཐ་དད་པའི་བྱ་བ་གཞན་མེད་པ་ཁོ་ན་ཡིན་ལ་དེ་ཅིག་ཤོས་ལ་ཡང་ཁྱད་པར་མེད་དོ། །རྣམ་པར་རྟོག་པའི་ཤེས་པ་རྒྱུ་ནུབ་པ་

เล่ม ๑๐๙ · หน้า 98b

གོམས་པ་དང་ལྡན་པ་རྣམས་རང་ཉིད་ཀློག་པ་ལ་སོགས་པའི་བྱ་བ་ལ་འཇུག་པ་ཡང་མཐོང་ངོ་ཞེས་སོ། །རྣམ་པར་རྟོག་པ་མེད་པ་ལ་སྤྱོད་པ་འདིའི་ཕན་ཡོན་ཡང་གསུངས་པ། གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་བདུད་དུ་གྱུར་ལ་བདུད་རེ་རེས་ཀྱང་བ་

སྤུའི་བུ་ག་རེ་རེ་ནས་བྱུང་བའི་བདུད་ཀྱི་ལུས་ཚད་དེ་སྙེད་མངོན་པར་སྤྲུལ་མོད། །དེ་ལྟ་ན་ཡང་རྣམ་པར་རྟོག་པ་མེད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་མི་ནུས་སོ་ཞེས་སོ། །འཕགས་པ་ས་བཅུ་པར་ཡང་ཁམས་གསུམ་པའི་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པར་

བྱེད་པའི་སྟོབས་སྟོང་པ་ཉིད་ཀྱི་དོན་གྱི་རྡོ་རྗེ་ཆེན་པོས་འཇོམས་པར་བྱེད་པ་རྣམས་འདུལ་ལོ་ཞེས་པ་དང་སྟོང་པ་ཉིད་ཀྱི་རྡོ་རྗེས་ཀྱང་དེ་རྣམས་རབ་ཏུ་གཞོལ་བར་བྱའོ་ཞེས་གསུངས་སོ། །བདུད་དང་མུ་སྟེགས་བྱེད་ལ་སོགས་པའི་སྟོབས་སྟོང་པ་ཉིད་ཀྱིས་སྣང་བ་མེད་པར་བྱེད་པ་ནི་རབ་ཏུ་འཇོམས་

པའོ། །རིགས་པ་དྲུག་ཅུ་པར་ཡང་། ཇི་སྲིད་ཡིད་ནི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །བདུད་ཀྱིང་རྣམ་པ་བཞིའོ། །དེ་ལ་ཕུང་པོའི་བདུད་ནི་རྟེན་གྱི་བདུད་དེ་གང་ལས་དེ་རྣམས་སུ་འཆི་བའོ། །ཉོན་མོངས་པའི་བདུད་ནི་བྱེད་པའི་བདུད་དེ་གང་གི་ཕྱིར་དེ་

རྣམས་ཀྱིས་འཆི་བའོ། །འཆི་བདག་གི་བདུད་ནི་རང་བཞིན་གྱི་བདུད་དེ་དངོས་པོ་ལ་གྷ་ཉའོ། །ལྷའི་བུའི་བདུད་དེ་བདུད་རྣམ་པ་གསུམ་རབ་ཏུ་སྤོང་བ་ལ་སྦྱོར་བ་རྣམས་ཀྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ་ཞེས་སོ། །དེ་ལ་སྦྱིན་པའི་མཚན་ཉིད་བརྗོད་ཟིན་ཏེ་རྣམ་པ་གསུམ་ཡང་ངོ་། །

ཚུལ་ཁྲིམས་ནི་བདག་དང་གཞན་ལ་ཕན་འདོགས་པར་རབ་ཏུ་འཇུག་པའི་ཕྱིར་ན་འགྱོད་པ་མེད་ཅིང་རབ་ཏུ་དགའ་བའི་སྦྱོར་བས་ཉོན་མོངས་པ་དང་དུ་མི་ལས་སྡིག་པ་མི་འཇུག་པས་སམ་སེམས་ལ་འགྱོད་པའི་མི་ཉེ་བར་ཞི་བས་སེམས་བསིལ་བར་བྱེད་པའོ། །ཡང་ན་བདེ་བའི་རྒྱུ་ཉིད་ཀྱིས་དམ་

པ་རྣམས་ཀྱིས་བསྟེན་པར་བྱ་བ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་སོ། །དེ་རྣམ་པ་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ་ཞེས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྡོག་པའི་ཚུལ་ཁྲིམས་ཀྱང་ངོ་། །

เล่ม ๑๐๙ · หน้า 99a

དེ་ཡང་སྤོང་བ་རྣམ་པ་བདུན་གྱི་མཚན་ཉིད་ཅན་དེ་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། ཡང་དག་པའི་ལྟ་བ་རྣམས་ཏེ་ཆོས་གསུམ་ནི་དེ་རྣམས་ཀུན་ནས་སློང་བར་བྱེད་པའོ་ཞེས་པ་དང་། ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་

བྱས་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སུ་འགྱུར་རོ་ཞེས་པ་སྟེ་དེ་རྒྱས་པར་བརྗོད་ཟིན་ཏོ། །མ་བརྗོད་པ་གང་རྣམས་ལས་ལྡོག་པ་སྲོག་གཅོད་པ་ལ་སོགས་པ་དེ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་ནི་བརྗོད་པར་བྱའོ། །དེ་ལ་སྲོག་ཆགས་ཕ་རོལ་པོ་བསད་པ་ནི་སྲོག་གཅོད་པའི་

དངོས་གཞིའི་ལས་ཀྱི་ལམ་ཡིན་ལ་ཡན་ལག་ལྔ་ནི་སྲོག་ཆགས་དང་སྲོག་ཆགས་སུ་འདུ་ཤེས་པ་དང་གསོད་པར་འདོད་པ་དང་སྦྱོར་བ་བྱས་པ་དང་ཤི་བའོ། །གལ་ཏེ་འདི་བསད་དོ་སྙམ་དུ་འདུ་ཤེས་པས་ཕ་རོལ་གསོད་ནའོ། །གང་བསད་པར་འདོད་པ་དེ་ཉིད་བསད་ན་སྟེ་གཞན་

མ་ཡིན་ནོ། །དེ་ཡང་སྦྱོར་བ་དེས་དེ་མ་ཐག་གམ་ཕྱིས་ཤི་ནའོ། །འོ་ན་གང་དུ་དམག་གིས་གདབ་པ་དང་རི་དགས་ཀྱི་ལིངས་ལ་སོགས་པ་རྣམས་སུ་ཕ་རོལ་པོ་རྣམས་གསོད་པའི་ཆེད་དུ་ཚོགས་པ་མང་པོ་འདུས་པ་དེར་གཅིག་གིས་སྲོག་ཆགས་གསོད་པར་བྱེད་ན་ཅི་དེ་ཉིད་གཅིག་

པུ་ཁ་ན་མ་ཐོ་བ་དེ་དང་ལྡན་པར་འགྱུར་རམ་འོ་ན་ཏེ་ཐམས་ཅད་འགྱུར་ཞེ་ན། ཐམས་ཅད་དེ་རྣམས་བྱ་བ་གཅིག་པའི་ཕྱིར་རོ། །འདོད་པ་མེད་པ་ལས་གཞན་ལ་སྟེ་གང་ཞིག་ནན་གྱིས་ཁྲིད་པ་ཡང་སྲོག་ཆགས་མི་བསད་དོ་ཞེས་པ་དེ་ལྟར་ངེས་པར་བྱས་ཏེ་འགྲོ་བ་དེ་ལ་བྱ་བ་གཅིག་པ་ཉིད་

མེད་པའི་ཕྱིར་རོ། །འདི་བཞིན་དུ་མ་བྱིན་པར་ལེན་པ་ལ་ཡང་རིག་པར་བྱའོ། །འོ་ན་གང་ཐེ་ཚོམ་གྱིས་གསོད་པར་བྱེད་པ་ཅི་འདི་སྲོག་ཆགས་སམ་འོན་ཏེ་མ་ཡིན་དེ་ཉིད་འདི་འམ་འོན་ཏེ་གཞན་ཞེས་པ་དེའི་འདི་ཅི་ལྟར་ལས་ཀྱི་ལམ་དུ་འགྱུར་ཏེ་ངེས་པ་མེད་པའི་ཕྱིར་རོ་ཞེ་ན། འགྱུར་ཏེ་གལ་ཏེ་

གང་སུ་ཡིན་ཡང་རུང་དེ་ཡིན་ཡང་རུང་སྙམ་དུ་བྱས་ནས་བསྣུན་ཞིང་དེ་ཡང་དེ་ལས་ཤི་ནའོ། །དེ་མ་ཡིན་པ་ལ་དེར་འདུ་ཤེས་པ་ནི་འགྱུར་ཏེ། དེ་ལ་བསད་པའི་བསམ་པ་མེད་པའི་ཕྱིར་དང་སྦྱོར་བ་མ་ཡིན་པའི་ཕྱིར་རོ། །འགའ་ཞིག་བློ་སྔོན་དུ་མེད་ཀྱང་བསད་པ་ལས་བྱེད་པ་པོ་ལ་ཆོས་མ་ཡིན་

เล่ม ๑๐๙ · หน้า 99b

པ་ཡོད་པ་མ་ཡིན་ནམ་དཔེར་ན་མེ་དང་རེག་པ་ལས་སྲེག་པ་བཞིན། དེའི་ཕྱིར་འདིར་གསོད་སེམས་ནི་ཅི་དགོས་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་གསོད་པའི་བསམ་པ་དང་སྡུག་བསྔལ་བསྐྱེད་པའི་བསམ་པ་ལ་མེད་པ་ལའང་བྱ་བ་དང་འབྲེལ་པ་ཙམ་ལས་བྱེད་པ་པོ་ལ་ཆོས་

མ་ཡིན་པ་སྐྱེ་བར་འདོད་ན། དེའི་ཚེ་འདིར་སུས་ཀྱང་སུ་ལ་ཡང་ཅི་ཡང་མི་བྱ་སྟེ། ཟ་བ་པོ་གསུད་དེ་ཤི་བ་ན་ཟར་འཇུག་པ་པོ་སྲོག་རྗེས་སུ་གཟུང་བར་འདོད་པ་ལ་ཡང་ཆོས་མ་ཡིན་པར་ཐལ་བའི་ཕྱིར་དང་། སྨན་པ་ནད་པ་རྣམས་ལ་རྗེས་སུ་མཐུན་པའི་བྱ་བ་རྣམས་ནད་མེད་པ་དང་བདེ་བ་བསྐྱེད་

པར་འདོད་པས་སྲེག་པ་དང་བཅས་པ་ལ་སོགས་པ་བྱེད་པ་རྣམས་ཀྱི་འང་ཆོས་མ་ཡིན་པར་ཐལ་བའི་ཕྱིར་སུས་ཀྱང་བཟར་གཞུག་པར་མི་བྱ་ལ་སྨན་དཔྱད་ལ་སོགས་པའང་མི་བྱའོ། །དེའི་ཕྱིར་ཅི་ཞིག་ལྟར་ཤི་བར་གྱུར་པ་ལའང་མེས་རང་གི་རྟེན་སྲེག་པ་བཞིན་བདག་ཉིད་ལའང་ཆོས་མ་ཡིན་

པར་ཐལ་བའི་ཕྱིར་རོ། །དེའི་བསམ་པ་ཅན་བྱེད་དུ་བཅུག་པ་ལས་མི་འགྱུར་ཏེ་ཕ་རོལ་པོ་མེ་ལ་རེག་ཏུ་བཅུག་པ་ལས་ཚ་བ་ཉམས་སུ་མྱོང་བ་ཅུང་ཟད་ཀྱང་མེད་དོ་ཞེས་པས་འདི་ནི་གང་ཅི་ཡང་མ་ཡིན་ནོ། །འོ་ན་ཕ་རོལ་པོ་བྱེད་དུ་བཅུག་པ་ལ་ཅི་ལྟར་ལས་ཀྱི་ལམ་དུ་འགྱུར་ཏེ་སྦྱོར་བ་མེད་པའི་

ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་བཀའ་བསྒོས་པའི་ཕྱིར་རོ། །དེ་ཉིད་འདིའི་སྦྱོར་བ་སྟེ་གང་འདི་ཕ་རོལ་པོ་གསོད་པ་ལ་སྦྱོར་བ་བཀའ་བསྒོས་པ་ཡང་སྦྱོར་བའི་ཕྱིར་དང་། གང་དེས་བཀའ་བསྒོས་པ་འདི་རབ་ཏུ་སྦྱོར་ལ་དེ་ཉིད་སྦྱོར་བ་པོའི་སྦྱོར་བ་སྟེ་དེའི་བཀའ་ཡིས་འདི་རབ་ཏུ་འཇུག་པའི་ཕྱིར་

རོ། །དེ་ཉིད་ཀྱི་ཕྱིར་འདི་ལས་ཀྱི་ལམ་དུ་གྲུབ་པོ། །བརྣབ་སེམས་ལ་སོགས་པ་ལས་གཞན་ཏེ་ཕ་རོལ་པོས་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་ལས་ཀྱང་སྟེ་ཕ་རོལ་པོ་བྱེད་དུ་བཅུག་པ་ལས་འདི་ལ་དེ་འདྲ་བའི་དགའ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་

འདི་ལ་རང་ཉིད་རབ་ཏུ་སྦྱོར་རོ། །དེ་བཞིན་དུ་རྗེས་སུ་ཡི་རང་བཞིན་པ་ལ་ཡང་ལས་ཀྱི་ལམ་བཅུ་པོ་རྣམས་ཀྱང་འགྱུར་རོ། །དགེ་བའི་ལམ་གྱི་ལམ་ཡང་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་ལ་འདི་བཞིན་ཁོ་ནར་རྣམ་པར་གཞག་གོ། །ལུང་ནི་ཆོས་རྣམས་ཡིད་སྔོན་དུ་འགྲོ་བའི་

เล่ม ๑๐๙ · หน้า 100a

ཞེས་པའོ། །བླ་ན་མེད་པའི་ས་བརྙེས་པ་རྣམས་ཀྱི་རང་གི་ངང་གིས་འབྱུང་བ་རྣམ་པར་རྟོག་པ་མེད་པར་དགེ་བ་ལ་འཇུག་པ་ལའང་སྔོན་གྱི་ཡིད་ཀྱི་བག་ཆགས་སྨིན་པ་དམ་པ་ཡོད་པའི་ཕྱིར་ཡིད་སྔོན་མ་ཅན་ཡོད་པ་ཉིད་དོ། །མ་བྱིན་པར་ལེན་པ་ནི་རྫས་ཀྱི་བདག་པོའི་

མངོན་སུམ་དུ་ཡོད་པ་དེ་ལ་བརྙས་པ་བྱས་ནས་སྟོབས་ཀྱིས་སམ་དེའི་མངོན་སུམ་དུ་མེད་པ་འཇབ་བུས་ཀྱང་ཕ་རོལ་གྱི་རྫས་ལེན་པ་སྟེ་ཕ་རོལ་གྱི་རྫས་དང་། ཕ་རོལ་གྱི་རྫས་སུ་འདུ་ཤེས་པ་དང་རྐུ་བར་འདོད་པ་དང་། སྦྱོར་བ་བྱས་པ་དང་བརྐུས་པ་ཞེས་པ་ཡན་ལག་ལྔའོ། །གལ་ཏེ་ཕ་རོལ་

གྱི་རྫས་འདི་རྐུའོ་ཞེས་འདུ་ཤེས་པས་རྐུ་བ་དང་། གང་རྐུ་བར་འདོད་པ་དེ་ཉིད་བརྐུས་ན་སྟེ་གཞན་ནི་མ་ཡིན་ནོ། །གལ་ཏེ་ནོར་འདི་ཕ་རོལ་པོ་བདག་པོའམ་བསྲུང་བ་པ་དེ་ཉིད་ལས་རྗེས་སུ་འབྲེལ་པར་མི་བྱེད་ན་སྟེ། དེའི་ཚེ་ཇི་སྲིད་འདི་བཏང་བའི་བསམ་པས་ལྡོག་པར་བྱེད་པའམ།

བརྐུས་ནས་འདི་ཐོབ་པར་དབུགས་ཕྱུང་སྟེ་གནས་ནའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་རྫས་ཐམས་ཅད་བཏང་བ་དེའི་ཚེའང་སེམས་ཅན་བདག་པོར་གྱུར་པའི་ལོངས་སྤྱོད་རྣམས་ཀྱིས་སེམས་ཅན་རྗེ་དཔོན་དུ་གྱུར་པ་ཁོ་ནའི་བདག་ཉིད་ཀྱི་དངོས་པོ་ཡང་དག་

པར་བསྲུང་བའོ་ཞེས་པ་ཉེས་པ་མེད་དེ། རྟག་ཏུ་རྗེ་བོའི་ལས་བྱེད་པའི་བྲན་ལ་རང་གི་རྫས་ཡོད་པ་མ་ཡིན་པས་གང་གིས་འཚོ་བར་བྱེད། མཐའ་གཅིག་ཏུ་རྗེ་བོའི་དོན་མཆོག་ཏུ་བྱེད་པའི་བྲན་ལ་ནི་རྗེ་བོ་ན་བ་ལ་སོགས་པས་བློ་རྣམ་པར་གཡེངས་པས་མ་གནང་བར་ལོངས་སྤྱོད་པ་

ལའང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །འདོད་པས་ལོག་པར་སྤྱོད་པ་ནི་བགྲོད་པར་བྱ་བ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པར་བགྲོད་པ་སྟེ། ཡན་ལག་ལྔ་ནི་གཞན་དང་གཞན་གྱིར་འདུ་ཤེས་པ་དང་མངོན་པར་བགྲོད་པར་འདོད་པ་དང་།

སྦྱོར་བ་བྱས་པ་དང་མངོན་པར་བགྲོད་པའོ། །དེ་ལ་བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་ནི་བགྲོད་མིན་བགྲོད་པའོ། །འདིར་བགྲོད་པར་བྱ་བ་རང་གི་ཆུང་མ་ཁོ་ན་སྟེ་དེའི་དོན་དུ་ངེས་པར་གཟུང་བའི་ཕྱིར་ཆུན་མའང་རུང་། བསྡུས་པའམ་སྨད་འཚོང་མ་ཡང་རྗེས་སུ་མྱོས་པ་ཕ་རོལ་པོས་བགྲོད་

เล่ม ๑๐๙ · หน้า 100b

བྱ་མ་ཡིན་པའོ། །གཞན་ནི་བགྲོད་བྱ་མིན་པ་སྟེ་དེ་དང་འདྲ་བ་ཉིད་ལ་དགག་སྒྲ་སྟེ་མི་འདྲ་བ་ཡང་དག་པར་རྟོགས་པའི་ཕྱིར་རོ། །བགྲོད་པར་བྱ་བ་མ་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་དང་ཡང་དག་པར་འབྲེལ་པས་སོ། །དེ་ལ་རང་བཞིན་གྱིས་ནི་མ་དང་སྲིང་མོ་དང་བུ་མོ་དང་

མ་དང་ཕའི་འབྲེལ་པ་ཡང་རུང་སྟེ་ངོ་ཚ་བའི་འོས་ཉིད་ཀྱིས་འདི་རྣམས་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །རབ་ཏུ་བྱུང་ངམ་ཡང་སྟེ་འདི་འཇིག་རྟེན་གྱི་ཆོས་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །འདི་ལས་གཞན་ནི་ཡང་དག་པར་འབྲེལ་པས་བགྲོད་པར་བྱ་བ་མ་ཡིན་པ་སྟེ་ཕ་རོལ་གྱིས་ཡོངས་སུ་བཟུང་

བས་དེ་དང་ཡང་དག་པར་འབྲེལ་པའི་ཕྱིར་རོ། །འདི་ནི་འདོད་པས་ལོག་པར་སྤྱོད་པའི་གཞིའོ། །དུད་འགྲོའི་འགྲོ་བ་རྣམས་དང་རིགས་ཀྱིས་བསྲུངས་པ་རྣམས་ཀྱང་རང་བཞིན་གྱིས་དམན་པ་ཉིད་ཀྱི་ཕྱིར་དང་སྤྱད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་བགྲོད་པར་བྱ་བ་མ་ཡིན་པ་ཙམ་དུ་ཐལ་ཆེས་པ་ཡོངས་

སུ་སྤང་བའི་ཕྱིར་གསུངས་པའོ། །གལ་ཏེ་ཕ་རོལ་པོའི་ལམ་བགྲོད་པར་བྱ་བ་མ་ཡིན་པ་གཞན་འདི་ལ་བགྲོད་པར་བྱའོ་ཞེས། འདུ་ཤེས་པས་མངོན་པར་བགྲོད་པ་དང་རང་གིར་འདུ་ཤེས་པས་དེ་ཉིད་ལ་བགྲོད་པ་མ་ཡིན་པ་དང་། གང་རྣམས་གང་ལ་བགྲོད་པར་འདོད་པ་ལ་སྟེ། གཞན་བགྲོད་

པར་བྱ་བ་མ་ཡིན་པ་ལ་ཡང་མ་ཡིན་པ། དེའི་ཚེ་འདོད་པས་ལོག་པར་སྤྱོད་པའི་ལས་ཀྱི་ལམ་དུ་འགྱུར་རོ། །ཡན་ལག་མ་ཡིན་པ་བགྲོད་པ་ནི་ཡན་ལག་མིན་བགྲོད་དེ་ཡན་ལག་ནི་མོའི་དབང་པོ་སྟེ་འདིའི་འཁྲིག་པ་ནི་དབང་པོ་གཉིས་སྙོམས་པར་འཇུག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡན་

ལག་མ་ཡིན་པ་ནི་ཡན་ལག་མིན་པ་ཁ་དང་བཤང་བའི་ལམ་དེ་དང་འདྲ་བ་ལས་འདོད་པས་ལོག་པར་སྤྱོད་པའི་གཞིའོ། །རང་གི་ལག་པ་ལ་སོགས་པ་རྣམས་ནི་ཐལ་ཆེས་པ་སྤང་བའི་དོན་ཉིད་དུ་གསུངས་པའོ། །རང་གི་ཆུང་མ་ལ་ཡང་ཡུལ་མ་ཡིན་པ་གཙུག་ལག་ཁང་ངམ་མཆོད་རྟེན་ནམ་སྣང་

བ་ལ་བགྲོད་པ་ནི་ཡུལ་མ་ཡིན་པར་བགྲོད་པར་འདོད་པས་ལོག་པར་སྤྱོད་པའོ། །དུས་མ་ཡིན་པ་ནི་མི་རུང་བའི་གནས་སྐབས་མངལ་ལྕི་བས་ནོན་པ་དང་ཡུན་མི་རིང་བ་ན་བཙས་པ་དང་འཁྲིག་པ་སྤོང་བ་སྟེ་འདི་ནི་འདོད་པས་ལོག་པར་སྤྱོད་པའི་གཞིའོ། །མི་འདོད་པ་དང་སྡུག་བསྔལ་བ་དང་ཡིད་མི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด