མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๒ · หน้า 84b

ནི་དགེ་སྦྱོང་མ་ཡིན་པ་ལ་དེ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། གོས་ངུར་སྨྲིག་བགོས་ཤིང་བྱ་བ་མང་བ། སྦགས་པ་སྣ་ཚོགས་ཀྱིས་སྦགས་པ། ཟས་དང་གོས་ལྷུར་ལེན་པ་དེ་དག་ཁྱིམ་པ་དག་གིས་གོས་ངུར་སྨྲིག་གྱོན་པར་རིག་ནས།

ཞེ་ས་དང་གུས་པ་བསྐྱེད་པ་དང་ཆོས་གོས་དང་བསོད་སྙོམས་ཀྱིས་སྡུད་པར་བྱེད་པ་དང་། གུས་པར་སྨྲ་ཞིང་། ཕྱག་འཚལ་བ་དང་ལྡང་བར་བྱེད་པ་སྟེ། འོད་སྲུངས་འདི་ནི་ཁྱིམ་བདག་གི་ཁྱད་པར་དུ་གྱུར་པའི་ཆོས་ཡིན་གྱི། དེ་དག་རབ་ཏུ་བྱུང་བ་དེ་དག་ནི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དེ་དག་ནི་ཡོངས་སུ་ལེན་པ་ལ་བརྩོན་པ་མ་ཡིན་ཞིང་། ཅི་ཡང་མི་སོགས་པའི་ཕྱིར་རོ། །འོད་སྲུངས་དེའི་ཚེ་དེའི་དུས་ན། དགེ་སློང་ཕལ་ཆེར་ལྷུང་བཟེད་དང་། ཆོས་གོས་མང་ཞིང་སྣོད་སྤྱད་མང་བ་དང་། རྙེད་པ་མང་བར་འགྱུར་ཏེ། དེ་དག་ལ་བསྟི་སྟང་བྱེད་པར་འགྱུར། བཙུན་པར་བྱེད་པར་འགྱུར།

རི་མོ་བྱེད་ཅིང་མཆོད་པ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྦྱིན་པ་དང་། ཕྱིར་སྦྱིན་པ་དུས་དུས་སུ་བྱེད་ཅིང་། བྱ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཛིན་པའི་ཕྱིར་རོ། །དགེ་སློང་གང་དག་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་ཟག་པ་རྣམས་ཟད་པར་བྱེད་པ་ལ་མངོན་པར་བརྩོན་

པ། ཡིད་བྱུང་བ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་པ། དོན་ཉུང་བ་བྱེད་པ་ཉུང་བ། རང་གི་དོན་ལ་བརྩོན་པ། འདྲིས་པར་བྱེད་པ་ཡོངས་སུ་སྤངས་པ་དག་འབྱུང་བ་དེ་དག་གི་གན་དུ་ནི། དེའི་ཚེ་དེའི་དུས་ན་སུ་ཡང་མི་འགྲོ་མི་བསྟེན་ཅིང་བསྙེན་བཀུར་མི་བྱེད་པར་འགྱུར་རོ། །དེ་ཅིའི་

ཕྱིར་ཞེ་ན། འདི་ལྟར་ཁྱིམ་པ་དག་ནི་ཆགས་པའི་རང་བཞིན་ཅན་ཚེ་འདི་ལྷུར་ལེན་གྱི་ཚེ་རབས་ཕྱི་མ་ལྷུར་ལེན་པ་མ་ཡིན་པས་དེ་དག་འདི་སྙམ་དུ། དགེ་སློང་དེ་དག་ལ་ནི་བདག་ཅག་གི་འཚེ་བ་མེད་ན། བདག་གིས་ཅིའི་ཕྱིར་བསྟེན། ཅིའི་ཕྱིར་ཕྱག་བྱ་ཅིའི་ཕྱིར་མཆོང་། ཅིའི་ཕྱིར་བསྙེན་

བཀུར་བྱ་སྙམ་དུ་སེམས་པའི་ཕྱིར་རོ། །གཞན་དུ་ན་གང་དག་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་དག་འབྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་དེ་ལྟ་བུ་དེ་དག་ལ་བསྟེན་པར་བྱེད། བསྙེན་པར་བྱེད་ཅིང་བསྙེན་བཀུར་བྱེད་པ་ནི་མ་གཏོགས་ཏེ་ཉུང་ངོ་། །འོད་

เล่ม ๑๑๒ · หน้า 85a

སྲུངས་ཆོས་འདི་ལྟ་བུའི་ཚུལ་དང་མཐུན་པ་འདི་ལྟ་བུ་འདི་དག་ནི། གང་ཟག་གཉིས་ཀྱི་ཡིད་དུ་འོང་བར་འགྱུར་ཏེ། གཉིས་གང་ཞེ་ན། བདེན་པ་མཐོང་ཞིང་འཁོར་བ་ལ་འཇིགས་པར་ལྟ་བ་དང་། རྣལ་འབྱོར་སྤྱོད་པ་ལ་བརྩོན་ཞིང་འབྲས་བུ་ཐོབ་པར་འདོད་པ། ལས་ཀྱི་རྣམ་

པར་སྨིན་པ་ལ་རྟོན་པ་ཆོས་དོན་དུ་གཉེར་ཞིང་ཆོས་འདོད་པའོ། །འོད་སྲུངས་མངོན་པར་མི་བརྩོན་པ་ཆོས་མ་ཡིན་པ་ལ་ལྟ་བ། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བ། འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་མི་ལྟ་བ། ཚེ་འདི་ལྷུར་ལེན་པ། ཚེ་རབས་ཕྱི་མ་ལྷུར་མི་ལེན་པ་ཐམས་

ཅད་ཀྱི་སྒོ་ངས་བཤད་པར་བྱའོ། །འོད་སྲུངས་གང་དག་ཐ་ན་ཐར་པ་དང་ལྡན་པའི་སེམས་གཅིག་ཙམ་ཡང་མི་བསྐྱེད་པའི་གཏི་མུག་པ་དེ་དག་ལ་ནི། ངས་འདི་ལྟ་བུའི་ཆོས་འདིར་སྐབས་མི་འབྱེད་ཀྱི། སྟེང་དུ་འདི་ལྟ་བུའི་ཆོས་འདི་དག་ཐོས་ནས། བདག་སྒྲུབ་པ་ལས་ཉམས་པར་རིག་ནས། སྨད་

པར་བྱ་བར་སེམས་ཏེ། འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི། འདི་དག་ནི་རང་བཟོར་སྦྱར་བའམ། བདུད་ཀྱིས་མཐོ་བཙམས་ནས་བྱས་པའོ་ཞེས་སྨྲ་ཞིང་། དེ་དག་འདི་ལྟར་སྐྱེ་བོ་མང་པོ་དག་ལོག་པར་འཛིན་དུ་འཇུག་པར་འགྱུར་རོ། །དེ་དག་ནི་བདག་ཀྱང་ཕུང་ལ། གཞན་དག་

ཀྱང་ཕུང་བར་བྱེད་པར་འགྱུར། བདག་ཀྱང་ཉོན་མོངས་པ་ཅན་དུ་འགྱུར་ལ། གཞན་ཡང་ཉོན་མོངས་པ་ཅན་དུ་བྱེད་པར་འགྱུར་ཏེ། དེ་ལྟར་མི་གཏི་མུག་པ་དེ་དག་ནི་བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་ནོ་ཞེས་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ཀྱང་།

ཤཱ་རིའི་བུ་དེ་ལ་དགེ་སློང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་རྒྱས་པ་གང་དག་འབྱུང་བ་དེ་དག་ནི། ཕུང་པོར་འདུ་ཤེས་པ། ཁམས་སུ་འདུ་ཤེས་པ། སྐྱེ་མཆེད་དུ་འདུ་ཤེས་པ། གང་ཟག་ཏུ་ལྟ་བ། རྒན་པས་གནས་བརྟན་དུ་གྱུར་པ། གཏི་མུག་གིས་རྙོགས་པ། ལམ་གོལ་བ་

ནས་དོང་བ། ལྷག་པར་ང་རྒྱལ་བ། ལོག་པར་ལྟ་བ་དེ་དག་གིས་སྨྲས་པ། དེ་ལ་མངོན་པར་མི་དགའ་ཞིང་རྗེས་སུ་ཡི་མི་རང་ནས་སྟན་ལས་ལངས་ཏེ་འདོང་བར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་ལྷའི་ཚོགས་ཆེན་པོ་ཡིད་རབ་ཏུ་དགའ་བ་རྣམས། ད་དུང་ཡང་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་གནས་

เล่ม ๑๑๒ · หน้า 85b

སོ་ཞེས་ཕྱོགས་བཞིར་སྒྲ་ཤིན་ཏུ་སྒྲོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་དག་འདི་ནི། གང་ཟག་ཏུ་ལྟ་བའོ་ཞེས་ཡོངས་སུ་མ་དག་པའི་བཟོད་པ་འདི་དག་མི་འདོད་པ་དེ་དག་ནི་དགེ་བའི་རྩ་བ་ཉང་ཉུང་དང་ལྡན་པ་མ་ལགས་སོ། །དེ་དག་གི་བསམ་པ་རིག་ནས་ལྷའི་ཚོགས་ཆེན་པོ་

དགའ་བ་དང་ཡིད་བདེ་བ་སྐྱེས་པ། ཡིད་ཆེར་རངས་པ་དེ་དག་ཆེད་དུ་བརྗོད་པ་ཆེར་ཆེད་དུ་བརྗོད་པར་འགྱུར་རོ། །ཤཱ་རིའི་བུ་ཡང་དགེ་སློང་དེ་དག་སངས་རྒྱས་ཀྱི་སྲས་ཡོངས་སུ་འདྲི་བའི་རང་བཞིན་ཅན། མི་དམིགས་པའི་བཟོད་པ་ཅན་རྣམས་ལ་མི་དགའ་བར་འགྱུར། དེ་དག་དེར་ཚུལ་གཅིག་ཏུ་

སྒྲོགས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་དེའི་ཚེ་ཚོགས་ནས་བསྡུས་ཏེ་ཚོགས་ཀྱི་སློབ་དཔོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཟིལ་གྱིས་མནན་པ་ཉིད་ཀྱིས་སོ། །ཤཱ་རིའི་བུ་དེ་ལྟར་དེའི་ཚེ་ངའི་སྲས་ངའི་ཉན་ཐོས་རྣམས་ཀྱིས་ཡབ་ཀྱི་གནས་དང་ཡབ་ཀྱི་སྤྱོད་ཡུལ་ལ་སྙན་པར་སྨྲ་བ་

ཡང་རྙེད་པར་མི་འགྱུར་ན། གཙུག་ལག་ཁང་དུ་གནས་པ་དང་བཀུར་སྟི་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཤཱ་རིའི་བུ་དེའི་ཚེ་འདི་ལྟར་དེ་བཞིན་གཤེགས་པ་ཟིལ་གྱིས་གནོན་པར་འགྱུར་བ་ལ་ལྟོས། གང་ང་ཡོངས་སུ་མྱ་ངན་ལས་འདས་པ་ན། དེ་བཞིན་གཤེགས་པའི་སྲས་གང་དག །ལེགས་

པར་ཐུབ་པ་ལེགས་པར་ཞི་བ། ལེགས་པར་དུལ་ཞིང་མི་དམིགས་པའི་བཟོད་པ་ཅན་དག་དེའི་ཤིན་ཏུ་ཟིལ་གྱིས་གནོན་ཅིང་ཡོངས་སུ་སྤངས་པར་འགྱུར་རོ། །ངའི་སྲས་དག་ཡབ་ཀྱི་སྤྱོད་ཡུལ་གང་ལ་བདེ་བ་ལ་རེག་པར་གནས་པར་འགྱུར་སྙམ་དུ་གང་ངས་དེ་དག་གི་དོན་གྱི་ཕྱིར་བསྐལ་པ་གྲངས་མེད་

པར་ཉེ་བར་བླངས་ནས། གཡུལ་ཆེན་པོ་ཕམ་པར་བྱས་པ་དང་། རྒྱལ་སྲིད་བསྐྱངས་སོ། །ཤཱ་རིའི་བུ་དེ་ལ་ཆོས་འདུལ་བ་དེ་ལྟར་དང་ཞིང་དེ་ལྟར་རྒྱ་ཆེ་བ་འདི་ལ་ཆོམ་རྐུན་པའི་ཚོགས་ཆེན་པོ་དང་དམུ་རྒོད་ཀྱི་ཚོགས་ཆེན་པོས་བསྣུབ་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཇི་ལྟར་ངས་ཆོས་ཀྱིས་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་རབ་ཏུ་བསྐོར་བ། ཆོས་མ་ཡིན་པས་མ་ཡིན་པ་ངའི་གནས་

เล่ม ๑๑๒ · หน้า 86a

འདི་ལ། ལྷ་དང་བཅས་པའི་འཇིག་རྟེན་མངོན་སུམ་དུ་དབང་དུ་འགྱུར་རོ། །ཤཱ་རིའི་བུ་གང་ན་དེ་ལྟར་མངོན་སུམ་དུ་གྱུར་པའི་རྒྱུ་ཡོད་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་རྒྱས་པར་བྱེད་

པ་རྣམས་ཀྱིས་ཆོས་དང་མཐུན་པར་དབང་པོའང་དྲིས་པ་ན་ལན་གདབ་པའི་ཕྱིར་མི་སྨྲའོ། །དེའི་ཚེ་ངའི་སྲས་དེ་དག་ལ་ཡང་མི་འཇིགས་པ་ཡང་མི་སྟེར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་འགའ་ཞིག་ལམ་གྱི་བཞི་མདོ་ཆེན་པོར་སྦྲང་རྩིའི་བུམ་པ་ཉེ་བར་བཞག་ནས། འདི་སྐད་དུ་སྦྲང་རྩིའི་བུམ་

པ་རྣམ་པ་བརྒྱར་ཆག་པ་འདི་ལས་ཐ་ན་སྐྲའི་རྩེ་མོ་ཙམ་ཞིག་ཀྱང་ཡོངས་སུ་ཟོས་ན། དེ་རྒ་བ་དང་འཆི་བར་མི་འགྱུར་རོ་ཞེས་སྨྲ་བར་འགྱུར་ཞིང་། སྦྲང་རྩིའི་བུམ་པ་དེ་ལ་ལག་ན་མཚོན་ཆ་ཐོགས་པ་མང་པོ་རལ་གྲི་དག་གིས་བསྲུང་བར་འགྱུར་ལ། ཤཱ་རིའི་བུ་དེའི་ཚེ་སྲུང་མ་རྣམས་རྟག་ཏུ་རྒྱུན་མི་འཆད་

པར་འདི་སྙམ་དུ། གང་སྦྲང་རྩིའི་བུམ་པ་རྣམ་པ་བརྒྱར་ཆག་པ་འདི་ལས་ཐ་ན་སྐྲའི་རྩེ་མོ་ཙམ་ཞིག་ཀྱང་ཟ་ན། དེའི་སྲོག་ཀྱང་མེད་དོ་ཞེས་སེམས་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་འགའ་ཞིག་འདི་སྙམ་དུ་གང་ཞིག་སྦྲང་རྩིའི་བུམ་པ་རྣམ་པ་བརྒྱར་ཆག་པ་འདི་ལས་ཐ་ན་སྐྲའི་རྩེ་མོ་ཙམ་ཞིག་ཀྱང་ཟོས་ན་

བདག་ལ་རྒ་བ་དང་འཆི་བར་མི་འགྱུར། གང་བདག་གི་སྲོག་ཀྱང་ཡོངས་སུ་བཏང་ནས་སྦྲང་རྩིའི་བུམ་པ་འདི་ལས་བཟའ་བར་བྱའོ། །གལ་ཏེ་མཚོན་རྣམས་བབ་པར་མ་གྱུར་པ་ན་སྦྲང་རྩིའི་བུམ་པ་འདི་ལས་བཟའ་བར་ནུས་ན། ཕྱི་ནས་མཚོན་གྱིས་ཀྱང་འཇིགས་པར་མི་འགྱུར། རྒ་བ་དང་འཆི་

བ་མེད་པའི་གནས་འཐོབ་པར་འགྱུར་རོ་ཞེས་སེམས་པར་འགྱུར་རོ། །དེ་སྲོག་ཡོངས་སུ་བཏང་ནས་སྲོག་ལ་ལྟོས་པ་མེད་པར་འགྱུར་ཏེ་སྦྲང་རྩིའི་བུམ་པ་དེ་ལས་ལེན་པར་བྱེད་པ་དེ་ལ་ལག་ན་མཚོན་ཆ་ཐོགས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་ལྷགས་པར་འགྱུར་རོ། །གལ་ཏེ་མཚོན་ཆ་མ་ལྷུང་

བ་ན་སྦྲང་རྩིའི་བུམ་པ་དེ་ལས་བཟའ་བར་ནུས་ན། དེ་དེ་ནས་སྡུག་བསྔལ་ཆེན་པོ་ལས་གྲོལ་བར་འགྱུར། རྒ་བ་དང་འཆི་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་དཀར་པོའི་ཆོས་མང་པོ་རྣམས་བསྣུབ་པའི་ཕྱིར་དུ་བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། གང་བདུད་

เล่ม ๑๑๒ · หน้า 86b

ཀྱིས་མངགས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། གང་ཞིག་ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ལྡན། །བྱམས་ལ་གནས་ཤིང་རྟག་ཏུ་བཟོད་ལ་མཁས། །ལེགས་

བསྡམས་འཇམ་ཞིང་དེས་པ་འབྱུང་འགྱུར་བ། །དེ་ནི་དེ་ཡི་དུས་ན་ཟིལ་ནོན་འགྱུར། །གང་ཞིག་སླར་ཡང་གདུག་པའི་སེམས་ལྡན་ཞིང་། །ཤིན་ཏུ་མ་རུངས་དྲག་ཅིང་ལས་ཉམས་ལ། །ཆོས་མ་ཡིན་སྤྱོད་རྩོད་ལ་དགའ་འབྱུང་བ། །དེ་ནི་དེ་ཡི་དུས་ན་མཆོད་པར་འགྱུར། །ཞེས་གསུངས་སོ། །

ཟླ་བའི་སྙིང་པོའི་མདོ་ལས་ཀྱང་། གཞན་ཡང་ཆགས་པ་དེ་དག་ནི། །སྡིག་པའི་དགེ་སློང་སྟེན་པར་བྱེད། །དགེ་སློང་དེ་དག་མཆོད་རྟེན་དང་། །དགེ་འདུན་ཟས་སྐོམ་འབྲས་བུའི་རོ། །ཁྱིམ་པ་རྣམས་ལ་སྦྱིན་བྱེད་ཅིང་། །སླར་ཡང་མཆོད་པ་ཉིད་དུ་འགྱུར། །དེ་དག་ལ་ནི་ཡོངས་འཛིན་པ། །བྲན་

དང་བྲན་མོ་ཁྱིམ་སྟེར་འགྱུར། །དགེ་སློང་ལས་གསུམ་དང་བྲལ་བ། །ཐོས་པས་རློམ་ཞིང་ལྷུང་དང་བཅས། །བསམ་གཏན་ཚུལ་ཁྲིམས་མི་མཐུན་པ། །ཚོགས་ཀྱི་ནང་དུ་གཙོ་བོར་འགྱུར། །ཚུལ་ཁྲིམས་ལྡན་རྣམས་དོང་བ་ན། །ནོར་གྱི་རྒྱུ་ཡིས་འཐབ་པར་འགྱུར། །ཞེས་གསུངས་པ་དང་། །ཡང་

མདོ་དེ་ཉིད་ལས། དགེ་སློང་འདི་ནི་ཚུལ་འཆོས་ཅན། །རྐུན་པོ་མཆོག་ཏུ་མ་རུངས་པ། །གང་ཞིག་དེ་ལ་མཆོད་བྱེད་པ། །གྲགས་པ་མ་ཡིན་མང་དུ་འཐོབ། །དེ་ལ་བསོད་ནམས་འཐོབ་མི་འགྱུར། །དེ་ཡིས་བཤད་པ་མ་ཉན་ཞེས། །ཁྱིམ་པ་རྣམས་ལ་སྨྲ་བར་བྱེད། །ཅེས་གསུངས་སོ། །

གསེར་འོད་དམ་པའི་མདོ་ལས་ཀྱང་། ཡུལ་འཁོར་དུ་ནི་གདོན་འཇུག་ཅིང་། །མི་བཟད་པ་ཡི་ནད་ཀྱང་འབྱུང་། །དེ་ཡི་འོག་ཏུ་སྦྱིན་གནས་ཀྱང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །དེ་ཡི་འཁོར་དང་བློན་པོ་ཡང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་ལ། །དེ་ཡི་འོག་ཏུ་

མཆོད་བྱེད་འགྱུར། །ཆོས་དང་ལྡན་པའི་སེམས་ཅན་ལ། །རྟག་ཏུ་ཆད་པས་གཅོད་པར་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་བཀུར། །ཆོས་ལྡན་ཆད་པས་བཅད་པས་ན། །དེར་ནི་ཆུ་དང་རྒྱུ་སྐར་རླུང་། །རྣམ་གསུམ་རྣམ་པར་འཁྲུག་པར་འགྱུར། །ཆོས་མིན་སྐྱེ་བོ་བཟུང་བས་ན། །དམ་ཆོས་རོ་ཡི་

เล่ม ๑๑๒ · หน้า 87a

སྙིང་པོ་མདངས། །སེམས་ཅན་མདངས་དང་ས་ཡི་བཅུད། །དངོས་པོ་རྣམ་གསུམ་རྣམ་པར་འཇིག །སྐྱེ་བོ་ངན་པ་རབ་བཀུར་ཞིང་། །སྐྱེ་བོ་དམ་པ་སྨད་པས་ན། །འཆི་དང་ལྕེ་འབབ་མུ་གེ་དང་། །རྣམ་པ་གསུམ་ནི་དེར་འབྱུང་འགྱུར། །ཞེས་གསུངས་སོ། །སའི་སྙིང་

པོའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཕྱི་མ་མ་འོངས་པའི་དུས་ན། སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་དག་ཉོན་མོངས་པས་ཡོངས་སུ་གདུངས་ནས་སྡིག་པ་སྤྱོད་ཅིང་། བྱིས་པ་གཏི་

མུག་ཅན་གདུལ་དཀའ་བར་གྱུར་པ་གང་། རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། དགེ་སྦྱོང་གདོལ་པ་ཅན་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་དགེ་བའི་རྩ་བ་ཆུང་བ་དང་། དད་པའི་སེམས་མེད་པ། གཡོ་

དང་སྒྱུས་འཚོ་བ། གཏི་མུག་དང་། ཤེས་པ་སྙེམས་པ་ཅན། དགེ་བའི་བཤེས་གཉེན་སྤོང་བ། སྨྲ་བའི་ཚིག་བདེན་པ་མེད་པ། དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལ་མི་འཇུག་པ་དང་། བརྙས་ཤིང་དབང་ཟ་བ། ཚིག་ངན་པས་རྣམ་པར་འཐིང་བ། དམ་པའི་ཆོས་ལ་ཐེ་ཚོམ་ཟ་ཞིང་ལོག་པར་ལྟ་

བ། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུས་མི་འཇིགས་པ། རྟག་ཏུ་ངང་ཚུལ་ངན་པ་ཅན་དག་དང་བསྟེན་པར་དགའ་བ། སྲོག་གཅོད་པ་ནས་ལེགས་པར་ལྟ་བའི་བར་དུ་སྤྱོད་པ་ལ་དགའ་ཞིང་གཡོ་དང་སྒྱུས་འཇིག་རྟེན་པ་སླུ་བ་དང་། བདག་དང་གཞན་ལ་གནོད་པ་བྱེད་པའི་རྒྱལ་རིགས་གདོལ་པ་

ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། ངའི་ཆོས་འཇིག་པར་བྱེད་པ། ངའི་བསྟན་པ་ལ་རབ་ཏུ་བྱུང་ན་ཡང་ཚུལ་ཁྲིམས་ཉམས་ཤིང་འཇིག་རྟེན་གྱི་འདུ་འཛིའི་ལས་བྱེད་པར་སྤྲོ་བ་ལ། རྒྱལ་རིགས་དང་བྲམ་ཟེ་ལ་སོགས་པས་བསྟི་སྟང་དང་བཅས་པས་མཆོད་པ་དང་། ཁེ་ལ་བརྐམ་པས་ནོར་

གྱི་ཕྱིར་ཚིག་ཙམ་དུ་སྨྲ་ཞིང་སྤྱོད་པ་དང་མི་ལྡན་པ། ཕན་ཚུན་དུ་འཕྲིན་གྱི་ཡི་གེ་སྐྱེལ་བ་ལ་དགའ་བ་དང་། ཚོང་དང་ཁེ་སྤོགས་བྱེད་ཅིང་། འཇིག་རྟེན་རྒྱང་འཕེན་པའི་གཙུག་ལག་སློབ་པ་དང་། ཞིང་རྨོ་བའི་ལས་ལ་དགའ་བ་དང་། ནོར་རིན་པོ་ཆེ་སོགས་ཤིང་སྦེད་པ་དང་། ཁང་ཁྱིམ་དང་ཆུང་

เล่ม ๑๑๒ · หน้า 87b

མ་དང་། བུ་སྨད་སྲུང་བ་དང་། འཇིག་རྟེན་གྱི་སྔགས་དང་། ཕྱག་རྒྱས་འབྱུང་པོ་འཁོལ་བ་དང་། ལྟས་བཟང་ངན་ལྟ་བ་དང་། སྨན་སྦྱར་ཅིང་ནད་གསོ་བའི་ནོར་གྱིས་འཚོ་བ་དང་། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། རིན་པོ་ཆེའི་རྒྱན་ལ་ཆགས་ཤིང་། ཁྱིམ་པའི་ལས་བྱེད་པ་ལ་དགའ་བ་དང་།

ཚུལ་ཁྲིམས་འདྲལ་ཞིང་སྡིག་པ་སྤྱོད་པ་དང་། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་དང་ལྡན་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡོད་དེ། རྒྱལ་རིགས་གདོལ་པ་ཅན་ནས། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། དེ་དག་ལ་བསྙེན་བཀུར་བྱེད་

ཅིང་། བསྟི་སྟང་དང་བཅས་པས་མཆོད་པ་བྱེད་དེ། དེ་དག་གི་ངག་ཀྱང་ཉན་ཏོ། །ཚུལ་ཁྲིམས་ཉམས་པ་དེ་དག་ཀྱང་། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། དེ་དག་ལ་བརྟེན་པར་དགའ་ཞིང་། བཀུར་སྟི་དང་། རིམ་གྲོ་བྱེད་དེ་དེའི་ངག་ཉན་ཏོ། །གལ་ཏེ་གང་ཟག་འགའ་

ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་དང་། སློབ་པ་དང་མི་སློབ་པ་ནན་ཏན་བྱེད་པ་ནས། འབྲས་བུའི་མཐར་ཕྱིན་གྱི་བར་དུ་གྱུར་པ་ལ། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། དེ་དག་གིས་དེ་ལ་ཕྲག་དོག་བྱེད་དེ། བསྙེན་བཀུར་དང་།

བསྟི་སྟང་དང་། རིམ་གྲོ་དང་། མཆོད་པ་མི་བྱེད་ཅིང་། སླར་ངག་ཉན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་མི་ལ་ལ་ཞིག་རིན་པོ་ཆེའི་གླིང་དུ་ཕྱིན་པ་ལས། རིན་པོ་ཆེ་ཨིནྡྲ་ནཱི་ལ་དང་། མ་ཧཱ་ནཱི་ལ་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། པདྨ་རཱ་ག་དང་། བཻ་ཌཱུརྱ་དང་། རིན་ཐང་

མེད་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་བོར་ནས། ནོར་བུ་མཆིང་བུ་ལེན་པ་ལྟར། དེ་བཞིན་དུ་མ་འོངས་པའི་དུས་ན། སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ཡང་དེ་དང་འདྲ་སྟེ། ངས་བསྟན་པའི་དམ་པའི་ཆོས་ཀྱི་རིན་པོ་ཆེའི་གླིང་དུ་ཕྱིན་ནས། ཚུལ་ཁྲིམས་

དང་། ཡོན་ཏན་གྱིས་ཕྱུག་པ། དོན་དམ་པའི་བདེན་པ་ལ་དགའ་བ་དང་། འཛེམ་པ་དང་། ངོ་ཚ་བར་ལྡན་པ། སློབ་པ་དང་། མི་སློབ་པའི་གང་ཟག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ནན་ཏན་བྱེད་པ་ལ་བརྩོན་པའི་སོ་སོའི་སྐྱེ་བོ་དགེ་བའི་ཡོན་ཏན་དང་ལྡན་པ། འཕགས་པའི་འཁོར་སྤངས་ནས། ཚུལ་

เล่ม ๑๑๒ · หน้า 88a

ཁྲིམས་ཉམས་པ། སྡིག་པ་མང་པོ་སྤྱོད་པ། ངོ་ཚ་བ་མེད་པ། འཛེམ་པ་མེད་པ། ཚིག་བརླང་ཞིང་རྩུབ་པ། ལུས་དང་སེམས་ང་རྒྱལ་གྱིས་དྲེགས་པ། རྣམ་པར་དཀར་བའི་ཆོས་དང་བྲལ་བ། བྱམས་པའི་སེམས་མེད་པ། སྙིང་རྗེ་མེད་པ། སྡིག་པའི་དགེ་སློང་དག་

ལ་བསོད་ནམས་ཀྱི་ཞིང་དུ་འཛིན་ཅིང་། བཀུར་སྟི་དང་། རིམ་གྲོ་དང་། མཆོད་པ་བྱེད་དེ་དེའི་ངག་ཉན་ཏོ། །དེ་ལྟར་སྡིག་པ་ཅན་དེ་དག་ནི་སློབ་དཔོན་དང་། སློབ་མར་བཅས་ཏེ་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་གསུངས་སོ།། །།རབ་ཏུ་བྱུང་

བའི་བསྔགས་པ་ལ་དགོངས་པ་བསྟན་པ། བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང་། བློ་གྲོས་རྒྱ་མཚོ་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡོངས་

སུ་སྤྱད་པའི་ཕྱིར། རྒྱལ་སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱོད་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི།

དོན་ཆེ་བ། ཕན་ཡོན་ཆེ་བ། རྒྱ་ཆེ་བའོ། །རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའི་འཐོབ་པ་ཆེན་པོ་ནི་ཉི་ཤུ་པོ་འདི་དག་སྟེ། ཐམས་ཅད་མཁྱེན་པ་བླ་ན་མེད་པའི་འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་གོ། །ཉི་ཤུ་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་སྲིད་དང་། ལོངས་

སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་དག་འདོར་བས་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་འཐོབ་པ་དང་། ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་འཐོབ་པ་དང་། ངུར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས་འཐོབ་པ་དང་། འཕགས་པའི་རིགས་ཀྱི་

ཆོག་ཤེས་པས་དགོང་སླ་བ་དང་། གསོ་སླ་བ་འཐོབ་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པས། འདོད་པ་ཆེ་བ་དང་། སྡིག་པ་འདོད་པ་སྤོང་བ་འཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས། ལྷ་དང་མིར་སྐྱེ་བ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་

เล่ม ๑๑๒ · หน้า 88b

འདོར་བས། ཕ་རོལ་ཏུ་ཕྱིན་པ་དྲུག་འཐོབ་པ་དང་། དགོན་པ་དབེན་པ་ན་གནས་པས། འདུ་འཛི་དང་མི་འདྲེ་བ་འཐོབ་པ་དང་། གནོད་པ་མེད་པས་ཆོས་སེམས་པའི་བདེ་བ་འཐོབ་པ་དང་། བསམ་གཏན་གྱི་ཡན་ལག་ཡང་དག་པར་བསྒྲུབས་པས་སེམས་ལས་སུ་རུང་བ་འཐོབ་པ་དང་། ཐོས་པ་

ཡོངས་སུ་ཚོལ་བས་ཤེས་རབ་ཆེན་པོ་འཐོབ་པ་དང་། ང་རྒྱལ་མེད་པས་ཡེ་ཤེས་ཆེན་པོ་འཐོབ་པ་དང་། དོན་ཉུང་ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས་བྱམས་པ་ཆེན་པོ་འཐོབ་པ་དང་། སེམས་ཅན་

ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་འཐོབ་པ་དང་། ལུས་དང་སྲོག་ལ་མི་ལྟ་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་འཐོབ་པ་དང་། སེམས་རབ་ཏུ་སྦྱངས་པས་མངོན་པར་ཤེས་པ་ཆེན་པོ་འཐོབ་པ་དང་། སངས་རྒྱས་རྗེས་སུ་དྲན་པས་སངས་རྒྱས་མཐོང་བ་འཐོབ་པ་དང་།

ཚུལ་བཞིན་གྱི་ཆོས་ལ་སོ་སོར་རྟོག་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་འཐོབ་པ་དང་། ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས་མྱུར་དུ་ཐམས་ཅད་མཁྱེན་པ་འཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའ་ལ་འཐོབ་པ་ཆེན་པོ་ཉི་ཤུ་པོ་འདི་དག་

རྙེད་པར་དཀའ་བར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཤིག་ཅེས་གསུངས་སོ། །རབ་ཏུ་བྱུང་བ་ལ་བར་ཆད་བྱེད་པའི་མདོ་ལས་ཀྱང་། བདུད་ཀྱི་འཆིང་བ་བཅོམ་བྱས་ནས། །བྱང་ཆུབ་སྙིང་པོའི་ལམ་དག་དང་། །ཀུན་མཁྱེན་ཡེ་

ཤེས་ཚོལ་བ་ཡིས། །རབ་ཏུ་བྱུང་ཕྱིར་མྱུར་དུ་དོང་། །སོ་སོར་ཐར་པའི་སྡོམ་པ་དང་། །ཚུལ་ཁྲིམས་མ་ཉམས་བསྲུང་བར་གྱིས། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །བྱམས་སེམས་རྣམ་པར་བསྒོམ་པར་གྱིས། །ཚངས་པར་སྤྱོད་པ་སྤྱད་ནས་ནི། །མཐོ་རིས་དག་ཏུ་འགྲོ་བར་འགྱུར། །

མི་ཁོམ་པ་དག་སྤོང་འགྱུར་ཞིང་། །དེ་དག་དལ་བ་རྙེད་དཀའ་མིན། །ཚངས་པར་སྤྱོད་པ་སྤྱད་ནས་ནི། །སངས་རྒྱས་མྱུར་དུ་མཐོང་བ་དང་། །སངས་རྒྱས་རྣམས་ཀྱི་བཤེས་འགྱུར་ཏེ། །དེ་ཕྱིར་འདོད་པ་བསྟེན་མི་བྱ། །འདི་ཡང་ང་ཡི་ལམ་མིན་ཞིང་། །འདི་ནི་སངས་རྒྱས་ཀྱིས་གསུངས་ལམ། །

เล่ม ๑๑๒ · หน้า 89a

དྲང་པོ་དེས་ནི་སྡུག་བསྔལ་དག །ཀུན་ལས་སྒྲོལ་ཞིང་མྱ་ངན་འདའ། །གང་དག་ཤེས་རབ་འཆལ་རང་བཞིན། །ཁྱིམ་དུ་འདོད་པ་ངེས་བསྟེན་པ། །བདེ་བར་གཤེགས་པའི་ལམ་སྤངས་ནས། །དེ་ནི་ངན་སོང་འགྲོ་བར་འགྱུར། །དེ་ཕྱིར་འདོད་པ་རྣམ་སྤངས་ནས། །

མྱུར་དུ་རབ་ཏུ་འབྱུང་བར་དོང་། །ལམ་འདི་དྲང་པོ་རྣམས་ཀྱི་ཕྱིར། །སངས་རྒྱས་ཀུན་གྱིས་མངོན་པར་གསུངས། །གང་ཞིག་འདི་འདྲའི་མདོ་སྡེ་ནི། །ཐོས་ནས་ལོག་པར་རྟོགས་འགྱུར་བ། །སངས་རྒྱས་བསྟན་པ་སྤངས་ནས་སུ། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །དེ་ནི་ཕ་དང་མ་ཡིས་

ཀྱང་། །སྡུག་བསྔལ་བ་ལས་སྒྲོལ་མི་ནུས། །དེ་ཕྱིར་ཚུལ་བཞིན་བསམས་ནས་ནི། །མྱུར་དུ་རབ་ཏུ་བྱུང་བར་དོང་། །དྲི་མེད་ཚུལ་ཁྲིམས་བསྲུང་བྱས་ན། །ནོར་འཛིན་འདི་དག་གཡོ་འགྱུར་ཞིང་། །དཔུང་བཅས་བདུད་ནི་བརྫི་བར་འགྱུར། །དེ་ཕྱིར་རབ་ཏུ་བྱུང་བར་དོང་། །དེ་ལ་ལྷ་དབང་བརྒྱ་

བྱིན་དང་། །གང་དག་ལྷ་གཞན་ཆེན་པོ་རྣམས། །དེ་ཀུན་དེ་ལ་ཕྱག་བྱེད་ཅིང་། །དགེ་སློང་རྫུ་འཕྲུལ་ཆེན་པོར་འགྱུར། །གང་ལ་སོ་སོའི་སྐྱེ་ཆགས་པ། །ཟོལ་གྱི་ལས་རྣམས་བཏང་བྱས་ནས། །བྱང་ཆུབ་དམ་པ་འདོད་པ་ན། །མྱུར་དུ་རབ་ཏུ་བྱུང་བར་དོང་། །དམྱལ་བར་འབར་བའི་ལུས་ཀྱི་ནི། །

སྡུག་བསྔལ་ཚོར་བ་དེ་ཤེས་ནས། །ཐར་པའི་སྒོ་དག་ཚོལ་བ་ན། །མྱུར་དུ་རབ་ཏུ་བྱུང་བར་དོང་། །མི་གཙང་ཁྲོན་པའི་ཚོགས་ནང་དུ། །ཤིན་ཏུ་གནོད་པར་བྱེད་སྒོ་ཅན། །འཇིག་རྟེན་གསུམ་པོ་འཕྱན་མཐོང་ནས། །མྱུར་དུ་རབ་ཏུ་བྱུང་བར་དོང་། །འཇིག་རྟེན་ཟང་ཟིང་ཚོལ་བ་དང་། །བུ་ནི་ངན་སོང་

འཁྲིད་པར་འགྱུར། །དྲི་ངའི་ཆུང་མ་བསྟེན་པ་ཡི། །རྐང་པ་ལག་པ་གཅོད་པར་འགྱུར། །བུད་མེད་དག་ནི་རྣམ་སྤང་ཕྱིར། །མྱུར་དུ་རབ་ཏུ་བྱུང་བར་དོང་། །ཟག་དང་བཅས་པའི་ལས་བྱས་ནས། །རྒན་པོ་རྣམས་ལ་ཟས་བྱིན་བྱེད། །དེ་དག་བདག་ལ་སྨོད་བྱེད་ཅིང་། །བུ་ནི་ངན་སོང་འགྲོ་བར་

འགྱུར། །འདི་ནི་ངན་འགྲོར་འགྲོ་འགྱུར་ཞིང་། །བདག་གིས་དོན་མིན་བྱས་པར་འགྱུར། །རྫས་ངན་དག་ལ་གང་བརྟེན་པ། །དེ་དག་སྡིག་པའི་གྲོགས་ཞེས་བརྗོད། །ཆོས་ལས་ལོག་པར་བྱེད་གྱུར་པ། །དེ་ནི་ཕ་དང་མ་མིན་ནོ། །གང་དག་ཆོས་མཆོད་རྗོད་བྱེད་ཅིང་། །སངས་རྒྱས་ཆོས་ལ་

เล่ม ๑๑๒ · หน้า 89b

དགའ་བྱེད་པ། །མྱུར་དུ་རབ་ཏུ་བྱུང་སྨྲ་བ། །ཕ་མ་དེ་དག་བདེ་བ་ཅན། །དལ་བ་ཐོབ་ནས་ཀུན་མཁྱེན་གྱི། །ཆོས་ནི་འདི་འདྲ་ཐོབ་འགྱུར་ཏེ། །ལས་རྣམས་ཐམས་ཅད་བཏང་བྱས་ཏེ། །མྱུར་དུ་རབ་ཏུ་བྱུང་བར་དོང་། །ཇི་ལྟར་སྟོན་པ་ཐམས་ཅད་མཁྱེན། །འདི་འདྲའི་ཞིང་གཞན་ཡོད་མིན་ཅིང་། །འདི་

འདྲའི་བདེ་བ་གཞན་ཡོད་མིན། །མྱུར་དུ་རབ་ཏུ་བྱུང་བར་དོང་། །གླིང་བཞི་པོ་དག་སྤང་བྱས་ནས། །ཚོགས་ནི་རྙེད་པར་དཀའ་མ་ཡིན། །ང་ནི་མྱུར་དུ་རབ་བྱུང་ན། །ཇི་ལྟར་གཞན་ལྟ་རབ་མི་འབྱུང་། །སེམས་ཅན་བསོད་ནམས་བྱས་གང་ལ། །འདི་རྙེད་སྨྲ་བར་ནུས་པར་འགྱུར། །དེ་ལྟར་དེ་ཕྱིར་ཚུལ་

བཞིན་དུ། །བརྟགས་ནས་མྱུར་དུ་རབ་བྱུང་དོང་། །བསྐལ་པ་བྱེ་བ་མང་པོར་ནི། །འདི་འདྲའི་ཆོས་ནི་མི་ཐོས་སོ། །དེ་ཕྱིར་སྐྱོ་བ་དྲག་པོ་ནི། །སྐྱེད་པས་རབ་ཏུ་བྱུང་བར་དོང་། །ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཏེ།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། གང་ཡང་མེད་དེ། དེ་དག་ཐམས་ཅད་ཀྱང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ནས་དགོན་པ་ལ་སེམས། དགོན་པ་ལ་གཞོལ། དགོན་པར་སོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་སོ། །ཚོགས་དེ་ཡང་དག་པར་བསྒྲུབས་སོ། །ཁྱིམ་ན་གནས་པ་ནི་ཀུན་དུ་གནོད་པ་སྟེ། རྡུལ་འབབ་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་དང་དེའི་ཉན་ཐོས་རྣམས་ཀྱིས་བསྔགས་པའོ། །ཁྱིམ་ན་གནས་པ་ནི་ཉེས་པའི་སྐྱོན་ཆགས་པ་མང་བའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་

ཕུན་སུམ་ཚོགས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཉམ་ང་བའོ། །རབ་ཏུ་བྱུང་བ་ནི་བག་ཡངས་པའོ། །ཁྱིམ་ན་གནས་པ་ནི་ཡོངས་སུ་འཛིན་པའི་དྲི་མ་ཅན་ནོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །ཁྱིམ་ན་གནས་པ་ནི་ཉེས་པར་སྤྱོད་པའི་གཞིའོ། །རབ་ཏུ་

བྱུང་བ་ནི་ལེགས་པར་སྤྱོད་པའི་གཞིའོ། །ཁྱིམ་ན་གནས་པ་ནི་རྡུལ་གྱི་ནང་ན་གནས་པའོ། །རབ་ཏུ་བྱུང་བ་ནི་རྡུལ་གྱི་ནང་ན་མི་གནས་པའོ། །ཁྱིམ་ན་གནས་པ་ནི་འདོད་པའི་འདམ་དུ་བྱིང་བའོ། །རབ་ཏུ་བྱུང་བ་ནི་འདོད་པའི་འདམ་ནས་འབྱིན་པའོ། །ཁྱིམ་ན་གནས་པ་ནི་བྱིས་པའི་སྐྱེ་བོའི་ཞུགས་

เล่ม ๑๑๒ · หน้า 90a

པའོ། །རབ་ཏུ་བྱུང་བ་ནི་སྐྱེ་བོ་མཁས་པའི་ཞུགས་པའོ། །ཁྱིམ་ན་གནས་པ་ནི་འཚོ་བ་སྦྱང་བར་དཀའ་བའོ། །རབ་ཏུ་བྱུང་བ་ནི་འཚོ་བ་སྦྱང་བར་སླ་བའོ། །ཁྱིམ་ན་གནས་པ་ནི་འགྲན་ཟླ་མང་བའོ། །རབ་ཏུ་བྱུང་བ་ནི་འགྲན་ཟླ་མེད་པའོ། །ཁྱིམ་ན་གནས་པ་ནི་ཕོངས་པ་མང་བའོ། །རབ་ཏུ་

བྱུང་བ་ནི་ཕོངས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་མྱ་ངན་གྱི་གནས་སོ། །རབ་ཏུ་བྱུང་བ་ནི་མྱ་ངན་དང་བྲལ་བའོ། །ཁྱིམ་ན་གནས་པ་ནི་ངན་སོང་གི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་ཐེམ་སྐས་སོ། །ཁྱིམ་ན་གནས་པ་ནི་བཅིངས་པའོ། །རབ་ཏུ་བྱུང་བ་ནི་ཐར་པའོ། །ཁྱིམ་ན་གནས་པ་ནི་

འཇིགས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་འཇིགས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་ཆད་པ་དང་བཅས་པར་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་ཆད་པ་མེད་པར་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་མཚོན་ཆའི་སྤྱོད་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་མཚོན་ཆ་མི་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་

ཡོངས་སུ་གདུང་བ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་གདུང་བ་མེད་པའོ། །ཁྱིམ་ན་གནས་པ་ནི་ཀུན་དུ་ཚོར་བས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་ཀུན་དུ་ཚོར་བ་མེད་པས་བདེ་བའོ། །ཁྱིམ་ན་གནས་པ་ནི་རྒོད་པའོ། །རབ་ཏུ་བྱུང་བ་ནི་ཉེ་བར་ཞི་བའོ། །ཁྱིམ་ན་གནས་པ་ནི་འཇུངས་

པའོ། །རབ་ཏུ་བྱུང་བ་ནི་མ་འཇུངས་པའོ། །ཁྱིམ་ན་གནས་པ་ནི་ཞན་པའོ། །རབ་ཏུ་བྱུང་བ་ནི་མི་ཞན་པའོ། །ཁྱིམ་ན་གནས་པ་ནི་མ་རབས་སོ། །རབ་ཏུ་བྱུང་བ་ནི་ཡ་རབས་སོ། །ཁྱིམ་ན་གནས་པ་ནི་ཀུན་དུ་འབར་བའོ། །རབ་ཏུ་བྱུང་བ་ནི་འབར་བ་ཞི་བའོ། །ཁྱིམ་ན་གནས་པ་ནི་རང་གི་དོན་

ཏོ། །རབ་ཏུ་བྱུང་བ་ནི་གཉིས་ཀའི་དོན་ཏོ། །ཁྱིམ་ན་གནས་པ་ནི་དོན་ཆུང་བའོ། །རབ་ཏུ་བྱུང་བ་ནི་དོན་ཆེ་བའོ། །ཁྱིམ་ན་གནས་པ་ནི་གཟི་ཆུང་བའོ། །རབ་ཏུ་བྱུང་བ་ནི་གཟི་ཆེ་བའོ། །ཁྱིམ་ན་གནས་པ་ནི་ཀུན་ནས་ཉོན་མོངས་པས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་མངོན་པར་བྱུང་བས་བདེ་

བའོ། །ཁྱིམ་ན་གནས་པ་ནི་ཚེར་མ་བསྐྱེད་པའོ། །རབ་ཏུ་བྱུང་བ་ནི་ཚེར་མ་བསལ་བའོ། །ཁྱིམ་ན་གནས་པ་ནི་ཆོས་ཆུང་ངུ་དང་ལྡན་པའོ། །རབ་ཏུ་བྱུང་བ་ནི་ཆོས་ཆེན་པོ་དང་ལྡན་པའོ། །ཁྱིམ་ན་གནས་པ་ནི་འདུལ་བ་མ་ཡིན་པ་བྱེད་པའོ། །རབ་ཏུ་བྱུང་བ་ནི་འདུལ་བ་བྱེད་པའོ། །ཁྱིམ་ན་གནས་

เล่ม ๑๑๒ · หน้า 90b

པ་ནི་འགྱོད་པའོ། །རབ་ཏུ་བྱུང་བ་ནི་མི་འགྱོད་པའོ། །ཁྱིམ་ན་གནས་པ་ནི་མཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་འཕེལ་བའོ། །རབ་ཏུ་བྱུང་བ་ནི་མཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་སྐེམ་པའོ། །ཁྱིམ་ན་གནས་པ་ནི་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་ཀྱིས་སྨད་པའོ། །རབ་ཏུ་བྱུང་བ་ནི་སངས་

རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་ཀྱིས་བསྔགས་པའོ། །ཁྱིམ་ན་གནས་པ་ནི་ཆོག་མི་ཤེས་པའོ། །རབ་ཏུ་བྱུང་བ་ནི་ཆོག་ཤེས་པའོ། །ཁྱིམ་ན་གནས་པ་ནི་བདུད་དགའ་བའོ། །རབ་ཏུ་བྱུང་བ་ནི་བདུད་མྱ་ངན་བྱེད་པའོ། །ཁྱིམ་ན་གནས་པ་ནི་རྙོག་པ་ཆེན་པོའི་མཐར་ཐུག་པར་འགྱུར་བའོ། །

རབ་ཏུ་བྱུང་བ་ནི་རྙོག་པ་ཐམས་ཅད་ཉེ་བར་ཞི་བའི་མཐར་ཐུག་པའོ། །ཁྱིམ་ན་གནས་པ་ནི་བརྫི་བར་བྱ་བའོ། །རབ་ཏུ་བྱུང་བ་ནི་བརྫི་བར་མི་བྱའོ། །ཁྱིམ་ན་གནས་པ་ནི་བྲན་གྱི་ལས་བྱེད་པའོ། །རབ་ཏུ་བྱུང་བ་ནི་རྗེ་བོ་བྱེད་པའོ། །ཁྱིམ་ན་གནས་པ་ནི་འཁོར་བའི་མཐར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་

མྱ་ངན་ལས་འདས་པའི་མཐར་འགྱུར་བའོ། །ཁྱིམ་ན་གནས་པ་ནི་གཡང་སའོ། །རབ་ཏུ་བྱུང་བ་ནི་གཡང་ས་ལས་འདས་པའོ། །ཁྱིམ་ན་གནས་པ་ནི་མུན་ནག་གོ། །རབ་ཏུ་བྱུང་བ་ནི་སྣང་བའོ། །ཁྱིམ་ན་གནས་པ་ནི་དབང་པོ་ལ་དབང་མི་བྱེད་པའོ། །རབ་ཏུ་བྱུང་བ་ནི་དབང་པོ་ལ་དབང་བྱེད་པའོ། །

ཁྱིམ་ན་གནས་པ་ནི་དྲེགས་པ་བསྐྱེད་པའོ། །རབ་ཏུ་བྱུང་བ་ནི་དྲེགས་པ་འདུལ་བའོ། །ཁྱིམ་ན་གནས་པ་ནི་དམ་པ་མ་ཡིན་པ་བསྐྱེད་པའོ། །རབ་ཏུ་བྱུང་བ་ནི་བདེ་འགྲོ་བསྐྱེད་པའོ། །ཁྱིམ་ན་གནས་པ་ནི་བལྟ་བར་མི་འོས་པའོ། །རབ་ཏུ་བྱུང་བ་ནི་བལྟ་བར་འོས་པའོ། །ཁྱིམ་ན་གནས་པ་ནི་བརྩོན་པ་ཆུང་

པའོ། །རབ་ཏུ་བྱུང་བ་ནི་བརྩོན་པ་ཆེ་བའོ། །ཁྱིམ་ན་གནས་པ་ནི་འབྲས་བུ་ཆུང་བའོ། །རབ་ཏུ་བྱུང་བ་ནི་འབྲས་བུ་ཆེ་བའོ། །ཁྱིམ་ན་གནས་པ་ནི་གྱ་གྱུ་ཅན་ནོ། །རབ་ཏུ་བྱུང་བ་ནི་དྲང་བའོ། །ཁྱིམ་ན་གནས་པ་ནི་ཡིད་མི་བདེ་བ་མང་བའོ། །རབ་ཏུ་བྱུང་བ་ནི་ཡིད་བདེ་བ་མང་བའོ། །ཁྱིམ་ན་གནས་

པ་ནི་ཟུག་རྔུ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟུག་རྔུ་ཕྱུང་བའོ། །ཁྱིམ་ན་གནས་པ་ནི་ན་བའོ། །རབ་ཏུ་བྱུང་བ་ནི་ནད་མེད་པའོ། །ཁྱིམ་ན་གནས་པ་ནི་ཆོས་རྒས་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཆོས་དར་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་བག་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་བག་ཡོད་པར་

เล่ม ๑๑๒ · หน้า 91a

བྱེད་པའོ། །ཁྱིམ་ན་གནས་པ་ནི་འཆལ་པའི་ཤེས་རབ་ཀྱི་འབྱུང་གནས་པའོ། །རབ་ཏུ་བྱུང་བ་ནི་ཤེས་རབ་འཕེལ་བའོ། །ཁྱིམ་ན་གནས་པ་ནི་ཤེས་རབ་ཀྱི་བར་ཆད་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཤེས་རབ་ཀྱི་སྲོག་བྱེད་པའོ། །ཁྱིམ་ན་གནས་པ་ནི་སླུ་བར་སོ་སོར་ཉེ་བར་གནས་

པའོ། །རབ་ཏུ་བྱུང་བ་ནི་མི་སླུ་བར་སོ་སོར་ཉེ་བར་གནས་པའོ། །ཁྱིམ་ན་གནས་པ་ནི་བྱེད་པ་མང་བའོ། །རབ་ཏུ་བྱུང་བ་ནི་བྱེད་པ་ཉུང་བའོ། །ཁྱིམ་ན་གནས་པ་ནི་དུག་དང་བཅས་པའི་བཏུང་བ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུད་རྩི་དང་བཅས་པའི་བཏུང་བ་ལྟ་བུའོ། །ཁྱིམ་ན་གནས་པ་ནི་གནོད་པ་ཅན་ནོ། །

རབ་ཏུ་བྱུང་བ་ནི་གནོད་པ་མེད་པའོ། །ཁྱིམ་ན་གནས་པ་ནི་འདྲེས་པའོ། །རབ་ཏུ་བྱུང་བ་ནི་མ་འདྲེས་པའོ། །ཁྱིམ་ན་གནས་པ་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུད་རྩིའི་འབྲས་བུ་ལྟ་བུའོ། །ཁྱིམ་ན་གནས་པ་ནི་མི་སྡུག་པ་དང་ཕྲད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མི་

སྡུག་པ་དང་བྲལ་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་པ་དང་ཕྲད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་སྡུག་པ་དང་བྲལ་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་གཏི་མུག་གིས་ལྕི་བའོ། །རབ་ཏུ་བྱུང་བ་ནི་ཡེ་ཤེས་ཀྱིས་ཡང་བའོ། །ཁྱིམ་ན་གནས་པ་ནི་སྦྱོར་བ་རྣམ་པར་འཇིག་པའོ། །རབ་

ཏུ་བྱུང་བ་ནི་སྦྱོར་བ་རྣམ་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་བསམ་པ་རྣམ་པར་འཇིག་པའོ། །རབ་ཏུ་བྱུང་བ་ནི་བསམ་པ་རྣམ་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་ལྷག་པའི་བསམ་པ་རྣམ་པར་འཇོག་པའོ། །རབ་ཏུ་བྱུང་བ་ནི་ལྷག་པའི་བསམ་པ་རྣམ་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་

དཔུང་གཉེན་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་དཔུང་གཉེན་བྱེད་པའོ། །ཁྱིམ་ན་གནས་པ་ནི་མགོན་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མགོན་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནས་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་གནས་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྐྱབས་མེད་པར་བྱེད་པའོ། །

རབ་ཏུ་བྱུང་བ་ནི་སྐྱབས་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནོད་སེམས་མང་བའོ། །རབ་ཏུ་བྱུང་བ་ནི་བྱམས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཁུར་ཁྱེར་བའོ། །རབ་ཏུ་བྱུང་བ་ནི་ཁུར་བོར་བའོ། །ཁྱིམ་ན་གནས་པ་ནི་ཐུག་པ་མེད་པར་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་སྤྱོད་པ་ཐམས་ཅད་མཐར་འབྱིན་

เล่ม ๑๑๒ · หน้า 91b

པའོ། །ཁྱིམ་ན་གནས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཁ་ན་མ་ཐོ་བ་མེད་པའོ། །ཁྱིམ་ན་གནས་པ་ནི་གདུང་བར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་གདུང་བར་མི་འགྱུར་བའོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཉོན་མོངས་པ་མེད་པའོ། །

ཁྱིམ་ན་གནས་པ་ནི་ཟང་ཟིང་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟང་ཟིང་མེད་པའོ། །ཁྱིམ་ན་གནས་པ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་མངོན་པའི་ང་རྒྱལ་མེད་པའོ། །ཁྱིམ་ན་གནས་པ་ནི་ནོར་སྙིང་པོར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་སྙིང་པོར་བྱེད་པའོ། །ཁྱིམ་

ན་གནས་པ་ནི་ཡམས་ཀྱི་ནད་དོ། །རབ་ཏུ་བྱུང་བ་ནི་ཡམས་ཀྱི་ནད་ཞི་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་འབྲི་བའོ། །རབ་ཏུ་བྱུང་བ་ནི་འཕེལ་བའོ། །ཁྱིམ་ན་གནས་པ་ནི་རྙེད་པར་སླ་བའོ། །རབ་ཏུ་བྱུང་བ་ནི་བསྐལ་པ་བརྒྱ་སྟོང་དུ་ཡང་རྙེད་པར་དཀའ་བའོ། །ཁྱིམ་ན་གནས་པ་ནི་བྱ་སླ་བའོ། །རབ་

ཏུ་བྱུང་བ་ནི་བྱ་དཀའ་བའོ། །ཁྱིམ་ན་གནས་པ་ནི་རྒྱུན་ཕྱོགས་སུ་འགྲོ་བའོ། །རབ་ཏུ་བྱུང་བ་ནི་རྒྱུན་ལས་བཟློག་སྟེ་འགྲོ་བའོ། །ཁྱིམ་ན་གནས་པ་ནི་ཆུ་བོའོ། །རབ་ཏུ་བྱུང་བ་ནི་གཟིངས་སོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པའི་ཆུ་བོའོ། །རབ་ཏུ་བྱུང་བ་ནི་ཟམ་པའོ། །ཁྱིམ་ན་གནས་པ་ནི་ཚུ་རོལ་

གྱི་ངོགས་སོ། །རབ་ཏུ་བྱུང་བ་ནི་ཕ་རོལ་གྱི་ངོགས་སོ། །ཁྱིམ་ན་གནས་པ་ནི་གླགས་པའོ། །རབ་ཏུ་བྱུང་བ་ནི་མ་གླགས་པའོ། །ཁྱིམ་ན་གནས་པ་ནི་ཁོན་དུ་འཛིན་པའོ། །རབ་ཏུ་བྱུང་བ་ནི་ཁོན་དུ་འཛིན་པ་ཞི་བའོ། །ཁྱིམ་ན་གནས་པ་ནི་རྒྱལ་པོའི་ནན་ཏུར་བཞིན་བྱེད་པའོ། །རབ་ཏུ་བྱུང་བ་ནི་སངས་

རྒྱས་ཀྱི་བསྟན་པ་བཞིན་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཉམ་ཐག་པའོ། །རབ་ཏུ་བྱུང་བ་ནི་ཉམ་ཐག་པ་མེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་བསྔལ་འབྱུང་བའོ། །རབ་ཏུ་བྱུང་བ་ནི་བདེ་བ་འབྱུང་བའོ། །ཁྱིམ་ན་གནས་པ་ནི་སྒང་བུའོ། །རབ་ཏུ་བྱུང་བ་ནི་ཟབ་པའོ། །ཁྱིམ་ན་གནས་པ་ནི་གྲོགས་

མང་བའོ། །རབ་ཏུ་བྱུང་བ་ནི་གྲོགས་དཀོན་པའོ། །ཁྱིམ་ན་གནས་པ་ནི་ཆུང་མ་དང་འགྲོགས་པའོ། །རབ་ཏུ་བྱུང་བ་ནི་མོས་པ་དང་འགྲོགས་པའོ། །ཁྱིམ་ན་གནས་པ་ནི་རྒྱ་དང་འདྲ་བའོ། །རབ་ཏུ་བྱུང་བ་ནི་རྒྱ་བྲལ་བའོ། །ཁྱིམ་ན་གནས་པ་ནི་གཞན་ལ་གནོད་པ་བྱེད་པ་གཅེས་སུ་རྩི་བའོ། །རབ་ཏུ་

เล่ม ๑๑๒ · หน้า 92a

བྱུང་བ་ནི་གཞན་ལ་ཕན་འདོགས་པ་གཅེས་སུ་རྩི་བའོ། །ཁྱིམ་ན་གནས་པ་ནི་ཟང་ཟིང་གི་སྦྱིན་པ་ཆེད་ཆེར་འཛིན་པའོ། །རབ་ཏུ་བྱུང་བ་ནི་ཆོས་ཀྱི་སྦྱིན་པ་ཆེད་ཆེར་འཛིན་པའོ། །ཁྱིམ་ན་གནས་པ་ནི་བདུད་ཀྱི་རྒྱལ་མཚན་འཛིན་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་ཀྱི་རྒྱལ་མཚན་འཛིན་

པའོ། །ཁྱིམ་ན་གནས་པ་ནི་སྡུག་བསྔལ་གྱི་གཞིའོ། །རབ་ཏུ་བྱུང་བ་ནི་སྡུག་བསྔལ་གྱི་གཞི་ཡང་དག་པར་འཇོམས་པའོ། །ཁྱིམ་ན་གནས་པ་ནི་ཕུང་པོ་འཕེལ་བའོ། །རབ་ཏུ་བྱུང་བ་ནི་ཕུང་པོ་ཐམས་ཅད་ངེས་པར་འདོར་བའོ། །ཁྱིམ་ན་གནས་པ་ནི་ཐིབས་པོའོ། །རབ་ཏུ་བྱུང་བ་ནི་ཐིབས་པོ་ལས་ཐར་

བ་ཡིན་ཏེ། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་རབ་ཏུ་བྱུང་བ་ལ་གཞོལ་བར་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཏོག་ལས་ཀྱང་། འཇིག་རྟེན་རྒ་བས་གཟིར་གྱུར་ཅིང་། །འཆི་བདག་གིས་ནི་ཡོངས་བསྐོར་བ། །དེ་ཕྱིར་གཉི་ག་སྤང་བའི་ཕྱིར། །རབ་ཏུ་བྱུང་བ་ལེགས་པར་གཟུང་། །

ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ་ལས་ཀྱང་། ཐམས་ཅད་ནས་ཁ་ན་མ་ཐོ་བ་མེད་པ་འདི་ནི་རབ་ཏུ་བྱུང་བ་ཞེས་བྱའོ་ཞེས་གསུངས་སོ། །སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པ་ལ་དགོངས་པ་བསྟན་པ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། ཁ་ན་མ་ཐོ་བ་

མེད་པར་བྱ་བའི་ཕྱིར་བསོད་སྙོམས་སྤྱོད་པ་ལ་འཇུག་གོ་ཞེས་གསུངས་སོ། །བཞི་པ་བརྗོད་པའི་མདོ་ལས་ཀྱང་། ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཚུལ་ཡིན་ནོ། །བཞི་གང་ཞེ་ན། གང་འདི་ལྟ་སྟེ། ཁྱིམ་པའི་ལོངས་སྤྱོད་དོར་ནས་རང་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་

པ་དང་། གཞན་གྱི་ནོར་མངོན་པར་མི་འདོད་པ་ཉིད་དང་། རབ་ཏུ་བྱུང་ནས་འཕགས་པའི་རིགས་ལ་དགའ་བ་དང་། སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པ་ཉིད་དེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང་། གདུལ་བར་དཀའ་བའི་སེམས་སྲེག་ཅིང་། །དགེ་སློང་

རྣམས་ལ་རྩོལ་མི་བྱེད། །འཕགས་པའི་རིགས་ལ་དག་འགྱུར་ན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །སྡིག་པའི་དགེ་སློང་སྤོང་བྱེད་ཅིང་། །འཕགས་ལ་གུས་པས་སྟེན་པར་བྱེད། །དགེ་འདུན་རྫས་དག་མི་ཟ་ན། །མྱུར་དུ་བྱང་ཆུབ་རེག་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་

เล่ม ๑๑๒ · หน้า 92b

སེམས་དཔའི་ལམ་གྱི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔས་བྲན་མ་ཡིན་པ་དང་། འཚོ་བ་གཞན་ལ་རག་མ་ལས་པས་འཚོ་བར་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་ཉན་ཐོས་ཀྱི་ས་ལས་ཀྱང་། ཇི་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ཞེ་ན། རྙེད་པས་ཆོག་པའི་བསོད་སྙོམས་

པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་པ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པ་སྟེ། དེ་

དག་ཀྱང་བསོད་སྙོམས་པ་དང་། ཆོས་གོས་དང་། གནས་མལ་ལས་བརྩམས་ནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་སམ་བཅུ་གསུམ་དུ་འགྱུར་རོ། །དེ་ལ་བསོད་སྙོམས་པ་ཉིད་ལས་དབྱེ་ན་རྣམ་པ་གཉིས་ཏེ། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་

པའོ། །དེ་ལ་རྙེད་པས་ཆོག་པའི་བསོད་སྙོམས་པ་གང་ཞེ་ན། འདི་ལྟ་སྟེ། འདྲིས་པའི་ཁྱིམ་དག་ནས་ཅི་ཐོབ་པ་དང་། ཅི་སྙེད་པ་ཙམ་ཟ་བར་བྱེད་པའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་གང་ཞེ་ན། ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང་ཁྱིམ་དུ་བསླངས་ཤིང་བརྒྱུས་ཏེ། བསོད་སྙོམས་

ཅི་ཐོབ་པ་དང་། ཅི་སྙེད་པ་ཟ་བར་བྱེད་ཀྱི། བདག་གིས་འདི་ནས་བཟའ་བ་དང་། བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕང་བསྟོད་དེ། ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ། །དེ་ལ་བསོད་སྙོམས་པ་ཉིད་བྱེ་བྲག་ཏུ་མ་ཕྱེ་བ་ལས་བརྩམས་ནས་ནི་སྦྱངས་

པའི་ཡོན་ཏན་བཅུ་གཉིས་སུ་འགྱུར་ལ། བྱེ་བྲག་ཏུ་ཕྱེ་བ་ལས་བརྩམས་ན་ནི་བཅུ་གསུམ་མོ། །དེ་ལ་སྟན་གཅིག་པ་ཉིད་གང་ཞེ་ན། སྟན་གཅིག་ལ་འདུག་ནས་ཇི་ཙམ་ཟ་བར་བྱེད་པ་དེ་ཙམ་ཟ་བར་བྱེད་ཀྱི། སྟན་དེ་ལས་ལངས་ནས་ཟ་བར་མི་བྱེད་པ་སྟེ། དེ་ནི་སྟན་གཅིག་པ་ཉིད་ཅེས་བྱའོ། །

ཟས་ཕྱིས་མི་ལེན་པ་ཉིད་གང་ཞེ་ན། ཟས་ཀྱི་ཕྱིར་འདུག་ནས་ཇི་སྲིད་དུ་ཇི་ཙམ་གྱིས་བདག་འཚོ་བར་ཤེས་པའི་ཟས་ཐམས་ཅད་མ་མནོས་པ་དེ་སྲིད་ཟ་བར་མི་བྱེད་ཅིང་། གང་ལས་བདག་གི་ཟས་ཀྱི་བྱ་བ་དེ་ལས་ལྷག་པ་མེད་དོ་སྙམ་དུ་ཤེས་པར་གྱུར་པ། དེའི་འོག་ཏུ་ཐམས་ཅད་བླངས་ནས་ཟ་བར་

เล่ม ๑๑๒ · หน้า 93a

རྩོམ་པ་སྟེ། དེ་ལྟར་ན་ཟས་ཕྱིས་མི་ལེན་པ་ཡིན་ནོ། །ཇི་ལྟར་ན་ཆོས་གོས་གསུམ་པ་ཡིན་ཞེ་ན། ཆོས་གོས་གསུམ་པོ་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་ཀྱིས་འཚོ་བར་བྱེད་ཅིང་ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ཏེ། དེ་ལྟར་

ན་ཆོས་གོས་གསུམ་པ་ཡིན་ནོ། །ཇི་ལྟར་ན་ཕྱིང་པ་པ་ཡིན་ཞེ་ན། ཆོས་གོས་གསུམ་པའམ། གོས་ལྷག་པ་གང་ཅུང་ཟད་ཅིག་འཆང་བ་དེ་དག་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི་གཞན་མ་ཡིན་པ་སྟེ། དེ་ལྟར་ན་ཕྱིང་པ་པ་ཡིན་ནོ། །ཇི་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ཞེ་

ན། གཞན་དག་གིས་ལམ་པོ་ཆེའམ། ལམ་སྲང་ངམ། བཞི་མདོའམ། སུམ་མདོའམ། ལམ་ཀའམ། ལམ་གོལ་བར་བོར་བ་དང་། སྤངས་པ་དང་། བཏང་བའི་གོས་བཤང་བས་རེག་པའམ། གཅི་བས་རེག་པའམ། བཤང་གཅི་དང་། རྣག་དང་། ཁྲག་དང་། མཆིལ་མས་

རེག་པ་གང་ཡིན་པ་དེ་ལས་མི་གཙང་བ་གང་ཡིན་པ་དེ་བོར་ལ། ཐ་གི་བ་བླངས་ཏེ་བཀྲུས་ལ། དྲུབས་ཏེ་ཁ་དོག་བསྒྱུར་ཅིང་འཆང་བ་ཡིན་ཏེ། དེ་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་དགོན་པ་པ་ཡིན་ཞེ་ན། གྲོང་དང་གྲོང་རྡལ་ལས་དབེན་པའི་གནས་མལ་དགོན་པ་དང་། ནགས་

འདབ་དང་། བས་མཐའ་གང་དག་ཡིན་པ་དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དགོན་པ་པ་ཡིན་ནོ། །ཇི་ལྟར་ན་ཤིང་དྲུང་པ་ཡིན་ཞེ་ན། ཤིང་དྲུང་དུ་གནས་འཆའ་ཞིང་། ཤིང་དྲུང་ལ་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཤིང་དྲུང་པ་ཡིན་ནོ། །ཇི་ལྟར་ན་བླ་གབ་མེད་པ་ཡིན་ཞེ་ན། མ་བཀབ་

པ་དང་མ་གཡོགས་པའི་ཕྱོགས་བླ་གབ་མེད་པར་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བླ་གབ་མེད་པ་ཡིན་ནོ། །ཇི་ལྟར་ན་དུར་ཁྲོད་པ་ཡིན་ཞེ་ན། གང་དུ་སྐྱེ་བོའི་ཚོགས་ཤི་འོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་ཅོག་

པུ་པ་ཡིན་ཞེ་ན། ཁྲིའམ། ཁྲིའུ་འམ། རྩྭ་བཏིང་བའི་སྟེང་དུ་ཙོག་པུར་འདུག་སྟེ། དུས་ཡོལ་བར་བྱེད་ཅིང་། ཁྲི་འམ། ཁྲིའུ་འམ། རྩིག་པ་འམ། ཤིང་ངམ། རྩྭ་བཏིང་བ་ལ་རྒྱབ་བམ། གློས་མི་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཅོག་པུ་པ་ཡིན་ནོ། །ཇི་ལྟར་ན་གཞི་ཇི་བཞིན་པ་ཡིན་ཞེ་ན།

เล่ม ๑๑๒ · หน้า 93b

གང་དུ་རྩྭ་བཏིང་བའམ། ལོ་མ་བཏིང་བའི་སྟེང་དུ། མལ་འཆའ་བར་བྱེད་ཅིང་། རྩྭ་བཏིང་བའམ། ལོ་མ་བཏིང་བ་དེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་རྗེ་མི་འཆོས་པ་ཡིན་ཏེ། དེ་ལྟར་ན་གཞི་ཇི་བཞིན་པ་ཡིན་ནོ། །དེ་ཅིའི་ཕྱིར་དེ་དག་ལ་སྦྱངས་

པའི་ཡོན་ཏན་ཞེས་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་བལ་ལམ། ཤིང་བལ་ནི་གང་གི་ཚེ་མ་བསྩལ་མ་བཤིག་མ་རྨེལ་བ་དེའི་ཚེ་ན། འཛིངས་ཤིང་མི་འཇམ། མི་ཡང་ལ་འདི་ལྟ་སྟེ། སྐུད་པར་བཀལ་བའམ། འདའ་བར་བྱ་བའི་ལས་སུ་མི་རུང་ངོ་། །དེ་བཞིན་དུ་འདི་ན་ལ་ལ་བསོད་སྙོམས་ལ་ཆགས་

པས་བསོད་སྙོམས་ལ་སེམས་ཞེན་ཅིང་ཀུན་དུ་ཞེན་པ་དང་། ཆོས་གོས་ལ་ཆགས་པས་ཆོས་གོས་ལ་སེམས་ཞེན་ཅིང་། ཀུན་དུ་ཞེན་པ་དང་། མལ་སྟན་ལ་ཆགས་པས་མལ་སྟན་ལ་སེམས་ཞེན་ཅིང་ཀུན་དུ་ཞེན་པ་དེ་སྦྱངས་པའི་ཡོན་ཏན་དེ་དག་གིས་འདི་ལྟ་སྟེ། ཚངས་པར་སྤྱོད་པ་ལ་གནས་པར་

བྱ་བའི་ཕྱིར། སེམས་རྣམ་པར་སྦྱོང་བར་བྱེད། དྲང་པོར་བྱེད། མཉེན་པར་བྱེད། ལས་སུ་རུང་བར་བྱེད། རྣལ་བར་བྱེད། བཏུབ་པར་བྱེད། རུང་བར་བྱེད་པས་ན། དེའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བསོད་སྙོམས་ལ་ཆགས་པ་ནི་བར་ཆད་རྣམ་པ་གཉིས་ཡིན་ཏེ། ཟས་བཟང་པོ་ལ་

ཆགས་པ་དང་། ཟས་མང་པོ་ལ་ཆགས་པའོ། །དེའི་ཕྱིར་ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་བསོད་སྙོམས་པ་ཡིན་ནོ། །ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་ལ་ཆགས་པ་ནི་བར་ཆད་རྣམ་པ་གསུམ་ཡིན་ཏེ། ཆོས་

གོས་མང་པོ་ལ་ཆགས་པ་དང་། འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་དང་། བཟང་པོ་ལ་ཆགས་པའོ། །དེ་ལ་ཆོས་གོས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་ཆོས་གོས་གསུམ་པ་ཡིན་ནོ། །ཆོས་གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་ཕྱིང་པ་པ་ཡིན་ནོ། །ཆོས་གོས་བཟང་པོ་ལ་

ཆགས་པ་སྤང་བའི་ཕྱིར། ཕྱག་དར་ཁྲོད་པ་ཡིན་ནོ། །མལ་སྟན་ལ་ཆགས་པ་ནི་བར་ཆད་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ། འདུ་འཛི་ལ་ཆགས་པ་དང་། གནས་ལ་ཆགས་པ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ལ་ཆགས་པ་དང་། སྟན་དང་། གདིང་བ་དང་། དགབ་པ་ལ་ཆགས་

เล่ม ๑๑๒ · หน้า 94a

པའོ། དེ་ལ་འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་པ་ཡིན་ནོ། །གནས་ལ་ཆགས་པ་སྤང་བའི་ཕྱིར། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་ཡིན་ནོ། །དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་བའི་ཕྱིར་ཡང་ཡིན་ནོ། །གློས་འབེབས་པའི་བདེ་

བ་དང་། གཉིད་ཀྱི་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་ཅོག་པུ་པ་ཡིན་ནོ། །སྟན་དང་། གདིང་བ་དང་། དགབ་པ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པ་ཡིན་ཏེ། དེ་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ཀྱང་། ཤ་

ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །དགོས་པ་དོན་དུ་གཉེར་བའི་རིགས་ཀྱི་བུ་རྣམས་ཀྱིས་ཚོགས་གནས་པ་དེའི་ནང་དུ་འཇུག་པར་མི་བྱ་སྟེ། དགྲ་བཅོམ་པ་ཉོན་མོངས་པ་མེད་པའམ། ནད་པའམ། མཁན་པོའམ། སློབ་དཔོན་གྱི་རྗེས་སུ་འཇུག་པ་ནི་མ་གཏོགས་སོ་

ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལས་ཀྱང་། བཟང་སྐྱོང་འདི་ལྟ་སྟེ། སྐྱེས་པའམ། བུད་མེད་དམ། སྲོག་ཆགས་ཀྱི་རིགས་གཞན་གང་ཡང་རུང་བ་འགའ་ཞིག་མེས་ཚིག་པར་གྱུར་ཅིང་། འཆི་བའི་དུས་བྱས་པར་མ་གྱུར་ལ། ཚིག་བཞིན་པའམ་ཚིག་པར་གྱུར་

པ་ཞིག་བསིལ་བ་ཉིད་ཚོལ་བར་འགྱུར་རོ། །ཚོལ་བ་ན་སོ་སོར་བསྟེན་པ་མ་གཏོགས་པར་སྒྲས་བསིལ་བར་མི་འགྱུར་རོ། །བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལ་སྡུག་བསྔལ་གྱིས་སྐྱོ་བ་ཡང་དབེན་པ་ཉིད་ཡོངས་སུ་ཚོལ་ལ། དེ་དེར་གནས་པ་དེས་བདེ་བ་ཉིད་དུ་འགྱུར་རོ། །དེ་

བཞིན་དུ་དགོན་པར་གནས་པ་ལ་དགའ་བར་འགྱུར་རོ། །དེ་ལྟར་འདོད་པ་མེད་པ་ན་ཆོས་གོས་འཚོལ་བའི་རྒྱུས། གྲོང་ངམ་གྲོང་ཁྱེར་རམ། ལྗོངས་སམ་གང་ཡང་རུང་བར་ཞུགས་ནས་སྐྱེས་པའམ། བུད་མེད་ལ་ཆོས་གོས་ཅིའི་དོན་དུ་གསོལ་བ་འདེབས་པར་འགྱུར་ཏེ། དེ་ནི་གནས་མེད་དེ།

དེ་ཆོས་དང་པོ་འདི་དང་ལྡན་ཞིང་ཚུལ་ཁྲིམས་སྲུང་བར་བྱེད་དོ། །བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་བསོད་སྙོམས་སྤྱོད་པར་འགྱུར། ཆོས་གོས་གསུམ་འཆང་བ་སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་སྤྱོད་པར་

เล่ม ๑๑๒ · หน้า 94b

འགྱུར་རོ། །དེ་ཆོས་འདི་གཉིས་དང་ལྡན་ཞིང་ཚུལ་ཁྲིམས་ཡོངས་སུ་སྦྱོང་བར་བྱེད་དོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས། འདི་ལྟར་བདག་སུའི་ཆེད་ལ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་སྙམ་

དུ་གཞལ་བར་བྱ་སྟེ། དེས་མགོ་དང་གོས་ལ་མེ་འབར་བ་བཞིན་དུ། ཡེ་ཤེས་ཡོངས་སུ་བཙལ་བ་ལ་བརྩོན་འགྲུས་བརྩམ་པར་བྱའོ། །དེ་ལྟ་དེ་ལྟར་ཡོངས་སུ་འཇལ་བས། ཐོག་མ་ཉིད་དུ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་ཤིང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་

པ་ལ་མངོན་པར་དགའ་བར་བྱའོ། །ཁྱིམ་བདག་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་པ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི། ཆོས་གོས་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན་ཆོས་གོས་ངན་ངོན་གྱིས་

ཆོག་པར་འཛིན་པའི་བསྔགས་པ་ཡང་རྗོད་པ་ཡིན་ཏེ། དེ་ཆོས་གོས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །ཆོས་གོས་མ་རྙེད་ན་ཡང་། ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ཆོས་གོས་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་། ཞེན་

པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས། ཆགས་པ་མེད་པར་སྤྱོད་དེ། ཆོས་གོས་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོང་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བསོད་སྙོམས་ངན་ངོན་གྱིས་ཆོག་པར་

འཛིན་པ་ཡིན། བསོད་སྙོམས་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་རྗོད་པ་ཡིན་ཏེ། དེ་བསོད་སྙོམས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །བསོད་སྙོམས་མ་རྙེད་ན་ཡང་ཡི་མི་འཆད་ཅིང་། ཡོངས་སུ་གདུང་བ་མེད་དོ། །བསོད་སྙོམས་རྙེད་ན་ཡང་ཆགས་པ་མེད།

རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་། ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས། ཆགས་པ་མེད་པར་སྤྱོད་དེ། བསོད་སྙོམས་ངན་ངོན་གྱིས་ཆོག་པར་འཛིན་པ་དེ། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་

เล่ม ๑๑๒ · หน้า 95a

དཔའ་རབ་ཏུ་བྱུང་བ་ནི་མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་རྗོད་པ་ཡིན་ཏེ། དེ་མལ་ཆའི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །མལ་ཆ་མ་རྙེད་ན་ཡང་ཡི་མི་འཆད་ཅིང་། ཡོངས་སུ་གདུང་བ་

མེད་དོ། །མལ་ཆ་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ། འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་

དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་རྗོད་པ་ཡིན་ཏེ། དེ་ན་བའི་གསོས་སྨན་དང་། ཡོ་བྱད་ཀྱི་ཕྱིར་

ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །ན་བའི་གསོས་སྨན་དང་། ཡོ་བྱད་མ་རྙེད་ན་ཡང་ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ན་བའི་གསོས་སྨན་དང་། ཡོ་བྱད་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་

མཐོང་ལ། འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །སྤོང་བ་ལ་དགའ་བ་ཡིན་ཏེ། སྤོང་བ་ལ་མོས་ཤིང་། སྤོང་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དེ་སྡིག་པ་མི་དགེ་

བའི་ཆོས་རྣམས་སྤངས་པས། དགའ་བར་འགྱུར་ཏེ། མ་སྤངས་པས་ནི་མ་ཡིན་ནོ། །དེ་སྒོམ་པ་ལ་དགའ་བ་ཡིན་ཏེ། སྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དགེ་བའི་ཆོས་བསྒོམས་པས་དགའ་བར་འགྱུར་ཏེ། མ་བསྒོམས་པས་ནི་མ་ཡིན་ནོ། །སྤོང་བ་ལ་དགའ་བ། སྤོང་བ་ལ་མོས་པ།

སྤོང་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ། སྒོམ་པ་ལ་དགའ་བ། སྒོམ་པ་ལ་མོས་པ། སྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ་དེ། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་གནས་པ་ཡིན་ནོ་

เล่ม ๑๑๒ · หน้า 95b

ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་སྙོམས་སྤྱོད་པ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ཤེས་ཀྱི་ཁེ་འདོད་པ་མ་ཡིན་པ་དང་།

དེ་སྙན་པ་འདོད་པ་མ་ཡིན་པ་དང་། དེ་རྙེད་པ་དང་བཀུར་སྟི་འདོད་པ་མ་ཡིན་པ་དང་། དེ་འཕགས་པའི་རིགས་བཞི་ལ་གནས་པ་དང་། དེ་ཚུལ་འཆོས་པ་དང་། ཁ་གསག་མེད་པར་འགྱུར་བ་དང་། བདག་ལ་མི་སྟོད་གཞན་ལ་མི་སྨོད་པ་དང་། དེ་རྗེས་སུ་ཆགས་པ་དང་། དེ་ཁོང་ཁྲོ་བ་སྤངས་པས་གཞན་

གྱི་ཁྱིམ་དུ་སྤྱད་པ་དང་། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་དང་། དེ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་ཤིང་ཆོས་བསྟན་པ་གཟུང་བར་འགྱུར་བ་ཡིན་ཏེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་སྙོམས་སྤྱོད་པ་སྦྱངས་པའི་ཡོན་ཏན་

ཡོ་བྱད་བསྙུངས་པ་ལ་གནས་པའི་ཕན་ཡོན་ནོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས། བྱམས་པ་ལ་ཡང་གནས་པ་བདེ་བ་ཡིན། །སྙན་པའི་ཕྲེང་བ་ཕྱོགས་བཞིར་རབ་ཏུ་མཆོད། །རྟག་ཏུ་ཆོག་ཤེས་འདོད་པ་ཉུང་བར་འགྱུར། །དགོན་པར་གནས་ཤིང་སྦྱངས་པའི་ཡོན་ཏན་བརྩོན། །

བསོད་སྙོམས་ལེན་པ་དག་ཀྱང་མི་གཏོང་སྟེ། སྦྱངས་པ་ལ་ཡང་ཡི་དམ་བརྟན་པར་འགྱུར། །རྟག་ཏུ་དང་བར་བཅས་ཤིང་དད་པར་འགྱུར། །ཁོར་མོར་སངས་རྒྱས་བསྟན་ལ་དད་པ་མང་། །དད་པ་མང་བའི་ཕན་ཡོན་འདི་ལགས་ཏེ། །བྱད་བཞིན་བཟང་ཞིང་དབང་པོ་མ་ཉམས་འགྱུར། །ཡང་

དག་འཆད་པ་དེ་ལ་བདག་གནས་ཏེ། །བདག་ནི་རྟག་ཏུ་ནན་ཏན་སྙིང་པོར་བགྱིད། །ནན་ཏན་སྙིང་པོར་བགྱིད་པ་ལྷ་ཀླུ་ཡང་། །རབ་ཏུ་དང་བའི་སེམས་ཀྱིས་རི་མོ་བགྱིད། །ཅེས་གསུངས་སོ། །གཅིག་ལས་འཕྲོས་པའི་མདོ་ལས་ཀྱང་། བསོད་སྙོམས་པ་ལྔ་སྟེ། ལྔ་གང་ཞེ་ན། བསོད་སྙོམས་

པ་སྨྱོན་པ་དང་། བསོད་སྙོམས་པ་གཡེངས་པ་དང་། བསོད་སྙོམས་པ་འདོད་ཆེན་པོ་དང་། བསོད་སྙོམས་པ་མངོན་པའི་ང་རྒྱལ་ཅན་དང་། ཡང་དག་པའི་བསོད་སྙོམས་པ་སྟེ། འདི་དག་ནི་བསོད་སྙོམས་པ་ལྔའོ། །གཞན་ཡང་བསོད་སྙོམས་པ་བདུན་དག་སྟེ། མཐར་ཕྱིན་པའི་བསོད་

เล่ม ๑๑๒ · หน้า 96a

སྙོམས་པ་དང་། མཐར་ཕྱིན་པའི་རྗེས་སུ་འགྲོ་བའི་བསོད་སྙོམས་པ་དང་། ངེས་པའི་བསོད་སྙོམས་པ་དང་། མ་ངེས་པའི་བསོད་སྙོམས་པ་དང་། དུས་མ་ཡིན་པར་སྤྱོད་པའི་བསོད་སྙོམས་པ་དང་། མགོ་མཉམ་པའི་བསོད་སྙོམས་པ་དང་། ཡ་བ་ནར་བཏགས་པའི་

བསོད་སྙོམས་པའོ་ཞེས་གསུངས་སོ། །འདུལ་བ་ལས་ཀྱང་། ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡོན་ཏན་དགོན་པ་པ་ཉིད་ཡང་དག་པར་ལེན་པར་འགྱུར་ཞེ་ན། བཤད་པ། གྲོང་གི་མཐའ་དགག་པའི་ཕྱིར་དགོན་པ་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་དགོན་པ་པ་ཉིད་ནི་རྣམ་པ་

གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །དགོན་པ་པ་ཆེན་པོ་ཉིད་གང་ཞེ་ན། རྡུལ་ཕྲ་རབ་བདུན་ལ་རྡུལ་ལོ། །རྡུལ་བདུན་ལ་སྲོ་མའོ། །སྲོ་མ་བདུན་ལ་ཤིག་གོ། །ཤིག་བདུན་ལ་ནས་སོ། །ནས་བདུན་ལ་སོར་ཚིགས་སོ། །སོར་ཚིགས་བཅུ་གཉིས་ལ་མཐོའོ། །མཐོ་གཉིས་ལ་

ཁྲུའོ། །ཁྲུ་བཞི་ལ་གཞུ་འདོམ་མོ། །གཞུ་འདོམ་ལྔ་ལ་སྲོག་ཤིང་ངོ་། །སྲོག་ཤིང་ཉི་ཤུ་ལ་ངལ་སོའོ། །ངལ་སོ་བརྒྱད་ཅུ་ལ་རྒྱང་གྲགས་སོ། །གཞུ་འདོམ་སྟོང་ཕྲག་བརྒྱད་པོ་དེ་ན་གནས་པ་ནི་དགོན་པ་པ་ཆེན་པོའོ། །དགོན་པ་པ་འབྲིང་ནི་གང་ཞེ་ན། བཤད་པ། གཞུ་འདོམ་སྟོང་ཕྲག་སྟེ་ཁྲུ་

བཞི་སྟོང་ན་གནས་པའོ། །དགོན་པ་པ་ཆུང་ངུ་གང་ཞེ་ན། གཞུ་འདོམ་ལྔ་བརྒྱར་བགྲངས་པ་སྟེ། ཁྲུ་སྟོང་ཕྲག་གཉིས་སུ་འགྱུར་བ་ན་གནས་པའོ། །རྒྱུ་ཅིས་དགོན་པ་པ་ཡིན་ན་ལམ་གྱི་ཚད་ཀྱིས་སམ་རྣམ་པས་ཡིན་ཞེ་ན། བཤད་པ། ལམ་གྱི་ཚད་ཀྱིས་དགོན་པ་པར་རབ་ཏུ་ཤེས་ཀྱི། རྣམ་པས་

ནི་མ་ཡིན་ནོ། །གྲོང་མཐའ་པ་ཡིན་ལ་དགོན་པ་པ་མ་ཡིན་པ་ཡང་ཡོད། དགོན་པ་པ་ཡིན་ལ་གྲོང་མཐའ་པ་མ་ཡིན་པ་ཡང་ཡོད། དགོན་པ་པ་ཡིན་ལ་གྲོང་མཐའ་པ་ཡིན་པ་ཡང་ཡོད། དགོན་པ་པ་མ་ཡིན་ལ་གྲོང་མཐའ་པ་མ་ཡིན་པ་ཡང་ཡོད་དོ། །དེ་ལ་གྲོང་མཐའ་པ་མ་ཡིན་ལ་དགོན་

པ་པ་མ་ཡིན་པ་གང་ཞེ་ན། དགོན་པ་ན་ཡང་གནས་ལ་གྲོང་ལ་རྟོག་པ་རྣམ་པར་རྟོག་པར་བྱེད་ཅིང་། ངེས་པར་འབྱུང་བ་ལ་རྟོག་པར་མི་བྱེད་པ་སྟེ། འདི་ནི་གྲོང་མཐའ་བ་ཡིན་ལ་དགོན་པ་པ་མ་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡིན་ལ་གྲོང་མཐའ་པ་མ་ཡིན་པ་གང་ཞེ་ན། གྲོང་མཐར་ཡང་གནས་ལ།

เล่ม ๑๑๒ · หน้า 96b

སེམས་ཀྱིས་དབེན་པ་ལ་གཞོལ། དབེན་པ་ལ་འབབ། དབེན་པ་ལ་བབ་པ། བསྲིངས་པ། ངེས་པར་འབྱུང་བ་ལ་དགའ་བ་སྟེ། འདི་ནི་དགོན་པ་ཡིན་ལ་གྲོང་མཐའ་པ་མ་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡང་ཡིན་ལ་གྲོང་མཐའ་ཡང་ཡིན་པ་གང་ཞེ་ན། ཉོན་མོངས་པ་རྣམས་དང་མ་འདྲེས་པ་སྟེ།

འདི་ནི་དགོན་པ་པ་ཡང་ཡིན་ལ་གྲོང་མཐའ་པ་ཡང་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡང་མ་ཡིན་ལ་གྲོང་མཐའ་པ་ཡང་མ་ཡིན་པ་གང་ཞེ་ན། བཟློག་པ་སྟེ། འདི་ནི་དགོན་པ་པ་ཡང་མ་ཡིན་ལ་གྲོང་མཐའ་པ་ཡང་མ་ཡིན་པ་ཞེས་བྱའོ། །དགོན་པ་ན་གནས་ཤིང་། གཞན་ཡང་དགེ་འདུན་གྱི་བྱ་བ་

དག་དང་། ནད་པའི་བྱ་བ་དག་གི་ཆེད་དམ། ཆོས་ཉན་པའི་དབང་དུ་བྱས་ནས་གྲོང་མཐར་འཇུག་པར་འགྱུར་བ་ན། འདི་ལྟར་གདོན་མི་ཟ་བར་དགོན་པར་འགྲོ་བར་བྱའོ་སྙམ་དུ་སེམས་སྐྱེད་པར་བྱེད་ཅིང་། དེར་གནས་པ་ལ་སྐྱ་རེངས་ཤར་བ་ན་ཡང་སྦྱངས་པའི་ཡན་ལག་འཁྲུག་པར་མི་འགྱུར་རོ། །ཅི་སྟེ་

ཡང་དགོན་པར་འགྲོ་བར་མི་བྱའོ་སྙམ་དུ་སེམས་སྐྱེད་པར་བྱེད་ན། སྐྱ་རེངས་ཤར་བ་དང་ལྷན་ཅིག་སྦྱངས་པའི་ཡན་ལག་འཁྲུག་པར་འགྱུར་རོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ་དགེ་འདུན་གྱི་རྙེད་པ་དགག་པའི་ཕྱིར་སྦྱངས་

པའི་ཡོན་ཏན་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ་དེ་ལ་བསོད་སྙོམས་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །བསོད་སྙོམས་བ་ཆུང་ངུ་གང་ཞེ་ན། ཟས་ལྔ་པོ་རྣམས་ལས། གང་ཡང་རུང་བ་མགྲོན་དུ་གཉེར་བའི་ཟས་མི་ལེན་པ་སྟེ། འདི་ནི་བསོད་སྙོམས་པ་ཆུང་

ངུའོ། །བསོད་སྙོམས་པ་འབྲིང་ཉིད་གང་ཞེ་ན། ཟས་ལྔ་པོ་དག་ལས་མགྲོན་དུ་གཉེར་བ་མི་ལེན་ཅིང་། སློང་མོས་མགྲོན་དུ་གཉེར་བ་ཡང་མི་ལེན་ལ། ས་ཕྱོགས་ག་གེ་མོ་ཞེས་བྱ་བ་དང་གྲོང་ག་གེ་མོ་ཞེས་བྱ་བར་ཤོག་ཤིག་ཅེས་བརྡ་བྱེད་པ་སྟེ། འདི་ནི་བསོད་སྙོམས་པ་འབྲིང་ཉིད་དོ། །བསོད་སྙོམས་

པ་ཆེན་པོ་གང་ཞེ་ན། ཟས་ལྔ་པོ་དག་ལས་གང་ཡང་རུང་བ་ལ་མགྲོན་དུ་གཉེར་བའི་ཟས་མི་ལེན། སློང་མོས་མགྲོན་དུ་གཉེར་བ་ཡང་མི་ལེན། བརྡ་བྱས་པར་ཡང་མི་འགྲོ་ཞིང་། ཁྱིམ་གྱི་སྒོར་གནས་པ་ཉིད་ཀྱིས་བསོད་སྙོམས་ལེན་པ་སྟེ། འདི་ནི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་

เล่ม ๑๑๒ · หน้า 97a

པ་ལས་སྦྱངས་པའི་ཡན་ལག་ཕྱག་དར་ཁྲོད་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། ཁྱིམ་བདག་གི་གོས་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་ཕྱག་དར་ཁྲོད་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ཕྱག་དར་ཁྲོད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་

པོའོ། །ཕྱག་དར་ཁྲོད་པ་ཆུང་ངུ་གང་ཞེ་ན། བྱི་བས་ཟོས་པ་དང་གྲོག་མས་ཟོས་པ་དང་རྣམ་པར་ཚིག་པ་དང་། དུམ་བུར་བཅད་ནས་ཧྲལ་ཏེ་ཆེད་དུ་བྱས་ནས་བོར་བ་དེ་ལེན་པ་སྟེ་འདི་ནི་ཕྱག་དར་ཁྲོད་པ་ཆུང་ངུའོ། །ཕྱག་དར་ཁྲོད་པ་འབྲིང་ཉིད་གང་ཞེ་ན། ཆེད་དུ་བྱས་ནས་བོར་བ་མི་ལེན་ཅིང་། གང་སྔར་

བྱས་པ་མ་ངེས་པར་བོར་བ་དེ་ལེན་པ་སྟེ། འདི་ནི་ཕྱག་དར་ཁྲོད་པ་འབྲིང་ཉིད་དོ། །ཕྱག་དར་ཁྲོད་པ་ཆེན་པོ་གང་ཞེ་ན། བྱི་བས་ཟོས་པ་ལ་ཧྲལ་ཏེ་ཆེད་དུ་བྱས་ནས་བོར་བའི་བར་དུ་ལེན་ཅིང་། དུར་ཁྲོད་དང་ཕྱག་དར་ཁྲོད་དང་ལམ་དུ་ལྷུང་བ་རྙེད་ནས་ལེན་པ་སྟེ། འདི་ནི་ཕྱག་དར་ཁྲོད་པ་ཆེན་པོའོ། །

ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། ཟས་ལྷག་པ་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ཟས་ཕྱིས་མི་ལེན་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་

དང་ཆེན་པོའོ། །ཟས་ཕྱིས་མི་ལེན་པ་ཆུང་ངུ་གང་ཞེ་ན། སྟན་མ་བོར་བ་བཞིན་དུ་ཟོས་ནས་ཀྱང་མ་བཀྲུས་པར་ཟ་བ་སྟེ། འདི་ནི་ཟས་ཕྱིས་མི་ལེན་པ་ཆུང་ངུའོ། །ཟས་ཕྱིས་མི་ལེན་པ་འབྲིང་ཉིད་གང་ཞེ་ན། གང་ཞིག་ཟ་བཞིན་དུ་བསྟབས་པ་ལྷག་མ་མེད་པར་ཟ་བ་དེ་ནི་ཟས་ཕྱིས་མི་ལེན་པ་འབྲིང་པོ་

ཉིད་དོ། །ཟས་ཕྱིས་མི་ལེན་པ་ཆེན་པོ་གང་ཞེ་ན། ཟ་བཞིན་དུ་མི་ལེན་ཅིང་། ཟོས་ནས་ཀྱང་མི་ལེན་པ་སྟེ། འདི་ནི་ཟས་ཕྱིས་མི་ལེན་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་སྟན་གཅིག་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། སྟན་ཐ་དད་ལ་ཟ་བ་

དགག་པའི་ཕྱིར། སྦྱངས་པའི་ཡན་ལག་སྟན་གཅིག་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་སྟན་གཅིག་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །སྟན་གཅིག་པ་ཆུང་ངུ་གང་ཞེ་ན། སྟན་མ་སྤངས་པར་དུས་ཇི་སྲིད་ཀྱི་བར་དུ་ཟ་བ་སྟེ། འདི་ནི་སྟན་གཅིག་པ་ཆུང་ངུའོ།

เล่ม ๑๑๒ · หน้า 97b

སྟན་གཅིག་པ་འབྲིང་ཉིད་གང་ཞེ་ན། ཟོས་ནས་ཀྱང་ཟས་བསོད་པ་རྙེད་པ་ལེན་པ་སྟེ། འདི་ནི་སྟན་གཅིག་པ་འབྲིང་ཉིད་དོ། །སྟན་གཅིག་པ་ཆེན་པོ་གང་ཞེ་ན། གང་ཞིག་ཟ་བཞིན་པ་དང་ཟོས་ནས་ཟས་རྙེད་ཀྱང་མི་ཟ་བར་སྔར་བསླངས་བ་ཟོས་ནས་འགྲོ་བ་སྟེ། འདི་ནི་སྟན་གཅིག་པ་ཆེན་པོའོ། །

ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། སྣོད་གཞན་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཉིད་ནི་རྣམ་

པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆུང་ངུ་གང་ཞེ་ན། གང་ཞིག་ལག་པ་གཉིས་ཀྱིས་བཅད་ནས་བཟའ་བར་ནུས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆུང་ངུའོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་འབྲིང་ཉིད་གང་ཞེ་ན། གང་ཞིག་ལག་པ་

གཅིག་གིས་བཅད་ནས་ཟ་བར་ནུས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི་བསོད་སྙོམས་པ་འབྲིང་དུ་འདོད་དོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆེན་པོ་གང་ཞེ་ན། ལག་པ་གཅིག་གིས་བཅད་ནས་མ་ཡིན། ཁས་བཅད་ནས་མ་ཡིན། འཇིག་པར་མི་བྱེད་འཇིག་ཏུ་འཇུག་པར་མི་བྱེད་ཅིང་། གང་

བཤིག་ནས་རྙེད་པ་ཟ་བ་སྟེ། འདི་ནི་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་མཐར་གྱིས་སློང་བའི་བསོད་སྙོམས་པ་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། མཐོན་པོའི་ཁྱིམ་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་མཐར་གྱིས་སློང་བའི་

བསོད་སྙོམས་པ་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་མཐར་གྱིས་སློང་བའི་བསོད་སྙོམས་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་ཆུང་ངུ་གང་ཞེ་ན། གང་ཞིག་གྲོང་དུ་བསོད་སྙོམས་ལ་ཕྱིན་པ་ན་ཀུན་དགའ་ར་བར་གནས་པས་རྙེད་པ་སྟེ། འདི་

ནི་མཐར་གྱིས་སློང་བའི་བསོད་སྙོམས་པ་ཆུང་ངུའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་འབྲིང་ཉིད་གང་ཞེ་ན། བསོད་སྙོམས་ལ་འགྲོ་བ་ན་ཀུན་དགའ་ར་བ་ན་གནས་པས་མི་ལེན་ཅིང་བར་གྱི་ལམ་དུ་རྙེད་པ་ལེན་པ་སྟེ། འདི་ནི་མཐར་གྱིས་སློང་བའི་བསོད་སྙོམས་པ་འབྲིང་ཉིད་དོ། །མཐར་གྱིས་

เล่ม ๑๑๒ · หน้า 98a

སློང་བའི་བསོད་སྙོམས་པ་ཆེན་པོ་གང་ཞེ་ན། ཀུན་དགའ་ར་བར་གནས་ནས་ཀྱང་མི་ལེན་ཅིང་བར་གྱི་ལམ་དུ་ཡང་མི་ལེན་ལ། གྲོང་ངམ་གྲོང་གི་ཉེ་འཁོར་དུ་རྙེད་པ་ལེན་པ་སྟེ། འདི་ནི་མཐར་གྱིས་སློང་བའི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་

དུར་ཁྲོད་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། དགེ་འདུན་གྱི་ཀུན་དགའ་ར་བ་དགག་པའི་ཕྱིར། སྦྱངས་པའི་ཡན་ལག་དུར་ཁྲོད་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་དུར་ཁྲོད་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དུར་ཁྲོད་པ་ཆུང་ངུ་གང་ཞེ་ན། གང་སྔོན་དུར་

ཁྲོད་དུ་གྱུར་ནས་ཕྱིས་དུར་ཁྲོད་མ་ཡིན་པར་གྱུར་པ་དེར་གནས་པ་སྟེ། འདི་ནི་དུར་ཁྲོད་པ་ཆུང་ངུའོ། །དུར་ཁྲོད་པ་འབྲིང་ཉིད་གང་ཞེ་ན། གང་དུ་རོ་ཉུང་བ་བསྐྱལ་བར་གྱུར་པ་དེར་གནས་པ་སྟེ། དེ་ནི་དུར་ཁྲོད་པ་འབྲིང་ཉིད་དོ། །དུར་ཁྲོད་པ་ཆེན་པོ་གང་ཞེ་ན། གང་དུར་ཁྲོད་ཆེན་པོར་གནས་པ་འདི་ནི་དུར་ཁྲོད་

པ་ཆེན་པོ་སྟེ། དཔེར་ན་བཙུན་པ་གཞོན་ནུའི་རྟོགས་པ་བརྗོད་པ་བཞིན་ནོ། །སིང་གྷ་ལའི་གླིང་དུ་ལོ་དྲུག་ཅུ་དུར་ཁྲོད་ན་གནས་པ་ན། བཙུན་པ་འདི་ནི་དུར་ཁྲོད་པ་ཞིག་གོ་ཞེས་སུས་ཀྱང་མ་ཤེས་སོ། །ལོ་དྲུག་ཅུ་འདས་པ་ན་དུར་ཁྲོད་ཆེན་པོ་དེར་གནོད་སྦྱིན་ཆེན་པོ་མདངས་འཕྲོག་པ་རྣམས་འདུས་པར་གྱུར་ལ།

བཙུན་པ་དེ་ཡང་དུར་ཁྲོད་དུ་དོང་པར་གྱུར་ཏོ། །གང་དུར་ཁྲོད་དེ་ན་དུར་ཁྲོད་ན་རྒྱུན་དུ་གནས་པའི་གནོད་སྦྱིན་དེ་མིའི་ཆ་བྱད་ཀྱིས་ལམ་གྱི་དབུས་ན་བཙུན་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་གང་དུ་འགྲོ། །དེས་སྨྲས་པ། གཅིག་པུ་དུར་ཁྲོད་དུ་འགྲོའོ། །དེས་འདི་སྐད་དུ་སྨྲས་པ། བཙུན་

པ་མ་འགྲོ་ཤིག །དེས་སྨྲས་པ། གདོན་མི་ཟ་བར་འགྲོའོ། །དེས་སྨྲས་པ། བཙུན་པ་མ་འགྲོ་ཤིག །དུར་ཁྲོད་དེར་འབྱུང་བོ་ཆེན་པོ་རྣམས་འདུས་པར་གྱུར་ལ། བཙུན་པ་ལ་རྣམ་པར་འཚེ་བ་སྐྱེད་པར་འགྱུར་རོ། །དེས་སྨྲས་པ། ཅི་ནས་ཀྱང་འགྲོ་བར་བྱའོ། །དེས་སྨྲས་པ། ང་སུ་ཡིན་པ་མ་ཤེས་སམ།

སྨྲས་པ་མ་ཤེས་སོ། །སྨྲས་པ། ང་ནི་དུར་ཁྲོད་ན་རྒྱུན་དུ་གནས་པའི་གནོད་སྦྱིན་ནོ། །གལ་ཏེ་སླར་ལོག་པར་མི་བྱེད་ན་ནི་གྲོང་ཁྱེར་འདིའི་མི་རྣམས་ལ་གཞོན་ནུ་ལོ་དྲུག་ཅུ་དུར་ཁྲོད་དུ་གནས་པ་ན་ཁྱེད་འགས་ཀྱང་མ་ཤེས་ཞེས་བྱ་བར་སྨྲའོ། །དེས་སྨྲས་པ། གནོད་སྦྱིན་སྡིག་པ་ཁྱོད་མི་རྣམས་ལ་མ་སྨྲ་

เล่ม ๑๑๒ · หน้า 98b

ཤིག །ང་ཕྱིར་མི་ལྡོག་པར་བྱའོ་ཞེས་གནས་བརྟན་གཞོན་ནུ་ལོ་དྲུག་ཅུ་ལོན་པ་ན་སྦྱངས་པའི་ཡན་ལག་འཁྲུག་པར་མི་བྱེད་ཅིང་འདོད་པ་ཆུང་བར་གྱུར་ཏོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་བླ་གབ་མེད་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། གཡོགས་པ་སྤངས་པའི་ཕྱིར་

སྦྱངས་པའི་ཡན་ལག་བླ་གབ་མེད་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་བླ་གབ་མེད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །བླ་གབ་མེད་པ་ཆུང་ངུ་གང་ཞེ་ན། ངོས་གསུམ་གཡོགས་ལ་ངོས་གཅིག་མ་གཡོགས་པ་སྟེ། འདི་ནི་བླ་གབ་མེད་པ་ཆུང་ངུའོ། །བླ་གབ་མེད་

པ་འབྲིང་ཉིད་གང་ཞེ་ན། ངོས་གཅིག་གཡོགས་ལ་ངོས་གསུམ་མ་གཡོགས་པ་སྟེ། འདི་ནི་བླ་གབ་མེད་པ་འབྲིང་ཉིད་དོ། །བླ་གབ་མེད་པ་ཆེན་པོ་གང་ཞེ་ན། ངོས་བཞི་པོ་ཐམས་ཅད་མ་གཡོགས་པ་སྟེ། འདི་ནི་བླ་གབ་མེད་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་

ཤིང་དྲུང་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། གཙུག་ལག་ཁང་སྤང་བའི་ཕྱིར་སྦྱངས་པའི་ཡན་ལག་ཤིང་དྲུང་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ཤིང་དྲུང་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཤིང་དྲུང་པ་ཆུང་ངུ་གང་ཞེ་ན། གང་ངོས་བཞི་

པོ་ཐམས་ཅད་ནས་བསྒྲིབས་པ་སྟེ། འདི་ནི་ཤིང་དྲུང་པ་ཆུང་ངུའོ། །ཤིང་དྲུང་པ་འབྲིང་ཉིད་གང་ཞེ་ན། ཅུང་ཟད་ཀྱང་མི་སྒྲིབ་པར་སྦྱོང་བ་དང་། འཆག་པ་དང་། རབ་ཏུ་འདུས་བྱས་པ་སྟེ་འདི་ནི་ཤིང་དྲུང་པ་འབྲིང་ཉིད་དོ། །ཤིང་དྲུང་པ་ཆེན་པོ་གང་ཞེ་ན། མི་སྒྲིབ་ལ་རབ་ཏུ་འདུས་

མི་བྱེད་ཅིང་མངོན་པར་མ་ཞེན་པས་གནས་པ་སྟེ། འདི་ནི་ཤིང་དྲུང་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཅོག་པུ་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། མལ་ཆ་དང་སྟན་ལ་འདུག་པ་སྤང་བའི་ཕྱིར། སྦྱངས་པའི་ཡན་ལག་ཅོག་པུ་པ་ཉིད་ཡང་དག་

པར་ལེན་པ་ཡིན་ནོ། །དེ་ལ་ཅོག་པུ་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཅོག་པུ་པ་ཆུང་ངུ་ནི་ངོས་གཉིས་སུ་སྙེས་པར་བྱེད་པ་སྟེ། འདི་ནི་ཅོག་པུ་པ་ཆུང་ངུའོ། །ཅོག་པུ་པ་འབྲིང་ཉིད་གང་ཞེ་ན། ངོས་གཅིག་ཏུ་སྙེས་པར་བྱེད་པ་སྟེ། འདི་ནི་ཅོག་པུ་པ་འབྲིང་

เล่ม ๑๑๒ · หน้า 99a

ཉིད་དོ། །ཅོག་པུ་པ་ཆེན་པོ་གང་ཞེ་ན། ངོས་ཐམས་ཅད་དུ་མི་སྙེས་པ་སྟེ། འདི་ནི་ཅོག་པུ་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། གནས་མལ་ལ་བརྐམ་པ་སྤང་བའི་ཕྱིར་སྦྱངས་

པའི་ཡན་ལག་གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་གཞི་ཇི་བཞིན་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །གཞི་ཇི་བཞིན་པ་ཆུང་ངུ་གང་ཞེ་ན། གང་ཞིག་མལ་ཆ་ལན་གསུམ་གྱི་བར་དུ་ཡང་ལེན་ཅིང་། ལན་བཞིར་མི་ལེན་པ་སྟེ། འདི་ནི་གཞི་ཇི་བཞིན་པ་ཆུང་

ངུའོ། །གཞི་ཇི་བཞིན་པ་འབྲིང་ཉིད་གང་ཞེ་ན། ལན་གཅིག་ལ་མི་ལེན་པ། ལན་གཉིས་ལ་མི་ལེན་པ་སྟེ། འདི་ནི་གཞི་ཇི་བཞིན་པ་འབྲིང་ཉིད་དོ། །གཞི་ཇི་བཞིན་པ་ཆེན་པོ་གང་ཞེ་ན། གང་ཞིག་ཇི་ལྟར་བསྟན་པ་བཞིན་ལེན་པར་བྱེད་ཅིང་མི་ཁྱེར་བ་སྟེ། འདི་ནི་གཞི་ཇི་བཞིན་པ་ཆེན་པོའོ། །ཅི་

ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཆོས་གོས་གསུམ་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། །བཤད་པ། ཆོས་གོས་ལྷག་པ་སྤང་བའི་ཕྱིར་སྦྱངས་པའི་ཡན་ལག་ཆོས་གོས་གསུམ་པ་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་གསུམ་པ་ནི་རྣམ་པ་གསུམ་

སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཆོས་གོས་གསུམ་པ་ཆུང་ངུ་གང་ཞེ་ན། ཆོས་གོས་གསུམ་ལས་ལྷག་པ། དབྱར་གྱི་གོས་རས་ཆེན་དང་གཡན་པ་དགབ་པ་དང་མཆིས་སྟན་དང་གདིང་བ་འཆང་བ་སྟེ། འདི་ནི་ཆོས་གོས་གསུམ་པ་ཆུང་ངུའོ། །ཆོས་གོས་གསུམ་པ་འབྲིང་ཉིད་

གང་ཞེ་ན། ཆོས་གོས་གསུམ་འཆང་བར་བྱེད་ཅིང་དབྱར་གྱི་གོས་རས་ཆེན་ནས་གདིང་བའི་བར་བདག་ཉིད་ཀྱིས་འཆང་བར་མི་བྱེད་ལ་གཞན་གྱིས་ལོངས་སྤྱོད་པ་འཆང་བ་སྟེ། འདི་ནི་ཆོས་གོས་གསུམ་པ་འབྲིང་ཉིད་དོ། །ཆོས་གོས་གསུམ་པ་ཆེན་པོ་གང་ཞེ་ན། ཆོས་གོས་གསུམ་པ་ལས་

ཕྱི་རོལ་དུ་གྱུར་པ་མི་འཆང་བ་སྟེ། འདི་ནི་ཆོས་གོས་གསུམ་པ་ཆེན་པོའོ། །སྦྱངས་པའི་ཡན་ལག་བཅུ་གསུམ་བསྟན་པ་རྫོགས་སོ།། །།ཕྱག་དར་ཁྲོད་དང་ཅོག་པུ་པ། །ཕྱིས་མི་ལེན་དང་ཕྱིང་པ་པ། །ཆོས་གོས་གསུམ་པ་ཤིང་དྲུང་པ། །སྟན་གཅིག་པ་དང་ཇི་བཞིན་པ། །དུར་ཁྲོད་

เล่ม ๑๑๒ · หน้า 99b

པ་དང་བླ་གབ་མེད། །དགོན་པ་པ་དང་བསོད་སྙོམས་ཏེ། །ཐུབ་པ་ཞི་བའི་ཐུགས་མངའ་བས། །སྦྱངས་པ་བཅུ་གཉིས་འདི་དག་གསུངས། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ནི་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། རས་མ་བོར་བ་འཆང་བའོ། །ཅོག་པུ་པ་ཉིད་གང་ཞེ་ན། ཡང་དག་པར་བླངས་པ་སྔོན་

དུ་འགྲོ་བས། གློས་མི་འབེབས་པར་ཅོག་པུས་མཚན་མོ་འདའ་བར་བྱེད་པའོ། །ཟས་ཕྱིས་མི་ལེན་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། ཟོས་པ་བསྟབས་ཀྱང་མི་ཟ་ཞིང་། དུས་མ་ཡིན་པའི་བཏུང་བ་མི་འཐུང་བའོ། །ཕྱིང་པ་པ་ཉིད་ནི་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས་ཕྱིང་

པའི་གོས་འཆང་བའོ། །ཆོས་གོས་གསུམ་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། ཆོས་གོས་གསུམ་ཙམ་འཆང་གི་ལྷག་པ་མི་འཆང་བའོ། །ཤིང་དྲུང་པ་ཉིད་ནི། ཤིང་དྲུང་ལ་དགའ་བས་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས་ཤིང་དྲུང་དུ་གནས་ཀྱི། བསྐྱོར་བར་མི་འཇུག་པའོ། །

སྟན་གཅིག་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། སྟན་གཉིས་པ་ལ་མི་ཟ་བའོ། །གཞི་ཇི་བཞིན་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། ཇི་ལྟར་ཐོབ་པའི་གནས་མལ་ལ་སོགས་པ་ལོངས་སྤྱོད་པའོ། །དུར་ཁྲོད་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས།

དུར་ཁྲོད་ཉིད་དུ་གནས་པའོ། །བླ་གབ་མེད་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། གཡོགས་པའམ་ཤིང་དྲུང་དུ་མི་འཇུག་པའོ། །དགོན་པ་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། མི་མི་རྒྱུ་བའི་ཡུལ་དུ་རི་དགས་དང་བྱ་བཞིན་གནས་པ་སྟེ། གང་ཡང་རུང་བར་ཉལ་བའོ། །

བསོད་སྙོམས་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། བསོད་སྙོམས་མང་བའམ་ཉུང་བ་ལེན་པ་དང་། མཉམ་པའི་སེམས་ཉིད་ཀྱིས་དགེ་འདུན་གྱི་ཟས་ལ་མི་ལྟོས་པའོ། །ཕྱག་དར་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་ཀྱི་དོན་དུ་ཁྱིམ་པ་རྣམས་དང་མི་འདྲིས་པ་དང་། མི་

སློང་བ་དང་། གོས་ཀྱི་རྒྱུས་ཡོངས་སུ་མི་གཏམ་པ་དང་། ཀུན་ནས་ཡོངས་སུ་མི་ཚོལ་བ་དང་། མ་རྙེད་པས་མི་ཁྲོ་བ་དང་། རྙེད་པས་དགའ་བ་མེད་པ་དང་། ཉུང་བ་དང་རྙེད་སླ་བ་དང་། ཁ་ན་མ་ཐོ་བ་མེད་པ་ཁས་ལེན་པ་དང་། གནས་ན་རྗེས་སུ་མཐུན་པར་འཇུག་པར་འགྱུར་བ་དང་། ཆོས་གོས་

เล่ม ๑๑๒ · หน้า 100a

རྩུབ་པར་བགོ་བ་དང་། གཞན་གྱིས་གླགས་མི་ཚོལ་བའོ། །སྟན་གཅིག་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཟས་གཉིས་པ་ཚོལ་བས་མི་གནོད་པ་དང་། བྱིན་ལེན་གྱིས་མི་གནོད་པ་དང་། ཡོངས་སུ་ལོངས་སྤྱོད་པས་མི་གནོད་པ་དང་། སྔ་དྲོའི་དུས་ཤེས་པ་དང་། ཟས་བསྙུངས་

པ་དང་། ཟོས་པ་འཇུ་བ་དང་། གནོད་པ་ཆུང་བ་དང་། ཟོ་མདོག་བདེ་བ་དང་། ལྡང་བ་ཡང་བ་དང་། བདེ་བར་གནས་པའོ། །ཅོག་བུ་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ལུས་ཀྱི་བདེ་བ་ལ་ཆགས་པ་མེད་པ་དང་། གཉིད་ཀྱི་བདེ་བ་ལ་ཆགས་པ་མེད་པ་དང་། ངོས་སུ་མི་ལྟུང་བ་དང་། ལུས་ལ་སེར་

སྣ་མེད་པ་དང་། བདེ་བར་སེམས་པ་དང་། རྨི་ལམ་ཉུང་བ་ཉིད་དང་། ལྡང་བ་ཡང་བ་ཉིད་དང་། མལ་སྟན་འཆོས་པ་དང་། གྱོན་པ་དང་། མལ་སྟན་ཚོལ་བ་ཉུང་བའོ། །ཟས་ཕྱིས་མི་ལེན་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཟས་རན་པ་དང་། ཟས་ལྷག་པ་མ་ཡིན་པ་དང་། མི་བརྐམ་པ་དང་།

ཚོལ་བ་ཉུང་བ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོག་ཤེས་པ་དང་། བསམ་གཏན་དང་། ཀློག་པ་ལ་མི་གནོད་པའོ། །ཆོས་གོས་གསུམ་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་གསུམ་ལས་ལྷག་པ་ཚོལ་བ་དང་། འཛིན་པ་དང་། འབད་པ་ལ་མི་སྤྲོ་བ་དང་། ཡོངས་སུ་བསྲུང་བ་ལ་

སྤྲོ་བ་མེད་པ་དང་། ཡོ་བྱད་ཉུང་བ་ཉིད་དང་། ལུས་དགབ་པ་ཙམ་གྱི་གོས་ཀྱིས་ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་པས་འཚོ་བ་དང་། ལྡང་བ་ཡང་བ་ཉིད་དང་། ལུས་ཡང་བ་ཉིད་དང་། དགོན་པར་གནས་པ་ལ་རྗེས་སུ་མཐུན་པར་འགྱུར་བ་དང་། གང་ཡང་རུང་བར་གནས་པ་དང་། ལྟོས་པ་མེད་པས་

རྣལ་འབྱོར་གྱི་རྗེས་སུ་མཐུན་པར་འཇུག་པའོ། །ཕྱིང་བ་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་རྩུབ་པར་བགོ་བ་དང་། ཚོལ་བ་ཉུང་བ་དང་། གང་ཡང་རུང་བར་གནས་པ་དང་། འཁྲུ་བ་ན་གནོད་པ་ཉུང་བ་དང་། ཁ་བསྒྱུར་བ་ན་གནོད་པ་ཉུང་བ་དང་། སྲོག་ཆགས་ཉུང་བ་དང་། ཡུན་རིང་པོ་ན་འཛད་པ་དང་།

ཆོས་གོས་གཞན་མི་འཛིན་པ་དང་། རྣལ་འབྱོར་བརྩོན་པ་ལ་གེགས་མེད་པའོ། །གཞི་ཇི་བཞིན་པ་ཉིད་ལ་ཡོན་ཏན་བཅུ་སྟེ། གཙུག་ལག་ཁང་གི་ལོངས་སྤྱོད་མཆོག་ལ་མངོན་པར་མི་བརྩོན་པ་དང་། མལ་སྟན་མཆོག་འཛིན་པ་དང་ལོངས་སྤྱོད་པ་ལ་མི་བརྩོན་པ་དང་། རྒན་པོ་རྣམས་ལ་གནོད་པ་མེད་

เล่ม ๑๑๒ · หน้า 100b

པ་དང་། གཞོན་ནུ་རྣམས་ལ་ཁྲོ་བར་བྱེད་པ་མེད་པ་དང་། དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། ཇི་ལྟར་ཐོབ་པ་བཞིན་ཡོངས་སུ་ལོངས་སྤྱོད་པ་ཉིད་དང་། དགོས་པ་ཉུང་བ་ལ་ཆགས་པ་ཆུང་བ་དང་། རྩོད་པའི་གཞི་མི་ལྡང་བ་ཉིད་དང་། གཞན་གྱི་ལོངས་སྤྱོད་ལ་འདོད་པ་མེད་པའོ། །ཤིང་དྲུང་པ་ཉིད་ལ་ཡོན་

ཏན་བཅུ་སྟེ། གནས་གཙུག་ལག་ཁང་ཡོངས་སུ་ཚོལ་བ་མེད་པ་དང་། མལ་སྟན་ཡོངས་སུ་ཚོལ་བ་མེད་པ་དང་། རབ་ཏུ་འཛིན་པ་ལ་མི་འབད་པ་དང་། ལོངས་སྤྱོད་ལ་མི་འབད་པ་དང་། དེའི་ཆེད་ཀྱི་རྒྱུ་མཚན་མི་བྱེད་པ་དང་། རྩོད་པའི་གཞི་མི་བྱེད་པ་དང་། གནས་རྗེས་སུ་མཐུན་པར་འགྱུར་བ་དང་།

ཉུང་བ་དང་རྙེད་སླ་བ་དང་། ཁ་ན་མ་ཐོ་བ་མེད་པས་དགའ་བ་དང་། སྦྱོར་བའི་རྗེས་སུ་མཐུན་པར་གནས་པ་དང་། མ་འདྲེས་པར་གནས་པ་ཉིད་དོ། །དུར་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། མི་རྟག་པའི་འདུ་ཤེས་ཉེ་བར་འཇོག་པ་དང་། འཆི་བའི་འདུ་ཤེས་ཉེ་བར་འཇོག་པ་དང་། མི་གཙང་བའི་འདུ་ཤེས་

ཉེ་བར་འཇོག་པ་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་འཇོག་པ་དང་། མཛའ་བོ་ཐམས་ཅད་མེད་པར་འབྱུང་བ་དང་འབྲལ་བའི་འདུ་ཤེས་ཉེ་བར་འཇོག་པ་དང་། སྙིང་རྗེའི་འདུ་ཤེས་ཉེ་བར་འཇོག་པ་དང་། རྒོད་པ་སྤོང་བ་དང་། སྐྱོ་བ་དང་། འཇིགས་པ་སྤོང་

བའོ། །བླ་གབ་མེད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཤིང་དྲུང་ཚོལ་བ་མེད་པ་དང་། རྩོད་པའི་གཞི་མེད་པ་དང་། འགྲོ་བ་ན་ལྟོས་པ་མེད་པ་དང་། ཁེངས་པ་ཆུང་བ་དང་། གྲང་བ་དང་། དྲོ་བ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་དག་ལ་བཟོད་པ་དང་། དགྲའི་

ཚེར་མ་མེད་པ་དང་། གཞན་ལ་གནོད་པ་མི་བྱེད་པ་དང་། རང་ལ་གནོད་པ་མི་འཐོབ་པ་དང་། འདྲེས་པ་མེད་པ་ཉིད་དོ། །དགོན་པ་པ་ཉིད་ལ་ཡོན་ཏན་བཅུ་སྟེ། འདྲིས་པ་མེད་པའི་ཕྱིར་རེས་འགའ་རྒྱུ་བ་རྣམས་འདུལ་བ་ལ་མཁས་པ་དང་། དབང་པོ་དུལ་བ་ཉིད་དང་། ཐོས་པ་མང་བ་

ཉིད་དང་། སྟོབས་ཆེ་བ་ཉིད་དང་། བདག་ཏུ་འཛིན་པ་དང་། འཇིགས་པ་དང་བྲལ་བ་ཉིད་དང་། རི་དགས་དང་འདྲ་བ་ཉིད་དང་། ལུས་རིང་དུ་གནས་པ་ཉིད་དང་། དབེན་པ་ལ་དགའ་བ་དང་འདྲེས་པ་མེད་པའོ། །བསོད་སྙོམས་པ་ཉིད་ལ་ཡོན་ཏན་བཅུ་སྟེ། སེམས་ཅན་རྗེས་སུ་འཛིན་པར་བྱེད་

เล่ม ๑๑๒ · หน้า 101a

པ་དང་། གཞན་ལ་གནོད་པ་མེད་པ་ཉིད་དང་། ཆོག་ཤེས་པ་དང་། ཡང་དག་པར་བགོ་བཤའ་བྱེད་པ་དང་། ལྷག་པར་མ་ཆགས་པ་དང་། ཚོད་ཤེས་པ་ཉིད་དང་། དགེ་བའི་ཕྱོགས་ལ་མངོན་པར་ཆགས་པ་དང་། དགེ་བ་སྡུད་པ་ཉིད་དང་། ཟས་ལ་མི་བརྐམ་པ་དང་།

འགྱོད་པ་མེད་པར་འགྱུར་བའོ། །སྔོན་གྱི་སངས་རྒྱས་རྣམས་ནི་བསོད་སྙོམས་པ་དག་སྟེ་བསྡུས་པའི་ཕྱིར་རོ། །ཆོས་འདི་དག་ལ་གནས་པས། བདག་ལ་སྟོད་པར་མི་འགྱུར་བར་བྱ། གཞན་ལ་སྨོད་པར་མི་འགྱུར་བར་བྱ། ཚུལ་ཁྲིམས་ལ་བརྩོན་པར་བྱེད་པ་དང་། ཡང་དག་པར་བླངས་པ་ལ་

བརྟན་པ་དང་། ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པར་འགྱུར་བར་བྱ། བདག་གི་བ་མེད་པ་དང་། ང་རྒྱལ་བ་མེད་པ་དང་། མ་ཆགས་པ་དང་། མི་བརྐམ་པ་དང་། དྲན་པ་ཉེ་བར་གཞག་པ་ཉིད་དང་། ཉོན་མོངས་པ་ཐམས་ཅད་དུག་དང་སྦྲུལ་བཞིན་དུ་སྤང་བ་དང་། མ་འདྲེས་པ་ཉིད་དང་། སྐྱེས་པ་

དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། མུ་སྟེགས་པ་སྤངས་པར་འགྱུར་བར་བྱ། དེ་ལ་ཡོན་ཏན་དུ་བལྟ་བར་འགྱུར་བར་བྱ། སྤྱོད་ཚུལ་བཅོ་བརྒྱད་ཀྱི་ཚོགས་ལ་སུན་འབྱིན་པ་ཅན་དུ་མི་འགྱུར་བར་བྱ། ཐེག་པ་ཆེན་པོ་དང་སྦྱངས་པའི་ཡན་ལག་ལ་ཤིན་ཏུ་བསྔགས་

པ་བརྗོད་པར་འགྱུར་བར་བྱའོ། །དགེ་སློང་གིས་གང་ལ་འཇུག་པར་མི་བྱ་བ་དང་འདྲིས་པར་མི་བྱ་བ་སྤྱོད་ཡུལ་མ་ཡིན་པ་ལ་དགོངས་པ་བསྟན་པ། རྣལ་འབྱོར་སྤྱོད་པ་ཉན་ཐོས་ཀྱི་ས་ལས་ཀྱང་། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ནི་ལྔའོ། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། ཤན་པ་དང་། སྨད་

འཚོང་མ་དང་། ཆང་འཚོང་མའི་ཁྱིམ་དང་། རྒྱལ་པོའི་ཁྱིམ་དང་། ལྔ་པ་གདོལ་པའི་ཁྱིམ་མོ་ཞེས་གསུངས་སོ། །འདུལ་བ་ཕྲན་ཚེགས་ལས་ཀྱང་། སྤྱོད་ཡུལ་མ་ཡིན་པ་ལྔ་སྟེ། སྨད་འཚོང་མ་དང་། ཡུགས་ས་མོ་དང་། གོ་རྒས་མ་དང་། ཟ་མ་དང་། སྡིག་པའི་དགེ་སློང་མའོ་ཞེས་

གསུངས་པ་དང་། ཡང་འདུལ་བ་དེ་ཉིད་ལས་ཆེས་རྒན་ཡང་ཆོས་མ་ཡིན་པར་སྨྲ་བ་ལ་ཕྱག་མི་བྱའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། གཞན་དུ་ན་གནས་གང་ན་ཁྱི་ཟ་བའམ། བ་དྲུས་མའམ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱིས་ངང་ཚུལ་

เล่ม ๑๑๒ · หน้า 101b

ངན་པའི་སྲོག་ཆགས་སམ། བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་ཀྱལ་ཀ་བྱ་བའི་བསམ་པ་ཅན་དག་ཡོད་པ་འམ། སྨད་པའི་གནས་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ་ཞེས་གསུངས་སོ། །བྱང་ཆུབ་ཀུན་དུ་རྒྱུའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བས་ཁྱིམ་ཡན་ལག་

དགུ་དང་ལྡན་པར་འགྲོ་བར་མི་བྱའོ། །ཡན་ལག་དགུ་པོ་གང་དང་ལྡན་པ་ཡིན་ཞེ་ན། མཐོང་ནས་ངོ་འབྱོལ་བ་དང་། སྟན་འདོར་དུ་འཇུག་པ་དང་། དེའི་སྨྲ་བ་ལ་མི་དད་པ་དང་། དེ་ལ་མ་གུས་པ་ཉེ་བར་འཇོག་པ་དང་། གང་ན་ཁྱིམ་ནས་འབྱུང་བ་ན་ཁྱི་གཏུམ་པོ་རྒྱབ་ནས་རྨུགས་པ་ཡོད་

པ་དང་། གང་ན་སྒོ་སྲུང་སྡིག་པ་ཅན་ཡོད་པ་དང་། ཁྱིམ་གྱི་ཁྱིམ་བདག་དག་ཀྱང་དེ་ལ་དད་པ་དང་བྲལ་བར་གྱུར་པ་དང་། གང་ན་བུད་མེད་དང་ཚུལ་ངན་པ་དང་སྡིག་པའི་ཆོས་ཅན་དང་འཇུངས་པ་དང་། བརྒྱད་པར་བྱེད་པ་ཡོད་པ་དང་། ཁྱིམ་གང་ན་གཡོག་རང་དབང་ཅན་ཡོད་པ་སྟེ། རྒྱལ་

པོ་ཆེན་པོ་ད་ལྟར་ཁྱིམ་ཡན་ལག་དགུ་དང་ལྡན་པར་རབ་ཏུ་བྱུང་བས་འགྲོ་བར་མི་བྱའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་

དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གནས་གང་ན་ཚུལ་དང་མི་འདྲ་ཞིང་ཡོངས་སུ་སྤང་བར་བྱ་བ་རབ་ཏུ་

བྱུང་བའི་ཚུལ་དང་མི་མཐུན་པ་དེ་དག་ཡོངས་སུ་སྤོང་ངོ་། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཆང་འཚོང་གི་ཁྱིམ་མམ། སྨད་འཚོང་མའི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་པོའི་གནས་སམ། ར་རོའི་འཁོར་གྱི་ཚོགས་སམ། གར་མཁན་ནམ། གླུ་གར་གྱི་གནས་དང་དེ་མ་ཡིན་

པའི་གནས་གཞན་ཡང་རུང་སྟེ། རབ་ཏུ་བྱུང་བའི་ཚུལ་དང་མི་འདྲ་བ་དེ་དག་ཡོངས་སུ་སྤོང་ཞིང་དེ་དག་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ལ་དྲན་པ་

เล่ม ๑๑๒ · หน้า 102a

ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ་ཞེས་གསུངས་སོ། །དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང་། ཕྱི་དུས་ཤིན་ཏུ་འཇིགས་པ་ལ། །ཞུམ་པ་མེད་ཅིང་མི་འཇིགས་པར། །མདོ་སྡེ་འདི་ནི་བསྟན་པ་ཡང་། །བྱང་ཆུབ་སེམས་དཔའ་གང་འདོད་པ། །ཆོ་ག་སྤྱོད་

ཡུལ་བསྲུང་བྱ་ཞིང་། །འདུ་འཛི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང་། །འདྲེས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞམ་འབྲིང་གང་ཡིན་དང་། །གདོལ་པ་དང་ནི་ཟོལ་པ་དང་། །མུ་སྟེགས་ཅན་ནི་དེ་དག་དང་། །རྣམ་པ་ཀུན་དུ་འདྲིས་མི་བྱ། །དགེ་སློང་འདུལ་དང་ལུང་

གནས་པ། །དགྲ་བཅོམ་སྙམ་དུ་སེམས་བྱེད་ཅིང་། །ང་རྒྱལ་ཅན་རྣམས་བསྙེན་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང་། །རྒོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང་། །མི་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། །དགེ་བསྙེན་

མ་གང་ཚེ་འདི་ལ། །བདེ་བ་ཡང་དག་ཚོལ་བྱེད་པ། །དེ་དག་དང་ནི་འདྲིས་བྱེད་སྤང་། །འདི་ནི་ཆོ་ག་ཡིན་ཞེས་བྱ། །གང་ཞིག་དེ་ཡི་ཐད་འོངས་ནས། །བྱང་ཆུབ་མཆོག་ཕྱིར་ཆོས་འདི་ན། །གནས་པ་མེད་ཅིང་མི་ཞན་པར། །དཔའ་བོ་རྟག་ཏུ་དེ་ལ་ཤོད། །བུད་མེད་མ་ནིང་སེམས་

ཅན་གང་། །དེ་དང་འདྲིས་བྱེད་རྣམ་པར་སྤང་། །ཁྱིམ་རྣམས་སུ་ནི་མནའ་མ་དང་། །གཞོན་ནུ་མ་རྣམས་རྣམ་པར་སྤང་། །བདེ་ལ་རེག་པར་འདྲི་བ་ཡིས། །དེ་ལ་ནམ་དུའང་དགའ་མི་བྱེད། །ཕག་འཚོང་བ་དང་ཤན་པ་དང་། །འདྲིས་པར་བྱེད་པ་རྣམ་པར་སྤང་། །གང་དག་སྲོག་ཆགས་

རྣམ་མང་དག །ལོངས་སྤྱོད་ཕྱིར་ནི་གསོད་པ་དང་། །བཤའ་སར་ཤ་རྣམས་ཚོང་བྱེད་པ། །དེ་དང་འདྲིས་བྱེད་རྣམ་པར་སྤང་། །གང་དག་བུད་མེད་གསོ་བྱེད་དང་། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་ཡང་། །དེ་དག་རྣམས་དང་འདྲིས་བྱེད་སྤང་། །སྨད་འཚོང་གཙོ་

མོ་བསྟེན་མི་བྱ། །ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང་། །རྣམ་པ་ཀུན་དུ་ཡོངས་སུ་སྤང་། །མཁས་པས་བུད་མེད་རྣམས་ལ་ཡང་། །གང་གི་དུས་ན་ཆོས་འཆད་པ། །དེར་ནི་གཅིག་པུ་མི་འགྲོ་སྟེ། །དགོད་ཅིང་འདུག་པར་མི་བྱའོ། །གང་ཚེ་ཟས་ཕྱིར་

เล่ม ๑๑๒ · หน้า 102b

ཡང་ནས་ཡང་། །གྲོང་དུ་འཇུག་པར་བྱེད་པ་ན། །དགེ་སློང་གཉིས་པ་བཙལ་བར་བྱ། །ཡང་ན་སངས་རྒྱས་དྲན་པར་བྱ། །གང་གིས་ཤེས་རབ་ལྡན་པ་དག །མདོ་སྡེ་འདི་འདྲ་འཛིན་པ་ཡི། །ཆོ་ག་དང་ནི་སྤྱོད་ཡུལ་དག །ཐོག་མར་ངས་བཤད་འདི་ཡིན་ནོ། །གང་གིས་འདུས་བྱས་འདུས་མ་

བྱས། །ཡང་དག་ཡང་དག་མ་ཡིན་དང་། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་དུ་སྤྱོད་པ་མེད། །བརྟན་པ་བུད་མེད་ཅེས་མི་སྤྱོད། །སྐྱེས་པ་ཞེས་ཀྱང་མི་རྟོག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཤིང་། །བཙལ་བར་བྱས་ཀྱང་མི་མཐོང་བ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ཆོ་

གར་རྣམ་པ་ཀུན་དུ་བསྟན། །ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང་། འདི་ལྟ་སྟེ། བརྟན་པ་དང་། བརྩོན་པ་དང་། རབ་ཏུ་ཞི་བ་དང་། བླ་མ་ལ་བསྙེན་བཀུར་བ་དང་། སྡིག་པའི་གྲོགས་པོ་སྤངས་པ་དང་། སངས་རྒྱས་ཀྱི་གསུང་ལ་གོམས་པ་དང་། ཚུལ་བཞིན་

ཡིད་ལ་བྱེད་པ་ལ་གོམས་པ་དང་། ཁེངས་པ་སྤངས་པ་དང་། ལས་རྒྱུ་འབྲས་ལ་དད་པ་བསྐྱེད་པ་དང་། སྔོན་གྱི་འདོད་པ་མི་དྲན་པ་དང་། བུད་མེད་ལ་བལྟ་བ་སྤང་བ་དང་། གཉེན་བཤེས་ལ་བལྟ་བའི་དོན་དུ་ཤིན་ཏུ་མི་རྒྱུ་བ་དང་། ཡུལ་ཐམས་ཅད་ལ་རྒྱུག་པ་དང་། འཆི་བ་དང་འཆི་འཕོ་བ་དང་

སྐྱེ་བ་ལ་འཇིགས་པས་དེ་ལྟར་གྲོང་དུ་འཇུག་པར་བྱའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང་། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཐོས་པ་ཉུང་ངུས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་དང་། ཚུལ་ཁྲིམས་ཀྱི་

ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་བལྟ་བ་དང་། མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་

མདོ་ལས་ཀྱང་། ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་འཆོས་ཅན་རྣམས་དང་འགྲོགས་པར་མི་བྱའོ། །ཞིམ་ལྟོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་རྨེད་ཀྱང་མི་བྱའོ། །ཟོལ་གྱིས་འཚོ་བ་རྣམས་དང་མ་ཡིན། རང་བཞིན་གྱིས་དྲི་མ་ཅན་དང་མ་

เล่ม ๑๑๒ · หน้า 103a

ཡིན། ལྟ་བ་ལོག་པ་ཅན་དང་མ་ཡིན། འགྱུར་བག་ཅན་དང་མ་ཡིན། ང་རྒྱལ་ཅན་དང་མ་ཡིན། ཁེངས་པ་དང་མ་ཡིན། ལྟུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱན་པོས་འཚོ་བ་དང་མ་ཡིན། ཆང་ཁང་པ་དང་མ་ཡིན། ཆང་འཚོང་མ་དང་མ་ཡིན། འཐབ་

ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དད་ཆེ་བ་དང་མ་ཡིན། ཟོང་ཚོང་གིས་ཉེ་བར་འཚོ་བ་དང་མ་ཡིན། སྡང་མིག་ཅན་དང་མ་ཡིན། སྐྱེས་བུ་བྱ་མ་རྟ་དང་མ་ཡིན། བྱ་བ་དང་མ་ཡིན། སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་ཅད་དང་

ཞེ་འགྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང་ངག་བརྗོད་པའམ་ལམ་དུ་འགྲོགས་པ་ཡང་དགེ་སློང་གིས་མི་བྱའོ་ཞེས་གསུངས་སོ། །སྡིག་པའི་གྲོགས་པོ་སྤང་བ་ལ་དགོངས་པ་བསྟན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། རབ་འབྱོར་གཞན་ཡང་གང་ཞིག་

དེ་ལ་བདུད་ཀྱི་ལས་ཉེ་བར་མི་སྟོན་པ་དང་། བདུད་ཀྱི་སྐྱོན་ཉེ་བར་མི་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོའོ། །བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས་འདི་སྐད་དུ། ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཅི་ཞིག་བྱ།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཅི་ཞིག་བྱ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་

རྣམ་པར་འབྱེད་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་

ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །ལྟ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། ཆོ་ག་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། འཚོ་བ་ཉམས་པའི་

เล่ม ๑๑๒ · หน้า 103b

གང་ཟག་རྣམ་པར་སྤངས་པ་དང་། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང་། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང་། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང་། ཁྱིམ་པ་དང་བསྟེན་

པ་རྣམ་པར་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་སྤངས་པས་ན། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ངས་གནས་འདི་དག་རྣམ་པར་སྤོང་བའི་ཚེ། གང་ཟག་དེ་དག་ལ་ཞེ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །ཁོང་ཁྲོ་

བའི་སེམས་དང་བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་ཁམས་སོ་སོར་བསྟེན་ཏེ། བསྟེན་པར་མ་གྱུར་ན། ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་གྱིས། དེ་བས་ན་བདག་གིས་བསྟེན་པ་ཡོངས་སུ་སྤངས་པར་སེམས་ཉེ་བར་གཞག་

པར་བྱའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །ཚུལ་ཁྲིམས་འཆལ་པ་ཚར་བཅད་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་དཔེར་ན་ས་ལས་བྱས་པའི་སྣོད་སར་པ་ཞིག་ཡོད་ལ་དེ་

སྐྱེས་པ་གང་ཞིག་གིས་ངན་སྐྱུགས་བླུགས་ནས། དེ་ཕོ་སྟེ་ཙནྡན་དམར་པོས་སླར་བཀང་ནས། ཙནྡན་དམར་པོ་དེ་ཡང་ཕོ་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ས་ལས་བྱས་པའི་སྣོད་སར་པ་དེ་ལ་འདི་ལྟར་ཙནྡན་གྱི་དྲིའམ། འོན་ཏེ་ངན་སྐྱུགས་ཀྱི་དྲི་འམ། དྲིའི་རང་བཞིན་གང་གི་

མཐུ་ཡོད་པར་འགྱུར། བཅོམ་ལྡན་འདས་དོག་པའི་སྣོད་དེ། ངན་སྐྱུགས་ཀྱི་དྲི་གང་ལགས་པ་དེ་ཁོ་ནས། ཐོག་མར་བསྒོས་པས་དྲི་དེའི་རང་བཞིན་ཁོ་ནར་འགྱུར་ལགས་ཏེ། འདི་ལྟ་སྟེ་ངན་སྐྱུགས་ཀྱི་དྲི་ལགས་སོ། །ཙནྡན་གྱི་དྲི་ནི་མ་ལགས་ཏེ། དེས་ནི་ཙནྡན་དམར་པོ་བགྱི་བ་

དང་སྒྲུབ་པ་རྔོ་མི་ཐོགས་ལགས་སོ། །ཤཱ་རིའི་བུ་དེ་བཞིན་དུ་འདི་ན་སེམས་ཅན་ཁ་ཅིག་དབང་པོ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་སྟེ། དགེ་བའི་ཆོས་རྣམས་དང་ལྡན་ཞིང་། དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། དེ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་

เล่ม ๑๑๒ · หน้า 104a

སྡིག་པའི་གྲོགས་པོའི་ལག་ཏུ་འདོང་བ་དང་། དབང་དུ་འདོང་བ་དང་། ཉེ་བར་འདོང་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ཞེས་བྱ་བ་དེ་དག་གང་ཞེ་ན། ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ནི་འདི་ལྟ་སྟེ། རྒོད་པ་དང་། ཕོ་ཐེག་ཆེ་བ་དང་། མི་བརྟན་པ་དང་། མུ་ཅོར་

སྨྲ་བ་དང་། ཐུག་ཐུབ་ཅན་དང་། ཚིག་ཟློས་བུ་ཅན་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཞན་པ་དང་། བརྗེད་ངས་པ་དང་། སེམས་མཉམ་པར་མ་བཞག་པ་དང་། སེམས་འཁྲུགས་པ་དང་། མཛེས་པ་མ་ཡིན་པ་དང་། ཤེས་བཞིན་མ་ཡིན་པ་དང་། ཤེས་རབ་འཆལ་པ་དང་། ལུག་

ལྟར་ལྐུགས་པ་དང་། ཕལ་པའི་དབང་པོ་ཅན་གྱི་དགེ་སློང་རྣམས་ཡིན་ནོ། །དེ་དག་དགེ་སློང་དེ་ལྟ་བུ་དག་ལ་ཉེ་བར་བརྟེན་ཅིང་བཀུར་སྟི་དང་། བསྙེན་བཀུར་བྱེད་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་

འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཐ་ན་མཐོ་རིས་སུ་སྐྱེ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །ཆོས་ཀྱིས་ཕོངས་པར་འགྱུར་བ་དང་ལྡན་པ་དག་དང་ལྷན་ཅིག་གནས་པ་དང་།

ཀུན་དུ་གཞོལ་བར་འགྱུར་རོ། །ཡོངས་སུ་མ་དག་པའི་ལུས་ཀྱི་ལས་དང་ལྡན་པར་འགྱུར་རོ། །ཡོངས་སུ་མ་དག་པའི་ངག་གི་ལས་དང་། ཡིད་ཀྱི་ལས་དང་ལྡན་པར་འགྱུར་རོ། །དགེ་སློང་འཚོ་བ་ཡོངས་སུ་མ་དག་པ་དེ་ལྟ་བུ་དག་ལ་བརྟེན་ཅིང་། བཀུར་སྟི་དང་བསྙེན་བཀུར་བྱས་ནས་ལུས་ཞིག་པ་

ལས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ངན་འགྲོ་ཞེས་བྱ་བ་གང་ཞེ་ན། ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་སོ། །ཤ་ར་དྭ་ཏིའི་བུ་སྲོག་ཆགས་ཀྱི་རིགས་རྙེད་

དགུ་ཟ་ཞེས་པ་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་མཆུས་རྐོ་ཞེས་བྱ་བ་ཞིག་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ཁབ་ཀྱི་ཁ་ཞེས་བྱ་བ་ཞིག་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ས་བསྩོག་ཅེས་བྱ་བ་ཞིག་ཡོད་པ་དང་། དེར་སྡིག་པའི་གྲོགས་པོ་སྐྱེས་བུ་

เล่ม ๑๑๒ · หน้า 104b

བླུན་པོ་དེ་དག་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་དེ་དག་གི་ལག་ཏུ་སོང་བ་དང་། དབང་དུ་སོང་བ་དང་། ཉེ་བར་སོང་བ་གང་ཡིན་པ་དེ་དག་ཀྱང་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་གང་ཞེ་ན། ཤཱ་རིའི་བུ་ངན་འགྲོ་

ཞེས་བྱ་བ་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་སོ། །གལ་ཏེ་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། མི་རྣམས་སུ་སླར་སྐྱེ་བར་འགྱུར། དེ་དག་མི་རྣམས་སུ་སླར་སྐྱེས་ན་མ་དང་ཡང་འབྲལ་

བར་འགྱུར་ཞིང་ཕ་དང་ཡང་འབྲལ་བ་དང་། སྤུན་དང་ཡང་འབྲལ་བ་དང་། སྲིང་མོ་དང་ཡང་འབྲལ་བ་དང་། བུ་དང་ཡང་འབྲལ་བ་དང་། བུ་མོ་དང་ཡང་འབྲལ་བ་དང་། བྲན་གཡོག་དང་ཡང་འབྲལ་བ་དང་། གྲོགས་པོ་དང་ཡང་འབྲལ་བ་དང་། ཉེ་དུ་དང་ཡང་འབྲལ་བ་དང་།

ནད་ཀྱིས་ཀྱང་ཉམ་ཐག་པ་དང་། ལོངས་སྤྱོད་དང་ཡང་འབྲལ་བ་དང་། ཡུལ་དང་ཡང་འབྲལ་བ་དང་། ཡུལ་ཕྱོགས་དང་ཡང་འབྲལ་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དང་ཡང་ལྡན་པར་འགྱུར་རོ། །དལ་བ་ཕུན་སུམ་ཚོགས་པ་དང་ཡང་འབྲལ་བར་འགྱུར་རོ། །འདོད་ཆགས་བདོ་

བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བར་ཡང་འགྱུར་རོ། །རྒོད་པ་དང་། ཕོ་ཐེག་ཆེ་བ་དང་། མི་བརྟན་པ་དང་། མུ་ཅོར་སྨྲ་བ་དང་། ཐུག་ཐུབ་ཅན་དང་། ཚིག་ཟློས་བུ་ཅན་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཞན་པ་དང་། མ་བསྡམས་པ་དང་། ཤེས་བཞིན་མ་ཡིན་པ་དང་།

མཉམ་པར་མ་བཞག་པ་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུགས་པ་དང་། སེམས་འཁྲུགས་པ་དང་ཕལ་པའི་དབང་པོ་ཅན་རྣམས་སུ་འགྱུར་རོ། །འདོད་ཆགས་ཀྱིས་ཀྱང་བཅོམ་པར་འགྱུར་ཏེ། ཞེ་སྡང་གིས་བཅོམ་པ་དང་། གཏི་མུག་གིས་བཅོམ་པ་

དང་། ང་རྒྱལ་གྱིས་བཅོམ་པར་ཡང་འགྱུར་རོ། །ལོང་བ་དང་། ཞར་བ་དང་། སྒུར་པོ་དང་། འགྲམ་པ་ཞོམ་པ་དང་། འོན་པ་དང་། རྣ་བ་ཡ་གཅིག་འོན་པ་དང་། ལྷག་པར་འོན་པ་དང་། རྐྱེན་གྱིས་འོན་པ་དང་། གླེན་པ་དང་། དིག་པ་དང་། ལུག་ལྟར་ལྐུགས་པ་རྣམས་སུ་འགྱུར་རོ་

เล่ม ๑๑๒ · หน้า 105a

ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། དགེ་འདུན་གྱི་དབྱེན་བརྗོད་པར་བྱ་སྟེ། གང་ཞིག་བསླབ་པའི་གནས་མངོན་པར་བཅོམ་ནས། སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གནས་ལ་སྨོད་པ་དེ་ནི་དགེ་འདུན་གྱི་དབྱེན་ཞེས་བྱའོ། །དགེ་འདུན་ནི་ཡང་

དག་པར་སྒྲོགས་པ་ལས་བརྗོད་དེ། གང་གིས་ཚུལ་ཁྲིམས་དང་ལྡན་པ་དེ་དག་སྨིན་པར་འགྱུར་བ་དེ། དེ་དག་གིས་ཡང་དག་པར་སྒྲོགས་པར་འགྱུར་རོ། །ཡང་དག་པར་མི་སྒྲོགས་པ་སུ་ཞིག་ཡིན་ཞེ་ན། གང་དག་ལྟུང་བ་དང་ལྟུང་བ་མ་ཡིན་པ་མི་ཤེས་པའོ། །ང་ནི་དགེ་སྦྱོང་དུ་གནས་སོ་

སྙམ་དུ་བདག་ཉིད་ལ་སེམས་པ་དེ་དག་མགོ་བཅད་པར་འགྱུར་ཞིང་། ཡང་དག་པར་རྗེས་སུ་ལྟ་བར་མི་འགྱུར་རོ། །དེ་ནས་གང་གི་ཚེ་མང་དུ་ཐོས་པ་མཉེས་པར་བྱེད་པ་དེའི་ཚེ། འདུལ་བ་ལ་མཁས་པ་ཡོངས་སུ་དྲིས་པ་དག་གིས་བདག་ཉིད་མགོ་བཅད་དེ་གནས་པར་ཡང་དག་པར་ཤེས་པར་

འགྱུར་རོ། །དེ་དག་དབེན་པའི་གནས་སུ་སོང་ནས། ཀྱེ་མའོ་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་སློབ་དཔོན་ངན་པ་དང་མཁན་པོ་ངན་པ་དག་གིས་བསླུས་པ་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་ཆོས་ཀྱི་རྒྱལ་པོའི་བསྟན་པ་འདི་ནི་ངོ་མཚར་ཏོ། །གང་དུ་འདོམས་པར་འགྱུར། སུ་ཞིག་སྨྲ་བར་

འགྱུར། སུ་ཞིག་མཉེས་པར་བྱ། བདག་ནི་དེང་འཆི་བར་འགྱུར་རོ། །རྣམ་པར་འཇིགས་པ་དང་། བདག་ནི་དེང་དཔུང་གཉེན་མེད་པར་འགྱུར། གང་དུ་སོང་ཞིང་གནས་ནས་མྱ་ངན་གྱི་ཟུག་རྔུ་འབྱིན་པར་འགྱུར་བ། ཕྱོགས་གང་ཞིག་ཏུ་རྒྱུག་པར་བྱ་ཞེས་བདག་ཉིད་ལ་བཤུང་བར་བྱེད་

དོ། །ཀྱེ་མའོ་ཤིན་ཏུ་གསལ་བར་གསུངས་པའི་སངས་རྒྱས་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་འདོད་ཆགས་དང་བྲལ་བའི་ཆོས་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་དགེ་འདུན་གྱིས་ལེགས་པར་རབ་ཏུ་བརྗོད་པ་འདི་ནི་ངོ་མཚར་ཏོ། །དེང་བདག་ནི་ཚུལ་ཁྲིམས་ལས་རབ་ཏུ་ཉམས་སོ། །ཏིང་ངེ་

འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེང་བདག་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་རབ་ཏུ་ཉམས་སོ། །ངན་སོང་དུ་འགྲོ་བ་ལ་ཕྱོགས་པར་འགྱུར་རོ། །བདེ་འགྲོའི་འགྲོ་བ་བཀག་བཞིན་དུ་འཆི་བར་འགྱུར་རོ། །བདག་གིས་ཆུ་བོ་ལས་བརྒལ་བར་མི་

เล่ม ๑๑๒ · หน้า 105b

འགྱུར་རོ། །མི་སྙན་པའི་སྒྲ་ཐོས་པར་འགྱུར་རོ། །སེམས་ཅན་དམྱལ་བར་རབ་ཏུ་ལྟུང་བར་འགྱུར་རོ། །ལུས་ཀུན་ནས་འབར་བར་འགྱུར་རོ། །དམྱལ་བའི་སྲུང་མས་གཟིར་བར་འགྱུར་བཞིན་དུ་ཕྱོགས་གང་དུ་རྒྱུག་པར་འགྱུར་རོ། །སུ་ཞིག་གིས་མི་འཇིགས་པ་སྟེར་བར་འགྱུར།

གང་དག་གིས་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱད་པར་གྱུར་པ། དེ་དག་ལག་ན་དབྱུག་པ་ཐོགས་ཏེ་མདུན་ན་ཉེ་བར་གནས་པར་འགྱུར་རོ། །སུ་ཞིག་སྦྲན་པར་བྱ། འོན་ཏེ་དམྱལ་བའི་སྲུང་མ་དག་ལའམ། འོན་ཏེ་ཁྱི་དག་ལའམ། འོན་ཏེ་ལྕགས་ཀྱི་མཆུ་ཅན་གྱི་བྱ་རོག་དག་

ལའམ། ཡང་ན་སློང་མོ་བ་དག་ལའང་རུང་སྟེ་སུ་ཞིག་ལ་བསྐྱབ་པར་བྱ། འོན་ཏེ་བྲོས་པར་བྱ། བདག་ནི་མི་བདེ་བའི་ཕྱོགས་སུ་འགྲོ་བར་འགྱུར་རོ་ཞེས་དེ་སྐད་དུ་ཚིག་སྨྲ་བར་འགྱུར་རོ། །དགེ་སློང་དགོན་པ་པ་དག་མཐོང་ནས་འདི་སྐད་དུ། ཀྱེ་མའོ་འཕགས་པ་འདི་ནི་བདེ་བ་སྟེ། གང་

གི་ཕྱིར་དགེ་སློང་དགོན་པ་དང་ཤིན་ཏུ་དགོན་པ་དག་ཏུ་ལྟོས་པ་མེད་པར་གནས་པ། སེམས་ཀྱི་ནད་མེད་པ། ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་སྡུག་བསྔལ་མེད་པའོ། །བདག་ཅག་ནི་དེང་ཕུན་སུམ་ཚོགས་པ་མེད་པ་བདག་ཅག་ནི་དེང་བསོད་ནམས་མེད་པ་གང་བདག་ཅག་ནི་སངས་

རྒྱས་ཀྱི་ཆེད་དུ་རབ་ཏུ་བྱུང་ནས་ཁྱིམ་པ་རྣམས་དང་ལྷན་ཅིག་མཉམ་པའི་ལོངས་སྤྱོད་ཙམ་གྱིས་འཚོ་བའོ། །ཚུལ་ཁྲིམས་འཆལ་པའི་གང་ཟག་བསྟེན་པ་དག་གིས་དགེ་སྦྱོང་གི་ཆོས་ལ་ངོ་ཚ་བར་འགྱུར་དུ་འོང་ངོ་ཞེས་སྨྲ་བར་འགྱུར་རོ། །གལ་ཏེ་ཡང་བདག་ཅག་ཚུལ་ཁྲིམས་དང་

ལྡན་པ་ལ་བརྟེན་པ་ན། དེའི་ཚེ་སྨད་པར་འགྱུར་དུ་འོང་། ངོ་ཚ་བར་འགྱུར་དུ་འོང་། དགེ་སློང་དེས་པ་དག་གིས་ལྟ་བར་འགྱུར་དུ་འོང་། དེའི་ཚེ་མཐོང་བ་ཙམ་དང་ལྷན་ཅིག་འདི་ནི་སུའི་ཡིན། གང་ནས་ཡིན། སུ་ཞིག་ཡིན། འོན་ཏེ་ཚུལ་ཁྲིམས་དང་ལྡན་པ་ཞིག་གམ། འོན་ཏེ་

ཚུལ་ཁྲིམས་འཆལ་པ་ཡིན་ཞེས། བདག་ཅག་ལ་ངེས་པར་རྟོག་པར་འགྱུར་དུ་འོང་། ཞུམ་པ་དང་། ཡོངས་སུ་ཞུམ་པ་དང་། རྣམ་པར་ཞུམ་པ་དང་། སྡུག་བསྔལ་བར་འགྱུར། མདུན་ན་མི་དགའ་བར་འགྱུར། ཁ་ཕྱིར་ཕྱོགས་ཏེ་ལྡོག་པར་འགྱུར་དུ་འོང་ངོ་། །དཔེར་ན་

เล่ม ๑๑๒ · หน้า 106a

འུག་པ་ནི་ཉི་མ་མ་ཤར་བའི་ཚེ་ཚང་ནས་ཁ་གདངས་ཏེ། མཚན་མོ་དེར་བྱ་རོག་དག་མཐོང་ནས་བདག་ཅག་མཐོང་ངམ་མི་མཐོང་སྙམ་དུ་ཕྱོགས་བཞིར་རྗེས་སུ་ལྟ་བར་བྱེད། གཞན་ན་རི་ཆེན་པོ་གང་དག་ཡོད་པ་དེ་དག་མཐོང་ནས་དེར་འགྲོ་བར་འགྱུར་ཏེ། འདི་ལྟར་དེ་

ལས་མཚན་མོ་འགྲོ་བ་དང་འོང་བ་དང་རྟོག་པར་འགྱུར་རོ་སྙམ་མོ། །བློ་གྲོས་མེད་པ་དེས་ཚང་རྙེད་པར་མི་འགྱུར་རོ། །བྱ་རོག་དང་འཁོར་ལོས་བརྒྱན་པ་དག་ཀྱང་དེའི་རྗེས་སུ་འཕུར་བར་བྱེད་ཅིང་རྗེས་སུ་འགྲོ་བར་འགྱུར་རོ། །དེ་འཇིགས་པས་དེ་མ་ཐག་ཏུ་མུན་པ་ཚོལ་ཞིང་། ཀུན་དུ་

ལྟ་བར་འགྱུར། དེ་འཇིགས་ཏེ་བྱ་རོག་གི་ཚོགས་ལ་ལྟ་བར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་དག་ཀྱང་འུག་པ་འདྲ་བར་བརྗོད་དོ། །གང་གི་ཚེ་གང་དུ་དགེ་སློང་འདུས་པ་དང་གསོ་སྦྱོང་གི་ལས་དང་ཆོས་ཉན་པའི་ལས་དང་སྒྲོགས་པའི་ལས་བྱེད་པ་དེའི་ཚེ། ཁ་

ཅིག་བདག་ལ་རྟོག་པར་འགྱུར་ཁ་ཅིག་བདག་ལ་སྨྲ་བར་འགྱུར་རོ་སྙམ་དུ་ཚུལ་ཁྲིམས་འཆལ་པ་འཇིགས་པར་འགྱུར། སྐྲག་པར་འགྱུར། དགེ་སློང་གི་དབུས་སུ་སོང་བ་བསྒྲིབས་པར་སོང་བ་དེ་དགེ་སློང་གི་དགེ་འདུན་གྱིས་རིག་ནས། གཞན་གྱིས་ཀྱང་ལོ་མི་འདྲི་ཞིང་བདག་ཉིད་

ཀྱང་མི་སྨྲའོ། །ངོ་མི་ལྟ་ཞིང་སེམས་ས་ཕྱོགས་ལ་གཏད་དེ་འདུག་པར་འགྱུར། འདི་དག་སྨྲ་བ་ན་བདག་གིས་ཅི་ཞིག་སྨྲ་བར་བྱ། ཇི་ལྟར་བྱ་སྙམ་དུ་སེམས་པར་འགྱུར། དགེ་སློང་གི་དགེ་འདུན་ལངས་པའི་ཚེ་བདག་འགྲོ་བ་ན་ཁ་ཅིག་འགའ་ཞིག་སྨྲ་བར་འགྱུར་སྙམ་ནས་ཕྱི་ནས་འགྲོ་བར་

འགྱུར་རོ། །འདི་ལྟར་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་དེའི་ཚེ་ཁྱིམ་ནས་འཐོན་ཏེ་འུག་པ་ཚང་ནས་འབྱུང་བ་བཞིན་དུ་ཕྱོགས་བཞིར་ལྟ་བར་བྱེད་དོ། །གལ་ཏེ་དགེ་སློང་དེས་པ་དག་གིས་མཐོང་བ་ལས་འདི་སྐད་དུ། དགེ་སློང་འདི་ནི་འདི་སྐད་དུ་སྨྲ་བ་ལས་ན། ཚེ་དང་ལྡན་པ་དག་

དེ་ལ་ཡིད་བརྟན་པར་མ་བྱེད་ཅིག་ཅེས་སྨྲ་བར་འགྱུར་རོ། །དགེ་སློང་གི་དགེ་འདུན་མཐུན་པར་ཤེས་པ་དེ་དག །གང་ལ་འདི་ན་འདུག་པ་འདི་ལྟ་བུ་སུ་ཞིག་དེ་ལ་རྗེས་སུ་ལྟ་བར་འགྱུར། གལ་ཏེ་དགེ་སློང་རྣམས་ཀྱིས་གཙེས་པ་ན་དེ་མ་ཐག་ཏུ། གང་ན་རྩོད་པ་སྨྲ་བ་མེད་པའི་ལམ་

เล่ม ๑๑๒ · หน้า 106b

གོལ་བ་ཉིད་བསྟེན་པར་འགྱུར་ཏེ། ཀུན་དགའ་བོ་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམ་པ་དེ་ལྟ་བུ་ནི་འུག་པ་དང་འདྲ་བར་བརྗོད་དོ། །གསད་པའི་ཕྱིར་གཏད་པ་ལྟ་བུ་སྟེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་གསོད་པར་གཏད་པ་དང་ངེས་པར་གཏད་པ་ནི། ཟས་ཀྱི་ཐ་མ་ཟ་བ་ཡིན། བཏུང་

བའི་ཐ་མ་འཐུང་བ་ཡིན། ཕྲེང་བའི་ཐ་མ་འཆིང་བ་ཡིན། ཚིག་གི་ཐ་མ་སྨྲ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཇི་ལྟ་ཇི་ལྟར་དད་པས་བྱིན་པ་ཟ་བ། དེ་ལྟ་དེ་ལྟར་མིའི་ཟས་ཐ་མ་ཟ་བ་ཡིན། སངས་རྒྱས་མཐོང་བ་ཐ་མ་ཡིན། ཆོས་ཐོས་པ་ཐ་མ་

ཡིན། འཕགས་པའི་དགེ་འདུན་མཐོང་བ་ཐ་མ་ཡིན། མིར་སྐྱེ་བའི་གནས་ཐ་མ་ཡིན་ནོ། །དེ་ནས་ལུས་ཞིག་པ་ན་མནར་མེད་པར་ལྟུང་བར་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ན། ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །བྱ་བ་འདི་དང་ལྡན་པའི་དགེ་སློང་གྲོལ་བར་

མི་འགྱུར་རོ། །ཀུན་དགའ་བོ་ཟས་ནི་རབ་ཏུ་བྱུང་བར་འགྱུར་བའི་དམྱལ་བ་འཐོབ་པར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང་། ལྟོས་ཤིག་སྡིག་པའི་གྲོགས་ཀྱི་ཚིག་གིས་ནི། །དེ་ཚེ་མ་རུངས་

རྒྱལ་པོ་འཆི་དུས་བྱས། །ཆོས་སྨྲ་དག་ལ་ཁྲོ་བ་བྱས་པས་ན། །དེར་ནི་ཚེ་རབས་དྲུག་ཅུར་མནར་མེད་སོང་། །རྒྱལ་རིགས་རྒྱལ་པོ་གང་ཞིག་རྦད་པ་ཡི། །དགེ་སློང་དམིགས་ལྟ་མང་པོ་དེ་དག་ཀྱང་། །ཚེ་རབས་བྱེ་བ་བརྒྱ་ཕྲག་བསམ་ཡས་སུ། །སེམས་ཅན་དམྱལ་བའི་སྡུག་

བསྔལ་མྱོང་བར་གྱུར། །ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། དེ་ལ་ཀློང་འཁོར་དང་། སྲིན་པོ་ལྔ་གང་ཞེ་ན། མ་རིག་པའི་ཀློང་འཁོར་དང་། གཉིད་དང་རྨུགས་པའི་ཀློང་འཁོར་དང་། འཁོར་བའི་ཀློང་འཁོར་དང་། མི་ཤེས་པའི་ཀློང་འཁོར་དང་། སྲིད་

པའི་ཀློང་འཁོར་ཏེ། འདི་དག་ནི་ཀློང་འཁོར་ལྔའོ། །དེ་ལ་གཅིག་ནི་ཀློང་འཁོར་ཆེན་པོ་སྟེ། གང་གིས་ཁམས་གསུམ་དུ་ཡོངས་སུ་སྐོར་བར་བྱེད་པ་དང་། ཁམས་གསུམ་ལས་ལྡོག་པར་མི་འགྱུར་བའོ། །དེ་ལ་ཀློང་འཁོར་ལྔ་པོ་དེ་དག་ནི་སྲིན་པོ་ལྔ་གང་ཞེ་ན། སྡིག་པའི་

เล่ม ๑๑๒ · หน้า 107a

གྲོགས་པོའི་སྲིན་པོ་དང་། མི་ཁོམ་པར་སྐྱེ་བའི་སྲིན་པོ་དང་། བུད་མེད་བསྟེན་པའི་སྲིན་པོ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྲིན་པོ་དང་། བདག་ཏུ་འདུ་ཤེས་པའི་སྲིན་པོ་སྟེ། འདི་དག་ནི་སྲིན་པོ་ལྔའོ། །དེ་ལ་སྲིན་པོ་ལྔ་པོ་དེ་དག་ལས་གང་ཞིག་

བུད་མེད་བསྟེན་པ་འདི་ནི་གཙོ་བོ་ཀློང་འཁོར་གྱི་སྲིན་པོ་ཡིན་ཏེ། འདི་དག་ནི་ཀློང་འཁོར་དང་སྲིན་པོ་ལྔའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། སྡིག་པའི་གྲོགས་པོ་ཐང་ཅིག་ཀྱང་བསྟེན་པར་མི་འགྱུར། ཚིག་གིས་མདངས་གསོལ་བར་མི་

བྱེད། དེ་དང་ལྷན་ཅིག་ལམ་དུའང་འགྲོ་བར་མི་བྱེད་དེ། གང་གི་ཕྱིར་གང་འདི་ལྟ་སྟེ་སྡིག་པའི་གྲོགས་པོ་དང་འགྲོགས་པའམ། དེ་བསྐྱང་བའམ། དེ་དང་ལྷན་ཅིག་འགྲོ་བ་དང་འོང་བར་བྱེད་པའམ། དེའི་གྲིབ་མ་ལ་རེག་པ་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའི་གཙོ་བོ་ཡིན་

པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པའི་གྲོགས་པོ་ལམ་ཀའི་ཤིང་ལྟར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནས་སུ་གྱུར་པའོ་ཞེས་གསུངས་སོ།། །།དགེ་བའི་བཤེས་གཉེན་ལ་དགོངས་པ་བསྟན་པ། བུ་མོ་ཡོན་ཏན་གྱིས་བརྒྱན་པ་མངོན་པར་ཤེས་པ་རྒྱས་

པའི་ལེའུའི་མདོ་ལས་ཀྱང་། འདི་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བུ་མོ་ཡོན་ཏན་གྱིས་བརྒྱན་པ་མངོན་པར་ཤེས་པ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གང་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། བུ་མོ་གང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པའི་འཇིག་རྟེན་དང་། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་ལ་ངས་མ་མཐོང་སྟེ། མང་དུ་ཐོས་

པའི་བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། དེ་ལ་རྣམ་པ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་ཉིད་དོན་ཡོད་པ་

เล่ม ๑๑๒ · หน้า 107b

ཡིན། རྣམ་པ་དུ་ཞིག་དང་ལྡན་ན་དགེ་བའི་བཤེས་གཉེན་དད་པའི་གཞིའི་གནས་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་

བརྟེན་པ་ནི་རྣམ་པ་དུ་ཞིག་ཡོད། འདུ་ཤེས་རྣམ་པ་དུས་ནི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན། གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ལ་ནི་ཡིད་ལ་མི་བྱེད་པ་བྱ་ཞེ་ན། དེ་ལ་

རྣམ་པ་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང་། སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན།

བློ་མ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་ཞི་གནས་དང་ལྷག་མཐོང་ཐོབ་པས་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་བརྩེ་བ་ཅན་ཡིན་ཏེ། དེ་ཚེ་འདི་ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས།

གཞན་དག་གི་དོན་ལ་སྦྱོར་བ་ཡིན། དེ་གཞན་དག་ལ་ཆོས་སྟོན་པ་ན་བག་ཚ་བའི་འཇིགས་པས་དྲན་པ་དང་སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་རྣམས་དང་། འཕྱ་བ་དང་། བསྟིང་བ་དང་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བ་ལ་

སོགས་པ་མི་སྙན་པའི་ཚིག་གི་ལམ་རྣམས་དང་། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་རྣམས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་བསྟན་པ་ན། སྟོབས་དང་ལྡན་ཞིང་། དལ་བ་མེད་པས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མི་ཉམས་

ཤིང་གསལ་ལ་ཚིག་གི་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ནི། རྣམ་པ་ལྔས་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་

เล่ม ๑๑๒ · หน้า 108a

དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། དེ་ལ་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། ཐབས་གང་དང་ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་དེ་ལ་ནུས་ཤིང་

མཐུ་ཡོད་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པ་ཐམས་ཅད་ལ་ཕྱོགས་འཛིན་པ་མེད་དེ། སྙིང་རྗེ་སྙོམས་པ་ཡིན་ནོ། །དེ་ལ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་

གཏམ་ཐོས་པས་ཀྱང་དེ་ལ་གཞན་དག་ཤིན་ཏུ་དང་བར་བྱེད་ན། མངོན་སུམ་དུ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང་། སྤྱོད་ལམ་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་མི་འགྱུར་བས་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན། ལུས་དང་ངག་དང་

ཡིད་ཀྱི་ལས་ཀྱི་མཐའ་རྒྱུ་བ་ལ་རྒོད་པ་མེད་ཅིང་འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པ་མེད་པའི་ཕྱིར་སོ་སོར་བརྟགས་ནས་སྤྱོད་ལམ་དང་བརྟན་པ་ལྟར་མི་འཆོས་པས་ཚུལ་འཆོས་པ་མེད་པ་ཡིན། གཞན་དག་གི་ཆོས་ཀྱི་གཏམ་མམ། རྙེད་པ་དང་བཀུར་སྟི་ལས་

བརྩམས་ཏེ། ཕྲག་དོག་སྐྱེད་པར་མི་བྱེད་ཀྱི་གཞན་དག་གིས་ཆོས་ཀྱི་གཏམ་བྱ་བར་བདག་ལ་གསོལ་བ་བཏབ་པ་དང་། རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་རྙེད་ན་ཡང་གཡོ་བ་མེད་ཅིང་དགའ་བའི་སེམས་ཀྱིས་གཞན་ལ་གསོལ་བ་འདེབས་སུ་འཇུག་ལ། ཆོས་ཀྱི་གཏམ་དེ་དང་རྙེད་པ་དང་

བཀུར་སྟི་དེ་ཡང་གཞན་དག་ལ་སྟོབས་པར་བྱེད་དེ། ཇི་ལྟར་བདག་གི་རྙེད་པ་དང་བཀུར་སྟིས་མགུ་བར་འགྱུར་བ་དེ་བཞིན་དུ་གཞན་གྱི་རྙེད་པ་དང་། གཞན་གྱི་བཀུར་སྟིས་ཆེས་ཤིན་ཏུ་མགུ་བར་འགྱུར་བས་ཕྲག་དོག་མེད་པ་ཡིན། སྣོད་སྤྱད་བསྙུངས་ཤིང་ཡོ་བྱད་བསྙུངས་ལ། འཚོག་

ཆས་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཡོ་བྱད་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི་རྣམ་པ་ལྔས་འདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླང་བར་བྱེད་པ་ཡིན། དྲན་པར་བྱེད་པ་ཡིན། འདོམ་

เล่ม ๑๑๒ · หน้า 108b

པར་བྱེད་པ་ཡིན། རྗེས་སུ་སྟོན་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཚིག་དེ་དག་གིས་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི་དེ་བས་ཀྱང་ལྷག་པར་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་རིག་པར་

བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། དུས་དུས་སུ་ནད་གཡོག་དང་། ཐ་མལ་པའི་གཡོག་བྱེད་ཅིང་། བྱམས་པ་དང་གུས་པ་དང་། དགའ་བ་དང་ལྡན་པ་དང་། དུས་དུས་སུ་གུས་པར་

སྨྲ་བ་དང་། ཕྱག་བྱ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གདུད་པར་བྱ་བ་དང་། མཆོད་པར་བྱ་བ་དང་། ཆོས་དང་མཐུན་པའི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པས་མཆོད་པ་དང་། གནས་བཅས་

ནས་ཡང་དག་པར་གཟུད་པ་དང་། རྣམ་པར་གཟུད་པས་ཆོས་དང་མཐུན་པའི་དོན་རྣམས་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆགས་པ་དང་། དུས་དུས་སུ་ཤེས་པར་བྱ་བའི་བསམ་པའི་དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱེད་པ་དང་འདྲི་བ་དང་

ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་ནི། འདུ་ཤེས་རྣམ་པ་ལྔས་ཆོས་ཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་

མིག་གི་འདུ་ཤེས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མིག་ཐོབ་ནས་ཀྱང་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་དང་རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་འཐོབ་པའི་རྒྱུའི་དངོས་

པོའི་དོན་གྱིས་འབྲས་བུ་དང་ཕན་ཡོན་ཆེ་བའི་འདུ་ཤེས་དང་། ཚེ་འདི་ལ་མྱ་ངན་ལས་འདས་པ་དང་རྫོགས་པའི་བྱང་ཆུབ་ཀྱི་ཆོས་མ་ཐོབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཞི་གནས་དང་། ལྷག་མཐོང་གི་དགའ་བ་ཆེན་པོ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དངོས་པའི་དོན་གྱིས་

เล่ม ๑๑๒ · หน้า 109a

དགའ་བ་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པ་དང་། གང་ཟག་ཆོས་སྨྲ་བ་དེ་ལ་གནས་ལྔར་ཡིད་ལ་བྱེད་པ་མི་བྱ་བར་རྣ་བླགས་ཏེ། དང་བའི་ཡིད་ཀྱིས་ཆོས་མཉན་པར་བྱའོ། །ཚུལ་ཁྲིམས་

ཉམས་པ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །རིགས་དམའ་བ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས་དམའ་

བ་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །བྱད་ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་བྱད་ངན་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །ཚིག་འབྲུ་

ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་སྟེ། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །སྙན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་

བྱ་སྟེ། འདི་ལྟར་དེ་ནི་ཚིག་རྩུབ་ཅིང་ཁྲོ་ལ་སྙན་པར་ཆོས་སྨྲ་བ་ཡང་མ་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །གནས་ལྔ་པོ་འདི་དག་ལ་ཡིད་ལ་བྱེད་པར་མི་བྱ་བར་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པས་དམ་པའི་ཆོས་

ཡོངས་སུ་གཟུང་བར་བྱ་སྟེ། ཆོས་ནི་ནམས་ཀྱང་གང་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་རྟུལ་པོ་གང་ཟག་གི་སྐྱོན་རྣམས་ལ་སེམས་སྡང་ཞིང་ཆོས་ཉན་པར་མི་འདོད་པ་དེ་ནི་བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་

པར་འགྱུར་བར་ཞུགས་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལ་རྣམ་པར་སྦྱོང་བའོ། །དགེ་བའི་བཤེས་གཉེན་ནི་སྡིག་ཏོ་ལས་རྣམ་པར་ཟློག་པའོ། །དགེ་བའི་

เล่ม ๑๑๒ · หน้า 109b

བཤེས་གཉེན་ནི་མི་བྱ་བ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་ཟློག་པའོ། །མ་རིག་པའི་མུན་པ་རྣམ་པར་སེལ་བའོ། །ལྟ་བའི་འཆིང་བ་གཏུབ་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །འཇིག་རྟེན་གྱི་གནས་འདོར་བར་

བྱེད་པའོ། །བདུད་ཀྱི་ཞགས་པ་ལས་ཐར་བར་བྱེད་པའོ། །སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པའོ། །མི་ཤེས་པའི་ཐིབས་པོ་ལས་ཐར་བར་བྱེད་པའོ། །ལྟ་བའི་མྱ་ངན་ལས་ཡོངས་སུ་ཟློག་པའོ། །སྲིད་པའི་ཆུ་བོ་ལས་སྒྲོལ་བའོ། །འདོད་པའི་འདམ་ནས་འབྱིན་པའོ། །ལམ་མི་བདེ་

བ་ནས་རྣམ་པར་ཟློག་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་པའོ། །བྱང་ཆུབ་སེམས་དཔའི་ཡི་དམ་ལ་གཞོག་པའོ། །ནན་ཏན་ལ་རབ་ཏུ་དགོད་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བའི་ཕྱོགས་རབ་ཏུ་སྟོན་པའོ། །ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །

བྱང་ཆུབ་ཀྱི་སེམས་རྣམ་པར་འཕེལ་བར་བྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དག་པར་བསྐྱེད་པའོ། །སྤྱོད་པ་ཡོངས་སུ་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པའི་གདམས་ངག་རབ་ཏུ་སྟོན་པའོ། །ས་ལ་རབ་ཏུ་འགོད་པའོ། །བཟོད་པ་རྣམ་པར་འབྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་

སུ་འགྲུབ་པར་བྱེད་པའོ། །ཚོགས་ཐམས་ཅད་སྐྱེད་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་སྟོབས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་བྱེད་པའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་སྟོན་པའོ། །དོན་ཐམས་ཅད་ཡང་དག་པར་ལེན་དུ་

འཇུག་པའོ། །ནན་ཏན་ལ་གཟེངས་བསྟོད་པའོ། །འབྱུང་བའི་སྒོ་སྟོན་པའོ། །ལམ་གོལ་བ་ལས་ཡོངས་སུ་བསྲུང་བའོ། །ཆོས་སྣང་བའི་སྒོ་སྣང་བར་བྱེད་པའོ། །ཆོས་ཀྱི་སྒོ་མངོན་པར་རླན་པར་བྱེད་པའོ། །ཆོས་ཐོས་པར་བྱ་བའི་སྤྲིན་གྱི་ཆར་འབེབས་པའོ། །ཉོན་མོངས་པ་

ཐམས་ཅད་ཞི་བར་བྱེད་པའོ། །ལྟ་བའི་རྣམ་པ་ཐམས་ཅད་ལས་རྣམ་པར་ཟློག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །འདི་ལྟར་ཡང་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་བསྐྱེད་པས་མ་ལྟ་བུའོ། །དགེ་བའི་བཤེས་

เล่ม ๑๑๒ · หน้า 110a

གཉེན་ནི་ཕན་ཡོན་རྒྱ་ཆེན་པོ་སྒྲུབ་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་བསྲུང་བས་མ་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཁོང་དུ་ཆུད་པར་བྱེད་པས་སློབ་དཔོན་ལྟ་བུའོ། །དགེ་བའི་

བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པས་ལམ་མཁན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པས་སྨན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་ཀྱི་རི་ལྟ་བུའོ། །

དགེ་བའི་བཤེས་གཉེན་ནི་འཇིགས་པ་ཐམས་ཅད་ལས་བསྲུང་བས་དཔའ་བོ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་གཉེན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་

པས་སྐྱ་བ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱེད་པ་རྒྱུན་མ་ཆད་པས་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྙེན་པར་གྱིས་ཤིག །ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་

དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅོག་པས་སློབ་མ་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨད་པས་འཇིག་རྟེན་

གྱི་བྲན་ལྟ་བུའི་སེམས་དང་། ཉོན་མོངས་ཐམས་ཅད་ཀྱིས་མི་སྐྱོ་བའི་ཕྱིར་མ་མ་ལྟ་བུའི་སེམས་དང་། བྱའོ་ཅོག་ལ་མཐུན་པར་བཟུང་བས་གཡོག་ལྟ་བུའི་སེམས་དང་། ང་རྒྱལ་དང་མཐོ་བའི་ང་རྒྱལ་སྤང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། དུས་དང་དུས་མ་ཡིན་པར་མཐོ་

དམན་དུ་འགྱུར་བས་ཟླ་བ་ཉ་བ་ལྟ་བུའི་སེམས་དང་། མི་སྲུན་པ་ཐམས་ཅད་རྣམ་པར་སྤང་བས་རྟ་ཅང་ཤེས་ལྟ་བུའི་སེམས་དང་། ཁུར་ལྕི་བ་བསྐུར་བས་ཐེག་པ་ལྟ་བུའི་སེམས་དང་། དུལ་བ་དང་ཅང་ཤེས་ཀྱི་བསམ་པས་གླང་པོ་ལྟ་བུའི་སེམས་དང་། མི་འགུལ་མི་བསྐྱོད་

เล่ม ๑๑๒ · หน้า 110b

པས་རི་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། རློམ་པ་དང་ང་རྒྱལ་མེད་པས་གདོལ་པ་ལྟ་བུའི་སེམས་དང་། དྲེགས་པ་ཐམས་ཅད་མེད་པས་རྭ་བཅད་པའི་ཁྱུ་མཆོག་ལྟ་བུའི་སེམས་དང་། རློམ་སེམས་མེད་པས་མཆན་བུ་ལྟ་བུའི་སེམས་དང་། འགྲོ་ཞིང་

འོང་བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངག་གི་མཐར་ཕྱིན་པར་བྱེད་པས་ཟམ་པ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བར་བྱ་བས། རྒྱལ་པོ་

གཞོན་ནུ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་

སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འགྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ལམ་མཚོན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་ལམ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཕྱོགས་

བདེ་བར་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཕ་རོལ་ཏུ་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་གཉེན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མུ་སྟེགས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་གྲུའི་འདུ་

ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཞིང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཀླུའི་དབང་པོའི་འདུ་ཤེས་དང་། གདམས་ངག་ལ་ནི་ཆར་པའི་འདུ་ཤེས་དང་། ནན་ཏན་ལ་ནི་ལོ་ཏོག་འགྲུབ་པའི་འདུ་ཤེས་བསྐྱེད་

པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་དབུལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ངལ་བསོ་བའི་འདུ་ཤེས་དང་། གདམས་ངག་ལ་ནི་ནོར་དང་དོན་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་དབུལ་བ་སེལ་བའི་འདུ་ཤེས་བསྐྱེད་པར་

เล่ม ๑๑๒ · หน้า 111a

བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་སློབ་མའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སློབ་དཔོན་གྱི་འདུ་ཤེས་དང་། གདམས་ངག་ལ་ནི་བཟོའི་འདུ་ཤེས་དང་། ནན་ཏན་ལ་ནི་བཟོ་ཁོང་དུ་ཆུད་པའི་འདུ་ཤེས་བསྐྱེད་

པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། གདམས་ངག་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་

ཁྱོད་ཀྱིས་བདག་ལ་ནི་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྐྱ་བ་འཛིན་པའི་འདུ་ཤེས་བསྐྱེད་པ་དང་། གདམས་ངག་ལ་ནི་རིན་པོ་ཆེའི་འདུ་ཤེས་དང་། ནན་ཏན་ལ་ནི་རིན་པོ་ཆེ་སྡུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་

བདག་ལ་ནི་བུ་དམ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཕ་མའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་རིགས་ཀྱི་ཚུལ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཚུལ་མ་ཉམས་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་

ནི་རྒྱལ་པོ་གཞོན་ནུའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཆོས་ཀྱི་རྒྱལ་པོ་དང་། བློན་པོ་དམ་པའི་འདུ་ཤེས་དང་། གདམས་ངག་ལ་ནི་རྒྱལ་པོའི་ཁྲིམས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཡེ་ཤེས་ཀྱི་རྒྱལ་པོའི་ཅོད་པན་དང་། རྒྱན་དང་ཆོས་

ཀྱི་ཐབས་མགོ་ལ་འཆིང་བ་དང་། ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་ལ་རྣམ་པར་བལྟ་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱ་བ་ཡོངས་སུ་བསྒོམས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་ཉེ་བར་བསྙེན་པར་གྱིས་ཤིག་ཅེས་

གསུངས་སོ། །བྱང་ཆུབ་ཀུན་ཏུ་རྒྱུའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་གནས་བཅུ་ཡིས། གྲོགས་པོས་བཤེས་པ་ལ་རྗེས་སུ་བརྩེ་བ་དང་། དོན་འདོད་པ་དང་། ཕན་པ་འདོད་པ་དང་། བདེ་བ་འདོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དེ་རིང་དུ་གནས་པ་དྲན་པར་

เล่ม ๑๑๒ · หน้า 111b

འགྱུར་བ་དང་། དེ་འོང་བ་ན་དགའ་བར་འགྱུར་བ་དང་། ལེགས་པར་འོངས་པའི་ཕྱིར་མདུན་བསུ་བར་འགྱུར་བ་དང་། དེ་ལ་ཤིས་པའི་གཏམ་བརྗོད་པ་དང་། དེ་ལ་གསང་བ་བརྗོད་པར་འགྱུར་བ་དང་། དེའི་གསང་བ་སྦེད་པར་འགྱུར་བ་དང་། དེའི་གསང་བ་སྲུང་བར་འགྱུར་

བ་དང་། དེའི་མི་མཛའ་བ་སྤོང་བར་འགྱུར་བ་དང་། དེའི་མཛའ་བོ་བསྟེན་པར་འགྱུར་བ་སྟེ། རྒྱལ་པོ་ཆེན་པོ་གནས་བཅུ་པོ་ནི་སྡིག་པ་ལས་བཟློག་པའི་ཕྱིར་མདུན་དུ་འགྲོ་བ་ཉིད་དོ། །རྒྱལ་པོ་ཆེན་པོ་གཞན་ཡང་གནས་བཅུས་གྲོགས་པོས་བཤེས་པ་ལ་རྗེས་སུ་བརྩེ་བ་དང་། དོན་

འདོད་པ་དང་། ཕན་པ་འདོད་པ་དང་། བདེ་བ་འདོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ལུས་དང་ངག་དང་ཡིད་སྡོམ་པ་ཡང་དག་པར་ལེན་དུ་འཇུག །འགོད་རབ་ཏུ་འཇོག་པ་དང་། གཏང་བར་བྱ་བ་གཏོང་བ་པ་ཡང་དག་པར་འཛུད་པར་བྱེད་པ་དང་། ཕ་དང་མ་ལ་རིམ་གྲོས་གནས་

པ་དང་། གུས་པར་ཉན་པ་དང་། ཞེས་དང་། རི་མོར་བྱེད་པ་ལ་ཡང་དག་པར་འཛུད་པར་བྱེད་པ་དང་། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་མནར་སེམས་པ་མེད་པ་དང་། མདུན་དུ་འགྲོ་བ་ཡང་དག་པར་ལེན་དུ་འཇུག་པ་དང་། དེ་དག་གི་ཡོན་ཏན་གྱི་རྗེས་སུ་

བསྔགས་པ་བརྗོད་པ་ལ་ཡང་དག་པར་སྦྱོར་བ་དང་། དེ་དག་ལ་མགྲོན་དུ་གཉེར་བ་དང་། གོས་དང་ཟས་དང་མལ་སྟན་དང་། ན་བའི་རྐྱེན་སྨན་དང་ཡོ་བྱད་སྒྲུབ་པ་ལ་ཡང་དག་པར་ལེན་དུ་འཇུག་པ་དང་། འདོད་པ་རྣམས་ལ་སྨོད་པ་དང་མི་མཐུན་པ་རྣམས་ལ་ཡང་དག་པར་འཛུད་པར་

བྱེད་པ་དང་། མཛའ་བ་དང་མི་མཛའ་བ་སྤོང་ཞིང་རབ་ཏུ་འབྱུང་བའི་བསྔགས་པ་བརྗོད་པ་ལ་ཡང་དག་པར་ལེན་དུ་འཇུག་པ་དང་། ཆོས་ཉན་པའི་འབེལ་བའི་གཏམ་གྱི་ཕྱིར་མངོན་པར་འགྲོ་བར་བྱ་བ་མཆོག་ཉིད་ལ་ཡང་དག་པར་ལེན་དུ་འཇུག་པ་དང་། རྒྱལ་པོ་ཆེན་པོ་གནས་བཅུ་པོ་ནི་

འཇིག་རྟེན་ཕ་རོལ་ལ་འཇིགས་པ་ཉིད་ལ་ཡང་དག་པར་སྦྱོར་བའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ལས་ཀྱང་། དགེ་བའི་བཤེས་དང་ལྡན་ཞིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡང་མི་འགྱུར། །གང་ཞིག་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด