མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๒ · หน้า 30a

རེ་རེར་དེ་སྙེད་ཅིག་དུས་དེ་སྙེད་དུ་བཙོས་སོ། །དེ་དག་སླར་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ལས་ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་

ཆེན་པོར་རབ་ཏུ་ལྷུང་ངོ་། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས། དེ་དག་དང་འབྲེལ་པ་ཁྱིམ་པ་དང་། རབ་ཏུ་བྱུང་བ་གྲོགས་པོའི་ཚོགས་དང་། སློང་མོ་སྟེར་བའི་ཚོགས་སུ་གྱུར་པ་དེ་དག་ཀྱང་། དེ་དག་དང་ལྷན་ཅིག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ཤི་འཕོས་ཤིང་སྐྱེས་ནས།

ཚོར་བ་ཡིད་དུ་མི་འོང་བའང་མྱོང་བར་གྱུར་ཏོ། །གང་དག་དེ་དག་གི་ཡིན་པར་གྱུར་པ་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་སྔོན་མེད་ཅིང་ཕྱིས་བྱུང་བ་དེ་དག་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་སོ། །ཤ་ར་དྭ་ཏིའི་བུ་གང་དག་གིས་ཡིན་པར་གྱུར་པ་

གྲོགས་པོའི་ཚོགས་དང་། སློང་མོ་སྟེར་བའི་ཚོགས་དང་། ཉེ་གནས་ཀྱི་ཚོགས་དང་། དགེ་སློང་དང་། སློབ་དཔོན་དང་། དེའི་སློབ་དཔོན་དང་། ཐད་ན་འཁོད་པ་དང་། ཉེ་བར་འཁོད་པ་ཇི་སྙེད་པ་དང་། དེ་དག་གི་རྗེས་སུ་འབྲང་བར་གྱུར་པའི་སེམས་ཅན་ཇི་སྙེད་པ་གང་དག་

འཛིན་པ་དེས་ལོག་པར་འགྲོ་བར་གྱུར་པ་སྡིག་པའི་དགེ་སློང་དེ་དག་དང་ལྷན་ཅིག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་པ་དེ་རྣམས་བགྲང་བར་ཡང་ཇི་ལྟར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་པ་ལྟར་ཁྱེད་ཀྱིས་ཤེས་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་

འདིས་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་རྣམས་བསྐལ་པ་ཚང་བར་ངན་སོང་དུ་སྐྱེས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གང་གི་ཚེ་བསྐལ་པ་བསྲེགས་པར་གྱུར་པ་དེའི་ཚེ་མི་བླུན་པོ་དེ་དག་དེ་བཞིན་དུ་རབ་ཏུ་ལྟུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་

གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་སྤོང་བའི་ལས་དེ་ནི་མི་བཟད་པའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་འདོང་བར་འགྱུར་ཏེ། ལུས་དང་

เล่ม ๑๑๒ · หน้า 30b

སེམས་ཀྱིས་མཐུན་པར་སྤྱོད་པར་མི་འགྱུར་རོ། །དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བའི་ལས་སོགས་པ་ཡིན་ཏེ། དེ་དག་ཤེས་རབ་འཆལ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་སྤོང་བར་འགྱུར་ཏེ། དེ་དག་གིས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་ཤིང་

བསགས་པ་དང་། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བར་སྲེག་པར་འགྱུར་རོ། །དེ་དག་སེམས་ཅན་

དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ།

དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར་ཏེ། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་

རོ། །དེར་འཕངས་ཏེ། དེར་སྐྱེས་ནས་ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་

སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་། ཤར་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར། ལྷོ་

เล่ม ๑๑๒ · หน้า 31a

དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར་རོ། །དེ་དག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་

དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེར་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་

འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆོས་འཇིག་པར་འབྱུང་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེས་ཏེ། དེ་དག་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་

ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་འབབ་པར་འགྱུར་རོ། །དེ་དག་ཏུ་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །དེ་དག་

མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་། དེ་དག་དེ་ནས་ཤི་འཕོས་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ལྷོ་དང་། ནུབ་

དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་དག་ཏུ་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་

ཀྱི་བར་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་ཟད་ནས། ཇི་སྟེ་བརྒྱ་ལ་མིར་སྐྱེ་བ་ཐོབ་ན་ཡང་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་བསགས་པ་དང་། བསྒྲུབས་པ་དང་། ཚང་བ་དང་། རྫོགས་

เล่ม ๑๑๒ · หน้า 31b

པའི་རྣམ་པར་སྨིན་པ་དེས་དེ་དག་ལ་གང་དང་གང་དུ་སྐྱེ་བ་དེ་དང་དེར་དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། ཕྱག་དར་བའི་རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་སུ་སྐྱེ་བར་འགྱུར། སྨྱིག་མ་མཁན་གྱི་རིགས་སུ་སྐྱེ་བར་འགྱུར། དེ་དག་དེར་སྐྱེས་ནས་ཀྱང་དམུས་ལོང་དུ་སྐྱེ་བར་འགྱུར་

བ་ཡིན། ཞར་བར་འགྱུར་བ་ཡིན། སྣ་མེད་པར་འགྱུར་བ་ཡིན། ལྕེ་མེད་པར་འགྱུར་བ་ཡིན། ལག་པ་མེད་པར་འགྱུར་བ་ཡིན། རྐང་པ་མེད་པར་འགྱུར་བ་ཡིན། མཛེ་ཅན་དུ་འགྱུར་བ་ཡིན། ཤ་བཀྲ་ཅན་དུ་འགྱུར་བ་ཡིན། སྒུར་པོར་འགྱུར་བ་ཡིན། གང་ན་སངས་རྒྱས་ཀྱི་སྒྲ་མེད་པ་

དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནས། རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །གསོལ་བ། བཞི་གང་དང་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། རབ་འབྱོར་རྒྱུ་དང་པོ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །ཆོས་ཟབ་མོ་རྣམས་ལ་ཡིད་ཆེས་པ་དང་དད་ཅིང་མོས་པ་མེད་པ་ཡིན་

ཏེ། རྒྱུ་གཉིས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་བརྩོན་འགྲུས་མེད་ཅིང་། ཕུང་པོ་ལྔ་ལ་མངོན་པར་ཞེན་པས། རྒྱུ་གསུམ་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་

སྐྱེས་བུ་གླེན་པ་དེ་དག་ནི་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། དེ་དག་བདག་ལ་བསྟོད་ཅིང་གཞན་སྨོད་པར་གྱུར་པས། རྒྱུ་བཞི་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤོང་བར་འགྱུར་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་གིས་སྐྱེས་བུ་གླེན་

པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། ཀུན་དགའ་བོ་ད་ལྟར་སྐྱེས་བུ་གླེན་པ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་ཟིལ་གྱིས་ནོན་པ། མི་གཙང་བར་བྱིང་བ། རིམ་གྲོའི་

เล่ม ๑๑๒ · หน้า 32a

ཟིལ་གྱིས་ནོན་པ། མ་རབས་ཀྱི་ངང་ཚུལ་ཅན་དག་སངས་རྒྱས་ཀྱི་ཚུལ་སྤོང་ཞིང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་མང་པོ་ཇི་སྙེད་ཅིག་མངོན་པར་འདུ་བྱེད་པ་ལ་ལྟོས། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དེ་ལྟ་བུའི་མདོ་

སྡེ་བཟང་པོ་ལ་ཡང་སྤོང་ཞིང་མི་སྙན་པར་བརྗོད་པ་དེ་ལྟ་བུའི་དགེ་སློང་དག་འབྱུང་ལགས་པ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་ནི་མདོ་སྡེ་འདི་ལྟ་བུ་སྤོང་ཞིང་མི་སྙན་པར་བརྗོད་པར་མ་ཟད་དེ། སྡིག་པ་རྣམ་པ་དུ་མ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་ཅིང་།

དགེ་སྦྱོང་གི་དངོས་པོ་དོན་དུ་མི་གཉེར་བ་དག་ཀྱང་འབྱུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་བུ་དམ་པ་མ་ལགས་པ་དེ་འདྲ་བ་དེ་དག་གི་འགྲོ་བ་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། ཚེ་རབས་འཕོས་ནས་ཇི་ལྟ་བུ་ཞིག་ཏུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་

དག་ནི་སངས་རྒྱས་ཀྱི་བྱང་ཆུབ་མེད་པར་བྱས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སྙན་པས་སྐུར་པ་བཏབ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྤུ་གཡོས་ནས་སངས་

རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྤྱོད་པ་འདི་ཐོས་ནས་བདག་ནི་བརྒྱལ་བ་དང་འདྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་གི་སྤྱོད་པ་ནི་

མཉམ་པར་མི་འགྱུར་ཞིང་། སེམས་ཅན་དེ་དག་ནི་མི་མཉམ་པའི་སྤྱོད་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་དག་ནི་ཚུལ་དང་མི་འདྲ་བའི་སྤྱོད་པ་དེས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་

མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མ་མོས་ཤིང་ཡིད་མི་ཆེས་པ་དང་། སྤོང་བ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་

เล่ม ๑๑๒ · หน้า 32b

ནི་ཚད་དུ་མ་བྱེད་ཅིག་ཅེས་གསུངས་སོ། །སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་དགེ་སློང་ཇི་སྙེད་པ་སངས་རྒྱས་ཀྱི་བྱང་ཆུབ། དོན་ཟབ་མོ། དམིགས་པ་མེད་པ། དོན་དམ་པ། སྟོང་པ་ཉིད་ཁོང་དུ་མ་ཆུད་པར། དེ་བཞིན་གཤེགས་པས་གསུངས་པའི་

མདོ་སྡེ་དེ་ལྟ་བུའི་ངོ་བོ་འདི་ཐོས་ནས། །དེ་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོང་ཞིང་། སྐྱེ་བོ་རྣམས་དེ་ལྟར་ཤེས་པར་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་ཆོས་སྤངས་ནས། དགེ་སྦྱོང་དུ་མི་འགྱུར། ཤཱཀྱའི་སྲས་པོར་མི་འགྱུར་བ་

འདི་ནི། དེ་བཞིན་གཤེགས་པས་ཆོས་སྤོང་བར་གསུངས་སོ། །སྐྱེས་བུ་བླུན་པོ་དེ་ནི་སྲིད་པ་ན་བྱེ་བ་ཕྲག་བརྒྱ་སྟོང་རྣམས་ལ་བརླག་པར་འོས་པའི་རྨ་ཆེན་པོ་འབྱིན་པར་བྱེད་དོ། །དོན་མ་ཡིན་པ་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བུའི་རང་བཞིན་ཅན་གྱི་དགེ་སློང་རྣམས་ལ།

གལ་ཏེ་སངས་རྒྱས་སྟོང་ཕྲག་གམ། སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་གིས་ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་པར་བྱེད་ཀྱང་། དེ་དག་གིས་ཆོས་མ་ཤེས་ཤིང་། དེ་དག་གིས་འབྲས་བུ་ཐོབ་པར་མི་ནུས་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལམ་འགོག་

པ། དད་པ་དང་བྲལ་བ། ཟས་དང་གོས་ལྷུར་ལེན་པ། འཇིག་རྟེན་གྱི་ཟང་ཟིང་ལ་བརྐམ་པ། སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བ་ཡིན་ནོ་ཞེས་ང་སྨྲའོ། །ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ཆོས་དཀོན་མཆོག་འདི་སྤངས་ནས་བདེ་འགྲོ་ལ་རེ་བར་

འགྱུར་བར་མི་བྱའི། འོན་ཀྱང་ངན་འགྲོ་ལ་རེ་བར་འགྱུར་བར་བྱའོ། །དམུས་ལོང་དུ་རེ་བར་འགྱུར་བར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་

เล่ม ๑๑๒ · หน้า 33a

ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་གསུང་རབ་ལ་སྡིག་པའི་དགེ་སློང་དྲུག་འདི་ལྟ་སྟེ། ཤིན་ཏུ་མཐོང་བ་ཞེས་བྱ་བ་དང་། རྙེད་སླ་དང་། དགའ་བྱེད་དང་། དགེ་བྱེད་དང་། གྲགས་པ་དང་། མེས་བྱིན་ཞེས་བྱ་བ་རྣམས་བྱུང་སྟེ། བདག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ།

ཆད་པར་སྨྲ་བ། རྟག་པར་སྨྲ་བ་རྣམས་འགྲོགས་ལྡང་ཞིང་ཕན་ཚུན་དུ་ཡིད་རྟོན་ཅིང་གནས་པ་དེ་དག་གིས། ཁྲིམས་འདི་ལྟ་བུ་ཞིག་བྱས་ཏེ། བདག་ཅག་རེ་རེས་ཀྱང་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་གཟུང་བར་བྱའོ། །ཁྱིམ་བརྒྱ་ཡོངས་སུ་རྫོགས་པ་ན་དེར་འོངས་ཏེ་གཅིག་ལ་གཅིག་བསྙད་པར་བྱའོ། །

ཁྱིམ་ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱར་མ་གྲུབ་པ་ལ་བསྙད་པར་བྱའོ་ཞེས་དེ་ལྟ་བུའི་ཁྲིམས་བྱས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་དང་། ཕོ་བྲང་འཁོར་དུ་དོང་ནས། དེ་དག་ཐམས་ཅད་ཁྱིམ་གཅིག་ཏུ་དོང་

ངོ་། །ཁྱིམ་དུ་དོང་ནས་གཅིག་ལ་གཅིག་ཐོག་མ་ཉིད་དུ་སངས་རྒྱས་ལ་མི་སྙན་པ་ཟེར་རོ། །སངས་རྒྱས་ལ་མི་སྙན་པ་ཇི་སྐད་ཅེས་ཟེར་ཞེ་ན། ཁྱིམ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཡོད་དོ། །སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ། །གལ་ཏེ་བདག་མེད་

དུ་ཟིན་ན་འོང་བ་སུ། འགྲོ་བ་སུ། འགྲེང་བ་སུ། འདུག་པ་སུ། ཉལ་བ་སུ། སྨྲ་བ་སུ། མི་སྨྲ་བར་འགྱུར་བ་སུ། སྦྱིན་པ་སྦྱིན་པར་བྱེད་པ་སུ། ལེན་པ་སུ། ཟ་བ་སུ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སོ་སོར་ཡང་དག་པར་མྱོང་བ་སུ། གང་ཁྱེད་ལ་འདི་སྐད་དུ། བདག་མེད། སེམས་ཅན་

མེད། སྲོག་མེད། གང་ཟག་མེད་ཅེས་སྨྲ་བ་དེ་ནི་ཁྱེད་ཀྱི་མི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་ཟེར་བ་དང་། དེ་ལ་ཤཱ་རིའི་བུ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་ན་རེ་གང་དགེ་བའི་བཤེས་གཉེན་མ་ཡིན་པ་དེ་ནི་སྡིག་པའོ། །དེའི་

ཕྱིར་སྡིག་པའི་གྲོགས་པོར་གྱུར་པ་དེ་དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་དེ་སྐད་སྨྲས་པ་དང་། དེ་དག་གིས་དེ་དག་ལ། ཁྱེད་དེ་ལྟར་ཤེས་པ་ནི་མཁས་པ་ཡིན་ཏེ། སྡིག་པའི་གྲོགས་པོ་གང་ཡིན་པ་དེ་ནི་དགེ་བའི་བཤེས་གཉེན་མ་ཡིན་ནོ། །དེའི་ཕྱིར་གང་ཁྱེད་ལ་འདི་སྐད་དུ། བདག་མེད།

เล่ม ๑๑๒ · หน้า 33b

སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་ཟེར་བ་ལ་བརྟེན་པར་མི་བྱ། འགྲོགས་པར་མི་བྱ། བསྙེན་བཀུར་བར་མི་བྱའོ་ཞེས་སྨྲས་ཏེ། དགེ་སློང་དེ་དག་རེ་རེས་ཀྱང་ཟླ་བ་ཕྱེད་ཀྱིས་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་ལོག་པར་འཛིན་དུ་བཅུག་གོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་དགེ་སློང་དགྲ་བཅོམ་པ་དྲི་མ་དང་ཉོན་མོངས་པ་བསལ་བ་དག་གྲོང་དུ་དོང་སྟེ་ཕྱིན་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་གཤེ་ཞིང་མི་སྙན་པ་ཟེར། ཚིག་ངན་པ་རྩུབ་

པོས་སྤྱོ་སྟེ། ཚིགས་སུ་བཅད་པ་འདི་སྐད་ཟེར་རོ། །ཁྱེད་ནི་ལམ་ལ་རྨོངས་པ་སྟེ། །ཆོས་ཤེས་པ་ནི་ཁྱེད་མ་ཡིན། །ཁྱེད་ནི་ཆོས་ལས་ཉམས་པས་ན། །ཐམས་ཅད་སེམས་ཅན་དམྱལ་བར་འགྲོ། །དེ་ལྟར་དགེ་སློང་དེ་དག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གཤེ་ཞིང་མི་སྙན་

པར་སྨྲས་པ་དང་། སངས་རྒྱས་ཉིད་ཀྱི་བསྔགས་པ་བརྗོད་ཅིང་སླར་ཚིགས་སུ་བཅད་དེ་སྨྲས་པ། འདུས་བྱས་ཐམས་ཅད་མི་རྟག་ཅིང་། །ཆོས་ཀུན་ལ་ནི་བདག་མེད་དེ། །རྟག་མེད་ཐེར་ཟུག་མེད་དོ་ཞེས། །སངས་རྒྱས་ཀྱིས་ན་ཆོས་བཤད་དོ། །གསོབ་དང་གསོག་དང་སྟོང་པ་སྟེ། །

འདུས་བྱས་ཐམས་ཅད་སྙིང་པོ་མེད། །བརྫུན་པ་སླུ་བའི་ཆོས་ཅན་ཏེ། །བྱིས་པ་རྟག་ཏུ་འདྲིད་པའོ། །དེ་བཞིན་གཤེགས་པས་བདག་མེད་སེམས་ཅན་མེད། །སྲོག་མེད་གང་ཟག་མེད་པར་ཆོས་བསྟན་ཏོ། །ཚིགས་སུ་བཅད་དེ་སྨྲས་པ། བདག་མེད་གང་ཡིན་དེ་དག་ནི། །སྦྱིན་དང་ཟ་དང་

ལེན་པ་དང་། །ཚོར་བ་རྒྱ་ཆེར་མྱོང་འགྱུར་དང་། །སྨྲ་དང་ངན་འགྲོར་འགྲོ་བར་འགྱུར། །དེ་ལ་ཤ་ར་དྭ་ཏིའི་བུ་གང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་སྐྱེས་བུ་དམ་པ་མ་ཡིན་པའི་ཚིག་བཞིན་དུ་བྱེད་པ་དེ་དག་ལས། སྲོག་ཆགས་དྲུག་ཁྲི་བརྒྱ་སྟོང་དེ་ནས་ཤི་འཕོས་ནས་མནར་མེད་པའི་

སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ན་དེ་དག་གི་ལུས་གཟུགས་འདི་ལྟ་སྟེ། ཉ་ལྟ་བུ་མངོན་པར་གྲུབ་བོ། །མགོ་ནི་འདི་ལྟ་བུ་འདི་ལྟ་སྟེ། མིའི་ལྟ་བུར་གྱུར་ཏོ། །འདི་ལྟ་བུའི་ལྕེ་མངོན་པར་གྲུབ་པ་ནི། འདི་ལྟ་སྟེ། དཔེར་ན་ཆང་ཚོང་གི་རེ་ལྡེ་ཆེན་པོ་ལྟ་བུ་སྟེ། དེ་དག་གི་ལྕེ་དེ་ལ་

เล่ม ๑๑๒ · หน้า 34a

ལྕགས་ཀྱི་གཤོལ་མང་པོས་རབ་ཏུ་རྨོས་སོ། །དེ་དག་གི་ལུས་རེ་རེ་ལ་ཡང་མདུདཐུང་བརྒྱ་བརྒྱས་དམྱལ་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྕགས་ཀྱི་ཐུ་ལུམ་ཀུན་དུ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། འབར་བ་དང་བཅས་པར་གྱུར་

པ། འབར་བ་གཅིག་ཏུ་གྱུར་པ་ལུས་ཀྱི་སྟེང་དུ་འབབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གློག་ལྕེ་རབ་ཏུ་འབར་བའི་མདའ། །བརྒྱ་ཕྲག་མང་པོ་སྟོང་རྣམས་ནི། །རྟག་ཏུ་ལུས་ལ་རབ་འབར་ཏེ། །དེ་དག་ན་ཚ་མྱོང་བར་བྱེད། །ཐམས་ཅད་

ལུས་ནི་ཀུན་དུ་འབར། །མེ་ལྕེ་འབར་བ་བསྙེན་པར་དཀའ། །དཔག་ཚད་བརྒྱ་སྙེད་གང་བ་ཡི། །ལུས་ལ་མེ་ལྕེ་རབ་ཏུ་འབྱུང་། །རེ་རེ་དག་གི་ལྕེ་ལ་ཡང་། །དེ་སྙེད་གཤོལ་གྱིས་རྨོ་བར་བྱེད། །ཀུན་གྱི་ལྕེ་ནི་དྲལ་བས་ན། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །སྡིག་པའི་

གྲོགས་པོ་བསྟེན་བྱས་པས། །དེ་དག་ཕྱི་ཕྱིར་འབྱུང་བར་འགྱུར། །ཚུལ་ཁྲིམས་ལྡན་པ་རྣམ་སྤངས་པས། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །ཡང་ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དྲུག་པོ་དེ་དག་དེ་ནས་ཤི་འཕོས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས།

དེ་དག་རེ་རེའི་ལུས་ཀྱང་དཔག་ཚད་བརྒྱ་བརྒྱ་པར་མངོན་པར་གྲུབ་པར་གྱུར་ཏེ། ལུས་རེ་རེ་ལ་ཡང་ཁ་སྟོང་སྟོང་མངོན་པར་གྲུབ་པར་གྱུར་ཏོ། །ཁ་རེ་རེ་ལ་ཡང་ལྕེ་གཉིས་གཉིས་ཆུ་ཞེང་དུ་དཔག་ཚད་བཞི་བཞི་ཙམ་ཡོད་པ་མངོན་པར་གྲུབ་པར་གྱུར་ཏེ། ལྕེ་རེ་རེ་ལ་ཡང་གཤོལ་ལྔ་བརྒྱ་ལྔ་བརྒྱ་

མངོན་པར་གྲུབ་པར་གྱུར་ཏེ། དེ་ལ་ལྕགས་ཀྱི་ཐུ་ལུམ་དང་། ལྕགས་ཀྱི་གཤོལ་གྱིས་རྨོས་ནས། དེ་དག་གི་ལྕེ་གཤེགས་ནས། ཨ་ན་ཞེས་ཟེར་ཀྱང་མི་ནུས་སོ། །དེ་དག་རེ་རེའི་མགོ་ལ་ཡང་སེམས་ཅན་དམྱལ་བའི་སྲུང་མ་བྱེ་བ་ཕྲག་སྟོང་གནས་ཤིང་མགུལ་པ་གཅོད་པར་བྱེད་

དོ། །དེ་ནས་དེ་དག་གཅིག་གི་ཚེའི་ཚད་ཀྱང་ལོ་བྱེ་བ་ཕྲག་སྟོང་དུ་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་གཞན་དང་གཞན་དག་ཏུ་ཚོར་བ་རྣམ་པ་མང་པོ་ཡང་མྱོང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་མི་བསྔགས་པ་བརྗོད་པར་བྱས་པའི་ཕྱིར་རོ་ཞེས་

เล่ม ๑๑๒ · หน้า 34b

གསུངས་སོ། །བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་སྤང་བ་དང་དེའི་གཉེན་པོ་དགོངས་པ་བསྟན་པ། ཚངས་པས་ཞུས་པའི་མདོ་ལས་ཀྱང་། ལྷག་པའི་བསམ་པ་བཅུས་སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱ་སྟེ། བཅུ་པོ་གང་དག་ཅེ་ན། འདི་ལྟ་སྟེ། ལེགས་པར་སྨྲས་པ་དང་

ཉེས་པར་སྨྲས་པ་དག་ལ་ཁོང་ཁྲོ་བ་མེད་པའི་སེམས་ཉིད་དང་། ལེགས་པར་ཐོས་པ་དང་ཉེས་པར་ཐོས་པ་དག་ལ་བྱམས་པའི་སེམས་ཉིད་དང་། དུས་ཐམས་ཅད་དུ་སྙིང་བརྩེ་བ་ཉིད་དང་། སེམས་ཅན་དམན་པ་དང་འབྲིང་དང་མཆོག་རྣམས་ལ་ཡང་དག་པར་རབ་ཏུ་སྦྱོར་བ་དང་། རིམ་

གྲོ་དང་བརྙས་པ་ལ་རབ་ཏུ་མཉམ་པའི་སེམས་ཉིད་དང་། གཞན་གྱི་ཉེས་པ་དང་ལྟུང་བ་ཐམས་ཅད་སྐྱོན་དུ་མི་ལྟ་བ་ཉིད་དང་། ཐེག་པ་སྣ་ཚོགས་པ་ལ་རོ་གཅིག་པ་དང་། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲ་དག་ལ་མི་སྐྲག་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་

ལ་སྟོན་པའི་འདུ་ཤེས་དང་། སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་ལ་ངོ་མཚར་བའི་འདུ་ཤེས་ཏེ། ཚངས་པ་ལྷག་པའི་བསམ་པ་བཅུ་པོ་འདི་དག་གིས་སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱའོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། བྱམས་པ་བྱང་ཆུབ་སེམས་

དཔའ་ཆོས་བཞི་པོ་འདི་དག་ལས་དཔག་ཚད་ལྔ་བརྒྱར་འབྱོར་བར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། སྡིག་པའི་གྲོགས་པོ་དང་། འདུ་འཛིའི་གནས་དང་། གནས་གང་ན་གནས་པ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་

ཟག་གཞན་ཞིག་ཀྱང་འདུག་པར་གྱུར་ལ། གལ་ཏེ་དེ་དང་ལྷན་ཅིག་ཏུ་མགུ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ལ། འཐབ་པ་མེད་པ་དང་ལྡན་པ་དང་། རྩོད་པ་མེད་པར་ལྡན་པར་གནས་པ་ནི། དེས་དེར་གནས་པར་བྱའི། གལ་ཏེ་དེ་ལ་ཐ་ན་ཐ་བ་དང་། ཞེ་སྡང་གི་སེམས་

གཅིག་ཙམ་ཞིག་སྐྱེད་པར་བྱེད་ན་ཡང་། དེ་ནས་དཔག་ཚད་ལྔ་བརྒྱར་འབྱོལ་བར་བྱ་སྟེ། བྱང་ཆུབ་སེམས་དཔས་ནི། བྱང་ཆུབ་སེམས་དཔའ་ལ་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་

เล่ม ๑๑๒ · หน้า 35a

ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྤྱོས་སམ། བརྒྱད་དམ། དབྱིག་པས་བརྡེགས་སམ། མཚོན་གྱིས་བཏབ་པར་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེས་སེམས་ཅན་ཇི་སྙེད་ཅིག་ལ་སྤྱོས་པ་

འམ། བརྒྱད་པའམ། དབྱིག་པས་བརྡེགས་པའམ། མཚོན་གྱིས་བཏབ་པའི་གཞི་དེ་ལས་སྡིག་པའམ། སྨས་པ་དང་ཉམས་པ་མང་པོ་བསྐྱེད་པར་འགྱུར་སྙམ་མམ། བྱམས་པས་གསོལ་བ། བཅོམ་ལྡན་འདས་སེམས་ཅན་གཅིག་ལ་གཅིག་སྤྱོས་སམ། བརྒྱད་དམ།

དབྱིག་པས་བརྡེགས་སམ། མཚོན་གྱིས་བཏབ་ན་ཡང་བསོད་ནམས་མ་ལགས་པ་མང་དུ་བསྐྱེད་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔས་ནི་སེམས་ཅན་འགའ་ཙམ་ལ་ཡང་ཐ་བ་དང་། ཞེ་སྡང་དང་། གནོད་སེམས་བསྐྱེད་པར་མི་བགྱི་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་

བྱང་ཆུབ་སེམས་དཔའ་གང་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་སྤྱོས་སམ། བརྒྱད་དམ། དབྱིག་པས་བརྡེགས་སམ། མཚོན་གྱིས་བཏབ་པ་གང་ཡིན་པ་དེས་ནི། བྱང་ཆུབ་སེམས་དཔའ་གཞན་ཞིག་ལ། ཐ་ན་

ཐ་བ་དང་ཞེ་སྡང་གི་སེམས་གཅིག་ཙམ་ཞིག་བསྐྱེད་པར་འགྱུར་བ་དེ་ཙམ་དུ། བྱང་ཆུབ་སེམས་དཔའ་དེ་སྨས་པ་དང་། ཉམས་པར་མི་འགྱུར་ཏེ། བྱམས་པ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཅིག་ཤོས་དེ་ལ་ཐ་བ་དང་། ཞེ་སྡང་གི་སེམས་སྐྱེད་པར་བྱེད་ན། གལ་ཏེ་བྱང་

ཆུབ་སེམས་དཔའ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་བ་ཞིག་ཡིན་ན། སེམས་ཇི་སྙེད་བསྐྱེད་པ་དེ་སྙེད་ཁོ་ནའི་བསྐལ་པར་བྱང་ཆུབ་ཀྱི་ཕྱིར་ཡང་གོ་ཆ་བགོ་བར་བྱ་དགོས་སོ། །བྱམས་པ་འདི་ལྟ་སྟེ་དཔེར་ན། ལྕགས་ནི་ལྕགས་ཉིད་ཀྱིས་གཅོད་པར་བྱེད་པ་མ་གཏོགས་པར། བོང་

เล่ม ๑๑๒ · หน้า 35b

བའམ། ཤིང་ངམ། རྩྭས་གཅོད་པར་མི་ནུས་པ་དེ་བཞིན་དུ། བྱམས་པ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་། བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པས་ཟད་པར་བྱེད་པ་མ་གཏོགས་པར་གཞན་གྱིས་ཟད་པར་མི་འགྱུར་ཏེ། བྱམས་པ་དེ་

ལྟ་བས་ན། ཁྱེད་ཅག་གིས་གཅིག་ལ་གཅིག་ཞེ་ས་དང་བཅས་པ་དང་། གཅིག་ལ་གཅིག་གུས་པ་དང་བཅས་པས་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་ཞིང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་སོ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཀུན་དགའ་བོ་གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་། རྩོད་ཅིང་ང་ནི་མཆོག་ཏུ་གྱུར་པ་ཡིན་གྱི་ཁྱེད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་

སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རིང་དུ་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཐབ་མོ་དང་། འཁྲུག་པ་དང་རྩོད་པ་དང་མཚང་འདྲུ་བ་སྟེ། འདི་དག་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི་ལམ་མོ། །དེ་ནི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །ཀུན་དགའ་བོ་གཞན་

ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དུ་འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འདྲུ་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། འདི་གཉིས་ཀ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པའོ། །

འདི་གཉིས་ཀ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་

เล่ม ๑๑๒ · หน้า 36a

ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་ལ་བརྩམས་སོ་ཞེས་ནས། དགའ་ཞིང་སྤྲོ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ། བྱང་ཆུབ་སེམས་དཔའ་ལུང་མ་

བསྟན་པས། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང་འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འདྲུ་ན། གལ་ཏེ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞེ་ན། ཇི་ཙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང་། འཐབ་ཅིང་རྩོད་པ་དང་

འཁྲུག་ཅིང་མཚང་འདྲུ་བར་འགྱུར་བ་དེ་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་དག་གི་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ། འོན་ཏེ་མ་ལགས་ཀྱི་བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་བར་འཚལ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ། ཀུན་དགའ་བོ་དེ་ལ་གང་ཟག་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པ་བྱང་ཆུབ་

སེམས་དཔའི་ཐེག་པ་པའི་གང་ཟག་དང་འཐབ་ཅིང་རྩོད་ལ་གཤེ་ཞིང་མི་སྙན་པར་བརྗོད་པ་དང་། འཐབ་ཅིང་རྩོད་དེ་གཤེ་བ་དང་། མི་སྙན་པར་བརྗོད་པར་བྱས་ནས་ཕྱིར་མི་འཆགས་པར་མདུད་པར་འཛིན་འཁོན་དུ་བཟུང་སྟེ་གནས་ན་ཀུན་དགའ་བོ་གང་ཟག་དེ་ནི་ངེས་པར་འབྱུང་བར་ང་མི་སྨྲ་སྟེ།

གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏང་ཞེ་ན། གདོན་མི་ཟ་བར་བསྐལ་པ་དེ་སྙེད་དུ་གོ་ཆ་བགོ་བར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཐབ་ཅིང་རྩོད་དེ་གཤེ་བ་དང་། མི་སྙན་པར་བརྗོད་པར་འགྱུར་ན་ཡང་མདུད་པར་

མི་འཛིན་ལ་ཕྱིན་ཆད་སྡོམ་པ་འཛིན་ཅིང་བདག་གིས་ནི་ཐོབ་པར་བྱ་བ་ཉེས་པར་ཐོབ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ན་དེ་ལྟར་བདག་སྨྲས་པ་ལ་ཕྱིར་སྨྲ་བ་དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན་དེ་ལྟར་བདག་

เล่ม ๑๑๒ · หน้า 36b

གཞན་ལ་མི་སྙན་པར་སྨྲ་ཞིང་ཕྱིར་བཟློག་པ་ནི་མི་ཚུལ་གྱིས་བདག་གིས་དེ་ལྟར་མི་བྱའོ། །བདག་གིས་གླེན་པ་དང་ལྐུགས་པ་བཞིན་དུ་བྱའོ། །བདག་གིས་བསམ་པ་ལ་འཁྲུག་པ་མེད་པར་བྱའོ། །སེམས་ཅན་དེ་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་དགོས་ན། དེ་དག་ཉིད་ལ་བདག་ངན་སེམས་སུ་བྱེད་པ་དང་། དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱིས། བདག་གིས་དེ་དག་ལ་གནོད་སེམས་སུ་མི་བྱའོ། །བདག་གིས་དེ་དག་ལ་འཁྲུག་པར་མི་

བྱའོ་སྙམ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པར་འབྱུང་བ་ཡོད་པར་ངས་བཤད་དེ། དེ་ལ་བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་ཚོལ་བས་ཀྱང་གླགས་མི་རྙེད་དོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་

ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མི་བྱའོ། །དེ་དག་དང་ལྷན་ཅིག་ཏུ་གནས་པར་མི་བྱའོ། །འདུག་པར་མི་བྱའོ། །གལ་ཏེ་འདུག་ན་ཡང་དེས་སུ་ལ་ཡང་གནོད་སེམས་སུ་མི་བྱ། འཁྲུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་དེ་དག་ལ་གནོད་སེམས་སུ་

བྱ་བ་དང་། འཁྲུག་པར་བྱ་བ་དེ་ནི་བདག་ལ་མི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ། །ཀུན་དགའ་

བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་དང་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། སྟོན་པ་དང་ཇི་ལྟར་གནས་པ་དེ་བཞིན་དུ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ། །འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ། །འདིས་སྦྱིན་

เล่ม ๑๑๒ · หน้า 37a

པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞེས་བྱ་བའི་བར་དུ་གསུངས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཀྱང་། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་

རང་རྒྱལ་བ་རྣམས་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེ་བར་བྱེད། མི་སྙན་པར་བརྗོད། རྙོག་པར་བྱེད་ལ། འགྲན་པར་བྱེད། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཡུད་ཙམ་ཞིག་ཀྱང་གཤེ་བར་བྱེད། མི་

སྙན་པར་བརྗོད། རྙོག་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་པར་བྱེད་དེ། འདིའི་ཚད་ནི་བརྗོད་པར་སླ་བ་མ་ཡིན་ནོ། །འཇམ་དཔལ་གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཟླ་བ་གཅིག་དང་ཉི་མ་གཅིག་པར་གྱུར་ཅིང་། དེ་དག་ཀྱང་རང་རྒྱལ་བས་ཡོངས་སུ་གང་

བར་གྱུར་ལ། རང་རྒྱལ་བ་རེ་རེ་ལ་ཡང་སྦྱིན་བདག་ལྷའི་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་གྱི་ཡོ་བྱད་ལ་སོགས་པའི་སྦྱིན་བདག་ཆེན་པོ་གཞལ་དུ་མེད་ཅིང་གྲངས་མེད་པར་གྱུར་ཏོ། །རང་རྒྱལ་བ་དེ་དག་གི་སྦྱིན་བདག་དེ་དག་ཐམས་ཅད་ཀྱང་རྒྱུན་དུ་ཞུགས་པར་

གྱུར་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བར་གྱུར་ལ། དེ་ནས་གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བས། རང་རྒྱལ་བ་དེ་དག་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དེ་དག་

གི་བདོག་པ་ཐམས་ཅད་འཕྲོག་པར་བྱེད། ཡོ་བྱད་ཐམས་ཅད་རྒྱུན་གཅད་པར་བྱ་བའི་ཕྱིར། ཉི་མ་དང་ཟླ་བ་སྣུབ་པར་བྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཁྲོས་པར་གྱུར་ཏེ། ཟས་གཅོད་པར་བྱེད།

ཟས་གཅོད་དུ་འཇུག་པར་བྱེད། ཡོ་བྱད་ཐམས་ཅད་རྒྱུན་དུ་གཅད་པར་བྱ་བའི་ཕྱིར། དེ་ལ་བསྔགས་པ་མ་ཡིན་པ་སྨྲ་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་བདེ་བ་དང་། བརྒྱ་བྱིན་གྱི་བདེ་

เล่ม ๑๑๒ · หน้า 37b

བ་དང་ལྡན་པར་གྱུར་ཅིང་། དེ་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བདེ་བ་ལས་ཉམས་པས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དམྱལ་བ་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་སྐྱེད་དུ་འཇུག་ལ། གཞན་གང་

ཞིག་ཁྲོས་པས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་དགེ་བའི་རྩ་བ་གཅིག་གཅོད་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་ཆེས་གྲངས་མེད་པར་རབ་ཏུ་སྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་བར་གྱུར་ཅིང་། དེ་ནས་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འགའ་ཞིག་གིས་ཡོངས་སུ་བརྟག་པ་བཟུང་སྟེ། རང་རྒྱལ་བ་དེ་དག་ཐམས་ཅད་ཚུལ་ཁྲིམས་ལས་ཉམས་པར་བྱས་ནས་དམྱལ་བ་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་བསྐྱེད་དུ་བཅུག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་

བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཐེག་པ་ཆེན་པོ་ལ་མོས་པ་ཤེས་རབ་ཀྱི་རྩ་བ་དང་། ཤེས་རབ་ཀྱི་ལས་གཅིག་ལ་ཡང་སློབ་པ་ཞིག །གདུག་པའི་སེམས་དང་། དྲག་ཤུལ་གྱི་སེམས་ཀྱིས་ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་

སྐྱེད་དོ། །འཇམ་དཔལ་གལ་ཏེ་ཐེག་པ་ཆེན་པོ་ལ་མོས་པ་ཞིག་གིས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་རང་རྒྱལ་བ་ལ་དགོད་པར་བྱེད་ཅིང་། དེ་ལ་རང་རྒྱལ་བ་དེ་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། ལྷའི་གོས་དང་། ཟས་དང་། མལ་སྟན་དང་།

ན་བའི་རྐྱེན་སྨན་གྱི་ཡོ་བྱད་སྦྱིན་པ་བྱིན་པར་འགྱུར་ལ། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཞིག །སངས་རྒྱས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་གཅིག་བྱེད་དུ་བཅུག་ན། འདི་ནི་དེ་

བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་ན། མར་མེའམ། བདུག་པའམ། མེ་ཏོག་སྦྱིན་པར་བྱེད་ཅིང་། སངས་རྒྱས་སུ་བསྐྲུན་པའི་དགེ་བའི་རྩ་བ་གཞན་དང་གཞན་ལ་འགོད་པ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དེ། དེའི་ཚད་ནི་བསྐལ་

เล่ม ๑๑๒ · หน้า 38a

པའམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ཕྲག་གིས་ཀྱང་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་གསུངས་སོ། །ནམ་མཁའ་ཅན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་དེ་ལ་ཆོས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་ཕ་རོལ་

ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འདོད་པ། སྙིང་རྗེ་ཆེན་པོ་ལ་གནས་པར་འདོད་པ་ས་བཅུ་ཡོངས་སུ་རྫོགས་པར་འདོད་པ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འདོད་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ། སེམས་ཅན་ཐམས་ཅད་

སྲིད་པའི་ཆུ་བོ་ལས་བསྒྲལ་བར་འདོད་པ། བདུད་བཞི་འདུལ་བར་འདོད་པ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ། འཁོར་གྲངས་མེད་པ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། མཐར་གྱིས་སའི་རིམ་གྱིས་ཚངས་

པའི་གནས་བཞི་ལ་རྣལ་འབྱོར་དུ་བྱའོ། །རིགས་ཀྱི་བུ་ཇི་ལྟར་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤར་གྱི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་སེམས་ཅན་རྣམས་ལ་བྱམས་པས་ཁྱབ་པར་བྱེད་པ་ཡིན་ཞེ་ན། སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་

ཡིད་ལ་བྱེད། བདེ་བར་གྱུར་ཅིག་ཅེས་ཡང་དག་པར་ཤེས། བདེ་བར་གྱུར་ཅིག་ཅེས་རབ་ཏུ་སྦྱོར། བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་དོ། །ཕའམ་མའམ་ཇི་སྲིད་དུ་རང་སངས་རྒྱས་སམ། དེ་བཞིན་གཤེགས་པའི་བར་དུ་བདེ་བ་ཉིད་དུ་ཡིད་ལ་བྱེད་པས་ན། བདེ་བར་

གྱུར་ཅིག་ཅེས་བྱིན་གྱིས་རློབ་པའི་བར་དུ་བྱེད་དོ། །གང་གི་ཚེ་སེམས་ཅན་གང་ཡང་རུང་བས་འདི་ལ་སྔར་དོན་མ་ཡིན་པ་བྱས་པར་གྱུར་པའི་དུས་ཡོད་ལ། དེ་ལ་འདིའི་སེམས་སྡང་ཞིང་མི་དད། ཡང་དག་པར་མི་གནས། ཁྲོ་བ་མི་འདོར་རོ། །དེ་ལྟར་ཡིན་དང་ལས་དང་པོ་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་བསླབ་པར་བྱ་སྟེ། སེམས་ཅན་འདིས་སྔོན་དོན་མ་ཡིན་པ་འདི་བྱས་མོད་ཀྱི། གལ་ཏེ་བདག་གིས་འདི་ལ་ཀུན་ནས་མནར་སེམས་པར་བྱེད་ཅིང་། ཡིད་མ་རངས་པར་བྱེད་ན། དེ་ལྟར་ན་བདག་ཉིད་ལ་དོན་མ་ཡིན་པ་བྱེད་པར་འགྱུར་རོ། །

เล่ม ๑๑๒ · หน้า 38b

ཕྱོགས་བཅུ་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་མཛད་ཅིང་། འདི་ལྟར་སྨོད་པར་མཛད་པར་འགྱུར་ཏེ། སེམས་ཅན་འདི་ནི་སེམས་ཅན་རྣམས་ལ་སྡང་ཞིང་། རྒྱལ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་

དང་ཐུན་མོང་མ་ཡིན་པ། བླ་ན་མེད་པའི་ཡེ་ཤེས་ཚོལ་བར་འདོད་པ་ལ་ལྟོས། འདི་ལྟ་སྟེ་དཔེར་ན། མི་གྲུམ་པོ་རྐང་པ་གཉིས་དང་བྲལ་བ་འདི་ནས་བྱང་གི་གླིང་དུ་འགྲོ་བར་འདོད་པའམ། མིག་ཉམས་པ་ཡི་གེ་བྲི་བར་འདོད་པའམ། ལག་པ་ཉམས་པ་གཡུལ་སྤྲོད་པར་འདོད་པའམ།

མེ་དང་བྲལ་བ་རིའི་རྒྱལ་པོ་རི་རབ་སྲེག་པར་འདོད་པའམ། ཆུ་དང་བྲལ་བ་སེམས་ཅན་བཀྲུ་བར་འདོད་པ་དེ་བཞིན་དུ་སྐྱེས་བུ་བླུན་པོ་དེ་ཡང་ཁྲོ་བའི་སྟོབས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཚོལ་བར་འདོད་དོ། །གང་སེམས་ཅན་ཐམས་ཅད་ལ་ཁྲོ་བ་མི་སྤོང་བ་དེས་ནི། ཉན་ཐོས་ཀྱི་ཐེག་པའང་

བསྒྲུབ་པར་མི་ནུས་ན། ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་སྨོད་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་རྒྱལ་བ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། དྲང་སྲོང་ལྷའི་

མིག་དང་ལྡན་པ་རྣམས་དང་། ལྷ་རྣམས་ཀྱིས་ཀྱང་སྨོད་པར་བྱེད་དོ། །བདག་སྤྱོད་པ་ངན་པ་སྤྱོད་པར་འགྱུར་རོ། །མནར་མེད་པ་ལ་གཞོལ་བ་དང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་མི་འགྱུར་རོ། །དེ་ལྟར་བདག་ནི་བདག་ལ་མཐོང་བའི་ཆོས་དང་ཕྱི་

མ་ལ་དོན་མ་ཡིན་པ་ཆེན་པོ་བྱེད་པར་འགྱུར་རོ། །དེ་ལྟར་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནོད་སེམས་རབ་ཏུ་སྤོང་བར་བྱེད་དོ། །སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་དོ་ཞེས་བྱ་བ་ནས། བྱིན་གྱིས་རློབ་པར་བྱེད་དོ་ཞེས་བྱ་བའི་

བར་དུ་བྱེད་དོ། །གང་གི་ཚེ་སེམས་ཅན་གང་ཡང་རུང་བས་སྔོན་དོན་མ་ཡིན་པ་བྱས་ཤིང་དོན་མ་ཡིན་པ་བྱེད་པའི་དུས་ཡོད་ལ། དེ་ལ་སེམས་སྡང་ཞིང་མི་དད། ཡང་དག་པར་མི་གནས། ཁྲོ་བ་མི་འདོར་རོ། །དེ་ལྟར་ཡིན་ཀྱང་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་

เล่ม ๑๑๒ · หน้า 39a

སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས། ཇི་སྐད་སྔར་བཤད་པ་མནར་སེམས་པ་རབ་ཏུ་འདོར་རོ་ཞེས་བྱ་བ་དང་། ཇི་སྲིད་དུ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་

སེམས་ཅན་གང་ཡང་རུང་བས་སྔར་དོན་མ་ཡིན་པ་བྱས་ཤིང་དོན་མ་ཡིན་པ་བྱེད་མོད་ཀྱི། དོན་མ་ཡིན་པ་བྱེད་པར་འདོད་པའི་དུས་དེ་ནི་ཡོད་པ་ཞེས་བྱ་བ་དང་། ཇི་སྲིད་དུ་གང་བདག་གི་མཛའ་བོ་ཡིད་དུ་འོང་བ་དེ་ལ་སྔོན་དོན་མ་ཡིན་པ་བྱས་སོ་ཞེས་བྱ་བའི་བར་དང་། ཇི་སྲིད་དུ་དོན་མ་ཡིན་པ་

བྱེད་དོ་ཞེས་བྱ་བའི་བར་དང་། ཇི་སྲིད་དུ་དོན་མ་ཡིན་པ་བྱེད་པར་འདོད་དོ་ཞེས་བྱ་བའི་བར་དང་། ཇི་སྲིད་དུ་གང་བདག་དང་མི་མཛའ་ཞིང་ཡིད་དུ་མི་འོང་བ་དེའི་དོན་བྱས་སོ་ཞེས་བྱ་བའི་བར་དང་། དོན་བྱེད་དོ་ཞེས་བྱ་བའི་བར་དང་། འདིའི་དོན་བྱེད་པར་འདོད་དོ་ཞེས་བྱ་བའི་བར་དང་། སེམས་ཅན་

རྣམས་བདེ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་དོ། །བདེ་བར་གྱུར་ཅིག་ཅེས་རབ་ཏུ་ཤེས། བདེ་བར་གྱུར་ཅིག་ཅེས་རབ་ཏུ་སྦྱོར། བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་དོ། །ཕའམ་མའམ་ཞེས་བྱ་བའི་བར་དང་། རང་སངས་རྒྱས་སམ། དེ་བཞིན་གཤེགས་པའི་བདེ་བར་གྱུར་ཅིག་

ཅེས་བྱིན་གྱིས་རློབ་པར་བྱེད་ཅིང་། དེ་ལ་ཆགས་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བའི་བར་དང་། གནས་མ་ཡིན་པར་ཡོངས་སུ་རྟོགས་པས། སེམས་ཅན་གང་ཡང་རུང་བ་ལ་སེམས་རབ་ཏུ་སྡང་ཞིང་མ་དད་པ། ཡང་དག་པར་མི་གནས། ཁྲོ་བ་མི་འདོར་བའི་དུས་ཡོད་ལ། དེ་ལྟར་

ཡིན་དང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་འདིས་བདག་ལ་དོན་མ་ཡིན་པ་བྱས་སོ་ཞེས་བྱ་བ་ནས། བདག་གི་མི་མཛའ་ཞིང་ཡིད་དུ་མི་འོང་བ་ཞེས་བྱ་བའི་བར་དང་། འདི་ལ་དོན་བྱེད་པར་འདོད་དོ་ཞེས་བྱ་བའི་བར་

དང་། གང་བདག་གིས་དེ་ལ་རྐྱེན་མེད་པར་མནར་སེམས་པ་སྐྱེད་པར་བྱེད། རབ་ཏུ་སྡང་བའི་སེམས་ཀྱིས་གནས་པར་བྱེད་ན། དེ་ལྟ་ན་ནི་བདག་ཉིད་ལ་བདག་ཉིད་དོན་མ་ཡིན་པ་ཆེན་པོ་སྐྱེད་པར་བྱེད་པར་འགྱུར་རོ། །ཕྱོགས་བཅུ་ཐམས་ཅད་ན་བཞུགས་པའི་སངས་རྒྱས་

เล่ม ๑๑๒ · หน้า 39b

བཅོམ་ལྡན་འདས་ཐམས་ཅད་བདག་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་མཛད་ཅིང་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་མི་འགྱུར་རོ། །དེ་ལྟར་ན་བདག་ནི་བདག་ཉིད་ལ་མཐོང་བའི་ཆོས་དང་ཕྱི་མ་ལ་དོན་མ་ཡིན་པ་ཆེན་པོ་བྱེད་པར་འགྱུར་རོ། །དེ་ལྟར་

དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མནར་སེམས་པ་སྤོང་བར་བྱེད་དོ། །དེ་ལྟར་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས། འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། སྤངས་པ་

ཆེན་པོར་གྱུར་པ། ཚད་མེད་པ་ལ་ལེགས་པར་བསྒོམས་པས་ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་བར་དང་། འོག་དང་སྟེང་དུ་བྱམས་པ་དང་ལྡན་པའི་ཞེས་བྱ་བའི་བར་དང་། ལེགས་པར་བསྒོམས་པས་མོས་པར་བྱས་ཏེ་རྫོགས་པར་བྱས་ནས་

གནས་ཀྱི་ཆགས་པ་དང་ལྡན་པས་མ་ཡིན་ནོ་ཞེས་བྱ་བའི་བར་དང་། རིགས་ཀྱི་བུ་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ལ་དམིགས་པའི་བྱམས་པ། ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་བྱ་བ་གསུངས་སོ། །

རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། གང་བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་སེམས་དཔའ་ལ་མནར་སེམས་པའི་སེམས་བསྐྱེད་པ་དེ་ནི། དེ་བཞིན་གཤེགས་པ་ལ་མནར་སེམས་པའི་སེམས་བསྐྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ལྔ་པོ་ལས་མཚམས་

མེད་པ་གང་ཡང་རུང་བ་ཞིག་བྱས་པ་ནི་བླའི། བྱང་ཆུབ་སེམས་དཔའ་ལ་མནར་སེམས་པའི་སེམས་བསྐྱེད་པ་ནི་མ་ཡིན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་ངེས་པར་བྱུང་ངོ་། །གལ་ཏེ་བྱང་ཆུབ་སེམས་

དཔའ་སེམས་ཅན་རྣམས་ལ་མནར་སེམས་པའི་སེམས་བསྐྱེད་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་ལས་བྱང་ཆུབ་སེམས་དཔའ་བྱུང་ཞིང་། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་བྱུང་ངོ་། །ཤཱ་རིའི་བུ་དེའི་ཕྱིར་བྱང་ཆུབ་སེམས་

เล่ม ๑๑๒ · หน้า 40a

དཔས། བྱང་ཆུབ་སེམས་དཔའ་ལ་མནར་སེམས་པའི་སེམས་བསྐྱེད་པར་མི་བྱ་ཞིང་། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་བརྙས་པར་མི་བྱའོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། དགེ་སློང་མཁས་པས་ཚུལ་

ཁྲིམས་ལྡན་མཐོང་ནས། །གཡོ་མེད་པར་ནི་རྟག་ཏུ་བསྙེན་པར་བྱ། །ཞེ་སྡང་ཐ་བ་དག་ཀྱང་རྣམ་སྤངས་ཏེ། །དགེ་སློང་ཆོས་སྨྲ་རྟག་ཏུ་བསྙེན་པར་གྱིས། །གནོད་སེམས་ཁྲོ་བ་དག་ཀྱང་རྣམ་སྤོངས་ལ། །ང་ཡི་སྲས་པོ་ཆོས་སྐྱོང་མཆོད་པར་གྱིས། །བསྐལ་པ་བྱེ་བ་མང་པོར་ལོང་བ་དང་། །

ལོག་པར་ལྟུང་ཞིང་སྡུག་བསྔལ་གྱུར་ཏ་རེ། །གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པས་མིན། །ཞེས་གསུངས་སོ། །ངེས་པ་དང་མ་

ངེས་པ་ལ་འཇུག་པ་རྟོགས་པ་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སྡང་བའི་སེམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པ་དག་གི་ཟས་དང་གོས་བཅད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི།

ཁྲོས་ཏེ་སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཟན་གཅིག་ཕྲོགས་སམ། ཟན་གཅོད་དུ་བཅུག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་

ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པ་བསྐལ་པ་བྱེ་བ་གྲངས་མེད་པ་ནས། ཡང་དག་པར་བསྒྲུབས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་རང་གི་སེམས་ཀྱི་རྒྱུད་ལས་

སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ལ། ཁམ་གཅིག་ཙམ་ཡོངས་སུ་བཏང་བ་ཡང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་འགྱུར་བར་བྱེད་པའི་ཕྱིར་རོ། །འཇམ་དཔལ་

เล่ม ๑๑๒ · หน้า 40b

ཡོངས་སུ་བརྟག་པ་བཟུང་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ཏེ་སྡང་བའི་སེམས་ཀྱིས། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་

ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་མེད་པར་བྱས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐ་ན་བསླབ་པ་གཅིག་བླངས་པ་ཙམ་ཡང་མེད་པར་བྱས་ན།

འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་

ཕུང་པོ་ནི། རང་གི་སེམས་ཀྱི་རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟད་ཀྱི། འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི། ཐ་ན་ཉི་མ་གཅིག་གི་བསླབ་པ་གཅིག་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་

པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐམས་ཅད་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་རར་བཅུག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། བྱང་ཆུབ་སེམས་དཔའ་ལ་ཁྲོས་ཏེ་གནོད་སེམས་

ཀྱི་སེམས་ཀྱིས་འདི་དང་ཕྲད་པར་མ་གྱུར་ཅིག་ཅེས་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་

เล่ม ๑๑๒ · หน้า 41a

ཀྱི་མིག་ཕྱུང་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བལྟས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་སྟེ་ནན་གྱིས་དཔེར་

བྱས་ན། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། དེ་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བྱམས་པའི་སེམས་ཀྱིས་མིག་བསྐྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་

ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་བལྟས་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས་ཀྱང་འཇམ་དཔལ་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས།

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྫས་མེད་པར་ཚིགས་སུ་བཅད་པ་གཅིག་

ཙམ་འདོན་དུ་བཅུག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་སྟེ་ནན་གྱིས་དཔེར་བྱས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་

ཀྱི་སེམས་ཅན་རྣམས། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་སྐྱེས་པར་བྱས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ནི། བྱང་ཆུབ་སེམས་དཔའ་གཅིག་བྱང་ཆུབ་ཀྱི་སེམས་ལས་མོས་པ་བཟློག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་

མེད་པ་སྐྱེད་དོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས་ཀྱང་། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དག་ལ་

เล่ม ๑๑๒ · หน้า 41b

ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ། འདི་ནི་སངས་

རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པ་ཡིན་ནོ་སྙམ་ནས། ཉིན་གཅིག་ཟན་གཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བསྙེན་སྟོན་

པ་གཞན་ལ་མི་བརྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས། དགེ་

སློང་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་སློང་དག་

ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དད་པས་རྗེས་སུ་འབྲང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་

མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དད་པས་རྗེས་སུ་འབྲང་བ་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་

དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས། ཆོས་ཀྱིས་རྗེས་སུ་འབྲང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་

เล่ม ๑๑๒ · หน้า 42a

གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཆོས་ཀྱིས་རྗེས་སུ་འབྲང་བ་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བརྒྱད་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་

ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བརྒྱད་པ་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། རྒྱུན་དུ་ཞུགས་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་

ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱུན་དུ་ཞུགས་པ་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་

ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ལན་ཅིག་ཕྱིར་འོང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ལན་ཅིག་ཕྱིར་འོང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས།

འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཕྱིར་མི་འོང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་

เล่ม ๑๑๒ · หน้า 42b

ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཕྱིར་མི་འོང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དགྲ་བཅོམ་

པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་དག་

ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། རང་སངས་རྒྱས་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་

ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་།

དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། སངས་རྒྱས་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དེ། ཐལ་མོ་སྦྱར་བའམ། མེ་ཏོག་

གམ། བདུག་པའམ། སྤོས་སམ། མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། སངས་རྒྱས་བཅོམ་ལྡན་འདས་ཉན་

ཐོས་ཀྱི་དགེ་འདུན་དང་བཅས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་ཕུལ་བ་དང་། དེ་བཞིན་དུ་ལྷའི་ན་བཟའ་རྣམས་ཕུལ་བ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཐ་ན་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་

เล่ม ๑๑๒ · หน้า 43a

སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་གཅིག་ལ། སངས་རྒྱས་ལ་སྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་ཡང་། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་

ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། རའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་

གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། སངས་རྒྱས་ལ་སྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་ཡང་།

འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་

ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཟླ་བ་དང་ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། སངས་རྒྱས་

ལ་སྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་ཡང་། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་

སྙེད་དུ། ཟླ་བ་དང་ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་

เล่ม ๑๑๒ · หน้า 43b

ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་

གཱའི་ཀླུང་གི་བྱེ་མ་སྙེད་དུ། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་

བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་

གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་

བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །བཟློག་སྟེ། བསྟི་སྟང་མ་བྱས་པའི་མི་དགེ་བའི་ལས་ཀྱང་

དེ་བཞིན་དུ་བརྗོད་པར་བྱའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། རའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉི་མ་དང་ཟླ་བའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའང་དེ་བཞིན་ཏེ། འཇམ་དཔལ་རིགས་ཀྱི་བུའམ་རིགས་

ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་བར་ཆད་བྱས་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དེ་བཞིན་

เล่ม ๑๑๒ · หน้า 44a

གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་དགེ་བའི་རྩ་བའི་བར་ཆད་བྱེད་ཅིང་། ཁྲོ་བ་དང་བརྙས་པའི་སེམས་སྐྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པ་གྲངས་མེད་པ་སྐྱེད་དོ། །འཇམ་

དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་ནས་བདོག་པ་ཐམས་ཅད་ཕྲོགས་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་

ཡང་རུང་བས་བརྙས་པའི་སེམས་སྐྱེད་དེ། གཤེ་བ་དང་། མི་སྙན་པར་སྨྲ་བ་དང་། རྙོག་པར་བྱེད་པ་ན། དེ་བས་ཆེས་སྡིག་པ་མང་དུ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་སྐྱེད་དེ་སྤྱོས་ན། དེ་

མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་ལུས་དཔག་ཚད་ལྔ་བརྒྱ་པར་སྐྱེ་བར་འགྱུར་ཏེ། དེ་ལ་མགོ་ལྔ་བརྒྱ་ཡོད་པར་འགྱུར་རོ། །དེའི་མགོ་རེ་རེ་ལ་ཡང་ཁ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་འགྱུར། དེའི་ཁ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་འགྱུར་ཏེ། ལྕེ་རེ་རེ་ལ་ཡང་

གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོ་བར་འགྱུར་རོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དབྱིག་པ་དང་མཚོན་གྱིས་བསྣུན་ཏེ་བདོག་པ་ཐམས་ཅད་ཕྲོགས་པ་བས། རིགས་

ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་ནས། ཁྲོ་བ་དང་། གནོད་སེམས་དང་། ཐ་བ་དང་ཁྲོས་པའི་སེམས་སྐྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་

ཞིག་གིས། སྡང་བའི་སེམས་ཀྱིས་སེམས་ཅན་རྣམས་ལ་གནོད་པར་འདོད་ཅིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ། འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་ན། དགྲ་བཅོམ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྲོག་གཅད་པ་དང་། རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་

เล่ม ๑๑๒ · หน้า 44b

སྟེགས་བུས་ཡོངས་སུ་བསྐོར་ཅིང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་བཙུགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་

ཉིད་ལ་སྒྲོ་བཏགས་ཏེ། བརྙས་པའི་སེམས་བསྐྱེད་ནས། རྐྱེན་ཅིས་ཀྱང་རུང་བས། ཁྲོ་བ་དང་། གཤེ་བ་དང་། མི་སྙན་པར་ཟེར་བ་དང་། ཁྱད་དུ་གསོད་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་

གཤེགས་པ་ངེས་པར་འབྱུང་བའི་ཕྱིར་ཏེ། དེ་ནི་སངས་རྒྱས་ཀྱི་རིགས་གཅོད་པའི་ཕྱིར་ཞུགས་པ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་དེས་ཆོས་སྤངས་པ་ཡིན་ནོ། །ཆོས་ཀྱང་གཞན་ལ། ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ཏེ། བྱང་ཆུབ་

སེམས་དཔའ་ཉིད་ཆོས་སོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཁྲོས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་དག་ཏུ་བཙུད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ། བྱང་ཆུབ་

སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཤིང་འདུག་ནས། མ་རུངས་པ་འདི་ནི་མི་བལྟའོ་ཞེས་ཟེར་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་

ཅད་ཕྲོགས་པ་བས། གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ། །ཞལ་ཏ་བྱེད་པ་ལ་དགོངས་པ་བསྟན་པ། ཉི་མའི་སྙིང་པོའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་

རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཞལ་ཏ་བ་ཞེས་བགྱི་བ་ལགས་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞལ་ཏ་བར་གདགས་པར་མཛད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགེ་སློང་གཉིས་ཞལ་

เล่ม ๑๑๒ · หน้า 45a

ཏ་བར་ངས་གནང་ངོ་། །གཉིས་གང་ཞེ་ན། གང་ཡང་རྣམ་པར་ཐར་པ་བརྒྱད་ལ་བསྒོམ་པའི་དགྲ་བཅོམ་པ་དང་། གང་ཡང་དགེ་སློང་སློབ་པ་རྒྱུན་དུ་ཞུགས་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་དགེ་སློང་འདི་གཉིས་ཞལ་ཏ་བྱེད་པའི་ལས་བྱེད་པར་ངས་གནང་ངོ་ཞེས་

གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ཇི་ལྟ་བུས་ཞལ་ཏ་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ངས་ཞལ་ཏ་

བྱ་བར་གནང་བའི་དགེ་སློང་གཉིས་ཏེ། གཉིས་གང་ཞེ་ན། དགེ་སློང་ཡོངས་སུ་དག་པ་འཇིག་རྟེན་གྱི་ཁམས་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས། འཛེམ་པ་དང་ལྡན་ཞིང་འགྱོད་པ་དང་ལྡན་པ་དང་། གང་ཡང་ཟག་པ་ཟད་པ། དགྲ་བཅོམ་

པར་གྱུར་པ་སྟེ། འོད་སྲུངས་དགེ་སློང་མ་ཉམས་པ་འདི་གཉིས་ཞལ་ཏ་བྱེད་པར་ངས་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ། རིགས་སྣ་ཚོགས་ལས་རབ་ཏུ་བྱུང་བ། སེམས་ཀྱི་མོས་པ་སྣ་ཚོགས་དང་ལྡན་པ་སྤོང་བའི་ཕྱིར་རྣལ་འབྱོར་

སྣ་ཚོགས་ལ་གནས་པ། ཁ་ཅིག་ནི་དགོན་པ་བས་མཐའི་མལ་སྟན་ལ་མངོན་པར་དགའ་བ། ཁ་ཅིག་ནི་བསོད་སྙོམས་པ། ཁ་ཅིག་ནི་གྲོང་འདབ་ན་གནས་པ། ཁ་ཅིག་ནི་འཚོ་བ་ཡོངས་སུ་དག་པ། ཁ་ཅིག་ནི་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ། ཁ་ཅིག་ནི་ཆོས་སྨྲ་བ། ཁ་ཅིག་

ནི་འདུལ་བ་འཛིན་པ། ཁ་ཅིག་ནི་མ་མོ་འཛིན་པ། ཁ་ཅིག་ནི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཞུགས་ནས་ཆོས་སྟོན་པ་སྟེ། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་རྣམས་བསྲུང་དཀའ་བའི་ཕྱིར་རོ། །འོད་སྲུངས་དེ་ལ་དགེ་

སློང་ཞལ་ཏ་བྱེད་པས། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་དགོན་པ་བས་མཐའི་མལ་སྟན་གང་ཡིན་པ་དེ་དག་ནི་དགེ་སློང་ཞལ་ཏ་བྱེད་པས་ལས་སུ་བསྒོ་བར་མི་བྱའོ། །ཞལ་ཏ་བྱེད་པས་དགེ་སློང་དགོན་པ་པ་དེ་དག་བསྲུང་བར་བྱ་སྟེ།

เล่ม ๑๑๒ · หน้า 45b

དུས་མ་ཡིན་པར་གསོལ་བར་མི་བྱ། དུས་མ་ཡིན་པར་གཏང་བར་མི་བྱའོ། །འོད་སྲུངས་གལ་ཏེ་དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བར་གཏོགས་པ་སློབ་པའི་ལས་རེས་བབ་ན། དགེ་སློང་ཞལ་ཏ་བྱེད་པ་དེས་ལས་བདག་ཉིད་ཀྱིས་བྱའོ། །ཡང་ན་དགེ་སློང་གཞན་ཞིག་བསྐོས་པ་

ལ་ལས་དེ་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་པ་ལ་གནོད་པར་མི་བྱའོ། །འོད་སྲུངས་དེ་ལ་དགེ་སློང་བསོད་སྙོམས་སྤྱོད་པ་གང་ཡིན་པ་དེ་ལ། དགེ་སློང་ཞལ་ཏ་བྱེད་པ་དེས་ཁ་ཟས་བསོད་པ་བགོ་བཤའ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་

ལ་དགེ་སློང་ཞལ་ཏ་བྱེད་པས་མཐུན་པའི་འཚོག་ཆས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་སྦྱིན་པར་བྱའོ། །དགེ་སློང་རྣལ་འབྱོར་སྤྱོད་པ་དེ་ས་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར། དགེ་སློང་ཞལ་ཏ་བྱེད་པ་དེས་སྒྲ་ཆེན་པོ་དང་སྐད་དྲག་པོ་མི་དབྱུང་ཞིང་བྱེད་དུ་ཡང་མི་གཞུག་

གོ། །དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་བསྲུང་ཞིང་མལ་ཆ་ཡང་སྦྱར་བར་བྱའོ། །ཁ་ཟས་བསོད་པ་དང་། ཡི་གར་འོང་བ་དང་། རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང་། བཅའ་བ་རྣམས་སྦྱིན་པར་བྱའོ། །དགེ་སློང་དེ་ལ་དགེ་སློང་འདི་ནི་དེ་བཞིན་

གཤེགས་པའི་བསྟན་པ་སྟོན་པའི་ཕྱིར་གནས་པ་ཡིན་ཏེ། དེ་ལ་བདག་གིས་རྗེས་སུ་མཐུན་པའི་ཡོ་བྱད་ཐམས་ཅད་མང་དུ་སྦྱར་བར་བྱའོ་སྙམ་དུ་ཤིན་ཏུ་ཕངས་པའི་འདུ་ཤེས་བསྐྱེད་པར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ་གང་ཡིན་པ་དེ་དག་ལ་དགེ་

སློང་ཞལ་ཏ་བྱེད་པས་ལུང་ནོས་ཤིག །ལྷོགས་ཤིག །ཁ་ཏོན་གྱིས་ཤིག །ཁོ་བོ་ནི་ཁྱོད་ཀྱི་རིམ་གྲོ་བྱེད་པ་ཡིན་གྱིས། ཁྱོད་ཇི་ལྟ་ཇི་ལྟ་བུར་མང་དུ་ཐོས་པར་གྱུར་པ་དེ་ལྟ་དེ་ལྟ་བུར། དགེ་སློང་གི་དགེ་འདུན་མཛེས་པར་འགྱུར་བར་གྱིས་ཤིག །འདུལ་བ་བརྗོད་པས་མཛེས་པར་གྱིས་

ཤིག །བདག་ཉིད་ཀྱི་ཤེས་རབ་ཀྱང་མཆོག་ཏུ་འགྱུར་བར་གྱིས་ཤིག་ཅེས་སྤྲོ་བ་བསྐྱེད་པར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དེ་དག་དུས་མ་ཡིན་པར་བཏང་བར་མི་བྱ། ལས་སུ་བསྒོ་བར་མི་བྱའོ། །དགེ་སློང་ཞལ་ཏ་བྱེད་པ་དེས་དགེ་སློང་མང་དུ་ཐོས་པ་དེ་དག་

เล่ม ๑๑๒ · หน้า 46a

བསྲུང་བར་བྱའོ། །འོད་སྲུངས་དེ་ལ་ཆོས་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་དགེ་སློང་ཞལ་ཏ་བྱེད་པས་ལས་སུ་བསྒོ་བར་མི་བྱའོ། །གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འཇུག་ཏུ་བཅུག་ལ་ཆོས་འཆད་དུ་

གཞུག་གོ། །ཆོས་ཉན་པ་དག་བསྒོ་བར་བྱའོ། །འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པར་བྱའོ། །འབེལ་བའི་ཆོས་ཀྱི་གཏམ་གྱི་ཕྱིར་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཆོས་སྨྲ་བའི་དགེ་སློང་ལ་དགེ་སློང་གང་དག་གནོད་པར་བྱེད་པའི་དགེ་སློང་དེ་དག་དགེ་སློང་ཞལ་ཏ་བྱེད་པས་

བཟློག་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས་ཆོས་སྨྲ་བའི་དགེ་སློང་ལ་རྟག་ཏུ་བསུ་བར་བྱ། ལེགས་སོ་ཞེས་བྱ་བ་མང་དུ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་གང་དག་འདུལ་བ་འཛིན་པ་དང་། མ་མོ་འཛིན་པར་གྱུར་པ་དེ་དག་གི་གན་དུ་དགེ་སློང་ཞལ་ཏ་བྱེད་པ་དེ་སོང་ལ། ཇི་ལྟར་ན་

བདག་རྨ་མེད་ཅིང་མ་ཉམས་པ་དང་། ཇི་ལྟར་ན་བདག་ལྟུང་བ་མེད་པའི་ཆོས་ཀྱི་ཞལ་ཏ་བྱ་ཞེས་ཡོངས་སུ་དྲི་བར་བྱའོ། །དེ་ནས་འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་དགེ་སློང་དེ་དག་གིས་དགེ་སློང་ཞལ་ཏ་བྱེད་པའི་བསམ་པ་རིག་ནས་དེའི་བྱ་བ་དང་། འབྱུང་བ་གང་ཡིན་པ་དང་། བྱེད་

པ་གང་ཡིན་པ་དེ་བསྟན་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས། འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་དགེ་སློང་དེ་དག་ལ་ཕངས་པར་བྱ་བ་དང་། དད་པ་དང་གུས་པ་དང་། ཞེས་རབ་ཏུ་བསྐྱེད་པར་བྱའོ། །དགེ་འདུན་གྱི་རྙེད་པ་གང་ཡིན་པ་དེ་དག་དགེ་སློང་ཞལ་ཏ་བྱེད་པས། དུས་

དུས་སུ་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱའི། དགེ་འདུན་གྱི་རྙེད་པ་བསགས་ཤིང་སྦ་བར་མི་བྱ་སྟེ། ཇི་ལྟར་རྙེད་པ་བཞིན་དུ་སྦྱིན་པར་བྱ། མ་བསྐུལ་བར་སྦྱིན་པར་བྱ། གནོད་པ་མེད་པར་སྦྱིན་པར་བྱའོ། །དེས་འདུན་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་

འགྲོ་བར་མི་བྱའོ། །དགེ་སློང་གི་དགེ་འདུན་ལ་རྟོན་པར་བྱའི། ཁྱིམ་པའི་ཕྱོགས་ལ་རྟོན་པར་མི་བྱའོ། །དགེ་འདུན་གྱི་བྱ་བ་ལ་རྟོན་པར་བྱའི། བདག་དགའ་བར་བྱ་བ་ལ་རྟོན་པར་མི་བྱའོ། །དངོས་པོ་གང་ལ་ཡང་དབང་བྱ་བའི་འདུ་ཤེས་བསྐྱེད་པར་མི་བྱའི། བྱ་བ་ཇི་ཙམ་དུ་ཆུང་བ་

เล่ม ๑๑๒ · หน้า 46b

ཡང་དགེ་འདུན་གྱི་གྲོས་བཞིན་དུ་བྱ་ཞིང་། རང་དགར་མི་བྱའོ། །དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡོ་བྱད་གང་ཅི་ཡང་རུང་སྟེ། ཇི་ལྟ་བ་བཞིན་དུ་གཞག་པར་བྱ་སྟེ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །

ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ཡང་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་མཆོད་རྟེན་གྱི་དང་བསྲེ་བར་མི་བྱའོ། །མཆོད་རྟེན་གྱི་རྙེད་པ་ཡང་དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་བསྲེ་བར་མི་བྱའོ། །གལ་

ཏེ་ཕྱོགས་བཞིའི་དགེ་འདུན་ལ་བྲེལ་ཕོངས་སུ་གྱུར་ལ། དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གི་དགེ་འདུན་བསྡུས་ལ་གྲོས་མཐུན་པར་བགྱིས་ཏེ། དགེ་འདུན་གྱི་རྙེད་པ་ལས། ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་བྱའོ། །གལ་ཏེ་དེ་བཞིན་

གཤེགས་པའི་མཆོད་རྟེན་ཞིག་རལ་དུ་གྱུར་ལ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས། དགེ་སློང་གི་དགེ་འདུན་ཐམས་ཅད་བསྡུས་ལ། གྲོས་མཐུན་པར་བགྱིས་ཏེ། འདི་སྐད་ཅེས་དེ་བཞིན་གཤེགས་པའི་

མཆོད་རྟེན་འདི་ནི་ཞིག་རལ་དུ་གྱུར་ལ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ནི་ཆེ་བར་གྱུར་ན། གལ་ཏེ་ཚེ་དང་ལྡན་པ་རྣམས་གནོད་པ་མེད་ཅིང་དད་པ་དང་ལྡན་ལ་བཟོད་ཅིང་གནང་ན། བདག་གིས་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་འདི་

ལས་དངོས་པོ་ཅུང་ཟད་ཅིག་ཁྱེར་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་བཅོས་པར་བྱའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་གྱིས་གནང་ན། དགེ་སློང་ཞལ་ཏ་བྱེད་པ་དེས་དེ་བཞིན་དུ་བྱའོ། །ཇི་སྟེ་དགེ་འདུན་གྱིས་མ་གནང་ན། དགེ་སློང་ཞལ་ཏ་བྱེད་པ་དེས་སྦྱིན་པ་པོ་

དང་། སྦྱིན་བདག་ལ་གསོལ་བ་ཐོབ་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གསོ་བར་བྱའོ། །འོད་སྲུངས་གལ་ཏེ་མཆོད་རྟེན་གྱི་རྙེད་པ་ཇི་ལྟར་མང་དུ་གྱུར་དུ་ཟིན་ཀྱང་དགེ་སློང་ཞལ་ཏ་བྱེད་པས་དགེ་འདུན་དང་། ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་

เล่ม ๑๑๒ · หน้า 47a

ན། དད་ཅིང་དང་བ་མང་པོ་དག་གིས་མཆོད་རྟེན་ལ་ཕུལ་བ་ནི། ཐ་ན་རས་ཀྱི་ཁ་ཚར་གཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ཡིན་ན། རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་དག་ལྟ་སྨོས་ཀྱང་ཅི་དགོས། མཆོད་རྟེན་ལ་གོས་ཕུལ་

བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ་རླུང་དང་། ཉི་མ་དང་། ཆར་པས་དེངས་ཀྱང་བླའི། མཆོད་རྟེན་ལ་ཕུལ་བའི་གོས་དབྱིག་གམ། དབྱིག་གི་རིན་དུ་བསྒྱུར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་རྟེན་གྱི་ནི་རིན་ཐང་དུ་ཅུང་ཟད་ཀྱང་མེད་ལ། མཆོད་རྟེན་

ནི་ཅིས་ཀྱང་བྲེལ་བ་མེད་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པས་དེ་ལྟར་ཡོངས་སུ་དག་པར་བྱ་སྟེ། དེས་དཀོན་མཆོག་གསུམ་གྱི་དང་མ་འབགས་པར་བྱའོ། །བདག་གི་རྙེད་པས་ཆོག་ཤེས་པར་བྱའོ། །དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས་པའི་དངོས་པོ་རྣམས་

ལ་བདག་གིར་འདུ་ཤེས་མི་བྱའོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་རབ་ཏུ་སྡང་བའི་སེམས་དང་ལྡན་པ་གང་ལ་ལ་ཞིག་གིས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་གནས་རྣམས་ལ་སེམས་ཁྲོས་སམ། དབང་བྱེད་ཅིང་བསྒོ་བླག་བྱེད་ན། དེ་མི་དགེ་བའི་ལས་དེས་

སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་མིའི་འཇིག་རྟེན་དུ་འོངས་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་བ་དང་། ཁུ་ཚུར་དང་། ཐལ་ལྕག་དང་། ལག་ཆ་བསྙེམས་པས་བརྡེགས་པ་དང་ཕྲད་པར་འགྱུར་རོ། །འོད་སྲུངས་གཞན་ཡང་གལ་ཏེ་དགེ་སློང་ཞལ་ཏ་བྱེད་པ་དགེ་

འདུན་གྱི་བྱ་བ་ལས་འདས་ཏེ། རང་དགར་དགེ་སློང་རྣམས་ལ་དབང་བྱེད་ཅིང་བསྒོ་བ་དང་། ཆད་པས་གཅོད་པ་དང་། འཇིགས་པར་བྱེད་པ་དང་། བསྡིགས་པ་དང་། དུས་མ་ཡིན་པར་བརྡེག་པ་དང་། དུས་མ་ཡིན་པར་བསྒོ་བར་བྱེད་ན། དེ་མི་དགེ་བའི་ལས་དེས་ཉི་ཚེ་བའི་སེམས་

ཅན་དམྱལ་བ་ཕུར་པ་མང་པོ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལུས་ལ་ལྕགས་ཕུར་བརྒྱ་སྟོང་ཟུག་ཅིང་དེ་དག་འབར། རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་འབར་བ་མཆེད་ཅིང་འབར་བར་འགྱུར་རོ། །དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་པའི་གནས་

เล่ม ๑๑๒ · หน้า 47b

རྣམས་ལ་བསྡིགས་ཤིང་། ངག་གི་ལས་གདུག་པ་སྨྲས་པར་གྱུར་པ་གང་ཡིན་པ་དེས་དེར་སྐྱེས་ནས། ལྕེའི་དབང་པོའི་ཁྱོན་དཔག་ཚད་བརྒྱ་པར་འགྱུར་ཞིང་། དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་རབ་ཏུ་འབབ་ཅིང་། དེ་དག་ཀྱང་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ལ། ཀུན་དུ་

རབ་ཏུ་མཆེད་ཅིང་འབར་ཏེ། མེར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་བསྡིགས་ཤིང་ངག་གི་ལས་གདུག་པར་སྨྲ་བར་གྱུར་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་གྱི་རྙེད་པ་འདུས་ཤིང་འདུས་པ་གཞག་སྟེ། དུས་དུས་སུ་མི་སྦྱིན་ཞིང་། མཐོ་

བཙམས་ལ་གཙེས་ནས་སྦྱིན་པ་དང་། ཁ་ཅིག་བྱིན། ཁ་ཅིག་མ་བྱིན། ཁ་ཅིག་ལ་བྱིན་ལ། ཁ་ཅིག་ལ་མ་བྱིན་ན། དེ་མི་དགེ་བའི་ལས་དེས་ཡི་དགས་ཀྱི་སྐྱེ་གནས་རྐྱག་འཇིམ་བྱིན་པ་ནུབ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཡི་དགས་གཞན་གྱི་ཁ་ཟས་བླངས་ཏེ། དེ་ལ་བསྟན་

ན་དེ་བསྟན་པའི་ཚེ་མིག་མི་འཛུམས་པར་ཟས་དེ་བལྟ་ཞིང་བཀྲེས་པ་དང་། སྐོམ་པས་ཉེན་པའི་སྡུག་བསྔལ་གྱི་ཚོར་བ་མྱོང་གི །ལོ་བརྒྱ་སྟོང་དུ་ཡང་ཟས་དེ་ཐོབ་པར་མི་འགྱུར་རོ། །ཇི་སྟེ་བརྒྱལ་བརྒྱ་ལམ་ན་ཟས་དེ་ཐོབ་ཀྱང་། ངན་སྐྱུགས་དང་རྣག་ཁྲག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།

འདི་ལྟར་དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་གནས་རྣམས་མགུ་བར་མ་བྱས་ཤིང་། རང་གི་རྙེད་པས་ཆོག་མི་ཤེས་པར་གྱུར་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་

གྱི་འཆོལ་བར་བྱས་ན། དེའི་རྣམ་པར་སྨིན་པ་ནི་ངས་བསྐལ་པར་བགྲངས་པས་ཀྱང་བརྗོད་ཀྱིས་མི་ལང་ངོ་། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་ཉེས་དམིགས་ཀྱི་གནས་འདི་ལྟ་བུ་འདི་དག་ཐོས་ནས། ཁྲོ་བའམ། གཤེ་བའམ། གནོད་པར་སེམས་ཤིང་། ཁོང་ཁྲོ་བ་

སྐྱེད་ན། དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུངས་དེ་ལྟ་བས་ན་དམ་པའི་ཆོས་འདི་ལྟ་བུ་ཐོས་ནས། དགེ་སློང་ཞལ་ཏ་བྱེད་པས་ལུས་དང་ངག་དང་། ཡིད་ཡོངས་སུ་དག་པར་བྱའོ། །བདག་དང་གཞན་བསྲུང་བར་བྱའོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་རང་

เล่ม ๑๑๒ · หน้า 48a

གི་ཤ་ལ་ཟ་ཡང་བླའི། དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས་པའི་ལྷུང་བཟེད་དམ། ཆོས་གོས་སམ། ན་བའི་གསོས་སྨན་ནམ། ཡོ་བྱད་ཡོངས་སུ་སྤྱད་པར་ནི་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷོད་པ་རྣམས་ཀྱི་ལྷོད་པའི་ཆོས་དང་། འཛེམ་དོག་མཆིས་པ་རྣམས་ཀྱི་འཛེམ་དོག་གི་ཆོས་རྣམས་བཀའ་སྩལ་ཏོ་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་མཆོག་ཡོངས་སུ་སྤངས་ནས། ལས་ངན་པ་རྩོམ་པ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་ཞིང་། ཤེས་རབ་ཀྱིས་དམན་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཆོས་ཀྱི་མཆོག་ཡོངས་སུ་སྤངས་ནས་ལས་ངན་པ་རྩོམ་པ་

དེ་དག་ནི། ཤེས་རབ་ཤིན་ཏུ་ཆུང་ཞིང་ཤེས་རབ་ཀྱིས་དམན་པར་འགྱུར་བ་ཡིན་ནོ། །བྱམས་པ་གཞན་ཡང་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་དག་ལ་སྦྱོར་བ་མེད་ཅིང་། བསམ་གཏན་མེད་ལ་སྤོང་བ་མེད་ཅིང་འདོན་པ་མེད་པ་

དང་། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ་དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་ཕྱེ་བ་དང་། ཡེ་ཤེས་ཀྱིས་འདུས་བྱས་པ་དང་། ཡེ་ཤེས་ཀྱིས་མཉམ་པར་གཞག་པ་དང་།

བརྩོན་པས་ཕྱེ་བ་ཡིན་གྱིས། ཁྱིམ་པའི་ལས་དང་ཞལ་ཏ་བྱེད་པས་ཕྱེ་བ་ནི་མ་ཡིན་ཏེ། འདི་ལྟར་ཞལ་ཏ་བྱེད་པའི་ལས་དེ་ནི་མི་རིགས་པ་ལ་སྦྱོར་བ་རྣམས་དང་། འདུ་བྱེད་ལ་མངོན་པར་དགའ་བ་རྣམས་དང་། འཇིག་རྟེན་པའི་བྱ་བས་སྦགས་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལ་འདོད་པ་བསྐྱེད་

เล่ม ๑๑๒ · หน้า 48b

པར་མི་བྱའོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ན་དེས་ནི་ང་མཉེས་པར་བྱས་པ་མ་ཡིན། རི་མོར་བྱས་པ་མ་ཡིན། བཀུར་སྟིར་

བྱས་པ་མ་ཡིན་གྱི། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ་འཆད་པ་དེ་ནི་ང་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་

བྱས། མཆོད་པར་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་བྱུང་བ་ཡིན་གྱི། དངོས་པོ་ཡོངས་སུ་འཛིན་པ་ལས་བྱུང་བ་ནི་མ་ཡིན་པའི་ཕྱིར་རོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞལ་ཏ་

བྱེད་པ་ལ་བརྩོན་པས། བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པ་ཞལ་ཏ་བྱེད་པའི་སྦགས་པས་སྦགས་པར་བྱེད་ན། བསོད་ནམས་འདོད་པ་དེས་ནི། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསྐྱེད་པར་འགྱུར་ཏེ། ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་

འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་གཞི་གསུམ་པོ་གང་ཡིན་པ་དེ་དག་ནི་ཤེས་རབ་ལས་བྱུང་བའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས། བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་

ལ་བརྩོན་པའི་བར་ཆད་མི་བྱའོ། །འཛམ་བུའི་གླིང་འདི་ཞལ་ཏ་བྱེད་པས་ཡོངས་སུ་གང་བར་གྱུར་པའི་ཞལ་ཏ་བྱེད་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པ་གཅིག་ལ། རིམ་གྲོ་དང་བསྙེན་བཀུར་བྱའོ་ཞེས་གསུངས་སོ། །བདེན་

པའི་རྣམ་པའི་མདོ་ལས་ཀྱང་། །དེ་ལ་བྱང་ཆུབ་སེམས་དཔའི་ཞལ་ཏ་གང་ཞེ་ན། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། ཆོས་ཉན་པ་དང་། མཁན་པོ་དང་། སློབ་དཔོན་རྣམས་ལ་སྙོམ་ལས་མེད་པ་དང་། ལྟོས་པ་མེད་པས་ཞལ་ཏ་བྱེད་པའི་བྱ་བ་ལ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་

เล่ม ๑๑๒ · หน้า 49a

གང་ལ་ལས་ཐ་ན་ལེགས་སོ་ཞེས་བྱ་བ་ཡང་རེ་བས་ཞལ་ཏ་དེ་མི་བྱ། དེ་ལྟ་བུའི་ངོ་བོས་ཞལ་ཏ་མི་བྱ་སྟེ། འདི་ནི་ཞལ་ཏ་ཤེས་པ་ཞེས་བྱའོ་ཞེས་གསུངས་སོ། །ཡོངས་སུ་འཛིན་པ་ལ་དགོངས་པ་བསྟན་པ། ཇི་ལྟ་བུ་ཞིག་གི་མདོ་ལས་ཀྱང་། མཽད་གལ་གྱི་བུས་གསོལ་པ། བཙུན་

པ་དགེ་སློང་གང་ལ་ལ་ཞིག་སྐྱེས་བུ་གང་ཟག་བརྒྱད་ཀྱི་ཞིང་ལ་ཕུལ་བ་དང་། ཕྱོགས་བཞིའི་དགེ་འདུན་ཆེན་པོའི་དཀོར་གྱིས་དོར་བ་དང་། རྒྱལ་པོའི་ཁོལ་པོ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། མདུན་ན་འདོན་དང་། བློན་པོ་དང་། སྨད་འཚོང་མ་མཆོག་དང་། རྒྱལ་པོ་དང་། བཙུན་མོ་དམ་པ་ལ་

བརྟེན་ནས། བསོད་ནམས་བརྒྱ་ཕྲག་སྟོང་ལ་དབང་བྱེད་པ་དང་འདྲ་བའི་ལས་གསར་པ་རྩོམ་པ་ཆེན་པོས་བྱེད་པ་དང་། ཐབས་ལོག་པ་དེ་ཉིད་ཀྱིས་ཕྱིས་ལྟུང་བ་དང་བཅས་པར་འགྱུར་བ་དེས། བསོད་ནམས་མ་ཡིན་པ་ཅི་འདྲ་བ་ཞིག་བསྐྱེད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སྦྱོང་དོར་བ། གདུག་པ་ལ་བརྟེན་པ་སྲིད་པའི་ཁོལ་པོ། །འཁོར་བ་རྒྱས་པར་བྱེད་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མས་སྦགས་པ། སློབ་དཔོན་ལྟར་སྣང་བས་དབང་བསྐུར་བ། བྱིས་པ་མཆིལ་སྣབས་འཕྱག་ཅིང་ཁ་འཕྲོ་ཟ་བ་རྣམས་ཀྱིས་བསྐོར་བ་དེ་ནི། རྨ་བྱའི་འབག་ལྟ་བུས་

སྲིན་བུའི་རས་ཁ་བསྒྱུར་བའི་གོས་དང་། རམས་ཀྱིས་ཁ་བསྒྱུར་བའི་ཤ་འགག་དང་། བཀྲ་བ་དང་ཉེ་བར་བཀྲ་བའི་ལྷམ་གྱོན་ནས། བལ་མཆོག་གི་འབོལ་སྟན་ལ་གནས་གནས་ཏེ། དགེ་སློང་དེས་པ་ལ་སྨོད་ཅིང་འདྲི། གཤེ་བ་དང་། སྤྱོ་བ་དང་སྡིགས་མཛུབ་དག་གིས་གནས་ནས་འབྱིན་པར་

བྱེད། དེ་དག་ལ་སྔོན་དུ་འོང་བ་དང་། རྗེས་སུ་འབྲང་བ་དང་། ལྡང་བ་དང་། ཐལ་མོ་སྦྱར་བའི་ལས་འདུད་པའི་ཕྱག་གིས་བཀའ་བསྒོ་ཞིང་། ཆུ་མཆོག་དང་ཟས་མཆོག་དང་། མལ་སྟན་མཆོག་ཡོངས་སུ་ལོངས་སྤྱོད་པས། མཚམས་མེད་པ་དང་ཉེ་བར་འདྲ་བའི་སྡིག་པ་ཆེས་ཤིན་ཏུ་

སོགས་པར་འགྱུར་རོ། །ཇི་ལྟར་གཙང་སྦྲ་འདོད་པ་རྣམས་ཀྱིས་བདག་གི་ལུས་དང་། གོས་བརླག་པར་མ་གྱུར་ཅིག་སྙམ་ནས། བཤང་གཅི་རིང་དུ་སྤོང་བར་བྱེད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་སྲས་པོ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་གཙང་སྦྲ་འདོད་པ་རྣམས་ཀྱིས་ཀྱང་། དེ་ལྟ་བུའི་གང་ཟག་མཐོང་

เล่ม ๑๑๒ · หน้า 49b

ནས། ལུང་དང་རྟོགས་པའི་ཆོས་ཀྱི་ལོངས་སྤྱོད་གཉིས་ལས་རིང་དུ་བྱེད་པར་འགྱུར་རོ། །རྒྱུད་མ་ལྟ་བུར་གྱུར་པ་རྟག་པར་མི་དགེ་བ་བྱེད་པ། ཤིང་དང་ལྟེང་ཀ་བསྐམས་པ་དང་འདྲ་བ། དམ་པའི་ཆོས་ཀྱི་ལྗོན་ཤིང་གི་བཅུད་ཟག་པ་མེད་པའི་ཚུལ་ཁྲིམས་འཇོམས་པ། ལུས་ཟངས་ཀྱི་གོས་ཀྱིས་གཡོགས་

པ། ལྕགས་ཀྱི་གོང་བུ་འབར་བ་ཟ་བ། བདག་ཉིད་ཀྱི་ཁྲག་ཁོལ་མ་འཐུང་བ། མི་མ་རབས་ལོ་མ་རུལ་བ་ལྟ་བུ་སྒྲ་སྙན་པ་ཉམས་པའི་དུང་གི་སྐད་ལྟར་ཀུན་དུ་སྤྱོད་པ། བདག་དང་གཞན་རྣམ་པར་འཇོམས་པ་ནི། མཐར་གནས་ལྟར་རྣལ་འབྱོར་པས་ཡོངས་སུ་སྤོང་བར་བྱེད་དོ། །མཽད་གལ་གྱི་བུས་

གསོལ་པ། བཅོམ་ལྡན་འདས་དེས་བསྐལ་པ་བརྒྱད་ཅུར་མནར་མེད་པའི་སྡུག་བསྔལ་མྱོང་བར་བྱ་དགོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་དེ་དེ་བཞིན་ཏེ། བར་གྱི་བསྐལ་པ་བརྒྱད་ཅུར་བསྡམས་པ་བསྐལ་པ་ཆེན་པོ་དེར་དགེ་འདུན་འདུ་བའི་སྒོ་འཕྲོགས་པ་དེས་

དེར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ལས་ཀྱི་ཟས་ཅན་དུ་འགྱུར་ཞིང་། དེའི་ལུས་བཅུ་འགྱུར་དང་། དེ་གཞོན་ཤ་ཆགས་པས་མར་སར་དང་རས་བལ་གྱི་འདའ་བ་ལྟ་བུ་དང་། ཚོར་བ་བཅུ་འགྱུར་དུ་རྣམ་པར་ཆད་པ་མེད་པར་གནད་ཐམས་ཅད་གཅོད་པའི་སྡུག་བསྔལ་མྱོང་བར་འགྱུར་

རོ། །ལས་བྱས་ཤིང་བསགས་པ་དེ་ཞིག་ཅིང་བསལ་བ་ཉམས་པར་གྱུར་པ། ཡོངས་སུ་ཟད་པར་གྱུར་གྱི་བར་དུ་ཀུན་ནས་འབར་བ་རབ་ཏུ་འབར་བ། ཡང་དག་པར་རབ་ཏུ་འབར་བ། རྒྱ་སྐྱེགས་ཀྱི་ཁ་དོག་ལྟ་བུར་འབར་བ་གཅིག་ཏུ་གྱུར་པར་འཚེད་དོ། །དེ་ནས་ཤི་འཕོས་ཏེ་སྡིག་པའི་

བག་ཆགས་ཀྱི་རྒྱུ་མཐུན་པའི་འབྲས་བུས། གུང་དང་། བྱི་ལ་དང་། སེང་གེ་དང་། སྟག་དང་། སྤྱང་ཀིའི་མངལ་དུ་སྡིག་ཏོ་ཅན་འཚེད་པར་སྐྱེ་བར་འགྱུར་རོ། །དེར་ཡང་སྔར་སྡིག་པ་སྤྱོད་ཅིང་དེས་མུན་པ་ནས་མུན་པར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་

ཀྱང་། ད་ལྟར་དང་མ་འོངས་པའི་དུས་ན། ངའི་བསྟན་པ་འདི་དང་། དམ་པའི་ཆོས་སམ། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡུན་ཇི་སྲིད་གནས་པར། ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་ཁྱིམ་དང་ཀུན་དགའ་ར་བ་དང་། ཞིང་དང་བྲན་དང་། བྲན་མོའི་བར་གང་སུ་དག་གིས་དེ་ལྟར་བསྔོས་

เล่ม ๑๑๒ · หน้า 50a

པ་དེ་ལ། སྡིག་པ་སྤྱོད་པའི་དགེ་སློང་ཚུལ་ཁྲིམས་འཆལ་པ་གང་དག་ཐ་ན་འདབ་མ་གཅིག་དང་། འབྲས་བུ་གཅིག་དང་། མེ་ཏོག་གཅིག་ཅིག་ཡོངས་སུ་སྤྱོད་པ་དག་ཏུ་བྱེད་ན། དེ་ནི་མི་བླུན་པོ་དེ་ལ་དོན་མ་ཡིན་པ་དང་། ཕན་པ་མ་ཡིན་པར་འགྱུར་ཏེ། དེ་ལ་གནོད་

པ་བཞི་ཡང་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། ཕྱོགས་ཐམས་ཅད་དུ་མི་སྙན་པ་ཆེན་པོར་འགྲོ་བ་ཡིན། མཛའ་བོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། མཁན་པོ་དང་། སློབ་དཔོན་དང་། རིམ་གྲོ་པ་དང་སྡུག་ཅིང་ཡིད་དུ་འོང་བ་དང་མྱུར་དུ་འབྲལ་བར་འགྱུར་བ་ཡིན། ནད་ཚབས་ཆེན་

པོ་ཡུན་རིང་བ་དག་གིས་ཐེབས་པར་འགྱུར་བ་ཡིན། དེའི་ཆོས་གོས་དང་། ལྷུང་བཟེད་གང་ཡོད་པ་དེ་ཡང་འཇིགས་པ་ཆེན་པོ་ལྔས་ཕྲོགས་པར་འགྱུར་བ་ཡིན་ནོ། །ལྔ་གང་དག་གིས་ཤེ་ན། འདི་ལྟ་སྟེ། རྒྱལ་པོ་དང་། ཆོམ་རྐུན་དང་། མེ་དང་ཆུ་དང་། བགོ་སྐལ་ལ་སྤྱོད་པའི་མི་མཛའ་བ་དང་ལྔ་པོ་དེ་

དག་གིས་སོ། །དེའི་འཇིག་རྟེན་ཕ་རོལ་གྱི་འདོད་པ་མ་ཡིན་པའི་འབྲས་བུ་བཞི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ཏེ། བཞི་གང་དག་ཡིན་ཞེ་ན། ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོ་མི་བཟད་པར་སྐྱེ་བར་འགྱུར་བ་ཡིན་ཏེ། གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས།

སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཤི་འཕོས་ནས། འབྲོག་དགོན་པ་རོ་སྐམ་གྱི་ནང་དུ། དུད་འགྲོ་དང་། ཡི་དགས་ཀྱི་རིགས་སུ་ལོང་བ་དང་། རྐང་ལག་མེད་པ་དག་ཏུ་སྐྱེ་བར་འགྱུར་ཞིང་། དེ་ལོ་བརྒྱ་སྟོང་མང་པོ་དག་ཏུ་བཀྲེས་པ་དང་། སྐོམ་པས་ཡོངས་སུ་གདུང་བ་ཆེན་པོའི་སྡུག་བསྔལ་

ཉམས་སུ་མྱོང་བར་འགྱུར་བ་ཡིན། གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས། དེ་ནས་ཤི་འཕོས་ནས། ལོ་བརྒྱ་སྟོང་མང་པོ་དག་ཏུ་སྦྲུལ་གདུག་པ། ལོང་བ་རྡུལ་ཟ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་ཡིན། དེ་བརྒྱ་ལ་རེས་འགའ་ཞིག་དེ་ནས་ཤི་འཕོས་ནས། གལ་ཏེ་མི་

རྣམས་ཀྱི་ནང་དུ་སྐྱེས་ན། འོན་ཀྱང་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་དག་ཏུ། མི་ཉིད་འཐོབ་པ་རྙེད་པར་འགྱུར་ཞིང་། མོང་རྟུལ་བ་དང་ཚུལ་འདི་མི་ཤེས་པར་འགྱུར་བ་དང་། མིག་མ་ཚང་བ་དང་། ལག་པ་མ་ཚང་བ་དང་། རྐང་པ་མ་ཚང་བ་དང་། ཁྱིའི་ལོངས་སྤྱོད་ཀྱི་ཁ་

เล่ม ๑๑๒ · หน้า 50b

ཟས་ལ་གདུ་ཞིང་། རྐྱག་ཁུང་པའི་ཁ་ཟས་ལ་ཟ་བ་དང་། འདམ་རྫབ་དང་། ཕྱག་དར་ཁྲོད་ན་གནས་པ་དང་། འབྲོག་དགོན་པ་དང་། ལམ་པོ་ཆེ་རྣམས་ན་འཚོ་བར་འགྱུར་ལ། དེ་དེ་ནས་ཤི་འཕོས་ནས་ཀྱང་ཡང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་

འདོད་པ་མ་ཡིན་ཏེ། དེ་ལྟར་ལྕི་བར་འབྱུང་ཞེ་ན། འདི་ལྟར་སྡིག་པ་སྤྱོད་པའི་དགེ་སློང་དེ་ནི། འདི་ལྟར་ཆོས་ཀྱིས་གནས་པ་རྣམས་ལ་ཁྱིམ་དང་ཞིང་དང་། ཀུན་དགའ་ར་བ་དང་། བྲན་དང་བྲན་མོ་དང་། ཕྱུགས་དག་གི་བར་དག་ཕྲོགས་ནས། གང་ཟག་རང་གི་ཡོངས་སུ་སྤྱོད་པ་ལ་ལོངས་

སྤྱོད་པར་བྱེད་པའི་ཕྱིར་ཏེ། སྡིག་པ་སྤྱོད་པའི་དགེ་སློང་དེ་ལྟ་བུ་དེ་ནི། དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་མེད་པར་བྱ་བ་དང་། རྣམ་པར་གཞིག་པ་དང་། རྒྱུན་གཅད་པ་དང་། ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་གསུམ་

གྱི་གདུང་མེད་པར་བྱ་བ་ནས། ནུབ་པར་བྱ་བའི་བར་དུ་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་ཕྱོགས་ནི་ཚོགས་པ་དང་ལྡན་པ་ཡིན་ལ། ཆོས་ཀྱི་ཚུལ་དང་། དཀོན་མཆོག་གསུམ་གྱི་གདུང་ཡང་དགེ་བའི་ཕྱོགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེའི་ཕྱིར་ཉིད་ཀྱི་མི་འདོད་པའི་འབྲས་བུ་

རྣམ་པར་སྨིན་པ་ལྕི་བ་མངོན་པར་འགྲུབ་པ་ཡིན་ནོ། །དེ་ནས་གནས་བརྟན་ག་ཡ་འོད་སྲུངས་ཀྱིས་མཆི་མ་བླགས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མི་ཉིད་རྙེད་པ་ནི་མ་ཐོབ་ཀྱང་བླའི། རབ་ཏུ་བྱུང་ནས་བཟའ་བ་དང་བཏུང་བའི་སླད་དུ་ལོག་པར་སྒྲུབ་པ་ནི་དེ་ལྟ་མ་ལགས་

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ག་ཡ་འོད་སྲུངས་ཆེན་པོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གོང་དུ་དེའི་སྔོན་གྱི་ལས་རྣམས་ཟད་པ་དག་ཏུ་འགྱུར་བའི་སེམས་ཅན་དམྱལ་བར་གནས་པ་ནི་བླའི། འདི་ན་གང་གཞན་དུ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །འོན་ཀྱང་སྐྱེས་བུ་

བླུན་པོ་ཁ་ཅིག་མི་ཉིད་འཐོབ་པར་དཀའ་བ་རྙེད་དེ། ལེགས་པར་གསུངས་པའི་ཆོས་འདུལ་བ་གང་ལ་སྡུག་བསྔལ་ཐམས་ཅད་ཟད་པ་དང་། ཟག་པ་ཐམས་ཅད་མཐར་ཐུག་པར་འགྱུར་བའི་ངོ་མཚར་རྨད་དུ་བྱུང་བའི་རབ་ཏུ་བྱུང་བ་རྙེད་པར་དཀའ་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་

เล่ม ๑๑๒ · หน้า 51a

ཐོབ་ནས། འོན་ཀྱང་སྐྱེས་བུ་བླུན་པོ་གང་གིས་མཆོད་པར་མི་འགྱུར་བ་དང་། བཟའ་བཏུང་དང་བྲལ་བར་འགྱུར་ལ། མི་དགེ་བའི་ཕྱོགས་རྣལ་འབྱོར་ཡིད་ལ་བྱེད་པ་ཡོངས་སུ་བསལ་ནས་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དད་པ་

ཅན་དག་གིས་ཁྱིམ་དང་ཞིང་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། བྲན་དང་བྲན་མོ་དང་། རྐང་བཞི་པ་དག་གི་བར་དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་ལོངས་སྤྱད་པར་བྱ་བའི་ཕྱིར་དང་། དགེ་བའི་ཕྱོགས་དང་མཐུན་པར་བྱ་བའི་ཕྱིར་དེ་ལྟར་བསྔོས་པ་ལ། སྡིག་པ་སྤྱོད་

པའི་དགེ་སློང་དེ་མང་དུ་ཐོས་པའི་མཐུའམ། ཁྱིམ་ན་གནས་པའི་མཐུས་དེ་དག་ལ་བསྔོས་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཕྲོགས་ནས། བདག་ཉིད་ཀྱིས་གང་ཟག་གི་འདུ་ཤེས་ཀྱིས་ཡོངས་སུ་སྤྱོད་པར་བྱེད་དེ། སྐྱེས་བུ་བླུན་པོ་དེའི་ལོག་པར་སྒྲུབ་པ་དེ་ནི་དེ་ལྟ་བུར་འགྱུར་རོ་ཞེས་གསུངས་སོ། །ཡང་

མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་སྤོབས་པ་ལེགས་སོ། །རྒྱལ་པོ་ཆེན་པོ་མ་འོངས་པའི་དུས་ན། གང་དག་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དག་ཆོས་ཀྱིས་གནས་པ་རྣམས་ལ།

ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་དང་། སྐྱེད་མོས་ཚལ་དང་། བྲན་དང་བྲན་མོ་དང་། མལ་ཆ་དང་སྟན་དང་། ན་བའི་གསོ་སྨན་དང་། ཡོ་བྱད་དག་དེ་ལྟ་དེ་ལྟར་བསྔོས་པ་དང་། རྐང་བཞི་པའི་བར་བསྔོས་པ་ཡང་། འཕྲོག་པར་བྱེད་པའམ། རྐུ་བར་བྱེད་པ་དག་འབྱུང་

བར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དེ་དག་ཐམས་ཅད་ནི་མཐོང་བའི་ཆོས་ལ་འབྱུང་བར་འདོད་པ་མ་ཡིན་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་དག་ཅེ་ན། ལྷ་རྣམས་ཀྱིས་ཡོངས་སུ་བཏང་བ་ཡིན། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་དེའི་མི་སྙན་པ་

གྲགས་པར་འགྱུར་བ་ཡིན། མཛའ་བཤེས་དང་། སྣག་གི་གཉེན་མཚམས་དག་གིས་ཀྱང་དེ་ཡོངས་སུ་གཏོང་བར་འགྱུར་བ་ཡིན། དེའི་དགྲ་བོ་དག་ཀྱང་མང་བར་འགྱུར་བ་ཡིན། ནོར་དང་ནོར་གྱི་ཡོ་བྱད་དག་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡིན། རྣམ་པར་གཡེང་བ་མང་བ་ཡང་ཡིན། ཡན་

เล่ม ๑๑๒ · หน้า 51b

ལག་མ་ཚང་བར་འགྱུར་བ་ཡང་ཡིན། དེ་གཉིད་མེད་པར་འགྱུར་བ་ཡིན། རྟག་ཏུ་སྲེད་པས་གནོད་པར་འགྱུར་བ་ཡང་ཡིན། དེའི་བཟའ་བ་དང་བཏུང་བ་ཡང་དུག་གི་བྱ་བ་བྱེད་པ་ཡིན། སྡུག་པ་དང་ཡིད་དུ་འོང་བ་དག་དང་མྱུར་དུ་འབྲལ་བ་འཐོབ་པ་ཡིན། རྟག་ཏུ་གཞན་དག་དང་འཐབ་མོ་འབྱུང་བ་ཡིན།

ཕ་དང་མ་དང་སྤུན་དང་། ཆུང་མ་དང་བུ་དང་བུ་མོ་དང་། བྲན་དང་བྲན་མོ་དག་ཀྱང་བསྒོ་བ་བཞིན་མི་བྱེད་པ་ཡིན། དེའི་གསང་སྔགས་གསང་བ་དག་དང་། ནོར་གསང་བ་དང་། སླས་གསང་བ་དང་། དེའི་དངོས་པོ་གསང་བ་རྣམས་ཀྱང་ཐམས་ཅད་གསང་ཤོར་བ་དག་ཏུ་འགྱུར་བ་ཡིན། བགོ་སྐལ་ལ་སྤྱོད་

པ་མི་མཛའ་བ་ལ་སོགས་པ་ལྔས་ལོངས་སྤྱོད་དག་ཆུད་ཟ་བར་འགྱུར་བ་ཡིན། ནད་ཚབས་ཆེན་པོ་དག་གིས་ཀྱང་མྱུར་དུ་ཐེབས་པར་འགྱུར་བ་ཡིན། སྨན་དང་རིམ་གྲོ་བ་དག་དང་འབྲལ་བ་ཡིན། ཤ་དང་ཁྲག་བསྐམས་ནས། སྡུག་བསྔལ་ཉམས་སུ་མྱོང་བ་ཡིན། རང་གི་བཤང་གཅི་དག་གི་ནང་དུ་འཆི་

བའི་དུས་བྱེད་པར་འགྱུར་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདོད་པ་མ་ཡིན་པའི་ཆོས་ཉི་ཤུ་པོ་དེ་དག་དང་མྱུར་དུ་ལྡན་པར་འགྱུར་རོ། །གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་ཅིང་། བདག་ཉིད་ཀྱང་ཡོངས་སུ་

ལོངས་སྤྱོད་པར་བྱེད་པ་དེ་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་དེར་ཡང་ཚེ་བསྐལ་པར་ལྕགས་དང་ཟངས་བཞུན་འཐུང་བར་འགྱུར་ཞིང་། ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར་ལ། མེའི་གོས་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པར་བྱེད་ཅིང་།

གནོད་པ་མི་བཟད་པ་ཆེན་པོ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །ཚེ་བསྐལ་པ་ཟད་པ་ནས་དེ་ནས་ཤི་འཕོས་ནས་ཀྱང་། འབྲོག་དགོན་པ་རོ་སྐམ་དག་གི་ནང་དུ་ལམ་དུ་སྐྱེས་པའི་ཡི་དགས་རྣམས་དང་སྐལ་བ་མཉམ་པར། རྐང་པ་དང་ལག་པ་དང་། མིག་མ་ཚང་བར་སྐྱེ་བར་འགྱུར་

རོ། །དེར་ཡང་ཕྱོགས་བཞི་ནས་ལངས་པའི་རླུང་ཀུན་དུ་ཚ་བ་དག་གིས་ཀུན་དུ་གདུང་བར་བྱེད་དོ། །ས་སྤུ་གྲི་དང་འདྲ་བའི་སྟེང་དུ་བསྙལ་བར་བྱེད། ཡོངས་སུ་བསྙལ་བར་བྱེད་དེ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །

เล่ม ๑๑๒ · หน้า 52a

བཙུན་པ་བཅོམ་ལྡན་འདས་སྤྱོད་པའི་མཚན་ཉིད་ཀྱི་མཚན་མ་གང་དག་གིས། དགེ་སློང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ། དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཀྱི་ནང་དུ་སླན་ཆད་ཀྱང་གནས་པ་དང་། ལོངས་སྤྱོད་དང་ཉེ་བར་སྤྱོད་པར་བགྱི་བར་མི་འོས་

པ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྣམ་པ་འདི་ལྟ་བུས་ཚུལ་ཁྲིམས་འཆལ་པའི་མགོ་འབྱུང་བར་འགྱུར་རོ་ཞེས་གང་གིས་ཀྱང་མྱུར་དུ་རྣམ་པར་ཤེས་པར་མི་ནུས་ཏེ། རྒྱལ་པོ་ཆེན་པོ་འདི་ནི་ནང་གི་དང་པོར་སངས་རྒྱས་ལ་མ་གུས་པ་ཡིན་ནོ། །ཆོས་དང་

དགེ་འདུན་དང་། མཁན་པོ་དང་སློབ་དཔོན་དང་། བླ་མའི་གནས་ལྟ་བུ་རྣམས་ལ་མ་གུས་པ་ཡིན། འཕགས་པའི་རིགས་བཏང་བ་ཡིན། རྣལ་འབྱོར་ཡིད་ལ་བྱེད་པ་ལ་ཀུན་དགའ་བ་མ་ཡིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་སྤངས་པ་ཡིན། ཁྱིམ་ན་གནས་པ་དང་འདྲེས་པ་ཡིན། ཚིག་

འཁྱལ་པ་སྨྲ་བ་ཡིན། བདག་ལ་བསྟོད་པ་ཡིན། གཞན་ལ་སྨོད་པ་ཡིན། དེ་ལྟ་བུ་དག་ལ་ཀུན་དགའ་བ་ཡིན། སྡིག་པའི་རྙི་ལ་ཆགས་པ་ཡིན། ལམ་ངན་པར་ཞུགས་པ་ཡིན། ཁེངས་པ་ཡིན། ཁ་དྲག་པ་ཡིན། འཕྲལ་གཡར་ཅན་ཡིན། འཕྱར་པོ་ཡིན། ཁ་ཤིང་ཅན་ཡིན། གཡོ་

སྒྱུ་ཅན་ཡིན། སྒྱུ་བྱེད་པ་ཡིན། དགེ་སྦྱོང་གཡོན་པོ་ཡིན། དགེ་སྦྱོང་གཡོན་ཅན་ཡིན། དགེ་སྦྱོང་སྙི་ལོང་ལྟ་བུ་ཡིན། དགེ་སློང་གི་དགེ་འདུན་མི་མཐུན་པར་འདོད་པར་སྨྲ་བ་ཡིན། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མངོན་པར་དགའ་བ་ཡིན། འདུ་འཛི་ཀུན་ལ་དགའ་བ་ཡིན།

སྡིག་པ་ཅན་གྱི་དགེ་སློང་ཚུལ་ཁྲིམས་འཆལ་པ་དེ་ནི་ཇི་སྲིད་དུ་དེའི་ཚུལ་ཁྲིམས་འཆལ་པའི་མགོ་བྱུང་བར་མ་གྱུར་གྱི་བར་དུ་གང་གིས་ཀྱང་མཚན་མ་དེ་དག་གིས་མྱུར་དུ་ཤེས་པར་མི་ནུས་སོ། །སྡིག་པ་ཅན་གྱི་དགེ་སློང་དེ་གང་གི་ཚེ། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་

དང་། བྲན་དང་བྲན་མོ་དང་། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་། ལུག་དག་གང་ཟག་གིས་སྲེལ་བར་བྱེད་ན། དེ་ནི་དེའི་ཚུལ་ཁྲིམས་འཆལ་པའི་མགོ་བྱུང་བ་ཡིན་ཏེ། ཚུལ་ཁྲིམས་འཆལ་པའི་མགོ་དེས་ན་སྡིག་པ་ཅན་གྱི་དགེ་སློང་དེ། དགེ་སློང་གི་དགེ་འདུན་གྱི་ནང་ནས་དོར་

เล่ม ๑๑๒ · หน้า 52b

བ་ཡིན། གནས་པར་བྱ་བ་མ་ཡིན། ལོངས་སྤྱོད་པར་བྱ་བ་མ་ཡིན། དགེ་སློང་གི་དངོས་པོ་ལས་ལྷུང་བ་ཡིན། ཕམ་པར་གྱུར་པ་ཡིན་ཏེ། དགེ་སྦྱོང་གི་ཚུལ་ལས་ཀྱང་ཕྱིས་བསླད་དུ་མེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་མི་གདོལ་པ་གནས་ན་གནས་པར་བྱེད་པ་ནི་བླའི། དགེ་སློང་གདོལ་པ་

ཡོངས་སུ་འཛིན་པ་དང་བཅས་པ། རྒྱུད་ཚིག་པ་དོན་ལ་མི་ལྟ་བ། འཇིག་རྟེན་ཕ་རོལ་བཏང་བ། སྙིང་རྗེའི་བསམ་པ་མེད་པ། ཕྱི་ས་ཁུང་ཆེན་པོ་དང་འདྲ་བ། བདུད་ཀྱི་ལམ་དུ་ཞུགས་པ། ལྷ་དང་མི་རྣམས་ལ་གནོད་པར་བྱེད་པ། དུས་གསུམ་ཐམས་ཅད་ཀྱི་དྲང་སྲོང་ཐུབ་པ་རྣམས་ལ་སླུ་བར་བྱེད་པ།

དཀོན་མཆོག་གསུམ་གྱི་གདུང་ཆོས་ཀྱི་མར་མེ་མེད་པར་བྱེད་པ། ཆོས་ཀྱི་རྒྱ་མཚོ་སྐེམས་པར་བྱེད་པ། ཆོས་སྨྲ་བའི་དབྱེན་བྱེད་པ། སྦྱིན་པ་པོ་དང་། སྦྱིན་བདག་རྣམས་ལ་འདྲིད་པར་བྱེད་པ་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་ཐོ་འཚམ་པར་བྱེད་པ། དགེ་འདུན་མཐུན་པར་བྱེད་པའི་རྒྱུན་གཅོད་པར་བྱེད་པ་ནི་དེ་

ལྟ་མ་ཡིན་ནོ། །སྡིག་པ་ཅན་གྱི་དགེ་སློང་དེ་ནི། ཡོངས་སུ་འཛིན་པའི་རྐྱེན་གྱིས་མཐོ་རིས་ཀྱི་ལམ་ལས་རྒྱལ་པོ་ལྡོག་པར་བྱེད་པ་ཡིན་ནོ། །རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་ལྡོག་པར་བྱེད་པ་ཡིན་ནོ། །ངན་སོང་

གི་ལམ་གསུམ་ལ་རབ་ཏུ་གཞོག་པར་བྱེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྡིག་པ་ཅན་གྱི་དགེ་སློང་དེ་ཡོངས་སུ་འཛིན་པའི་ཁྱད་པར་གྱི་རྒྱུ་མཚན་གྱིས་ལྷ་དང་མི་ཇི་སྙེད་ཅིག་མི་སྐྱེད་པར་བྱེད་པ་ལ་ལྟོས། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཡོངས་སུ་འཛིན་པ་དང་བཅས་པའི་དགེ་སློང་དང་དགེ་སློང་ཆོས་ཀྱིས་

གནས་པ་ཡོན་ཏན་གྱིས་ཕྱུག་པ་དག་དང་ལྷན་ཅིག་ཏུ་ཀུན་དགའ་ར་བ་གཅིག་དང་། གཙུག་ལག་ཁང་གཅིག་ཏུ་གནས་པར་མི་བྱའོ། །གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་ཁ་དྲག་ཅིང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམ་པར་སྤངས་ཏེ། དགེ་སློང་དེ་དག་དང་ལྷན་ཅིག་གནས་པར་བྱེད་ན། དེའི་ཕྱིར་དགེ་

སློང་ཆོས་ཀྱིས་གནས་པ་དེ་དག་གིས་བྱམས་པ་དང་ལྡན་ཞིང་ཆོས་དང་མཐུན་པས་དྲན་པར་བྱས་ཏེ། གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་གནས་དེ་ནས་འགྲོ་བ་ལྟ་ན་ནི་ལེགས། གལ་ཏེ་འགྲོ་བར་མི་བྱེད་ན་ནི། དེར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་དོང་ལ། གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་

เล่ม ๑๑๒ · หน้า 53a

དང་ལྗོངས་དང་རི་འོར་དེ་དག་ན། རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་གང་དབང་བྱེད་དུ་འཇུག་པ་དེ་ལ་སྦྲན་པར་བྱའོ། །གལ་ཏེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེས་སྡིག་པ་ཅན་གྱི་དགེ་སློང་ཡོངས་

སུ་འཛིན་པ་དང་བཅས་པ། གནས་དེ་ནས་ཟློག་པར་བྱེད་ན། དེར་ནི་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གནས་པར་བྱའོ། །ཇི་སྟེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེ་དག་བཟའ་བ་དང་བཏུང་བ་དང་རྙེད་པའི་རྒྱུས། སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་

དང་བཅས་པའི་ཕྱོགས་བྱེད་པ་ལྟ་ན། དེའི་ཕྱིར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་ཁྲོ་བ་བསྟན་པར་མི་བྱའོ། །ཆགས་པ་མ་ཡིན། ང་རྒྱལ་མ་ཡིན་ཏེ། འོན་ཀྱང་ཅང་མི་སྨྲ་བར་གནས་དེ་ནས་འགྲོ་བར་བྱ་ཞིང་། དགོན་པའི་གནས་སམ། ནགས་ཁྲོད་དམ། རིའམ། རི་འོར་གཞན་གང་

ན་སྒྲ་གཅོམ་ཆུང་བ་དང་། ནང་དུ་ཡང་དག་འཇོག་དང་འཚམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་མཐུན་པ་དེར་གནས་པར་བྱའོ། །ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆི་མ་དག་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བཟའ་བ་དང་། བཏུང་བ་དང་། རྙེད་པའི་

སླད་དུ་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བགྱིད་ཅིང་། དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་རྣམས་ཀྱང་གནས་ནས་མཆི་བར་འགྱུར་བའི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེ་དག་ནི་ཉམས་པ་ལགས་སོ། །

བཙུན་པ་བདེ་བར་གཤེགས་པ་མཆོག་ཏུ་ཉམས་པ་ལགས་སོ། །དེ་མི་ཉིད་རྙེད་པ་ནི་རྙེད་པར་དཀའ་ལགས་ཏེ། འཁོར་བ་ན་འཁོར་བར་བགྱིད་པ་དེ་མི་ཉིད་རྙེད་པའི་ཐ་མ་ནི་དེ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་གྲངས་མ་མཆིས། དཔག་ཏུ་མ་མཆིས་

པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇིག་རྟེན་དུ་འབྱུང་བར་འགྱུར་བས་ཀྱང་། གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཀྱི་ཚིག་གུས་པར་མི་ཉན་པའི་སེམས་ཅན་དེ་ནི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་བགྱི་བའམ། མཐོ་རིས་སུ་གཞག་པར་མི་སྤྱོད་དེ། དེ་ནི་སྡིག་པའི་ལས་དེ་ལྟ་བུ་དང་

เล่ม ๑๑๒ · หน้า 53b

ལྡན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འོངས་པའི་དུས་ན། ལ་ལར་གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་ཤིན་ཏུ་དད་པའི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དག་འབྱུང་བར་འགྱུར་ཏེ། དེ་དག་གི་དོན་

དུ་དགོན་པའི་གནས་དག་བྱེད་པར་འགྱུར་རོ། །གཙུག་ལག་ཁང་དང་། དགོན་པའི་གནས་དེར་ཡང་ཁྱིམ་གྱི་གཞི་ནས། ཞིང་གི་གཞི་དང་། བྲན་དང་བྲན་མོ་དང་། ཀུན་དགའ་ར་བའི་བར་དེ་དག་གི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཕྱིར་ཡོངས་སུ་གཏོང་བར་འགྱུར་རོ། །དེ་དག་འཆི་བའི་དུས་

བྱས་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཕྲད་པར་

འགྱུར་བ་ནས། རིང་པོ་མི་ཐོགས་པར་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་བར་དུ་འགྱུར་ཏེ། དེ་དག་ནི་ངའི་བསྟན་པ་ལ་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཡང་དག་པར་འཛིན་པར་བྱེད་པར་འགྱུར་བ་ཡིན་ནོ། །རྒྱལ་

པོ་ཆེན་པོ་འདི་ལྟ་སྟེ། གང་ཁྱོད་ཀྱི་བུའམ་སྤུན་ནམ། བཀྲབས་པའམ། སྣ་ཆེན་པོ་ལ་གཏོགས་པ་གང་ཡང་རུང་བ་ཞིག་ཉེས་པ་དང་བཅས་པ་ཡིན་ན། གང་དང་གང་དུ་རྒྱལ་པོ་ཆེན་པོའི་དུས་སྟོན་ནམ། དགའ་སྟོན་འབྱུང་བ་དེར། རྒྱལ་པོ་ཆེན་པོ་དགའ་བ་དང་། བདེ་བ་རྣམ་པ་སྣ་ཚོགས་

ཉམས་སུ་མྱོང་བར་བྱེད་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཁྱོད་ཀྱི་མདུན་དུ་འདུག་ཅིང་། སྐྱིད་པ་དང་རྩེ་བ་མྱོང་བར་བྱེད་པའམ། དགའ་བ་དང་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གནས་པར་བྱེད་ནུས་སམ། རྒྱལ་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་ཏེ།

སྐྱེས་བུ་དེ་བདག་གི་མདུན་ན་མཆིས་པར་ཡང་རྔོ་མི་ཐོགས་ལགས་ན། སྐྱིད་པ་དང་རྩེ་བ་མྱོང་བར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་ཟག་གང་ཞིག་གང་ཟག་གིར་བྲན་དང་བྲན་མོ་སྲེལ་བར་བྱེད་ཅིང་། ཁྱིམ་གྱི་གཞི་འམ།

เล่ม ๑๑๒ · หน้า 54a

ཞིང་གི་གཞི་ནས། ལུག་དག་གི་བར་སྲེལ་བར་བྱེད་ན། ང་ཡང་དེའི་སྟོན་པ་མ་ཡིན་ལ། དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། །དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ལ་ཡང་གནོད་པར་བྱེད་པ་དང་བཅས་པ་ཡིན་ཏེ། དེ་ནི་ཆོས་ཀྱིས་གནས་པ་རྣམས་

ཀྱི་གནས་དེ་ལྟར་བསྔོས་པ་དག་ཏུ། ཆོས་དང་མཐུན་པས་གནས་པར་འོས་པ་མ་ཡིན་ནོ། །རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་གང་ཡང་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་དོན་བྱེད་པ་དང་། དེ་ནས་འགྲོར་མི་སྟེར་བའི་རྒྱལ་རིགས་

ནས། དམངས་རིགས་ཀྱི་བར་དེ་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཡང་གནོད་པ་བྱེད་པ་དང་བཅས་པ་ཆེན་པོ་ཡིན་ནོ། །སྦྱིན་པ་མང་པོ་སྦྱིན་པར་བྱེད་དུ་ཟིན་ཀྱང་དེ་འཆི་བའི་དུས་བྱས་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་

ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། བདག་ལ་ཕན་པར་ཡང་དག་པར་རྗེས་སུ་ལྟ་བས། སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་སུ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ལྷ་དང་མི་ཐམས་ཅད་ལ་ཡང་གནོད་པ་དང་། ཕན་པ་

མ་ཡིན་པ་དང་། ལོག་པར་ལྷུང་བར་བྱ་བའི་ཕྱིར་ཞུགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་མེད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་གང་ཞིག་དགེ་སློང་ཆོས་ཀྱིས་གནས་པ་རྣམས་

ཀྱི་ཕྱོགས་ལ་ཡང་དག་པར་གནས་པར་བྱེད་ཅིང་། སྡིག་པ་ཅན་གྱི་དགེ་སློང་རྣམས་ཀྱི་ཕྱོགས་ལ་མ་ཡིན་ན། དེ་སྦྱིན་པ་མ་བྱིན་དུ་ཟིན་ཀྱང་། འོན་ཀྱང་དེ་ནི་ཆོས་ཀྱི་ཕྱོགས་ཀྱི་རྒྱུའི་ཕྱིར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྦྱིན་བདག་དམ་པ་ཡིན་ནོ། །དེ་ནི་

དམ་པའི་ཆོས་རྗེས་སུ་བསྲུང་བར་བྱ་བའི་ཕྱིར་དམ་པའི་ཆོས་འཛིན་པ་དམ་པ་ཡིན་པར་བལྟའོ། །འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེ་བར་འགྱུར་བ་ནས། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

เล่ม ๑๑๒ · หน้า 54b

རྒྱ་བའི་བར་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། རྒྱལ་རིགས་འཚམ་པ་ཁྱེད་ཀྱི་ལག་ཏུ་ཆོས་ཀྱིས་གནས་པ་དང་། བསྟན་པ་ངས་ཡོངས་སུ་གཏད་ཀྱིས། ལྔ་བརྒྱ་པ་ཐ་མ་ལ་གནས་པའི་བར་དུ་ཁྱེད་ཀྱིས་ངའི་ཆོས་ཀྱིས་གནས་པ་ཡང་དག་པར་ཟུང་ཤིག་དང་། དེའི་རྐྱེན་གྱིས་ངའི་

ཆོས་ཀྱི་ཚུལ་འདི་དང་། དཀོན་མཆོག་གསུམ་གྱི་གདུང་ཡུན་རིང་དུ་གནས་པར་འགྱུར་ཞིང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བར་འགྱུར་རོ་ཞེས་བྱ་བའི་བར་དང་། ཡང་མདོ་སྡེ་དེ་ཉིད་ལས། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་པདྨའི་གདོང་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བདག་སུག་

ལས་གང་གིས་ཀླུའི་རིགས་སུ་སྐྱེས་ནས། གཟུགས་མཆོག་ཏུ་ལྷམ་མེ་ཞིང་ལུས་ཀྱི་རེག་པ་གང་ཅུང་ཟད་ཅི་རེག་ཀྱང་ཀུན་དུ་ཚིག་ཅིང་འབར་བ་ལགས། བདག་དུས་ཐམས་ཅད་དུ་མཆིལ་ལྷམ་བོར་ནས་གཅེར་བུར་རྒྱུ་བར་བགྱིད་ལགས། བདག་གི་ཕ་དེ་ནི་དཔལ་ཕུན་སུམ་ཚོགས་པ་ཆེས་ཁྱད་

པར་དུ་འཕགས་པ་མྱོང་སྟེ། དཔེར་ན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལག་འགྲོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་སུམ་ཅུ་རྩ་གཅིག་འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། སངས་

རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་མེ་ཏོག་བྲལ་དེས་ཀྱང་། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་བརྒྱ་སྟོང་ཕྲག་མང་

པོའི་འཁོར་དང་ལྡན་པ་དེ་ལ། ཟླ་བ་གསུམ་ཡོ་བྱད་ཐམས་ཅད་ཕུལ་ནས། རྟག་ཏུ་ཆོས་མཉན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་དེའི་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང་ལྡན་པ་ཞིག་ཀྱང་བརྩིགས་སོ། །རྒྱལ་པོ་མེ་ཏོག་

བྲལ་དེའི་བུ་སྲིད་སྒྲུབ་བཅས་ཞེས་བྱ་བ་ཞིག་ཡོད་དེ། དེ་ཤིན་ཏུ་འཁོར་བས་སྐྲག་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ཕའི་དགེ་འདུན་གྱི་ཀུན་དགའ་ར་བ་དེ་རྗེས་སུ་སྐྱོང་ཞིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་གང་དག་གནས་པ་དང་། དེ་ནས་གང་

เล่ม ๑๑๒ · หน้า 55a

དག་བཟའ་བ་དང་། བཏུང་བ་དང་། མལ་ཆ་ལ་ལོངས་སྤྱོད་པར་བྱེད་པ་ཐམས་ཅད་ལ་མེ་ཏོག་བྲལ་གྱི་བུ་དགེ་སློང་སྲིད་སྒྲུབ་བཅས་དེ་ཕྲག་དོག་བྱེད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་དེ་དག་ཀྱང་གནས་དེ་ནས་དོང་ངོ་། །དེ་ཡང་ཡིད་མཆོག་ཏུ་དགའ་ནས་བདག་

ཉིད་ཀྱིས་ཀྱང་ལོངས་སྤྱད་པར་མི་བྱེད། གཞན་ལ་ཡང་མི་སྟེར་རོ་ཞེས་བྱ་བ་ནས། དགེ་སློང་དེ་ཡང་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དེ་ལོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་ཆེན་པོའི་ནང་དུ་སྐྱེས་ནས་བཙོས་

སོ། །དེ་ནས་ཤི་འཕོས་ནས་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལོ་བརྒྱ་སྟོང་ཕྲག་མང་པོར་དེར་སྡུག་བསྔལ་མྱོང་ངོ་། །ཕྱིས་ཡང་སེམས་ཅན་དམྱལ་བ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྡུག་བསྔལ་མྱོང་ངོ་། །ལག་འགྲོ་འཁོར་བས་སྐྲག་པའི་སེམས་དང་ལྡན་པ་སྲིད་སྒྲུབ་བཅས་ཞེས་བྱ་བ་རབ་

ཏུ་བྱུང་སྟེ། དེ་ནས་ཤི་འཕོས་ནས་དེ་ལྟར་ཡུན་རིང་པོར་ངན་སོང་དུ་སྡུག་བསྔལ་མྱོང་བ་དེ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་གཞན་ཡིན་པར་ཡང་བལྟ་བར་མི་བྱ་སྟེ། དེ་ལྟར་ལས་ཀྱི་སྒྲིབ་པ་དམ་པོས་ཟིན་པ་ཡང་ཁྱོད་ཡིན་ནོ། །འདི་ཕན་ཆད་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ཁྱོད་རྟག་པར་ངན་

སོང་གསུམ་གྱི་ནང་དུ་སྐྱེས་སོ། །དེའི་ལས་ཀྱི་སྒྲིབ་པ་ལྷག་མ་ལུས་པ་དེས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་ནི་གཞན་མ་ཡིན་གྱི་ཁྱོད་ཡིན་ཏེ། སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་མྱོང་ངོ་། །གང་ཁྱོད་འདི་ནས་ཤི་འཕོས་ནས་ཕྱིས་ཀྱང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་

རྣམས་ཀྱི་ནང་དུ་རྟག་ཏུ་སྡུག་བསྔལ་གྱིས་གཟིར་བར་འགྱུར་བ་འདི་ནི་གནས་ཡོད་དོ། །ཀླུའི་བུ་དེ་མཆོག་ཏུ་ཡིད་མི་དགའ་ནས་རབ་ཏུ་ངུ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱིས་པ་ཇི་ལྟ་བ་དང་། མྱོས་པ་ཇི་ལྟ་བུ་

དང་། མི་གསལ་བ་དང་། མི་མཁས་པ་ཇི་ལྟ་བ་བཞིན་དུ་ནོངས་པ་སོ་སོར་འཆགས་ལགས་སོ། །ནོངས་པ་སོ་སོར་འཆགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གི་བསམ་པས་སྡོམ་པ་གཟུང་བར་བགྱིའོ། །བདག་དེ་བཞིན་གཤེགས་པའི་དགེ་བསྙེན་ལགས་ཏེ། ཇི་སྲིད་

เล่ม ๑๑๒ · หน้า 55b

འཚོའི་བར་དུ་སྲོག་གཅོད་པ་སྤང་བར་བགྱི་ལགས་སོ། །བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ལྷག་པའི་བསམ་པས་ང་ལ་སྐྱབས་སུ་སོང་བས་ཁྱོད་ཀྱི་ངན་འགྲོ་ཐམས་ཅད་ཡོངས་

སུ་ཟད་དོ། །འདི་ནས་ཤི་འཕོས་ནས་ཁྱོད་ཀྱིས་བྱམས་པའི་ཚེ་ན་མིའི་རྙེད་པ་ཐོབ་པར་འགྱུར་ཏེ། བྱམས་པའི་ཐད་དུ་རབ་ཏུ་འབྱུང་བར་འགྱུར་ཞིང་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་གང་གིས་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་

ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། དེའི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱས་པའི་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་དེ་གཞན་དུ་ཡིན་པར་མི་བལྟ་སྟེ། དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡིན་ནོ། །འདི་ནི་བསྐལ་

པ་སུམ་ཅུ་རྩ་གཅིག་ཏུ་ནམ་ཡང་ངན་འགྲོར་མ་སྐྱེས་སོ། །ལྷའི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེན་པོ་མྱོང་ངོ་། །འདི་ནི་བླ་ན་མེད་པའི་ཐེག་པའི་ཕྱིར་སྨོན་ལམ་གྱི་དབང་གིས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ། འདིར་དཔལ་དང་སྐལ་བ་བཟང་པོ་དེ་ལྟ་བུ་མྱོང་ངོ་། །དེ་སྐད་

ཅེས་ཐོས་ནས་ཀླུ་ཐམས་ཅད་སྐྱོ་ཞིང་མཆོག་ཏུ་ཡིད་མི་དགའ་ནས། བཅོམ་ལྡན་འདས་ལ་མཆོག་ཏུ་གུས་པ་སྐྱེས་ཤིང་ཉེ་བར་རྟོགས་པས་གཅེས་པར་བྱེད་པར་གྱུར་ཏོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤུ་གྲི་རྣོན་པོ་དག་གིས་སུ། །རང་

གི་ཡན་ལག་གཏུབས་པ་བླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་པ་བླའི། །དགེ་འདུན་དག་ལས་གར་དེ་ནི། །དགེ་འདུན་གྱི་ལ་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བར་བྱས་ཏེ་ཟོས་པ་

བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཐམས་ཅད་འབྱུང་བར་བྱས་པ་དང་། །གསལ་ཤིང་སྟེང་དུ་བཏེག་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །མེ་མདག་གིས་ནི་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་

เล่ม ๑๑๒ · หน้า 56a

བླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་བླངས་པ་བླའི། །རབ་ཏུ་བྱུང་བས་ཁྱིམ་པ་ཡི། །དབྱིག་ནི་བླང་བར་མི་བྱའོ། །འཁོར་ལོ་རྣོན་པོས་བདག་གི་ལུས། །ཀུན་དུ་གཏུབ་པར་

བྱས་པ་བླའི། །ལེགས་པར་གསུངས་པའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །ལེགས་པར་གསུངས་པའི་ཆོས་ཅན་གྱིས། །མིག་ནི་རང་གིས་ཕྱུང་བ་བླའི། །སེམས་ཅན་དུ་ནི་བགྲངས་པ་ལ། །ཁྲོས་པས་སྐྱེ་དགུ་མི་མངག་གོ། །ལེགས་པར་གསུངས་པའི་ཆོས་ཅན་གྱིས། །

མེ་ཡི་གོས་ནི་གོན་པ་བླའི། །ཚུལ་འཆོས་པ་དང་མཐུ་ཡིས་སུ། །ཁྱིམ་པ་ལས་ནི་གོས་མི་བླང་། །མེ་འདྲ་བར་ནི་བསྐོལ་བ་ཡི། །རྩུབ་འགྱུར་ཆུ་ནི་འཐུངས་པ་བླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བླང་བར་མི་བྱའོ། །ཞེས་གསུངས་སོ། །ནམ་མཁའི་སྤྱན་གྱི་མདོ་ལས་ཀྱང་།

ཡང་དེའི་ཚེ་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མིའམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། གྲུལ་བུམ་གྱི་དབང་པོ་དང་། ཡི་དགས་ཀྱི་དབང་པོ་དང་། ཤ་ཟའི་དབང་པོ་དང་། ས་ལ་

རྒྱུ་བ་དང་ནམ་མཁའ་ལ་རྒྱུ་བ་ཁྱེད་རྣམས་ཀྱི་ལག་ཏུ་ཆོས་ཀྱི་རྣམ་གྲངས་འདི་ངས་ཡོངས་སུ་གཏད་པར་བྱའོ། །ད་ལྟ་དང་མ་འོངས་པའི་དུས་སུ་གང་ཟག་དོན་ཡིད་ལ་བྱེད་པ། ཆོས་ལ་གནས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ། ཆོས་དང་མཐུན་པའི་ཆོས་སྤྱོད་པ། དབེན་པ་ལ་མངོན་

པར་དགའ་བ་རྣམས་སྲུངས་ཤིག །ཡོངས་སུ་སྐྱོངས་ཤིག །དེའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་སྲུངས་ཤིག །ཡོངས་སུ་སྐྱོངས་ཤིག །གང་དག་དེ་རྣམས་ཀྱི་ཡོ་བྱད་འཛིན་པ་དང་། ཡོངས་སུ་སྐྱོང་བ་དེ་དག་ཀྱང་སྲུངས་ཤིག །ཡོངས་སུ་སྐྱོངས་ཤིག །དེ་ནི་ཁྱེད་ཅག་ལ་ཡུན་རིང་པོར་

ཕན་པ་དང་བདེ་བ་བྱེད་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་དེ་སྙེད་ཐམས་ཅད་ནས། ཤ་ཟའི་དབང་པོ་དང་། ནམ་མཁའ་ལ་རྒྱུ་བ་དང་ས་ལ་རྒྱུ་བའི་བར་ཐམས་ཅད་ཀྱིས་མགྲིན་གཅིག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་སོ། །བཙུན་པ་བདེ་བར་གཤེགས་

เล่ม ๑๑๒ · หน้า 56b

པ་དེ་ལྟར་ལགས་སོ། །མ་འོངས་པའི་དུས་ན་ཇི་སྲིད་དུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཚུལ་འབར་བ་དེ་སྲིད་དུ་ཁོ་བོ་ཅག་གིས་རང་གི་སུག་ལས་དོར་ནས་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །ཆོས་

ལ་གནས་པ་ཚུལ་ཁྲིམས་ཀྱིས་ཕྱུག་པ། ཡོན་ཏན་དང་ལྡན་པ། ཡོངས་སུ་འཛིན་པ་མེད་པ། དབེན་པ་ལ་མངོན་པར་དགའ་བ། ཆོས་ཀྱི་རྗེས་སུ་མཐུན་པར་ཆོས་ལ་ཞུགས་པའི་གང་ཟག་རྣམས་ཆོས་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་གྱི་ཡོ་བྱད་རྣམས་

ཀྱིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱིའོ། །ནད་མེད་པ་དང་སྟོབས་དང་བདེ་བ་ལ་རེག་པར་གནས་པ་ཉིད་ཀྱིས། དགེ་བའི་ཕྱོགས་དང་རྗེས་སུ་མཐུན་པ་ཉིད་བསྒྲུབ་པར་བགྱིའོ། །ཇི་སྲིད་དུ་དེ་དག་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་ལ་ཡོངས་སུ་རྫོགས་པར་སྤྱོད་པ་བརྩོན་

འགྲུས་བརྩམས་པ། རབ་ཏུ་རྣམ་པར་དབེན་པ། དྲན་པ་ཉེ་བར་གཞག་པས་གནས་ཤིང་། ཡོངས་སུ་འཛིན་པ་ཐམས་ཅད་དང་། ཀུན་དགའ་ར་བ་དང་། ཁྱིམ་དང་ཞིང་དང་། བྲན་ཕོ་དང་། བྲན་མོ་དང་། ནོར་དང་། འབྲུ་དང་། གྲགས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་

བཅད་པ་མཆོག་དང་། ཚུལ་འཆོས་དང་། ཁ་གསག་དང་། གཞོགས་སློང་རྣམས་དང་ཐམས་ཅད་དུ་མ་འདྲེས་པར་གནས་པ་དེ་སྲིད་དུ། ཁོ་བོ་ཅག་གིས་གནོད་སྦྱིན་གདུག་པ་ནས། ལུས་སྲུལ་པོ་གདུག་པའི་བར་དུ་བཟློག་པར་བགྱིའོ། །བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་བསྟན་པ་ལ་དེ་

དག་དད་པ་བསྐྱེད་པར་བགྱིའོ། །ཇི་སྲིད་དུ་དེ་དག་ཟླ་བ་དང་ཉི་མ་དང་གཟའ་དང་རྒྱུ་སྐར་དང་ཉིན་མོ་དང་མཚན་མོ་དང་། ལོ་དང་དུས་ཚིགས་ཡང་དག་པར་འདའ་བ་དེ་སྲིད་དུ། ཁོ་བོ་ཅག་གིས་འཐབ་པ་དང་རྩོད་པ་དང་གཡུལ་ངོ་དང་ནད་དང་ཕ་རོལ་གྱི་དམག་ཚོགས་དང་མུ་གེ་དང་གཡོ་དང་སླུ་བ་དང་བརྫུན་དུ་སྨྲ་

བ་དང་། དུས་མ་ཡིན་པའི་རླུང་དང་ཆར་འབབ་པ་དག་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་གིས་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་ཇི་སྙེད་པའི་བར་རྣམས་མི་དགེ་བའི་ཆོས་རྣམས་ལས་བཟློག་པར་བགྱིའོ། །

เล่ม ๑๑๒ · หน้า 57a

དགེ་བའི་སྤྱོད་པ་ཐམས་ཅད་ལ་སྦྱར་བར་བྱའོ། །གང་ཟག་ཆོས་ལ་གནས་པ་སྦྱིན་པ་དང་དུལ་བ་དང་ཡང་དག་པར་བསྡམས་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་གྱིས་ཕྱུག་པ་རྣམས་ཀྱིས་སྤྱད་པའི་སྤྱོད་པ་ལ་གཟུད་པར་བགྱིའོ། །ཇི་སྲིད་དུ་བཅོམ་ལྡན་འདས་

ཀྱི་ཉན་ཐོས་རེ་བ་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་ཆོས་ཀྱི་འདུ་ཤེས་ཀྱིས་མངོན་པར་དགའ་བར་འགྱུར་བ་དེ་སྲིད་དུ། བདག་ཅག་གིས་གྲོང་ཁྱེར་དང་། གྲོང་རྡལ་དང་། རི་སུལ་དང་ཡུལ་འཁོར་དང་ལྗོངས་དེ་དག་དང་། སྦྱིན་པ་པོ་དང་སྦྱིན་བདག་དེ་དག་ཀྱང་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་

བར་བགྱིའོ། །ནོར་དང་། འབྲུ་དང་། དགའ་བ་དང་། རྩེ་བ་དང་། ནད་མེད་པ་དང་། ཕན་ཚུན་དུ་རབ་ཏུ་དགའ་བས་ཚོགས་པ་དང་། ཚེ་རིང་བ་ཉིད་མ་ཚང་བ་མེད་པར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རེ་བ་ཐམས་ཅད་མི་འཛིན་ཅིང་། ཆོས་ལ་གནས་

པ་ཆོས་ཀྱི་རྗེས་སུ་མཐུན་པས་ཆོས་བསྒྲུབ་པར་གནས་པར་འགྱུར་བ་དེ་སྲིད་དུ་འདི་ན་ཡུན་རིང་པོར་སའི་བཅུད་དང་སེམས་ཅན་གྱི་གཟི་མདངས་དང་། ཆོས་ཀྱི་གཟི་མདངས་མི་ནུབ་པར་གནས་པར་འགྱུར་རོ། །ཇི་སྲིད་དུ་ཡུན་རིང་པོར་ལྷ་དང་ཀླུ་དང་གནོད་སྦྱིན་དང་མིའི་འཇིག་རྟེན་ན་མངོན་པར་

དགའ་བར་གྱུར་པ་དེ་སྲིད་དུ་ཡུན་རིང་པོར་སེམས་ཅན་རྣམས་ཚེའི་དུས་བྱས་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་སེམས་ཅན་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་དེ་དག་ཏུ་སྐྱེ་བར་འགྱུར། དེ་སྲིད་དུ་ཡུན་རིང་པོར་ལྷ་དང་མི་རྣམས་ཀྱི་ནང་དུ་སེམས་ཅན་དབང་ཆེ་བར་གྲགས་པ་རྣམས་ཀྱིས་ཡོངས་

སུ་གང་བར་འགྱུར། དེ་སྲིད་དུ་ཡུན་རིང་པོར་ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གནས་པར་འགྱུར། དེ་སྲིད་དུ་འདི་ལྟར་ཆོས་མ་ཡིན་པའི་ཕྱོགས་ཚར་གཅད་པའི་ཕྱིར་བདག་ཅག་སྟོབས་དང་བརྩོན་འགྲུས་དང་ཕ་རོལ་གནོན་པས་གནས་པར་འགྱུར། དེ་སྲིད་དུ་ཡུན་རིང་པོར་བདག་

ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མ་དད་པའི་སེམས་ཅན་རྣམས་དད་པར་བྱ་བའི་ཕྱིར་ནུས་པར་འགྱུར། བཙུན་པ་བཅོམ་ལྡན་འདས་གང་གི་ཕྱིར་འདིར་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡོངས་སུ་འཛིན་པ་དང་བཅས་པར་འགྱུར་བས། རྣལ་འབྱོར་ཡིད་ལ་བྱེད་པ་དང་།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด