འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๔ · หน้า 29b
རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་དག་སྤྱད་པའི་རྒྱུ་ལས་སངས་རྒྱས་གྲུབ་པོ་ཞེས་ཡིད་ལ་བྱས་པས་བསྐྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་འབྲས་བུ་ཡིད་ལ་བྱེད་པའི་རྗེས་སུ་དྲན་པ་མ་ཡིན་པ་ནི་ཕྱི་མའི་མཐའ་ཤེས་པ་ལ་སེམས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། དཀར་པོའི་
སྤྱོད་པ་དེའི་འབྲས་བུ་ཕྱི་མའི་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་ཡིད་ལ་བྱེད་པས་མ་བསྐྱེད་ཅེས་བྱ་བའི་དོན་ཏོ། །ད་ལྟར་སྣང་བ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི་ད་ལྟར་བྱུང་བ་ལ་གནས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། མངོན་སུམ་དུ་སྣང་བའི་དེ་བཞིན་
གཤེགས་པ་ནི་ད་ལྟར་བྱུང་བ་སྟེ། དེ་ལ་དམིགས་པས་ཀྱང་བསྐྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་མཚན་མར་བཟུང་སྟེ། ཡིད་ལ་བྱས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་མ་ཡིན་པར་བསྟན་ཏོ། །
སངས་རྒྱས་རྗེས་སུ་དྲན་པའི་སྐྱོན་མཚན་མ་དང་བཅས་པ་ལ་དམིགས་པ་སྤངས་པ་ཡང་རྣམ་པ་བཅུ་བདུན་གྱིས་བསྟན་ཏེ། ཤེས་བྱའི་མཚན་མའི་རྣམ་པ་ལས་འདས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏོ། །ཐ་སྙད་ཀྱི་མཚན་མ་ཐམས་ཅད་ལས་
འདས་པ་ནི་མཐོང་བ་དང་། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། མཐོང་བ་ནི་མིག་གིས་སོ། །ཐོས་པ་ནི་རྣ་བས་སོ། །བྱེ་བྲག་ཕྱེད་པ་མ་མཐོང་མ་ཐོས་པར་བདག་ཉིད་ཀྱིས་བསམས་ཤིང་བཅལ་ལ་ཉེ་བར་བརྟགས་པའོ། །རྣམ་པར་
རིག་པ་ནི་ནང་སོ་སོ་རང་གིས་རིག་པ་དང་རྟོགས་པ་དང་རེག་པ་དང་། མངོན་སུམ་དུ་བྱས་པ་སྟེ། མཐོང་བ་ལ་སོགས་པ་དེ་དག་ལ་བརྟེན་ནས་གཞན་དག་ལ་ཐ་སྙད་དུ་བརྗོད་པས་ན་ཐ་སྙད་ཅེས་བྱའོ། །ཀུན་ནས་ཉོན་མོངས་པའི་སེམས་ཀྱི་མཚན་མ་ཐམས་ཅད་ལས་འདས་པའི་སེམས་དང་
ཡིད་དང་རྣམ་པར་ཤེས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་འབྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །མ་ཞི་བའི་མཚན་མ་ཐམས་ཅད་ལས་
เล่ม ๑๑๔ · หน้า 30a
འདས་པ་ནི་སྤྲོས་པ་དང་རྒྱུ་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། སྤྲོས་པ་ནི་གཟུང་བ་དང་འཛིན་པར་རྟོག་པའོ། །རྒྱུ་བ་ནི་འདོད་ཆགས་ལ་སོགས་པ་སེམས་ལ་རྒྱུ་བའོ། །མི་སྐྱེ་མི་འགག་པས་སྐྱེ་བ་དང་འཇིག་པའི་མཚན་མ་ལས་འདས་པ་ནི། སྐྱེ་བ་དང་འཇིག་
པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། རྐྱེན་གྱི་དབང་གིས་རྒྱུད་སྔ་ན་མ་བྱུང་བ་ལས་དང་པོ་ཆོས་གང་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །སྐྱེས་མ་ཐག་པའི་སྐད་ཅིག་རྗེས་སུ་འཇུག་པ་ནི་གནས་པ་ཞེས་བྱའོ། །སྐྱེ་བའི་སྐད་ཅིག་ཕན་ཆད་མི་གནས་པ་ནི་འཇིག་པ་ཞེས་བྱའོ། །གནོད་པ་དང་ཕན་པ་
མེད་པས་གནོད་པ་དང་ཕན་པར་བྱེད་པའི་མཚན་མ་ལས་འདས་པའི་བཟུང་བ་དང་རྩོད་པ་དང་བཏང་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། བཟུང་བ་ནི་སེམས་ནང་དུ་འདུ་བའོ། །རྩོད་པ་ནི་སེམས་ལ་གནོད་པ་འབྱུང་བའོ། །དམིགས་པ་ལས་མ་རྨོངས་པ་ཡིད་ལ་བྱ་བའི་མཚན་མ་ལས་འདས་
པ་ནི་དྲན་པ་དང་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་ཞེས་བྱ་བས་བསྟན་ཏེ། དྲན་པ་ནི་དམིགས་པར་བྱ་བའི་དངོས་པོ་མ་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་གཏོད་པའོ། །རྟོག་གེའི་ཡུལ་གྱི་མཚན་ཉིད་ཀྱི་མཚན་མ་ལས་འདས་པ་ནི། རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོགས་
པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ་རྟོག་གེ་རྣམས་ཀྱི་ཡུལ་ནི་ལུང་དང་རྗེས་སུ་དཔག་པ་དང་། མངོན་སུམ་གྱི་ཚད་མ་གསུམ་གྱིས་རྟོག་པ་སྟེ། གཞུང་གི་ཚིག་གསུམ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་ཉན་ཐོས་ཀྱི་ཡིད་ལ་བྱེད་པས་འཕགས་པའི་བདེན་པ་བཞི་ལ་རྟོག་པ་
དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་ཡོངས་སུ་རྟོགས་པས་ཀྱང་རྗེས་སུ་དྲན་པ་འདི་མ་བསྐྱེད་ཅེས་སྦྱར་རོ། །མཚན་མ་མེད་པ་ཡིན་པས་མཚན་མ་ཐམས་ཅད་ལས་འདས་པ་ནི་
ཆོས་ཀྱི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཆོས་ཀྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་ལ་བྱའོ། །རང་གི་མཚན་ཉིད་ནི་སའི་མཚན་ཉིད་སྲ་བ་ལ་སོགས་པའོ། །དུ་མ་མི་རྟག་པའི་མཚན་མ་ལས་འདས་པ་ནི། གཅིག་དང་
เล่ม ๑๑๔ · หน้า 30b
ཐ་དད་པ་དང་སོ་སོ་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། སྐུ་མངོན་སུམ་དུ་སྣང་བ་དང་། སྐུའི་ཆོས་ཉིད་གཅིག་པར་ཡིད་ལ་བྱེད་པ་དང་། ཐ་དད་པར་ཡིད་ལ་བྱེད་པ་དང་། སྐུའི་ཆོས་ཉིད་དུ་མར་ཡིད་ལ་བྱེད་པ་གང་གིས་ཀྱང་མ་ཕྱེ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་
གྱི་མཚན་མ་ལས་འདས་པ་ནི། སེམས་ཀྱི་དམིགས་པ་བགྲང་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏོ། །དབུགས་ཕྱི་ནང་དུ་རྒྱུ་བ་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ་སྟོང་གི་བར་དུ་བགྲང་བ་ལས་ཀྱང་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་དང་ནང་གི་མཚན་མ་ལས་འདས་པ་ནི། ནང་
དང་ཕྱི་རོལ་དུ་གཡོ་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཏིང་ངེ་འཛིན་གྱི་རོ་མྱོང་བར་བྱེད་པ་དང་། ཕྱིའི་ཡུལ་ལ་སེམས་འཕྲོ་བ་ནི་ནང་དང་ཕྱི་རོལ་ཏུ་གཡོ་བའོ། །རྣམ་པར་བྱང་བ་བླང་བ་དང་། ཀུན་ནས་ཉོན་མོངས་པ་སྤོང་བའི་མཚན་མ་ལས་འདས་པ་ནི། རྣམ་པར་རྟོག་པའི་
མཚན་མ་དང་བླང་བ་དང་དོར་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། རྣམ་པར་རྟོག་པ་ནི་བཟང་ངན་དུ་འབྱེད་པ་སྟེ། རྣམ་པར་བྱང་བ་བླང་བ་དང་། ཀུན་ནས་ཉོན་མོངས་པ་འདོར་བར་རྟོག་པའོ། །གཟུགས་ཀྱི་མཚན་ཉིད་ཀྱི་མཚན་མ་ལས་འདས་པ་ནི། ཁ་དོག་དང་དབྱིབས་དང་རྟགས་
ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཁ་དོག་ནི་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་གོ། །དབྱིབས་ནི་རིང་བ་དང་ཐུང་བ་ལ་སོགས་པ་སྟེ། དེ་དག་ཉིད་སེམས་ཀྱི་མཚན་མར་བྱ་བ་ཡིན་པས་རྟགས་ཞེས་བྱའོ། །སྤྱོད་ལམ་གྱི་མཚན་མ་ལས་འདས་པ་ནི། །སྤྱོད་ལམ་དང་། སྤྱད་
པ་དང་། སྤྱོད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། སྤྱད་པ་ནི་འཕྲལ་གྱི་བྱ་བའོ། །སྤྱོད་པ་ནི་གྲོང་དུ་འཇུག་ཅིང་བསོད་སྙོམས་ལེན་པ་ལ་སོགས་པའོ། །དཀར་པོའི་ཕྱོགས་ཀྱི་མཚན་མ་ལས་འདས་པ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་
གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཟག་པ་མེད་པའི་ཕུང་པོ་ལྔ་པོ་འདི་དག་གིས་ནི་དཀར་པོའི་ཆོས་ཐམས་ཅད་བསྡུས་ལ། དེ་ལྟ་བུར་ཡིད་ལ་བྱས་པ་ལས་རྗེས་སུ་དྲན་པ་འདི་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །
เล่ม ๑๑๔ · หน้า 31a
འབྲས་བུའི་མཚན་མ་ལ་དམིགས་པ་ལས་འདས་པ་ནི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་སྒྲོ་བཏགས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་འབྲས་བུ་སྟོབས་དང་མི་འཇིགས་པ་ལ་སོགས་
པ་སངས་རྒྱས་ཡིན་པར་འཛིན་ན་དེ་ཉིད་སྒྲོ་བཏགས་པ་ཡིན་པས་དེ་ལྟར་བསྒོམས་ཤིང་ཡིད་ལ་བྱས་པ་ལས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་འདི་སྐྱེས་པ་མ་ཡིན་པས་རབ་ཏུ་མ་ཕྱེ་བ་ཞེས་བྱའོ། །རྗེས་སུ་དྲན་པའི་ཕན་ཡོན་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དེ་ཁོ་ནའི་མཚན་ཉིད་ལ་
འཇུག་པ་དང་། ཕྱིན་ཅི་ལོག་སྤངས་པའོ། །དེ་ཁོ་ནའི་མཚན་ཉིད་ལ་འཇུག་པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཐམས་ཅད་དུ་སོང་བའི་དོན་ནི་འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་ནི་བསམ་གྱིས་མི་ཁྱབ་ཅེས་བྱ་བས་བསྟན་ཏེ། བསམ་པར་བྱེད་པ་དང་། བསམ་པར་བྱ་བ་
ལས་འདས་པས་རྟོག་གེ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཀྱི་སྤྲོས་པ་མེད་པ་ནི་རྒྱུ་བ་མེད་པ་ཞེས་བྱ་བས་བསྟན་ཏེ། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་སྤྲོས་པ་མེད་པས་ན་རྒྱུ་བ་མེད་པ་ཞེས་བྱའོ། །གཞན་ལ་
བསྟན་དུ་མེད་པ་ནི་རྣམ་པར་རིག་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བས་བསྟན་ཏེ། དེའི་ཚེ་རང་ཉིད་ཀྱིས་ཀྱང་དཀར་པོའམ་དམར་པོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་མེད་ན་གཞན་ལ་བསྟན་པར་ག་ལ་ནུས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་སོང་བའི་དོན་དེ་ཉིད་ཀྱང་རྣམ་པ་
གསུམ་གྱིས་རྒྱས་པར་བསྟན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རྣམ་པར་ཤེས་པའི་དམིགས་པ་ལས་འདས་པ་ནི་ངའི་བ་མེད་པ་ཞེས་བྱ་བས་བསྟན་ཏེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་ཡིད། མ་རིག་པ་དང་བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང་། སྲེད་པའི་
མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་ལྡན་པས་ཀུན་གཞི་རྣམ་པར་ཤེས་པས་བསྡུས་པའི་ལུས་འདི་ལ་བདག་ཏུ་དམིགས་ཤིང་རྟོག་པ་ཇི་ལྟར་དེའི་དུས་ན་མི་རྟོག་པའི་ཕྱིར་ངའི་བ་མེད་པའོ། །གཟུང་བ་དང་འཛིན་པར་རྟོག་པ་ལས་འདས་པ་ནི་ཡིད་ལ་བྱེད་པ་དང་བྲལ་བ་ཞེས་བྱ་
เล่ม ๑๑๔ · หน้า 31b
བས་བསྟན་ཏེ། གཟུང་བ་དང་འཛིན་པའི་ཚུལ་དུ་ཡིད་ལ་མི་བྱེད་ཅེས་བྱ་བའི་དོན་ཏོ། །མི་ཤེས་པའི་རྟོག་པ་མེད་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་གནས་པ་མེད་པའོ་ཞེས་བྱ་བས་བསྟན་ཏེ། དེ་ལྟ་བར་གཟུང་བ་དང་འཛིན་པ་ཡིད་ལ་བྱེད་པ་དང་བྲལ་བ་འགོག་པའི་སྙོམས་པར་འཇུག་པ་
དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར་ཅི་ཡང་མི་དྲན་པ་ཡིན་ནམ་ཞེ་ན། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་གནས་མ་ཡིན་ཏེ། ཡང་དག་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པའི་དོན་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སེམས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱང་རྣམ་པ་བདུན་
གྱིས་རྒྱས་པར་བསྟན་ཏེ། སྐྱེ་བ་དང་འཇིག་པའི་རྒྱུའི་སྤྲོས་པ་ལས་འདས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འབྱུང་བ་དང་འཇིག་པའི་གནས་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་སྐྱེ་བ་དང་འཇིག་པའི་རྒྱུ་བྱེད་པ་ནི་སྤྲོས་པ་ཡིན་ཏེ། དེ་ལྟ་བུའི་རྒྱུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རིང་དུ་སོང་
བ་ནི་ཐོགས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་རྟོགས་པའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་དེ་ཡུལ་དང་དུས་གང་ལ་ཡང་ཐོགས་པ་མེད་པར་འཇུག་གོ། །སྐབས་མེད་པ་ནི་འཇུག་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། སྐྱོན་འདི་ལྟ་བུ་ཞིག་ཡོད་ཅེས་
ཀླན་ཀའི་སྐབས་ཡོད་པ་ནི་འཇུག་པ་ཞེས་བྱ་སྟེ་དེ་མེད་པའི་དོན་ཏོ། །སྐྱེས་ནས་ཐོབ་པ་དང་། སྦྱོར་བའི་ཤེས་རབ་ཀྱིས་མི་རྟོག་པ་ནི་གནས་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཤེས་རབ་དེ་ཉིད་ཀྱིས་མི་རྟོག་པའི་ཕྱིར་རོ། །བསྒོམ་པའི་ཤེས་རབ་ཀྱིས་དེ་ཁོ་ན་ལ་དམིགས་པ་ནི། མི་
གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཤེས་རབ་གོང་མ་གཉིས་ཀྱིས་མི་རྟོག་པར་བསྒོམ་པའི་ཤེས་རབ་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་འདི་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །གཟུང་བ་དང་འཛིན་པར་མི་རྟོག་པ་ནི་རབ་ཏུ་གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། གཟུང་བ་དང་འཛིན་
པའི་ཚུལ་དུ་མི་རྟོག་ཅེས་བྱ་བའི་ཐ་ཚིག་གོ། །དཀར་པོའི་ཕྱོགས་ལ་མི་རྟོག་པ་ནི་ཡང་དག་པར་གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་ལྟ་བུར་ཡང་དམིགས་པར་མི་བྱེད་
เล่ม ๑๑๔ · หน้า 32a
པའི་ཕྱིར་རོ། །གཞན་ལ་བསྟན་དུ་མེད་པ་ཡང་རྣམ་པར་ཤེས་པའི་གནས་སུ་གྱུར་པ་ལས་འདས་པ་ཞེས་བྱ་བའི་དོན་རྣམ་པ་གཅིག་གིས་རྒྱས་པར་བསྟན་ཏེ། གཟུགས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་པའོ། །དེ་ལ་དཀར་
པོ་དང་སྔོན་པོ་དང་རིང་པོ་དང་ཐུང་ངུ་ལ་སོགས་པ་ནི་གཟུགས་ཀྱི་རྣམ་པར་ཤེས་པ་སྟེ། དངོས་སུ་ན་མིག་གི་རྣམ་པར་ཤེས་པ་ལ་བྱའོ། །དེ་ལྟར་ན་མིག་གི་རྣམ་པར་ཤེས་པས་དམིགས་པའི་ཡུལ་མ་ཡིན་པའམ། ཡང་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མི་བྱེད་པས་ན་གནས་མ་
ཡིན་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་རོ། །ཕྱིན་ཅི་ལོག་སྤངས་པ་བསྟན་པའི་ཕྱིར་ཡང་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་མིང་གིས་སྨོས་པ་འདི་རྣམས་ཀྱིས་བསྟན་ཏེ། ཡོད་པ་དང་མེད་པ་ལ་མི་དམིགས་པ་དང་། རྣམ་
པར་རྟོག་པ་ལས་ཤིན་ཏུ་འདས་པ་དང་། ངག་དང་སེམས་དང་ལུས་ཀྱིས་བསྐྱོད་པའི་སྤྲོས་པ་མེད་པ་དང་། ཐ་སྙད་མེད་པ་དང་། ཉན་ཐོས་ཀྱིས་རྣམ་པར་གྲོལ་བར་མ་ལྷུང་བ་དང་། ཉིང་མཚམས་སྦྱོར་བ་མེད་པ་དང་། རྟོག་དཔྱོད་ལས་འདས་པ་དང་། གང་ཟག་ལ་བདག་མེད་པར་
རྟོགས་པ་དང་། ཉོན་མོངས་པའི་རྒྱུ་ལྟ་བུར་མེད་པ་དང་། སྔོན་དང་ཕྱི་མའི་མཐའ་ལས་འདས་པ་དང་། གཟུང་འཛིན་གྱི་དྲི་མ་གློ་བུར་དང་བྲལ་བས་རང་བཞིན་གྱིས་དག་པ་དང་། འཇིག་རྟེན་གྱི་སྙོམས་པར་འཇུག་པའི་རོ་མྱང་བའི་དྲི་མ་ཡིད་སིམ་པ་དང་། ལུས་བདེ་བ་ལས་འདས་པ་དང་། རང་
བཞིན་གྱིས་མྱ་ངན་ལས་འདས་པ་དང་། འབྲས་བུ་མངོན་དུ་བྱས་པས་བརྩོན་འགྲུས་བརྩམས་པ་ལས་འདས་པ་དང་། ཕུང་པོ་ལྔའི་མཚན་ཉིད་ལས་འདས་པ་དང་། བསྣན་པ་དང་། དོར་བ་མེད་པ་དང་། ཀུན་གཞི་མེད་པ་དང་། ཚོར་བ་རྣམ་པ་གསུམ་མེད་པས་གང་ལ་ཡང་ཆགས་པ་མེད་
པ་དང་། མ་སྐྱེས་པ་དང་། སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་མི་བརྟེན་པ་དང་། ཟླ་མེད་པ་དང་། ཕུང་པོ་གཞན་ལེན་པ་དང་བྲལ་བ་དང་། ཉོན་མོངས་པ་མེད་པ་དང་། ཕུང་པོ་ལྔ་དང་བྲལ་བ་དང་། རང་བཞིན་གྱིས་ཞི་བ་དང་། ཆོས་ཀྱི་དབྱིངས་སུ་འཇུག་པ་དང་། དབང་པོ་དང་
เล่ม ๑๑๔ · หน้า 32b
ཡུལ་གྱིས་མ་བསྐྱེད་པས་བསྟན་ཏོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་སངས་རྒྱས་རྗེས་སུ་དྲན་པ་ལ་བྱའོ། །དམིགས་པ་ཐམས་ཅད་ལ་མི་གནས་པ་ཞེས་བྱ་བས་ཡོད་པ་དང་མེད་པ་ལ་མི་དམིགས་པས་བསྟན་ཏེ། དམིགས་པ་ཐམས་ཅད་ནི་ཡོད་པ་ལ་དམིགས།
ཡང་ན་ནི་མེད་པ་ལ་དམིགས་པ་ཡིན་ན། དེའི་དུས་ན་ཡོད་པར་ཡང་མི་དམིགས། མེད་པར་ཡང་མི་དམིགས་པས་ན་དམིགས་པ་ཐམས་ཅད་ལ་མི་གནས་པ་ཞེས་བྱའོ། །མཚན་མ་ཐམས་ཅད་མི་ལྡང་བ་ཞེས་བྱ་བས་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པ་བསྟན་ཏོ། །མཚན་མའི་འདོད་ཆགས་
དང་ཞེ་སྡང་དང་གཏི་མུག་དང་། སྐྱེས་པ་དང་བུད་མེད་ལ་སོགས་པར་རྟོག་པ་སྟེ། དེ་ལྟ་བུའི་མཚན་མ་སེམས་ལ་མི་འབྱུང་བས་ན་མི་ལྡང་བ་ཞེས་བྱའོ། །གཡོ་བ་དང་། སེམས་པ་དང་། བསྐྱོད་པ་ཐམས་ཅད་ཀྱི་རྒྱུ་བ་མེད་པ་ཞེས་བྱ་བས་ངག་དང་སེམས་དང་ལུས་ཀྱིས་བསྐྱོད་པའི་
སྤྲོས་པ་མེད་པར་བསྟན་ཏེ། ཚིག་ཏུ་འབྱིན་པ་ནི་གཡོ་བའོ། །སེམས་ལ་རྟོག་པ་ནི་སེམས་པའོ། །ལུས་ཀྱི་འགུལ་བ་ནི་བསྐྱོད་པ་སྟེ། དེ་གསུམ་ཆར་མེད་པ་ན་རྒྱུ་བ་མེད་པའོ། །མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པར་མི་སྐྱེ་ཞེས་བྱ་བས་ཐ་སྙད་མེད་པར་བསྟན་
ཏེ། མཐོང་བ་ལ་སོགས་པས་གཞན་དག་ལ་ཐ་སྙད་དུ་བྱེད་པ་མེད་དེ། དེ་དག་ཐམས་ཅད་སྤངས་པས་ན། མི་སྐྱེ་བ་ཞེས་བྱའོ། །དབང་པོ་དང་རྣམ་པར་གྲོལ་བའི་མཚན་ཉིད་ཐམས་ཅད་ཀྱི་རྗེས་སུ་མི་འགྲོ་བ་ཞེས་བྱ་བས་ཉན་ཐོས་ཀྱི་རྣམ་པར་གྲོལ་བར་མ་ལྷུང་བ་བསྟན་ཏེ། དབང་པོ་ནི་དད་པ་ལ་
སོགས་པ་སྟེ། གང་གིས་རྣམ་པར་གྲོལ་བར་བྱེད་པའོ། །རྣམ་པར་གྲོལ་བ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། གང་དུ་རྣམ་པར་གྲོལ་བའོ། །སྟོང་པ་ཉིད་དུ་དམིགས་ཀྱང་དེའི་ཚེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མ་ལྷུང་བས་ན། རྗེས་སུ་མི་འགྲོ་བ་ཞེས་བྱའོ། །སེམས་གཅིག་
ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱ་བས་ཉིང་མཚམས་སྦྱོར་བ་མེད་པར་བསྟན་ཏེ། སེམས་ཀྱི་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་རྣམས་རྒྱུན་དུ་འབྱུང་བ་ནི་སེམས་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །དེའི་དུས་ན་སེམས་ཀྱི་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་
เล่ม ๑๑๔ · หน้า 33a
མ་འཇུག་པ་མེད་པས་ན་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བས་རྟོག་དཔྱོད་ལས་འདས་པ་བསྟན་ཏེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་རྣམས་ལ་རྟོག་པ་ནི་རྟོག་པའོ། །དད་པ་
དང་ཤེས་རབ་ལ་སོགས་པ་རྣམ་པར་བྱང་བ་ལ་རྟོག་པ་ནི་རྟོག་པ་སྟེ། དེའི་དུས་ན་དེ་གཉིས་ཀ་ལ་རྟོག་པ་མེད་པའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཉེས་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བཅོམ་པ་ཞེས་བྱ་བས་གང་ཟག་ལ་བདག་མེད་པར་རྟོགས་པ་བསྟན་ཏེ། ཆགས་པ་དང་ཁོང་ཁྲོ་བ་ཉིད་
སྐྱོན་ཡིན་པས་ན་ཉེས་པ་ཞེས་བྱའོ། །གང་ཟག་ལ་བདག་མེད་པར་རྟོགས་ཏེ། ལག་མཐིལ་དང་ནམ་མཁའ་མཉམ་ཞིང་། སྟེའུ་དང་ཙནྡན་དུ་འདྲ་བར་འཛིན་པ་ལ་དེ་ཉིད་མེད་པས་ན་བཅོམ་པ་ཞེས་བྱའོ། །རྒྱུའི་མཚན་ཉིད་རྣམ་པར་ཆད་པ་ཞེས་བྱ་བས་ཉོན་མོངས་པའི་རྒྱུ་ལྟ་བུ་མེད་
པར་བསྟན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུ་ནི་བདག་ཏུ་ལྟ་བ་སྟེ་བདག་ཏུ་ལྟ་བ་སྤངས་པས་ན། རྒྱུའི་མཚན་ཉིད་རྣམ་པར་ཆད་པ་ཞེས་བྱའོ། །ཕ་རོལ་དང་ཚུ་རོལ་དང་དབུས་དང་མཐར་འཛིན་པ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བས་སྔོན་དང་ཕྱི་མའི་མཐའ་ལས་འདས་པ་བསྟན་ཏེ་དེ་ལ་
འདས་པའི་དུས་སུ་རྟོག་པ་ནི་ཕ་རོལ་གྱི་མཐར་འཛིན་པའོ། །མ་འོངས་པའི་དུས་སུ་རྟོག་པ་ནི་ཚུ་རོལ་གྱི་མཐར་འཛིན་པའོ། །ད་ལྟར་གྱི་དུས་སུ་རྟོག་པ་ནི་དབུས་ཀྱི་མཐར་འཛིན་པ་སྟེ། དུས་གསུམ་ལ་རྟོག་པ་མེད་པས་ན་མཐར་འཛིན་པ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱའོ། །
སྒྲོ་བཏགས་པ་མེད་པས་འོད་གསལ་བ་ཞེས་བྱ་བས་གཟུང་འཛིན་གྱི་དྲི་མ་གློ་བུར་དང་བྲལ་བས་རང་བཞིན་གྱིས་དག་པར་བསྟན་ཏེ། གཟུང་བ་དང་འཛིན་པ་ཡོད་པར་རྟོག་པ་ནི་སྒྲོ་བཏོགས་པ་ཞེས་བྱའོ། །གཟུང་བ་དང་འཛིན་པ་ཡོད་པ་མི་རྟོག་པས་ན་འོད་གསལ་བ་ཞེས་བྱ་སྟེ། རང་བཞིན་
གྱིས་རྣམ་པར་དག་པའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཕྱེ་བ་མེད་པའི་ཕྱིར་དགའ་བ་མེད་པ་དང་། མྱང་བ་མེད་པའི་ཕྱིར་བདེ་བ་མེད་པ་ཞེས་བྱ་བས་འཇིག་རྟེན་གྱི་སྙོམས་པར་འཇུག་པའི་རོ་མྱང་བའི་དྲི་མ་ཡིད་སིམ་པ་དང་། ལུས་བདེ་བ་ལ་འདས་པ་བསྟན་ཏེ། ཡིད་སིམ་པ་མེད་
เล่ม ๑๑๔ · หน้า 33b
པའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མྱང་བ་ནི་སེམས་ཀྱི་བསམ་གཏན་གྱི་རོ་མྱང་བ་སྟེ། བསམ་གཏན་གྱི་རོ་མྱང་བ་མེད་པའི་ཕྱིར་ལུས་བདེ་བ་མེད་པའོ། །གཟོད་མ་ནས་ཞི་བས་ཡོངས་སུ་གདུང་བ་མེད་པ་ཞེས་བྱ་བས་རང་བཞིན་གྱིས་མྱ་ངན་ལས་འདས་པ་བསྟན་ཏེ། གཟོད་མ་ནས་
མ་འོངས་པའི་དུས་ཏེ་དེའི་དུས་ནས་ཀྱང་ཞི་བ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །འབད་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བའི་མཚན་ཉིད་དོ་ཞེས་བྱ་བས་འབྲས་བུ་མངོན་དུ་བྱས་པས་བརྩོན་འགྲུས་བརྩམས་པ་མེད་པས་འབད་པ་ཐམས་ཅད་ནི་མཉན་པ་དང་། བསམ་
པ་དང་། བསྒོམ་པ་ལ་སོགས་པ་བརྩོན་འགྲུས་རྩོམ་པ་སྟེ། རྣམ་པར་གྲོལ་བའི་འབྲས་བུ་མངོན་སུམ་དུ་སྤྱད་པས་ན་འབྲས་བུ་དེ་མངོན་སུམ་དུ་བྱ་བའི་ཕྱིར་མཉན་པ་ལ་སོགས་པའི་བརྩོན་འགྲུས་བརྩམས་པ་མེད་པས་འབད་པ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །གཟུགས་མེད་པས་ལུས་མེད་
པའོ། །ཚོར་བ་མེད་པས་ཚོར་བར་གྱུར་པ་མེད་པའོ། །འདུད་པ་མེད་པས་འདུད་པ་དང་བྲལ་བ་མེད་པའོ། །འདུ་མི་བྱེད་པས་འདུས་མ་བྱས་པའོ། །རྣམ་པར་ཤེས་པ་མེད་པས་རྣམ་པར་མི་རིག་པའི་མཚན་ཉིད་དོ་ཞེས་བྱ་བས་ཕུང་པོ་ལྔའི་མཚན་ཉིད་ལས་འདས་པ་བསྟན་ཏེ། ཐོགས་
པ་དང་བཅས་པའི་གཟུགས་མེད་པས་ན་ཆོས་ཀྱི་དབྱིངས་དེ་ལུས་མེད་པ་ཞེས་བྱའོ། །བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མེད་པས་ན། བདེ་བ་ལ་སོགས་པས་ཚོར་བར་གྱུར་པ་མེད་པ་ཞེས་བྱའོ། །ཡུལ་ལ་མཚན་མར་འཛིན་
པ་ནི་མདུད་པ་ཞེས་བྱ་སྟེ། ཡུལ་ལ་མཚན་མར་འཛིན་པ་མེད་པས་ན་མདུད་པ་མེད་པ་ཞེས་བྱའོ། །དེ་བས་ན་མདུད་པ་དང་བྲལ་བ་སྟེ། མཚན་མར་འཛིན་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་མངོན་པར་འདུ་མི་བྱེད་པས་འདུས་མ་བྱས་ཞེས་བྱའོ། །རྣམ་པར་ཤེས་པ་
བདུན་ལ་སོགས་པ་མེད་པས་ན་རྣམ་པར་ཤེས་པ་མེད་པ་སྟེ། དེ་བས་ན་རྟོགས་པར་མི་རུང་བའི་མཚན་ཉིད་དོ། །མི་འཛིན་པས་ལེན་པ་མེད་པའོ། །མི་གཏོང་བས་ན་དོར་བ་མེད་པའོ་ཞེས་བྱ་བས་བསྣན་པ་དང་དོར་བ་མེད་པ་བསྟན་ཏེ། ཏིང་ངེ་འཛིན་གྱི་སྐྱོན་མཚན་མ་ཡིད་ལ་མི་བྱེད་པས་ན། ཡིད་ལ་
เล่ม ๑๑๔ · หน้า 34a
མི་འཛིན་པས་ཏེ། ལེན་པ་མེད་པ་ཞེས་བྱའོ། །དེ་ལྟ་མོད་ཀྱི་དེ་ཁོ་ན་བསྒོམ་པ་མི་གཏོང་བས་ན་དོར་བ་མེད་པ་ཞེས་བྱའོ། །གནས་མེད་པས་མི་གནས་པའོ་ཞེས་བྱ་བས་ཀུན་གཞི་མེད་པར་བསྟན་ཏེ། གནས་ནི་ས་བོན་ཐམས་ཅད་ཀྱི་རྟེན་ཀུན་གཞི་རྣམ་པར་ཤེས་པའོ། །དེའི་
ཚེ་ཀུན་གཞི་རྣམ་པར་ཤེས་པ་མེད་པས་ན་གནས་མེད་པ་སྟེ། དེ་ལྟར་བག་ཆགས་ཐམས་ཅད་མི་གནས་པའི་ཕྱིར་མི་གནས་པ་ཞེས་བྱའོ། །ཚོར་བ་དང་བྲལ་བས་མི་འདུག་པའོ་ཞེས་བྱ་བས་ཚོར་བ་གསུམ་མེད་པས་གང་ལ་ཡང་ཆགས་པ་མེད་པ་བསྟན་ཏེ། བདེ་བ་དང་སྡུག་བསྔལ་བ་དང་། བདེ་
བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་དང་བྲལ་བས་མི་འདུག་པ་སྟེ། ཅི་ལ་ཡང་མ་ཆགས་པ་ཞེས་བྱ་བའི་དོན་ཏོ། །མི་འབྱུང་བས་ན་འབྱུང་བར་མི་འགྱུར་བའི་མཚན་ཉིད་དོ་ཞེས་བྱ་བས་མ་སྐྱེས་པ་བསྟན་ཏེ། མི་འབྱུང་བ་ཞེས་བྱ་བ་ནི་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །
མ་སྐྱེས་པ་མེད་པར་མི་འགྱུར་བ་ནི་ཕྱིས་ཀྱང་འགག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དྲན་པ་དང་ཡིད་ལ་བྱེད་པ་དང་། སེམས་པ་དང་། སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱིས་མ་བཟུང་བ་ཞེས་བྱ་བས་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་མི་རྟེན་པ་བསྟན་ཏེ། དངོས་པོ་རྣམས་མ་
བརྗེད་པ་ནི་དྲན་པའོ། །དེ་ཉིད་ཡང་ནས་ཡང་དུ་སེམས་པ་ནི་ཡིད་ལ་བྱེད་པ་སྟེ་དྲན་པ་དང་ཡིད་ལ་བྱེད་པ་དང་། དད་པ་དང་བརྩོན་འགྲུས་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཚོགས་གང་ལ་ཡང་མི་རྟེན་པས་ན་མ་བཟུང་བ་ཞེས་བྱའོ། །མཆོག་ཏུ་འཛིན་པ་མེད་པ་ཞེས་བྱ་བས་ཟླ་མེད་
པ་བསྟན་ཏེ། མཆོག་ཏུ་འཛིན་པ་ནི་ཕན་ཚུན་དུ་འགྲན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འགྲན་པའི་འགྲན་ཟླ་མེད་པས་ན་མཆོག་ཏུ་འཛིན་པ་མེད་པ་ཞེས་བྱའོ། །ལེན་པ་མེད་པ་ཞེས་བྱ་བས་ཕུང་པོ་གཞན་ལེན་པ་དང་བྲལ་བ་བསྟན་ཏེ། ལེན་པ་ནི་ཚེ་རབས་གཞན་དུ་ཕུང་པོ་ལེན་པ་
སྟེ། དེ་མེད་པས་ན་ལེན་པ་མེད་པ་ཞེས་བྱའོ། །འབར་བ་མེད་པ་ཞེས་བྱ་བས་ཉོན་མོངས་པ་མེད་པ་བསྟན་ཏེ། འབར་བ་ནི་ཉོན་མོངས་པ་རྣམས་ལ་བྱ་སྟེ། དེ་དག་ཐམས་ཅད་སྤངས་པས་ན་འབར་བ་མེད་པ་ཞེས་བྱའོ། །རབ་ཏུ་ཞི་བ་ཞེས་བྱ་བས་ཕུང་པོ་ལྔ་དང་བྲལ་བ་བསྟན་ཏེ། ཕུང་པོ་
เล่ม ๑๑๔ · หน้า 34b
ལྔ་སྤངས་པས་ན་རབ་ཏུ་ཞི་སྟེ། མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བའི་དོན་ཏོ། །གཟོད་མ་ནས་མ་སྐྱེས་པ་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཞེས་བྱ་བས་རང་བཞིན་གྱིས་ཞི་བ་བསྟན་ཏེ། གཟོད་མ་ནས་མ་སྐྱེས་པ་ནི་དང་པོ་ནས་སྐྱེ་བ་མེད་པ་སྟེ། དེ་བས་ན་མི་སྐྱེ་བ་ལས་བྱུང་བས་ན་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཞེས་བྱའོ། །
ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་མཉམ་ཞིང་མི་མཉམ་པ་མེད་པར་གྱུར་པ་ནམ་མཁའ་དང་མཚུངས་ཤིང་མཉམ་པ་ཞེས་བྱ་བས་ཆོས་ཀྱི་དབྱིངས་སུ་འཇུག་པ་བསྟན་ཏེ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་ཀྱི་དབྱིངས་གཉིས་མཚན་ཉིད་
གཅིག་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་མཚན་ཉིད་གཅིག་སྙམ་པ་ལ། མཉམ་ཞིང་མི་མཉམ་པར་གྱུར་པ་མེད་པ་ཞེས་བྱ་བས་སྨོས་ཏེ། ཆོས་ཀྱི་དབྱིངས་དང་སངས་རྒྱས་རྗེས་སུ་དྲན་པ་གཉིས་མཉམ་སྟེ། འདྲ་ཞིང་མི་འདྲ་བ་མེད་པས་ན་མཚན་ཉིད་གཅིག་པའོ། །དཔེ་ཅི་དང་འདྲ་སྙམ་པ་ལ། ནམ་
མཁའ་དང་མཚུངས་ཤིང་མཉམ་པ་ཞེས་སྨོས་ཏེ། དཔེར་ན་ཤིང་དང་ཉེ་བའི་ནམ་མཁའ་དང་། རྩིག་པ་དང་ཉེ་བའི་ནམ་མཁའ་མཚན་ཉིད་ཐ་དད་པ་མེད་དེ། འདྲ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་དང་སངས་རྒྱས་རྗེས་སུ་དྲན་པ་གཉིས་ཀྱང་། མཚན་ཉིད་མི་འདྲ་བ་མེད་དེ། མཚུངས་པའི་
ཕྱིར་རོ། །མིག་དང་གཟུགས་ཀྱི་ལམ་ལས་འདས་པ་དེ་བཞིན་དུ་རྣ་བ་དང་སྒྲ་དང་སྣ་དང་། དྲི་དང་ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་ཀྱི་ལམ་ལས་འདས་པ་ཡིན་ཞེས་བྱ་བས་དབང་པོ་དང་ཡུལ་གྱིས་མ་བསྐྱེད་པ་བསྟན་ཏེ། མིག་གི་དབང་པོ་དང་གཟུགས་གཉིས་ཀྱིས་མ་
བསྐྱེད་པས་ན་ལམ་ལས་འདས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཏིང་ངེ་འཛིན་དེའི་འབྲས་བུ་ཐོབ་པ་བསྟན་པའི་ཕྱིར་སྨྲས་པ། སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་རྗེས་སུ་དྲན་པ་འདི་འདྲ་བ་ཞེས་བྱ་བ་ལ་སངས་རྒྱས་རྗེས་སུ་
དྲན་པ་གོང་དུ་བཤད་པ་ལྟ་བུ་བྱང་ཆུབ་སེམས་དཔའ་དེ་དག་གིས་རབ་ཏུ་འཐོབ་སྟེ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་དང་ཆགས་པ་མེད་པར་ཤེས་པ་ཡེ་ཤེས་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། དོན་དུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་
เล่ม ๑๑๔ · หน้า 35a
ཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཞེས་བྱ་བ་ནི་རྗེས་སུ་དྲན་པ་དེ་ཐོས་ནས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པས་བཤད་པའི་གསུང་རབ་ཡན་ལག་སྡེ་བཅུ་གཉིས་ལ་སོགས་པའི་དོན་དང་ཚིག་རྣམས་འཛིན་ཅིང་མི་
བརྗེད་པའི་ཕྱིར། བརྗེད་པར་མི་བྱེད་ཅེས་བྱའོ། །དྲན་པར་ཡང་མི་བྱེད་ཅེས་བྱ་བའི་དོན་དམ་པར་ན་ཆོས་དེ་དག་ཀྱང་སྟོང་པས་བཏགས་པ་ཙམ་དུ་ཟད་དེ་ཡོད་པ་མ་ཡིན་པས་ན་དྲན་པར་ཡང་མི་བྱེད་དོ། །སྒྲའི་དོན་ཐམས་ཅད་རྣམ་པར་ངེས་པ་ཞེས་བྱ་བ་ནི་བཤད་པར་བྱ་བའི་ཆོས་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་
ལོག་པར་ཁོང་དུ་ཆུད་པའི་དོན་ཀྱང་རྙེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་ན་ཞེས་བྱ་བ་ལ། ཇི་ལྟར་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདི་ན་གཉིས་ཀྱི་རྒྱུ་དང་རྐྱེན་གྱིས་ཡང་དག་པའི་ལྟ་བ་སྟོན་ཏེ། གཞན་གྱིས་བཤད་པའི་སྒྲའི་རྐྱེན་དང་། སོ་སོ་རང་གིས་རིག་པའི་རྒྱུ་གཉིས་ཀྱིས་ཡང་
དག་པའི་ལྟ་བ་སྟོན་ཏོ། །དེ་ལྟར་ན་སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་དེ་ནི་གཉིས་ཀྱི་རྒྱུ་དང་རྐྱེན་གྱི་ལྟ་བ་མི་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སྒྲས་ཆོས་འཆད་པ་ནི་མེད་ཀྱི། བྱང་ཆུབ་སེམས་དཔའ་དེ་དག་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པའི་ལྟ་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་གཞན་གྱི་སྒྲས་ནི་ལྷན་ཅིག་བྱེད་པའི་
གྲོགས་བསྟན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པས་གཙོ་བོའི་རྒྱུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དེའི་འབྲས་བུ་བསྟན་ཏེ། དོན་རྣམ་པར་ངེས་པ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་
ཚུལ་གྱིས་མཚན་མ་ཐམས་ཅད་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་གཏན་ལ་ཕབ་ཅིང་མ་ནོར་བར་ཤེས་པ་ཡིན་པའི་ཕྱིར་དོན་རྣམ་པར་ངེས་པ་ཞེས་བྱ་སྟེ། དེ་ཆུད་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །
དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་དོན་རྣམ་པར་ངེས་པ་ཁོང་དུ་ཆུད་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་རྫོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གང་གཟུགས་ཀྱི་མཚན་ཉིད་ལ་ཆགས་པ་སྤངས་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། སྔར་སྨོས་པའི་ཚུལ་གྱིས་གཟུགས་ཀྱི་མཚན་ཉིད་
เล่ม ๑๑๔ · หน้า 35b
དུ་འདུ་ཤེས་པའི་མཚན་མ་ལ་མ་ཆགས་ཤིང་གཟུགས་ཀྱི་མཚན་ཉིད་ལ་ཆགས་པ་ཡོངས་སུ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པ་ནི་གཏོང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གང་གཟུགས་ཀྱི་མཚན་ཉིད་རྒྱུན་གཅོད་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་
ཀྱི་རང་བཞིན་ནི་སྤྱོད་པ་ངན་པ་མི་ལེན་ཅིང་རྒྱུན་གཅོད་པ་ཡིན་ཏེ། མཚན་མ་ལ་སོགས་པ་མ་བླངས་པ་ལ་རྒྱུན་གཅད་པ་ཞེས་བྱའོ། །གང་གཟུགས་ཀྱི་མཚན་ཉིད་ཟད་པའི་ཆོས་ཉིད་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བཟོད་པ་ནི་མ་སྐྱེས་པའི་ཆོས་ལ་བཟོད་པ་ལ་བྱ་སྟེ། གཟུགས་ཀྱི་
མཚན་ཉིད་ཟད་པ་དང་། མེད་ཅིང་མ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གཟུགས་ཀྱི་མཚན་ཉིད་ལ་དབེན་པར་མཐོང་བ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བརྩོན་འགྲུས་ནི་ཡང་དག་པའི་ཆོས་ཉིད་མཐོང་བར་བྱེད་པ་ལ་སྤྲོ་བར་བྱེད་པའི་མཚན་ཉིད་དོ། །གཟུགས་ཀྱི་རང་
བཞིན་སྟོང་བའི་ངོ་བོ་ཉིད་དབེན་པར་མཐོང་བ་ལ་སྤྲོ་བར་བྱེད་པའི་ཕྱིར་རོ། །གང་གཟུགས་ཀྱི་མཚན་ཉིད་སེམས་ལ་མི་གཞོག་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། གཟུགས་ཀྱི་མཚན་མ་ལ་སེམས་མ་ཡེངས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གཟུགས་ཀྱི་མཚན་ཉིད་ལ་
སྤྲོས་པའི་རྒྱུ་བ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། གཟུགས་ཀྱི་རང་དང་། སྤྱིའི་མཚན་ཉིད་སོ་སོར་འབྱེད་ཅིང་རྟོག་པའི་སྤྲོས་པ་མེད་པའི་ཤེས་རབ་ལ་བྱའོ། །རྣམ་པ་གཞན་དུ་ན་དོན་རྣམ་པར་ངེས་པ་ཞེས་བྱ་བ་ནི་ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་ཕ་རོལ་
ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་གཟུགས་ཀྱི་མཚན་ཉིད་དབེན་པར་མཐོང་ཞེས་བྱ་བ་ལས་བརྩོན་འགྲུས་ནི་བྱ་བའི་དོན་བྱེད་པ་ཡིན་པས་གཟུགས་ཀྱི་མཚན་ཉིད་སྟོང་པར་མཐོང་བའི་བྱ་བའི་དོན་གྲུབ་པར་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་
གཟུགས་ཀྱི་མཚན་ཉིད་སེམས་ལ་མི་འཇོག་ཅེས་བྱ་བ་ལ། བསམ་གཏན་ནི་མཚན་མ་ཐམས་ཅད་སྤོང་བར་བྱེད་པ་ཡིན་པས་གང་གཟུགས་ཀྱི་མཚན་མ་སེམས་ལ་མི་འཛིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་བ་ཞེས་བྱ་བ་ལ། གང་གོང་
เล่ม ๑๑๔ · หน้า 36a
དུ་བཤད་པའི་གཟུགས་ཀྱི་མཚན་མ་སྤྲོས་པར་བཤད་པ་ཐམས་ཅད་སེམས་ལ་མི་འབྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མཐུ་ཆེན་བསྟན་པ་ལས་བརྩམས་ནས་སྨྲས་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དང་དད་པའི་
འཁོར་འདི་ཡང་དགེ་བའི་རྩ་བ་འཕེལ་བར་འགྱུར་ཞེས་བྱ་བའི་འཁོར་འདི་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྔོན་པས་རྒྱ་ཆེན་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ། །གླེང་བསླང་བ་བཤད་
ཟིན་ཏོ།། །།ཐེག་པ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་རྣམ་པ་བཅོ་ལྔར་བཤད་དེ། གོ་འཕང་ལ་གནས་པ་དང་། ཐམས་ཅད་དུ་འགྲོ་བ་དང་། ཆོས་ལ་གནས་པ་དང་། སྙིང་རྗེ་བྱེད་པ་དང་། མངོན་སུམ་དུ་གྱུར་པ་དང་། ཡོངས་སུ་སྨོད་པར་བྱེད་པ་དང་། སྟོན་པར་བྱེད་
པ་དང་། འདོམས་པར་བྱེད་པ་དང་། ཡོངས་སུ་བྱང་བ་དང་། བསྒོམ་པ་ལ་ཞུགས་པ་དང་། སོ་སོར་རྟེན་པ་དང་། སྟོན་པ་དང་། ལྷུན་གྱིས་གྲུབ་པ་དང་། བྱ་བ་བྱེད་པ་དང་། དབང་ཐོབ་པའོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། གོ་འཕང་ལ་གནས་པའི་
བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གོ་འཕང་ལ་གནས་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། འཇུག་པ་དང་རབ་ཏུ་ཞུགས་པའོ། །དེ་ལ་འཇུག་པ་ནི་སངས་རྒྱས་ལ་བསམ་པ་ཞུགས་པ་དང་། ཆོས་དང་དགེ་འདུན་ལ་བསམ་པ་ཞུགས་པ་དང་། སངས་རྒྱས་ལ་བརྟེན་པ་དང་། ཆོས་དང་དགེ་
འདུན་ལ་བརྟེན་པ་དང་། སངས་རྒྱས་ལ་ངེས་པར་གྱུར་པ་དང་། ཆོས་དང་དགེ་འདུན་ལ་ངེས་པར་གྱུར་པའོ། །དེ་ལ་བསམ་པ་ཞུགས་པ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་ཤེས་པ་
དང་། ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པས་ན་ཁྱད་པར་ཡོད་པར་ཤེས་པའོ། །རྟེན་པ་ནི་སྟོན་པར་ཁས་ལེན་པའོ། །ངེས་པར་གྱུར་པ་ནི་སྟོན་པ་དེ་ལས་གཞན་མེད་པའོ། །རབ་ཏུ་ཞུགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་བསྟན་
เล่ม ๑๑๔ · หน้า 36b
པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི། ཆོས་རྣམས་ཀྱི་གཞི་བསྟན་ཏེ། བསམ་པ་མི་ཟད་པ་ལ་སོགས་པ་འོག་ནས་སྨོས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཀྱི་གཞི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར་རོ། །
ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཞེས་བཏགས་ཞེས་དྲིས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་མི་ཟད་པ་རྣམ་པར་བཤད་པའི་གླེང་བསླང་བ་སྟེ། བྱང་ཆུབ་སེམས་དཔའ་དེའི་དྲིས་པའི་ལན་བཏབ་པ་ལས་མི་ཟད་པ་རྣམས་བཤད་པའི་ཕྱིར་རོ། །དེ་ལ་བློ་གྲོས་མི་ཟད་པ་ཞེས་
བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དམིགས་པའི་རྒྱུ་མཐུན་པའོ་ཞེས་བྱ་བ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ནི་མི་འགྱུར་བའི་ངོ་བོ་ཉིད་པས་མི་ཟད་པའོ། །དེ་ལ་དམིགས་པའི་ཤེས་རབ་ཀྱང་དེ་དང་ཐ་མི་དད་པས་མི་ཟད་པ་སྟེ། དེ་ལྟ་བུའི་
མི་ཟད་པ་ལ་དམིགས་པའི་རྒྱུ་ལས་ཡོངས་སུ་དག་པའི་བློ་གྲོས་བྱུང་བ་དེ་ནི་རྒྱུ་མཐུན་པ་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་འདྲ་བ་ཞེས་བྱ་བའི་དོན་ཏོ། །བློ་གྲོས་ནི་ཤེས་རབ་ཀྱི་རྣམ་གྲངས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སོགས་པ་ཆོས་ཀྱི་རབ་ཏུ་དབྱེ་བ་མཐའ་ཡས་པ་ལ་ཡང་ཆོས་
ཐམས་ཅད་ཅེས་བྱ་སྟེ། དེ་དག་རྒྱུ་དང་དུས་ལ་སོགས་པའི་སྒོ་ནས་ཟད་པར་མི་འགྱུར་བ་ལ་དམིགས་པས་དེ་སྐད་ཅེས་བྱ་སྟེ། དེ་བས་ན་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ་ཞེས་གསུངས་སོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཆོས་མི་ཟད་པ་བསྟན་པ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་ཅེས་བྱ་བ་ནི་ཆོས་མི་ཟད་པ་དེ་ལྟ་བུར་ཤོད་ཅེས་བྱ་བའི་ཐ་ཚིག་གོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་སེམས་བསྐྱེད་པ་ཡང་མི་ཟད་པ་ཞེས་བྱ་བ་ལ་སོགས་
པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་ཟད་པ་བསྟན་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འབའ་ཞིག་མི་ཟད་པར་ཡང་མ་ཟད་ཀྱི། བསམ་པ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་ཀྱང་མི་ཟད་པ་ཞེས་བྱ་བར་བསྟན་ཏོ། །སེམས་བསྐྱེད་པ་དེ་ཡང་གསུམ་གྱིས་མི་ཟད་པ་ཤེས་
เล่ม ๑๑๔ · หน้า 37a
པར་བྱ་སྟེ། གང་ཞེ་ན། སེམས་བསྐྱེད་པ་མི་ཟད་པ་གང་ཡིན་པ་དང་། རྒྱུ་གང་གིས་མི་ཟད་པ་དང་། ཇི་ལྟར་མི་ཟད་པ་ལས་བརྩམས་ནས་སེམས་བསྐྱེད་པ་མི་ཟད་པར་ཤེས་པར་བྱའོ། སེམས་བསྐྱེད་པ་མི་ཟད་པ་གང་ཡིན་པ་ནི་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན་
ལས་དང་པོ་པའི་སེམས་བསྐྱེད་པ་མི་ཟད་པ་དང་། ས་དང་པོའི་སེམས་བསྐྱེད་པ་མི་ཟད་པ་དང་། ས་གསུམ་པའི་སེམས་བསྐྱེད་པ་མི་ཟད་པ་དང་། ས་བཞི་པའི་སེམས་བསྐྱེད་པ་མི་ཟད་པ་དང་། ས་བརྒྱད་པའི་སེམས་བསྐྱེད་པ་མི་ཟད་པ་དང་། ས་དགུ་པའི་སེམས་བསྐྱེད་པ་མི་ཟད་པ་དང་།
ས་བཅུ་པའི་སེམས་བསྐྱེད་པ་མི་ཟད་པའོ། །རྒྱུ་གང་གིས་མི་ཟད་པ་ནི་རྒྱུ་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན། རྟག་པར་དགེ་བ་དང་། རང་བཞིན་གྱིས་ཡོངས་སུ་མི་སྤོང་བ་དང་། རང་བཞིན་མི་གཏོང་བ་དང་། རང་གི་ལས་བྱེད་པ་དང་། རྟག་པར་འབྲས་བུ་ཡོངས་སུ་སྡུད་པ་དང་། རྒྱུ་ཡོངས་སུ་
མི་ཟད་པ་དང་། དོན་དམ་པའོ། །ཇི་ལྟར་མི་ཟད་པ་ནི་རྣམ་པ་གཉིས་ཀྱིས་སྟོན་ཏེ། གང་ཞེ་ན། རྒྱུན་མི་ཟད་པ་དང་། སྐད་ཅིག་གིས་འཇིགས་པ་མི་ཟད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་སེམས་བསྐྱེད་པ་ཡང་མི་ཟད་པའོ་ཞེས་བྱ་བས་སེམས་བསྐྱེད་པ་རྣམ་པ་བདུན་
ལས། ལས་དང་པོ་པའི་སེམས་བསྐྱེད་པ་མི་ཟད་པ་བསྟན་ཏེ། དེ་ཡང་ཅིའི་ཕྱིར་མི་ཟད་ཅེ་ན། རྒྱུ་རྣམ་པ་བདུན་ལས་རང་གི་ལས་བྱེད་པ་ཡན་ཆད་རྒྱུ་རྣམ་པ་བཞིས་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ་ཞེས་བྱ་བས་ལས་དང་པོ་པའི་སེམས་བསྐྱེད་པ་ཅིའི་ཕྱིར་མི་
ཟད་པའི་རྒྱུ་བསྟན་པ་སྟེ། དེ་བས་ན་སེམས་དེ་ནི་ཐམས་ཅད་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྐྱེས་སོ་ཞེས་བྱ་བས་རྟག་པར་དགེ་བ་བསྟན་ཏེ། ཅིའི་ཕྱིར་ཞེ་ན། གློ་བུར་གྱི་ཉོན་མོངས་པ་དང་འདྲེས་ན་ནི་ཉོན་མོངས་པ་དང་འདྲ་བར་ཕྱིས་ཀྱང་ཟད་པར་འགྱུར་ན་ཐོག་མ་སེམས་བསྐྱེད་པའི་
ཚེ་ནས་ཉོན་མོངས་པ་རྣམས་དང་མ་འདྲེས་ཏེ། ངོ་བོ་ཉིད་ཀྱིས་དག་པ་ཡིན་པའི་ཕྱིར་དེ་ལ་ཟད་པ་མི་སྲིད་པས་མི་ཟད་པ་ཞེས་བྱའོ། །ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་མ་འབྲེལ་བར་སྐྱེས་སོ་ཞེས་བྱ་བས་རང་བཞིན་ཡོངས་སུ་མི་སྤོང་བ་བསྟན་ཏེ། ཐེག་པ་གཞན་ནི་ཉན་ཐོས་དང་རང་
เล่ม ๑๑๔ · หน้า 37b
སངས་རྒྱས་ཀྱི་ཐེག་པའོ། །དེ་ལ་འདོད་པ་མེད་པ་ནི་དང་པོ་ནས་ཐེག་པ་དེ་གཉིས་སུ་སེམས་མ་སྐྱེས་པ་སྟེ། དེ་བས་ན་ཐེག་པ་དེ་གཉིས་དང་མ་འབྲེལ་བར་སྐྱེས་པ་ཞེས་བྱའོ། །ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པས། སེམས་དེ་ནི་སྲ་བར་སྐྱེས་སོ་ཞེས་བྱ་བས་རང་བཞིན་མི་གཏོང་
བར་བསྟན་ཏེ། ཕ་རོལ་རྒོལ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པའི་ཚོགས་རྣམས་སོ། །མི་འཕྲོགས་པ་ནི་དེ་དག་གིས་མི་ཚུགས་ཤིང་དེ་དག་གིས་དབང་དུ་མི་འགྱུར་བ་སྟེ། མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཚུགས་ཤིང་དེ་དག་གི་དབང་དུ་མི་འགྱུར་བས་ན་སྲ་བ་ཞེས་
བྱའོ། །དེ་ལ་ལས་དང་པོ་པའི་རང་གི་ལས་བྱེད་པའང་རྣམ་པ་ལྔ་སྟེ། གང་ཞེ་ན། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང་། གཡེང་བ་ཡོངས་སུ་ཤེས་པ་དང་། ཉོན་མོངས་པ་མེད་པར་འཁོར་བ་ཁས་ལེན་པ་དང་། ཆོས་ཀྱི་དོན་བརྩལ་བས་མི་ངོམས་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་
ཆོས་སྒྲུབ་པའོ། །དེ་ལ་སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་པའོ་ཞེས་བྱ་བས་ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་བསྟན་ཏེ། བདུད་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་སེམས་དཔའ་ཐ་དད་པར་དབྱེ་བར་མི་ནུས་པས་ན་མི་ཕྱེད་པར་སྐྱེས་པ་ཞེས་བྱ་སྟེ། བདུད་ཀྱི་དབང་
དུ་གྱུར་ནས་བྱང་ཆུབ་ཀྱི་སེམས་མི་འདོར་བར་འགྱུར་བ་མེད་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་སེམས་དེ་ནི་བརྟན་པར་སྐྱེས་སོ་ཞེས་བྱ་བས་གཡེང་བ་ཡོངས་སུ་སྤོང་བ་བསྟན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་རྒྱུ་ལས་འདོད་མ་ཆགས་པ་དང་།
ཞེ་མི་སྡང་བ་དང་། གཏི་མི་མུག་པ་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དགེ་བའི་རྩ་བ་ཐམས་ཅད་འགྲུབ་པའི་རྒྱུ་བྱེད་པས་ན་བརྟེན་པ་ཞེས་བྱའོ། །འདུས་བྱས་མི་རྟག་པར་ཤིན་ཏུ་རིག་པས། སེམས་དེ་ནི་རྟག་པར་སྐྱེས་སོ་ཞེས་བྱ་བས་ཉོན་
མོངས་པ་མེད་པར་འཁོར་བར་ཁས་ལེན་པ་བསྟན་ཏེ། ཁམས་གསུམ་གྱི་འདུས་བྱས་ཐམས་ཅད་ཤིན་ཏུ་མི་རྟག་པར་རིག་པས་ནི་སེམས་དེ་ནི་རྟག་པར་སྐྱེས་ཏེ། འཁོར་བར་ཉོན་མོངས་པའི་དབང་དུ་མ་གྱུར་པར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་
เล่ม ๑๑๔ · หน้า 38a
སྡུད་པས་སེམས་མི་གཡོ་བར་སྐྱེས་སོ་ཞེས་བྱ་བས་ཆོས་ཀྱི་དོན་བརྩལ་བས་མི་ངོམས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འདུ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་འགྱུར་བའི་གཞི་དང་།
རྟེན་བྱེད་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ལོག་པར་སྒྲུབ་པ་ཐམས་ཅད་དང་བྲལ་བས་སེམས་དེ་ནི་མི་བརྫི་བར་སྐྱེས་སོ་ཞེས་བྱ་བས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་ཏེ། ལོག་པར་སྒྲུབ་པ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་
ཚངས་པར་སྤྱོད་པ་ལ་སོགས་པ་མི་དགེ་བ་བཅུ་རྣམས་སྤྱོད་པ་སྟེ། མི་དགེ་བ་བཅུ་རྣམས་ཀྱིས་མ་སྦགས་ཤིང་མི་དགེ་བ་དག་གི་དབང་དུ་མ་གྱུར་པས་ན་མི་བརྫི་བ་ཞེས་བྱའོ། །རང་གི་ལས་བྱེད་པའི་རྒྱུ་གཅིག་གིས་སེམས་བསྐྱེད་པ་ལྷག་མ་དྲུག་རྣམས་མི་ཟད་པར་རིག་པར་བྱའོ། །དེ་ལས་
དང་པོ་པའི་སེམས་བསྐྱེད་པར་ནི་རང་གི་ལས་རྣམ་པ་བདུན་གྱིས་བསྟན་ཏེ། གང་ཞེ་ན། རྟག་པར་མཉམ་པར་གཞག་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་ཟིལ་གྱིས་གནོན་པ་དང་། གང་ཟག་ལ་བདག་མེད་པར་རྟོག་པ་དང་། གཉེན་པོ་སྒོམ་པ་ལ་གནས་པ་དང་། བསམ་
པ་རྒྱ་ཆེན་པོ་རྣམ་པར་སྦྱང་བ་དང་། ཆེ་བ་ཉིད་ཀྱི་བསམ་པ་རྣམ་པར་སྦྱོང་བ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྙེད་པའོ། །དེ་ལ་མི་སྤྱོད་པས་ན་སེམས་དེ་ནི་ཤིན་ཏུ་བརྟན་པར་སྐྱེས་སོ་ཞེས་བྱ་བས་རྟག་པར་མཉམ་པར་གཞག་པ་སྟེ། ལོག་པའི་ཕྱོགས་དང་གཡེང་བ་གང་གི་
ཁར་ཡང་མ་ལས་ཏེ། མི་གཡོ་ཞིང་བརྟན་པར་འདུག་པས་ན་ཤིན་ཏུ་བརྟན་པ་ཞེས་བྱའོ། །གཉེན་པོ་མེད་པས་ན་སེམས་དེ་ནི་དཔེ་མེད་པར་སྐྱེས་སོ་ཞེས་བྱ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་ཟིལ་གྱིས་གནོན་པ་བསྟན་ཏེ། གཉེན་པོ་ནི་སྐབས་འདིར་ཟླ་ལ་བྱ་སྟེ།
བྱང་ཆུབ་ཀྱི་སེམས་དེ་ལྟ་བུའི་དཔེར་རུང་བའམ། ཟླར་རུང་བ་གང་ཡང་མེད་པས་ན་དཔེ་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་ངེས་པར་འབིགས་པས་ན་སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ་ཞེས་བྱ་བས་གང་ཟག་ལ་བདག་མེད་པར་རྟོགས་པ་བསྟན་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཆོས་རྣམས་
เล่ม ๑๑๔ · หน้า 38b
འཇོམས་པ་འམ། ཆུད་པར་བྱ་བའི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ། ངེས་པར་འབིགས་པ་ཞེས་བྱ་སྟེ། བཙན་ཞིང་དྲག་པའམ། རྣོ་བ་ལ་རྡོ་རྗེ་ལྟ་བུ་ཞེས་གསུངས་སོ། །བསོད་ནམས་ཀྱི་ཚོགས་ཚད་མེད་བསྩགས་པས་ན་སེམས་དེ་ནི་མུ་མེད་པར་སྐྱེས་སོ་ཞེས་བྱ་བས་མི་མཐུན་
པའི་ཕྱོགས་ཀྱི་ཆོས་རྣམས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ལས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་རྣམས་སྐྱེ་བས་ན་དེའི་ཕྱིར་མུ་མེད་ཅེས་གསུངས་སོ། །མཐའ་མེད་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་སུ་ན་མོས་པས་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་བསོད་ནམས་
ཀྱི་ཚོགས་དཔག་ཏུ་མེད་པ་བསྩགས་པ་ལས་ས་དང་པོའི་སེམས་བསྐྱེད་པ་དེ་འབྱུང་བས་ན་སེམས་དེ་ནི་མུ་མེད་པར་སྐྱེས་སོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ་ཞེས་བྱ་བས་བསམ་པ་རྒྱ་ཆེན་པོ་རྣམ་པར་སྦྱང་བ་བསྟན་ཏེ། ལེགས་པར་
སེམས་པ་དང་ཉེས་པར་སེམས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཁོང་ཁྲོ་བ་མེད་པས་ན་མཉམ་པར་སྐྱེས་སོ། །ཐ་དད་དུ་བྱེད་པ་མེད་པས་ན་སེམས་དེ་ནི་མི་མཉམ་པ་མེད་པར་སྐྱེས་སོ་ཞེས་བྱ་བས་ཆེ་བ་ཉིད་ཀྱི་བསམ་པ་རྣམ་པར་སྦྱོང་བ་བསྟན་ཏེ། བཟང་ངན་དང་མཐོན་དམན་ལ་སོགས་
པའི་འདུ་ཤེས་སྤངས་པས་མི་མཉམ་པ་མེད་པ་ཞེས་བྱའོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས་ན་སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ་ཞེས་བྱ་བས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྙེད་པར་བསྟན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤོངས་པས་རྣམ་པར་
དག་པ་ནི་མ་ཡིན་གྱི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཉིད་དུ་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །ས་གཉིས་པའི་སེམས་བསྐྱེད་པ་ནི་དེ་ལ་ཚུལ་ཁྲིམས་དྲི་མ་མེད་པ་ཡོངས་སུ་མ་རྫོགས་པ་དང་། འཆལ་བའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་མ་སྤངས་པས་མ་བཤད་དོ། །ས་གསུམ་པའི་སེམས་
བསྐྱེད་པ་ཡང་རང་གི་ལས་རྣམ་པ་བཅུས་བསྟན་ཏེ། གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པས་ལོག་པའི་གཉེན་པོ་སེལ་བ་དང་། བསམ་གཏན་ཐོབ་པ་མ་ཉམས་པ་དང་། ཚད་མེད་པ་ཐོབ་པ་མ་ཉམས་པ་དང་། མངོན་པར་ཤེས་པ་ཐོབ་པ་མ་ཉམས་པ་དང་། ཟག་པ་ཟད་པ་
เล่ม ๑๑๔ · หน้า 39a
མངོན་པར་ཤེས་པ་ལ་སྦྱོར་བ་དང་། བསམ་གཏན་ལས་རྣམ་པར་ལོག་ཅིང་ས་འོག་མར་སྐྱེ་བ་དང་། དེ་ལྟར་སྐྱེས་ཀྱང་བསམ་གཏན་དེ་ཡོངས་སུ་མི་སྤོང་བ་དང་། དེར་སྐྱེས་ནས་ཀྱང་མངོན་པར་འགྲོ་བས་དེ་བཞིན་གཤེགས་པས་བསྔགས་པ་དང་། ཉན་ཐོས་དང་རང་
སངས་རྒྱས་ཀྱི་རྟེན་དུ་གྱུར་པ་དང་། བདུད་ཀྱི་ཡུལ་ཡིན་ཡང་བདུད་ཀྱི་ཡུལ་མ་ཡིན་པས་བསྟན་ཏོ། །དེ་ལ་ཤེས་རབ་ཀྱི་འོད་གསལ་བའི་ཕྱིར་སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ་ཞེས་བྱ་བས་ཚུལ་ཁྲིམས་རྣམ་པར་དག་པས་ལོག་པའི་གཉེན་པོ་སེལ་བ་བསྟན་ཏེ། ཤེས་བྱ་དང་ཉོན་མོངས་པའི་
སྒྲིབ་པ་མེད་པས་ན་ཤེས་རབ་ཀྱི་འོད་གསལ་བ་སྟེ། ཤེས་རབ་རྣམ་པར་དག་ཅེས་སྟོན་ཏོ། །དེ་ལྟར་སྒྲིབ་པའི་དྲི་མ་དེ་གཉིས་མེད་པའི་ཕྱིར་དྲི་མ་མེད་པར་སྐྱེས་པ་ཞེས་བྱའོ། །ལྷག་པའི་བསམ་པ་ལ་བོར་བས་ན་ཤིན་ཏུ་ངེས་པར་བསམས་ཏེ་སྐྱེས་སོ་ཞེས་བྱ་བས་བསམ་གཏན་ཐོབ་པ་མ་ཉམས་
པ་བསྟན་ཏེ། ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱི་བསམ་པ་རྣམ་པར་དག་པ་ལ་བྱའོ། །དེ་ལྟ་བུའི་བསམ་པ་མ་བོར་ཏེ། བསམ་པ་དེ་དང་བཅས་པའི་གཞན་དུ་མ་གཡེངས་མ་འཁྲུལ་བར་སྐྱེས་པ་ལ་ངེས་པར་བསམས་ཏེ་སྐྱེས་པ་ཞེས་བྱའོ། །
བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན་སེམས་དེ་ནི་ཡང་དག་པར་སྐྱེས་སོ། །ཚད་མེད་པ་ཐོབ་པ་མ་ཉམས་པ་བསྟན་ཏེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་ལས་འབྱུང་བའི་བྱམས་པས་ཁྱབ་པར་དམིགས་པས་ན་ཡངས་པར་སྐྱེས་
པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གོ་འབྱེད་པས་ན་སེམས་དེ་ནི་རྒྱ་ཆེར་སྐྱེས་སོ་ཞེས་བྱ་བས་མངོན་པར་ཤེས་པ་ལྔ་ཐོབ་པས་མ་ཉམས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་མངོན་པར་ཤེས་པ་ལྔས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་
ལྟར་སེམས་ཅན་རྣམས་ཀྱི་བསམ་པ་དང་རེ་བའི་བགེགས་དང་བར་དུ་གཅོད་པ་མེད་པས་ན་རྒྱ་ཆེ་བ་ཞེས་བྱའོ། །ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བས་ན་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་སོ་ཞེས་པས་གང་ཟག་པ་ཟད་པ་མངོན་པར་ཤེས་པ་ལ་སྦྱོར་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་
เล่ม ๑๑๔ · หน้า 39b
དེ་ཆགས་པ་དང་། ཆོད་པ་མེད་པའི་ཡེ་ཤེས་ལ་དམིགས་པའམ། སེམས་དེས་ཡེ་ཤེས་སྐྱེད་པར་བྱེད་པ་ལ་གཏོང་བ་ཞེས་བྱ་སྟེ། དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་ལ་དམིགས་པའི་ཕྱིར་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་པ་ཞེས་བྱའོ། །སྙིང་རྗེ་ཆེན་པོ་རྒྱུན་མ་བཅད་པས་ན་སེམས་དེ་ནི་ཐམས་
ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ་ཞེས་བྱ་བས་བསམ་གཏན་ལས་རྣམ་པར་ལོག་ཅིང་འོག་མར་སྐྱེ་བ་བསྟན་ཏེ། སྙིང་རྗེ་ཆེན་པོས་འདོད་པའི་ཁམས་ཀྱི་སེམས་ཅན་ལ་དམིགས་པ་རྒྱུན་མ་བཅད་པས་བསམ་གཏན་ཐོབ་ཀྱང་སླར་འདོད་པའི་ཁམས་སུ་སྐྱེ་བ་ལ་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་པ་ཞེས་
བྱའོ། །ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པས་ན་སེམས་དེའི་རྒྱུན་མ་ཆད་པར་སྐྱེས་སོ་ཞེས་པས་དེ་ལྟར་སྐྱེས་ཀྱང་བསམ་གཏན་དེ་ཡོངས་སུ་མི་སྤོང་བ་བསྟན་ཏེ། དགེ་བ་སྤྱོད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལ་མཁས་པས་ན་དེའི་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་སེམས་
ཅན་དང་འཁོར་བའི་མཐའ་ཇི་སྲིད་ཡོད་ཀྱི་བར་དུ་རྒྱུན་མི་འཆད་པའི་ཕྱིར་རྒྱུན་མ་ཆད་པར་སྐྱེས་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པས་རབ་ཏུ་བསྟོད་པས་ན་སེམས་དེ་ནི་སྔོན་དུ་འགྲོ་བར་བྱ་བ་སྐྱེས་སོ་ཞེས་བྱ་བས་དེར་སྐྱེས་ནས་ཀྱང་མངོན་པར་འགྲོ་བས་དེ་བཞིན་གཤེགས་པས་བསྔགས་
པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པའི་ཕྱིར་ལྷ་དང་མི་ཐམས་ཅད་འདུ་ཞིང་བསྙེན་པར་བྱ་བ་ཡིན་པས་ན་སྔོན་དུ་འགྲོ་བར་སྐྱེས་པ་ཞེས་བྱའོ། །ཐེག་པ་གཞན་ལ་ཞུགས་པས་སེམས་དེ་ནི་ལྟ་བར་འོས་པའོ་ཞེས་བྱ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་དུ་གྱུར་
པ་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་རབ་ཏུ་འཕགས་པར་མཐོང་བས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་མས་ཡར་བལྟ་དགོས་ཞེས་བྱ་བའི་དོན་ཏོ། །སེམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བལྟར་མི་མཐོང་བར་སྐྱེས་སོ་ཞེས་བྱ་བས་བདུད་
ཀྱི་ཡུལ་ཡིན་ཡང་བདུད་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་སེམས་ཅན་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ས་བཞི་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་བདུན་གྱིས་བསྟན་ཏེ། གང་ཞེ་ན། སངས་རྒྱས་ཀྱི་ས་བོན་
เล่ม ๑๑๔ · หน้า 40a
ཡོངས་སུ་འཛིན་པ་དང་། གཡོ་བ་དང་། རློམ་སེམས་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤངས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་ཐོབ་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་གོ་གྱོན་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་གོ་གྱོན་
པ་དང་། བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་ཡོངས་སུ་སྦྱོང་བར་བྱེད་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེས་ཡོངས་སུ་སྦྱོང་བའོ། །དེ་ལ་སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ་ཞེས་བྱ་བས་སངས་
རྒྱས་ཀྱི་ཆོས་ཀྱི་ས་བོན་ཡོངས་སུ་འཛིན་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ནི་ས་བོན་ཞེས་བྱའོ། །སེམས་དེ་ནི་ཆོས་ཐམས་ཅད་ཀྱིས་མི་ཤིགས་པར་སྐྱེས་སོ་ཞེས་པས་གཡོ་བ་དང་རློམ་སེམས་ལ་སོགས་པ་ཐམས་
ཅད་ཡོངས་སུ་སྤངས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེའི་ཕྱིར་གཡེང་བ་དང་། ནང་གི་གཡེང་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་ན་མི་ཤིགས་པར་སྐྱེས་པ་ཞེས་བྱའོ། །སེམས་དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ་ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་
སྙོམས་པར་འཇུག་པ་ཐོབ་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་ན་ངན་སོང་ལ་སོགས་པའི་སྡུག་བསྔལ་མི་མྱོང་བར་ལྷ་དང་མིའི་བསམ་གཏན་གྱི་བདེ་བ་ཐོབ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཐམས་ཅད་ཐོབ་པས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་
བདེ་བའི་དངོས་པོ་ཐམས་ཅད་འབྱུང་བའི་གཞི་ཡིན་པས་ན་གནས་ཞེས་བྱ་བའི་དོན་ཏོ། །སེམས་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པར་སྐྱེས་སོ་ཞེས་བྱ་བས་བསོད་ནམས་ཀྱི་ཚོགས་ཀྱི་གོ་གྱོན་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་བསོད་ནམས་ཀྱི་ཚོགས་ཆེན་པོ་ལས་བྱུང་བས་ན།
བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པ་ཞེས་བྱ་སྟེ། བརྒྱན་ཀྱང་འདིར་རྒྱུ་ལྟ་བུར་ལྟའོ། །སེམས་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་རྟོགས་ཏེ་སྐྱེས་སོ་ཞེས་བྱ་བས། ཡེ་ཤེས་ཀྱི་ཚོགས་ཀྱི་གོ་གྱོན་པ་བསྟན་ཏེ། ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་བྱང་ཆུབ་ཀྱི་སེམས་དེ་སྐྱེས་སོ་
เล่ม ๑๑๔ · หน้า 40b
ཞེས་བྱ་བའི་དོན་ཏོ། །སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ་ཞེས་བྱ་བ་ནི། སེམས་དེ་ནི་ཤེས་རབ་ཀྱི་ཚོགས་ཀྱི་ཐོགས་པ་མེད་པར་སྐྱེས་སོ་ཞེས་བྱ་བ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པར་བསྟན་པས་ནི་སེམས་དེའི་མི་མཐུན་པའི་ཕྱོགས་དང་གཉེན་
པོ་ཡོངས་སུ་སྦྱོང་བར་བྱེད་པ་བསྟན་ཏེ། སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསགས་པའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །སེམས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྨོན་ལམ་གྱིས་འཕགས་པར་སྐྱེས་སོ་ཞེས་བྱ་བ་ནི་ཚུལ་
ཁྲིམས་དང་ལྡན་པས་ནི་སྨོན་ཅིང་བསམས་སོ་ཅོག་འགྲུབ་ལ་སེམས་དེ་ཡང་ཚུལ་ཁྲིམས་ཀྱི་ཚོགས་བསགས་པ་ལས་སྐྱེས་པས་སྨོན་པ་ཐམས་ཅད་འགྲུབ་པའི་བདག་ཉིད་དུ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་དཀའ་བར་སྐྱེས་སོ་ཞེས་བྱ་བ་ནི་བཟོད་པ་
དང་ལྡན་པའི་གཟི་བརྗིད་ལ་ཅིས་ཀྱང་ཟིལ་གྱིས་མི་ནོན་པ་ལ་བསྙེན་དཀའ་བ་ཞེས་བྱ་སྟེ། དེ་ལྟ་བུའི་བཟོད་པའི་ཚོགས་ཀྱིས་བསྐྱེད་པས་ན་སེམས་དེ་ཡང་བསྙེན་དཀའ་བ་ཞེས་བྱའོ། །སེམས་དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་དཀའ་བར་སྐྱེས་སོ་ཞེས་བྱ་བའི་བརྩོན་འགྲུས་ཀྱི་གོ་བགོས་
པ་ལ་སུས་ཀྱང་མི་ཐུབ་པ་དེ་ལས་སྐྱེས་པའི་ཕྱིར་རོ། །སེམས་དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་བའི་མཚན་ཉིད་དུ་སྐྱེས་སོ་ཞེས་བྱ་བ་ནི་སེམས་གཡེང་བ་ཉེ་བར་ཞི་བའི་མཚན་ཉིད་ཀྱི་བསམ་གཏན་གྱི་ཚོགས་ཀྱིས་སྐྱེས་པའི་ཕྱིར་རོ། །སེམས་དེ་ནི་ཤེས་རབ་ཀྱི་ཚོགས་ཀྱིས་ཐོགས་པ་
མེད་པར་སྐྱེས་སོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་འབྱེད་པ་ལ་ཐོགས་པ་མེད་པ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་ཀྱིས་བསྐྱེད་པའི་ཕྱིར་རོ། །བྱམས་པ་ཆེན་པོ་བསགས་པ་ལ་སོགས་པ་ཚད་མེད་པ་བཞིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྙིང་
རྗེ་ཆེན་པོ་ཡོངས་སུ་སྦྱོང་བར་བྱེད་པ་བསྟན་ཏེ། བྱམས་པ་ཆེན་པོ་བསགས་པས་སེམས་དེ་ནི་གནོད་པ་མེད་པར་སྐྱེས་སོ་ཞེས་བྱ་བ་དེ་ནི་སེམས་ཅན་ལ་གནོད་སེམས་མེད་པའི་བྱམས་པ་ཆེན་པོ་བསགས་པ་ལས་སྐྱེས་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་བསགས་པས་སེམས་དེ་ནི་རྩ་བ་སྲ་ཞིང་
เล่ม ๑๑๔ · หน้า 41a
བརྟན་པའོ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རྩ་བ་སྲ་ཞིང་བསྟན་པའོ། །ཡང་ན་བྱང་ཆུབ་སེམས་དཔའི་སེམས་དེའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ལ་སྙིང་རྗེ་ཡུན་རིང་པོར་
བསྩགས་པ་ལས་སྐྱེས་པས་རྩ་བ་སྲ་ཞིང་བརྟན་པ་ཞེས་བྱའོ། །སེམས་དེ་ནི་དགའ་བ་ཆེན་པོ་བསྩགས་པ་སྟེ། མགུ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་ལ་གནས་པར་སྐྱེས་སོ་ཞེས་བྱ་བ་ནི་དགའ་བ་ཆེན་པོ་བསྩགས་པ་ལས་སྐྱེས་པས་མགུ་བ་ལ་སོགས་པ་ལ་གནས་ཞེས་བྱའོ། །འདས་
པའི་སེམས་ཅན་རྣམས་ཀྱིས་བདེ་བ་མཐོང་ནས་སེམས་དགའ་བ་སྐྱེ་བ་ནི་མགུ་བའོ། །ད་ལྟར་གྱི་སེམས་ཅན་རྣམས་ཀྱིས་བདེ་བ་མཐོང་ནས་སེམས་དགའ་བ་སྐྱེ་བ་ནི་མོས་པའོ། །མ་འོངས་པའི་སེམས་ཅན་རྣམས་ཀྱིས་བདེ་བ་མཐོང་ནས་སེམས་དགའ་བ་སྐྱེ་བ་ནི་མཆོག་ཏུ་དགའ་བ་ལ་གནས་པ་ཞེས་
བྱའོ། །སེམས་དེ་ནི་བཏང་སྙོམས་ཆེན་པོ་བསྩགས་པ་སྟེ། བདེ་བ་དང་སྡུག་བསྔལ་གྱིས་མི་སྒུལ་བར་སྐྱེས་སོ་ཞེས་བྱ་བ་ནི་བདེ་བ་ལ་ཡང་ཆགས་པ་མེད། སྡུག་བསྔལ་ལ་ཡང་ཞེ་སྡང་མེད་པའི་བཏང་སྙོམས་ཀྱིས་བསྐྱེད་པའི་ཕྱིར་རོ། །ས་ལྔ་པ་དང་། ས་དྲུག་པ་དང་། ས་བདུན་
པ་རྣམས་ལ་ནི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་རྣམས་ཡོངས་སུ་སྦྱོང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ལ་བསྙེན་པའི་ཕྱིར་དེ་བས་ས་དེ་དག་གི་སེམས་བསྐྱེད་པ་ཡང་མ་བཤད་དོ། །ས་བརྒྱད་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་གཅིག་པོ་བྱང་ཆུབ་
སེམས་དཔའ་གནས་ཟབ་མོ་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ལ་ཉེ་བར་སྦྱོར་བས་བསྟན་ཏེ། དེ་ཡང་སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརླབས་པར་སྐྱེས་སོ་ཞེས་གསུངས་པའོ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང་
ལྡན་པའམ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་ཡོངས་སུ་གཟུང་བར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །བྱིན་གྱི་རླབས་ནི་མཐུ་དང་། དགོངས་པ་དང་། ཡོངས་སུ་གཟུང་བའི་རྣམ་གྲངས་སུ་གཏོགས་པའོ། །ས་དགུ་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་གཅིག་པོ་
เล่ม ๑๑๔ · หน้า 41b
སེམས་ཅན་སྨིན་པར་བྱེད་པའི་མཐར་འགྲོ་བས་སངས་རྒྱས་འབྱུང་བ་ལ་སོགས་པ་རྒྱུན་མི་འཆད་པ་བསྟན་ཏེ། དེ་ཡང་སེམས་དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་བཅད་པའི་ཕྱིར་ཚུལ་རྒྱུན་མི་འཆད་པར་སྐྱེས་སོ་ཞེས་གསུངས་སོ། །དེ་ལ་ཚུལ་ནི་སངས་རྒྱས་ཀྱི་ཆོས་ནུབ་ཅིང་མེད་པར་མི་འགྱུར་
བའི་ཐབས་ལ་བྱ་ལ། བྱང་ཆུབ་ཀྱི་སེམས་ནི་དེའི་ཐབས་ཆེན་པོ་ཡིན་པས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པའི་ཕྱིར་ཞེས་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ས་བཅུ་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་གཅིག་པོ་དབང་ཐོབ་པས་བསྟན་ཏེ། དེ་ཡང་སེམས་དེ་
ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གྲགས་པར་སྐྱེས་སོ་ཞེས་གསུངས་པའོ། །ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ལྷ་ལ་སོགས་པ་ཆེ་གེ་མོ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གཅིག་ནས་གཅིག་ཏུ་སྦྲན་ཏེ། སངས་རྒྱས་ཀྱིས་
ཐམས་ཅད་དུ་གྲགས་པར་བྱེད་པའི་ཕྱིར་རོ། །རྟག་པར་འབྲས་བུ་ཡོངས་སུ་སྡུད་པ་ལས་བརྩམས་ནས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱ་བ་ལ་སོགས་པའོ། །རྟག་པར་འབྲས་བུ་ཡོངས་སུ་སྡུད་པ་ཡང་རྣམ་པ་གསུམ་གྱིས་བསྟན་
ཏེ། གང་ཞེ་ན། ཡོན་ཏན་རྣམ་པར་དག་པའི་ཡན་ལག་ཁྱད་ཞུགས་པར་ཡོངས་སུ་འཛིན་པས་གནས་དང་གནས་པ་ཡོངས་སུ་འབྲེལ་བར་ཡོངས་སུ་རིག་པ་དང་། བསྟན་པ་དང་ལྡན་པའི་ཁྱད་པར་གྱིས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་ཡན་ལག་རྣམས་མདོ་དང་རྒྱས་པར་བསྟན་
པ་དང་། སངས་རྒྱས་ཀྱི་ཆོས་ལྷག་མ་རྣམས་སྡུད་པར་བྱེད་པའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་མདོར་བསྟན་ཏོ། །དེ་ལ་ཡོན་ཏན་རྣམ་པར་དག་པའི་ཡན་ལག་ཁྱད་ཞུགས་པར་ཡོངས་སུ་འཛིན་པས་གནས་དང་གནས་པ་འབྲེལ་པ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་སེམས་ཞེས་བྱ་བས་ན། སྙོམས་པར་འཇུག་པ་རྣམས་མི་ཟད་པས་བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདི་འདྲ་བ་ལ་ཟད་པ་གང་ཡང་ཡོད་དམ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་དེ་
เล่ม ๑๑๔ · หน้า 42a
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དེའི་ངོ་བོ་ཉིད་ཐམས་ཅད་མཁྱེན་པ་ཉིད་དང་ཐ་མི་དད་དེ། ཐམས་ཅད་མཁྱེན་པའི་རང་བཞིན་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པའི་
སེམས་ཞེས་བྱ་སྟེ། དེ་ལྟ་བུ་ལ་ཅི་ཟད་པ་ཡོད་དམ་ཞེས་ཤཱ་རིའི་བུ་ལ་དྲིས་པའོ། །ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཟད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདི་ལྟ་བུ་ཟད་པར་འདོད་པ་ནི་ནམ་མཁའ་ཟད་པར་འདོད་
དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་གོང་དུ་དེ་ནི་མ་ཡིན་ཏེ་ཞེས་སྨྲས་པའི་དོན་ཏོ། །ཇི་ལྟར་ནམ་མཁའ་ལ་ཟད་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འདི་ལ་ཡང་ཟད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་
ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པའི་གཏན་ཚིགས་རྣམ་པ་གཞན་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་སེམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་སྟེ། དེ་ནི་འཁོར་བའི་མཐའི་བར་དུ་མི་ཟད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ནི་དེའི་རྩ་བ་ཡིན་པས་
ན་འབྲས་བུ་མི་ཟད་པའི་ཕྱིར་རྒྱུ་ཡང་མི་ཟད་པའོ་ཞེས་བསྟན་པའོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པས་ཟད་པ་མེད་པའི་ཕུང་པོ་ལྔ་མི་ཟད་པའི་རྩ་བ་ཡིན་པས་བྱང་ཆུབ་ཀྱི་སེམས་ཀྱང་མི་ཟད་པའོ་ཞེས་བསྟན་པའོ། །བཙུན་པ་ཤ་
ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་བསམ་གཏན་དང་ཞེས་བྱ་བ་ལ་སོགས་པས། ཉན་ཐོས་དང་རང་སངས་རྒྱས་དག་གིས་བསམ་གཏན་ལ་སོགས་པ་ལྟ་བུ་མྱ་ངན་ལས་འདས་པའི་མཐར་ཐུག་པས་ཟད་པ་མ་ཡིན་གྱི་དེ་བཞིན་གཤེགས་པའི་བསམ་གཏན་ལ་སོགས་པ་མིང་གིས་སྨོས་པ་
དེ་དག་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་མི་ཟད་པ་སྟེ། དེའི་རྒྱུ་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཀྱང་དེའི་ཕྱིར་མི་ཟད་པ་བསྟན་ཏོ། །རྩ་བ་ཞེས་བྱ་བ་ནི་རྒྱུ་ཡིན་པར་ལྟའོ། །དེ་ལ་བསམ་གཏན་ལ་སོགས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་དང་བཤད་པར་
เล่ม ๑๑๔ · หน้า 42b
བྱའོ། །བསྟན་པ་དང་ལྡན་པའི་ཁྱད་པར་གྱིས་ཚུལ་ཁྲིམས་རྣམ་པར་དག་པའི་ཡན་ལག་རྣམས་མདོ་དང་རྒྱས་པར་བསྟན་པ་ནི་དེ་བཞིན་གཤེགས་པའི་སྦྱིན་པ་དང་ཞེས་བྱ་བ་ནས་བཏང་སྙོམས་མི་ཟད་པ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་ཟད་པའི་རྒྱུ་བྱང་ཆུབ་
ཀྱི་སེམས་དེ་ཡིན་པས་ན་མི་ཟད་པར་བསྟན་ཏོ། །དེ་བཞིན་གཤེགས་པའི་བྱམས་པ་དང་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པའི་ཚད་མེད་པ་བཞིའི་རྒྱུ་ཡིན་པས་མི་ཟད་པར་བསྟན་པའོ། །སངས་རྒྱས་ཀྱི་ཆོས་ལྷག་མ་རྣམས་སྡུད་པའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་
པ་རྣམས་མདོར་བསྟན་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཞེས་བྱ་བ་ནས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་མི་ཟད་པའི་རྒྱུ་ཡིན་པས་ན་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པར་
བསྟན་པའོ། །མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་མི་ཟད་པ་སྟེ་དེ་དག་གི་རྒྱུར་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཡང་མི་ཟད་པའོ། །རྒྱུ་ཡོངས་སུ་མི་ཟད་པ་ལས་བརྩམས་ནས་
སྨྲས་པ། དཀོན་མཆོག་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་ཡོངས་སུ་མི་ཟད་པ་ཡང་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། གང་ཞེ་ན། དཀོན་མཆོག་གསུམ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པ་དང་། སེམས་ཅན་གྱི་ཁམས་བསྲུང་བར་བྱ་བའི་ཕྱིར་རྒྱུན་མི་འཆད་པ་དང་། སེམས་བསྐྱེད་པ་
ཤེས་པ་སྟེ་བསྐྱེད་པ་དང་། ཤེས་པ་ཡང་ཐམས་ཅད་ཀྱིས་བསྒྲུབས་པ་དང་། དེ་ཡང་དུས་ཚད་མེད་པས་བཟུང་བ་དང་། སེམས་བསྐྱེད་པ་དེ་ཡང་འདུས་མ་བྱས་པར་ཡོངས་སུ་བསྔོས་པ་མཐུར་གྱུར་པ་དང་། རིགས་པའི་དོན་བྱ་བ་ལ་ཡོངས་སུ་བསྔོ་བ་དང་། རང་གི་དོན་ཡོངས་སུ་རྫོགས་
པའི་ཕྱིར་རོ། །དེ་ལ་དཀོན་མཆོག་གི་རིགས་རྒྱུན་མི་གཅོད་པས་ན། མི་ཟད་པའོ་ཞེས་བྱ་བས་དཀོན་མཆོག་གསུམ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་འགྱུར་ཏེ། གང་མཐའ་ཟད་ཅིང་མེད་པར་མ་
เล่ม ๑๑๔ · หน้า 43a
འགྱུར་བའི་རྒྱུ་ནི་མི་ཟད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ་ཞེས་བྱ་བས་སེམས་ཅན་གྱི་ཁམས་བསྲུང་བར་བྱ་བའི་ཕྱིར་དེར་རྒྱུན་མི་འཆད་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་ལ་
སེམས་ཅན་གྱི་ཁམས་ནི་མཐའ་ཡས་ཟད་མི་ཤེས་ཏེ། དེའི་ཕྱིར་དེ་ལ་དམིགས་པའི་སེམས་དེ་ཡང་མི་ཟད་པའོ། །དེའི་ཡེ་ཤེས་བཏང་བས་ན་མི་ཟད་པའོ་ཞེས་བྱ་བས་སེམས་བསྐྱེད་པ་ཡང་ཤེས་པ་དེ་བསྐྱེད་པ་བསྟན་ཏེ། སེམས་ཅན་གྱི་ཁམས་མི་ཟད་པ་ལ་དམིགས་པའི་ཡེ་ཤེས་དེའི་རྒྱུ་ལ་
བཏང་ཞེས་བྱ་སྟེ། ཡེ་ཤེས་དེ་མི་ཟད་པས་ན་དེའི་རྒྱུ་བྱང་ཆུབ་ཀྱི་སེམས་དེ་ཡང་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པ་ན་མི་ཟད་པའོ་ཞེས་བྱ་བས་དེ་ཡང་ཐབས་ཀྱིས་བསྒྲུབས་པ་བསྟན་ཏེ། སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཡང་མི་ཤེས་ན་
སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ཡང་སེམས་ཅན་དེ་དག་གི་སེམས་ཀྱི་སྤྱོད་པ་རྟོགས་པས་ན་མི་ཟད་པ་ཞེས་བྱའོ། །སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་པས་ན་མི་ཟད་པའོ་ཞེས་བྱ་བས་དེ་ཡང་དུས་ཚད་མེད་པས་ཡོངས་སུ་བཟུང་བ་སྟེ། བྱང་ཆུབ་སེམས་
དཔའི་སྔོན་གྱི་སྨོན་ལམ་མཐའ་ཡས་པའི་རྒྱུན་ལས་བྱང་ཆུབ་ཀྱི་སེམས་འདི་འབྱུང་སྟེ། སྔོན་གྱི་མཐའ་ཟད་མི་ཤེས་པའི་ཕྱིར་མི་ཟད་པའོ་ཞེས་བཤད་པའོ། །འདུས་མ་བྱས་སུ་བསྔོས་པ་ན་མི་ཟད་པའོ་ཞེས་བྱ་བས་སེམས་བསྐྱེད་པ་དེ་ཡང་འདུས་མ་བྱས་པར་ཡོངས་སུ་བསྔོས་པས་མཐར་གྱུར་པ་
བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་ཉིད་འདུས་མ་བྱས་ཟད་མི་ཤེས་པ་རྟོག་པའི་རྒྱུར་བསྔོས་པས་ན་མི་ཟད་པའོ། །འདུས་མ་བྱས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ་ཞེས་བྱ་བས་རིགས་པའི་དོན་རྒྱས་པར་ཡོངས་སུ་བསྔོ་བ་བསྟན་ཏེ། སེམས་ཅན་ཐམས་ཅད་ཟད་མི་
ཤེས་པའི་འདུས་མ་བྱས་པ་དགོད་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་མི་ཟད་པའོ། །ཟད་པར་ཤེས་པ་དང་མི་སྐྱེ་བ་ཤེས་པ་མི་ཟད་པས་ན་མི་ཟད་པའོ་ཞེས་བྱ་བས་རང་གི་དོན་ཡོངས་སུ་རྫོགས་པར་བསྟན་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པར་བྱ་བའི་ཕྱིར་སེམས་བསྐྱེད་པས་ན་མི་ཟད་པའོ། །
เล่ม ๑๑๔ · หน้า 43b
དོན་དམ་པར་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རང་བཞིན་དང་དམིགས་པའི་རིག་པའོ། །རང་བཞིན་ནི་ཡང་དག་པ་ཉིད་དོ། །དེ་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པས་ན་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེའི་ངོ་བོ་ཉིད་ལ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་མི་ཟད་པ་ཞེས་བྱའོ། །
དམིགས་པའི་རིགས་པ་ནི་ཆོས་ཐམས་ཅད་གཟོད་མ་ནས་དག་པར་ཤེས་པའི་ཡེ་ཤེས་ཏེ། དེ་ཡང་ཆོས་ཐམས་ཅད་གཟོད་མ་ནས་ཟད་པ་སྟེ། ཡེ་ཤེས་དེ་མངོན་པར་རྟོགས་པས་ན་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའི་ཡེ་ཤེས་མངོན་པར་རྟོགས་
པ་འབྱུང་བའི་རྒྱུ་ཡིན་པས་ན་མི་ཟད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྣམ་པ་དྲུག་གིས་རྒྱུན་མི་ཟད་པ་ཡིན་ཏེ་ཐམས་ཅད་ལ་རིག་པར་བྱའོ། །བདུན་པས་ནི་སྐད་ཅིག་གིས་འཇིག་པ་མི་ཟད་པ་བསྟན་ཏོ། །སེམས་བསྐྱེད་པ་དེ་བདུན་ཡང་མདོར་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡང་
དག་པར་བླང་བའི་མཚན་ཉིད་དང་། ཆོས་ཉིད་ཀྱིས་ཐོབ་པ་སྟེ། ཐོག་མའི་གཅིག་དང་། ལྷག་མའི་རྣམ་པ་དང་རིམ་བཞིན་དུ་སྦྱོར་རོ། །སེམས་བསྐྱེད་པ་མི་ཟད་པ་བཤད་ཟིན་ཏོ།། །།ཐམས་ཅད་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ། ངེས་པ་དང་ཁུར་མི་
འདོར་བ་དང་། ཁྱད་པར་དུ་འགྲོ་བའོ། །དེ་ལ་ངེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་དང་། དེའི་རྒྱུ་ལམ་བསྒོམ་པ་ལ་དད་པ་དང་། མོས་པ་བསྟན་པ་གང་ཡིན་པ་སྟེ། དེ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
བསམ་པ་ཡང་མི་ཟད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་མི་ཟད་པ་གསུམ་ནི་བསྡུས་པའི་དོན་ལས་དེའི་འབྲས་བུ་ཞེས་སྨོས་པ་ཡིན་ཏེ། ཆོས་འདི་གསུམ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསམ་པ་
མི་ཟད་པ་དེ་ཡང་མཚན་ཉིད་རྣམ་པ་བཅུས་བསྟན་ཏེ། རྣམ་པར་དག་པའི་མཚན་ཉིད་དང་འཇུག་པའི་མཚན་ཉིད་དང་། མི་ལྡོག་པའི་མཚན་ཉིད་དང་། རེ་བའི་མཚན་ཉིད་དང་། ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། བརྗེད་མི་ངས་པའི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། དམིགས་
เล่ม ๑๑๔ · หน้า 44a
པའི་རྣམ་པར་དག་པའི་མཚན་ཉིད་དང་། ཡིད་ལ་བྱེད་པ་རྣམ་པར་དག་པའི་མཚན་ཉིད་དང་། ལྟ་བ་རྣམ་པར་དག་པའི་མཚན་ཉིད་དོ། །དེ་ལ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་ལྔས་བསྟན་ཏེ། ཕན་བཏགས་པ་ལ་མི་རེ་བ་དང་། གཞན་དུ་མི་ལྟ་བ་དང་། མ་
རྨོངས་པ་དང་བདག་དང་གཞན་གྱི་ཁྱད་མི་སྒྲུན་པ་དང་། བག་ཆགས་འཇོམས་པའོ། །དེ་ལ་བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ་ཞེས་བྱ་བས་ཕན་བཏགས་པ་ལ་མི་རེ་བ་བསྟན་ཏེ། དེ་ལ་ཕན་བཏགས་ཤིང་སྦྱིན་པ་བྱིན་ན་སླར་ཡང་བདག་ལ་ཕན་འདོགས་པར་བྱེད་དོ་ཞེས།
དེའི་ཕྱིར་སྦྱིན་པ་བྱེད་པ་ནི་བྱས་པ་ཞེས་བྱ་སྟེ། དེ་ལྟ་བུའི་བསམ་པས་གཞན་གྱི་བྱ་བ་མི་བྱེད་པས་མ་བྱས་པའོ། དེའི་ཕྱིར་ན་བཅོས་མ་མ་ཡིན་ཞེས་བྱ་སྟེ་རྒྱུ་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡོངས་སུ་དག་ཅིང་རྒྱུ་མེད་པ་དེ་ནི་བྱང་ཆུབ་ཆེན་པོར་ཟད་མི་ཤེས་པའི་རྒྱུ་དང་། རང་བཞིན་ཡིན་པས་
མི་ཟད་པར་རིག་པར་བྱའོ། །གཡོ་མེད་པས་ན་བྱས་པ་མ་ཡིན་ནོ་ཞེས་བྱ་བས་གཞན་དུ་མི་ལྟ་བ་ཡིན་ཏེ། གཡོ་ནི་སེམས་ཅན་རྣམས་ལ་བྲིད་ཅིང་སླུ་བར་སེམས་པའོ། །དེ་ལྟ་བུའི་བསམ་པ་མེད་པས་ན་བྱས་པ་མ་ཡིན་པ་ཞེས་བྱའོ། །རབ་ཏུ་རྟོགས་པས་ན་གཡོ་མེད་པའོ་ཞེས་བྱ་བས་མ་
རྨོངས་པ་བསྟན་ཏེ། གཡོ་དང་སྒྱུ་ལ་སོགས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་ལས་བྱུང་གི་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་གཡོ་སྒྱུ་མི་སྲིད་པའི་ཕྱིར་རོ། །སྒྱུ་མེད་པས་རབ་ཏུ་རྟོགས་པའོ་ཞེས་བྱ་བས་བདག་དང་གཞན་གྱི་ཁྱད་མི་སྒྲུན་པ་བསྟན་ཏེ། གཞན་དུ་སྨྲ་ཞིང་གཞན་དུ་
སེམས་པ་ནི་སྒྱུ་སྟེ། དེ་འདྲ་བའི་བསམ་པ་མེད་པས་ན་རབ་ཏུ་རྟོགས་པ་ཞེས་བྱའོ། །དག་པས་ན་སྒྱུ་མེད་པའོ་ཞེས་བྱ་བས་བག་ཆགས་འཇོམས་པ་བསྟན་ཏེ་གཡོ་དང་སྒྱུའི་བག་ཆགས་དག་པས་ན་སྒྱུ་དང་བསམ་པ་མེད་དོ། །འཇུག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ་བྱས་ནས་འབྱུང་ཞིང་འཇུག་པ་དང་།
མ་བྱས་ཀྱང་འཇུག་པ་དང་དུས་སུ་འཇུག་པ་དང་མི་སྐྱོ་བར་འཇུག་པ་དང་། རབ་ཏུ་འཇུག་པའོ། །དེ་ལ་དྲང་བས་ན་དག་པའོ་ཞེས་བྱ་བས་བྱས་ནས་འབྱུང་ཞིང་འཇུག་པ་བསྟན་ཏེ། སེམས་ལ་གཡོ་སྒྱུ་མེད་པ་ནི་དྲང་བ་ཞེས་བྱ་སྟེ། དེ་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ་ཞེས་བྱ་བས་མ་
เล่ม ๑๑๔ · หน้า 44b
བྱས་ཀྱང་འཇུག་པ་བསྟན་ཏེ། གྱ་གྱུ་ནི་ཚིག་རྣམས་རླུང་བསྐུར་ཞིང་ཁ་སྒྱུར་བར་བྱེད་པ་སྟེ། དེ་ལྟ་བུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ་ཞེས་བྱ་བས་དུས་སུ་འཇུག་པ་བསྟན་ཏེ། བརྗོད་པར་བྱ་བའི་དོན་གསལ་བར་སྟོན་པས་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ་ཞེས་བྱ་
བས་མི་སྐྱོ་བར་འཇུག་པ་བསྟན་ཏེ། མི་མཉམ་པ་ནི་སྔ་ཕྱི་མི་མཐུན་ཞིང་འགལ་བ་ལ་བྱ་སྟེ། དེ་མེད་པ་ན་གསལ་བའོ། །སྲ་བས་ནི་མི་མཉམ་པ་མེད་པའོ་ཞེས་བྱ་བས་རབ་ཏུ་འཇུག་པར་བསྟན་ཏེ། སྲ་བ་ནི་བརྟན་ཞིང་སྙིང་པོར་གྱུར་པ་ལ་བྱ་སྟེ། མི་མཐུན་པ་དང་འགལ་བའི་རྐྱེན་མི་འབྱུང་ཞེས་བྱ་
བའི་དོན་ཏོ། །མི་ལྡོག་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། གནོད་པ་བྱས་ཀྱང་འཇུག་པ་དང་སྦྱོར་བ་མི་གཏོང་བ་དང་ཟང་ཟིང་གིས་མི་འཁོལ་བ་དང་། དེས་བདེ་བ་ཉིད་དུ་མ་གྱུར་པའོ། །དེ་ལ་མི་ཕྱེད་པས་ན་སྲ་བའོ་ཞེས་བྱ་བས་གནོད་པ་བྱས་ཀྱང་འཇུག་པ་བསྟན་ཏེ། ཕྱེད་པ་ནི་གཞན་གྱིས་
གནོད་པ་བྱས་ན། ཞེ་སྡང་གིས་ཕྱིར་གནོད་པར་བྱ་བར་བསམས་པ་སྟེ། དེ་མེད་པས་ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ་ཞེས་བྱ་བས་སྦྱོར་བ་མི་གཏོང་བ་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བ་ལས་གཞན་དུ་མི་འགྱུར་བས་ན་མཁྲང་བ་ཞེས་བྱ་སྟེ། དེ་བས་
ན་མི་ཕྱེད་པའོ། །ཇི་ལྟར་ཁས་བླངས་པ་ལས་འགྱུར་བ་མེད་པས་ནི་མི་གཡོ་བ་ཞེས་བྱ་སྟེ། དེ་བས་ན་མཁྲང་བའོ། །མི་གནས་པ་ན་མི་གཡོ་བའོ་ཞེས་བྱ་བས་ཟང་ཟིང་གིས་མི་འཁོལ་བ་བསྟན་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཟང་ཟིང་ལ་མི་བསྟེན་པས་མི་གནས་པ་སྟེ་ཟང་ཟིང་ལ་
མ་ཆགས་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་དུ་ན་ཉོན་མོངས་པའི་ཕུང་པོ་ལྔ་ལ་མི་རྟེན་པས་མི་རྟག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལ་མ་ཆགས་པས་མི་གནས་པའོ་ཞེས་བྱ་བས་དེས་བདེ་བ་ཉིད་དུ་མི་འགྱུར་བ་བསྟན་ཏེ། དེ་ལ་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་ཟང་ཟིང་དེ་དག་ལ་མ་ཆགས་
པའི་ཕྱིར་མི་གནས་པའོ་ཞེས་བྱ་བའི་དོན་ཏོ། །རེ་བའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། དེ་ཁྱད་ཞུགས་པའི་བདེ་བ་ཐོབ་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་བསམ་པ་མངོན་པར་འདུ་བྱེད་པ་དང་། རྟག་པ་དང་། ཡང་དག་པའི་བདེན་པའོ། དེ་ལ་བྱེ་བྲག་ཏུ་
เล่ม ๑๑๔ · หน้า 45a
འཕགས་པས་ན་དེ་ལ་མ་ཆགས་པའོ་ཞེས་བྱ་བས་ཁྱད་ཞུགས་པའི་བདེ་བ་ཐོབ་པ་བསྟན་ཏེ། བྱེ་བྲག་ཏུ་འཕགས་པ་ནི་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པ་ལ་བྱ་སྟེ། ཇི་ལྟར་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པའི་ཕྱིར་འཇིག་རྟེན་གྱི་ཟང་ཟིང་ལ་མ་ཆགས་
པའོ། །མ་སྨད་པས་བྱེ་བྲག་ཏུ་འཕགས་པའོ་ཞེས་བྱ་བས་ཁ་ན་མ་ཐོ་བ་མེད་པ་བསྟན་ཏེ། ཁ་ན་མ་ཐོ་བའི་ཆོས་ནི་སྨད་པའོ། །སྡིག་པ་ཁ་ན་མ་ཐོ་བའི་ཆོས་མ་བྱས་པས་བྱེ་བྲག་འཕགས་ཏེ། འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་བོ། །ལེགས་པར་བྱས་པའི་ལས་ཀྱི་ཕྱིར་མ་སྨད་
པའོ་ཞེས་བྱ་བས་ཚུལ་བཞིན་ཡིད་ལ་བྱེད་པའི་བསམ་པ་མངོན་པར་འདུ་བྱེད་པ་བསྟན་ཏེ། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་མ་བྱས་པའི་ཕྱིར་མ་སྨད་པའོ། །མ་བཤུངས་པས་ན་ལེགས་པར་བྱས་པའི་ལས་སོ་ཞེས་པས་རྟག་པ་བསྟན་ཏེ། འཁོར་བ་དང་མྱ་ངན་
ལས་འདས་པའི་ལམ་ལ་འཇུག་པའམ། ཆེད་འགའ་དགེ་བ་སྤྱོད་པ་ཆེད་འགའ་མི་དགེ་བ་སྤྱོད་པ་ནི་བཤུངས་པ་ཞེས་བྱ་སྟེ། དེ་ལྟར་བཤུངས་པའི་ལས་མི་བྱེད་པས་ན་ལེགས་པར་བྱེད་པ་ཞེས་བྱའོ། །འགྱོད་པ་མེད་པ་ན་མ་བཤུངས་པའོ་ཞེས་བྱ་བས་ཡང་དག་པའི་བདེན་པ་བསྟན་ཏེ་
འགྱོད་པ་དེ་མི་དགེ་བ་བྱས་ནས་ཕྱིས་སེམས་ལ་གདུང་བ་སྐྱེས་པ་སྟེ། དེ་ལྟ་བུ་མེད་པས་ན་མ་བཤུངས་པ་སྟེ། རྟག་ཏུ་དགེ་བ་ལ་གནས་ཞེས་བྱ་བར་འདོད་དོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ཕྱིན་ཅི་མ་ལོག་པ་ཉིད་དང་། ལུང་གི་འབྱུང་བ་དང་། དམ་བཅས་པ་
ལས་འབྱུང་བ་དང་། དགེ་བ་དང་རིག་པ་དང་ལྡན་པའོ། །གདུང་བ་མེད་པས་ནི་འགྱོད་པ་མེད་པའོ་ཞེས་བྱ་བས་ཕྱིན་ཅི་མ་ལོག་པ་ཉིད་བསྟན་ཏེ། གདུང་བ་མེད་པ་རྟག་ཏུ་སེམས་ལ་མི་བདེ་བ་འབྱུང་སྟེ། དེ་མེད་པས་ན་འགྱོད་པ་མེད་པའོ། །བདེན་པར་གྱུར་པས་ན་མི་གདུང་བའོ། །སླུ་བ་
མེད་པས་ན་བདེན་པར་གྱུར་པའོ་ཞེས་བྱ་བས་ལུང་གི་འབྱུང་བ་བསྟན་ཏེ། བྱས་པ་དོན་གྲུབ་བོ་ཞེས་སྔར་སྨྲས་ལ། ཕྱིས་མ་བྱས་ན་བྱས་པ་དོན་མེད་པར་གྱུར་ཏོ་ཞེས་གདུང་བ་སྐྱེའི། སྔར་བྱས་པ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་པར་འགྱུར་ཏེ། བདེན་པས་ན་མི་གདུང་བ་ཡིན་ལ། སྔར་
เล่ม ๑๑๔ · หน้า 45b
བསྒྲུབས་པ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་སྟེ། ཕྱིས་སླུ་བ་མེད་པས་ན་བདེན་པར་གྱུར་པའོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པས་ནི་མི་སླུ་བའོ་ཞེས་བྱ་བས་དམ་བཅས་པ་ལས་འབྱུང་བ་བསྟན་ཏེ། ཇི་སྐད་ཁས་བླངས་ཤིང་དམ་བཅས་པ་དེ་བཞིན་དུ་ཕྱིས་སྒྲུབ་ཅིང་བྱེད་པས་མི་སླུ་བའོ། །ལེགས་པར་
བྱས་པས་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ་ཞེས་བྱ་བས་དགེ་བ་བསྟན་ཏེ། རྟག་ཏུ་དགེ་བ་འབའ་ཞིག་བྱས་པས་ཇི་སྐད་སྔར་ཁས་བླངས་པ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་པར་འགྱུར་རོ། །རྗེས་སུ་སྦྱར་བ་མེད་པས་ལེགས་པར་བྱས་པའོ་ཞེས་བྱ་བས་རིག་པ་དང་ལྡན་པ་བསྟན་ཏེ། ཁྱོད་ཀྱིས་འདི་ལྟར་དུ་
བྱས་པ་ཉེས་སོ་ཞེས་འགྱོད་འདེབས་པ་ལ་རྗེས་སུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟ་བུ་མེད་ན་ལེགས་པར་བྱས་པའོ། །བརྗེད་མི་ངས་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། བརྗེད་མི་ངས་པ་ཉིད་དང་བག་ཡོད་པ་དང་དུབ་པ་མེད་པ་དང་བདག་པས་གཞན་གྱི་དོན་ལྷུར་བྱེད་པའོ། །དེ་ལ་འཁྲུལ་པ་མེད་པས་
ན་རྗེས་སུ་སྦྱོར་བ་མེད་པའོ་ཞེས་བྱ་བས་བརྗེད་མི་ངས་པ་ཉིད་བསྟན་ཏེ་འཁྲུལ་པ་ནི་སྡིག་པ་མི་དགེ་བའི་ཆོས་སྤྱོད་ཅིང་དགེ་བའི་ཆོས་མི་སྤྱོད་པའོ། །དེ་ལྟ་བུ་མེད་པ་ནི་རྗེས་སུ་སྦྱོར་བ་མེད་པ་སྟེ་ཉེས་སོ་ཞེས་འགྱོད་འདེབས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་གནས་པས་ན་འཁྲུལ་པ་མེད་
པའོ་ཞེས་བྱ་བས་བག་ཡོད་པ་བསྟན་ཏེ། མི་དགེ་བའི་ཆོས་ལ་བག་བྱས་པའམ། དགེ་བའི་ཆོས་སྤྱད་པ་ལས་འགྱུར་བ་མེད་པས་ན་འཁྲུལ་པ་མེད་པའོ། །ཕྱིར་མི་ལྡོག་པས་ན་ལེགས་པར་གནས་པའོ་ཞེས་བྱ་བས་དུབ་པ་མེད་པ་བསྟན་ཏེ་སུས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་མི་ཟློགས་ཤིང་
བདག་ཉིད་ཀྱང་ལྡོག་པ་མེད་པས་ན་ལེགས་པར་གནས་པ་སྟེ། འགྱུར་བ་མེད་པར་གནས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ལྟ་བས་ཕྱིར་མི་ལྡོག་པའོ་ཞེས་བྱ་བས་བདག་པས་གཞན་གྱི་དོན་ལྷུར་བྱེད་པ་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བར་སེམས་ཤིང་ལྟ་བས་ན་བླ་ན་མེད་པའི་བྱང་ཆུབ་
ལས་ཕྱིར་མི་ཟློགས་པའོ། །རྒྱུ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་དྲུག་སྟེ། སྙིང་རྗེ་ཆེན་པོའི་རྩ་བ་དང་། སྦྱོར་བ་མི་གཏོང་བ་དང་། སྦྱོར་བ་སྒྲུབ་པ་དང་། གཞན་ལ་ཕན་པའི་རྒྱུ་མ་ཡིན་པའི་བདེ་བ་མི་དགོས་པ་དང་། གཞན་ལ་ཕན་པའི་རྒྱུས་བདེ་བ་ཉིད་དུ་གྱུར་པ་དང་། སེམས་
เล่ม ๑๑๔ · หน้า 46a
ཅན་གྱི་དོན་བྱེད་པས་བདེ་བའི་དོན་དུ་གྱུར་པའོ། །དེ་ལ་སྙིང་རྗེ་ཆེན་པོའི་རྩ་བ་ཡིན་པས་ན་སེམས་ཅན་ལ་ལྟ་བའོ་ཞེས་བྱ་བས་སྙིང་རྗེ་ཆེན་པོའི་རྩ་བ་བསྟན་ཏེ། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་སྟེ། སྙིང་རྗེ་ཆེན་པོའི་རྩ་བ་དང་རྒྱུར་གྱུར་པའི་ཕྱིར་
སེམས་ཅན་གྱི་དོན་བྱ་བ་ལ་ལྟ་བའོ། །དེ་ལ་རྣམ་པ་གསུམ་གྱི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། རྒྱུ་ཆེ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ལས་བྱུང་བའི་ཕྱིར་རོ། །དམིགས་པ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་
ཕྱིར་རོ། །རྒྱུ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱི་རྒྱུད་ལ་མི་འབྱུང་གི །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་འབྱུང་བའི་ཕྱིར་རོ། །ཡོངས་སུ་མི་སྐྱོ་བས་ན་སྙིང་རྗེ་ཆེན་པོའི་རྩ་བའོ་ཞེས་བྱ་བས་སྦྱོར་བ་མི་གཏོང་བ་བསྟན་ཏེ། འཁོར་
བ་དང་སེམས་ཅན་གྱི་དོན་བྱ་བ་ལ་སྐྱོ་བ་མེད་པས་ན། སྙིང་རྗེ་ཆེན་པོའི་རྩ་བར་གྱུར་པ་ཞེས་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པས་ན་ཡོངས་སུ་མི་སྐྱོ་བའོ་ཞེས་བྱ་བས་སྦྱོར་བ་སྒྲུབ་པ་བསྟན་ཏེ། སེམས་ཅན་ཡོངས་སུ་སྨིན་པ་དང་། ཐར་པར་བྱ་བའི་ཐབས་ཤེས་པས་ན་
ཆོ་ག་ཤེས་པ་སྟེ། དེ་བས་ན་སེམས་ཅན་གྱི་དོན་ལ་མི་སྐྱོ་བའོ། །བདག་བདེ་བ་མེད་པས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའོ་ཞེས་བྱ་བས་གཞན་ལ་ཕན་པའི་རྒྱུ་མ་ཡིན་པའི་བདེ་བ་མི་དགོས་པ་བསྟན་ཏེ། སེམས་ཅན་གྱི་དོན་གྱི་ཕྱིར་བདག་ཉིད་ཀྱི་ལུས་དང་སྲོག་ལ་ཡང་མི་ལྟ་
བའོ། །ལན་མི་རེ་བས་ན་བདག་ལ་བདེ་བ་མེད་པའོ་ཞེས་བྱ་བས་གཞན་ལ་ཕན་པའི་རྒྱུས་བདེ་བ་ཉིད་དུ་གྱུར་པ་བསྟན་ཏེ། ཕན་བཏགས་པའི་ལན་ལ་རེ་བ་མེད་པས་ན་བདག་གི་བདེ་བ་མེད་པ་སྟེ། ལུས་དང་སྲོག་ལ་ཡང་མི་ལྟ་བའོ། །ཟང་ཟིང་མེད་པས་ན་ལན་རེ་བ་མེད་པའོ་ཞེས་བྱ་བས་སེམས་
ཅན་གྱི་དོན་བྱེད་པས་བདེ་བའི་དོན་དུ་གྱུར་པ་བསྟན་ཏེ། ཁེ་དང་བཀུར་སྟིའི་ཟང་ཟིང་ལ་མ་ཆགས་པས་ན་ཕན་བཏགས་པའི་ལན་རེ་བ་མེད་པའོ། །དམིགས་པ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ཆོས་ལ་སོ་སོར་སྟོན་པའི་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་
เล่ม ๑๑๔ · หน้า 46b
མ་ཡིན་པ་དང་། སྡུག་བསྔལ་ལས་རྣམ་པར་ཐར་པའི་གནས་སུ་གྱུར་པ་དང་། དེའི་གཞི་གཉེན་པོའི་གནས་སུ་གྱུར་པ་དང་། མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཆོས་ལ་སྟོན་པར་གྱུར་པས་ན་ཟང་ཟིང་མེད་པའོ་ཞེས་བྱ་བས་ཆོས་ལ་སོ་སོར་སྟོན་པའི་ཤེས་པ་བསྟན་ཏེ། ཆོས་དོན་དུ་
གཉེར་གྱི་རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བས་ན་ཟང་ཟིང་མེད་པའོ། །སེམས་ཅན་མཐུ་ཆུང་བ་རྣམས་ལ་ལྟ་བས་ན་ཆོས་སྟོན་པར་གྱུར་པའོ་ཞེས་བྱ་བས་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། འཁོར་བའི་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་བྱ་བར་ལྟ་ཞིང་སེམས་
པས་ན་ཆོས་ལ་སྟོན་པར་གྱུར་པའོ། །དཔུང་གཉེན་དུ་གྱུར་པས་ན་སེམས་ཅན་མཐུ་ཆུང་ངུ་ལ་ལྟ་བའོ་ཞེས་བྱ་བས་སྡུག་བསྔལ་ལས་རྣམ་པར་ཐར་པའི་གནས་སུ་གྱུར་པ་བསྟན་ཏོ། །འཁོར་བའི་སྡུག་བསྔལ་ལས་སེམས་ཅན་ཐར་པར་བྱེད་པའི་གནས་སུ་གྱུར་པས་ན་མཐུ་ཆུང་ངུ་ལྟ་བ་ཞེས་བྱའོ། །
སྐྱབས་སུ་གྱུར་པས་ན་དཔུང་གཉེན་དུ་གྱུར་པའོ་ཞེས་བྱ་བས་དེའི་གཉེན་པོའི་གནས་སུ་གྱུར་པ་བསྟན་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་ལ་བཀོད་ཅིང་བསྟན་པ་ནི་སྐྱབས་སུ་གྱུར་པ་ཞེས་བྱ་སྟེ། དེ་གཉིས་སྟོན་པར་བྱེད་པས་ན་དཔུང་གཉེན་དུ་གྱུར་པའོ་ཞེས་
བྱའོ། །མགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པའོ། །སྙོན་མི་རྨོངས་པས་ན་མགོན་དུ་གྱུར་པའོ་ཞེས་བྱ་བས་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། ཁམས་གསུམ་ཐམས་ཅད་ལས་སེམས་ཅན་ཐར་པར་བྱེད་པའི་མགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པ་ཞེས་བྱའོ། །བུ་སྨད་ལ་སོགས་པ་
ལ་ཆགས་ཤིང་བྱམས་པས་མགོན་བྱེད་པས་ནི་སྙོན་རྨོངས་པའི་མགོན་དུ་གྱུར་པ་ཡིན་གྱི། དེ་ལས་བཟློག་པ་ནི་བསམ་པ་རྣམ་པར་དག་པའི་མགོན་དུ་གྱུར་པའོ། །ཡིད་ལ་བྱེད་པ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་ལྔ་སྟེ། དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པ་དང་། སོ་སོ་རང་གིས་རིག་པ་དང་། རང་བཞིན་
གྱིས་རྣམ་པར་དག་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པ་དང་། ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་སྤངས་པས་ཤིན་ཏུ་རྣམ་པར་དག་པའོ། །དེ་ལ་ཤིན་ཏུ་བརྟགས་པས་ན་སྙོན་མི་རྨོངས་པའོ་ཞེས་བྱ་བས་དེ་ཁོ་ན་ཉིད་ཤིན་ཏུ་རྟོག་པ་བསྟན་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོག་
เล่ม ๑๑๔ · หน้า 47a
པས་ན། འདོད་ཆགས་ལ་སོགས་པས་ཉོན་མི་མོངས་ཞེས་བྱ་བའི་དོན་ཏོ། །བརྒལ་བ་མེད་པས་ན་ཤིན་ཏུ་རྟོགས་པའོ་ཞེས་བྱ་བས་སོ་སོ་རང་གིས་རིག་པ་བསྟན་ཏེ། བརྒལ་བ་ནི་མཚང་འབྲུ་ཞིང་སྐྱོན་གདགས་པ་ལ་བྱའོ། །ཤིན་ཏུ་བརྟགས་པ་ལ་དེ་ལྟ་བུ་མི་འབྱུང་ཞིང་མི་སྲིད་
པའི་ཕྱིར་རོ། །བསམ་པ་དགེ་བས་ན་དེ་རྒལ་བ་མེད་པའོ་ཞེས་བྱ་བས་རང་བཞིན་གྱིས་རྣམ་པར་དག་པ་བསྟན་ཏེ། རང་བཞིན་གྱིས་སེམས་རྣམ་པར་དག་པ་སྟེ། སྐྱོན་མེད་པས་ན་རྒལ་བ་མེད་པ་ཞེས་བྱའོ། །ཅི་ཡང་མེད་པས་ན་བསམ་པ་དགེ་བའོ་ཞེས་བྱ་བས་ཉོན་མོངས་པ་ཐམས་ཅད་རྣམ་པར་
དག་པ་བསྟན་ཏེ། ཅི་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ལ་བྱ་ལ། དེ་མེད་པས་ན་བསམ་པ་དགེ་བ་ཞེས་བྱའོ། །ཤིན་ཏུ་ཡོངས་སུ་དག་པས་ན་ཅི་ཡང་མེད་པའོ་ཞེས་བྱ་བ་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་སྤངས་པས་ཤིན་ཏུ་རྣམ་པར་དག་པ་བསྟན་ཏེ། སེམས་ལ་ཉོན་མོངས་པ་ཀུན་ནས་དཀྲིས་པ་
དང་། བག་ལ་ཉལ་སྤངས་ཏེ། རྣམ་པར་དག་པས་ན་ཅི་ཡང་མེད་པ་ཞེས་བྱའོ། །ལྟ་བ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། བདག་མེད་པ་གཉིས་ཤིན་ཏུ་རྟོགས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་འཁོར་བ་མི་གཏོང་བ་དང་། དེ་གཉིས་ཀའི་ཉེ་བའི་ཉོན་མོངས་པའོ། །
དེ་ལ་ཤིན་ཏུ་དཀར་བས་ན་ཡོངས་སུ་དག་པའོ་ཞེས་བྱ་བས་བདག་མེད་པ་གཉིས་ཤིན་ཏུ་རྟོགས་པ་བསྟན་ཏེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་ཏེ། ཤིན་ཏུ་དཀར་བས་ན་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱའོ། །ནང་དྲི་མ་མེད་པས་
ན་ཤིན་ཏུ་དཀར་བའོ་ཞེས་བྱ་བས་མཚན་མ་མེད་པ་ལ་གནས་པ་བསྟན་ཏེ། སེམས་ལ་མཚན་མར་རྟོག་པའི་སྐྱོན་གྱིས་དྲི་མ་མེད་པས་ན་ཤིན་ཏུ་དཀར་བ་ཞེས་བྱའོ། །ཕྱི་རོལ་དག་པས་ན་དྲི་མ་མེད་པའོ་ཞེས་བྱ་བས་འཁོར་བ་མི་གཏོང་བ་བསྟན་ཏེ། ཕྱིའི་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་པས་ན་ཕྱིའི་ཆོས་དག་
པ་སྟེ། དེའི་ཕྱིར་ནང་དག་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པས་ཕྱི་རོལ་དག་པ་སྟེ་ཞེས་བྱ་བས་གཉི་གའི་ཉེ་བའི་ཉོན་མོངས་པ་བསྟན་ཏེ། ཕྱི་ནང་གི་ཉོན་མོངས་པའི་མཚན་མ་ཐམས་ཅད་རྣམ་པར་དག་པས་ན་ཕྱི་རོལ་དག་པ་ཞེས་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་
เล่ม ๑๑๔ · หน้า 47b
པས་ཡང་བསམ་པ་མི་ཟད་པ་རྣམ་གྲངས་གཞན་གྱིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་ནི་སེར་སྣ་སྤང་བའི་ཕྱིར་བལྟ་སྟེ་ཞེས་བྱ་བ་ནི་བདག་གི་སེམས་ཀྱི་རྒྱུད་ལ་སེར་སྣ་ཡོད་པ་སྤང་བར་སེམས་པའི་ཕྱིར་བསམ་པ་རྣམ་པར་དག་པར་ལྟའོ། །སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་
པར་བྱ་བར་སེམས་པའི་ཕྱིར་བསམ་པ་མི་ཟད་པ་ཞེས་བྱ་སྟེ། སེམས་ཅན་སེར་སྣ་ཅན་མཐའ་ཡས་པ་ལ་དམིགས་པའི་ཕྱིར་རོ། །འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འཆལ་བའི་ཤེས་རབ་ནི་མུ་སྟེགས་ལ་སོགས་པའི་ལྟ་བ་ལོག་པར་རྟོག་པ་ལ་
བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་བསམ་པ་རྣམ་པར་དག་པ་དང་། བསམ་པ་མི་ཟད་པ་མདོར་བསྡུས་ནས་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆོས་ཡོད་པ་ཐམས་ཅད་སྤང་བར་སེམས་པས་ན་བསམ་པ་རྣམ་
པར་དག་པར་ལྟ་ལ། སེམས་ཅན་ཐམས་ཅད་དད་པ་ལ་སོགས་པའི་དགེ་བའི་ཆོས་ལ་གཞག་པར་སེམས་པས་ན་བསམ་པ་མི་ཟད་པ་ཞེས་བྱའོ། །བསམ་པ་མི་ཟད་པ་བཤད་ཟིན་ཏོ།། །།ཁུར་མི་འདོར་བའི་བྱང་ཆུབ་སེམས་དཔའ་ནི་སྦྱོར་བ་ལ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པ་གང་
ཡིན་པ་སྟེ་དེ་བསྟན་པའི་ཕྱིར། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པས་ན་སྦྱོར་བ་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གོང་དུ་བཤད་པའི་བསམ་པ་མི་ཟད་པ་དེ་ལྟ་བུ་ལ་སོགས་པས་འབྱུང་བའི་སྦྱོར་བ་མི་ཟད་པ་རྣམས་འབྱུང་
བའི་དོན་ཏོ། །རྣམ་པ་གཉིས་སུ་ན་གོང་དུ་བཤད་པ་ལྟར་བསམ་པ་མི་ཟད་པས་ནི། བསམ་པ་མི་ཟད་པ་དེ་ལས་འབྱུང་བའི་སྦྱོར་བ་འོག་ནས་སྨོས་པ་རྣམས་མི་ཟད་པའོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསམ་པ་མི་ཟད་པས་སྦྱོར་བ་མི་ཟད་པར་ཇི་ལྟར་གྱུར་པའི་གཏན་ཚིགས་
འདྲི་བའོ། །སྦྱོར་བ་མི་ཟད་པ་ཡང་རྣམ་པ་ལྔས་བསྟན་ཏེ། གང་ཞེ་ན། གང་ལ་སྦྱོར་བ་མི་ཟད་པ་དང་། གང་གིས་སྦྱོར་བ་མི་ཟད་པ་དང་། གང་ལ་གནས་ནས་སྦྱོར་བ་མི་ཟད་པ་དང་། ཇི་ལྟར་སྦྱོར་བ་མི་ཟད་པ་དང་། གང་གི་ཕྱིར་སྦྱོར་བ་མི་ཟད་པས་བསྟན་ཏོ། །དེ་ལ་གང་ལ་སྦྱོར་བ་མི་ཟད་པ་
เล่ม ๑๑๔ · หน้า 48a
ཡང་རྣམ་པ་དྲུག་སྟེ། ཕན་འདོགས་པའི་སྦྱོར་བ་དང་། ལས་རྣམ་པ་གསུམ་སྦྱོང་བའི་སྦྱོར་བ་དང་། གནོད་པ་མི་བྱེད་པའི་སྦྱོར་བ་དང་། མཐར་འབྱིན་པའི་སྦྱོར་བ་དང་། ཉོན་མོངས་པ་འཇིལ་བའི་སྦྱོར་བ་དང་། ཤེས་བྱ་རྣམས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་སྦྱོར་
བའོ། །དེ་ལ་སྦྱིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཕན་འདོགས་པའི་སྦྱོར་བ་བསྟན་ཏེ། སྦྱིན་པ་གཏོང་བར་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་བསམ་པ་དེ་ལ་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བསམ་པ་
དེ་ལས་གང་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པར་ལྟའོ། །ཚུལ་ཁྲིམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བ་ལས་རྣམ་གསུམ་སྦྱོང་བའི་སྦྱོར་བ་བསྟན་ཏེ། ཚུལ་ཁྲིམས་ལ་གནས་པར་
སེམས་པའི་བསམ་པ་ལ། བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་སྟེ། བསམ་པ་དེ་ལ་ཅིའི་ཕྱིར་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བསམ་པ་དེའི་རྒྱུས་གང་ཚུལ་ཁྲིམས་ལ་སོགས་པ་ཡང་དག་པར་འཛིན་པར་སྣང་བའི་ཕྱིར་རོ། །བཟོད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་
སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་གནོད་པ་མི་བྱེད་པའི་སྦྱོར་བ་བསྟན་ཏེ། བཟོད་པ་ལ་གནས་པར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་རྒྱུ་ལས་སེམས་ཅན་གནོད་པར་བྱེད་པ་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་སུ་གནང་
བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་མཐར་འབྱིན་པའི་སྦྱོར་བ་བསྟན་ཏེ། བརྩོན་འགྲུས་ལ་གནས་པར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་
རྒྱུ་ལས་དགེ་བའི་རྩ་བ་ཐམས་ཅད་མཐར་དབྱུང་བའི་སྔོན་དུ་བརྩོན་འགྲུས་འགྲོ་བ་སྣང་བའི་ཕྱིར་རོ། །བསམ་གཏན་གྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཉོན་མོངས་པ་འཇིལ་བའི་སྦྱོར་བ་བསྟན་ཏེ། བསམ་གཏན་ལ་གནས་པར་སེམས་པའི་བསམ་པ་ནི་བྱང་ཆུབ་
เล่ม ๑๑๔ · หน้า 48b
སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གང་བསམ་པ་དེའི་རྒྱུས་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཐམས་ཅད་འཇིལ་ཞིང་སྦྱོར་བར་སྣང་བའི་ཕྱིར་རོ། །ཤེས་རབ་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཤེས་བྱ་རྣམས་ལ་ཕྱིན་ཅི་མ་
ལོག་པར་འཇུག་པའི་སྦྱོར་བ་བསྟན་ཏེ། ཤེས་རབ་སྒྲུབ་པར་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་རྒྱུས་ཐོས་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་འཛིན་པའི་སྦྱོར་བར་སྣང་བའི་ཕྱིར་རོ། །གང་གི་སྦྱོར་བ་མི་ཟད་པ་ནི་ཚད་མེད་པ་
བཞིའི་བསམ་པས་བསྟན་ཏེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་གསུངས་པའོ། །ཅིའི་ཕྱིར་ཚད་མེད་པ་བཞིའི་བསམ་པ་ལ་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བྱམས་པའི་བསམ་པས་སེམས་ཅན་
རྣམས་ལ་ཕན་པར་བྱེད་པ་དང་། སྙིང་བརྩེ་བའི་བསམ་པས་སེམས་ཅན་རྣམས་ལ་བདེ་བར་བྱེད་པ་དང་། དགའ་བའི་བསམ་པས་སེམས་ཅན་རྣམས་ཆོས་ཀྱི་དགའ་བ་ལ་མོས་པར་བྱེད་པ་དང་། བཏང་སྙོམས་ཀྱི་བསམ་པས་སེམས་ཅན་རྣམས་ལ་ཆགས་སེམས་དང་། ཁོང་ཁྲོ་བ་སྤོང་བར་
སྦྱོར་བའི་ཕྱིར་རོ། །དེ་ལ་མྱ་ངན་ལས་འདས་པ་དང་། བདེ་འགྲོར་འཇོག་པར་བྱེད་པ་ནི་ཕན་པར་བྱེད་པའོ། །ཁམས་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པ་ནི་བདེ་བར་བྱེད་པའོ། །འདོད་པའི་འདོད་ཆགས་ལ་བདེ་བའི་མོས་པ་མེད་པ་ནི་ཆོས་ཀྱི་དགའ་བ་ལ་མོས་པའོ། །བྱམས་པ་དང་
གནོད་པར་སེམས་པ་ལ་འདོད་ཆགས་དང་ཞེ་སྡང་གི་སེམས་མེད་པ་དེ་ནི་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་ཞེས་བྱའོ། །གང་ལ་གནས་ནས་སྦྱོར་བ་མི་ཟད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྡོམ་པའི་སྦྱོར་བས་བསྟན་ཏེ། ལུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །ལུས་ཀྱི་ལས་ཡོངས་སུ་དག་པར་བྱ་བར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། བསམ་པ་དེའི་རྒྱུ་ལས་ལུས་ཀྱི་ལས་རྣམ་གསུམ་གྱི་སྡོམ་པ་ཡོངས་སུ་དག་པའི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། ངག་དང་ཡིད་ཀྱི་སྡོམ་པ་ཡང་དེ་དང་འདྲ་བར་སྦྱར་
เล่ม ๑๑๔ · หน้า 49a
རོ། །ལུས་ཀྱི་ལས་རྣམ་པ་གསུམ་གྱི་སྡོམ་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་སྤངས་པའོ། །ངག་གི་ཉེས་པ་རྣམ་པ་བཞི་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ངག་རྩུབ་མོ་དང་། ཚིག་ཀྱལ་པ་སྟེ། དེ་དག་སྤངས་པའོ། །
ཇི་ལྟར་སྦྱོར་བ་མི་ཟད་པ་ནི་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་ཕྱིར་ཐོས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔས་མདོ་སྡེ་ལ་སོགས་པ་བསམ་པ་རྣམ་པར་དག་ཅིང་ཟང་ཟིང་མེད་ཅིང་ཐོས་པ་ཚོལ་བའི་བསམ་པ་ནི་སྦྱོར་བ་མི་ཟད་པ་
ཞེས་བྱ་སྟེ། ཐོས་པའི་བསམ་པ་ཡོངས་སུ་དག་པ་དེ་ལས་སེམས་ཅན་གཞན་ལ་དཔེ་མཁྱུད་མེད་པའི་སྦྱོར་བ་སྟོན་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་སྦྱོར་བ་མི་ཟད་པ་ནི་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ།
སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པའི་ཕྱིར་སྦྱོར་བས་ན་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །
དེ་ལ་ཇི་ལྟར་ཡོད་པ་དང་། ཇི་སྙེད་ཡོད་པ་ཀུན་མ་ལུས་པར་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གང་གི་ཕྱིར་སྦྱོར་བ་དེ་ཉིད་ཀྱང་རྣམ་པ་བཅོ་ལྔས་རྒྱས་པར་བསྟན་ཏེ་གང་ཞེ་ན། གང་གི་དོན་དུ་སྦྱོར་བ་དང་། མཆོག་གི་གནས་ལ་སྦྱོར་བ་དང་། བླ་མའི་ས་ལ་རྗེས་སུ་འཇུག་པའི་
སྦྱོར་བ་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་སྦྱོར་བ་དང་། སངས་རྒྱས་ཀྱི་ཚུལ་རྟོགས་པའི་ཕྱིར་སྦྱོར་བ་དང་། མི་དགེ་བ་ལས་དབྱུང་བའི་ཕྱིར་སྦྱོར་བ་དང་། ཁ་ན་མ་ཐོ་བ་བཤགས་པའི་ཕྱིར་སྦྱོར་བ་དང་། དགེ་བ་ལ་འཇུག་པའི་ཕྱིར་སྦྱོར་བ་དང་། བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་སྦྱོར་
བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སྦྱོར་བ་དང་། བསྟན་པ་བཟུང་བའི་ཕྱིར་སྦྱོར་བ་དང་། དམ་པ་དག་པ་དང་མཐུན་པའི་ཕྱིར་སྦྱོར་བ་དང་། ཁ་འོག་ཏུ་ལུས་འཁྲུས་པའི་ཕྱིར་སྦྱོར་བ་དང་། གོ་ཆའི་བསམ་པ་བརྟན་ཞིང་མི་གཡོ་བའི་ཕྱིར་སྦྱོར་བ་དང་། གཞན་གྱི་དོན་དང་ཕན་པ་ལ་སྦྱོར་
เล่ม ๑๑๔ · หน้า 49b
བའོ། །དེ་ལ་ཐམས་ཅད་མཁྱེན་པའི་སེམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བ་གང་གི་དོན་དུ་སྦྱོར་བ་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་
མཁྱེན་པའི་ཡེ་ཤེས་ཐོབ་ནས་སེམས་ཅན་གཞན་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལ་འཇོག་ཅིང་། བྱང་ཆུབ་ཏུ་སེམས་སྐྱེད་པའི་སྦྱོར་བ་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ལྷག་མ་རྣམས་ཀྱང་ཚུལ་འདིས་ཅི་རིག་པར་བཤད་པར་བྱའོ། །སེམས་
ཅན་གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་མཆོག་གི་གནས་ལ་སྦྱོར་བ་བསྟན་ཏེ། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ལ་འགོད་པར་སེམས་པའི་བསམ་པ་ལས་ནི་སེམས་ཅན་རྣམས་འདོད་མ་
ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པའི་དགེ་བའི་རྩ་བ་ལ་རབ་ཏུ་འཛུད་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །དགེ་བའི་རྩ་བ་ལ་སྦྱོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བླ་མའི་ས་ལ་རྗེས་སུ་འཇུག་པར་སྦྱོར་བ་བསྟན་ཏེ། སེམས་ཅན་
གཞན་དགེ་བའི་རྩ་བ་གསུམ་ལ་དགོད་པར་སེམས་པའི་བསམ་པ་ལས་ནི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བ་ལ་སྦྱོར་བ་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཆོས་
ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་སྦྱོར་བ་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་སེམས་པའི་བསམ་པ་ལས་སྟོབས་དང་མི་འཇིགས་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་
ཐམས་ཅད་ཡང་དག་པར་སྡུད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་སངས་རྒྱས་ཀྱི་ཚུལ་རྟོགས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་སེམས་པའི་བསམ་པ་དེ་ལས་དམ་པའི་ཆོས་ཀུན་འཛིན་པའི་སྦྱོར་བ་འབྱུང་བའི་ཕྱིར་
เล่ม ๑๑๔ · หน้า 50a
རོ། །དམ་པའི་ཆོས་ཀུན་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་མི་དགེ་བ་ལས་འབྱུང་བའི་ཕྱིར་སྦྱོར་བ་བསྟན་ཏེ། དམ་པའི་ཆོས་ཀུན་རྟོགས་པར་བྱ་བའི་བསམ་པ་ལས། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བྱས་པ་ཀུན་
འཆགས་ཤིང་མེད་པར་བྱ་བའི་ཕྱིར་སྦྱོར་བའི་ཕྱིར་རོ། །ཉེས་པ་བཤགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཁ་ན་མ་ཐོ་བ་བཤགས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སྡིག་པ་མི་དགེ་བའི་ཆོས་བཤགས་པར་སེམས་པའི་བསམ་པ་ལས་སྡིག་པ་ཐམས་ཅད་
མཐོལ་ཞིང་མེད་པའི་སྦྱོར་བ་འབྱུང་ངོ་། །སྡིག་པ་མཐོལ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་དགེ་བ་ལ་འཇུག་པའི་སྦྱོར་བ་བསྟན་ཏེ། ཁ་ན་མ་ཐོ་བ་བཤགས་པར་སེམས་པའི་བསམ་པ་ལས་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།
བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་སྦྱོར་བ་
བསྟན་ཏེ། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་སེམས་པའི་བསམ་པ་ལས། བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །ཚད་མེད་པའི་བསོད་ནམས་ཀྱི་ཚོགས་ཚད་མེད་པར་བསགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་
བྱ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སྦྱོར་བ་བསྟན་ཏེ། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པར་སེམས་པའི་བསམ་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་
འདེབས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བསྟན་པ་གཟུང་བའི་ཕྱིར་སྦྱོར་བ་བསྟན་ཏེ། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་བསམ་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་དམ་པའི་ཆོས་ཡོངས་སུ་
เล่ม ๑๑๔ · หน้า 50b
འཛིན་པའི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྦྱོར་བ་ཡིན་ལ། དམ་པའི་ཆོས་ཀུན་སྔར་འཛིན་པ་ཞེས་སྔར་བསྟན་པ་ནི་རང་ཉིད་ཀྱིས་རྟོགས་པ་འཛིན་པ་ལ་བྱ་བས་བྱེ་བྲག་ཡོད་དོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ནི་བྱང་
ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་དམ་པ་དག་དང་མཐུན་པའི་སྦྱོར་བ་བསྟན་ཏེ། དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ལས་སྐྱེས་བུ་དམ་པའི་ཆོས་ཀྱི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། དེ་ལ་སྐྱེས་བུ་དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་ཕྲིན་
ལས་ནི་དམ་པའི་ཆོས་ཐམས་ཅད་འཛིན་པར་མཛད་པ་སྟེ། དེ་ལྟ་བུའི་ལས་ལ་སྦྱོར་བས་ན་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །སྐྱེས་བུ་དམ་པའི་ལས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཁ་འོག་ཏུ་ལུས་འཁྲུས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སྐྱེས་བུ་
དམ་པ་རྣམས་ཀྱི་ལས་བྱ་བར་སེམས་པའི་བསམ་པ་ལས་བདག་དང་གཞན་གྱི་དོན་སྒྲུབ་པོ་ཞེས་ཁས་བླངས་པའི་ཁུར་སྒྲོལ་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །གོ་ཆ་སྲ་ཞིང་མི་འདོད་པའི་ཕྱིར་བསམ་པ་ནི་བྱང་ཆུབ་སེམས་དཔའི་བསམ་པ་མི་ཟད་པའོ་ཞེས་བྱ་བས་གོ་ཆ་བསམ་པ་བརྟན་ཞིང་མི་གཡོ་བའི་ཕྱིར་
སྦྱོར་བ་བསྟན་ཏེ། ཁུར་བླངས་པ་སྒྲོལ་བའི་བསམ་པ་ལས་གོ་ཆ་སྲ་ཞིང་མི་འདོར་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །གོ་ཆ་སྲ་ཞིང་མི་འདོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །གཞན་གྱི་དོན་དང་ཕན་པ་ལ་སྦྱོར་བ་བསྟན་ཏེ། བརྩོན་འགྲུས་བརྟན་ཞིང་མི་འདོར་བའི་
བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། དེ་ལ་ཅིའི་ཕྱིར་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་ལ་
སོགས་པས་ཀྱང་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ། གཟུངས་སླ་ཞིང་གོ་སླ་བར་བྱ་བའི་ཕྱིར་བཞི་ཚོམས་སུ་བཤད་པ་དེ་བསྟན་པའོ། །ཡང་སྦྱོར་བ་བཞི་སྟེ། འཁོར་བ་ཡོངས་སུ་མི་གཏོང་བའི་སྦྱོར་བ་དང་། འཁོར་བ་ན་ཉོན་མོངས་པ་མེད་པའི་ཐབས་ཀྱི་སྦྱོར་བ་དང་། ཐ་དད་
เล่ม ๑๑๔ · หน้า 51a
པའི་ས་བོན་བརྟས་པའི་ས་ལ་སྦྱོར་བ་དང་། ཐ་དད་པའི་ས་བོན་བརྟས་པའི་རྒྱུ་ལ་སྦྱོར་བའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་འཁོར་བ་ཡོངས་སུ་མི་གཏོང་བའི་སྦྱོར་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་ནི་འཁོར་བ་ཡོངས་སུ་མི་གཏོང་བར་བྱེད་དོ། །
བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་འཁོར་བ་མི་གཏོང་བར་བྱེད་པའི་ཕྱིར་རོ། །ཆོས་སྦྱིན་པ་རྣམ་པར་གྲོལ་བའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་འཁོར་བ་ན་ཉོན་མོངས་པ་མེད་པའི་ཐབས་ཀྱི་སྦྱོར་བ་བསྟན་ཏེ། དེ་ལ་སྦྱིན་པ་རྣམ་པ་གསུམ་པོ་ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པ་དང་། ཆོས་
སྦྱིན་པ་ལས་ཆོས་སྦྱིན་པས་ནི་སེམས་ཅན་རྣམས་འཁོར་བ་ན་ཉོན་མོངས་པ་མེད་པར་འགྱུར་བས་ན། ཆོས་སྦྱིན་པ་ནི་ཉོན་མོངས་པ་མེད་པའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཐ་དད་པའི་ས་བོན་བརྟས་པའི་ས་ལ་སྦྱོར་བ་
བསྟན་ཏེ། དེ་ལ་རྣམ་པར་གྲོལ་བ་སྨིན་པར་བྱེད་པའི་ཤེས་རབ་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ་ཞེས་བྱའོ། །དེ་བས་ན་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་བསྐྱེད་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ཞེས་
བྱའོ། །དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཐ་དད་པའི་ས་བོན་བརྟས་པའི་རྒྱུ་ལ་སྦྱོར་བ་བསྟན་ཏེ། རྣམ་པར་གྲོལ་བ་སྨིན་པར་བྱེད་པའི་ཤེས་རབ་དེ་ཡང་འདོད་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པ་ལས་འབྱུང་སྟེ། དེ་བས་ན་འདོད་མ་ཆགས་པ་ལ་
སོགས་པའི་དགེ་བའི་རྩ་བ་ལ་སོགས་པར་བྱེད་པ་ནི་དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །རྣམ་པ་གཞན་དུ་ན་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་བཞི་ཚན་ངེས་དོན་རྣམ་པ་བཞིས་བསྟན་ཏེ་མི་འདོད་པའི་གཉེན་པོ་དང་། ཐབས་མི་ཤེས་པའི་གཉེན་པོ་
དང་། ཤེས་རབ་མེད་པའི་གཉེན་པོ་དང་། བསོད་ནམས་མེད་པའི་གཉེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ནི་བླ་ན་མེད་པའི་བྱང་ཆུབ་འདོད་པར་འགྱུར། ཆོས་སྦྱིན་པས་ནི་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ཤེས་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ནི་སེམས་ཅན་རྣམས་ཀྱི་
เล่ม ๑๑๔ · หน้า 51b
སེམས་ཀྱི་རྒྱུད་ལ་རྣམ་པར་གྲོལ་བ་སྨིན་པར་བྱེད་པའི་ཤེས་རབ་སྐྱེད་པར་འགྱུར། དགེ་བའི་རྩ་བ་བསགས་པའི་སྦྱོར་བས་ནི་སེམས་ཅན་དགེ་བའི་རྩ་བས་དབུལ་བ་རྣམས་ལ་བསོད་ནམས་དཔག་ཏུ་མེད་པ་སོགས་པའི་ཕྱིར་རོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པས་སྦྱོར་
བ་མི་ཟད་པ་རྣམ་གྲངས་བཞིས་སྟོན་ཏེ། ཡུལ་ལ་ཆགས་པའི་གཉེན་པོ་ལ་སྦྱོར་བ་དང་། བསོད་ནམས་ཀྱི་ཚོགས་ལ་སྦྱོར་བ་དང་། ཡེ་ཤེས་ཀྱི་ཚོགས་ལ་སྦྱོར་བ་དང་། ཐབས་མཁས་པའི་སྦྱོར་བའོ། །དེ་ལ་དགོན་པ་ལ་གནས་ཤིང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་
རྗེས་སུ་འགྲོ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཡུལ་ལ་ཆགས་པའི་གཉེན་པོ་ལ་སྦྱོར་བ་བསྟན་ཏེ། དེ་ཡང་གང་ན་ཆགས་པ་མེད་པ་དང་། གང་གིས་ཆགས་པ་མེད་པས་ཡུལ་ལ་ཆགས་པའི་གཉེན་པོར་འགྱུར་ཏེ། དགོན་པ་ལ་གནས་པ་དང་། ཚིག་ཕྱི་མ་རྣམས་ཀྱིས་རང་
བཞིན་བསྟན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་བསོད་ནམས་ཀྱི་ཚོགས་ལ་སྦྱོར་བ་བསྟན་ཏེ། དེ་ལ་ཚད་མེད་པ་བཞི་དང་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་ལྡན་པའི་ཏིང་ངེ་འཛིན་
ནི་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་། ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཚོགས་དེ་གཉིས་བསག་པ་ལ་ཆོག་མི་ཤེས་པར་སྦྱོར་བ་ནི་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །
ཐོས་པ་བཙལ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཡེ་ཤེས་ཀྱི་ཚོགས་ལ་སྦྱོར་བ་བསྟན་ཏེ། ཚོགས་ཀྱི་སྒྲ་ནི་རྒྱུའི་དོན་ཏོ། །དམ་པའི་ཆོས་མཉན་པ་ལ་ཆོག་མི་ཤེས་པར་སྦྱོར་བ་ལ་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཤེས་པས་མི་ངོམས་པའི་སྦྱོར་
བ་མི་ཟད་པ་ཞེས་བྱ་བས་ཐབས་ལ་མཁས་པའི་སྦྱོར་བ་སྟེ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་ནི་བྱང་ཆུབ་ཏུ་བསྔོ་བ་ཤེས་པ་སྟེ། དེ་ལྟར་བསྔོས་ནས་དགེ་བའི་རྩ་བ་ཆུང་ངུ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་བར་མ་དོར་ཟད་པར་མི་འགྱུར་བར་བརྩོན་
เล่ม ๑๑๔ · หน้า 52a
འགྲུས་མི་ཟད་པའི་སྐབས་ནས་རྒྱ་མཚོ་ཆེན་པོ་ཆུའི་ཐིགས་པ་ལྟུང་བའི་དཔེས་བསྟན་པ་ལྟ་བུ་ཡིན་པས་ཐབས་ལ་མཁས་པའི་སྦྱོར་བ་ཞེས་བྱའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་ཞེས་བྱ་བ་ལ། ཡི་གེ་དང་རྩིས་དང་ལག་རྩིས་ལ་སོགས་པ་ཤེས་པ་ནི་བགྲང་བ་རྟོག་པའི་
སྦྱོར་བ་མི་ཟད་པའོ། །བྲེ་དང་སྲང་ལ་སོགས་པས་གཞལ་བ་ཤེས་པ་ནི་གཞལ་བ་རྟོགས་པའི་སྦྱོར་བ་མི་ཟད་པའོ། །གོས་དང་རིན་པོ་ཆེ་ལ་སོགས་པ་བརྟག་པ་ཤེས་པ་ནི་དཔྱད་པ་རྟོགས་པའི་སྦྱོར་བ་མི་ཟད་པའོ། །མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་ཤ་མཚན་དང་དཔྱད་ལ་སོགས་པ་ཤེས་པ་
ནི་སོ་སོར་བརྟག་པ་རྟོག་པའི་སྦྱོར་བ་མི་ཟད་པའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ་ཞེས་བྱ་བས་རྣམ་གྲངས་གཞན་དུ་སྦྱོར་བ་མི་ཟད་པ་བཞི་བསྟན་ཏེ། སྡུག་བསྔལ་བ་དང་ཀུན་འབྱུང་བ་རྟོགས་པ་ལ་སྦྱོར་བ་དང་། འགོག་པ་དང་ལམ་རྟོགས་པ་ལ་སྦྱོར་བ་དང་། ཀུན་ནས་ཉོན་མོངས་པའི་
ཉེས་དམིགས་བརྗོད་པའི་སྦྱོར་བ་དང་། རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་སྦྱོར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་སྡུག་བསྔལ་དང་ཀུན་འབྱུང་བ་རྟོགས་པ་ལ་སྦྱོར་བ་བསྟན་ཏེ། ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་བྱ་སྟེ། ཁམས་
གསུམ་གྱི་འཁོར་བ་ནི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ནི་ཀུན་འབྱུང་བའི་བདེན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བ་ཡིན་པར་ཤེས་ན་ཀུན་ནས་ཉོན་མོངས་པའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་
འགོག་པ་དང་ལམ་རྟོགས་པ་ལ་སྦྱོར་བ་བསྟན་ཏེ། རྣམ་པར་བྱང་བ་ནི་འགོག་པའི་བདེན་པ་ཡིན་ལ། དེའི་རྒྱུ་ནི་ལམ་གྱི་བདེན་པ་ཡིན་ཏེ། དེ་ལྟར་ཤེས་ནས་རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཀུན་
ནས་ཉོན་མོངས་པའི་ཉེས་དམིགས་བརྗོད་པའི་སྦྱོར་བ་བསྟན་ཏེ། སྡུག་བསྔལ་གྱི་བདེན་པ་ནི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ཡིན་ལ། དེའི་རྒྱུ་ཀུན་འབྱུང་བའི་བདེན་པ་ནི་ཀུན་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་། རྒྱུ་དང་རྐྱེན་ཡིན་ཏེ། དེ་ལྟར་སྟོན་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་
เล่ม ๑๑๔ · หน้า 52b
ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །རྣམ་པར་བྱང་བའི་ཡོན་ཏན་དང་། ཕན་ཡོན་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་སྦྱོར་བ་བསྟན་ཏེ། དེ་ལ་འགོག་པའི་བདེན་པ་ནི་འགོག་པ་དང་། ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བ་
ཡིན་ལ། ལམ་གྱི་བདེན་པ་ནི་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱུང་བར་བྱེད་པ་ཡིན་ཏེ། དེ་ལྟར་སྟོན་པ་ནི་རྣམ་པར་བྱང་བའི་ཡོན་ཏན་དང་། ཕན་ཡོན་ཡོངས་སུ་བརྗོད་པའི་སྦྱོར་བ་ནི་མི་ཟད་པ་ཞེས་བྱའོ། །ཚིག་དེ་དག་ཉིད་ཀྱི་རྣམ་གྲངས་གཞན་དུ་དོན་རྣམ་པ་བཞིས་
སྟོན་ཏེ། འཁོར་བའི་རྒྱུ་སྟོན་པ་ལ་སྦྱོར་བ་དང་། མྱ་ངན་ལས་འདས་པའི་ལམ་སྟོན་པ་ལ་སྦྱོར་བ་དང་། འཁོར་བའི་རྒྱུའི་ཉེས་དམིགས་བསྟན་པའི་སྦྱོར་བ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་བསྟན་པའི་སྦྱོར་བས་ཏེ། མདོའི་ཚིག་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །གཞན་ཡང་སྦྱོར་བ་མི་ཟད་
པ་བཞི་སྟེ་ཞེས་བྱ་བས་རྣམ་གྲངས་གཞན་དུ་སྦྱོར་བ་མི་ཟད་པ་བཞི་བསྟན་ཏེ། ཕུང་པོ་རྣམས་སྒྱུ་མ་ལྟ་བུར་མཁས་པ་ལ་སྦྱོར་བ་དང་། ཁམས་གསུམ་གྲོང་སྟོང་པ་ལྟ་བུར་མཁས་པ་ལ་སྦྱོར་བ་དང་། སྐྱེ་མཆེད་རྣམས་སྦྲུལ་གདུག་པའི་དུག་བཞིན་དུ་མ་རུངས་པར་བྱེད་པར་མཁས་པ་ལ་སྦྱོར་བ་དང་། དངོས་
པོ་རྣམས་རྐྱེན་ལས་འབྱུང་བ་ཡིན་པར་མཁས་པ་ལ་སྦྱོར་བ་སྟེ། དེ་ལ་ཕུང་པོ་ལྔ་ནི་སྒྱུ་མ་དང་འདྲ། ཁམས་བཅོ་བརྒྱད་ནི་བདག་དང་བདག་གི་དང་བྲལ་ཏེ་གྲོང་སྟོང་པ་དང་འདྲ། མིག་ལ་སོགས་པའི་སྐྱེ་མཆེད་ཀྱིས་ནི་གཟུགས་ལ་སོགས་པ་ལ་དམིགས་ཏེ། འདོད་ཆགས་ལ་སོགས་པ་སྐྱེད་པའི་
སྒོ་ནས་རང་གི་དགེ་བའི་རྩ་བ་སྲོག་དང་འདྲ་བ་མ་རུངས་པར་བྱེད་པས་སྐྱེ་མཆེད་ནི་སྦྲུལ་གདུག་པ་ལྟ་བུའི་དུག་དང་འདྲ། ཕྱི་ནང་གི་དངོས་པོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་འབྱུང་བ་ཡིན་ནོ་ཞེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དེ་ལྟར་ཤེས་ན་ཕུང་པོ་དང་། ཁམས་
དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་གོ་རིམས་བཞིན་དུ་སྦྱར་རོ། །ཡང་སྦྱོར་བ་མི་ཟད་པ་ཞེས་རྣམ་གྲངས་གཞན་དུ་སྟོན་ཏེ། འདུ་བྱེད་མི་རྟག་པར་ཡོངས་སུ་བརྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་ལ། ཇི་ཙམ་འདུ་བྱེད་དུ་གྱུར་པ་ཐམས་
เล่ม ๑๑๔ · หน้า 53a
ཅད་ནི་མི་རྟག་པ་ཡིན་ལ། བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་བསྟན་པ་ལ་སྦྱོར་བ་མི་ཟད་པའི་ཕྱིར་འདུ་བྱེད་མི་རྟག་པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །དེ་བཞིན་དུ་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། འདུས་བྱས་དང་འདུས་མ་བྱས་
ཀྱི་ཆོས་ཐམས་ཅད་བདག་མེད་པ་དང་། ཉོན་མོངས་པ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཞི་བ་སྟེ། དེ་ལ་དགོད་པའི་ཕྱིར་བསྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་མདོར་ན་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་སྨོས་པའི་སྦྱོར་བ་དེ་དག་ཅིའི་ཕྱིར་མི་ཟད་པའི་གཏན་
ཚིགས་མདོར་བསྡུས་ནས་སྟོན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནམ་མཁའ་དང་འདྲ་བར་ཟད་མི་ཤེས་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྦྱོར་བ་ཀུན་ཀྱང་དེ་ལ་གཞོལ་ཞིང་འབབ་ལ་བབ་པས་མི་ཟད་པ་སྟེ། སྦྱོར་བ་དང་པོ་རྩོམ་པ་དང་། བར་དུ་སྒོམ་པ་དང་། མཐར་ཕྱིན་པའི་
བྱེ་བྲག་གིས་ཚིག་གསུམ་སྨོས་སོ། །སྦྱོར་བ་མི་ཟད་པ་བཤད་ཟིན་ཏོ།། །།ཁྱད་པར་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ནི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་མཆོག་གི་གནས་མངོན་པར་ཚོལ་བའི་ཚུལ་དང་། ཐབས་ལ་མང་དུ་བསྟན་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རོ། །
བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལྷག་པའི་བསམ་པ་མི་ཟད་པ་ཡང་། རང་བཞིན་མི་ཟད་པ་དང་། ལས་མི་ཟད་པ་དང་། རྒྱུ་མི་ཟད་པ་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། དེ་དག་
གིས་རིམ་བཞིན་དུ་མི་ཟད་པ་གང་ཡིན་པ་དང་། ཇི་ལྟར་མི་ཟད་པ་དང་། གང་དག་གིས་མི་ཟད་པ་བསྟན་ཏོ། །རང་བཞིན་མི་ཟད་པ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང་། སོ་སོར་རྟོག་པ་དང་། ངེས་པར་
འབྱེད་པ་དད་པ་སྔོན་དུ་འགྲོ་བ་དང་། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དེ་དག་ཀྱང་མདོར་བསྡུས་ན་བཅོ་ལྔར་རིག་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན། མཆོག་གི་བསམ་པ་དང་།
เล่ม ๑๑๔ · หน้า 53b
ཚུལ་ཁྲིམས་ཀྱི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང་། དེ་ཁོ་ནའི་དོན་གྱི་བསམ་པ་དང་། མཐུའི་བསམ་པ་དང་། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། ལྷུག་པའི་བསམ་པ་དང་། བརྟན་པའི་བསམ་པ་དང་། མི་སླུ་བའི་བསམ་པ་དང་། མ་དག་པའི་བསམ་པ་དང་།
དག་པའི་བསམ་པ་དང་། ཤིན་ཏུ་དག་པའི་བསམ་པ་དང་། ཚར་གཅད་པའི་བསམ་པ་དང་། ལྷན་ཅིག་སྐྱེས་པའི་བསམ་པའོ། །དེ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཆོག་གི་བསམ་པ་ཞེས་
བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ། །སྦྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་
བསམ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱའོ། །ཆོས་དང་གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་
པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་དགེ་བའི་སེམས་ཉེ་བར་སྒྲུབ་པར་འདོད་པ་ནི་ཕན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང་། སྡུག་པའི་རྣམ་པར་སྨིན་པ་དང་
འབྲེལ་པ་མེད་པའི་སེམས་ནི་ལྷག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་ནི་བརྟན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་གྱི་དོན་གྱི་ཐབས་དང་། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་ནི་མི་སླུ་
བའི་བསམ་པ་ཞེས་བྱའོ། །མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ། །བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་
เล่ม ๑๑๔ · หน้า 54a
དག་པའི་བསམ་པ་ཞེས་བྱའོ། །མཐར་ཐུག་པར་གྱུར་པའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ལྷག་པའི་བསམ་པ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ། །དེ་ལ་མ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ནི་ཚར་བཅད་པ་ཞེས་བྱའོ། །སོ་སོར་བརྟག་པར་བྱ་བ་ཡིན་པའི་ཕྱིར་
རོ། །དག་པ་དང་ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་སྟེ། རང་བཞིན་གྱི་དེའི་བདག་ཉིད་དུ་གྱུར་པ་དང་། རྟེན་ལ་ཤིན་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན་ལྷག་པའི་བསམ་པ་དགེ་བ་ཐམས་ཅད་དུ་
རྟོགས་པ་བཅོ་ལྔ་པོ་འདི་དག་གིས་བྱ་བ་བཅུ་བྱེད་དེ། བཅུ་གང་ཞེ་ན། མཆོག་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་
སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག་གི་ཕྱིར་བསམས་བཞིན་དུ་ཉེས་པར་འབྱུང་བར་མི་བྱེད་ལ། ཉེས་པར་བྱུང་ན་ཡང་མྱུར་བ་མྱུར་བར་སོ་སོར་འཆགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་
བག་ཡོད་པར་གནས་པར་བྱེད་དོ། །དེ་ཁོ་ནའི་དོན་གྱིས་ལྷག་པའི་བསམ་པ་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ན་འཁོར་བར་ཡང་བྱེད་ལ། མྱ་ངན་ལས་འདས་པ་ལྷག་པའི་བསམ་པ་མི་གཏོང་བར་ཡང་བྱེད་དོ། །མཐུའི་ལྷག་པའི་བསམ་པས་ནི་བསྟན་
པ་ལ་སྙིང་ཐག་པ་ནས་དད་ཅིང་སྟོན་པར་ཡང་བྱེད་ལ། བསྒོམ་པ་ལ་ཡང་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ། ཐོས་པ་དང་བསམ་པ་ཙམ་གྱིས་ཆོག་པར་མི་འཛིན་ཏོ། །ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། ལྷག་པའི་བསམ་པས་ནི་སེམས་
ཅན་དོན་གྱི་བྱ་བ་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །སྦྱོར་བ་བྱས་ནས་ཀྱང་ཡོངས་སུ་མི་སྐྱོའོ། །བརྟན་པའི་ལྷག་པའི་བསམ་པས་ནི་བརྩོན་འགྲུས་འབར་བ་དང་། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པར་གནས་ཏེ། སྦྱོར་བ་ལྷོད་པར་མི་འགྱུར་ཞིང་། སྦྱོར་བ་ཉམས་པར་མི་འགྱུར་
เล่ม ๑๑๔ · หน้า 54b
རོ། །མི་སླུ་བའི་ལྷག་པའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་སྒྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། ཁྱད་པར་ཐོབ་པ་དམའ་བ་དང་། །ཆུང་ངུ་ཙམ་དང་། ངན་ངོན་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏོ། །ཚར་བཅད་པའི་ལྷག་པའི་བསམ་པས་ནི་ལྷན་ཅིག་སྐྱེས་
པའི་ལྷག་པའི་བསམ་པར་འདྲེན་ཏོ། །ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པས་ནི་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ལྷག་པའི་བསམ་པ་བཅོ་ལྔ་པོ་དེ་དག་དང་། མདོ་
འདི་ལས་གསུངས་པའི་ལྷག་པའི་བསམ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་འབྱུང་བ་དག་ཀྱང་མཐུན་མཐུན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔའི་བསམ་པ་ལ་ཅིའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱ་སྙམ་ནས་དྲི་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་སྨོས་ཏེ། གོང་དུ་བཤད་པའི་བསམ་པ་
བས་ཀྱང་། དམིགས་པ་དང་ཡོན་ཏན་འོག་ནས་འབྱུང་བའི་ཚུལ་ལྟ་བུར་འཕགས་པའམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ནི་རྟག་ཏུ་བདག་དང་གཞན་གྱི་དོན་དུ་སེམས་པས་ན་ལྷག་པའི་བསམ་པ་ཞེས་བྱ་སྟེ། དེས་ན་དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བའི་རྩ་བ་ཐམས་ཅད་ལ་ཇི་ལྟར་ལྷག་པར་དམིགས་པ་ནི་ཐ་ན་བྱང་ཆུབ་སེམས་དཔའ་གང་ཅི་སེམས་པ་དེ་ཐམས་ཅད་དགེ་བའི་རྩ་བ་ལ་ལྷག་པའི་བསམ་པས་དམིགས་པར་འགྱུར་ཞེས་བྱ་བས་བཤད་དེ། ས་དང་པོ་ལ་གནས་པའི་བྱང་ཆུབ་
སེམས་དཔའ་རྣམས་ཇི་ཙམ་དུ་སེམས་ཀྱི་གཡོ་བ་དང་། རྟོག་པ་འབྱུང་བ་ཐམས་ཅད་དགེ་བའི་རྩ་བ་ལ་ལྷག་པར་དམིགས་པར་བྱེད་ཀྱི། མི་དགེ་བ་ལ་མ་ཡིན་པས་ལྷག་པའི་བསམ་པ་ཞེས་བྱའོ། །ས་དང་པོ་ལ་སོགས་པ་ནས་གཉིས་པ་ལ་སོགས་པར་འཕར་ཞིང་དེ་ལ་གནས་པར་བྱ་བའི་ཕྱིར་
ས་གོང་མའི་ཡོན་ཏན་ཐོབ་པར་སེམས་པ་ནི། །འཕོ་བའི་ལྷག་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་ལས་བྱེ་བྲག་ཏུ་འཕགས་པར་འགྲོ་བའི་ཕྱིར་རྒལ་བའི་ལྷག་པའི་བསམ་པའོ། །འཕགས་པ་ཉན་ཐོས་ལ་ལྟོས་ནས་རང་སངས་རྒྱས་བྱེ་བྲག་ཏུ་འཕགས་པ་
เล่ม ๑๑๔ · หน้า 55a
ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་གཉིས་ཀ་ལས་བྱེ་བྲག་ཏུ་འཕགས་པས་ན། གོང་དང་གོང་དུ་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟར་ཀུན་གྱི་གཙོ་བོའམ་དམ་པར་གྱུར་པས་རྩེ་མོར་ལྷག་པའི་བསམ་པའོ། །ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
ནས་སྐད་ཅིག་མ་གཅིག་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་ལ་སོགས་པ་ནས། ས་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་རེ་རེ་རྫོགས་པར་བྱས་ཏེ། ཡོན་ཏན་གོང་ནས་གོང་དུ་ལྷག་པར་གྱུར་པ་ལ། བྱེ་བྲག་གི་ཆོས་ཀུན་འཛིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་
གནས་པ་རྣམས་ཀྱི་ཤེས་རབ་ཀྱི་དབང་པོས་བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྨིན་པའི་ཚུལ་གྱིས་གསལ་བར་མངོན་སུམ་དུ་གྱུར་པས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་
དུ་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་གོང་ནས་གོང་དུ་ཁྱད་པར་དུ་ཐོབ་པར་བྱེད་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པའི་ཆ་དང་མཐུན་པའི་ཆོས་རྣམས་ཏེ། དེ་དག་ལ་འདྲིས་པར་བྱེད་པ་ནི་ལྷག་པར་དམིགས་པ་ཞེས་བྱའོ། །
རྩོམ་པ་ཐམས་ཅད་ནི་བདག་དང་གཞན་གྱི་དོན་བྱ་བའོ། །ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་མཐར་འབྱིན་པ་སྟེ། བདག་དང་གཞན་གྱི་དོན་མཐར་འབྱིན་པ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པའི་འོག་ཏུ་ས་དེ་ཉིད་ལས་ས་བཅུ་པའི་བར་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་
ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་ཚོལ་ཞིང་འདྲི་བས་མི་སྐྱོ་བར་བྱས་པའི་ཕྱིར་ས་ཡོངས་སུ་སྦྱང་བར་བྱ་བའི་ཁྱད་པར་ལ་ངེས་ཏེ། དེ་ལྟར་ན་འབད་པས་ཡོངས་སུ་མི་སྐྱོ་བས་ན་ངེས་པར་བྱས་པའི་ལྷག་པའི་བསམ་པ་ཞེས་བྱའོ། །
རྒྱན་དང་གླུ་གར་ལ་སོགས་པ་དྲེགས་པའི་ཡན་ལག་སྤངས་ཏེ། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པ་རབ་ཏུ་བྱུང་བའི་ཆ་ལུགས་འཛིན་ཅིང་བརྟུལ་ཞུགས་ཀྱི་ཚོགས་རྫོགས་པར་བྱེད་པ་ནི། བརྟུལ་ཞུགས་ཐམས་ཅད་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུ་ལ་གོམས་པས་ཆ་ལུགས་མཛེས་པ་ལྷུན་གྱིས་
เล่ม ๑๑๔ · หน้า 55b
གྲུབ་པ་ལ་བརྟུལ་ཞུགས་གྲུབ་པའི་ལྷག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གྲོགས་བདག་ཡིན་ཏེ། གཞན་གྱི་གྲོགས་བྱས་ཤིང་བཏང་དུ་མེད་པའི་ཕྱིར། གོ་སྐབས་མེད་པའི་ལྷག་པའི་བསམ་པའོ། །དམུ་རྒོད་རྣམ་པ་བཞི་པོ་ཡང་དག་པའི་སྒྲུབ་པ་ལ་འདུག་ཏུ་མི་བཏུབ་
པས་གནས་ལ་དམུ་རྒོད་དང་། ཡང་དག་པའི་ལམ་དུ་འཇུག་ཏུ་མི་བཏུབ་པས་འཇུག་པ་ལ་དམུ་རྒོད་དང་། སྤྱོད་པ་ཉམས་བཞིན་དུ་དད་པས་བྱིན་པ་ཆུད་གསོན་པར་བྱེད་པས་སྤྱོད་པ་དམུ་རྒོད་དང་། བྱང་ཆུབ་སེམས་དཔའ་ཅང་ཤེས་རྣམས་ཀྱི་ནང་ན་ལྟ་བ་དང་སྤྱོད་པ་ལ་སོགས་པ་མི་མཐུན་པར་
འགྲོགས་པ་དམུ་རྒོད་དེ། རྟ་དམུ་རྒོད་དང་འདྲ་བའི་སྐྱོན་དེ་དག་སྤངས་ཏེ། དམུ་རྒོད་མ་ཡིན་པས་ན་ཅང་ཤེས་པའི་ལྷག་པའི་བསམ་པ་ཞེས་བྱ་སྟེ། རྟ་ཅང་ཤེས་བཞིན་ནོ། །བསླབ་པ་གསུམ་ལ་གནས་ཏེ་སོ་སོའི་སྐྱེ་བོའི་ས་ལས་འདས་པས་འཕགས་པ་ཡིན་ལ། བསླབ་པ་གསུམ་གྱིས་དབང་པོའི་
སྒོ་བསྡམས་པ་ལ་སོགས་པས་སེམས་དུལ་བར་གྱུར་པས་ན་དུལ་བའི་སའི་ལྷག་པའི་བསམ་པའོ། །སྐྱེ་བོ་གང་དག་མཐོང་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེ་བར་འགྱུར་བའི་སྐྱེ་བོ་མི་སྲུན་པ་དང་མ་འདྲེས་ལ། ཉོན་མོངས་པ་ཉིད་དང་མ་འདྲེས་པས་ན་མ་འདྲེས་པའི་ལྷག་པའི་
བསམ་པའོ། །ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བ་ལ་སོགས་པས་ནི་ཤིན་ཏུ་བྱ་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ལྟ་བུ་དག་འཕགས་པ་ཉན་ཐོས་ལ་སོགས་པ་གཞན་གྱི་བྱ་དཀའ་སྟེ། ཀུན་གྱི་སྤྱོད་པ་ལས་ལྷག་པས་ལྷག་པའི་བསམ་པ་ཞེས་བཤད་དེ། སྦྱིན་པ་ནི་
དངོས་སུ་ཟད་དེ། །ཚུལ་ཁྲིམས་ནི་གཙུག་ལག་ཁང་ནས་བྱུང་བ་ལ་སོགས་པ་ཆད་པ་བཅད་པར་འོས་པ་དག་གི་དཔུང་གཉེན་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་གདོལ་པ་ལ་སོགས་པས་སྤྱོ་བ་ལ་སོགས་པའི་ཉེས་པ་དང་དུ་ལེན་པ་དང་། འཇིག་རྟེན་ལས་འདས་པའི་འབྲས་
བུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལག་མཐིལ་དུ་འོང་སྟེ། ཐོབ་ཟིན་པ་ཡང་བོར་ནས་བླ་ན་མེད་པའི་བྱང་ཆུབ་བཙལ་དཀའ་བ་ཚོལ་བ་དང་། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཀྱི་མཆོག་ནི་བསམ་གཏན་གྱི་རོ་ཡིན་ན། དེ་ལ་མ་ཆགས་པ་དང་། སྦྱིན་པ་དང་ཚུལ་
เล่ม ๑๑๔ · หน้า 56a
ཁྲིམས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་ན་འཁོར་བར་སྐྱེ་བའི་རྒྱུ་ཙམ་དུ་ཟད་པས་ཤེས་རབ་ཀྱིས་སྨད་པའི་བྱ་བ་ཡིན་ན་དགེ་བའི་རྩ་བ་དེ་དག་ལ་ཡང་མི་སྨོད་པས་ན་ཕ་རོལ་ཏུ་ཕྱིན་པ་དེ་དག་བསྒྲུབ་པ་ནི་བྱ་དཀའ་བའི་ལྷག་པའི་བསམ་པ་ཞེས་བྱའོ། །སེམས་
ཅན་ཐམས་ཅད་ཀྱི་བྱ་བ་ནི་ཚེ་འདི་ལ་བདེ་བ་དང་ཚེ་ཕྱི་མ་ལ་ཕན་པའོ། །ཤེས་རབ་ཀྱི་ཁམས་རབ་ཏུ་དབྱེ་བ་ལ་སོགས་པར་རབ་ཏུ་བརྟགས་པས་ན་ང་རྒྱལ་རྣམ་པ་བདུན་མེད་པའི་ལྷག་པའི་བསམ་པའོ། །ལན་རེ་བ་ནི་སྦྱིན་པའི་གནས་བཟང་པོ་གདམས་ཏེ་གཏོང་བར་བྱེད་ཀྱི་བྱང་ཆུབ་སེམས་
དཔའ་ནི་ལན་རེ་བ་མེད་པས་ན་སེམས་ཅན་ཐམས་ཅད་ལ་འདྲ་བར་སྦྱིན་པའི་གནས་སུ་སེམས་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ནི་ཀུན་གྱིས་འཇུག་པར་དཀའ་བ་ལ་བྱ་སྟེ་སྟོང་པ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་རབ་ཏུ་རྟོགས་པའི་ཕྱིར་མི་སྔང་སྟེ། མི་སྐྲག་ཅེས་བྱ་
བའི་ཐ་ཚིག་གོ། །བྱིན་གྱི་རླབས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་སོགས་པ་གོང་ནས་གོང་དུ་འབོགས་པ་ལ་བྱ་སྟེ། དེས་ས་ནས་སར་འགྲོ་བར་ཁྱད་པར་དུ་འགྲོ་བའི་ལྷག་པའི་བསམ་པ་ཞེས་བྱའོ། །ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི་ཁུར་དང་། ཉོན་མོངས་པའི་ཁུར་དང་།
དམ་བཅས་པའི་ཁུར་དང་། བརྩོན་པའི་ཁུར་རྣམས་ཏེ། ཁུར་དོར་བར་བྱ་བ་དང་། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་རིམས་བཞིན་ནོ། །དེ་ལ་སྡུག་བསྔལ་ཡོངས་སུ་ཤེས་པས་ནི་ཕུང་པོའི་ཁུར་བླངས་པ་བོར་ཏེ། དེས་ཕུང་
པོ་མེད་པའི་བདེ་བ་ཐོབ་བོ། །ཀུན་འབྱུང་བ་སྤངས་པས་ནི་ཉོན་མོངས་པའི་ཁུར་བླངས་པ་བོར་ཏེ། དེས་རྣམ་པར་གྲོལ་བའི་བདེ་བ་ཐོབ་བོ། །ལམ་བསྒོམས་པས་ནི་དམ་བཅས་པའི་ཁུར་བླངས་པ་བོར་ཏེ། དེས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཐོབ་པོ། །འགོག་པ་མངོན་སུམ་དུ་བྱས་
པས་ནི་བརྩོན་འགྲུས་ཀྱི་ཁུར་བླངས་པ་བོར་ཏེ། དེས་ཉེ་བར་ཞི་བའི་བདེ་བ་ཐོབ་པོ། །དེ་བས་ན་ཁུར་བླངས་པ་སྒྲོལ་བ་ཞེས་བྱ་སྟེ། སྒྲོལ་བ་ནི་བོར་བའི་དོན་ཏོ། །ཡང་ན་ཁུར་བླངས་པ་ནི་དམ་བཅས་པ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་དམ་བཅས་པ་བཞིན་བྱེད་པས་ན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด