འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๔ · หน้า 112b
པའོ། །དེ་ལ་ཆོས་གང་སྡུག་བསྔལ་གྱི་གཞིར་གྱུར་པ་རྣམས་ནི། །འཁོར་བ་ཞེས་བྱ་སྟེ། འདི་ལྟར་འཁོར་བ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །བདེ་བའི་གཞིར་གྱུར་པ་ནི་མྱ་ངན་ལས་འདས་པ་སྟེ། མྱ་ངན་
ལས་འདས་པ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཐེག་པ་ཐ་དད་པ་དང་སེམས་ཅན་ཐ་དད་པ་དང་ཞེས་བྱ་བ་ལ་སོགས་པས་ཐ་དད་པ་ཐམས་ཅད་དང་མ་འདྲེས་པ་བསྟན་ཏེ། དེ་ལ་ཉན་ཐོས་ཀྱི་ཐེག་པ་ཞེའམ། རང་སངས་
རྒྱས་ཀྱི་ཐེག་པ་ཞེའམ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཐ་དད་པའོ། །ལྷ་ཞེ་འམ། མི་ཞེའམ། བུད་མེད་ཅེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐ་དད་པའོ། །དགའ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཞེ་འམ། པདྨོ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་
སོགས་པས་ནི། ཞིང་ཐ་དད་པའོ། །འོད་དཔག་མེད་ཅིའམ། མི་འཁྲུགས་པ་ཞེ་འམ། ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཐ་དད་པའོ། །ས་བཅུ་ཞེ་འམ། སྡོང་པོས་བརྒྱན་པ་ཞེ་འམ། ལང་ཀར་གཤེགས་པ་ཞེས་བྱ་བ་ནི་ཆོས་ཐ་དད་པའོ། །འདི་ནི་ཉན་ཐོས་ཀྱི་དགེ་
འདུན། འདི་ནི་རང་སངས་རྒྱས་ཀྱི་དགེ་འདུན། འདི་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཞེའམ། འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། འདི་ནི་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ། འདི་ནི་མཐོང་བའི་ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་
ལ་སོགས་པས་ནི་དགེ་འདུན་ཐ་དད་པའོ། །མི་ཤེས་པ་དང་ཤེས་པ་དང་ཞེས་བྱ་བ་ལ་སོགས་པས་མཚན་མ་ཡིད་ལ་བྱེད་པ་རྣམས་དང་མ་འདྲེས་པ་བསྟན་ཏེ། དེ་ལ་མི་ཤེས་པ་ནི་མ་རིག་པ་སྟེ། རྟག་པ་དང་། གཙང་བ་དང་། བདག་དང་། བདེ་བར་འཛིན་པའོ། །ཤེས་པ་ནི་རིག་པ་
སྟེ། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྡུག་བསྔལ་བར་འཛིན་པའོ། །རྣམ་པ་སྣ་ཚོགས་སུ་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། གཟུགས་སུ་ཤེས་པ་དང་། སྒྲར་ཤེས་པ་ནས་ཆོས་སུ་ཤེས་པའི་བར་དུ་ཡིན་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་
เล่ม ๑๑๔ · หน้า 113a
རྣམས་སོ། །བརྗོད་དུ་ཡོད་ཅིང་བསམ་དུ་ཡོད་པ་རྣམས་ནི་ཀུན་རྫོབ་བོ། །དེ་ལས་བཟློག་པ་ནི་དོན་དམ་པ་སྟེ། བརྗོད་པ་དང་བསམ་པས་ཐོག་ཏུ་མི་ཕེབས་པའོ། །མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས་ཞེས་བྱ་བ་ནི་མཚན་མ་ཡིད་
ལ་བྱེད་པ་གོང་དུ་བཤད་པ་དེ་རྣམས་དང་ལྷན་ཅིག་མི་གནས་པར་མ་ཟད་ཀྱི། གཞན་ཡང་ཡོད་པ་དང་། མེད་པ་ཞེས་བྱ་བ་དང་། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཚན་མ་རྣམས་ཡིད་ལ་བྱེད་པ་དང་ཡང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་རྒྱུ་བ་མེད་
པ་ལུས་མེད་པ་ཞེས་བྱ་བ་ལ་སོགས་པས་གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་མཚན་མ་ཐམས་ཅད་སྤངས་པའི་རང་བཞིན་ཅིས་ཀྱང་མ་གོས་པར་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་བསྟན་ཏེ། གོང་དུ་སྨོས་པའི་ཤེས་རབ་ནི་ཞེས་བྱ་བའི་ཐ་ཚིག་གོ། །གང་རྒྱུ་བ་མེད་པའི་ཞེས་བྱ་བ་
ལ་གཟུང་བ་དང་འཛིན་པའི་མཚན་མར་འདུ་ཤེས་པ་ནི་རྒྱུ་བའོ། །ཤེས་རབ་དེས་གཟུང་བ་དང་འཛིན་པར་འདུ་ཤེས་པ་ཐམས་ཅད་སྤངས་པས་གཟུང་བ་དང་འཛིན་པའི་མཚན་མར་འདུ་ཤེས་པའི་རྒྱུ་མེད་པས་ན་རྒྱུ་བ་མེད་པ་ཞེས་བྱའོ། །ཆོས་གཞན་གྱི་གཞི་དང་རྟེན་ཀྱང་མ་ཡིན་
ལ། གཞན་ལ་ཡང་མི་རྟེན་པས་ན་ལུས་མེད་པའོ། །ཀུན་རྫོབ་ཏུ་ཤེས་རབ་ཀྱི་མཚན་ཉིད་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལྟ་བུ་ཡང་མ་ཡིན་ཞིང་། དེ་ལྟ་བུར་ཡང་མི་གནས་པས་ན། མཚན་ཉིད་མེད་པའོ། །ཤེས་རབ་ཀྱི་ཡུལ་རྣམ་པ་བརྒྱད་པོ་འོག་ནས་བཤད་པ་ལ་སོགས་
པ་གང་ལ་ཡང་མཚན་མར་མི་འཛིན་པས་ན་མཚན་མ་མེད་པའོ། །ཤེས་རབ་ཀྱི་རང་བཞིན་རྒྱས་པར་བཤད་ནས་བསྡུས་ཏེ་བསྟན་པའི་ཕྱིར། དེ་ནི་མཚན་མ་དང་ཡིད་ལ་བྱེད་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་ཐམས་ཅད་སྤངས་པ་རྣམ་པར་མི་རྟོག་
པའི་རང་བཞིན་གྱི་ཤེས་རབ་དེ་ནི་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་མི་གནས་པའི་སྒྲ་ཐམས་ཅད་དང་ཡང་སྦྱར་ཏེ། མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་གནས། སེམས་དང་ལྷན་ཅིག་མི་གནས། ཡིད་དང་ལྷན་ཅིག་མི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཟག་
เล่ม ๑๑๔ · หน้า 113b
པ་དང་བཅས་པ་དང་ཟག་པ་མེད་པའི་མཚན་ཉིད་དུ་ཡིད་ལ་བྱེད་པ་ཐམས་ཅད་དང་མ་འདྲེས་པས་ན་མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །དགེ་བ་དང་མི་དགེ་བའི་བག་ཆགས་རྣམ་པ་སྣ་ཚོགས་བསགས་པ་རྣམ་པར་སྨིན་པའི་འབྲས་བུ་ལེན་པར་བྱེད་པའི་
ཀུན་གཞི་རྣམ་པར་ཤེས་པ་དང་མ་འདྲེས་པས་ན་སེམས་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །ང་དང་ངའི་ཞེས་རློམ་སེམས་པ་བདག་རྒྱལ་བ་དང་། བདག་ལས་ཆགས་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་ལྷན་ཅིག་མི་གནས་པའི་ཉོན་མོངས་པའི་ཡིད་དང་མ་འབགས་པས་ན། ཡིད་དང་
ལྷན་ཅིག་མི་གནས་པ་ཞེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དམིགས་པར་བྱེད་པ། ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དང་མ་འདྲེས་པས་ན་རྣམ་པར་ཤེས་པ་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །གནས་
ནི་མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་རྣམས་སོ། །དབང་པོ་དེ་རྣམས་ལ་མི་རྟེན་པས་ན་གནས་དང་ལྷན་ཅིག་མི་གནས་སོ། །མིང་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ཞེས་བྱ་བ་དང་། མིག་དང་
རྣ་བ་ཞེས་བྱ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ལྷ་སྦྱིན་དང་མཆོད་སྦྱིན་ལ་སོགས་པ་ཐ་སྙད་དུ་བཏགས་པ་སྟེ། དེ་དག་དང་མ་འབགས་པས་ན་མིང་དང་ལྷན་ཅིག་མི་གནས་པའོ། །གཟུགས་དང་སྒྲ་ལ་སོགས་པ་དམིགས་པའི་ཡུལ་རྣམས་ནི་མཚན་མ་
ཞེས་བྱ་སྟེ། དེ་དག་དང་མ་འདྲེས་པས་ན་མཚན་མ་དང་ལྷན་ཅིག་མི་གནས་པའོ། །ཆོས་ཅན་དང་ཆོས་ཉིད་དང་། ཀུན་རྫོབ་དང་དོན་དམ་པ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་རྣམས་དེ་བཞིན་ཉིད་དང་གཞན་པར་འདོད་པ་ནི་
གཅིག་པ་དང་ཐ་དད་པ་སྟེ། དེ་ལྟ་བུའི་སྤྲོས་པ་དང་མ་འདྲེས་པས་ན་གཅིག་པ་དང་ཐ་དད་པ་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་རང་བཞིན་བཤད་ནས། དེའི་ཡུལ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
เล่ม ๑๑๔ · หน้า 114a
དེ་ལ་ཞེས་བྱ་བའི་དོན་ནི་གཞན་ལས་དགར་བའམ། མགོ་དྲང་བར་ལྟའོ། །ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པ་སྟེ། ཤེས་རབ་ཀྱིས་དམིགས་པར་བྱ་བའམ། ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱ་བའི་དངོས་པོ་གང་ཞེ་ན་ཞེས་བྱ་བའི་དོན་ཏོ། །
དྲིས་པ་ལན་གདབ་པའི་ཕྱིར། འདི་ལྟ་སྟེ་ཆོས་བརྒྱད་ལ་མཁས་པའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི། ཚིག་མགོ་དྲང་བ་དང་། ཚིག་གི་རྒྱན་དུ་བྱ་བའོ། །ཆོས་བརྒྱད་ཁོང་དུ་ཆུད་ཅིང་རྟོགས་པ་ནི་ཆོས་བརྒྱད་ལ་མཁས་པ་སྟེ། །དེ་བས་ན་ཆོས་བརྒྱད་ནི་ཤེས་རབ་
ཀྱི་ཡུལ་ལོ། །དེའང་བསྟན་པ་དང་བཤད་པ་ལྟ་བུར་རིག་པར་བྱའོ། །དེ་ལ་བསྟན་པ་ལས་བརྩམས་ན། ཆོས་བརྒྱད་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཤད་པ་ལས་བརྩམས་
ནས་གསུངས་པ། དེ་ལ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་གྲངས་དང་མིང་དང་དཔེ་དང་། རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟ་སྟེ་ཆོས་བརྒྱད་ལ་
མཁས་པའོ་ཞེས་བྱ་བས་ནི་གྲངས་བསྟན་ཏོ། །ཆོས་བརྒྱད་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པས་མིང་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་གང་ཞེ་ན། འདི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་སྟེ།
དབུ་བ་རྡོས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནི་དགར་བའི་ཚིག་སྟེ། མཁས་པ་རྣམ་པ་བརྒྱད་པོས་བཀར་ཏེ། ཕུང་པོ་ལ་
མཁས་པ་དེ་བསྟན་པར་འདོད་པའོ། །དེ་ལ་ཕུང་པོའི་དོན་ནི་གང་ཅུང་ཟད་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དང་། ནང་གི་དང་། ཕྱིའི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཉེ་བ་དང་རིང་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་
เล่ม ๑๑๔ · หน้า 114b
ནས་བསྟན་པ་ནི་ཕུང་པོ་ཞེས་བྱའོ། །ཕུང་པོ་དེ་ལ་མཁས་པ་ནི་ཕུང་པོ་ལ་མཁས་པ་སྟེ། ཕུང་པོའི་མཚན་ཉིད་དང་རང་བཞིན་གང་ཡིན་པ་རྟོགས་པའོ། །ཇི་ལྟར་ཕུང་པོའི་མཚན་ཉིད་རྟོགས་པར་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར་གསུངས་པ། གང་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་
བསྟན་པ་སྟེ། དབུ་བ་རྡོས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་དཔེ་རྣམས་ལ་སྙེགས་སོ། །ཕུང་པོའི་རང་བཞིན་གང་ཡིན་པ་དེ་དང་མཐུན་པའི་དཔེར་གཞག་པ་ནི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་ཞེས་བྱ་སྟེ། དཔེ་ཡང་དབུ་བ་རྡོས་
པ་བསྟན་པ་ལ་སོགས་པ་རྣམ་པ་བཅུའོ། །དཔེ་རྣམ་པ་བཅུ་པོ་དེ་རྣམས་ཀྱང་དོན་རྣམ་པ་བཅུའི་དབང་དུ་བྱས་ནས་གསུངས་པར་རིག་པར་བྱ་སྟེ། བདག་རྟག་པ་མེད་པའི་དོན་དང་། བདག་མེད་ཅིང་གཙང་བའི་དོན་སྤངས་པའི་དོན་དང་། བདག་མེད་ཅིང་མནོག་ཆུང་བའི་
དོན་དང་། སྙིང་པོ་མེད་པའི་དོན་དང་། མི་བརྟན་པའི་དོན་དང་། དོན་མེད་པ་དག་ཀྱང་སྤྱོད་ཡུལ་དུ་གྱུར་ཞིང་། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་ཀུན་ཏུ་ལོངས་སྤྱོད་པ་མེད་པའི་དོན་དང་། དངོས་པོ་མེད་ཀྱང་ཐ་སྙད་དང་སྨྲ་བ་སྣ་ཚོགས་བྱེད་པའི་དོན་དང་། དོན་མེད་ཀྱང་
རྣམ་པར་ཤེས་པ་སྣ་ཚོགས་སུ་འཇུག་པའི་དོན་དང་། དོན་མེད་པར་ཡང་དག་པ་འཛིན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་དོན་དང་། དོན་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་བསམ་པ་ཕྱིན་ཅི་མ་ལོག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་
སྐྱེ་བ་ལེན་པའི་དོན་ཏོ། །དཔེར་གཞག་པ་དེ་དག་གི་དོན་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དཔེ་བཅུ་པོ་དེ་དག་ཇི་ལྟར་ན་ཕུང་པོའི་དཔེར་འགྱུར་ཞེའམ་ཕུང་པོ་རྣམས་ཅིའི་ཕྱིར་དཔེ་དེ་དང་འདྲ་བར་བསྟན་ཞེས་བྱ་བའི་དོན་
ཏོ། །ཕུང་པོ་རྣམས་དཔེ་དང་མཚན་ཉིད་འདྲ་བར་བསྟན་པའི་ཕྱིར་གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཕུང་པོའི་སྒྲ་མ་སྨོས་སུ་ཟིན་ཀྱང་ཕུང་པོ་ཉིད་བཤད་པ་གླེང་བའི་སྐབས་ཡིན་པས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བར་དྲངས་ཏེ།
เล่ม ๑๑๔ · หน้า 115a
གཟུགས་ལ་སོགས་པའི་ཡུལ་ལྔ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་དེ་ནི་དབུ་བ་རྡོས་པ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། བདག་རྟག་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར་དབུ་
བ་རྡོས་པ་ནི་བདག་མ་ཡིན་སེམས་ཅན་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟ་སྟེ་སྐྱེས་བུ་ལ་ལ་ཞིག་གིས་ཆུ་བོ་ཆེན་པོ་ལ་ཤེལ་ལྟ་བུ་ཁ་དོག་དང་དབྱིབས་སུ་ལྡན་པའི་དབུ་བ་རྡོས་པ་མང་པོ་རྒྱུ་བ་མང་པོ་མཐོང་བ་དང་། དེ་དག་ལ་སྙིང་པོ་དང་རང་བཞིན་ཡོད་དུ་རེ་ནས་ལག་པ་
གཉིས་ཀྱིས་འཛིན་ཅིང་། བླང་བར་བརྒལ་ན་མེད་པར་གྱུར་པ་དང་། ཀྱེ་མ་འདི་གོ་དབུ་བ་རྡོས་པ་སྟེ། གསོག་གསོབ་ངོ་བོ་ཉིད་མེད་དོ་སྙམ་མོ། །དེ་བས་ན་དབུ་བ་རྡོས་པ་ནི་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་པར་ཤེས་སོ། །དབུ་
བ་རྡོས་པའི་རང་བཞིན་གང་ཡིན་པ་གཟུགས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ་ཞེས་བྱ་བ་ནི་དབུ་བ་རྡོས་པའི་རང་བཞིན་བདག་མེད་ཅིང་དངོས་པོ་མེད་པ། གསོག་དང་གསོབ་ཏུ་གྱུར་པ་གང་ཡིན་པ་གཟུགས་ཀྱི་ཕུང་པོའི་རང་བཞིན་ཡང་དེ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་
དང་ལྡན་པས་བལྟས་ཤིང་བརྟགས་ཏེ། ཞིབ་མོར་གཞིགས་ན་བདག་དང་རང་བཞིན་མེད་ཅིང་གསོག་གསོབ་སྟོང་པའི་མཚན་ཉིད་དུ་གནས་པའི་ཕྱིར་རོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཞེས་བྱ་བ་ལ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་
ཡིན་པར་རྣམ་པ་གསུམ་མྱོང་བ་ནི་ཚོར་བ་སྟེ། །འདིར་ཡང་ཕུང་པོ་ཞེས་བྱ་བར་སྦྱར་རོ། །ཚོར་བའི་ཕུང་པོ་ནི་ཆུའི་ཆུ་བུར་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། བདག་མེད་ཅིང་གཙང་བ་སྤངས་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་ལ་ལ་ཞིག་གིས་ཆུའི་ནང་དུ་ཆར་པ་བབ་སྟེ། ཆུའི་ཆུ་
བུར་ཤེལ་གྱི་ནོར་བུ་དང་འདྲ་བར་རྣམ་པ་སྣ་ཚོགས་སུ་འབྱུང་བ་མཐོང་བ་དང་། དེ་དག་རྫས་སུ་རུང་ཞིང་རྒྱན་དུ་རུང་དུ་རེ་ནས་ལག་པ་གཉིས་ཀྱིས་འཛིན་ཅིང་བླང་བར་བཤམས་ན་མེད་པར་གྱུར་ཅིང་མ་བཟུང་བའི་རྣམས་ཀྱང་སྐྱེས་མ་ཐག་ཏུ་འགག་སྟེ། རྫས་སུ་རུང་བར་མ་མཐོང་ནས།
เล่ม ๑๑๔ · หน้า 115b
ཀྱེ་མ་འདི་གོ་ཆུའི་ཆུ་བུར་ཏེ། བདག་མེད་པ་རང་བཞིན་མེད་པར་གསོག་གསོབ་ཡིན་པར་ཤེས་སོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཚོར་བའི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་དང་ལག་པས་བལྟས་ཤིང་ཡོད་པ་དང་མེད་པ་ལ་སོགས་པ་རྣམ་པར་དཔྱོད་ན་ཆུའི་ཆུ་བུར་དང་འདྲ་
བར་བདག་དང་རང་བཞིན་མེད་ཅིང་གསོག་དང་གསོབ་ཡིན་པ་དང་། ཐམས་ཅད་ཀྱང་སྡུག་བསྔལ་གྱི་མཚན་ཉིད་འགྱུར་བ་དང་། སྐྱེས་མ་ཐག་ཏུ་འཇིག་པའི་རང་བཞིན་ཡིན་པར་མཐོང་ངོ་། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ་ཞེས་བྱ་བ་ལ། ཡུལ་ལ་མཚན་མར་འཛིན་པ་ནི་འདུ་ཤེས་ཏེ།
ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །མཚན་མ་ནི་དཀར་པོ་དང་དམར་པོ་ལ་སོགས་པའོ། །འཛིན་པ་ནི་དེ་ནི་དཀར་པོ་ཉིད་ཡིན་གྱི། དམར་པོ་མ་ཡིན་ནོ་ཞེས་གཅོད་པ་སྟེ། འདུ་ཤེས་ཀྱི་ཕུང་པོ་ནི་སྨིག་རྒྱུ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། བདག་མེད་ཅིང་མནོག་ཆུང་བའི་ཕྱིར་
རོ། །འདི་ལྟ་སྟེ་ཆུ་འདོད་པའི་སྐྱེས་བུ་ལ་ལ་ཞིག་དཔྱིད་ཀྱི་དུས་ན་ཉི་མའི་འོད་ཀྱིས་གདུངས་ཏེ། སྨིག་རྒྱུ་བ་སྣ་ཚོགས་ཆུ་རླབས་ལྟ་བུ་མིག་གིས་མཐོ་བ་དང་དེ་དག་ལ་ཆུ་ཡིན་སྙམ་ནས་བཏུང་བར་བྱ་བའི་ཕྱིར་དྲུང་དུ་བརྒྱུགས་ཏེ་བཏགས་ན་ཆུ་མ་ཡིན་པར་མཐོང་ནས་ཀྱེ་མའོ་འདི་གོ་སྨིག་རྒྱུ་བ་སྟེ།
བདག་མེད་པ་གསོག་གསོབ་ངོ་བོ་ཉིད་མེད་པ་ཞེས་སེམས་པ་དེ་བཞིན་དུ་ལོག་པ་སྣ་ཚོགས་ཀྱི་རྣམ་པར་རྟོག་པ་མང་པོའི་འདུ་ཤེས་ཀྱི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་གིས་བལྟས་ཏེ། ཡོད་པ་དང་མེད་པ་ལ་སོགས་པར་ཡང་དག་པར་བརྟགས་ན་བདག་མེད་པ་དང་དངོས་པོ་མེད་པར་མཐོང་སྟེ། དེ་བས་
ན་འདུ་ཤེས་ཀྱང་སྨིག་རྒྱུ་བ་བཞིན་དུ། བདག་གི་རང་བཞིན་མ་ཡིན་པས་ན། གང་ཟག་གི་རང་བཞིན་མ་ཡིན་པའི་བར་དུའོ། །འདུ་བྱེད་རྣམས་ནི་ཆུ་ཤིང་ལྟ་བུའོ་ཞེས་བྱ་བ་ལ། ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམ་པ་སྣ་ཚོགས་བྱེད་པ་ནི་འདུ་བྱེད་དེ། དེ་ཡང་འདུ་
བྱེད་ཀྱི་ཚོགས་རྣམ་པ་མང་པོ་རྣམས་སོ། །འདུ་བྱེད་ཀྱི་ཕུང་པོ་རྣམས་ནི་ཆུ་ཤིང་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་སྙིང་པོ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། ཤིང་གི་སྙིང་པོ་སྲ་བ་འདོད་པའི་སྐྱེས་བུ་ལ་ལ་ཞིག་གིས་ཆུ་ཤིང་བཅད་དེ་འདབ་མ་ནས་མཐར་གྱིས་རྣམ་པར་བཤུས་ནས་དེ་ལ་མིག་གིས་
เล่ม ๑๑๔ · หน้า 116a
བལྟས་ཏེ་སྙིང་པོ་ཡོད་དམ་ཞེས་བརྟགས་ན། སྙིང་པོ་ཡོད་པར་མ་མཐོང་ནས། ཀྱེ་མའོ་འདི་གོ་ཆུ་ཤིང་གི་སྙིང་པོ་སྟེ། སྟོང་པ་དངོས་པོ་དང་རང་བཞིན་མེད་པའོ་ཞེས་སེམས་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་རྣམ་པ་
སྣ་ཚོགས་པ་ལ་དམ་པ་དང་སྙིང་པོ་ཡོད་དུ་རེ་སྟེ། ཤེས་རབ་ཀྱི་མིག་གིས་ཀུན་ཏུ་བལྟས་ནས་ཡོད་པ་དང་མེད་པ་དང་། གཅིག་དང་དུ་མ་དང་། བདག་དང་ཕ་རོལ་དང་གཉིས་ཀའི་སྦྱོར་བས་ཡང་དག་པར་བརྟགས་ན་སེམས་ཙམ་དང་མ་སྐྱེས་པ་དང་། ཡོད་པ་དང་མེད་པ་ལས་འདས་
པ་སྙིང་པོ་མེད་པ་ཆུ་ཤིང་བཞིན་དུ་བདག་གི་རང་བཞིན་དང་བྲལ་བ་མཐོང་ངོ་། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། དེའང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་དོ། །རྣམ་པར་ཤེས་པའི་ཕུང་
པོ་ནི་སྒྱུ་མ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། མི་བརྟན་པའི་ཕྱིར་རོ། །འདི་ལྟ་སྟེ། སྐྱེས་བུ་སྒྲིན་པོ་ཞིག་གིས་སྒྱུ་མའི་ཆ་ལུགས་ཀྱི་བཟོ་བོས་ལྷ་དང་མི་དང་། གནོད་སྦྱིན་དང་། དུད་འགྲོའི་གཟུགས་སྣ་ཚོགས་ཀྱི་སྒྱུ་མ་རྣམས་སྤྲུལ་པ་དེ་དག་ལ་མིག་གིས་ཀྱང་ཀུན་དུ་ལྟ་ཞིང་། རང་
བཞིན་དང་རྒྱུན་དུ་གནས་པར་རེ་ནས་བརྟགས་ན། རང་བཞིན་མེད་ཅིང་དེ་མ་ཐག་ཏུ་འཇིག་པ་ཡིན་པར་མཐོང་ནས། ཀྱེ་མ་འདི་གོ་སྒྱུ་མ་སྟེ། །སྟོང་པ་རང་བཞིན་མེད་པའོ། །ཞེས་སེམས་པ་དེ་བཞིན་དུ་ལས་ཀྱི་བག་ཆགས་སྣ་ཚོགས་ཀྱིས་བསྒྱུར་བའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཤེས་རབ་ཀྱི་
མིག་གིས་རང་བཞིན་དུ་རྒྱུན་དུ་གནས་པར་རེ་ནས་གཅིག་དང་དུ་མའི་ངོ་བོས་བརྟགས་ན། སྒྱུ་མ་བཞིན་དུ་སྟོང་པ་ངོ་བོ་ཉིད་མེད་པ་སྐད་ཅིག་མ་རེ་རེ་ལ་འཇིག་པར་མཐོང་ངོ་། །ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཞེས་བྱ་བ་ལ་གོང་དུ་བཤད་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ནི་ཡང་རྨི་ལམ་དང་འདྲ་
སྟེ། ཅིའི་ཕྱིར་ཞེ་ན། དོན་མེད་པ་དག་ཀྱང་སྤྱོད་ཡུལ་དུ་འགྱུར་ཞིང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཀུན་དུ་ལོངས་སྤྱོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་རྣམས་ཡུལ་ལ་འཇུག་པར་མི་ནུས་ཏེ། གཉིད་ཀྱིས་ལོག་པས་ན་རྟོག་པ་སྣ་ཚོགས་ཀྱི་རྒྱུ་བ་འབྱུང་བ་ནི་རྨི་
เล่ม ๑๑๔ · หน้า 116b
ལམ་མོ། །དཔེར་ན་རྨི་ལམ་བདག་གི་རང་བཞིན་མ་ཡིན་པ་ནས་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་ཀྱང་དགའ་བ་དང་མི་དགའ་བར་འགྱུར་བའི་ཡུལ་མཐོང་བའི་ཚེ་དགའ་བ་དང་མི་དགའ་བའི་སེམས་རྣམ་པ་སྣ་ཚོགས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཕུང་པོ་རྣམས་
ཀྱང་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱི་ལས་དགེ་བ་དང་མི་དགེ་བ་རྣམ་པ་སྣ་ཚོགས་ཀྱི་རྒྱུས་མཐོ་རིས་དང་ངན་སོང་གི་བདེ་བ་དང་སྡུག་བསྔལ་རྣམས་སྐྱེ་བར་འགྱུར་རོ། །ཕུང་པོ་རྣམས་ནི་བྲག་ཅ་ལྟ་བུ་སྟེ་ཞེས་བྱ་བ་ནི་ཕུང་པོ་
རྣམས་ནི་བྲག་ཅ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དངོས་པོ་མེད་ཀྱང་ཐ་སྙད་དང་སྨྲ་བ་སྣ་ཚོགས་བྱེད་པའི་ཕྱིར་རོ། །དཔེར་ན་སྒྲ་ལ་བྲག་ཅའི་སྒྲ་བརྙན་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་ཡང་མ་ཡིན་ཏེ། དངོས་པོ་མེད་ཅིང་དོན་མེད་ཀྱང་སྒྲ་རྣམ་པ་སྣ་ཚོགས་འབྱུང་བ་དེ་
བཞིན་དུ་ཆོས་ཐམས་ཅད་བདག་མེད་དེ་རང་བཞིན་གྱིས་ཞི་བ་ཡིན་མོད་ཀྱི་འོན་ཀྱང་སྒྲ་བརྙན་དང་འདྲ་བའི་མིང་དང་ཚིག་དང་ཐ་སྙད་དུ་བརྗོད་པ་མང་པོ་ཡང་ཡོད་དོ། །ཕུང་པོ་རྣམས་ནི་མིག་ཡོར་ལྟ་བུ་སྟེ་ཞེས་བྱ་བ་ལ། ཤོག་ཤོག་གམ་དར་རམ་རས་ལ་རི་མོ་སྣ་ཚོགས་བྲིས་ནས་བརྒྱངས་ཏེ་ཕུབ་ལ་
དེའི་ནང་དུ་མཚན་མོའི་མེ་མར་བུས་ན་གཟུགས་རྣམ་པ་སྣ་ཚོགས་སྣང་བ་ནི་མིག་ཡོར་ཞེས་བྱའོ། །ཡང་ན་སྣང་བརྙན་ཞེས་བྱ་སྟེ། ཁང་པའི་ནང་གི་ཉི་ཟེར་འོད་ལ་བརྟེན་ནས་གཟུགས་གཅིག་དང་གཉིས་ལ་སོགས་པར་སྣང་བའོ། །ཡང་ན་གཞན་གནས་པ་ལས་གཞན་དུ་སྣང་བ་ནི་མིག་ཡོར་
སྟེ། དཔེར་ན་སྡོང་པོ་ལས་མི་ལྟ་བུར་འཁྲུལ་པའོ། །ཕུང་པོ་རྣམས་ནི་མིག་ཡོར་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དོན་མེད་ཀྱང་མིག་ཡོར་གྱི་དུས་ན་གཟུགས་རྣམ་པ་སྣ་ཚོགས་སྣང་བ་དེ་བཞིན་དུ་དོན་མེད་པར་ཡང་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམ་པ་སྣ་ཚོགས་
སུ་སྐྱེ་ཞིང་འབྱུང་ངོ་། །ཕུང་པོ་རྣམས་ནི་གཟུགས་བརྙན་ལྟ་བུ་སྟེ་ཞེས་བྱ་བ་ལ་ཕུང་པོ་རྣམས་ནི་གཟུགས་བརྙན་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དོན་མེད་ཀྱང་ཡང་དག་པར་འཛིན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་རོ། །དཔེར་ན་ཆུའི་ཟླ་བ་དང་། མེ་ལོང་དག་པའི་ནང་དུ་
เล่ม ๑๑๔ · หน้า 117a
བཞིན་གྱི་གཟུགས་བརྙན་དུ་སྣང་བ་བདག་གི་རང་བཞིན་མ་ཡིན་པ་ནས་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་དུ་ཟིན་ཡང་བལྟར་སྣང་བ་ཙམ་ཡང་ཡོད་པ་དེ་བཞིན་དུ་ཏིང་ངེ་འཛིན་ལ་སོགས་པའི་རང་བཞིན་དང་། རྣལ་འབྱོར་པའི་ཕུང་པོ་རྣམས་ཀྱང་བདག་གི་རང་
བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་ཅིང་རང་བཞིན་མི་དམིགས་མོད་ཀྱི། འོན་ཀྱང་རྒྱ་མཚོ་དང་འདྲ་བའི་སེམས་མཉམ་པར་གནས་པ་ལས་གཟུགས་བརྙན་སྣང་བ་བཞིན་རྣམ་པར་ཐར་པ་དང་། གཟུགས་དང་སྤྲུལ་པ་ལ་སོགས་པ་རྣམ་པ་
སྣ་ཚོགས་འབྱུང་ཞིང་སྣང་བར་ཡང་བྱེད་དོ། །ཕུང་པོ་རྣམས་ནི་སྤྲུལ་པ་ལྟ་བུ་སྟེ་ཞེས་བྱ་བ་ལ་ཕུང་པོ་རྣམས་ནི་སྤྲུལ་པ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དོན་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་བསམ་པ་ཕྱིན་ཅི་མ་ལོག་པར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་སྐྱེ་བ་ལེན་པར་སྣང་
བས་སོ། །དཔེར་ན་ལྷ་དང་མི་ལ་སོགས་པའི་སྤྲུལ་པ་སྣ་ཚོགས་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱི། འོན་ཀྱང་གཟུགས་དང་དབྱིབས་རྣམ་པ་སྣ་ཚོགས་སྣང་བ་དེ་བཞིན་དུ་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་འཁོར་
བར་འཇུག་པ་ཡང་བདག་གི་རང་བཞིན་མ་ཡིན་པ་ནས་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱི། འོན་ཀྱང་སྐྱེ་བ་རྣམ་པ་སྣ་ཚོགས་འབྱུང་ཞིང་སྐྱེ་བར་སྣང་ངོ་། །གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ལ་གོང་དུ་ཕུང་པོ་
དཔེ་བསྟན་པའི་ཚུལ་དུ་ཕུང་པོའི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཕུང་པོ་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ཞེས་བྱ་བ་དེ་ནི་འཇིག་རྟེན་ཏེ་ཞེས་བྱ་བ་ལ། ཕུང་པོ་ཞེས་བྱ་བ་ནི་འཇིག་རྟེན་ལ་བྱ་སྟེ། འཇིག་རྟེན་གྱི་མཚན་ཉིད་ཀྱང་གང་ཡིན་ཞེ་ན། དེའི་ཕྱིར་འཇིག་རྟེན་ཀྱང་
འཇིག་པའི་མཚན་ཉིད་དོ་ཞེས་སྨྲས་ཏེ། འཇིག་རྟེན་གྱི་མཚན་ཉིད་ནི་སྐད་ཅིག་མ་རེ་རེ་ལ་འཇིག་པའི་མཚན་ཉིད་དོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། འཇིག་རྟེན་གྱི་རང་བཞིན་གང་ཡིན་པ་དེ་རང་བཞིན་གྱིས་མི་རྟག་པའོ་ཞེས་བྱ་བ་སྨོས་ཏེ། རང་བཞིན་ཞེས་བྱ་བ་དང་
เล่ม ๑๑๔ · หน้า 117b
མཚན་ཉིད་ཅེས་བྱ་བ་ནི་དོན་གཅིག་གོ། །དེ་ལ་མེད་པའི་དོན་ནི་མི་རྟག་པའི་དོན་ཏེ། ཀུན་བརྟགས་ཀྱི་མཚན་ཉིད་རི་བོང་གི་རྭ་བཞིན་དུས་ཐམས་ཅད་དུ་མེད་པས་ཀུན་བརྟགས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་མི་རྟག་པའོ་ཞེས་བྱའོ། །རང་བཞིན་གྱིས་སྡུག་བསྔལ་བའོ་ཞེས་བྱ་བ་ལ་ཡང་དག་
པ་མ་ཡིན་པར་ཀུན་རྟོག་པའི་དོན་ནི་རང་བཞིན་གྱིས་སྡུག་བསྔལ་བའི་དོན་ཏོ། །དེའང་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་བས་ན་གཞན་གྱི་དབང་གིས་ཇི་ལྟ་ཇི་ལྟར་གཟུང་བ་དང་འཛིན་པར་ཀུན་རྟོག་པར་བྱེད་པ་དེ་ཙམ་དུ་སྡུག་བསྔལ་བའི་རང་བཞིན་དུ་འགྱུར་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་
འབྱུང་བའི་རྒྱུར་འགྱུར་རོ། །རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་བདག་མེད་པའོ་ཞེས་བྱ་བ་ལ། ཡོངས་སུ་རྟོག་པ་ཙམ་ཉིད་ཡོད་པའི་དོན་ནི་བདག་མེད་པའི་དོན་ཏེ། དེས་ན་སེམས་ཙམ་ཡོད་ཀྱི་དངོས་པོ་གཞན་མེད་པར་སྟོན་ཏོ། །དེ་བས་ན་ཡོངས་སུ་རྟོག་པ་གཞན་གྱི་དབང་ཙམ་ནི་ཡོད་ཀྱང་། ཆོས་
སུ་བརྟགས་པའི་དངོས་པོ་ནི་མེད་པས་ན་རང་བཞིན་གྱིས་སྟོང་པ་ཞེས་བྱའོ། །གང་ཟག་ཏུ་བརྟགས་པའི་དངོས་པོ་མེད་པས་ན་རང་བཞིན་གྱིས་བདག་མེད་པའོ་ཞེས་བྱའོ། །རང་བཞིན་གྱིས་ཞི་བ་སྟེ་ཞེས་བྱ་བ་ལ་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པ་ཉེ་བར་ཞི་བའི་དོན་ཏམ། དེ་དག་སྤངས་པའི་དོན་
ནི་རང་བཞིན་གྱིས་ཞི་བ་ཞེས་བྱ་སྟེ། དེ་ཡང་དངོས་སུ་ན་ཡོངས་སུ་གྲུབ་པའི་མཚན་ཉིད་དོན་དམ་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ལ་ཕྱིན་ཅི་ལོག་ཏུ་སྣང་བའི་སེམས་ནི་གཉེན་པོས་ཞི་བར་བྱས་པ་མེད་ཀྱི། རང་བཞིན་གྱིས་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པར་གནས་པའི་ཕྱིར་རོ། །
དེ་ལྟར་མི་རྟག་པའི་རང་བཞིན་གང་ཡིན་པ་ནས་ཞི་བའི་བར་གྱི་རང་བཞིན་གང་ཡིན་པ་འཇིག་རྟེན་གྱི་རང་བཞིན་ཡང་དེ་ཡིན་ཏེ། དེ་དག་གི་རང་བཞིན་ཐ་དད་པ་མེད་པར་ཤེས་ན་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་ལ་མཁས་པ་བསྟན་པའི་འོག་ཏུ་ཁམས་ལ་མཁས་
པ་བསྟན་པས་ན་ཇི་ལྟར་བསྟན་པ་དེ་བཞིན་དུ་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའི་ཁམས་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དེ་ལ་ཁམས་ཀྱི་དོན་ནི་མཚན་ཉིད་འཛིན་པའི་དོན་ཏོ། །ཡང་ན་རྒྱུའི་དོན་ཏེ། ཁམས་དང་ས་བོན་དང་དབྱིངས་ནི་རྒྱུའི་མིང་གི་རྣམ་གྲངས་ཏེ།
เล่ม ๑๑๔ · หน้า 118a
གང་ལ་དམིགས་ནས་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བའི་རྒྱུ་ནི་ཁམས་ཞེས་བྱ་ལ། དེ་རྟོགས་པའི་ཡེ་ཤེས་ནི་ཁམས་ལ་མཁས་པ་ཞེས་བྱ་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་ཁམས་ལ་མཁས་པ་གང་ཞེ་ན། གང་ཆོས་ཀྱི་
དབྱིངས་ལ་འཇུག་པའི་ཡེ་ཤེས་སོ་ཞེས་བྱ་བ་སྨོས་ཏེ། ཆོས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཆོས་དེ་དག་སྐྱེད་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། དོན་དམ་པ་སྟོང་པའི་མཚན་ཉིད་དོ། །ཆོས་ཀྱི་དབྱིངས་དེ་
རྟོགས་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་པས་ན་ཡེ་ཤེས་ཀྱི་སྒྲ་ནི་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་བྱའོ། །དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། མིག་ལ་སོགས་པ་ཁམས་སོ་སོའི་
མཚན་ཉིད་དམིགས་པ་དང་རྟེན་ལྟ་བུས་ཁོང་དུ་ཆུད་པ་ནི་ཁམས་ལ་མཁས་པར་མི་འགྱུར་གྱི། གང་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་དོན་དམ་པའི་མཚན་ཉིད་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་ན་ཁམས་ལ་མཁས་པ་ཡིན་ནོ་ཞེས་སྟོན་ཏོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དང་། ཇི་ལྟར་
ན་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་སའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དོན་དམ་པར་སའི་ཁམས་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཕྱིར་ཆོས་ཀྱི་དབྱིངས་སའི་ཁམས་
ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་སའི་ཁམས་ཡིན་ན་སའི་ཁམས་སྲ་བའི་མཚན་ཉིད་ཡིན་པ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་སྲ་བའི་མཚན་ཉིད་ཡིན་ནམ་སྙམ་པ་ལ། ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སའི་ཁམས་ནི་སའི་རང་བཞིན་ཏེ། དེའི་རང་
བཞིན་ནི་རང་བཞིན་གྱིས་སྟོང་པ་དབེན་པ་ཡིན་པས་སྲ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་རྟོགས་པ་སྟེ། དེའི་མཚན་ཉིད་མ་ཡིན་པས་ན་ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་ཆུའི་ཁམས་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་
เล่ม ๑๑๔ · หน้า 118b
བྱའོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་མིག་གི་རྣམ་པར་ཤེས་པས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་དང་། འོག་ནས་ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི་གཟུགས་སུ་རྣམ་པར་རིག་པར་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་གཉིས་ལ་
གོང་མས་ནི་མིག་གི་ཡུལ་གྱི་བྱ་བ་མི་བྱེད་པ་སྟོན་ཏོ། །འོག་མས་ནི་གཟུགས་ཀྱི་མཚན་ཉིད་མི་འཛིན་པ་བསྟན་ཏེ། དེ་བཞིན་དུ་སྒྲ་ལ་སོགས་པར་ཡང་ཅི་རིགས་པར་སྦྱར་རོ། །ཅིའི་ཕྱིར་དེ་མཚུངས་ཤེ་ན་ཞེས་བྱ་བ་ནི་བདག་གི་ཁམས་ནས་ཆོས་ཐམས་ཅད་ཀྱི་ཁམས་ཀྱི་བར་རྣམ་པ་སྣ་ཚོགས་
སུ་གནས་ན་ཅིའི་ཕྱིར་དེ་དག་མཚུངས་ཤེ་ན་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་པའོ་ཞེས་བྱ་བ་ལ་གང་ཟག་གི་དངོས་པོ་དང་ཆོས་ཀྱི་དངོས་པོར་རང་བཞིན་མེད་པ་ནི་སྟོང་པ་ཉིད་དེ། ཇི་ལྟར་བདག་གི་ཁམས་ལ་གང་ཟག་གི་དངོས་པོ་མེད་པ་དང་། ཆོས་
ཀྱི་དངོས་པོ་མེད་པས་སྟོང་པ་ཡིན་པ་དེ་བཞིན་དུ་ནམ་མཁའི་ཁམས་དང་། ཆོས་ཀྱི་ཁམས་དེ་དག་ཀྱང་གང་ཟག་གི་དངོས་པོ་མེད་པ་དང་། ཆོས་ཀྱི་དངོས་པོ་མེད་དེ་སྟོང་པ་ཡིན་པར་འདྲ་བས་ན་ཆོས་དེ་དག་མཚུངས་པ་ཞེས་བྱའོ། །མཚན་མ་མེད་པར་མཚུངས་པ་ཞེས་བྱ་བ་ལ། དེ་ལྟར་གང་
ཟག་དང་ཆོས་ཀྱི་དངོས་པོ་མེད་པས་ན་ས་དང་ཆུ་དང་མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། རི་དང་། རྒྱ་མཚོ་དང་། ཆུ་ཀླུང་དང་། མཚོ་དང་། དགོན་པ་དང་། ཕྱོགས་དང་། ཡུལ་ལ་སོགས་པའི་དངོས་པོ་མཚན་མ་སོ་སོར་ཆད་པའི་དངོས་པོ་རྣམས་ཡོད་པ་མ་ཡིན་པས་ན་མཚན་
མ་མེད་པ་ཞེས་བྱའོ། །དེ་ལྟར་ན་མཚན་མ་མེད་པས་ན་ཁམས་གསུམ་ཐམས་ཅད་ཁམས་གསུམ་གྱི་རྣམ་པར་མི་སྣང་བ་དང་། མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པའི་རྣམ་པར་མི་སྣང་སྟེ། དེ་དག་གཉི་ག་ལ་ཡང་ཅུང་ཟད་ཀྱང་འདོད་པ་མེད་པ་ནི་སྨོན་པ་མེད་པའོ། །ལས་དགེ་
བ་དང་མི་དགེ་བས་མ་བསྐྱེད་ཅིང་། ལས་དགེ་བ་དང་མི་དགེ་བ་ལ་སྤྱོད་པ་མེད་པ་ནི་མངོན་པར་འདུ་མི་བྱེད་པའོ། །འདས་པའི་དུས་སུ་མ་སྐྱེས་པ་ནི་སྐྱེ་བ་མེད་པའོ། །མ་འོངས་པའི་དུས་སུ་སྐྱེ་བར་འགྱུར་བ་མེད་པ་ནི་འབྱུང་བ་མེད་པའོ། །ད་ལྟར་གྱི་དུས་ན་གང་ཟག་དང་། ཆོས་ཀྱི་དངོས་
เล่ม ๑๑๔ · หน้า 119a
པོར་ཡོད་པ་མ་ཡིན་པ་ནི་དངོས་པོ་མེད་པའོ། །བདག་གི་ཁམས་ནས་ཆོས་ཐམས་ཅད་ཀྱི་ཁམས་ཀྱི་བར་དག་སྨོས་པ་རྣམས་དོན་དམ་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་པའི་རང་བཞིན་ཏེ། མཚན་ཉིད་སོ་སོར་མི་འདྲ་བ་མེད་པས་ན། ཆོས་ཐམས་ཅད་ཐ་དད་པ་མེད་
པར་མཚུངས་པ་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱང་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པ་དག་པར་འདྲ་བས་ན་སྒྲིབ་པ་མེད་པར་མཚུངས་པ་ཞེས་བྱའོ། །ནམ་མཁའི་ཁམས་ནི་དམིགས་པ་མེད་པ། རང་བཞིན་མེད་པ། ཐོགས་པ་
མེད་པ། ཐམས་ཅད་དུ་ཁྱབ་པ་ཡིན་པ་ལྟར་ཆོས་དེ་དག་ཀྱང་དམིགས་པར་བྱ་བ་དང་། བྱེད་པ་དང་བྲལ་བ། གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་བ། ཐོགས་པ་མེད་ཅིང་ཐམས་ཅད་དུ་ཁྱབ་པ་ཡིན་པས་ནམ་མཁའི་ཁམས་སུ་མཚུངས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་ཉོན་
མོངས་པ་ཐམས་ཅད་སྤངས་པ། ཕུང་པོ་རྣམས་ཉེ་བར་ཞི་བ་ཚེའི་རྒྱུན་ཆད་པ་དངོས་པོའི་རང་བཞིན་ཐམས་ཅད་ལས་འདས་པ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཡིན་པས་ན་མྱ་ངན་ལས་འདས་པའི་དབྱིངས་སུ་མཚུངས་པས་དེ་དག་མཚུངས་པ་ཞེས་
བྱའོ། །ཁམས་ལ་མཁས་པར་རྒྱ་ཆེར་བསྟན་པ་རྣམས་བསྡུས་ཏེ་བཤད་པའི་ཕྱིར། འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ་བཤད་པའི་ཚུལ་གྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཟབ་ཅིང་
རྒྱ་ཆེ་བ་འདི་ཙམ་མོ་ཞེས་དཔག་ཏུ་མི་རུང་ཞིང་། ཚད་མེད་པ་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཆུད་པ་དེ་ལ་འདུས་བྱས་དང་འདུས་མ་བྱས་ལ་འཇུག་པ་ཞེས་བྱའོ། །དེ་བས་ན་གང་བསྟན་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཁམས་
ལ་མཁས་པ་ཞེས་དངོས་སུ་གསུངས་ཏེ། གང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོག་པའི་ཁམས་ལ་མཁས་པའོ་ཞེས་བསྟན་པའོ། །སྒོ་ནས་འཇུག་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་པར་བྱ་བའི་སྒོ་གཟུགས་ལ་སོགས་པའི་ཁམས་
เล่ม ๑๑๔ · หน้า 119b
རྣམས་ལ་བྱ་སྟེ། ཁམས་དེ་དག་གི་རང་བཞིན་མི་དམིགས་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྟོགས་པར་བྱེད་པའི་སྒོར་དགོངས་པ་སྟེ། ཚུལ་ནི་རང་བཞིན་ལ་བྱའོ། །ཡང་ན་འདུས་བྱས་ཀྱི་ཆོས་ཀྱང་ཚད་མེད་པས་དེ་དག་སོ་སོའི་རང་བཞིན་རྟོགས་པར་བྱ་བ་ཡང་ཚད་མེད་ལ། འདུས་མ་བྱས་ཀྱི་
ཁམས་ཀྱང་ཚད་མེད་དེ། དེ་དག་སོ་སོའི་རང་བཞིན་རྟོགས་པར་བྱ་བ་ལ་ཡང་ཚད་མེད་པས་ན་འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་པ་ཞེས་བྱའོ། །གང་བསྟན་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་
དཔའི་ཁམས་ལ་མཁས་པ་ཞེས་བྱ་བ་ལ། གང་བསྟན་པ་ནི་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་ཚད་མེད་པ་བསྟན་པའོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དྲི་མ་མེད་ཅིང་ཐམས་ཅད་ལ་ཁྱབ་པའོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་དེ་ཉིད་ཆོས་རྣམས་ཐམས་
ཅད་རྟོགས་པར་བྱ་བའི་ཐབས་ཡིན་པས་ན། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ཞེས་བྱ་སྟེ། སྒོ་ད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་སྟེ། དེ་ལྟར་ཞུགས་ན་བྱང་ཆུབ་སེམས་དཔའ་ཁམས་ལ་མཁས་པ་ཞེས་བྱའོ། །ཁམས་
ལ་མཁས་པའི་འོག་ཏུ་སྐྱེ་མཆེད་ལ་མཁས་པ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་དྲིས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འཕེལ་བའི་སྒོ་ནི་སྐྱེ་མཆེད་དེ། སྐྱེ་མཆེད་ལ་
མཁས་པ་ནི་སྐྱེ་མཆེད་ལ་མཁས་པ་སྟེ། མཁས་པའི་སྒྲ་ནི་སྐྱེ་མཆེད་ཀྱི་རང་བཞིན་དང་། མཚན་ཉིད་རྟོགས་པའོ། །སྐྱེ་མཆེད་གང་ཡིན་པ་དང་། འཇིག་རྟེན་ན་སྐྱེ་མཆེད་ལ་མཁས་པར་འགྱུར་བ་བསྟན་པའི་ཕྱིར། གང་ཆོས་ཀྱི་སྐྱེ་མཆེད་ལ་འཇུག་པའི་ཡེ་ཤེས་ཏེ་ཞེས་སྨོས་ཏེ། སྐྱེ་
མཆེད་ཅེས་བྱ་བའི་སྒྲ་བཤད་པ་དང་སྦྱར་ན་སྐྱེ་བའི་གནས་འབའ་ཞིག་ལ་མི་བྱའི། །འདུ་བའི་གནས་ལ་ཡང་བྱ་སྟེ། འདིར་ཡང་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་འདུས་པས་ན། ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་གསུངས་སོ། །འཇུག་པ་ནི་རྟོགས་པ་ལ་བྱ་སྟེ།
เล่ม ๑๑๔ · หน้า 120a
ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡེ་ཤེས་ཀྱིས་རྟོགས་ན་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །ཆོས་ཀྱི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད་ཀྱི་སྐྱེ་མཆེད་ལྟ་བའི་མཚན་ཉིད་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པའང་། མིག་དང་ཆོས་ཀྱི་དབྱིངས་གཉིས་སྟོང་པ་ཉིད་
ཀྱི་མཚན་ཉིད་དུ་ཐ་མི་དད་པས་ན་དེ་སྐད་ཅེས་བྱ་སྟེ། གཞན་ནི་གང་དུ་ཁམས་བཤད་པ་དང་འདྲ་བར་རིག་པར་བྱའོ། །ཡང་ན་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་སྟོང་པ་གང་ཡིན་པ་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡང་དེ་ལས་གཞན་མེད་པས་ན། ཆོས་ཀྱི་སྐྱེ་
མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད་ཀྱི་ཞེས་བྱ་བ་སྨོས་སོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གཟུགས་གང་ཡིན་པ་དེ་ནི་སྟོང་པའོ། །སྟོང་པ་གང་ཡིན་པ་དེ་ནི་གཟུགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་མཆེད་ལ་མཁས་པའི་རྣམ་གྲངས་གཞན་ཡང་
བསྟན་པར་བཞེད་ནས། གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི་མིག་གི་སྐྱེ་མཆེད་ལ་མཁས་པ་ནི་བདག་དང་བདག་གིས་སྟོང་ངོ་ཞེས་བྱ་བ་སྨོས་ཏེ། མིག་གི་སྐྱེ་མཆེད་ལ་སོགས་པ་དེ་དག་ཉིད་ཀྱང་བདག་མ་ཡིན་ལ། བདག་ཅེས་བྱ་བ་དབང་བྱེད་པ་གཞན་གྱི་ཡང་མ་ཡིན་པས་བདག་གིས་སྟོང་
པ་བྱའོ། །ཡང་ན་གང་ན་མེད་པ་དེ་ལ་དེས་སྟོང་སྟེ། ལང་ཀར་གཤེགས་པ་ལས་ཀྱང་། རི་དྭགས་དགྲའི་མའི་ཁང་བཟངས་འདི་ཕག་དང་ལུག་ལ་སོགས་པ་མེད་པས་སྟོང་ངོ་ཞེས་གསུངས་ཏེ། འདིར་ཡང་མིག་གི་སྐྱེ་མཆེད་ལ་བདག་དང་བདག་གི་མེད་པས་ན་སྟོང་པ་ཞེས་བྱ་སྟེ། དེ་བཞིན་
དུ་རྣ་བ་ལ་སོགས་པའི་སྐྱེ་མཆེད་ལ་ཡང་སྦྱར་རོ། །མིག་གི་སྐྱེ་མཆེད་ལ་སོགས་པ་བདག་དང་བདག་གིས་སྟོང་པར་ཇི་ལྟར་ཁོང་དུ་ཆུད་སྙམ་པ་ལ། འཕགས་པ་བློ་གྲོས་མི་ཟད་པས་རིགས་པས་བརྟགས་ན་མིག་གི་སྐྱེ་མཆེད་ལས་བདག་དང་བདག་གིས་སྟོང་པར་ཡང་མ་ཟད་ཀྱི། བཅོམ་
ལྡན་འདས་ཀྱིས་ཀྱང་ཐུགས་སུ་ཆུད་ནས་གསུངས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མིག་ནི་བདག་དང་བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ཞེས་བྱ་བའི་སྒྲ་བདག་དང་བདག་གིས་ཞེས་བྱ་བའི་ཚིག་དང་སྦྱར་ཏེ། བདག་དང་བདག་
เล่ม ๑๑๔ · หน้า 120b
གིས་སྟོང་པ་འདི་ནི་མིག་གི་སྐྱེ་མཆེད་དེའི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གང་སྐྱེ་མཆེད་རྣམས་འབྲི་བར་མི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པ་ལྟར་ན། མིག་གི་སྐྱེ་མཆེད་ལ་སོགས་པ་བདག་དང་བདག་གིས་སྟོང་སྟེ། རང་བཞིན་མེད་པའི་ཕྱིར་མིག་གི་སྐྱེ་མཆེད་ལ་
སོགས་པའི་སྒོ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་མི་སྐྱེ་བར་དགག་ཅིང་དབྱེར་མེད་ཅེས་བྱ་བའི་དོན་ཏོ། །མི་དགེ་བའི་ཆོས་ཀྱང་མི་སྩོགས། དགེ་བའི་ཆོས་ཀྱང་བྲི་བ་མེད་པ་ཞེས་བྱ་བ་ནི་སྐྱེ་མཆེད་རང་བཞིན་གྱིས་སྟོང་པས་སྐྱེ་མཆེད་ཀྱི་སྒོ་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་
པ་མི་དགེ་བའི་ཆོས་བླང་བར་མི་བྱ་ལ། མི་དགེ་བའི་ཆོས་རྣམས་འཕེལ་བར་མི་བྱེད་ཅེས་སྟེ། དགེ་བའི་ཆོས་རྣམས་ཀྱང་འདོར་བར་བྱེད་པ་མ་ཡིན་པས་ན་དགེ་བའི་ཆོས་ཀྱང་བྲི་བར་མི་བྱེད་པ་ཞེས་བྱའོ། །དེ་ལྟར་མི་དགེ་བའི་ཆོས་མི་སྩོགས་ལ། དགེ་བའི་ཆོས་ཀྱང་བྲི་བར་མི་བྱེད་ན། སྤོང་བ་
དང་སྤེལ་བར་འགྱུར་བས་གཉིས་སུ་འདུ་ཤེས་པར་མི་འགྱུར་སྙམ་པ་ལ། དགེ་བ་དང་མི་དགེ་བ་ལ་འདུ་ཤེས་གཉིས་སུ་མི་འགྱུར་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་རྣམ་པར་སྨིན་པ་ཆུད་མི་གསོན་པས་མི་དགེ་བ་མི་སྩོགས་ཤིང་། དགེ་བའི་ཆོས་ཀྱང་བྲི་བར་མི་བྱེད་མོད་ཀྱི་དོན་
དམ་པར་དགེ་བ་དང་མི་དགེ་བ་གཉི་ག་རང་བཞིན་མེད་པར་རྟོགས་པས་འདི་ནི་དགེ་བ་འདི་ནི་མི་དགེ་བ་ཞེས་འདུ་ཤེས་གཉིས་སུ་མི་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །ཡང་སྐྱེ་མཆེད་ཀྱི་རྣམ་པ་གཞན་བསྟན་པར་འདོད་ནས་གཞན་ཡང་སྐྱེ་མཆེད་ལ་
མཁས་པ་ནི་མིག་གི་སྐྱེ་མཆེད་ནི་འདོད་ཆགས་ཀྱི་གནས་དང་། རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དེ། གང་མིག་གཟུགས་ལ་འདོད་ཆགས་དང་བྲལ་བར་མཐོང་ལ། འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ཁ་དོག་མཛེས་པ་དབྱིབས་དང་ལྡན་པ་མཐོང་ནས་འདོད་ཆགས་སྐྱེ་བ་ན། མིག་གི་སྐྱེ་མཆེད་ཀྱི་འདོད་ཆགས་ཀྱི་གནས་དང་། རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །མིག་གིས་གཟུགས་མཐོང་ནས་གཟུགས་ལ་འདོད་ཆགས་ལ་སོགས་པ་སྐྱེ་བར་
เล่ม ๑๑๔ · หน้า 121a
འདོད་ཆགས་ཀྱི་རྒྱུ་ནང་གི་དངོས་པོ་དང་། ཕྱིའི་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་མེད་པས་གཟུགས་ལ་འདོད་ཆགས་དང་བྲལ་དུ་ཟིན་ཀྱང་། འདོད་ཆགས་དང་བྲལ་བའི་ཆོས་ཞི་བ་ཕྱོགས་གཅིག་པ་ཡང་མངོན་དུ་མི་ལེན་ལ་གཟུགས་ལ་སོགས་པ་འཁོར་བའི་ཆོས་ཀྱང་མི་སྤོང་བ་
འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ་ཞེས་བྱ་བའི་དོན་ཏེ། སྒྲ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །སྐྱེ་མཆེད་ཀྱི་དོན་རྒྱས་པར་བཤད་པ་བསྡུས་ཏེ་བསྟན་པའི་ཕྱིར་འཕགས་པའི་སྐྱེ་མཆེད་དང་། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ་ཞེས་བྱ་བ་སྨོས་ཏེ། མདོར་ན་
སྐྱེ་མཆེད་ནི་རྣམ་པ་གཉིས་ཏེ་འཕགས་པའི་སྐྱེ་མཆེད་དང་། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ། །དེ་ལ་ཉོན་མོངས་པ་རྣམས་ལས་རིང་དུ་སོང་ཞིང་ཉོན་མོངས་པ་སྤངས་པ་ནི་འཕགས་པ་སྟེ། དེ་རྣམས་སྐྱེ་ཞིང་འབྱུང་བའི་སྒོ་ལ་འཕགས་པའི་སྐྱེ་མཆེད་ཅེས་བྱའོ། །དེ་བས་ན་མདོ་ལས་ཀྱང་།
འཕགས་པ་གང་ཞེ་ན། གང་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཞེ་སྡང་མ་ལུས་པར་སྤངས་པ་དང་། གཏི་མུག་མ་ལུས་པར་སྤངས་པའོ་ཞེས་གསུངས་སོ། །གང་ཉོན་མོངས་པ་རྣམས་མ་སྤངས་པ་ནི་འཕགས་པ་མ་ཡིན་པ་སྟེ། དེ་དག་སྐྱེ་ཞིང་འབྱུང་བའི་སྒོ་ནི་འཕགས་པ་མ་
ཡིན་པའི་སྐྱེ་མཆེད་ཅེས་བྱའོ། །དེ་བས་ན་མདོ་ལས། སོ་སོའི་སྐྱེ་བོ་གང་ཞེ་ན། གང་འཕགས་པའི་ཆོས་རྣམས་མ་ཐོབ་པ་སྟེ། ཉེ་བར་བསམས་པས་སེམས་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་དང་། ཉེས་པར་སྨྲ་བ་བརྗོད་པའོ་ཞེས་གསུངས་སོ། །དེ་ལ་འཕགས་པ་
རྣམས་སྐྱེ་ཞིང་འབྱུང་བའི་སྒོ་གང་ཡིན་པ་བསྟན་པའི་ཕྱིར། འཕགས་པའི་སྐྱེ་མཆེད་ནི་གང་ལམ་ཡང་དག་པར་བསྒྲུབ་པའོ་ཞེས་བྱ་བ་སྨོས་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་དང་། མཉན་པ་རྣམས་གཏན་ལ་འབེབས་ཤིང་སེམས་པ་དང་། བསམས་པ་རྣམས་
ཞི་གནས་ལྷག་མཐོང་གི་སྒོ་ནས་བརྟེན་ཏེ། དང་པོ་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་དང་། དེ་ནས་དྲོ་བར་གྱུར་པའི་དུས་ན་ཡང་དག་པའི་སྤོང་བ་བཞི་སྒོམ་པ་དང་། དེ་ནས་སྤྱི་བོའི་ཚེ་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་དང་། དེ་ནས་བཟོད་པའི་དུས་ན་དབང་པོ་ལྔ་སྒོམ་པ་དང་། འདི་ནས་
เล่ม ๑๑๔ · หน้า 121b
འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ན་སྟོབས་ལྔ་སྒོམ་པ་དང་། དེ་ནས་མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་དང་། དེ་ནས་བསྒོམ་པའི་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ནི་ལམ་སྒྲུབ་པ་ཞེས་བྱ་སྟེ། ལམ་བསྒྲུབ་པ་ལས་འཕགས་པ་རྣམས་སྐྱེ་ཞིང་འབྱུང་བས་
ན་ལམ་བསྒྲུབ་པ་ནི་འཕགས་པའི་སྐྱེ་མཆེད་དོ། །འཕགས་པ་མ་ཡིན་པ་སྐྱེ་ཞིང་འབྱུང་བའི་སྒོ་བསྟན་པའི་ཕྱིར། འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི་གང་ལམ་དང་མི་མཐུན་པའོ་ཞེས་གསུངས་ཏེ། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང་། བསམ་པ་འམ། སྒོམ་པ་
ལ་མི་འཇུག་པ་ནི་ལམ་དང་མི་མཐུན་པ་ཞེས་བྱ་བ་འམ། ཡང་ན་ཞི་གནས་དང་ལྷག་མཐོང་ཕྱིན་ཅི་ལོག་ཏུ་སྒོམ་པ་རྣམས་ནི་འཕགས་པར་འགྱུར་བ་མེད་པས་ན། འཕགས་པ་མ་ཡིན་པའི་སྐྱེ་མཆེད་ཅེས་བྱའོ། །ཡང་ན་སེམས་ཅན་རྣམ་པ་བཅུ་ནི་ལམ་དང་མི་མཐུན་པ་སྟེ། བཅུ་གང་ཞེ་ན། རབ་ཏུ་
འབར་བའི་སེམས་ཅན་དང་། དགྲའི་དབང་དུ་སོང་བའི་སེམས་ཅན་དང་། སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་དང་། མུན་པས་སྒྲིབ་པའི་སེམས་ཅན་དང་། ལམ་ངན་པར་ཞུགས་པའི་སེམས་ཅན་དང་། འཆིང་བ་ཆེན་པོ་དང་ལྡན་པའི་སེམས་ཅན་དང་། ཟས་མཆོག་དུག་དང་འདྲེས་
པ་ལ་ཞེན་པའི་སེམས་ཅན་དང་། ལམ་རབ་ཏུ་སྟོར་བའི་སེམས་ཅན་དང་། ལམ་ལོག་པར་ཞུགས་པའི་སེམས་ཅན་དང་། ཉམ་ཆུང་བའི་སེམས་ཅན་ནོ། །དེ་ལ་རབ་ཏུ་འབར་བའི་སེམས་ཅན་ནི་གང་འདོད་པའི་བདེ་བ་ལ་ཆགས་པ་རྣམས་སོ། །དགྲའི་དབང་དུ་སོང་བའི་སེམས་ཅན་ནི་
དགེ་བ་ལ་ཞུགས་པ་བདུད་ཀྱིས་བར་ཆད་བྱས་ནས་དགེ་བ་བཏང་བ་རྣམས་སོ། །སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་ནི་གང་སེམས་ཅན་དམྱལ་བ་རྣམས་སོ། །མུན་པས་སྒྲིབ་པ་ནི་རྔོན་པ་ལ་སོགས་པ་ལོག་པར་སྤྱོད་པ་ལ་ཤིན་ཏུ་ཞུགས་པ་རྣམས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་
མྱོས་པའི་ཕྱིར་རོ། །ལམ་ངན་པར་ཞུགས་པའི་སེམས་ཅན་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཏེ། འཁོར་བའི་ལམ་རྒྱུན་མི་འཆད་པའི་ཕྱིར་རོ། །འཆིང་བ་ཆེན་པོ་དང་ལྡན་པའི་སེམས་ཅན་ནི་ལྟ་བ་སྣ་ཚོགས་ཀྱི་བཅིང་བ་དམ་པོས་བཅིངས་པའི་མུ་སྟེགས་ཅན་ཐར་པའི་
เล่ม ๑๑๔ · หน้า 122a
ལམ་ལོག་པར་ཞུགས་པ་རྣམས་སོ། །ཟས་མཆོག་དུག་དང་འདྲེས་པ་ལ་ཞེན་པའི་སེམས་ཅན་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་ཏེ། ཇི་ལྟར་ཁ་ཟས་ཞིམ་པོ་དུག་དང་འདྲེས་པ་འཕྲལ་དུ་བདེ་བ་ཡང་འཆི་བའི་རྒྱུར་འགྱུར་བ་དེ་བཞིན་དུ་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་
ཡང་ཕྱིས་དེ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་སྟོར་བའི་སེམས་ཅན་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཐར་པའི་ལམ་ནོར་བའི་ཕྱིར་རོ། །ལམ་ལོག་པར་ཞུགས་པའི་སེམས་ཅན་ནི་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆུང་ངུའི་ལམ་དུ་ཞུགས་པའོ། །ཉམ་ཆུང་བའི་སེམས་ཅན་
ཚོགས་གཉིས་རྫོགས་པར་མི་བཏུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ནི་ལམ་དང་མི་མཐུན་པ་ཞེས་བྱའོ། །ལམ་དང་མི་མཐུན་པས་ན་དེ་དག་ལ་འཕྲལ་དུ་འཕགས་པར་འགྱུར་བ་མེད་པའི་ཕྱིར། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ལམ་ལ་
གནས་ན་ཞེས་བྱ་བ་ནི་གོང་དུ་བཤད་པའི་ལམ་དེ་ལ་གནས་པའོ། །ལམ་དང་མི་མཐུན་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་ཞེས་བྱ་བ་ལ། ལམ་དང་མི་མཐུན་པ་ལ་གནས་པའི་སེམས་ཅན་བཅུ་པ་རྣམས་ཏེ། སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །
ལམ་གྱི་སྐྱེ་མཆེད་ཀྱང་མི་འདོར་བ་ཞེས་བྱ་བ་ནི་ལམ་གྱི་སྐྱེ་མཆེད་ལས་ཉམས་པར་ཡང་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །སྐྱེ་མཆེད་ལ་མཁས་པ་བཤད་པའི་འོག་ཏུ་བདེན་པ་ལ་མཁས་པ་བསྟན་ཏེ། ཇི་ལྟར་
བསྟན་པ་བཞིན་དུ་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་གང་ཞེ་ན། དེ་ལ་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །གང་དེ་བཞིན་གཤེགས་པས་གསུངས་ཤིང་བཤད་པ་རྣམས་ཕྱིན་ཅི་མ་ལོག་པ་མ་ནོར་བ། དེ་ཁོ་ན་ཉིད་མི་སླུ་བ་ཡིན་
པས་ན་བདེན་པ་ཞེས་བྱའོ། །བདེན་པ་དེ་ལ་མཁས་པ་ནི་བདེན་པ་ལ་མཁས་པ་སྟེ། བདེན་པའི་རང་བཞིན་དང་། མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཡིན་ཏེ་ཞེས་བྱ་བ་ལ་རྟོགས་པ་བཞི་འམ། ཤེས་པ་བཞི་ནི་
เล่ม ๑๑๔ · หน้า 122b
བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞི་རྟོགས་པ་ལ་བྱ་བར་དགོངས་སོ། །བསྟན་པ་དང་བཤད་པའི་ཚུལ་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇུག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་བཞི་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །
གང་འདི་སྡུག་བསྔལ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་ཚུལ་བཤད་དོ། །དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཚུལ་བསྟན་ཏོ། །ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་བཤད་ཅེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་
ཕྱོགས་ཀྱི་འབྲས་བུ་དང་། རྒྱུ་མདོར་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་འཕགས་པའི་བདེན་པ་བཞི་བཤད་དོ། །དེ་ལ་ཀུན་ནས་ཉོན་མོངས་པའི་འབྲས་བུ་མདོར་ཕྱིན་ཅི་མ་ལོག་པ་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་མདོར་ཕྱིན་ཅི་མ་ལོག་པ་བསྟན་
པ་ནི་ཀུན་འབྱུང་བའི་བདེན་པའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་འབྲས་བུ་མདོར་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་འགོག་པའི་བདེན་པའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུ་མདོར་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་ལམ་གྱི་བདེན་པའོ། །ཡང་ན་ནད་དང་། ནད་ཀྱི་གཞི་དང་། ནད་མེད་པ་དང་། སྨན་
ལྟ་བུར་བསྟན་པའི་ཕྱིར་བདེན་པ་བཞི་ཉིད་དུ་བཤད་དེ། མི་མང་མི་ཉུང་ཞེས་བྱ་བར་སྦྱར་རོ། །དེ་ལ་ནད་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ནད་ཀྱི་གཞི་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །ནད་མེད་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་མེ་
དང་ཤིང་དང་། མེ་ཞི་བ་དང་། མེ་འགོག་པའི་རྒྱུ་ལྟ་བུ་ཡིན་པས་འཕགས་པའི་བདེན་པ་བསྟན་ཏེ་མེ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། མེའི་གདུང་བ་དང་འདྲ་བར་སྡུག་བསྔལ་གྱི་གདུང་བ་དང་ལྡན་པའི་ཕྱིར་རོ། །ཤིང་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པ་སྟེ། ཤིང་མེ་སྐྱེ་བའི་རྒྱུ་བྱེད་པ་
བཞིན་དུ་ཀུན་འབྱུང་བ་ཡང་སྡུག་བསྔལ་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་རོ། །མེ་ཞི་བ་ལྟ་བུ་ནི་འགོག་པའི་བདེན་པ་སྟེ། མེའི་གདུང་བ་ཞི་བ་དང་འདྲ་བར་སྡུག་བསྔལ་གྱི་གདུང་བ་ཞི་བའི་ཕྱིར་རོ། །མེ་ཞི་བའི་རྒྱུ་ལྟ་བུ་ནི་ལམ་གྱི་བདེན་པ་སྟེ། འགོག་པ་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་རོ། །ཡང་
เล่ม ๑๑๔ · หน้า 123a
ན་བུ་ལོན་དང་། དབུལ་བ་དང་། བུ་ལོན་སྦྱངས་པ་དང་། གཏེར་ལྟ་བུ་ཡིན་པས་བདེན་པ་བཞིའོ། །བུ་ལོན་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། རྟག་ཏུ་ཡིད་མི་བདེ་བའི་གདུང་བ་དང་ལྡན་པས་སོ། །དབུལ་བ་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པ་སྟེ། དབུལ་
བའི་རྒྱུས་བུ་ལོན་ཆགས་པ་དང་འདྲ་བར་ཀུན་འབྱུང་བའི་རྒྱུས་སྡུག་བསྔལ་སྐྱེད་པའི་ཕྱིར་རོ། །བུ་ལོན་སྦྱངས་པ་ལྟ་བུ་ནི་འགོག་པའི་བདེན་པ་སྟེ། བུ་ལོན་སྦྱངས་ན་བུ་ལོན་གྱི་མི་བདེ་བ་མེད་པ་བཞིན་དུ་སྡུག་བསྔལ་རྣམས་མེད་པའི་ཕྱིར་རོ། །གཏེར་ལྟ་བུ་ནི་ལམ་གྱི་བདེན་པ་སྟེ། གཏེར་
བུ་ལོན་སྦྱོང་བའི་རྒྱུར་གྱུར་པ་དང་འདྲ་བར་ལམ་ནི་འགོག་པ་འཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་གང་ཕུང་པོ་རྣམས་མི་སྐྱེ་བར་ཤེས་པའོ་ཞེས་བྱ་བ་གསུངས་ཏེ། སྤུངས་ཤིང་ཚོགས་སུ་གྱུར་པའི་
ཕྱིར་ཕུང་པོ་སྟེ། དེའང་གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཕུང་པོ་དེ་དག་སྒྱུ་མ་དང་གཟུགས་བརྙན་ཙམ་དུ་སྣང་མོད་ཀྱི། ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པས་ན་མི་སྐྱེ་བའོ། །འདི་ལྟར་ཕུང་པོ་ལྔ་རྣམས་ལས་འཕགས་པ་ཉན་ཐོས་དག་
སྡུག་བསྔལ་བ་དང་མི་རྟག་པ་ལ་སོགས་པར་རྟོགས་པ་ནི་མ་ཡིན་གྱི། ཐོག་མ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་བ་ཤེས་པ་བསྟན་པའི་ཕྱིར་གང་སྲིད་པ་ལ་ལེགས་པར་འཇོམས་པའི་ཤེས་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྲིད་པ་གང་ཞེ་ན། གང་
མདོ་ལས་བཅོམ་ལྡན་འདས་ཀྱིས། ཡང་སྲིད་པ་འབྱུང་བར་བྱེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དག་དེ་དག་ལ་མངོན་པར་དགའ་བའི་སྲེད་པའོ་ཞེས་གསུངས་པའོ། །དེ་ལ་སྲེད་པ་ནི་སྒོ་གསུམ་གྱིས་ཞུགས་པ་ཡིན་ཏེ། ཡང་འབྱུང་བའི་སྲིད་པ་འདོད་པ་དང་། ཡུལ་
འདོད་པའོ། །དེ་ལ་ཡང་འབྱུང་བའི་སྲིད་པ་འདོད་པ་འདི་ཡང་སྲིད་པ་འདོད་པ་འབྱུང་བ་བྱེད་པ་ཡིན་ནོ། །ཡུལ་འདོད་པ་ནི་རྣམ་པ་གཉིས་ཏེ། ཡུལ་ཐོབ་པ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་དང་། ཡུལ་མ་ཐོབ་པ་རྣམས་ལ་ཀུན་དུ་སྦྱོར་བར་འདོད་པ་དང་ལྡན་
เล่ม ๑๑๔ · หน้า 123b
པའོ། །དེ་ལ་ཡུལ་ཐོབ་པ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཡུལ་མ་ཐོབ་པ་རྣམས་ལ་ཀུན་ཏུ་སྦྱོར་བར་འདོད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་ལ་མངོན་པར་དགའ་བ་ཞེས་བྱའོ། །ལེགས་པར་འཇོམས་པའི་
ཤེས་པ་ནི་སྲིད་པ་དེ་དག་མ་ལུས་པར་སྤང་བའི་ཐབས་ཤེས་པ་སྟེ། འཇོམས་པ་ཞེས་བྱ་བ་ནི་སྤོང་བའི་དོན་ཏོ། །ཉན་ཐོས་དག་ལྟར་ཀུན་འབྱུང་བའི་བདེན་པ་ལ་རྒྱུ་དང་རྐྱེན་ལ་སོགས་པར་རྟོགས་པ་ནི་མ་ཡིན་གྱི། སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་རྒྱུ་འདོད་ཆགས་ཀྱི་རང་བཞིན་སྲེད་པ་ཞེས་
བྱ་བ་རབ་ཏུ་སྤང་བའི་ཐབས་ཤེས་པ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །འགོག་པ་ཤེས་པ་བསྟན་པའི་ཕྱིར་འགོག་པ་ཤེས་པ་ཞེས་བྱ་བ་ནི་མ་རིག་པ་དང་བག་ལ་ཉལ་རྣམས་མི་འབྱུང་བའོ་ཞེས་གསུངས་ཏེ། དེ་ཡང་མ་རིག་པ་མི་འབྱུང་བ་དང་། བག་ལ་ཉལ་རྣམས་མི་འབྱུང་བའོ་ཞེས་བྱ་
བར་སྦྱར་རོ། །དེ་ལ་མ་རིག་པ་ནི་དེ་ཁོ་ན་ལ་ཀུན་ཏུ་གཏི་མུག་པ་སྟེ། མ་རིག་པ་མ་ལུས་པར་སྤངས་ནས་ཕྱིས་དེའི་རྒྱུད་ལ་མི་སྐྱེ་བར་འགྱུར་བ་ནི་མ་རིག་པ་མི་འབྱུང་བའོ། །བག་ལ་ཉལ་གྱི་སྒྲས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་གྱི་བག་ལ་ཉལ་ལ་བྱ་སྟེ། དེ་དག་མ་ལུས་
པར་སྤངས་ནས་ཕྱིས་དེའི་རྒྱུད་ལ་མི་སྐྱེ་བའི་བག་ལ་ཉལ་རྣམས་མི་འབྱུང་བའོ། །བག་ལ་ཉལ་སྨོས་པས་མ་རིག་པ་ཡང་སྨྲས་པ་ཡིན་མོད་ཀྱི། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་འབྱུང་བའི་རྒྱུ་སྟེ། གཙོ་བོ་ཡིན་པར་བསྟན་པའི་ཕྱིར་མིང་གིས་བཀར་ཏེ་སྨོས་ཏེ། ཡང་ན་མ་རིག་པ་བག་
ལ་ཉལ་བས་ན་མ་རིག་པས་བག་ལ་ཉལ་ཏེ། མ་རིག་པ་ལ་སོགས་པའི་བག་ལ་ཉལ་རྣམས་ཐོག་མ་ནས་མ་སྐྱེས་པས་མཐའ་འགག་པ་ཡང་མེད་པ་ནི་མ་རིག་པ་དང་བག་ལ་ཉལ་རྣམས་མི་འབྱུང་བ་ཞེས་བྱའོ། །འགོག་པའི་བདེན་པ་ལ་འཕགས་པ་ཉན་ཐོས་དག་ལྟར་ཞི་བ་དང་གྱ་ནོམ་པ་
ལ་སོགས་པ་རྟོག་པ་ནི་མ་ཡིན་གྱི། མ་རིག་པ་ལ་སོགས་པ་བག་ལ་ཉལ་རྣམས་ཐོག་མ་ནས་མ་སྐྱེས་པས་མཐའ་འགག་པ་ཡང་མེད་པར་ཤེས་པ་ནི་འགོག་པ་ཞེས་བྱའོ། །ལམ་ཤེས་པ་བསྟན་པའི་ཕྱིར། ལམ་ཤེས་པ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པ་
เล่ม ๑๑๔ · หน้า 124a
སྟེ་ཞེས་བྱ་བ་སྨོས་ཏེ་ལམ་གྱི་བདེན་པ་ལ་ཡང་འཕགས་པ་ཉན་ཐོས་པ་དག་ལྟར་ཉོན་མོངས་པའི་ཕྱོགས་སྤོང་བ་དང་། རྣམ་པར་བྱང་བའི་ཕྱོགས་སྒྲུབ་པར་རྟོགས་པ་ནི་མ་ཡིན་གྱི། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉི་ག་ཡང་མཉམ་པ་ཉིད་དུ་རྟོགས་པས་དེ་ཉིད་ལ་
སྒྲོ་འདོགས་པ་མེད་པ་ནི་ལམ་ཤེས་པ་ཞེས་བྱའོ། །ཡང་ན་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བར་རོ་གཅིག་པས་མཉམ་པ་ཉིད་དུ་གྱུར་པའོ། །མཉམ་པ་ཉིད་དུ་གྱུར་པའི་ཆོས་དེ་དག་ལས་སྤང་བ་དང་། བླང་བ་དང་། རྟག་པ་དང་། མི་རྟག་པ་དང་། ཡོད་པ་དང་། མེད་པ་དང་།
སྐྱེ་བ་དང་། མི་སྐྱེ་བ་ལ་སོགས་པར་སྒྲོ་མི་འདོགས་པ་ནི་ལམ་ཤེས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ཤེས་པའོ་ཞེས་བྱ་བ་ལ་བདེན་པ་བཞི་པོ་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ཤེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་
བདེན་པ་ཤེས་པ་དེ་དག་ཀྱང་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པ་ཡིན་པར་བསྟན་པའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་དེ་ལྟ་བུར་ཤེས་རབ་དང་ཡེ་ཤེས་ཀྱིས་རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པར་འགྱུར་བའི་བདེན་པ་
ཡིན་པས་ན་འཕགས་པའི་བདེན་པ་འམ། འཕགས་པ་རྣམས་ཀྱི་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི་བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན། དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་
བྱའོ། །ཡང་ན་འཕགས་པ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བཤད་པའི་བདེན་པ་ཡིན་པས་ན་འཕགས་པའི་བདེན་པ་སྟེ། འཕགས་པ་མ་ཡིན་པས་བཤད་པ་རྣམས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་འཆད་པ་དང་། བཅོམ་ལྡན་འདས་
ཀྱི་བསྟན་པ་འཛིན་པ་དང་། འཕགས་པར་འགྱུར་བའི་རྒྱུ་བྱེད་པས་ན་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལྟ་བུར་ཞེས་བྱ་བ་ནི། གོང་དུ་བསྟན་པ་ལྟ་བུར་རོ། །རང་གི་མཚན་ཉིད་རྟོགས་པ་ནི་ཤེས་རབ་ཡིན་ལ། སྤྱིའི་མཚན་ཉིད་རྟོགས་པ་ནི་ཡེ་ཤེས་སོ། །ཡང་ན་སྐབས་འདིར་
เล่ม ๑๑๔ · หน้า 124b
ཤེས་རབ་བཤད་པས་ཤེས་རབ་ཉིད་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་སྟོང་པར་རྟོགས་པ་ལ་ཡེ་ཤེས་ཞེས་བྱ་སྟེ། འདི་ནི་ཤེས་རབ་ཀྱིས་ཟིན་པ་བསྟན་ཏོ། །སེམས་ཅན་ལ་ལྟ་བའི་ཕྱིར་མངོན་སུམ་དུ་མི་བྱེད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ནི་དེ་ལྟར་བདེན་པ་བཞི་
རྟོགས་ཀྱང་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་གྱི་ཕྱིར་ཉན་ཐོས་བཞིན་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་ཅིང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་སྨིན་པར་ཡང་བྱེད་དོ། །འདིས་ནི་ཐབས་ཀྱིས་ཟིན་པར་བསྟན་ཏོ། །འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་
མཁས་པའོ་ཞེས་བྱ་བ་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གོང་དུ་བཤད་པ་ལྟ་བུར་བདེན་པ་བཞི་པོ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པའོ། །བདེན་པའི་མཚན་ཉིད་གཞན་ཡང་བསྟན་པར་བཞེད་ནས་གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་རྣམ་
པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་གོང་དུ་བདེན་པ་བཞི་བཤད་པ་ཙམ་དུ་ཡང་མ་ཟད་ཀྱི། བདེན་པ་རྣམ་པ་གསུམ་ཡང་ཡོད་དེ་ཞེས་བྱ་བར་དགོངས་པའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། གང་འདི་ཀུན་རྫོབ་
ཀྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའི་ཚུལ་ལོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའི་ཚུལ་ལོ། །ཀུན་རྫོབ་ཉིད་བདེན་པ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་སྟེ། སྒྱུ་མ་དང་སྨིག་རྒྱུ་ཙམ་དུ་ཇི་ལྟར་སྣང་བ་རྣམས་དེ་བཞིན་དུ་བྱ་བ་བྱེད་པའི་ཕྱིར་རོ། །
དོན་དམ་པ་ཉིད་བདེན་པ་ཡིན་པས་དོན་དམ་པའི་བདེན་པ་སྟེ། མི་སླུ་བའི་བདག་ཉིད་དུ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །མཚན་ཉིད་བདེན་པ་ཡིན་པས་ན་མཚན་ཉིད་ཀྱི་བདེན་པ་ཡིན་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པར་མ་ནོར་བའི་ཕྱིར་རོ། །ཅིའི་ཕྱིར་བདེན་པ་རྣམ་པ་གསུམ་བཤད་ཅེ་ན།
སེམས་ཅན་རྣམ་པ་གསུམ་གྱི་དོན་དུ་དགོངས་ནས་བདེན་པ་རྣམ་པ་གསུམ་བཤད་དེ། སེམས་ཅན་རྣམ་པ་གསུམ་ནི་ཡོངས་སུ་མ་སྨིན་པའི་སེམས་ཅན་དང་། ཡོངས་སུ་སྨིན་པའི་སེམས་ཅན་དང་། ཆོས་ཉིད་ཟབ་མོ་ལ་ཀུན་དུ་མགོ་རྨོངས་པའི་སེམས་ཅན་ནོ། །དེ་ལ་ཡོངས་སུ་མ་
เล่ม ๑๑๔ · หน้า 125a
སྨིན་པའི་སེམས་ཅན་གྱི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །ཡོངས་སུ་སྨིན་པའི་སེམས་ཅན་གྱི་དོན་དུ་དོན་དམ་པའི་བདེན་པ་བསྟན་ཏོ། །ཆོས་ཉིད་ཟབ་མོ་ལ་ཀུན་དུ་མགོ་རྨོངས་པའི་སེམས་ཅན་གྱི་དོན་དུ་མཚན་ཉིད་ཀྱི་བདེན་པ་བསྟན་ཏོ། །དེ་བས་ན་འཕགས་པ་ས་བཅུ་
པའི་མདོ་ལས་ཀྱང་། སེམས་ཅན་གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་ཤེས་སོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པས་མཚན་ཉིད་ཀྱི་བདེན་པ་རབ་ཏུ་
ཤེས་སོ་ཞེས་གསུངས་སོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་བཤད་པར་བཞེད་ནས། འཇིག་རྟེན་གྱི་ཐ་སྙད་དང་ཡི་གེ་དང་སྒྲ་དང་བརྡས་བསྟན་པ་ཇི་སྙེད་པ་ཞེས་གསུངས་ཏེ། ཇི་སྙེད་པ་ཞེས་བྱ་བའི་སྒྲ་ཐམས་ཅད་དང་སྦྱར་ཏེ། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེས་བསྟན་པ་ཇི་སྙེད་
པ་དང་། སྒྲས་བསྟན་པ་ཇི་སྙེད་པ་དང་། བརྡས་བསྟན་པ་ཇི་སྙེད་པ་ཞེས་བྱ་བར་སྦྱར་རོ། །ཇི་སྙེད་ཀྱི་སྒྲ་ནི་ཇི་ཙམ་ཡོད་པའི་དོན་དྲངས་ཏེ། འཇིག་རྟེན་གྱི་ཐ་སྙད་ཇི་ཙམ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འཇིག་རྟེན་གྱི་ཐ་སྙད་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པ་སྟེ། ཡི་
གེ་ནི་ཨ་དང་ཀ་ལ་སོགས་པ་གསུང་རབ་ཀྱི་ལུང་དང་འབྲེལ་པ་རྣམས་སོ། །སྒྲ་ནི་གསུང་རབ་ཀྱི་ལུང་དང་འབྲེལ་པ་འདུ་བྱེད་མི་རྟག་ཅེས་བྱ་བ་ལ་སོགས་པའི་ཚིག་གི་རྐང་པ་རྣམས་སོ། །བརྡ་ནི་དོན་སྟོན་པར་ནུས་ཤིང་ཁོང་དུ་ཆུད་པར་ནུས་པའི་ཚིག་གི་རྐང་པ་རྣམས་སོ། །ཇི་སྙེད་ཅེས་བྱ་བའི་
ཚིག་གི་ལུང་འབའ་ཞིག་གི་མ་ཡིན་གྱི། འཇིག་རྟེན་གྱི་ཡི་གེ་དང་སྒྲ་ལ་སོགས་པ་ཅི་ཙམ་ཡོད་པ་རྣམས་ཀྱང་སྡུད་དེ། དེ་ཡང་ཡིད་ཀྱི་དང་ངག་གི་སྒོ་ནས་སྟོན་པ་རྣམ་པ་གཉིས་སོ། །དེ་ལ་ཡིད་ཀྱིས་སྟོན་པ་ནི་ཇི་ལྟར་བརྒྱ་བྱིན་ལ་ཡིད་ཀྱིས་ཆོས་མངོན་པར་བཤད་པ་དང་། དེ་དག་གིས་ཀྱང་རང་གི་
ཐེ་ཚོམ་ཡིད་ལ་བཏགས་པ་དང་། ལན་ཀྱང་ཡིད་ཀྱིས་ཚིགས་སུ་བཅད་པས་གླན་ནོ། །མདོ་དེ་དང་དེ་དག་ལས་འབྱུང་བ་ལྟ་བུའོ། །ངག་གིས་བསྟན་པ་ནི་ཚིག་གི་རིག་བྱེད་རྣམ་པ་སྣ་ཚོགས་ཉན་པའི་གང་ཟག་རྣམས་ཀྱི་རྣ་བར་སོང་བ་རྣམས་སོ། །དེ་དག་གིས་ནི་མདོར་ན་འདི་སྐད་དུ། གདུལ་
เล่ม ๑๑๔ · หน้า 125b
བར་བྱ་བའི་སེམས་ཅན་རྣམས་ཀྱི་དབང་དུ་ཇི་ཙམ་དུ་ཐ་སྙད་བརྗོད་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བསྟན་ཏེ། དེ་ལྟར་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།
གཟུགས་སུའང་འདོགས་ལ། དོན་དམ་པར་ན་གཟུགས་སུའང་མི་དམིགས་ཤིང་མི་ཆགས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་ཡང་འདོགས་ལ། དོན་དམ་པར་ན་རྣམ་པར་ཤེས་པར་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ་ཞེས་བྱ་བ་ནི་
སངས་རྒྱས་ཀྱི་ཆོས་རྣམས་སུའང་འདོགས་ལ། དོན་དམ་པར་ན་སངས་རྒྱས་ཀྱི་ཆོས་སུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །བྱང་ཆུབ་ཏུའང་འདོགས་ལ་བྱང་ཆུབ་སེམས་དཔར་ཡང་མི་དམིགས་ཤིང་དེ་ལ་མངོན་པར་མི་ཆགས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་མིང་དང་
འདོགས་པ་དང་། ཐ་སྙད་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཀུན་རྫོབ་ཀྱི་ཆོས་རྣམས་ལ་དོན་དམ་པ་མེད་ཀྱི། ཀུན་རྫོབ་ཀྱི་ཆོས་མེད་པར་ཡང་དོན་དམ་པར་བསྟན་པར་མི་ནུས་སོ་ཞེས་གསུངས་སོ། །དེ་ལས་བཟློག་པ་ནི་དོན་དམ་པ་སྟེ། དེ་བསྟན་པར་བཞེད་ནས། དོན་དམ་པའི་བདེན་པ་
ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པ་སྟེ། ཡི་གེ་ལྟ་ཅི་སྨོས་ཞེས་བྱ་བ་གསུངས་སོ། །དོན་དམ་པ་ནི་སྐྱེ་བ་དང་། མི་སྐྱེ་བ་དང་། བསམ་དུ་ཡོད་པ་དང་། བསམ་དུ་མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། བརྗོད་དུ་ཡོད་པ་དང་། བརྗོད་དུ་མེད་པ་དང་། འགོག་པ་དང་། མི་འགོག་པ་དང་།
ཤེས་པར་རུང་བ་དང་། ཤེས་པར་མི་རུང་བ་དང་། རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་པས་སེམས་ཀྱི་རྒྱུ་བ་མེད་པ་ཞེས་བྱ་སྟེ། སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་ལས་འདས་ཏེ། དོན་དམ་པ་དང་དེའི་རིག་པའི་ཡེ་ཤེས་གཉིས་སུ་མེད་
པའི་ཕྱིར་སེམས་ཀྱི་ཡུལ་དུ་ཡང་མི་འགྱུར་ན། ཡི་གེ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའི་དོན་དམ་པ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བའི་ཆོས་ཉིད་དང་
เล่ม ๑๑๔ · หน้า 126a
ལྡན་པ་རྣམས་ཡིན། མི་འགག་པའི་ཆོས་ཉིད་དང་། མི་འཇིག་པའི་ཆོས་ཉིད་དང་། མི་ལེན་མི་འདོར་བའི་ཆོས་ཉིད་དང་། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཆོས་ཉིད་དང་། སྨྲར་མེད་པའི་ཆོས་ཉིད་དང་། སྤྲོས་པ་མེད་པའི་ཆོས་ཉིད་དང་། བརྗོད་དུ་
མེད་པའི་ཆོས་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་བཤད་པར་བཞེད་ནས་མཚན་ཉིད་ཀྱི་བདེན་པ་གང་ཞེ་ན་ཞེས་ཁོང་ནས་དྲིས་པ་དང་། མཚན་ཉིད་ཀྱི་བདེན་པ་ནི་གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ་ཞེས་བྱ་བ་གསུངས་ཏེ། འདི་
ལྟར་སའི་མཚན་ཉིད་སྲ་བ་དང་། ཆུའི་མཚན་ཉིད་གཤེར་བ་དང་ཞེས་བྱ་བ་ནས་གཟུགས་ཀྱི་མཚན་ཉིད་ཐོགས་པ་དང་བཅས་པ་དང་། ཚོར་བའི་མཚན་ཉིད་མྱོང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་མཚན་ཉིད་གཅིག་པ་སྟེ། དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་འདྲ་བའི་ཕྱིར་རོ། །
མཚན་ཉིད་གཅིག་པོ་དེའི་མཚན་ཉིད་ཀྱང་གང་ཡིན་ཞེ་ན། དེའི་ཕྱིར་མཚན་ཉིད་གཅིག་པོ་ཡང་མཚན་ཉིད་མེད་པའོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་དེ་ནི་མཚན་ཉིད་དུ་བགྲང་བ་ཐམས་ཅད་ལས་འདས་པ་སྟེ། སྐྱེ་བ་དང་། འགག་པ་དང་། ཡོད་པ་དང་། མེད་པ་དང་། རྟག་པ་
དང་། མི་རྟག་པ་ལ་སོགས་པ་གང་གི་མཚན་ཉིད་ཀྱང་མ་ཡིན་པས་ན་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པའི་བདེན་པ་འདི་ཡང་དོན་དམ་པའི་བདེན་པ་ཉིད་དེ། དེ་ལ་གཞན་མ་ཡིན་ན་ཅིའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱ་བ་དང་། མཚན་ཉིད་ཀྱི་བདེན་པ་ཞེས་བྱ་བ་གཉིས་སུ་
བཤད། དེ་ནི་བདེན་ཏེ། དེ་ལས་གཞན་མ་ཡིན་མོད་ཀྱི། འདིས་དོན་དམ་པ་མཚོན་པར་བྱེད། ཁོང་དུ་ཆུད་པར་བྱེད་པས་ན་མཚན་ཉིད་ཀྱི་བདེན་པ་སྟེ། དེ་བས་ན་མཚན་ཉིད་ཀྱི་བདེན་པ་ནི་དོན་དམ་པ་ལ་འཇུག་པའི་སྒོ་ལྟ་བུར་གཞག་གོ། །ཡང་ན་སེམས་ཅན་རྣམ་པ་གསུམ་གྱི་དོན་གྱི་ཕྱིར་
བདེན་པ་རྣམ་པ་གསུམ་བཤད་དེ། ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའི་བདེན་པ་རྣམ་པ་གསུམ་ཡང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ལ་སོགས་
เล่ม ๑๑๔ · หน้า 126b
པ་གསུངས་ཏེ། སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་ཐ་སྙད་དང་། ཡི་གེ་དང་། བརྡ་ལ་སོགས་པ་གཞན་ལ་བསྟན་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་ཡིད་འབྱུང་ཞིང་སྐྱོ་བ་མེད་དེ། ཤེས་རབ་ཀྱིས་ཟིན་པས་དེ་དག་སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་ལྟ་
བུར་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ཞེས་བྱ་བ་ནི་ཐབས་ཀྱིས་ཡོངས་སུ་ཟིན་པས་ཇི་ལྟར་འཕགས་པ་ཉན་ཐོས་རྣམས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་བུར་དེ་བཞིན་ཉིད་འབའ་ཞིག་
གི་ཕྱོགས་སུ་ཡང་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །མཚན་ཉིད་ཀྱི་བདེན་པས་བདེན་པ་གཅིག་ཏུ་རྟོགས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་བདེན་པ་ཁོང་དུ་ཆུད་པས་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། སྡུག་བསྔལ་དང་།
ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་སོགས་པའི་བདེན་པ་རྣམས་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་པར་རྟོགས་ཀྱང་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཐེག་པ་རྣམ་པ་གསུམ་དུ་གར་རིགས་རིགས་སུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟ་བུར་ཐབས་དང་ཤེས་རབ་
ཀྱིས་ཡོངས་སུ་ཟིན་པའི་བདེན་པ་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན། དེ་ཡང་མདོར་རྣམ་པ་གསུམ་སྟེ། ཡོངས་སུ་སྨིན་པའི་རང་བཞིན་དང་། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང་། ཡོངས་སུ་སྨིན་པའི་རྣམ་པ་རབ་ཏུ་དབྱེ་
བའོ། །ཡོངས་སུ་སྨིན་པའི་རང་བཞིན་ནི་དཔེར་ན་འབྲས་སྨིན་པར་གྱུར་ན་རྡོལ་པར་འོས་པ་དང་། འབྲས་བུ་སྨིན་ནས་ནམ་ཀུན་ཏུ་བཟའ་བར་འོས་པའི་དུས་ན་ཡོངས་སུ་སྨིན་པ་ཞེས་བྱ་བ་དེ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱི་ས་བོན་ཡང་ནས་ཡང་དུ་བསྟེན་པ་དང་ལྡན་པས་ཉོན་མོངས་པ་དང་ཤེས་
བྱའི་སྒྲིབ་པ་སྤོང་བར་ནུས་པ་དང་རྗེས་སུ་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་རྙེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཐུ་དང་ལྡན་པ་ནི་ཡོངས་སུ་སྨིན་པའི་རང་བཞིན་ཞེས་བྱའོ། །ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཅན་དང་། རང་
เล่ม ๑๑๔ · หน้า 127a
སངས་རྒྱས་ཀྱི་རིགས་ཅན་དང་། སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པའི་གང་ཟག་གོ། །དེ་ལ་རིགས་ཅན་གསུམ་ནི་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱའོ། །རིགས་མེད་པའི་གང་ཟག་ཀྱང་ལྷ་དང་མིའི་བདེ་འགྲོར་ཡོངས་སུ་སྨིན་པར་བྱའོ། །ཡོངས་སུ་སྨིན་པའི་
རྣམ་པ་རབ་ཏུ་དབྱེ་བ་ཡང་མདོར་ན་གསུམ་སྟེ། དབང་པོ་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། ཤེས་པ་ཡོངས་སུ་སྨིན་པའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི་ཚེ་དང་། མདོག་དང་། རིགས་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་
གྲགས་པ་དང་། མིར་གྱུར་པ་དང་། རིག་པའི་གནས་རྣམས་ལ་མཁས་པའོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི་གང་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བ་ལས་ན་རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་ལ་སེམས་མི་འཇུག་ཅིང་སྒྲིབ་པ་ཆུང་བ་དང་། རྟོག་པ་ཉུང་བ་དང་། དྲང་ཞིང་མཐུན་
པར་འཛིན་པ་ཡིན་ནོ། །ཤེས་པ་ཡོངས་སུ་སྨིན་པ་ནི་དྲན་པ་དང་ལྡན་པ། ཡིད་གཞུངས་པ་དང་ལྡན་པ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང་ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་རང་གི་སེམས་ལ་ཡོད་པའི་ཉོན་མོངས་པ་སེལ་ནུས་པའི་མཐུ་དང་
ལྡན་པའོ། །ཡོངས་སུ་སྨིན་པར་བྱེད་པ་ནི་ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་རྣམས་སོ་སོའི་ཐེག་པའི་ཆོས་རྣམས་དང་པོ་བསྟན་པ་དང་། དེ་ནས་བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་པས་ཁད་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོངས་སུ་བཙུད་དེ། རང་རང་གི་
འབྲས་བུ་ལ་འགོད་པའོ། །བདེན་པའི་རྣམ་པ་གཞན་ཡང་བསྟན་པར་བཞེད་ན། གཞན་ཡང་བདེན་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་སྔར་བཤད་པའི་དོན་དུ་བལྟའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར།
རྣམ་པ་གཉིས་པོ་གང་ཞེ་ན། གང་འདི་ཐ་སྙད་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཞེས་བྱ་བ་བསྟན་པའི་ཚུལ་བཤད་དོ། །དེ་ལ་ཐ་སྙད་ཀྱི་བདེན་པ་ནི་གང་དུས་སུ་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཚུལ་བསྟན་ཏོ། །འཇིག་རྟེན་གྱི་ཐ་སྙད་རྣམས་བདེན་པས་ན་ཐ་སྙད་ཀྱི་བདེན་པ་སྟེ། ཇི་
เล่ม ๑๑๔ · หน้า 127b
ལྟར་སྣང་བ་ཙམ་དུ་བདེན་པའི་ཕྱིར་རོ། །དེ་བས་ན་མདོ་ལས་ཀྱང་། འཇིག་རྟེན་རྣམས་ལས་གང་ཡོད་པར་བདེན་པ་ལ་ཡང་དེ་བདེན་ནོ་ཞེས་གསུངས་སོ། །དོན་དམ་པ་ཉིད་བདེན་པས་ན་དོན་དམ་པའི་བདེན་པ་སྟེ། ཇི་ལྟར་གནས་པ་ལས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་མདོ་
ལས་ཀྱང་། འདུས་བྱས་རྣམས་ནི་བསླུ་བས་ན་བརྫུན་པ་ཡིན་གྱི། འདུས་མ་བྱས་ནི་བདེན་པའོ་ཞེས་གསུངས་སོ། །ཅིའི་ཕྱིར་བདེན་པ་གཉིས་བཤད་ཅེ་ན། འཕགས་པའི་ལམ་དང་། ལམ་གྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་བདེན་པ་གཉིས་བཤད་དེ། འཕགས་པའི་ལམ་བསྟན་པའི་
ཕྱིར་ཐ་སྙད་ཀྱི་བདེན་པ་བཤད་དོ། །ལམ་དེའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་དོན་དམ་པའི་བདེན་པ་བཤད་དོ། །ཡང་ན་འཇིག་རྟེན་པའི་ཤེས་པའི་ཡུལ་དང་། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་བཤད་དེ། འཇིག་རྟེན་པའི་ཤེས་པའི་
ཡུལ་ལ་དགོངས་ནས། ཐ་སྙད་ཀྱི་བདེན་པ་བཤད་དོ། །འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་དོན་དམ་པའི་བདེན་པ་བཤད་དོ། །དེ་ལ་ཐ་སྙད་ཀྱི་བདེན་པ་བསྟན་པའི་ཕྱིར། ཐ་སྙད་ཀྱི་བདེན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གིས་མངོན་པར་བརྗོད་པ་
མང་པོ་ནི་ཐ་སྙད་དོ། །བརྗོད་པ་དེས་ཁོང་དུ་ཆུད་པར་འགྱུར་བའི་བདེན་པ་ནི་ཐ་སྙད་ཀྱི་བདེན་པའོ། །ཐ་སྙད་ཀྱི་བདེན་པ་དེའང་རྣམ་པ་གཉིས་ཏེ། མ་འཁྲུལ་པའི་འཇིག་རྟེན་པའི་ཤེས་པའི་ཡུལ་དང་། འཁྲུལ་པའི་འཇིག་རྟེན་པའི་ཤེས་པའི་ཡུལ་ལོ། །དེ་ལ་མ་འཁྲུལ་པའི་འཇིག་
རྟེན་པའི་ཤེས་པ་ནི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེའི་ཡུལ་བསྟན་པའི་ཕྱིར་གང་དུས་སུ་བདེན་པར་སྨྲ་བ་སྟེ། གང་འདི་སྡུག་བསྔལ་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་ལ་གང་དུས་སུ་བདེན་པར་སྨྲ་བ་ཞེས་བྱ་བ་ནི་དེ་བཞིན་ཁོང་དུ་ཆུད་པ་དང་ལྡན་པའི་
གང་ཟག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་ལངས་ནས་བདག་གིས་ཇི་ལྟར་མྱོང་བའི་དོན་འདུལ་བ་རྣམས་ཡོངས་སུ་སྨིན་པའི་དུས་དང་སྦྱར་ཏེ། རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པའོ་ཞེས་ཕྱིན་ཅི་མ་ལོག་པར་
เล่ม ๑๑๔ · หน้า 128a
འཆད་ཅིང་སྟོན་པ་ནི་དུས་སུ་བདེན་པར་སྨྲ་བ་ཞེས་བྱའོ། །འཁྲུལ་པའི་འཇིག་རྟེན་པའི་ཤེས་པའི་ཡུལ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་འབྲེལ་པའི་སྒྲས་བསྟན་པའི་བརྡ་ནི། འཇིག་རྟེན་གྱི་ཐ་སྙད་དང་ཡི་གེ་
དང་སྒྲ་དང་བརྡས་བསྟན་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ནི་བརྫུན་པ་ཡིན་པས་ན་འཁྲུལ་པའོ། །ཡང་ན་གདུལ་བའི་དུས་སུ་བདེན་པར་སྨྲ་བ་ནི་ཐ་སྙད་ཀྱི་བདེན་པ་ཞེས་བྱ་སྟེ། དེ་ལ་བདེན་པ་གང་ཞེ་ན། གང་སྡུག་བསྔལ་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྨྲ་བ་
གང་ཞེ་ན་འཇིག་རྟེན་གྱི་ཐ་སྙད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དུ་ན་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་ཡི་གེ་དང་སྒྲ་དང་བརྡས་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་བསྟན་པ་ནི་ཐ་སྙད་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པའི་བདེན་པ་བསྟན་པར་བྱ་བའི་ཕྱིར། དོན་དམ་པའི་བདེན་པ་ནི་
གང་འདི་བརྗོད་པ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པའི་ཡུལ་ལམ་འབྲས་བུ་ཡིན་པས་ན་དོན་དམ་པའོ། །གང་བརྗེད་པ་མེད་པའི་ཆོས་དང་ལྡན་པ་ནི་བརྗེད་པ་མེད་པའི་ཆོས་ཅན་ཏེ། སྐྱེ་བ་དང་འཇིག་པ་མེད་པའི་རང་བཞིན་ཐོག་མ་
ནས་ངོ་བོ་ཉིད་ཀྱིས་འོད་གསལ་བ་དེ་བཞིན་ཉིད་བསླུ་བ་མེད་པའི་ཆོས་ཅན་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཅིའི་ཕྱིར་བསླུ་བ་མེད་པའི་ཆོས་ཅན་ཞེས་བྱ་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །བསླུ་བ་མེད་པའི་ཆོས་ཅན་གྱི་རྒྱུ་བསྟན་པའི་ཕྱིར། རྟག་ཏུ་ཆོས་ཀྱི་
དེ་བཞིན་ཉིད་ཀྱི་ཕྱིར་དེའི་རིགས་ནི་རྟག་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེའི་རིགས་ཞེས་བྱ་བ་ནི་དེ་བཞིན་ཉིད་དེའི་རང་བཞིན་ནོ། །དེ་བཞིན་ཉིད་དེའི་རང་བཞིན་ནི། སྐྱེ་བ་དང་འཇིག་པ་མེད་པའི་རང་བཞིན་ལས་གཞན་དུ་མི་འགྱུར་བས་རྟག་པ་སྟེ། དེ་བས་ན་མི་བསླུ་བ་ཞེས་བྱ་བ་ཇི་ལྟར་རྟག་ཅེ་ན། རྟག་
ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་ཏེ། ཆོས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ལ་ནི་སོ་སོའི་སྐྱེ་བོ་དང་། འཕགས་པའི་དུས་ན་ཡང་དེ་ལ་མཚན་ཉིད་ཐ་དད་དུ་གྱུར་པ་མེད་པའི་ཕྱིར་རོ། །དེ་ལ་མི་བསླུ་བའི་དོན་ཅི་རང་བཞིན་གཞན་དུ་གནས་ལ་གཞན་དུ་མི་སྟོན་པ་ནི་མི་བསླུ་བ་སྟེ། ཇི་ལྟར་འདུས་བྱས་འདུས་བྱས་ཀྱི་
เล่ม ๑๑๔ · หน้า 128b
ངོ་བོ་ཉིད་དུ་མེད་ན། དེ་ནི་དེའི་ངོ་བོ་ཉིད་དུ་སྣང་བས་ན་བསླུ་བ་ཞེས་བྱ་བའི་དོན་དམ་པ་ནི་རང་བཞིན་གཞན་དུ་མི་འགྱུར་ཏེ། དེ་ལ་དེ་བཞིན་དུ་སྟོན་པར་བྱེད་པས་ན་མི་བསླུ་བ་ཞེས་བྱའོ། །དེ་བས་ན་མདོ་ལས་ཀྱང་། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ནི་བདེན་པ་གཅིག་པུའོ། །འདུ་བྱེད་
ཐམས་ཅད་དང་སྣོད་ཀྱི་འཇིག་རྟེན་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་གསུངས་སོ། །འདིར་ཡང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་བསྟན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐ་སྙད་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་
ཀྱི་བདེན་པ་བསྟན་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་བདག་གིས་གཞན་ལ་བཤད་པའམ། གཞན་གྱིས་བདག་ལ་བསྟན་པ་སྟེ། ཡོངས་སུ་མི་སྐྱོ་བ་ནི་ཤེས་རབ་ཀྱི་ཐ་སྙད་ཀྱི་བདེན་པ་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་ཁོང་དུ་ཆུད་པས་དེ་དག་ལས་ཡིད་བྱུང་ཞིང་སྐྲག་པ་
དང་། དངོས་པོར་འཛིན་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཁོང་དུ་ཆུད་དེ། དེ་ཡང་མ་བརྟགས་ན་གཅིག་ཏུ་དགའ་བ་ཙམ་མེད་པ་མ་ཡིན་ཞེས་རིག་པའི་ཐབས་ཀྱིས་ཡོངས་
སུ་ཟིན་པས་ན། དེ་ཁོ་ན་ཉིད་འབའ་ཞིག་ལ་ཡང་གནས་པར་མི་བྱེད་ལ། ཐབས་དང་ཤེས་རབ་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ཆོས་འདི་པ་དང་། ཕྱི་རོལ་པ་རྣམས་ལྟ་བ་རྣམ་པ་སྣ་ཚོགས་ལ་མངོན་
པར་ཞེན་པའི་གཉེན་པོར་གཞན་ཡང་བདེན་པ་ནི་གཅིག་སྟེ་གཉིས་སུ་མེད་དོ་ཞེས་བྱ་བ་གསུངས་སོ། །གཉིས་སུ་མེད་དོ་ཞེས་བྱ་བས་ནི་འདིར་བདེན་པ་གཅིག་བསྟན་པ་ལས་མ་གཏོགས་པ་རྣམས་ཡང་དག་པ་མ་ཡིན་པར་སྟོན་པའོ། །བདེན་པ་གཅིག་པོ་གང་ཞེ་ན་ཞེས་ཁོང་ནས་དྲིས་པ་དང་།
དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་མེད་ཅིང་སྒྲོ་འདོགས་པར་ལྟུང་བའི་སེམས་ཅན་རྣམས་ཀྱང་བདེན་པ་ལ་རབ་ཏུ་གཟུད་པའོ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཡིན་པ་ལ། གལ་ཏེ་མིང་དང་ཚིག་དང་ཡི་གེ་དག་གིས་གང་ཟག་
เล่ม ๑๑๔ · หน้า 129a
དང་ཆོས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་འདོགས་ན་དེ་ནི་སྒྲོ་འདོགས་པ་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་ཇི་སྐད་དུ་བཏགས་པ་དེ་དག་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་རྣམས་ལ་སྒྲོ་མི་འདོགས་ཤིང་། དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡང་ཤེས་པར་བྱེད་ལ། སྒྲོ་འདོགས་པར་
ལྟུང་བ་སྤྲོས་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་ཀྱང་བརྗོད་དུ་མེད་པའི་བདེན་པ་དེ་ལ་རབ་ཏུ་འཛུད་པ་ནི་བདེན་པ་གཅིག་ཅེས་བྱའོ། །འདིར་ཡང་ཐབས་དང་ཤེས་རབ་ཀྱིས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་སྒྲོ་འདོགས་པའི་བདེན་པ་བསྟན་པས་ཀྱང་མི་སྐྱོ་ལ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདེན་པ་གཅིག་པོ་དེ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་ཡང་སེམས་ཅན་དེ་ལ་གཟུད་པའི་ཐབས་གཞན་མེད་པས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སྒྲོ་བཏགས་ནས་སྟོན་པ་ནི་སྒྲོ་འདོགས་པའི་བདེན་པ་སྟེ། དེ་དག་བསྟན་པས་ཀྱང་མི་
སྐྱོ་ཞེས་བྱ་བའི་དོན་ཏོ། །བཤད་པ་གཞན་ནི་སྔ་མ་བཞིན་དུ་བལྟའོ། །གོང་དུ་བདེན་པ་བཞི་བཤད་པའི་རྣམ་གྲངས་བསྟན་པར་བཞེད་དེ། སྡུག་བསྔལ་གང་ཡིན་པ་བསྟན་པའི་ཕྱིར། གཞན་ཡང་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ཀྱི་མཚན་ཉིད་འདི་ནི་སྡུག་བསྔལ་ཞེས་བྱའོ་
ཞེས་གསུངས་ཏེ། དེ་ལ་དང་པོ་དང་བར་མ་དང་ཐ་མའི་སྡུག་བསྔལ་རྣམས་བསྡུས་པའི་དོན་གྱིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བ་ཞེས་བྱ་སྟེ། དེ་ལ་དང་པོའི་སྡུག་བསྔལ་ནི་སྐྱེ་བའོ། །བར་གྱི་སྡུག་བསྔལ་ནི་ན་བ་དང་རྒ་བ་དང་། འདོད་པ་མི་རྙེད་པ་ལ་སོགས་པའོ། །
ཐ་མའི་སྡུག་བསྔལ་ནི་འཆི་བ་སྟེ། སྡུག་བསྔལ་དེ་དག་ཉེ་བར་ལེན་པའི་ཕུང་པོ་ལྔའི་གནས་དེར་འདུས་པས་ན་ཕུང་པོ་ལྔ་ནི་སྡུག་བསྔལ་བ་ཞེས་བྱ་སྟེ། དེ་ལ་ཕུང་པོ་ལྔ་རྣམས་ཀྱི་སྡུག་བསྔལ་གྱི་མཚན་ཉིད་གང་ཡིན་པ་སྡུག་བསྔལ་ཡིན་པར་སྟོན་ཏོ། །ཇི་ལྟར་སྡུག་བསྔལ་ཤེས་པ་བསྟན་པའི་ཕྱིར།
གང་གིས་མཚན་ཉིད་དེ་སྟོང་པར་རྟོགས་པ་འདི་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པའོ་ཞེས་གསུངས་ཏེ། འཕགས་པ་ཉན་ཐོས་དག་ལྟར་སྡུག་བསྔལ་གྱི་དངོས་པོ་ཡོད་པར་ལྟ་བ་མ་ཡིན་གྱི། གང་ཟག་གང་གིས་གོང་དུ་བཤད་པའི་སྡུག་བསྔལ་ཉིད་ཀྱང་རང་བཞིན་
เล่ม ๑๑๔ · หน้า 129b
མེད་ཅིང་མི་དམིགས་པར་རྟོགས་པ་དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཀུན་འབྱུང་བ་གང་ཡིན་པ་བསྟན་པའི་ཕྱིར། གང་ཕུང་པོ་ལྔའི་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་བག་ལ་ཉལ་འདི་ནི་ཀུན་འབྱུང་བ་ཞེས་གསུངས་ཏེ། ཕུང་པོ་ལྔ་པོ་དེ་དག་སྐྱེད་པའི་རྒྱུ་ནི་ཕུང་
པོ་ལྔའི་རྒྱུ་སྟེ། དེ་ཡང་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་ལས་ཕུང་པོ་ལྔ་ལ་སྐྱེའོ། །དེ་ལ་སྲེད་པ་དང་ལྟ་བ་ནི་སྔར་བཤད་པར་ཟད་དོ། །སྲེད་པ་དང་ལྟ་བ་དེ་དག་ཉིད་རྒྱུ་ཡིན་པས། སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་ཞེས་བྱ་སྟེ། བག་ལ་ཉལ་ཡང་དེ་གཉིས་ལ་བྱའོ། །ཇི་ལྟར་ཀུན་འབྱུང་བ་ཤེས་པ་བསྟན་
པའི་ཕྱིར། །གང་གིས་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་དེ་དག་པ་མི་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལེན་པ་ནི་སྲེད་པ་དང་ལྟ་བ་ལ་མཚན་མར་མི་འཛིན་པའོ། །སྒྲོ་མི་འདོགས་པ་ནི་དེ་དག་ལ་མེད་པ་དང་། ཡོད་པར་མི་ལྟ་བའོ། །རེག་པར་མི་བྱེད་པ་ནི་དེ་དག་གི་རང་བཞིན་ལ་རྟོག་
པར་མི་བྱེད་པ་འམ། སྲེད་པ་དང་ལྟ་བ་ལ་སྤྱོད་པར་མི་བྱེད་པའོ། །དེས་ནི་འདི་སྐད་བསྟན་ཏེ། ཕུང་པོ་ལྔའི་རྒྱུ་སྲེད་པ་དང་ལྟ་བ་རྣམས་རང་བཞིན་གྱིས་མི་དམིགས་ཤིང་དངོས་པོ་མེད་པར་རྟོགས་ན། ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །འགོག་
པའི་བདེན་པའི་རང་བཞིན་གང་ཡིན་པ་བསྟན་པའི་ཕྱིར། གང་ཕུང་པོ་ལྔ་རྣམས་ཤིན་ཏུ་ཟད་དེ་འགགས་ནས་སྔོན་གྱི་མཐར་མི་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་ཟད་པ་ནི་ཕུང་པོ་ལྔ་བསྐྱེད་པའི་རྒྱུ་སྲེད་པའི་བག་ལ་ཉལ་དང་། ལྟ་བའི་བག་ལ་ཉལ་སྤངས་པས་སྐྱེ་བའི་
རྒྱུན་ཆད་པའོ། །འགགས་པ་ནི་སྐྱེ་བ་གཞན་དང་མཚམས་མི་སྦྱོར་ཞིང་མ་འོངས་པའི་ཕུང་པོ་སྐྱེད་པའི་རྒྱུ་མི་བྱེད་པའོ། །ཡང་ན་སྐད་ཅིག་མ་རེ་རེ་ལ་སྐྱེ་བ་མེད་པས་ན་ཤིན་ཏུ་ཟད་པ་ཞེས་བྱའོ། །ཚེའི་ཉིང་མཚམས་གཅིག་ནས་གཅིག་ཏུ་མཚམས་སྦྱོར་ཞིང་སྐྱེ་བ་མེད་པས་ན་འགག་པའོ། །
ཡང་ན་སྐྱེ་བའི་མཚན་ཉིད་དང་བྲལ་བའི་ཕྱིར་ཤིན་ཏུ་ཟད་པའོ། །འཇིག་པའི་ཆོས་དང་བྲལ་བའི་ཕྱིར་ཤིན་ཏུ་འགག་པའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། སྔོན་གྱི་མཐར་མི་འབྱུང་བ་དང་། ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་བྱུང་བར་ཕྱིན་པ་མེད་པ་ཞེས་བྱ་བ་གསུངས་ཏེ།
เล่ม ๑๑๔ · หน้า 130a
སྔོན་གྱི་མཐར་མི་འབྱུང་བ་ནི་འདས་པའི་དུས་སུ་ཡང་མ་སྐྱེས་པའོ། །ཕྱི་མའི་མཐར་མི་འཕོ་བ་ནི་ད་ལྟར་གྱི་དུས་ནས་ཕུང་པོ་ལྔའི་རྒྱུ་ལས་དང་ཉོན་མོངས་པ་མ་ལུས་པར་སྤངས་ཤིང་། ཕུང་པོ་ལྔ་ཡང་རང་བཞིན་མེད་པས་མ་འོངས་པའི་དུས་ཀྱི་ཚེ་དང་མཚམས་སྦྱོར་བ་མེད་
པའོ། །ད་ལྟར་བྱུང་བར་ཕྱིན་པ་མེད་པ་ནི་འདས་པའི་ལས་དང་ཉོན་མོངས་པས་ད་ལྟར་གྱི་དུས་སུའང་སྐྱེས་པ་མེད་པ་སྟེ། དེ་ལྟར་དུས་གསུམ་དུ་ཡང་ཕུང་པོ་ལྔ་མ་སྐྱེས་པ་དེ་ནི་འགོག་པའི་བདེན་པའི་རང་བཞིན་ནོ། །ཇི་ལྟར་ན་འགོག་པའི་བདེན་པ་ཤེས་པ་བསྟན་པའི་ཕྱིར། དེ་ལ་གང་
གིས་དེ་ལྟར་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལྔ་པོ་སྐྱེ་བ་མེད་པའི་མཚན་ཉིད་ལ་གང་ཟག་གང་གིས་གོང་དུ་བཤད་པ་ལྟ་བུར་འགོག་པའི་བདེན་པ་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྐྱེ་བ་དང་འགག་པ་མེད་པར་ཁོང་དུ་ཆུད་ཅིང་མི་དམིགས་པར་ཤེས་པ་ནི་འགོག་
པ་ལ་འགོག་པར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར་ལམ་གང་ལ་བརྟེན་ཏེ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་རེག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་གང་
ལ་བརྟེན་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པ་གསུམ་རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་པའི་ལམ་གང་ལ་གནས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རེག་ཅིང་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ལ་ནག་པོའི་ཕྱོགས་སུའང་མི་ལྟ། འགོག་པ་ལ་དཀར་
པོའི་ཕྱོགས་སུའང་མི་ལྟ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་སུ་འཇོག་ཅེས་བྱ་བ་ནི་དེ་གཉིས་དབྱེར་མེད་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འཇོག་པའི་ཡེ་ཤེས་དེ་ནི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། སྡུག་བསྔལ་འགོག་པར་འགྲོ་བ་ཞེས་བྱ་བ་ནི་སྡུག་བསྔལ་
འགོག་པ་འཐོབ་པ་འམ། །ཆུད་པར་བྱེད་པའི་ལམ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་ལམ་གྱི་བདེན་པ་ཤེས་པར་གྱུར་པ་བསྟན་པའི་ཕྱིར་རོ། །གང་འདི་ལ་སྟོང་པ་ཉིད་དུ་ཤེས་པ་འདི་ནི་ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ལམ་
เล่ม ๑๑๔ · หน้า 130b
གྱི་བདེན་པ་དེ་ཡང་སྟོང་པ་ཉིད་དུ་རྟོགས་ཏེ་མི་དམིགས་པར་ཁོང་དུ་ཆུད་པ་དེ་ནི་ལམ་ལ་ལམ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །བདེན་པ་རྒྱ་ཆེར་བཤད་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར་རོ། །གང་གིས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་དག་ཡེ་ཤེས་ཀྱིས་རྟོག་ཅིང་བདེན་
པའི་རྟོག་པས་མི་རྟོག་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་གང་ཟག་གང་གིས་སོ། །འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་གོང་དུ་བཤད་པ་རྣམས་ལའོ། །དེ་ལྟར་ཡེ་ཤེས་རྟོག་ཅིང་ཞེས་བྱ་བ་ནི་
གོང་དུ་བཤད་པའི་ཚུལ་དུ་བདེན་པ་བཞི་པོ་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པར་ཁོང་དུ་ཆུད་པའོ། །བདེན་པའི་རྟོག་པས་མི་རྟོག་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་དེ་དག་ཉིད་ངོ་བོ་ཉིད་ཀྱིས་མེད་པར་ཁོང་དུ་ཆུད་པས་བདེན་པ་དེ་དག་ལ་བདེན་པར་ཡང་མི་འཛིན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ནི་
འཕགས་པའི་བདེན་པ་ལ་མཁས་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞིའི་རྣམ་པ་གཞན་ཡང་བཤད་པར་བཞེད་དེ། སྡུག་བསྔལ་གྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་ཏེ་ཞེས་བྱ་བ་གསུངས་སོ། །དེ་ལ་ཚོར་བ་ཐམས་ཅད་ནི་སྡུག་བསྔལ་
གྱི་ཚོར་བ་དང་། བདེ་བའི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི་རང་བཞིན་གྱིས་སྡུག་བསྔལ་བས་སྡུག་བསྔལ་བའོ། །བདེ་བའི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མཐར་སྡུག་
བསྔལ་དུ་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་སྡུག་བསྔལ་བ་སྟེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་འདི་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ནོ། །ཇི་ལྟར་ན་སྡུག་བསྔལ་གྱི་རང་བཞིན་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། ཚོར་བ་དེ་ལ་རྣམ་པར་འབྱེད་ཅིང་རིག་པར་ཤེས་པ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ཚོར་བ་དེ་ལ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚོར་བ་རྣམ་པ་གསུམ་ལའོ། །རྣམ་པར་འབྱེད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་ནི་རང་བཞིན་གྱིས་སྡུག་བསྔལ་བས་ཁྱབ་པ་དང་བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་བས་ཁྱབ་པ་དང་། བདེ་བ་ཡང་མ་ཡིན།
เล่ม ๑๑๔ · หน้า 131a
སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པར་བྱེ་བྲག་ཕྱེད་ཅིང་ཞེས་བྱ་བའི་དོན་ཏོ། །རིག་པར་ཤེས་ཞེས་བྱ་བ་ནི་ཚོར་བ་དེ་དག་ཀྱང་མི་དམིགས་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏེ། གོང་དུ་བཤད་པ་ལྟ་བུར་ཚོར་བ་ཐམས་ཅད་སྡུག་བསྔལ་
ཡིན་པར་བྱེ་བྲག་ཕྱེད་ཅིང་མི་དམིགས་པ་ཤེས་པ་དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ཀུན་འབྱུང་བའི་རང་བཞིན་བསྟན་པའི་ཕྱིར། ཚོར་བ་དེ་རྒྱུ་གང་གིས་ཀུན་འབྱུང་བ་དེ་ནི་ཀུན་འབྱུང་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་
བཤད་པའི་ཚོར་བ་དེ་དག་རྒྱུ་གང་གིས་བསྐྱེད་ཅིང་ཕྱུང་བའི་རྒྱུ་དེ་ནི་ཀུན་འབྱུང་བ་ཞེས་བྱ་སྟེ། ཚོར་བ་ཀུན་འབྱུང་བའི་རྒྱུ་ནི་རེག་པ་སྟེ། རེག་པ་ལས་ཚོར་བ་འབྱུང་བས་ན་རེག་པ་ལ་ཀུན་འབྱུང་བ་ཞེས་བྱའོ། །དེ་བས་ན་མདོ་ལས། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་
སྲེད་པ་ལ་སོགས་པ་གསུངས་སོ། །ཇི་ལྟར་ན་ཀུན་འབྱུང་བ་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། གང་གིས་རྒྱུ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་གང་ཟག་གང་གིས་སམ། ཤེས་རབ་གང་གིས་ཞེས་བྱ་བའི་དོན་
ཏོ། །རྒྱུ་དེ་ཞེས་བྱ་བ་ནི་ཚོར་བའི་རྒྱུ་རེག་པ་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བའི་ཚོར་བ་འབྱུང་བའི་རྒྱུ་དེ་སྟོང་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །འགོག་པའི་བདེན་པའི་རང་བཞིན་གང་ཡིན་པ་དང་། ཇི་ལྟར་
ན་འགོག་པའི་བདེན་པ་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། །གང་ཚོར་བ་ཐམས་ཅད་རྒྱུན་ཆད་དེ། ཚོར་བ་མེད་པ་ཡང་ཚོར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་སྨོས་པ་ལྟ་བུའི་ཚོར་བ་རྣམ་པ་ཐམས་ཅད་དུ་རྒྱུན་ཆད་དེ་མེད་པར་གྱུར་པ་དེ་ནི་འགོག་པའི་བདེན་པའི་རང་
བཞིན་ནོ། །དེ་ལྟ་བུའི་ཚོར་བ་མེད་པ་འགོག་པའི་བདེན་པ་ཕྱིན་ཅི་མ་ལོག་པར་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཡང་གནས་ལ། སེམས་ཅན་ལ་ལྟ་བའི་ཕྱིར་འགོག་པའི་བདེན་པ་ཡང་མངོན་དུ་མི་བྱེད་པ་དེ་ནི། འགོག་པ་ལ་འགོག་པར་ཤེས་པའི་
เล่ม ๑๑๔ · หน้า 131b
འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། །ཚོར་བ་གང་གིས་བསྒྲུབས་པའི་ལམ་དེ་ནི་གཟིངས་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པའི་ལམ་ལ་གནས་ན་ཚོར་བའི་རང་བཞིན་གོང་དུ་བཤད་པ་ལྟ་བུར་ཚོར་བ་ཐམས་ཅད་སྡུག་
བསྔལ་བའམ། ཚོར་བ་དེ་ཉིད་ངོ་བོ་ཉིད་ཀྱིས་སྟོང་པར་རྟོགས་པར་བྱེད་པའི་ལམ་དེ་ལ་ཚོར་བས་བསྒྲུབས་པའི་ལམ་ཞེས་བྱ་སྟེ། ལམ་དེ་ཡང་བསྒྲུབ་པར་བྱ་བའི་ཆོས་རྣམས་གྲུབ་ནས་དོར་དགོས་པའི་ཕྱིར་གཟིངས་ལྟ་བུ་ཞེས་བྱའོ། །ཡང་ན་འཕགས་པའི་ལམ་ལ་བརྟེན་ནས་སྡུག་བསྔལ་གྱི་
རང་བཞིན་དུ་གྱུར་པའི་ཚོར་བ་དེ་ལས་སྒྲོལ་ཞིང་དེ་དག་སྤོང་བར་བྱེད་པས་ན་ལམ་ནི་རྒྱ་མཚོ་ལས་སྒྲོལ་བའི་གཟིངས་དང་འདྲའོ། །ཇི་ལྟར་ལམ་གྱི་རང་བཞིན་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། །གང་ཚོར་བར་འདོད་པ་དེ་ནི་ལམ་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཚོར་བ་རྣམ་པ་གསུམ་ལ་ཆགས་
པ་དེ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ཡིན་པས། འཕགས་པའི་ལམ་ལ་གནས་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་རྒྱ་ཆེར་བསྟན་པའི་དོན་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་བདེན་པ་བཞི་པོ་འདི་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་
གང་ཟག་གང་ངོ་། །དེ་ལྟར་བདེན་པ་བཞི་པོ་འདི་མཐོང་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་བདེན་པ་བཞིན་མཐོང་བའོ། །རྣམ་པར་དག་པས་མཉམ་པར་རྟོགས་པ་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པར་དག་པས་ཞེའམ། བདེན་པ་བཞི་པོ་ཉིད་རང་བཞིན་གྱིས་རྣམ་པར་དག་པས་བདེན་པ་
ཐམས་ཅད་མཚན་ཉིད་གཅིག་ཅིང་རང་བཞིན་གཅིག་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །བདེན་པའི་རྣམ་གྲངས་གཞན་བསྟན་པར་བཞེད་དེ། སྡུག་བསྔལ་ལ་སོགས་པའི་རང་བཞིན་མདོར་བསྡུས་ནས་བསྟན་པའི་ཕྱིར། གཞན་ཡང་མདོར་ན་སྐྱེ་བ་ནི་སྡུག་བསྔལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །ཕུང་པོ་ལྔ་མངོན་པར་སྨིན་ཏེ། སྐྱེས་པ་སྡུག་བསྔལ་སྣ་ཚོགས་དང་ལྡན་པས་ན། སྐྱེ་བ་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་ཉིང་མཚམས་སྦྱོར་བར་བྱེད་པའི་ལས་ཀྱི་བག་ཆགས་བསགས་པའི་ཁྱད་པར་དེ་དང་དེ་དག་གིས་ལྷ་དང་མི་ལ་སོགས་པའི་འགྲོ་བ་དེ་དང་དེ་དག་ཏུ་ཕུང་
เล่ม ๑๑๔ · หน้า 132a
པོ་དང་ཁམས་དང་སྐྱེ་མཆེད་བླངས་བར་གྱུར་པ་ནི་སྐྱེ་བ་ཞེས་བྱའོ། །ཡང་ན་སྐྱེ་བ་རྣམ་པ་ལྔ་སྟེ། ཆོས་རྟོགས་པའི་སྐྱེ་བ་དང་། མངལ་དུ་གནས་པའི་སྐྱེ་བ་དང་། རིགས་ཀྱི་གནས་ཕུན་སུམ་ཚོགས་པའི་སྐྱེ་བ་དང་། སེམས་ཅན་གྱི་རིགས་མཐུན་པའི་ངོ་བོ་མཐུན་པར་གྱུར་
བའི་སྐྱེ་བ་དང་། སོ་སོར་བྱུང་བའི་སྐྱེ་བའོ། །དེ་ལ་ཆོས་རྟོགས་པའི་སྐྱེ་བ་ནི་དེ་བཞིན་གཤེགས་པས་བཤད་པའི་གསུང་རབ་ཀྱི་དོན་རྟོགས་ནས་སྲས་སུ་གྱུར་པ་སྟེ། དེ་བས་ན་མདོ་ལས་ཀྱང་ཞལ་ནས་སྐྱེས་པ། འཕགས་པའི་ཆོས་འདུལ་བ་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།
མངལ་དུ་གནས་པའི་སྐྱེ་བ་ནི་ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ་བཞིན་དུ་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པའི་རིམ་པས་སྐྱེས་པའོ། །རིགས་ཀྱི་གནས་ཕུན་སུམ་ཚོགས་པས་སྐྱེ་བ་ནི་ནོར་བུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་རིགས་དང་། ཨིནྡྲ་ནཱི་ལ་ཆེན་པོའི་རིགས་ཞེས་བྱ་བ་བཞིན་དུ་རྒྱལ་
རིགས་སུ་གྱུར་པ་དང་། བྲམ་ཟེའི་རིགས་སུ་གྱུར་པའོ། །སེམས་ཅན་གྱི་རིས་མཐུན་པར་ངོ་བོ་མཐུན་པར་སྐྱེ་བ་ནི་དཔེར་ན་ཤིང་རྣམ་པ་སྣ་ཚོགས་ལ་ཏ་ལ་ཏ་ལར་རིས་མཐུན་པ་དང་། སེང་ལྡེང་སེང་ལྡེང་དུ་རིས་མཐུན་པ་བཞིན་དུ་སེམས་ཅན་རྣམས་ལ་མི་དང་མིར་རིས་མཐུན་པ་ལ་སོགས་པའོ། །སོ་
སོར་བྱུང་བའི་སྐྱེ་བ་ནི་མེ་ཏོག་དང་འབྲས་བུ་འབྱུང་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བྱུང་བར་གྱུར་པ་སྟེ། དེ་ལྟར་སྐྱེ་བ་རྣམ་པ་ལྔ་ལས་ཀྱང་འདིར་མངལ་དུ་གནས་པའི་སྐྱེ་བ་དང་སོ་སོར་འབྱུང་བའི་སྐྱེ་བ་ལ་བྱ་བར་དགོངས་སོ། །སྐྱེ་བ་དེ་དག་རྣམ་པ་གཉིས་ཀྱི་ཕྱིར་སྡུག་བསྔལ་བ་
སྟེ། གནོད་པའི་རང་བཞིན་གྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་གཞན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལ་གནོད་པའི་རང་བཞིན་གྱིས་སྡུག་བསྔལ་བ་ནི་མའི་མངལ་ན་ཞུ་བའི་གནས་དང་། མ་ཞུ་བའི་གནས་ཀྱི་བར་ན་གནས་པ་དང་། མངལ་ནས་ཕྱིར་བྱུང་བའི་ཚེ་མི་གཙང་བའི་
རྫས་རྣམ་པ་སྣ་ཚོགས་ཀྱིས་བཙིར་བ་ན་རིའི་ཐེམ་པར་བཅུག་པ་བཞིན་དུ་ཡན་ལག་ལ་དཔག་ཏུ་མེད་པའི་སྡུག་བསྔལ་འབྱུང་བས་ན་སྐྱེ་བ་སྡུག་བསྔལ་བའོ། །སྡུག་བསྔལ་གཞན་གྱི་རྟེན་དུ་གྱུར་པ་ནི་སྐྱེ་བར་གྱུར་ན་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཞར་ལ་འབྱུང་བས་ན་སྐྱེ་བ་སྡུག་བསྔལ་
เล่ม ๑๑๔ · หน้า 132b
བ་ཞེས་བྱ་སྟེ། འདི་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ནོ། །ཇི་ལྟར་ན་སྡུག་བསྔལ་གྱི་བདེན་པ་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། །གང་མི་སྐྱེ་བ་ལ་རྟོགས་པའི་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་དེ་ནི་དོན་དམ་པར་སྐྱེ་བ་མེད་ཅིང་མི་དམིགས་པར་རྟོགས་པ་
དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་བདེན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་འབྱུང་བའི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། སྲིད་པ་གང་ཡིན་པ་ཀུན་འབྱུང་བའོ་ཞེས་བྱ་བ་གསུངས་ཏེ། ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པ་ལས་རྣམ་པ་
སྣ་ཚོགས་ཀྱི་བག་ཆགས་བསགས་པ་ནི་སྲེད་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལས་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་འབྱུང་སྟེ་སྲིད་པ་དེ་ལས་སྐྱེ་བ་ཀུན་དུ་འབྱུང་བའི་ཕྱིར་སྲིད་པ་ལ་ཀུན་དུ་འབྱུང་བ་ཞེས་བྱའོ། །ཇི་ལྟར་ཀུན་འབྱུང་བ་ཤེས་པ་བསྟན་པའི་ཕྱིར་
གང་སྲིད་པ་འཇིག་པ་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་འཇིག་པར་ཤེས་པ་ཞེས་བྱ་བ་ནི་སྲིད་པའི་རང་བཞིན་མེད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །འགོག་པའི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། སྐྱེ་བ་ཐམས་ཅད་ནི་སྐྱེ་བ་མེད་པ་སྟེ། མི་སྐྱེ་བ་ནི་འགོག་པའོ་ཞེས་
གསུངས་ཏེ། སྐྱེ་བ་རྣམ་པ་ལྔ་བཤད་པ་ལ་སོགས་པ་ཕྱི་དང་ནང་གི་དངོས་པོ་སྐྱེ་བ་ཐམས་ཅད་ནི་དོན་དམ་པར་ན་སྐྱེ་བ་མེད་པ་སྟེ། གང་སྐྱེ་བ་མེད་པ་མི་སྐྱེ་བ་དེ་ནི་འགོག་པའི་བདེན་པའོ། །ཇི་ལྟར་ན་འགོག་པའི་བདེན་པ་ཤེས་པ་བསྟན་པའི་ཕྱིར། གང་མི་སྐྱེ་བ་དེ་ལ་འགོག་པ་གང་ཡང་
མེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་ནི་སྐྱེ་བ་ལ་བརྟེན་པ་སྟེ། སྐྱེས་པར་གྱུར་ན་འཇིག་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་མ་སྐྱེས་ན་འཇིག་པ་མེད་པས་ན་མ་སྐྱེས་པ་དེ་ལ་འགོག་པ་གང་ཡང་མེད་པ་ཞེས་བྱའོ། །གང་འགོག་པ་མེད་པར་ཤེས་པ་འདི་ནི་ཟད་པའི་འགོག་པ་
ཤེས་པ་ཞེས་བྱ་ལ། སྐྱེ་བ་ཐམས་ཅད་སྐྱེ་བ་མེད་ཅིང་མི་སྐྱེ་བའི་མཚན་ཉིད་ཀྱི་འགོག་པ་གང་ཡིན་པ་དེ་ཉིད་ཀྱང་རང་བཞིན་གྱིས་མེད་པར་ཤེས་པ་ནི་མི་སྐྱེ་བའི་མཚན་ཉིད་མི་འགོག་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་དང་། ཇི་ལྟར་ལམ་གྱི་བདེན་པ་ཤེས་པ་བསྟན་པའི་ཕྱིར།
เล่ม ๑๑๔ · หน้า 133a
གང་དེ་ལྟར་བགྲང་བའམ་འཇལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བཤད་པ་ལྟར་སྡུག་བསྔལ་ཅི་འདྲ་བ་དང་། ཀུན་འབྱུང་བ་དང་འགོག་པ་ཅི་འདྲ་བ་ངེས་པར་རྟོག་ཅིང་གཏན་ལ་འབེབས་པ་ལ་ལམ་གྱི་བདེན་པ་ཞེས་བྱ་སྟེ། དེ་དག་ཕྱིན་ཅི་མ་ལོག་པར་ཤེས་
པ་ནི་ལམ་གྱི་བདེན་པ་ཤེས་པའོ། །བགྲང་བ་དང་འཇལ་བ་ཞེས་བྱ་བ་ནི་གཏན་ལ་འབེབས་ཤིང་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་གིས་འཕགས་པའི་བདེན་པ་བཞི་སྟོན་པའི་མདོ་སྡེ་ལ་སོགས་པའི་མིང་དང་ཚིག་དང་ཡི་གེ་རྣམས་ཀྱི་གྲངས་ཇི་སྙེད་འབྱུང་བ་ལ་རྟོགས་པ་
ནི་བགྲང་བ་ཤེས་པ་ཞེས་བྱའོ། །གང་གིས་གཉིས་བཟུང་ནས་གཉིས་ཀུན་དུ་རྟོག་པ་སྟེ། མིང་ཀུན་དུ་བཟུང་ནས་དོན་ཀུན་རྟོགས་པ་དང་། དོན་ཀུན་དུ་བཟུང་ནས་མིང་ཀུན་རྟོགས་པ་ནི་འཇལ་བ་ཤེས་པའོ། །གང་གིས་འཕགས་པའི་བདེན་པའི་མིང་ཀུན་འཛིན་པ་སྔོན་དུ་བྱས་ནས་དོན་
རྟོགས་པ་འཇུག་པ་ནི་ཚོལ་བ་ཤེས་པ་ཞེས་བྱའོ། །རབ་ཏུ་རྟོགས་པའི་སྦྱོར་བ་བཅུ་གཅིག་ནི་རྟོགས་པ་ཤེས་པ་སྟེ། བཅུ་གཅིག་པོ་ཤེས་པ་གང་ཞེ་ན། གློ་བུར་དུ་བྱུང་བ་རབ་ཏུ་རྟོགས་པ་དང་། ཡང་དག་པར་སྣང་བའི་རྒྱུ་མཚན་རབ་ཏུ་རྟོགས་པ་དང་། དོན་མི་དམིགས་པ་རབ་ཏུ་
རྟོགས་པ་དང་། དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་དང་། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དང་། གང་ཟག་ལ་བདག་མེད་པ་རབ་ཏུ་རྟོགས་པ་དང་། ཆོས་ལ་བདག་མེད་པ་རབ་ཏུ་རྟོགས་པ་དང་། བསམ་པ་ཆུང་ངུ་རབ་ཏུ་རྟོགས་པ་དང་། རྒྱ་ཆེན་པོའི་བདག་ཉིད་ཆེན་
པོའི་བསམ་པ་རབ་ཏུ་རྟོགས་པ་དང་། ཇི་ལྟར་ཆོས་ཁོང་དུ་ཆུད་པའི་ཆོས་རྣམ་པར་གཞག་པ་རབ་ཏུ་རྟོགས་པ་དང་། རྣམ་པར་གཞག་པའི་ཆོས་རབ་ཏུ་རྟོགས་པའོ། །འཕགས་པའི་བདེན་པ་བཞི་མིང་དང་དོན་དུ་བཏགས་པ་དེ་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ལ་གློ་བུར་དུ་
བཏགས་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པ་ནི་གློ་བུར་དུ་བྱུང་བ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ནི་དྲོད་ཀྱི་དུས་ནའོ། །དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་པ་ལ་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་ནི་ཡང་དག་པར་སྣང་བའོ། །སྣང་བ་དེ་དག་གི་རྒྱུ་ཡང་སེམས་དང་སེམས་ལས་བྱུང་བ་ཡིན་
เล่ม ๑๑๔ · หน้า 133b
པས་ན་སེམས་དང་སེམས་ལས་བྱུང་བ་ནི་སྣང་བའི་རྒྱུ་མཚན་ནོ། །གཟུང་བ་དང་འཛིན་པ་དེ་དག་སྣང་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སྣང་སྟེ་ཞེས་རྟོགས་པ་ནི་ཡང་དག་པར་སྣང་བའི་རྒྱུ་མཚན་རབ་ཏུ་རྟོགས་པ་སྟེ། འདི་ནི་སྤྱི་བོའི་ཚེ་ནའོ། །དོན་ནི་གཟུགས་ལ་སོགས་པ་ཕྱིའི་ཡུལ་རྣམས་ཏེ། དེ་
དག་མེད་པར་རྟོགས་པ་ནི་དོན་མི་དམིགས་པར་རྟོགས་པ་སྟེ། འདི་ནི་བཟོད་པའི་དུས་སོ། །དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་མི་འཇུག་པས་ཕྱིའི་ཡུལ་ལ་འཛིན་པའི་སེམས་མེད་པར་རྟོགས་པ་ནི་དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་
དུས་ནའོ། །དེ་ལྟར་གཟུང་བ་དང་འཛིན་པ་གཉིས་མི་དམིགས་པར་གྱུར་ནས་ཐམས་ཅད་དུ་འགྲོ་བའི་དོན་གྱི་དེ་བཞིན་ཉིད་རྟོགས་པ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་སྟེ། འདི་ནི་མཐོང་བའི་ལམ་གྱི་ཚེའོ། །དེ་ལྟར་མཐོང་བའི་ལམ་གྱི་ཚེ་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་མཐོང་བས་སྤང་
བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེ་ལོང་སྤངས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་སོ། །དེ་ལྟ་བས་ན་
འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་ཙམ་རྟོགས་པ་དང་། བདག་གི་དོན་གྱི་ཕྱིར་ཞུགས་པས་ན་བསམ་པ་ཆུང་ངུ་རབ་ཏུ་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་ལ། བདག་དང་གཞན་གྱི་དོན་གྱི་ཕྱིར་
ཞུགས་པས་ན་དེ་དག་གི་རྟོགས་པ་ནི་རྒྱ་ཆེན་པོའི་བདག་ཉིད་ཀྱི་བསམ་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །ས་དང་པོའི་ཚེ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་ཇི་ལྟར་ཆོས་ཁོང་དུ་ཆུད་པའོ། །དེ་ལྟར་ཁོང་དུ་ཆུད་ནས་ཁོང་དུ་ཆུད་པའི་ཆོས་ཀྱི་ཡོན་ཏན་རྣམས་རྟོགས་པ་ནི་ཇི་ལྟར་ཁོང་དུ་
ཆུད་པའི་ཆོས་རྣམ་པར་གཞག་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ནས་བསྒོམ་པའི་ཆོས་རྣམས་སེམས་ལ་ཡང་དག་པར་འཇོག་ཅིང་། བསྒོམ་པའི་ལམ་གྱི་དུས་ན་བསྒོམ་པར་བྱ་བའི་ཆོས་དང་ཡོན་ཏན་རྣམས་རྟོགས་པ་ནི་རྣམ་པར་གཞག་པའི་ཆོས་རབ་ཏུ་རྟོགས་པ་ཞེས་བྱའོ། །གང་གིས་
เล่ม ๑๑๔ · หน้า 134a
རྣམ་པ་གཉིས་ལ་ཉེ་བར་འཇུག་སྟེ། ཡི་གེ་རྣམས་ཚད་ཡོད་པ་ལ་འཇུག་པ་དང་། མིང་དང་ཚིག་གི་ཚད་མེད་པ་ལ་འཇུག་སྟེ་དེ་ལྟར་འཇུག་པ་ནི་འཇུག་པ་ཤེས་པའོ། །འདི་ལྟར་བགྲང་བ་དང་འཇལ་བ་དང་། ཚོལ་བ་དང་། རྟོགས་པ་དང་། འཇུག་པ་རྣམ་པ་ལྔ་ནི་འཕགས་
པའི་ལམ་སྟེ། དེ་ལྟར་ཤེས་ན་ལམ་ལ་ལམ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ཇི་ལྟར་བཤད་པའི་དོན་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་བདེན་པའི་ཤེས་པ་འདི་ལ་འཇུག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པའི་ཤེས་པ་ལ་འཇུག་པ་ནི་བདེན་པ་བཞི་པོ་
གོང་དུ་བཤད་པ་རྣམས་སྟོང་པར་རྟོགས་པའོ། །བདེན་པའི་ཤེས་པ་ལ་ཡང་མི་གནས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ལྟ་བས་ཇི་ལྟར་སྟོང་པར་རྟོགས་པ་དེ་འབའ་ཞིག་གི་ཕྱོགས་ལ་ཡང་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །བདེན་པ་ལ་མཁས་པ་བཤད་པའི་འོག་ཏུ་རྟེན་ཅིང་
འབྲེལ་པར་འབྱུང་བ་ལ་མཁས་པ་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དེ་ལ་ཞེས་བྱ་བའི་དོན་ནི་གོང་དུ་སྨོས་པ་དང་འདྲའོ། །རྒྱུ་དང་རྐྱེན་ལ་བརྟེན་ནས་དུས་
མཉམ་དུ་འབྲས་བུ་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །དེ་ནི་འདི་སྐད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་པར་སྟོན་ཏོ། །དེ་
བས་ན་རྟེན་ཞེས་བྱ་བ་དང་། འབྲེལ་ཞེས་བྱ་བ་དང་། འབྱུང་ཞེས་བྱ་བའི་ཚིག་གསུམ་གྱིས་རྣམ་པ་གསུམ་འགོག་པར་བྱེད་དེ། རྣམ་པ་གསུམ་ནི་རྒྱུ་མེད་པར་སྨྲ་བ་དང་། རྒྱུ་མི་འདྲ་བར་སྨྲ་བ་དང་། མེད་པར་སྨྲ་བའོ། །དེ་ལ་རྟེན་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་པས་
ན་འདིས་ནི་རྒྱུ་མེད་པར་སྨྲ་བ་འགོག་པར་བྱེད་དོ། །འབྲེལ་ཞེས་བྱ་བའི་སྒྲ་ནི་མཐུན་པ་ལ་བྱ་སྟེ། རྒྱུ་དང་འབྲས་བུ་མཐུན་པ་ལས་སྐྱེའི་མི་མཐུན་པ་ལས་མ་ཡིན་ཏེ། དཔེར་ན་མ་རིག་པ་ལས་འདུ་བྱེད་འབྱུང་གི །དབང་ཕྱུག་དང་བྱེད་པ་པོ་ལས་མི་འབྱུང་བ་འདིས་ནི་མི་མཐུན་པའི་རྒྱུར་སྨྲ་
เล่ม ๑๑๔ · หน้า 134b
བ་འགོག་པར་བྱེད་དོ། །འབྱུང་བའི་སྒྲ་ནི་རྒྱུ་དང་འབྲས་བུ་བར་ཆད་མེད་པར་སྐྱེ་བ་ལ་བྱ་སྟེ། འདིས་ནི་མེད་པར་སྨྲ་བ་འགོག་པར་བྱེད་དོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཤད་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེའི། མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ལས་མི་སྐྱེའོ་ཞེས་
བསྟན་པའི་ཕྱིར་བཤད་དོ། །ཡང་ན་འཁོར་བར་འཇུག་པ་ལ་རྨོངས་པ་དང་། འཁོར་བ་ལས་ལྡོག་པ་ལ་རྨོངས་པ་བསལ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པར་འབྱུང་བ་དང་། ལུགས་ལས་བཟློག་པའི་མཚན་ཉིད་རྣམ་པ་གཉིས་བཤད་དོ། །དེ་ལ་འཁོར་བར་
འཇུག་པ་ལ་རྨོངས་པ་ནི་རྒྱུ་གང་གིས་འཁོར་བར་སྐྱེ་བར་འགྱུར་བའི་རྒྱུ་མི་ཤེས་པ་སྟེ། མི་ཤེས་པ་དེ་བསལ་བའི་ཕྱིར། ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་ངོ་ཞེས་བྱ་བ་གསུངས་སོ། །འཁོར་བ་ལས་ལྡོག་པ་ནི་མྱ་ངན་ལས་འདས་པ་སྟེ། རྒྱུ་གང་གིས་
འཁོར་བ་ལས་འགྲོལ་ཞིང་མྱ་ངན་ལས་འདའ་བར་འགྱུར་བ་མི་ཤེས་པ་དེ་བསལ་བའི་ཕྱིར། ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པར་འབྱུང་བ་ཡང་མཚན་ཉིད་རྣམ་པ་
བཞིར་རིག་པར་བྱ་སྟེ། ཡན་ལག་རྣམ་པར་དབྱེ་བའི་མཚན་ཉིད་དང་། ཡན་ལག་བསྡུ་བའི་མཚན་ཉིད་དང་། ཡན་ལག་གི་ཀུན་ནས་ཉོན་མོངས་པ་བསྡུ་བའི་མཚན་ཉིད་དང་། བདག་མེད་པ་རྐྱེན་ལས་འབྱུང་བའི་མཚན་ཉིད་དོ། །ཡན་ལག་རྣམ་པར་དབྱེ་བའི་མཚན་ཉིད་ལས་བརྩམས་
ཏེ་གསུངས་པ། འདི་ལྟ་སྟེ། ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་གི་མགོ་དྲང་བའམ། ཚིག་གི་རྐྱེན་དུ་བཞག་པའོ། །དེ་ལ་མི་རྟག་པ་ལ་རྟག་བར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་
བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཚུལ་བཞིན་མ་ཡིན་པ་སྟེ། ཀུན་འབྱུང་བ་ལས་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཀུན་དུ་སྐྱེས་པར་འགྱུར་བ་ལས་མ་རིག་པ་ཀུན་འབྱུང་བར་འགྱུར་ཏེ། མ་རིག་པ་
เล่ม ๑๑๔ · หน้า 135a
ཀུན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་ཚུལ་བཞིན་མ་ཡིན་པ་སྨོས་པ་ནི་མ་རིག་པའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ་ཡིན་ཏེ། འབྱུང་བའི་དོན་ནི་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་
པ་དང་། །རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །ས་དང་ཆུ་དང་མེ་དང་རླུང་དང་། ནམ་མཁའ་ལ་སོགས་པ་ཐ་དད་པ་མི་འདྲ་བ་དུ་མ་འདུས་པས་བསྐྱེད་ན་འདི་ལ་གཅིག་པུར་སེམས་པ་ནི་གཅིག་
པུར་འདུ་ཤེས་པའོ། །ས་ལ་སོགས་པ་དེ་དག་ཀྱང་རྡུལ་ཕྲ་རབ་ཐ་དད་པ་ལས་འབྱུང་བ་ཡིན་ན་དེ་ལ་གཅིག་པུར་སེམས་པ་ནི་རིལ་པོར་འདུ་ཤེས་པའོ། །སྐད་ཅིག་མ་རེ་རེ་ལ་ཡང་མི་རྟག་པར་གྱུར་ནས་གཞན་དང་གཞན་དུ་གྱུར་ན། གནས་ནས་ཀྱང་བདག་ཅེས་འཛིན། ཕྱིས་ཀྱང་བདག་
ཉིད་འདུག་གོ་སྙམ་དུ་སེམས་པ་ནི་རྟག་པར་འདུ་ཤེས་པའོ། །མེད་པ་ལས་འབྱུང་བ་ལ་གང་ཡོད་པ་ལས་སྐྱེ་བར་འཛིན་པ་ནི་བརྟན་པར་འདུ་ཤེས་པའོ། །ཡང་ན་འདི་དག་ཐམས་ཅད་དངོས་པོ་མེད་པ་སྒྱུ་མ་ལྟ་བུ་ཡིན་ན། བདག་ཉིད་ཅན་དུ་དངོས་པོར་སེམས་པ་ནི་བརྟན་པར་འདུ་ཤེས་
པའོ། །བྱུང་ནས་མེད་པར་འགྱུར་བ་ལ་ཡང་རྫ་མའི་བྱིའུ་ལྟར་བདག་མ་འོངས་པའི་དུས་སུ་འཕོ་བར་འཛིན་པ་ནི་ཐེར་ཟུག་ཏུ་འདུ་ཤེས་པའོ། །འཇིག་རྟེན་གསུམ་དང་འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་གསུམ་གྱི་མེས་གདུངས་པས་སྡུག་བསྔལ་དང་ལྡན་པ་ཡིན་ན། གང་གཅིག་པུ་
བཟང་པོའི་ངོ་བོར་འཛིན་པ་དེ་ནི་བདེ་བར་འདུ་ཤེས་པའོ། །དེ་ལྟར་ཀུན་དུ་གཏི་མུག་པའི་རྒྱུས་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་སྣ་ཚོགས་བྱེད་པ་ནི་འདུ་བྱེད་དོ། །ཡང་ན་འདུ་བྱེད་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་
འགྲོ་བའི་འདུ་བྱེད་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ། །དེ་ལ་སྡིག་པའི་ལས་བྱེད་པ་ལ་མངོན་པར་ཆགས་པ་ཚེ་རབས་གཞན་དང་ལས་དང་ལས་ཀྱི་འབྲས་བུ་ལ་ཀུན་དུ་གཏི་མུག་པས་མེད་པར་ལྟ་བ་རྣམས་ནི་བསོད་ནམས་མ་ཡིན་པའི་ལས་མངོན་པར་འདུ་བྱེད་དོ། །མ་རིག་
เล่ม ๑๑๔ · หน้า 135b
པས་རྨོངས་པར་གྱུར་པ་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཡོན་ཏན་དུ་ལྟ་ཞིང་བདེ་བར་འདུ་ཤེས་པ་རྣམས་ནི་བསོད་ནམས་ཀྱི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པའི་རྐྱེན་གྱིས་སྙོམས་པར་འཇུག་པའི་རོ་ལ་ཆགས་པར་ལྟ་བས་སྲེད་པ་དང་ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་རྣམས་ནི་མི་
གཡོ་བའི་ལས་མངོན་པར་འདུ་བྱེད་དེ། །དེ་བས་ན་མ་རིག་པ་ཀུན་འབྱུང་བ་ལས་འདུ་བྱེད་ཀུན་འབྱུང་བ་ཞེས་བྱའོ། །དེ་ལ་མའི་མངལ་དུ་དང་པོ་ཉིད་དུ་སྐད་ཅིག་མ་གཅིག་ལ་ཞུགས་པའི་སེམས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ་
སྔོན་གྱི་ལས་ཀྱིས་འཕངས་པའི་ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་ཡིན་པར་དགོངས་སོ། །དེ་ནས་སྐད་ཅིག་མ་གཉིས་ཕན་ཆད་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་མིང་དང་
གཟུགས་སོ། །དེ་ལ་མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་སྟེ། དེ་གཉིས་
གཅིག་ཏུ་བསྡོམས་ནས་མིང་དང་གཟུགས་ཞེས་བྱའོ། །མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་བར་དུ་དྲུག་ནི་སྐྱེ་མཆེད་དྲུག་གོ། །དེ་ལ་མིག་གི་སྐྱེ་མཆེད་ནི་ལྟ་བའི་བདག་ཉིད་ཅན་དང་བའི་རང་བཞིན་གཟུགས་ལ་དམིགས་པར་བྱེད་པ་སྟེ། ལྷག་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡུལ་དང་དབང་པོ་
དང་། རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་དུས་མཉམ་པ་ཉིད་དུ་ཚོགས་པ་ནི་རེག་པའོ། །དེ་ལ་དབང་པོ་དང་ཡུལ་ནི་རྒྱུའི་མཚན་ཉིད་དོ། །དེ་གཉིས་ལ་བརྟེན་ནས་དེ་མ་ཐག་ཏུ་རྣམ་པར་ཤེས་པ་སྐྱེ་བས་ན་རྣམ་པར་ཤེས་པ་ནི་འབྲས་བུའི་མཚན་ཉིད་དོ། །བདེ་བ་དང་
སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་མྱོང་བ་ནི་ཚོར་བའོ། །དེ་ལ་ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་ཕན་པར་བྱེད་པའི་བདག་ཉིད་ནི་བདེ་བའི་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པར་བྱེད་པའི་བདག་ཉིད་ནི་
เล่ม ๑๑๔ · หน้า 136a
སྡུག་བསྔལ་གྱི་ཚོར་བའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་ཕན་གནོད་གཉི་ག་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །སྲེད་པ་དང་སྲེད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུངས་པ་དང་འདྲ་བར་ངོམས་པ་དང་།
ཚིམ་པ་མེད་པ་ནི་སྲེད་པ་ཞེས་བྱའོ། །དེའང་དུས་གསུམ་ཐ་དད་པའི་དབྱེ་བས་སྲེད་པ་རྣམ་པ་གསུམ་དུ་འགྱུར་ཏེ། ལྟ་བའི་སྲེད་པ་དང་། མངོན་པར་དགའ་བའི་སྲེད་པ་དང་། མངོན་པར་ཆགས་པའི་སྲེད་པའོ། །དེ་ལ་འདས་པའི་དུས་སུ་མཐོང་བའི་སྲེད་པ་དང་། ཐོས་པ་དང་། རེག་པའི་
དངོས་པོ་འགགས་པར་གྱུར་པ་རྣམས་དང་ཡང་ཕྲད་པར་འདོད་པ་ནི་ལྟ་བའི་སྲེད་པ་ཞེས་བྱའོ། །མ་འོངས་པའི་དུས་ན་རང་གི་ལུས་རྣམ་པ་སྣ་ཚོགས་དང་། ཡོ་བྱད་རྣམ་པ་མང་པོ་དང་ལྡན་པར་སྨོན་པ་ནི་མངོན་པར་དགའ་བའི་སྲེད་པའོ། །ད་ལྟར་གྱི་དུས་ཀྱི་ཕུང་པོ་དང་ཡོ་བྱད་ལ་ཆགས་
པས་མི་གཏོང་བ་ནི། མངོན་པར་ཆགས་པའི་སྲེད་པ་ཞེས་བྱའོ། །ཡང་ན་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། མི་སྲིད་པའི་སྲེད་པ་དང་། ལྟ་བའི་སྲེད་པ་སྟེ་བཞིའོ། །དེ་ལ་འདོད་པའི་སྲེད་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་འདོད་པའི་ཁམས་ཀྱི་འདོད་
ཆགས་སོ། །སྲིད་པའི་སྲེད་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་སོ། །མི་སྲིད་པར་སྲེད་པ་ནི་ཐར་པ་ལ་མངོན་པར་ཆགས་པའོ། །ལྟ་བའི་སྲེད་པ་ནི་འཇིག་ཚོགས་ལ་སོགས་པ་ལྟ་བ་ལྔ་ལ་ཆགས་པའོ། །དེ་ལ་ལེན་པ་ཡང་
རྣམ་པ་བཞི་སྟེ། འདོད་པ་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ་དང་། ལྟ་བ་ལེན་པ་དང་། བདག་ཏུ་སྨྲ་བ་ལེན་པའོ། །དེ་ལ་འདོད་ཆགས་རྣམ་པ་གསུམ་ནི་འདོད་པ་ལེན་པ་ཞེས་བྱ་སྟེ། འདོད་པའི་འདོད་ཆགས་དང་། ཆོས་ཀྱི་འདོད་ཆགས་དང་། ཡུལ་གྱི་
འདོད་ཆགས་སོ། །འདོད་པའི་འདོད་ཆགས་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱིས་གཉིས་སྤྲོད་པ་ལས་ཆགས་པའོ། །མུ་སྟེགས་ཅན་གྱི་ཆོས་ལ་ཆགས་པ་ནི་ཆོས་ཀྱི་འདོད་ཆགས་སོ། །འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་ནི་ཡུལ་གྱི་འདོད་ཆགས་སོ། །ཁྱི་དང་བ་ལང་ལ་སོགས་པའི་
เล่ม ๑๑๔ · หน้า 136b
དཀའ་ཐུབ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ་ཞེས་བྱའོ། །ཆད་པ་དང་རྟག་པ་ལ་སོགས་པ་ལྟ་བ་སྣ་ཚོགས་ལ་ཞུགས་པ་ནི་ལྟ་བ་ལེན་པའོ། །བདག་ཡོད་པར་ལྟ་ཞིང་ཆགས་པ་ནི་བདག་ཏུ་སྨྲ་བ་ལེན་པ་ཞེས་བྱའོ། །ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་
པའི་ལས་རྣམ་པ་སྣ་ཚོགས་ཀྱི་བག་ཆགས་བསྩགས་པ་ནི་སྲིད་པ་ཞེས་བྱ་སྟེ། དེ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་སྟེ་རྣམ་པ་གསུམ་མོ། །ལས་ཀྱི་བག་ཆགས་རྣམ་པ་སྣ་ཚོགས་པ་བསགས་པའི་ཁྱད་པར་ལ་ཉིང་མཚམས་སྦྱོར་
བ་དེ་དང་དེ་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མངོན་པར་གྲུབ་པ་ནི་སྐྱེ་བ་ཞེས་བྱའོ། །མེར་མེར་པོ་དང་། ནུར་ནུར་པོ་དང་། མཁྲང་གྱུར་དང་། རྐང་ལག་འགྱུས་པ་ནས་གཞོན་ནུ་དང་། ལང་ཚོ་དར་ལ་བབ་པའི་བར་གྱི་སྟོབས་དང་། མཐུ་དང་། གཟི་བརྗིད་དང་།
མདངས་ལ་སོགས་པ་གཞན་དུ་འགྱུར་ཏེ་ཐབས་ནི་རྒ་བའོ། །ཡང་ན་ལང་ཚོ་བཅོམ་པ་དང་ན་ཚོད་ཉམས་པ་དང་། འབྱུང་བ་ཆེན་པོ་རྣམས་བྲི་བ་དང་། འདུ་བྱེད་རྣམས་རྙིངས་པར་གྱུར་པ་དང་། ལུས་ལྷོད་པར་གྱུར་པ་དང་། ཡན་ལག་རྣམས་ཤིག་ཤིག་པོར་གྱུར་པ་དང་། ཁ་དོག་དང་
དབྱིབས་མི་མཛེས་པ་དང་། དབང་པོ་རྣམས་ཉམ་ཆུང་བ་དང་། དྲན་པ་དང་། རྟོག་པ་དང་། བློ་གྲོས་རྣམས་རབ་ཏུ་ཉམས་པ་དང་། འཇིག་པ་ལ་མངོན་དུ་བལྟས་པ་ནི་རྒ་བའོ། །དེ་ལ་ལང་ཚོ་བཅོམ་པ་ནི་དར་ལ་བབ་པ་མེད་པར་གྱུར་པའོ། །ན་ཚོད་ཉམས་པ་ནི་བྱིས་པ་དང་
གཞོན་ནུའི་སྤྱོད་པ་དང་ཚུལ་རྣམས་བྲལ་བའོ། །འབྱུང་བ་ཆེན་པོ་རྣམས་བྲི་བ་ནི་ས་ལ་སོགས་པ་འབྱུང་བ་རྣམས་ཞུམ་པར་གྱུར་པ་སྟེ། ཤ་སླ་བ་དང་གཉེར་མ་ཅན་དུ་གྱུར་པའོ། །འདུ་བྱེད་རྣམས་རྙིངས་པར་གྱུར་པ་ནི་དར་ལ་བབས་ལ་ལང་ཚོའི་བྱད་གཟུགས་སར་པ་དང་བྲལ་བར་གྱུར་
པའོ། །ལུས་ལྷོད་པར་གྱུར་པ་ན་ལྡང་བ་དང་འདུག་པ་ལ་ལུས་ལྕི་བའོ། །ཡན་ལག་ཤིག་ཤིག་པོར་འགྱུར་བ་ནི་རྐང་པ་དང་ལག་པ་ལ་སོགས་པ་རྣམས་ཚིགས་ཚིགས་སུ་སོ་སོར་གྱེས་ཤིང་ཉམས་དང་མཐུ་མེད་པར་གྱུར་པའོ། །ཁ་དོག་དང་དབྱིབས་མི་སྡུག་པ་ནི་ཤ་དང་། ཁྲག་
เล่ม ๑๑๔ · หน้า 137a
སྐམས་ལ་རུས་པ་ཕྱིར་སྣང་བ་དང་། ཁབས་ནག་པོས་ཁེབས་པ་དང་། གཉེར་མ་དང་སྐྲ་དཀར་གྱིས་གང་བའོ། །དབང་པོ་རྣམས་ཉམ་ཆུང་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་མཐོང་བ་དང་། ཐོས་པ་མི་གསལ་བའོ། །དྲན་པ་དང་རྟོགས་པ་དང་། བློ་གྲོས་རབ་ཏུ་
ཉམས་པ་ནི་སྔོན་སྨྲས་པ་དང་། ཐོས་པ་རྣམས་མི་དྲན་ཞིང་བརྗེད་པའོ། །འཇིག་པ་ལ་མངོན་དུ་བལྟས་པ་ནི་འཆི་བའི་དུས་དང་ཁད་ཉེ་བའོ། །ཡང་ན་རྒ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པ་དང་། བརྟེན་པ་ཉམས་པའོ། །དེ་ལ་རྟེན་ཉམས་པ་ནི་འདི་ལྟར་འབྱུང་བ་ཆེན་པོ་ལས་གྱུར་
པ། ཁྲག་དང་ཤ་དང་ཚིལ་དང་རྐང་དང་རུས་པ་ལ་སོགས་པ་བྲི་བས་དེའི་རྒྱུས་ན་རྒྱུག་པ་དང་རྒལ་བ་དང་། མཆོང་བ་དང་། བསྐུམ་པ་དང་། རྨྱོང་བ་དང་། འོང་བ་དང་། འགྲོ་བ་ལ་སོགས་པའི་བྱ་བ་ནི་མི་ནུས་ཤིང་། ལུས་ཀྱི་བརྩོན་འགྲུས་དང་སྟོབས་མཐུ་ཆུང་བའོ། །དེ་ལ་བརྟེན་པ་
ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ལྟ་བ་དང་ཉན་པ་ལ་མི་གསལ་བར་འཇུག་ཅིང་དེའི་རྒྱུས་ན་དྲན་པ་དང་། རྟོགས་པ་དང་། བློ་གྲོས་ལ་སོགས་པ་ཉམས་ཤིང་སེམས་ཀྱི་སྟོབས་དང་བརྩོན་འགྲུས་བྲི་བའོ། །དབང་པོ་རྣམས་ཉམས་པ་ལས་དེའི་རྒྱུས་སེམས་དང་སེམས་ལས་
བྱུང་བ་རྣམས་མི་མཐུན་པ་ནི་འཆི་བ་སྟེ། སེམས་དང་སེམས་ལས་བྱུང་བ་རྒྱུས་མེད་པར་གྱུར་པ་ན་གང་ཟག་དེ་ཤི་བ་ཞེས་བྱའོ། །དེ་ལ་འཆི་བ་ཡང་རྣམ་པ་གཉིས་ཏེ། རང་གི་ངང་གིས་འཆི་བ་དང་། ཉེ་བར་བཅོམ་པས་འཆི་བའོ། །རང་གི་ངང་གིས་འཆི་བ་ནི་ཚེ་ཟད་པ་དང་། བསོད་
ནམས་ཟད་ནས་འཆི་བའོ། །ཉེ་བར་བཅོམ་པ་ནི་མཚོན་ཆ་དང་། དབྱིག་པ་ལ་སོགས་པའི་རྐྱེན་གྱིས་ཤི་བའོ། །ཡང་ན་འཆི་བ་རྣམ་པ་གསུམ་སྟེ། རྗེས་སུ་སྐད་ཅིག་མས་འཆི་བ་དང་། ཉེ་བར་བཅོམ་པས་འཆི་བ་དང་། རྒྱུ་ཟད་པས་འཆི་བའོ། །དེ་ལ་རྗེས་སུ་སྐད་ཅིག་མས་འཆི་བ་
ནི་སྐད་ཅིག་མ་རེ་རེ་ལ་ཡང་འཆི་བ་ཞེས་བྱའོ། །ཉེ་བར་བཅོམ་པས་འཆི་བ་ནི་དུག་དང་མཚོན་ལ་སོགས་པ་ཕོག་ནས་ཤི་བའོ། །རྒྱུ་ཟད་ནས་འཆི་བ་ནི་ཚེ་རིང་པོར་གྱུར་པའི་ལས་ཟད་ནས་གང་འཆི་བར་གྱུར་པའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི་རྒ་ཤིའི་ཡན་ལག་ཏུ་
เล่ม ๑๑๔ · หน้า 137b
གཏོགས་ཏེ། དེ་ལ་མཛའ་བ་དང་བྲལ་བ་དང་། མི་མཛའ་བ་དང་ཕྲད་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་སེམས་ཀྱི་གདུང་བ་ནི་མྱ་ངན་ཞེས་བྱའོ། །སེམས་ཀྱི་གདུང་བའི་རྒྱུ་ལས་ཚིག་ཏུ་སྨྲ་བ་རྣམ་པ་སྣ་ཚོགས་འབྱིན་པ་ནི་སྨྲེ་སྔགས་འདོན་པའོ། །ཁམས་རྣམས་འཁྲུགས་པས་ཡུལ་མངོན་
དུ་གྱུར་པ་ལ་ཡང་དབང་པོས་འཛིན་པར་མི་ནུས་ཤིང་རྨོངས་པའི་གནོད་པས་རེག་པར་གྱུར་པ་ནི་སྡུག་བསྔལ་བ་ཞེས་བྱའོ། །ཡུལ་མངོན་དུ་མ་གྱུར་པ་རྣམས་དབང་པོས་གཟུང་བར་ཆགས་པ་སྐྱེ་བ་ནི་ཡིད་མི་བདེ་བའོ། །ཞེ་སྡང་ལས་བྱུང་བའི་རྒྱུ་ལུས་དང་སེམས་ཉོན་མོངས་པར་གྱུར་པ་ནི་འཁྲུག་པ་
ཞེས་བྱའོ། །ཡང་ན་བུ་སྨད་ལ་སོགས་པ་དང་། ཡོ་བྱད་རྣམས་ལ་གཏོང་མི་ནུས་ཤིང་ཆགས་པ་ནི་མྱ་ངན་ཞེས་བྱའོ། །མྱ་ངན་ལས་ལངས་པའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་
དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་དེ་ལ་སོགས་པ་སྔོན་རྒྱལ་པོའི་ཞབས་འབྲིང་བྱེད་བྱེད་པ་ལས་དབེན་པ་དང་། ཚོང་བྱེད་བྱེད་པ་ལས་ཁེ་མེད་པ་ལ་སོགས་པ་ཉེས་པ་བྱས་པ་རྣམས་དྲན་ནས་མི་དགའ་བ་ནི་འཁྲུག་པ་ཞེས་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་
བ་རྒྱས་པར་བཤད་ནས་དེའི་དོན་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ནའོ། །སྡུག་བསྔལ་གྱི་ཕུང་པོ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་
བསྔལ་མང་པོ་དང་ལྡན་པས་སོ། །ཆེན་པོ་ནི་འཁོར་བ་ཐོག་མ་མེད་པ་ནས་རྒྱུན་དུ་སྡུག་བསྔལ་བར་གྱུར་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བྱའོ། །འབའ་ཞིག་ནི་བདག་དང་བདག་གི་དང་བྲལ་བའི་ཕྱིར་རོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་
བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡན་ལག་བསྡུ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སུ་ཕྱེ་བ་དེ་ཡང་བསྡུས་ན་ཡན་ལག་གཉིས་སུ་བལྟ་སྟེ། རིང་བའི་རྒྱུ་དང་ཉེ་བའི་རྒྱུའོ། །དེ་ལ་རིང་བའི་རྒྱུ་ནི་དཔེར་ན་ས་བོན་དང་མྱུ་གུ་ལྟ་བུ་སྟེ། འབྲས་བུ་དང་ཐག་
เล่ม ๑๑๔ · หน้า 138a
རིང་བའི་ཕྱིར་རོ། །ཉེ་བའི་རྒྱུ་ནི་མེ་ཏོག་ལ་སོགས་པ་ལྟ་བུ་སྟེ། འབྲས་བུ་དང་ཐག་ཉེ་བའི་ཕྱིར་རོ། །དེ་ལ་རིང་བའི་རྒྱུ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། ཇིས་འདེབས་ཇི་འདེབས་ཇི་ལྟར་འདེབས་པའོ། །ཇིས་འདེབས་ཤེ་ན་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་
ཤེས་པས་འདེབས་པའོ། །ཇི་འདེབས་ཤེ་ན། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམས་འདེབས་སོ། །ཇི་ལྟར་འདེབས་ཤེ་ན། མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱིས་ཅི་བསྒྲུབས་པའི་བག་ཆགས་ཀུན་གཞི་ལ་འདེབས་སོ། །ཉེ་བའི་རྒྱུ་ཡང་
རྣམ་པ་གསུམ་དུ་བལྟ་སྟེ། ཇིས་མངོན་དུ་ཕྱུང་། ཇི་མངོན་དུ་ཕྱུང་། ཇི་ལྟར་མངོན་དུ་ཕྱུང་བའོ། །དེ་ལ་ཇིས་མངོན་དུ་བྱུང་བ་ནི། སྲེད་པ་དང་། ལེན་པ་དང་། སྲིད་པས་མངོན་དུ་ཕྱུང་ངོ་། །ཇི་མངོན་དུ་ཕྱུང་བ་ནི་སྐྱེ་བའོ། །ཇི་ལྟར་མངོན་དུ་ཕྱུང་བ་ནི་སྲིད་པ་དང་ལེན་པས་ཀུན་གཞི་ལ་
བཏབ་པའི་ས་བོན་སྲིད་པ་མེ་ཏོག་ལྟ་བུར་ཁ་འབྱེ་ཞིང་འབུ་བར་འབྱིན་ཏེ། དེ་དག་གི་ཉེས་དམིགས་བསྟན་པ་ནི་རྒ་ཤིའོ། །ཡན་ལག་གི་ཀུན་ནས་ཉོན་མོངས་པ་བསྡུ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་འདི་དག་ཉོན་མོངས་པ་རྣམ་པ་གསུམ་དུ་བསྡུ་སྟེ། ཉོན་མོངས་
པའི་ཀུན་ནས་ཉོན་མོངས་པར་བསྡུ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །དེ་ལ་མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་ནི་ཉོན་མོངས་པའི་ཉོན་མོངས་པར་བསྡུའོ། །འདུ་བྱེད་དང་རྣམ་པར་ཤེས་པ་དང་སྲེད་པ་གསུམ་ནི་
ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་སྟེ། རྣམ་པར་ཤེས་པ་ཡང་ལས་ཀྱི་བག་ཆགས་ཀྱི་རྟེན་ཡིན་པས་དེར་བསྡུའོ། །ལྷག་མ་རྣམས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུའོ། །བདག་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་པའི་ཕྱིར་གཡོ་བ་མེད་པ། བྱེད་པ་མེད་པ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོ་བ་མེད་པ་ནི་མ་རིག་པ་ཡང་འདི་ལྟར་བདག་གིས་འདུ་བྱེད་བསྐྱེད་དོ་སྙམ་དུ་མི་སེམས་ལ། །འདུ་བྱེད་ཀྱང་འདི་ལྟར་བདག་ནི་མ་རིག་པས་བསྐྱེད་དོ་སྙམ་དུ་སེམས་པ་མེད་པའི་ཕྱིར་རོ། །བྱེད་པ་མེད་པ་ནི་མ་རིག་པ་ལ་སོགས་པ་སྐྱེད་པའི་རྐྱེན་
เล่ม ๑๑๔ · หน้า 138b
ཙམ་བྱེད་པ་ཡིན་ཡང་འདུ་བྱེད་སྐྱེད་པ་ལ་བྱེད་པ་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །བདག་པོ་མེད་པ་ཞེས་བྱ་བ་ནི་དེ་དག་ལ་དབང་ཕྱུག་ལ་སོགས་པ་དབང་བྱེད་པར་གྱུར་པའི་མཚན་ཉིད་ཀྱི་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་དང་སེམས་ཅན་
དང་གང་ཟག་ལ་སོགས་པ་སྙིང་པོར་གྱུར་པ་གང་གིས་ཀྱང་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་སྟེ་ཞེས་བྱ་བ་ནི་རྒྱུ་གང་ཡིན་པ་ལས་འབྲས་བུ་གང་འབྱུང་བ་ནི་ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་བ་ཞེས་བྱ་སྟེ། དབང་ཕྱུག་ལ་སོགས་པ་ལས་འདུ་བྱེད་
མི་འབྱུང་གི་མ་རིག་པའི་རྒྱུ་ལས་འདུ་བྱེད་འབྱུང་བའོ། །གང་འདི་ལ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་འདི་ལ་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་སྒྲ་དྲངས་ཏེ། གང་ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་བ་ལས་སྐྱེ་བ་ཀུན་འབྱུང་བ་ལས་རྒ་ཤི་ལ་སོགས་པ་ཀུན་
འབྱུང་བར་ཟད་ཀྱི་དེ་ལས་གཞན་པའི་གཡོ་བ་པོ་དང་། བྱེད་པ་པོ་ལ་སོགས་པ་མེད་པར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་རྣམས་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་
ཡང་གང་དགེ་བའི་རྒྱུ་ལས་བྱུང་བ་འམ་མི་དགེ་བའི་རྒྱུ་ལས་བྱུང་བ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བ་ནི་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འདོད་པའི་ཁམས་སུ་ལྷ་དང་མིར་སྐྱེ་བའོ། །མི་དགེ་
བ་ནི་སྲོག་གཅོད་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འདོད་པའི་ཁམས་སུ་ངན་སོང་གསུམ་དུ་སྐྱེ་བའོ། །མི་གཡོ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའོ། །ཁམས་
གཉིས་ཀྱི་ལས་ལ་ཅིའི་ཕྱིར་མི་གཡོ་བའི་ལས་ཞེས་བྱ་ཞེ་ན། དེ་དག་གི་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ལ་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པར་མི་ནུས་པས་ན་མི་གཡོ་བ་ཞེས་བྱའོ། །ཡང་ན་ཇི་ལྟར་འདོད་པ་ན་སྤྱོད་པའི་ལས་འགྲོ་བ་གཞན་དུ་འགྲོ་བ་ཡིན་ཡང་དེ་མ་ཡིན་པ་རྐྱེན་
เล่ม ๑๑๔ · หน้า 139a
གཞན་གྱི་དབང་གིས་བསྐྱོད་དེ། འགྲོ་བ་དེ་རྣམ་པར་སྨིན་པ་བཞིན་དུ་རྣམ་པར་སྨིན་ལ་གཡོ་བ་མེད་པས་ན་མི་གཡོ་བ་ཞེས་བྱའོ། །དེའི་དོན་ནི་དེ་ཡིན་ཏེ། འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་ལས་བྱས་པས་སྦྱིན་པ་ཡོངས་སུ་བཏང་ནས་མིའི་ནང་དུ་མིའི་ལོངས་སྤྱོད་མྱོང་བར་འགྱུར་
བ་ལས་མི་དེ་ཉིད་ཀྱིས་ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་ལས་བྱས་པའི་དབང་གིས་མིར་སྐྱེ་བའི་རྣམ་པར་སྨིན་པ་བསྐྱོད་ནས་རྒྱལ་པོ་འམ་བློན་པོའི་བ་ལང་ངམ་རྟར་སྐྱེ་བ་ལྟ་བུར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལས་ལ་རྣམ་པར་སྨིན་པ་གཡོ་བ་མེད་པས་ན་མི་གཡོ་བ་ཞེས་བྱའོ། །འཁོར་
བར་སྐྱེ་བའི་རྒྱུ་ནི་འཁོར་བའི་རྒྱུ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལས་ཟག་པ་དང་བཅས་པ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འཁོར་བ་ཉིད་དོ། །མྱ་ངན་ལས་འདས་པར་གྱུར་པའི་རྒྱུ་ནི་མྱ་ངན་ལས་འདས་པའི་རྒྱུ་སྟེ། འཕགས་པའི་ལམ་རྣམས་སོ། །དེ་ལས་
བྱུང་བ་ནི་མྱ་ངན་ལས་འདས་པའོ། །དེ་ལས་མྱ་ངན་ལས་འདས་པའང་རྣམ་པ་གཉིས་ཏེ། ཆ་གཅིག་སྤངས་པའི་མྱ་ངན་ལས་འདས་པ་དང་། ཆ་གཉིས་སྤངས་པའི་མྱ་ངན་ལས་འདས་པའོ། །དེ་ལ་ཆ་གཅིག་སྤངས་པའི་མྱ་ངན་ལས་འདས་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་
ཉོན་མོངས་པའི་ཆ་སྤངས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ཆ་གཉིས་སྤངས་པའི་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཉོན་མོངས་པའི་ཆ་སྤངས་པ་བཞིན་དུ་ཕུང་པོའི་ཆ་ཡང་སྤངས་པ་སྟེ། ཕུང་པོའི་ལྷག་མ་ཡང་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་
པའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་གོང་དུ་བཤད་པའི་དགེ་བའི་རྒྱུ་དང་། མི་དགེ་བའི་རྒྱུ་དང་། མི་གཡོ་བའི་རྒྱུ་དང་། འཁོར་བའི་རྒྱུ་དང་། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །སེམས་ཅན་གང་དབང་པོའི་རྒྱུ་ལ་འཇུག་པ་ཚད་མར་བྱེད་པ་
དེ་ནི་དབང་པོའི་རྒྱུ་ལས་བྱུང་ཞིང་། ལས་ཀྱི་རྒྱུ་ལས་བྱུང་བ་སྟེ་འབྲས་བུའི་རྒྱུ་གྲུབ་པར་བྱེད་དོ་ཞེས་བྱ་བ་ལ། དབང་པོ་ཉིད་དགེ་བ་དང་། མི་དགེ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་བྱེད་པ་དང་འགྲུབ་པའི་རྒྱུ་ཡིན་པས་ན་དབང་པོའི་རྒྱུ་སྟེ། དེ་ལྟར་དབང་པོའི་རྒྱུ་ལས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด