འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๔ · หน้า 222a
བཀོད་པ་ནས་དགེ་བ་ལ་བཞག་པའོ། །གཡོ་བ་མེད་པར་རིམ་གྲོ་བྱེད་པ་ནི་སྙིང་ཐག་པ་ནས་གྲོགས་བྱེད་པའོ། །མཐུ་ཆུང་བ་ལ་བཟོད་པས་བརྟེན་པ་ནི་སེམས་ཅན་དམན་པ་ཞན་པ་རྣམས་ཀྱིས་གནོད་པ་བྱས་ཀྱང་སླར་གནོད་པར་མི་བྱེད་ཅིང་ཁོང་ཁྲོ་བ་མི་སྐྱེ་བའོ། །ལྟུང་བ་
མི་འཆབ་པ་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལས་ཉམས་པར་གྱུར་པ་རྣམས་གཞན་ལ་མཐོལ་བའོ། །སྡིག་པ་འཆགས་པ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་བྱས་པ་འགྱོད་པའི་ཡིད་ཀྱིས་འཆགས་པའོ། །བཞུགས་པ་ནི་ད་དུང་འཇིག་རྟེན་ན་བཞུགས་པའོ། །མྱ་ངན་ལས་འདས་པ་ནི་
སངས་རྒྱས་ཀྱི་བྱ་བ་མཛད་ནས་མྱ་ངན་ལས་འདས་པའོ། །མཆོད་པ་ནི་གདུགས་དང་རྒྱལ་མཚན་དང་ན་བཟའ་ལ་སོགས་པས་མཆོད་པའོ། །རིམ་གྲོ་ནི་བསྐོར་བ་དང་ཕྱག་འཚལ་བ་ལ་སོགས་པ་བྱེད་པའོ། །སྟོན་པ་བཞིན་དུ་ཕངས་པར་འཛིན་པ་ནི་འཁོར་བ་ལས་འབྱིན་པར་བྱེད་པའི་སྟོན་པ་ཕངས་པ་
བཞིན་དུ་མཁན་པོ་དང་སློབ་དཔོན་ལ་ཡང་ཕངས་པར་བྱེད་པའོ། །རིན་པོ་ཆེ་ཚོལ་བ་ལྟར་བརྩོན་པ་ཞེས་བྱ་བ་ནི་ཇི་ལྟར་རིན་ཐང་མེད་པའི་རིན་པོ་ཆེ་རྒྱ་མཚོར་སྲོག་ལ་འབབ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱང་ཉམས་སུ་བླངས་ནས་བདོག་པ་ཐམས་ཅད་བཏང་སྟེ་རིང་དུ་སོང་ནས་ཚོལ་བ་ལ་འབད་པ་དེ་
བཞིན་དུ་ཆོས་རིན་པོ་ཆེ་ཡང་ལུས་དང་སྲོག་ལ་ཡང་མི་ཕངས་པར་བྱ་སྟེ། ཤིན་ཏུ་རིང་དུ་སོང་ནས་ཀྱང་ཚོལ་བ་ལ་འབད་པར་བྱེད་པའོ་སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་དང་འདྲ་བར་ཆོས་སྟོན་པ་རྣམས་ལ་ཡང་ཕངས་པར་བྱེད་པའོ། །དཔག་ཚད་བརྒྱར་ཞེས་བྱ་བ་ནི་མཚོན་
པའི་ཚིག་ཙམ་དུ་ཟད་དེ་དེ་བས་ཀྱང་རིང་དུ་སོང་ཞིང་ཆོས་ཉན་པའོ། །དཔེ་མཁྱུད་མེད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་གཞན་ལ་མ་ལུས་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ། །ཟང་ཟིང་མེད་པར་ཆོས་སྦྱིན་པ་ཞེས་བྱ་བ་ནི་ཁེ་དང་བཀུར་སྟི་ལ་མི་ཆགས་པར་ཆོས་སྟོན་ཅེས་བྱ་བའི་དོན་ཏོ། །
ཆོས་ལ་རིང་ཐང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རིན་ཐང་མེད་པའི་རིན་པོ་ཆེ་གཅེས་ཤིང་ཕངས་པ་དེ་བཞིན་དུ་ཆོས་རིན་པོ་ཆེ་ལ་ཡང་གཅེས་ཤིང་ཕངས་པར་བྱེད་པའོ། །ཕ་མ་ལ་བསྙེན་བཀུར་བྱེད་པ་ཞེས་བྱ་བ་ནི་ཕན་བཏགས་པའི་གནས་ཡིན་པས་བླ་མ་དང་བཙུན་པར་འཛིན་ཅིང་བཟའ་བ་དང་། བགོ་
เล่ม ๑๑๔ · หน้า 222b
བ་ལ་སོགས་པས་ཕན་འདོགས་པར་བྱེད་པའོ། །བྱས་པ་གཟོ་བ་ཞེས་བྱ་བ་ནི་ཕན་བཏགས་པ་རྣམས་ལ་ཡང་ཕན་འདོགས་པར་བྱེད་པའོ། །བྱས་པ་ཚོར་བ་ནི་ཕན་བཏགས་པ་ཤེས་ཤིང་མི་བརྗེད་པའོ། །བྱས་ནས་འགྱོད་པ་མེད་པ་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཕན་བཏགས་པ་དང་དགེ་བ་
བྱས་པ་རྣམས་བྱས་ནས་ཕྱིས་བྱས་པ་ཉེས་སོ་ཞེས་འགྱོད་པ་མེད་པའོ། །བསོད་ནམས་ལ་སོགས་པས་མི་ངོམས་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་མང་དུ་བསགས་པ་ལ་ཆོག་མི་ཤེས་པའོ། །ལུས་བསྡམས་པ་ཞེས་བྱ་བ་ནི་ལུས་ཀྱིས་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་མི་འབྱུང་བར་བསྡམས་
པས་ཡོན་ཏན་དང་མི་ལྡན་ཡང་ལྡན་པ་འདྲ་བར་ཚུལ་འཆོས་པ་མེད་པའོ། །ངག་བསྡམས་པ་ཞེས་བྱ་བ་ནི་ངག་གི་སྒོ་ནས་བརྫུན་དང་ཚིག་ཀྱལ་པ་ལ་སོགས་པ་མི་འབྱུང་བར་བསྡམས་པས་བརྫུན་དང་གཡོ་སྒྱུའི་ཚིག་སྣ་ཚོགས་མི་སྨྲ་བའོ། །ཡིད་བསྡམས་པ་ཞེས་བྱ་བ་ནི་ཡིད་ཀྱི་སྒོ་ནས་བརྣབ་
སེམས་དང་གནོད་སེམས་ལ་སོགས་པ་མི་འབྱུང་བར་བསྡམས་པས་བརྣབ་སེམས་དང་གནོད་སེམས་ཀྱི་བསམ་པ་དང་། གཡོ་སྒྱུའི་བསམ་པ་སྣ་ཚོགས་མེད་པའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་རབ་ཏུ་འཇོག་པས་ཚངས་པའི་བསོད་ནམས་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་
ལྡན་འདས་ཀྱི་མཆོད་རྟེན་བརྩིགས་པ་དང་བྱས་པས་མྱ་ངན་ལས་འདས་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་བྱས་ནས་ཚངས་པའི་བསོད་ནམས་བསྐྱེད་པའི་ཕྱིར་ཏེ། མདོ་ལས་ཀྱང་སྤྱན་རས་གཟིགས་དབང་ཕྱུག་
རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལ་ཞིག་གིས་མི་གནས་པའི་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ཁབ་ཙམ་གདུགས་ནི་བ་ཀུ་ལའི་ལོ་མ་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེ་ཚངས་པའི་བསོད་
ནམས་བསྐྱེད་པར་འགྱུར་ཏེ། འདི་ནི་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གཏན་པ་མེད་པའི་མཆོད་སྦྱིན་བྱེད་པས་མཚན་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་དུས་ཐམས་
เล่ม ๑๑๔ · หน้า 223a
ཅད་དུ་གཏོང་བ་ནི་གཏན་པ་མེད་པའི་མཆོད་སྦྱིན་ཏེ། དེས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་པར་བྱེད་པའོ། །དགེ་བའི་རྩ་བའི་ཚོགས་ཞེས་བྱ་བའི་གོང་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཅིག་ཏུ་
བསྡུས་ནས། དད་པས་རྗེས་སུ་འབྲང་བའི་གང་ཟག་གི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་མི་ཕོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པས་དཔེ་བྱད་བཟང་པོ་ཀུན་རྫོགས་པར་བྱེད་པའོ། །ང་རྒྱལ་མེད་པ་ཞེས་བྱ་བ་ནི་ཆེ་བའི་ང་རྒྱལ་དང་། ཆུང་བའི་ང་
རྒྱལ་ལ་སོགས་པ་སྤངས་པས་འཕྲལ་དུ་ཡང་འགྱིང་བའི་སྤྱོད་ལམ་མི་མཛེས་པ་མེད་ཅེས་ཚེ་རབས་གཞན་དུ་ཡང་ལུས་མཛེས་པ་ཐོབ་པར་འགྱུར་བས་ན་ལུས་བརྒྱན་པའོ། །ངག་གི་ཉེས་པ་ཐམས་ཅད་སྤངས་ཞེས་བྱ་བ་ནི་བརྫུན་ལ་སོགས་པའི་ཉེས་པ་སྤངས་པས། འཕྲལ་དུ་ཡང་ཚིག་སྐྱོན་ཅན་མི་
མཛེས་པ་མེད་པ་དང་། ཚེ་རབས་གཞན་དུ་ཡང་དེ་བཞིན་གཤེགས་པའི་དབྱངས་ཡན་ལག་དུ་མ་དང་ལྡན་པ་ཐོབ་པར་འགྱུར་བས་ངག་བརྒྱན་པའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་ཞེས་བྱ་བ་ནི་ཞེ་སྡང་གི་སེམས་མེད་པས་འཕྲལ་དུ་ཡང་གནོད་པའི་བསམ་པ་དྲི་མ་ཅན་མེད་ཅིང་
ཚེ་རབས་གཞན་དུ་ཡང་ཞེ་སྡང་མེད་པའི་སེམས་འཐོབ་པར་འགྱུར་བས་སེམས་བརྒྱན་པའོ། །མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་ནི་མངོན་པར་ཤེས་པ་ལྔའི་སྒོ་ནས་རྣམ་པར་འཕྲུལ་པ་མང་པོ་བཤད་པ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་བཻ་ཌཱུརྱའི་ཁ་དོག་ལ་སོགས་པ་དང་། དཔག་བསམ་གྱི་
ཤིང་དང་རིན་པོ་ཆེའི་གཞལ་ཡས་ཁང་ལ་སོགས་པ་མཛེས་པའི་དངོས་པོ་ཕུན་སུམ་ཚོགས་པར་བྱེད་པས་ན་སངས་རྒྱས་ཀྱི་ཞིང་གི་རྒྱན་དུ་འགྱུར་བའོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཅེས་བྱ་བ་ལ། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ནི་མྱ་ངན་ལས་འདས་པ་འམ། དེ་བཞིན་ཉིད་
ཀྱི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་ཁོང་དུ་ཆུད་པས་བདག་གིས་བཤད་པའི་ཆོས་ཐམས་ཅད་ཀྱང་བཟང་བའི་ཕྱིར། །ཆོས་ཀྱི་རྒྱན་དུ་འགྱུར་བའོ། །ཡང་ན་འདོད་ཆགས་དང་བྲལ་བ་ཉིད་ཆོས་ཀྱི་དེ་བཞིན་ཉིད་དང་མཐུན་པ་ཡིན་པས་དེ་སྐད་ཅེས་བྱའོ། །སྨྲས་པའི་ཚིག་རྣམས་ཕན་ཚུན་སྐྱེལ་བ་ནི་ཕྲ་
เล่ม ๑๑๔ · หน้า 223b
མའོ། །མ་སྨྲས་པའི་ཚིག་རྣམས་ཕན་ཚུན་སྐྱེལ་བར་བྱེད་པ་ནི་འབྱེད་པའི་ཚིག་གོ། །དེ་ལྟ་བུ་མེད་པས་བདག་གི་འཁོར་ཀྱང་གཡོ་མེད་པ་སྒྱུ་མེད་པ་དྲང་པོ་ཡོན་ཏན་དང་ལྡན་པ་ཤ་སྟག་དང་ལྡན་པར་འགྱུར་བས་ན་འཁོར་གྱི་རྒྱན་དུ་འགྱུར་བའོ། །བརྗོད་པ་ལ་སེར་སྣ་མེད་པར་བྱེད་པ་ཞེས་བྱ་བ་ནི་ཆོས་བསྟན་པ་
ལས་སེར་སྣ་མེད་པས་ཆོས་ཀྱི་སྣོད་དང་། ཆོས་གཟུང་བའི་འོས་སུ་གྱུར་པའི་ཕྱིར། ཆོས་གཟུང་བར་འགྱུར་བའོ། །ལེགས་སོ་ཞེས་བྱ་བ་བྱིན་ཞེས་བྱ་བ་ནི་འབྲས་བུ་ཡོད་པའི་ཆོས་དེ་བཞིན་གཤེགས་པའི་གསུང་རབ་ཐོབ་པས། རབ་ཏུ་དགའ་ནས་ལེགས་སོ་ཞེས་སྨྲ་བ་ཉིད་བསོད་ནམས་ཡིན་པའི་ཕྱིར་
རོ། །ལེགས་པར་བཤད་པ་ལ་རྟོག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་ཐོག་མར་ཡང་དགེ་བར་དུ་ཡང་དགེ་ཐ་མར་ཡང་དགེ་བའི་ཆོས་བཤད་པ་རྟོག་པས་སྒྲིབ་པ་ལྔ་སྐྱེ་བའི་སྐབས་མེད་པར་བྱེད་པ་ནི་རྣམ་པར་སྤོང་པའོ། །ངེས་པར་འབྱིན་པའི་ཆོས་ནི་འཕགས་པའི་ལམ་སྟེ། ཁམས་
གསུམ་ནས་ངེས་པར་འབྱིན་པའི་ཕྱིར་རོ། །དེ་བསྟི་སྟང་དུ་བྱས་ཏེ་ཉན་པ་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་ཡིན་ནོ། །དཀའ་ཐུབ་བསྒོམ་པའི་ནགས་ཚལ་ནི་བརྟུལ་ཞུགས་ཀྱི་ནགས་ཚལ་ལོ། །བྱང་ཆུབ་ཀྱི་ཤིང་དྲུང་གི་རྒྱན་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པར་འགྱུར་བའི་རྒྱུ་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་སམ། མངོན་པར་བྱང་ཆུབ་པ་ཉིད་བྱང་ཆུབ་ཀྱི་ཤིང་གི་རྒྱན་ནོ། །དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བས་ཞེས་བྱ་བ་ནི་སངས་རྒྱས་པར་འགྱུར་བའི་དགེ་བ་བསགས་པས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དུ་འགྱུར་བའོ། །ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་
ཞེས་བྱ་བ་ནི་ཁམས་གསུམ་དུ་སྐྱེས་ཀྱང་འཁོར་བའི་སྐྱོན་ལས་དང་ཉོན་མོངས་པས་མི་གོས་པར་འཁོར་བར་སྐྱེ་བ་འང་སྐྱོན་མེད་པ་ལ་འཁོར་བ་ནས་ཤི་འཕོས་པ་ཡང་སྐྱོན་མེད་པའོ། །དེ་ལ་ཤི་བ་ནི་འདིར་ཚེའི་དབང་པོ་འགགས་པའོ། །འཕོ་བ་ནི་འདི་ནས་སྲིད་པ་གཞན་དུ་སོང་བའོ། །རིན་པོ་ཆེ་དང་
ཕངས་པའི་དངོས་པོ་ཞེས་བྱ་བ་ནི་གསེར་དང་དངུལ་སོགས་པའི་རིན་པོ་ཆེ་དང་། བུ་དང་ཆུང་མ་ལ་སོགས་པ་ཕངས་པའི་དངོས་པོ་ཐམས་ཅད་ལ་མ་ཆགས་པར་གཏོང་བས་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་འམ། ལག་ན་རིན་པོ་ཆེ་ཐོབ་པར་འགྱུར་བའོ། །གཏེར་མི་
เล่ม ๑๑๔ · หน้า 224a
ཟད་པ་འབྱིན་པ་ནི་ཚེ་འདིར་རོ། །ལོངས་སྤྱོད་མི་ཟད་པ་ནི་ཚེ་རབས་གཞན་དུ་མི་ཟད་པ་ཐོབ་པའོ། །འོད་ཟེར་མཉམ་པར་གཏོང་བ་ནི་བྱམས་པ་དང་སྙིང་རྗེའི་བསམ་པས་སེམས་ཅན་ཀུན་ལ་མཉམ་པར་ལྟ་བའོ། །མཉམ་པ་ཉིད་ཀྱི་རྒྱན་ཐོབ་པ་ནི་གང་ལ་ཡང་བྱམས་པ་དང་ཞེ་སྡང་
མེད་པའི་སེམས་ཐོབ་པའོ། །མ་ལོབས་པ་ནི་བསླབ་པ་མཐར་མ་ཕྱིན་པའོ། །འོད་བཀོད་པ་གཏོང་བ་ནི་དེ་དག་ལ་སྤ་འགོང་བར་བྱེད་པ་མེད་པའོ། །སྐྱེ་བ་ཡོངས་སུ་དག་ཅེས་བྱ་བ་ནི་ཚུལ་ཁྲིམས་དག་པའི་ཚོགས་དང་ལྡན་པས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འམ། ངན་སོང་གསུམ་དུ་སྐྱེ་
བ་འམ། སྡིག་པ་བྱེད་པའི་གནས་སུ་མི་སྐྱེ་བའོ། །མངལ་གྱི་གནས་ཡོངས་སུ་དག་ཅེས་བྱ་བ་ནི་བདག་དང་གཞན་གྱི་ལྟུང་བ་ཆོས་བཞིན་དུ་གསོ་བར་བྱེད་ཀྱི་གླེང་བར་མི་བྱེད་པས་རྟག་ཏུ་རྫུས་ཏེ་སྐྱེ་བའི་ཕྱིར་རོ། །རྗེས་སུ་བསྟན་པ་ཐམས་ཅད་ལ་རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཆོས་བསྟན་པ་
ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཚུལ་དུ་གནས་པས་ལས་སུ་བྱས་པ་ཐམས་ཅད་དོན་ཡོད་དེ་ཆུད་ཟོས་པར་མ་གྱུར་པའོ། །ཆོས་ཐམས་ཅད་ལ་དབང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དབང་ཕྱུག་ཆེན་པོར་གྱུར་པའོ། །བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་
དབང་བ་ཞེས་བྱ་བ་ནི་བསམ་པ་ཡོངས་སུ་དག་པས་ཇི་སྤྱད་དོ་ཅོག་ལ་གཡོ་སྒྱུ་མེད་པའི་ཕྱིར་འཇིག་རྟེན་ཐམས་ཅད་དེ་ལ་ཡིད་ཆེས་ཤིང་དེའི་དབང་དུ་འགྱུར་བའོ། །སེམས་ཅན་ཡོངས་སུ་དག་པར་བྱེད་པས་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ཏུ་བདག་གིས་སྨིན་
པར་བྱ་ཞིང་གདུལ་བར་བྱ་བའི་སེམས་ཅན་རྣམས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་དེ་དག་པར་བྱས་པས་ནམ་བདག་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པའི་སེམས་ཅན་ཡང་སྦྱིན་པ་ལ་གནས་པ། ཚུལ་ཁྲིམས་ལ་གནས་པ་ཤ་སྟག་དང་ལྡན་
པར་འགྱུར་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །ཁ་ཅིག་ལས་སེམས་ཅན་ཡོངས་སུ་དག་པ་ཞེས་འབྱུང་སྟེ་དེར་ཡང་སངས་རྒྱས་ཀྱི་ཞིང་གྱོ་མོ་དང་། བོང་བ་ལ་སོགས་པ་མེད་ཅིང་མཉམ་པར་སྣང་བ་ཡང་བདག་གི་སེམས་ཡོངས་སུ་སྦྱངས་ཏེ། དེ་ལྟ་བུ་སྣང་བ་མེད་པ་གོམས་པ་ལས་བྱུང་བའི་
เล่ม ๑๑๔ · หน้า 224b
དོན་དུ་ལྟའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པས་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སེམས་ཅན་ལ་གནོད་པ་མི་བྱེད་ཅིང་ཕན་པར་བྱེད་པའི་བསམ་པ་ནི་ལྷག་པའི་བསམ་པ་སྟེ། ལེགས་ཉེས་ཇི་འབྱུང་ཡང་བདག་གི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བར་ཤེས་ན། ཕ་རོལ་པོ་ལ་བྱམས་པ་
དང་། སྡང་བ་མེད་པའི་ཕྱིར་ལྷག་པའི་བསམ་པ་དག་པའོ། །ཉི་ཚེ་བའི་སྤྱོད་པ་མི་འདོད་ཅེས་བྱ་བ་ནི་བདག་གི་དོན་དུ་ཞུགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ལམ་ལ་གནས་པར་མི་མོས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་
སྤྱོད་པ་ལ་མོས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ་བསྐྱབ་པར་བྱ་བའི་བྱང་ཆུབ་ཀྱི་སེམས་མི་གཏོང་བས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་བསོད་ནམས་ཀྱི་ཚོགས་དང་ལྡན་པའོ། །དད་པ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་དད་པ་དང་ལྡན་ཏེ།
དད་པས་རྒྱུ་བྱས་པས་ཞེས་བྱ་བའི་དོན་ཏོ། །ལུས་དང་སྲོག་ལ་མི་ལྟ་ཞེས་བྱ་བ་ནི་ལུས་དང་སྲོག་ལ་ཡང་མི་ཕངས་པར་སངས་རྒྱས་ཀྱི་ཆོས་བཙལ་བས་ན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་པའོ། །སྔོན་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་
ཞེས་བྱ་བ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་ཁས་བླངས་པ་དེ་བཞིན་དུ་མངོན་པར་བྱང་ཆུབ་པ་ནི་སེམས་ཅན་ཐམས་ཅད་བསྒྲལ་བས་འཇིག་རྟེན་ཐམས་ཅད་ལ་མི་བསླུ་བའོ། །དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་
བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་འམ། མཐར་འབྱིན་པར་བྱེད་པའི་རྒྱུ་དགེ་བའི་ཆོས་བསོད་ནམས་ཡིན་ཏེ། བསོད་ནམས་དང་ལྡན་ན་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྫོགས་པར་འགྱུར་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་
བ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བཤད་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་རྒྱུ་གང་དང་རྐྱེན་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་བཤད་པ་ལྟར་རོ། །མདོར་ན་དགེ་བའི་རྩ་བའི་རྒྱུ་གང་དང་གང་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་མཚན་དང་དཔེ་
เล่ม ๑๑๔ · หน้า 225a
བྱད་དང་། སྟོབས་དང་མི་འཇིགས་པ་དང་། སྐུ་ལ་སོགས་པ་ཐོབ་པར་བྱེད་པའི་རྒྱུ་དེ་དང་དེ་དག་བསྒྲུབ་པའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །རྒྱ་ཆེར་ནི་བསྐལ་པ་ཞེས་བྱ་བ་ལ་བསོད་ནམས་ཀྱི་ཚོགས་ཞིབ་ཏུ་བསྟན་ཅིང་མ་ལུས་པར་བསྟན་ན་ནི། བསྐལ་པ་འམ་
བསྐལ་པ་བས་ལྷག་པར་ཡང་བཤད་དགོས་ལ་དེས་ཀྱང་རྫོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་ཀྱི་ཚོགས་མི་ཟད་པ་བཤད་ཟིན་ཏོ།། །།ཐེ་ཚོམ་ཐམས་ཅད་གཅོད་པའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་
ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྟོགས་པར་འགྱུར་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་ཅིང་མངོན་སུམ་དུ་འགྱུར་བའོ། །དེ་ལ་ཡེ་ཤེས་ཡོངས་སུ་ཚོལ་བ་ལ་འདུན་པ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱི་རོལ་མ་ཡིན་པའི་ཆོས་སྟོན་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་
ཏོ། །དེས་ཆོས་དེ་དག་ཐོས་ནས་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཡོངས་སུ་དག་པའི་ཡེ་ཤེས་ཞེས་བྱ་བ་ཡན་ཆད་ཀྱིས་རྐྱེན་བསྟན་ཏོ། །ཡེ་ཤེས་ཡོངས་སུ་ཚོལ་བ་ལ་རབ་ཏུ་འདུན་པ་ཞེས་བྱ་བ་ནི་ཡེ་ཤེས་འགྲུབ་པར་འགྱུར་བའི་རྒྱུའི་ཚོལ་བ་ལ་འདུན་པ་སྟེ། གླེགས་བམ་འདྲི་བ་དང་།
ཀློག་པ་ལ་སོགས་པ་ལ་འདུན་ཞིང་བརྩོན་པའོ། །ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་ཡེ་ཤེས་གཉིས་སུ་མེད་པ་མངོན་དུ་བྱས་པའི་དགེ་བའི་བཤེས་གཉེན་ནམ། ཡེ་ཤེས་རྟོགས་པར་འགྱུར་བའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ནི་ཡེ་ཤེས་རྟོགས་པའི་
དགེ་བའི་བཤེས་གཉེན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྟོན་པའི་མཁན་པོ་དང་སློབ་དཔོན་ལ་སོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་རྟག་ཏུ་བསྟེན་པ་དང་། རྟག་ཏུ་འགྲོགས་པ་དང་། རྟག་ཏུ་བསྙེན་བཀུར་བྱེད་པ་ཞེས་ཚིག་རེ་རེ་དང་སྦྱར་རོ། །རྟག་ཏུ་བསྟེན་པ་ནི་དུས་ཐམས་
ཅད་དུ་དེའི་གན་དུ་ཉེ་བར་འགྲོ་བའོ། །རྟག་ཏུ་འགྲོགས་པ་ནི་དུས་ཐམས་ཅད་དུ་དེ་དང་ལྷན་ཅིག་ཏུ་གནས་པ་མི་གཏང་བའོ། །རྟག་ཏུ་བསྙེན་བཀུར་བྱེད་པ་ནི་དུས་ཐམས་ཅད་དུ་དེ་དག་ལ་ཕྱག་འཚལ་བ་ལ་སོགས་པ་བསྟི་སྟང་བྱེད་པའོ། །གང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་ཅིང་ཞེས་བྱ་
เล่ม ๑๑๔ · หน้า 225b
ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་ཀྱི་ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཐོབ་པར་བྱ་བ་ལ་འབད་པ་མེད་པའོ། །དགེ་བའི་བཤེས་གཉེན་དེ་དག་ལ་ང་རྒྱལ་མེད་ཅེས་བྱ་བ་ནི་ཆོས་སྟོན་པའི་གང་ཟག་རྣམས་ལ་ང་རྒྱལ་བ་
མི་བྱེད་པའོ། །བླ་མ་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་ལ་བཙུན་ཞིང་ཕངས་པར་བྱེད་པ་བཞིན་དུ་དགེ་བའི་བཤེས་གཉེན་ལ་ཡང་བཙུན་ཞིང་ཕངས་པར་བྱེད་པའོ། །སྟོན་པ་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བཙུན་ཞིང་
ཕངས་པར་བྱེད་པ་བཞིན་དུ་དགེ་བའི་བཤེས་གཉེན་ལ་ཡང་བཙུན་ཞིང་ཕངས་པར་བྱེད་པའོ། །དགེ་བའི་བཤེས་གཉེན་དེ་དག་གིས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དགེ་བའི་བཤེས་གཉེན་དེ་དང་དེ་དག་གིས་སོ། །འདི་བསམ་པ་ཕུན་སུམ་ཚོགས་པར་རིག་ཅེས་བྱ་བ་ནི་གང་
ཟག་ཆོས་ཚོལ་བ་དེའི་བསམ་པ་གོང་དུ་བཤད་པ་ལྟར་ན་ཁེ་དང་བཀུར་སྟི་ཙམ་འདོད་པའི་ཕྱིར་ཆོས་ཚོལ་བ་ནི་མ་ཡིན་གྱི་ཡེ་ཤེས་གཉིས་སུ་མེད་པ་ཚོལ་བ་ཡིན་པར་ཁོང་དུ་ཆུད་ནས་ཆོས་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱང་རྣམ་པ་གསུམ་སྟོན་ཏེ། བཤད་པར་བྱ་བའི་ཆོས་སྟོན་པ་དང་། བསྒྲུབ་
པར་བྱ་བའི་ཆོས་སྟོན་པ་དང་། ཁོང་དུ་ཆུད་པར་བྱ་བའི་ཆོས་སྟོན་པའོ། །འབྲེལ་པའི་གཏམ་ཞེས་བྱ་བས་བཤད་པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། གསུང་རབ་ཡན་ལག་བཅུ་གཉིས་རྣམས་ཕྱིན་ཅི་མ་ལོག་པར་འཆད་པའི་ཕྱིར་རོ། །དེ་ཡེ་ཤེས་ཀྱི་གཏམ་སྒྲུབ་པར་བྱེད་ཅེས་བྱ་བས་བསྒྲུབ་
པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། ཡེ་ཤེས་གཉིས་སུ་མེད་པ་ཐོབ་པར་བྱེད་པའི་རྒྱུ་སྟོང་པ་ཉིད་ལ་སོགས་པ་འཆད་པའི་ཕྱིར་རོ། །སྣོད་དུ་རིག་ནས་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། ཁོང་དུ་ཆུད་པར་བྱ་བའི་ཆོས་བསྟན་པའི་སྣོད་ཡིན་པར་རིག་ནས་ཕྱི་
རོལ་གྱི་གཙུག་ལག་བྱཱ་ཀ་ར་ཎ་ལ་སོགས་པ་མ་ཡིན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྒྱུན་དུ་སྟོན་པའོ། །དེས་ཆོས་དེ་དག་ཐོས་ནས་ཞེས་བྱ་བ་ནི་ཆོས་ཚོལ་བའི་གང་ཟག་དེས་གོང་དུ་བཤད་པའི་ཆོས་གསུམ་པོ་དེ་དག་དགེ་བའི་བཤེས་གཉེན་ལས་ཐོས་ནས་ཞེས་བྱ་བའི་དོན་ཏོ། །
เล่ม ๑๑๔ · หน้า 226a
ཆོས་ཀྱི་ཚོགས་ལ་སྦྱོར་བར་བྱེད་དེ་ཞེས་བྱ་བ་ནི་ཆོས་དེ་གསུམ་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་བའི་རྒྱུ་ལ་སྦྱོར་བར་བྱེད་ཅིང་རྒྱུ་རྩོམ་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་ཞེས་བྱ་བ་ལ་ཆོས་ཚོལ་བའི་གང་ཟག་གསུམ་རྟོགས་པར་འགྱུར་བའི་རྒྱུ་
ལ་སྦྱོར་བ་དེ་ཉིད་གང་ཟག་དེའི་ཡེ་ཤེས་ཀྱི་ཚོགས་དང་རྒྱུ་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་སྦྱོར་བ་གང་ཞེ་ན་ཞེས་བྱ་བ་ནི་ཆོས་གསུམ་རྟོགས་པའི་རྒྱུ་ལ་རྩོམ་པ་གང་ཞེ་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་དོན་ཉུང་བ་ནི་བདག་གི་དོན་དུ་ཡོ་བྱད་མང་པོ་མི་ཚོལ་བའོ། །བྱ་བ་ཉུང་བ་ནི་འཇིག་རྟེན་གྱི་བྱ་བ་ཚོང་དང་
ཞིང་རྨོད་པ་ལ་སོགས་པ་ཐམས་ཅད་མི་བྱེད་པའོ། །སྨྲ་བ་ཉུང་བ་ནི་འགྲོ་བ་མང་པོ་ཚོགས་པའི་ནང་དུ་གཏམ་མི་བྱ་བ་སྣ་ཚོགས་ཀྱི་དུས་ཆུད་ཟ་བར་མི་བྱེད་པའོ། །ཡོ་བྱད་ཉུང་བ་ནི་བདག་ལ་ཇི་ཙམ་དགོས་པའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་ལས་ལྷག་པར་མང་པོ་མི་འཆང་བའོ། །ནམ་
གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བ་ནི་དུས་དེ་གཉིས་སུ་ཡང་གཉིད་ཀྱིས་བསྒྲིབས་པ་མེད་པར་བྱས་ནས་ཇི་ལྟར་ཐོས་པའི་ཆོས་རྣམས་སེམས་ཤིང་བསྒོམ་པ་ལ་འབད་པར་བྱེད་པའོ། །ཐོས་པའི་དོན་ལ་རྟོག་པ་ནི་དེ་ལྟར་སེམས་པའི་དུས་ན་ཆོས་གང་ཐོས་པའི་དོན་དེ་ཉིད་ལ་རྟོག་ཅིང་སེམས་ཀྱི་ཚིག་ཙམ་
ལ་མི་བརྟེན་པའོ། །ཡང་དང་ཡང་ཚོལ་བ་ནི་བསམ་པའི་ཆོས་དེ་ལ་ཡང་དང་ཡང་དུ་དཔྱོད་པའོ། །སེམས་ལ་རྙོག་པ་མེད་པ་ནི་དེའི་དུས་ན་སེམས་རྨོངས་ཤིང་མི་གསལ་བར་མ་གྱུར་པའོ། །ཡང་ན་སེམས་ལ་རྙོག་པ་མེད་པ་ནི་ཆོས་དེ་ཉིད་ལ་དད་ཅིང་ཡིད་ཆེས་པས་སེམས་དང་བའོ། །སྒྲིབ་
པ་རྣམས་རྣམ་པར་སེལ་བ་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་རྣམས་ནི་མི་ལྡང་བར་གནོན་ཞིང་སེལ་བར་བྱེད་པའོ། །ལྟུང་བ་རྣམས་ལས་འབྱུང་བ་ཤེས་པ་ནི་ཉེས་པ་བྱུང་བ་རྣམས་ཚངས་པ་འམ་ཐར་བར་བྱ་བའི་ཐབས་ལ་མཁས་པ་འམ། གཉེན་པོ་སྤྱོད་པ་ལ་མཁས་པའོ། །འགྱོད་
པ་མེད་པ་ནི་དགེ་བ་བྱས་པ་ལ་མི་འགྱེད་པའོ། །ཀུན་ནས་ལྡང་བ་མེད་པ་ནི་ཉོན་མོངས་པ་རྣམས་སེམས་ལ་མི་སྐྱེ་བར་བྱེད་པའོ། །སྒྲུབ་པའི་སྙིང་པོར་བྱེད་པ་ནི་ཚིག་ཙམ་གྱིས་ཆོག་པར་མི་འཛིན་གྱི། །ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་པ་ལྷུར་བྱེད་པའོ། །ཆོས་ལ་གཞོལ་བ་ནི་ཐོས་པའི་དུས་
เล่ม ๑๑๔ · หน้า 226b
ན་ཇི་ལྟར་བཤད་པའི་ཆོས་རྣམས་ཀྱི་ཚིག་བཟུང་བའི་ཕྱིར་རོ། །ཆོས་ལ་འབབ་པ་ནི་སེམས་པའི་དུས་ན་ཐོས་པའི་ཆོས་ཀྱི་དོན་རྙེད་པའི་ཕྱིར་རོ། །ཆོས་ལ་བབ་པ་ནི་སེམས་པས་རྙེད་པའི་དོན་ལ་ཡང་ནས་ཡང་དུ་བསྒོམས་པས་འབྲས་བུ་དང་ཉེ་བའི་ཕྱིར་རོ། །བརྟུལ་བ་དང་ལྡན་པ་ནི་ཉོན་མོངས་པ་ལ་སོགས་
པ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའོ། །མགོ་དང་གོས་ལ་མེ་འབར་བ་ལྟ་བུ་ནི་སྒྲུབ་པ་ཐམས་ཅད་སྨྱུར་ཏེ་སྒྲུབ་པའོ། །དེ་ལ་ཆགས་པ་ནི་གོང་དུ་སྨོས་པའི་དངོས་པོ་རྣམས་ལ་མ་ཆགས་པར་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་འམ། ཟང་ཟིང་ལ་མ་ཆགས་པར་གནས་པའོ། །ཚུལ་
ཁྲིམས་མི་ལྷོད་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཕྲན་ཚེགས་ཀྱང་མ་ཉམས་པའོ། །བརྩོན་པ་མི་གཏོང་བ་ནི་དགེ་བ་བསྒྲུབ་པའི་བརྩོན་འགྲུས་ནམས་ཀྱང་མི་འདོར་བའོ། །ཁྱད་པར་འགྲོ་བ་ནི་ཤེས་པ་གོང་ནས་གོང་དུ་ཕྱིར་ཞིང་ཆེར་སྐྱེས་པའོ། །འདུ་འཛི་ལ་མི་དགའ་བ་ནི་འགྲོ་བ་མང་པོའི་ནང་ན་གནས་
པར་མི་མོས་པའོ། །གཅིག་པུར་དགའ་བ་ནི་གཅིག་པུར་གནས་པར་མོས་པའོ། །དགོན་པ་ལ་མངོན་དུ་ཕྱོགས་པ་ནི་དགོན་པའི་གནས་སུ་གནས་འཆའ་ཞིང་ཏིང་ངེ་འཛིན་བསྒོམ་པའོ། །འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་ནི་འཕགས་པའི་རིགས་བཞི་ལ་གནས་པའོ། །མི་གཡོ་བ་
ནི་སྦྱངས་པའི་ཡོན་ཏན་མི་འདོར་བའོ། །འཇིག་རྟེན་གྱི་སྔགས་དྲན་པར་མི་འཛིན་པ་ནི་འཇིག་རྟེན་གྱི་གཙུག་ལག་རྣམས་མི་སློབ་ཅིང་སྔོན་ཤེས་པ་རྣམས་ལ་ཡང་རྒྱུན་དུ་དམིགས་ཤིང་སེམས་པར་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་ནི་གསུང་རབ་ཀྱི་ཆོས་རྣམས་
ཉན་ཅིང་ཚོལ་བའོ། །བརྗེད་པ་མེད་པ་ནི་མཉན་ཞིང་བརྩལ་བའི་ཆོས་རྣམས་བརྗེད་པར་མི་བྱེད་པའོ། །དོན་རྟོགས་པའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་པ་དང་མཐུན་པར་སེམས་ཤིང་དཔྱོད་པའོ། །བློ་གྲོས་ཀྱི་ལམ་དང་མཐུན་པ་ནི་བློ་འམ་ཤེས་རབ་ཀྱིས་འཕགས་པའི་ལམ་
ཡན་ལག་བརྒྱད་པ་ཐོབ་པར་བྱེད་པའོ། །བརྟན་པས་བསྡོམས་པ་ནི་སྡོམ་པ་གང་བླངས་པའི་དངོས་པོ་དེ་ལ་མི་འགྱུར་བས་བརྟན་པར་ལུས་དང་ངག་དང་ཡིད་སྡོམ་པའོ། །རྐྱེན་རྣམས་ཀྱིས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པ་དང་མཐུན་པའོ། །ཡང་ན་ཆོས་
เล่ม ๑๑๔ · หน้า 227a
རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་ཤེས་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་བསགས་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་བརྒྱན་པ་ནི་བདག་དང་གཞན་ལ་ལྟོས་ནས་རྟག་ཏུ་སྡིག་པ་མི་བྱེད་པའོ། །ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་ནི་ཇི་སྤྱད་
དོ་ཅོག་ཐམས་ཅད་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྤྱོད་ཅིང་སྒྲུབ་པའོ། །ཤེས་རབ་ཀྱི་མིག་རྣམ་པར་དག་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མཁས་པའོ། །བློ་ཤིན་ཏུ་རྣམ་པར་དག་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཕྱིར་རོ། །བློ་རྒྱ་ཆེ་བ་
ནི་ཐེག་པ་ཆེན་པོ་ལ་དམིགས་པའི་ཕྱིར་རོ། །བློ་མ་ཞུམ་པ་ནི་ཐེག་པ་ཆུང་ངུ་ལ་མ་ཕྱོགས་པས་སོ། །བློ་མ་གྱེས་པ་ནི་ལྟ་བ་སྣ་ཚོགས་ལ་ཆགས་པ་མེད་པའི་ཕྱིར་རོ། །བློ་རབ་ཏུ་གསལ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །མངོན་སུམ་དུ་ཤེས་པ་ནི་དུས་གསུམ་ལ་སྒྲིབ་པ་
མེད་པར་ཤེས་པའི་ཕྱིར་རོ། །ཡོན་ཏན་གཞན་ལ་རག་མ་ལུས་པ་ནི་བདག་གིས་ཡོན་ཏན་རྣམས་ཐོབ་པར་བྱ་བ་གཞན་ལ་མི་བརྟེན་ཞིང་གཞན་གྱི་དྲིང་ལ་མི་འཇོག་པའོ། །བདག་གི་ཡོན་ཏན་མི་སྙེམས་པ་ནི་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཞན་
གྱི་ཡོན་ཏན་བརྗོད་པ་ནི་ཕྲག་དོག་མེད་པའི་ཕྱིར་རོ། །ལེགས་པར་བྱ་བའི་ལས་བྱེད་པ་ནི་དགེ་བ་ཤ་སྟག་བྱེད་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་ནི་སྟོང་པ་ཉིད་ཀྱི་ཆོས་རྟོགས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་ལྟ་བའོ། །ལས་ཡོངས་སུ་དག་
པའི་ཡེ་ཤེས་ནི་ལུས་དང་ངག་དང་ཡིད་གསུམ་གྱི་ལས་ཡོངས་སུ་དག་པར་བྱེད་པ་ལ་མཁས་པའོ། །ཡེ་ཤེས་ཀྱི་ཚོགས་རྣམ་པ་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་ཡེ་ཤེས་ཀྱི་ཚོགས་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སྐྱེ་བའི་རྒྱུ་རྣམ་པ་བཞི་ཞེས་བྱ་
བའི་དོན་ཏོ། །སྟན་ནི་སེང་གེའི་ཁྲི་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། ཚིགས་སུ་བཅད་པ་ནི་བསྟོད་པའོ། །ཆོས་བསྡུ་བ་ནི་བདག་ཉིད་ཀྱིས་ཤེས་པར་བྱ་བའི་ཕྱིར་རོ། །གཡོ་མེད་པ་ནི་ཀུ་རེའི་བསམ་པ་མ་ཡིན་གྱི་སྙིང་ཐག་པ་ནས་དང་བའི་སེམས་ཀྱིས་སོ། །
เล่ม ๑๑๔ · หน้า 227b
ཇོ་བོ་བཞིན་དུ་སྲུང་བ་ནི་རྒྱལ་པོ་ལ་ཕངས་ཤིང་གཅེས་པ་བཞིན་དུ་ཆོས་སྨྲ་བ་ཡང་ཕངས་ཤིང་གཅེས་པར་བྱེད་ཅིང་ཆུད་མི་ཟ་བར་སྲུང་བར་བྱེད་པའོ། །ཡང་ན་རྒྱལ་པོའི་འཇིགས་པ་ལས་སྐྱོབ་པར་བྱེད་པའོ། །དགེ་བའི་རྩ་བ་སྲུང་བ་ནི་ཇི་ནས་ཀྱང་ཆོས་སྨྲ་བ་དེའི་དགེ་བའི་རྩ་བ་རྐྱེན་གཞན་གྱིས་བསྐལ་
ནས་ཕངས་པར་མི་འགྱུར་བའི་ཐབས་སྦྱོར་ཞིང་བྱ་བ་བྱེད་པའོ། །ཡུལ་དང་ལྗོངས་ཀྱི་ཕྱོགས་སྲུང་བ་ནི་ཆོས་སྨྲ་བ་དེ་ཡུལ་དང་ལྗོངས་རྒྱུ་བའི་ཚེ་དེ་ཕྱིས་ཀྱི་འཇིགས་པ་སྣ་ཚོགས་ལས་སྐྱོབ་པའོ། །ཕན་པའི་དངོས་པོ་སྲུང་བ་ནི་ཕན་ནོ་ཅོག་དང་སྦྱོར་ལ། གནོད་དོ་ཅོག་ལས་བཟློག་པའོ། །
ཟང་ཟིང་གིས་ཉེ་བར་རྟོན་པ་ནི་བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་གིས་ཕོངས་པ་མེད་པར་ཕན་འདོགས་པའོ། །ཆོས་ཀྱིས་ཉེ་བར་རྟོན་པ་ནི་དེས་བཤད་པའི་དམ་པའི་ཆོས་རིང་དུ་གནས་པར་འགྱུར་བའི་བྱ་བ་བྱེད་པའོ། །ཤེས་རབ་ཀྱིས་ཉེ་བར་རྟོན་པ་ནི་དེའི་ཤེས་རབ་ཉམས་པར་མི་
འགྱུར་བའི་ཐབས་སྣ་ཚོགས་ཤོམ་པའོ། །ཡེ་ཤེས་ཀྱིས་ཉེ་བར་རྟོན་པ་ནི་ཡེ་ཤེས་གོང་ནས་གོང་དུ་སྐྱེ་ཞིང་ཉམས་པར་མི་འགྱུར་བའི་བྱ་བ་བྱེད་པ་སྟེ་སྟོན་པ་ཞེས་བྱ་བ་ནི་རྒྱུ་ལྟ་བུ་ལ་བྱའོ། །མོས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་དང་ཆོས་སྨྲ་བ་ལ་ཡིད་ཆེས་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །
ཐོས་པ་ཚོལ་བ་ནི་རྒྱུན་དུ་ཆོས་ཉན་པ་ཚོལ་པའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི་བདག་དང་གཞན་ལ་ཕན་པའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །མཉམ་པ་ཉིད་ལ་སེམས་ངེས་པར་སེམས་པ་ནི་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་པའོ། །ཐོས་པའི་སྟོབས་ནི་ཉན་པའི་དུས་ན་
ཆོས་རྣམས་རྟོགས་པར་ནུས་པའི་མཐུ་དང་ལྡན་པའོ། །ཆོས་ལ་རབ་ཏུ་དགའ་བའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པར་མོས་པའི་ཚུལ་ཁྲིམས་སོ། །ཆོས་ཡོངས་སུ་ཚོལ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཞིང་ཉན་པ་དང་། ཀློག་པ་དང་འདྲི་བ་ལ་སོགས་པ་བྱེད་པའི་ཚུལ་ཁྲིམས་སོ། །
ཆོས་ལ་ངེས་པར་སེམས་པ་ནི་ཆོས་ཇི་ལྟར་བཙལ་བ་ལ་རིགས་པ་རྣམས་ཀྱིས་འཇལ་བའི་རང་བཞིན་ནོ། །ངན་དུ་བརྗོད་པ་དང་ངན་དུ་སྨྲ་བ་ཞེས་བྱ་བ་ནི་གཅིག་ཏུ་ཆོས་ཚོལ་བ་ལ་འབད་པས་ཆོས་ཚོལ་བའི་ཚེ་གཞན་གྱིས་འཕྱས་བཏགས་ཤིང་མི་སྙན་པར་སྨྲ་བ་རྣམས་བཟོད་པའོ། །ངན་དུ་བརྗོད་
เล่ม ๑๑๔ · หน้า 228a
པ་ནི་ལྐོག་ནས་སྐྱོན་བརྗོད་པའོ། །ངན་དུ་སྨྲ་བ་ནི་དངོས་སུ་སྨྲ་བའོ། །མཁན་པོ་དང་སློབ་དཔོན་དང་མཐུན་པར་འཇུག་པའི་བཟོད་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱིར་དེ་དག་གིས་ཇི་སྐད་བསྒོ་བ་བཞིན་བྱེད་པའི་སྡུག་བསྔལ་བཟོད་པའོ། །ཉན་པའི་བརྩོན་འགྲུས་ནི་གཞུང་
མང་དུ་ཉན་པར་བྱེད་པའི་ཕྱིར་འབད་པའོ། །འཛིན་པའི་བརྩོན་འགྲུས་ནི་མཉན་ནས་དོན་མི་བརྗེད་པར་བྱེད་པའི་ཕྱིར་འབད་པའོ། །བསྟན་པའི་བརྩོན་འགྲུས་ནི་ཇི་ལྟར་མཉན་ཅིང་བཟུང་བའི་ཆོས་གཞན་ལ་བསྟན་པ་ལ་འབད་པར་བྱེད་པའོ། །ནན་ཏན་གྱི་བརྩོན་འགྲུས་ནི་མཉན་པ་དང་
བཟུང་བའི་ཆོས་བསྒོམ་པར་བྱ་བ་ལ་འབད་པར་བྱེད་པའོ། །དབེན་པ་ནི་ལུས་དབེན་པ་ལ་གནས་པ་ཚོལ་བའོ། །རྩེ་གཅིག་པ་ནི་སེམས་དབེན་པ་ལ་ཚོལ་བའོ། །བསམ་གཏན་དང་མངོན་པར་ཤེས་པ་ཚོལ་བ་ནི་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་པའོ། །
སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྒོམ་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་མི་ཚོལ་བའོ། །དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་བདག་མེད་པ་གཉིས་ཁོང་དུ་ཆུད་པའི་མཚན་ཉིད་དོ། །ཆད་པ་ལ་མི་གནས་པ་ནི་ཆད་པར་མི་ལྟ་བའོ། །
རྟག་པ་ལ་མི་འཇུག་པ་ནི་རྟག་པར་མི་འཛིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་ཁོང་དུ་ཆུད་པའོ། །བདག་མེད་པ་ལ་བཟོད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་སྐྲག་པ་མེད་པའོ། །འཇིག་རྟེན་གྱི་
རྗེས་སུ་འཇུག་པ་ནི་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་ཇི་ལྟར་གནས་པ་བཞིན་དུ་གཉི་ག་དང་མཐུན་པར་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་སྒྲས་སྣོད་ཀྱི་འཇིག་རྟེན་དང་མཐུན་པར་བྱེད་པ་བསྟན་ཏོ། །སེམས་ཅན་གྱི་རྗེས་སུ་འཇུག་པ་ནི་སེམས་ཅན་རྣམས་ཀྱི་སེམས་དང་
སྤྱོད་པ་རྣམས་དང་མཐུན་པར་བྱེད་པའོ། །ཆོས་ཀྱི་རྗེས་སུ་འཇུག་པ་ནི་དམ་པའི་ཆོས་དང་མི་འགལ་བར་བྱེད་པའམ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་སྣ་ཚོགས་བསྒྲུབ་པའོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་། མཐུན་
เล่ม ๑๑๔ · หน้า 228b
པའི་ལམ་སྒྲུབ་པར་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སའི་ལམ་ནི་ས་བཅུ་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་ཏེ་དེ་དག་ཉིད་བྱང་ཆུབ་ཐོབ་པར་བྱེད་པའམ། བྱང་ཆུབ་ཏུ་ཕྱིན་
པར་བྱེད་པས་ན་ལམ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དང་། ས་དང་བྱང་ཆུབ་ཀྱི་ཕྱོགས་རྣམས་མཐར་ཕྱིན་ཏེ། ཡོངས་སུ་རྫོགས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པས་དེ་མ་ཐག་པའི་ལམ་ལ་བྱའོ། །ཐོས་པས་མི་ངོམས་པ་ནི་ཐོས་པ་
མང་པོས་ཆོག་མི་ཤེས་པའོ། །བསྟན་པས་མི་ངོམས་པ་ནི་གཞན་ལ་ཆོས་བསྟན་པས་སྐྱོ་བ་མེད་ཅིང་ཆོག་མི་ཤེས་པའོ། །དཔྱོད་པས་མི་ངོམས་པ་ནི་ཆོས་ཀྱི་མཚན་ཉིད་ལས་ཡང་ནས་ཡང་དུ་བརྟག་ཅིང་དཔྱོད་པ་ལ་ཆོག་མི་ཤེས་པའོ། །ཤེས་པས་མི་ངོམས་པ་ནི་ཆོས་ཀྱི་དོན་ཁོང་
དུ་ཆུད་པར་བྱ་བ་དང་། བསམ་པ་དང་བསྒོམ་པ་ལ་ཆོག་མི་ཤེས་པའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་རྣམ་གྲངས་གཞན་བསྟན་པའི་ཕྱིར། གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའི་
གཟུགས་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བ་མ་སྤངས་པའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ནི་དེ་ལྟར་འཁོར་བ་མ་སྤངས་ཀྱང་མྱ་ངན་ལས་འདའ་པ་དང་ཡང་མི་འགལ་ཞིང་། མྱ་ངན་ལས་འདའ་བ་ཡང་མ་ཉམས་པ་སྟེ་མདོར་ན་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པའོ། །སྦྱིན་
པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱི་རྗེས་སུ་འགྲོ་བ་དང་། ཆོས་ཀྱི་རྗེས་སུ་འགྲོ་བ་ཡང་གཞན་མ་ཡིན་གྱི་སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཏེ། །འདི་དག་སྤྱོད་པའི་ཚེ་མི་གནས་པའི་མྱ་ངན་ལས་འདས་པ་དང་མཐུན་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་ལྟའོ་
ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ལ་ཡང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བ་སྟེ་གོང་དུ་བཤད་པའི་ཆོས་དེ་རྣམས་ཅིའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཞེ་ན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་རྩོམ་པ་ཇི་སྙེད་པ་དེ་དག་ཐམས་
เล่ม ๑๑๔ · หน้า 229a
ཅད་ཡེ་ཤེས་ཀྱི་ཚོགས་ཀྱི་གྲུབ་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་རྩོམ་པ་ནི་ཡེ་ཤེས་ཀྱི་ཚོགས་དོན་ཉུང་ཞིང་བྱ་བ་ཉུང་བ་ལ་སོགས་པའི་གོང་དུ་སྨོས་པ་རྣམས་ལ་བྱ་སྟེ། དེ་རྣམས་ལས་ཀྱང་དན་ཉུང་བ་ནས་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པའི་བར་དུ་ནི་རྒྱུའི་རྩོམ་པའོ། །ཡེ་ཤེས་
ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་ནས་བརྩམས་ཏེ། མངོན་སུམ་དུ་ཤེས་པའི་བར་དུ་ནི་རང་བཞིན་གྱིས་རྩོམ་པའོ། །ཡོན་ཏན་གཞན་ལ་རག་མ་ལུས་པ་ནས་བརྩམས་ཏེ། ལས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་བར་དུ་ནི་འབྲས་བུའི་རྩོམ་པ་སྟེ། མིང་གིས་སྨོས་པའི་རྩོམ་པ་དེ་དག་ཀུན་ཐམས་
ཅད་མཁྱེན་པའི་ཡེ་ཤེས་ལ་དམིགས་པ་ལས་བྱུང་བ་ཡེ་ཤེས་ཀྱི་གྲུབ་པ་ཞེས་བྱའོ། །གཉིས་སུ་ན་ཡེ་ཤེས་བསྒྲུབ་པ་ཞེས་ཀྱང་བྱ་སྟེ། རྩོམ་པ་དེ་དག་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ། །ཡེ་ཤེས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་གཙོ་བོར་
བྱེད་པའོ། །ཡེ་ཤེས་ལ་རྟོན་པ་ནི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྒྲུབ་པའམ། ཡེ་ཤེས་དེ་ལ་རྟོན་པ་འམ་ཡེ་ཤེས་དང་མཐུན་པར་བྱེད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པ་ནི་དེ་ལ་དམིགས་པའི་སྒོ་ནས་གནས་པའོ། །ཡེ་ཤེས་དང་ལྡན་པ་ཐམས་ཅད་རྟོན་པ་ཡིན་ཞེས་
པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཤེས་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་རྟོན་པ་ཡིན་ཏེ། དེ་ལ་བརྟེན་ཞིང་འདྲིས་པར་བྱེད་པའི་གནས་ཡིན་ཞེས་པའི་དོན་ཏོ། །བདུད་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བའི་སྐབས་མི་རྙེད་
པར་འགྱུར་རོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་གང་ཟག་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་བའོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཞེས་བྱ་བ་ནི་ཡོན་ཏན་ལས་མི་ཉམས་པར་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་པར་མཛད་པའོ། །
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་བྱེད་དེ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་བའི་རྒྱུ་དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་མི་ཟད་པ་བཤད་ཟིན་ཏོ།། །།བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བཞི་བཅུར་གཅིག་
เล่ม ๑๑๔ · หน้า 229b
མེད་པས་བཤད་དེ། རང་གི་གནས་དང་ཤིན་ཏུ་ཚོར་བ་དང་ཤིན་ཏུ་གནས་པ་དང་ཤིན་ཏུ་རྣམ་པར་བྱང་བ་དང་། བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། བརྩོན་འགྲུས་ཐོབ་པ་དང་། བརྩོན་འགྲུས་ཤིན་ཏུ་བརྟན་པ་དང་། མོས་པ་ལ་ཤིན་ཏུ་
གནས་པའི་བརྩོན་འགྲུས་དང་། བརྩོན་འགྲུས་ལ་ཤིན་ཏུ་གནས་པ་དང་། སེམས་ལ་ཤིན་ཏུ་གནས་པ་དང་། དཔྱོད་པ་ལ་ཤིན་ཏུ་གནས་པ་དང་། དད་པའི་མཆོག་དང་། བརྩོན་འགྲུས་ཀྱི་མཆོག་དང་། དྲན་པའི་མཆོག་དང་། ཏིང་ངེ་འཛིན་གྱི་མཆོག་དང་། ཤེས་རབ་ཀྱི་མཆོག་
དང་། དད་པ་མི་ཚུགས་པ་དང་། བརྩོན་འགྲུས་མི་ཚུགས་པ་དང་། དྲན་པ་མི་ཚུགས་པ་དང་། ཏིང་ངེ་འཛིན་མི་ཚུགས་པ་དང་། ཤེས་རབ་མི་ཚུགས་པ་དང་། དྲན་པ་ཤིན་ཏུ་འབྲེལ་པ་དང་། རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་པ་དང་། བརྩོན་འགྲུས་ཤིན་ཏུ་འབྲེལ་པ་དང་། དགའ་
བ་ཤིན་ཏུ་འབྲེལ་པ་དང་། བག་ཡངས་ཤིན་ཏུ་འབྲེལ་པ་དང་། ཏིང་ངེ་འཛིན་ཤིན་ཏུ་འབྲེལ་པ་དང་། བཏང་སྙོམས་ཤིན་ཏུ་འབྲེལ་པ་དང་། རྣམ་པར་མི་རྟོག་པ་དང་། ཤིན་ཏུ་རྟོག་པ་དང་། དུལ་བ་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཤིན་ཏུ་འབྱུང་བ་དང་། དགའ་བ་དང་ལྡན་པ་
དང་། མཐུ་ཆེ་བ་དང་། བསྡུས་པའི་རྣལ་འབྱོར་ལ་ཞུགས་པ་དང་། སྤྲོས་པའི་རྣལ་འབྱོར་ལ་ཞུགས་པའོ། །དེ་ལ་རང་གི་གནས་དང་། ཤིན་ཏུ་ཚོར་བ་དང་། ཤིན་ཏུ་གནས་པ་དང་། ཤིན་ཏུ་རྣམ་པར་བྱང་བའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའི་
ཚུལ་ལ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དྲན་པ་ཉེ་བར་གཞག་པ་བཞི་ནས་སྟོབས་ལྔའི་བར་གྱིས་ནི་མཐོང་བའི་ལམ་ལ་སྦྱོར་བར་བྱེད་པ་ཡིན་པས་བསྡུས་པའི་དོན་སྦྱོར་བའི་ལམ་བསྟན་པར་སྦྱར་རོ། །གཞན་ཡང་ཞེས་བྱ་བ་ནི་
เล่ม ๑๑๔ · หน้า 230a
གོང་དུ་བཤད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བའི་དྲན་པ་ཉེ་བར་གཞག་པ་ནི་དྲན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བར་གཞག་པ་སྟེ། དྲན་པ་ནི་ཤེས་རབ་པོ། །ཉེ་བར་གཞག་པ་ནི་ཏིང་ངེ་འཛིན་ཏོ། །དེ་གཉིས་ཀྱིས་བསྒོམ་
པའི་ཡུལ་བཞི་ཡོད་པས་དྲན་པ་ཉེ་བར་གཞག་པ་བསྒོམ་པའོ། །དེ་དག་བསྒོམ་པ་མི་ཟད་པ་ཡང་སེམས་ཅན་རྣམས་ཀྱི་ལུས་དང་། ཚོར་བ་དང་། སེམས་དང་ཆོས་རྣམས་མི་ཟད་པའི་ཕྱིར་དེ་སྒོམ་པར་བྱེད་པའི་དྲན་པ་ཉེ་བར་གཞག་པ་ཡང་མི་ཟད་པའོ། །དེ་ལ་རང་གི་གནས་ཀྱི་བྱང་
ཆུབ་སེམས་དཔའ་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་ཞུགས་པ་ཡིན་ཏེ། ལུས་ཐམས་ཅད་དང་ཡང་བྲལ་བར་གྱུར་ལ། མཚན་དང་དཔེ་བྱད་ཀྱི་ལུས་ཀྱང་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་
དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གོང་དུ་མདོར་སྨོས་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལུས་ནི་གང་། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གང་། དྲན་པ་ནི་གང་། དྲན་པ་ཉེ་བར་གཞག་པ་ནི་གང་ཞེ་ན། སྨྲས་པ་ལུས་ནི་རྣམ་པ་སུམ་ཅུ་རྩ་ལྔ་
ཡོད་དེ། འདི་ལྟ་སྟེ། ནང་གི་དང་ཕྱི་རོལ་གྱི་དང་། དབང་པོས་ཟིན་པ་དང་། དབང་པོས་ཟིན་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་། གནས་ངན་ལེན་དང་ལྡན་པ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པ་དང་། འབྱུང་བའི་ལུས་དང་།
འབྱུང་བ་ལས་གྱུར་པའི་ལུས་དང་། མིང་གི་ལུས་དང་། གཟུགས་ཀྱི་ལུས་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། ཡི་དགས་ཀྱི་ཡུལ་དང་། མིའི་དང་། ལྷའི་དང་། རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ་མེད་པ་དང་། ནང་གི་ལུས་
དང་། ཕྱི་རོལ་གྱི་ལུས་དང་། ཡོངས་སུ་གྱུར་པ་དང་། ཡོངས་སུ་མ་གྱུར་པ་དང་། བུད་མེད་ཀྱི་ལུས་དང་། སྐྱེས་པའི་ལུས་དང་། མ་ནིང་གི་ལུས་དང་། མཛའ་བཤེས་ཀྱི་ལུས་དང་། དགྲ་བོའི་ལུས་དང་། ཐ་མལ་པའི་ལུས་དང་། ལུས་ངན་པ་དང་། ལུས་འབྲིང་དང་། ལུས་
เล่ม ๑๑๔ · หน้า 230b
བཟང་པོའི་ལུས་དང་། གཞོན་ནུའི་ལུས་དང་། ལང་ཚོའི་ལུས་དང་། རྒན་པོའི་ལུས་ཏེ། དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། དེ་ལ་རྗེས་སུ་ལྟ་བ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་དབང་དུ་བྱས་ནས་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་
བའི་ཤེས་རབ་གང་ཡིན་པ་སྟེ། ཤེས་རབ་དེས་ལུས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཁོ་ནར་ཉེ་བར་རྟོག་པར་བྱེད་ཅིང་། ཀུན་ཏུ་རྟོག་པར་བྱེད། རྗེས་སུ་འཇུག་པར་བྱེད། རྗེས་སུ་རྟོག་པར་བྱེད་པའོ། །དེ་ལ་དྲན་པ་ནི་དེས་ལུས་ཀྱི་དབང་དུ་བྱས་ནས་ཆོས་གང་དག་གཟུང་བའི་
ཆོས་ད་དག་ཁོ་ནའི་དོན་བསམ་པ་གང་ཡིན་པ་དང་། གང་དག་བསྒོམས་པས་མངོན་སུམ་དུ་བྱ་བའི་ཚིག་འབྲུ་དང་། དོན་དང་མངོན་སུམ་དུ་བྱས་པ་དེ་སེམས་ཀྱིས་མི་བརྗེད་པ་གང་ཡིན་པའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནི་བདག་གི་ཆོས་དེ་དག་ལེགས་པར་གཟུང་ངམ། འོན་ཏེ་མ་
ཡིན། ཤེས་རབ་ཀྱིས་དེ་དང་དེ་དག་ལ་ལེགས་པར་བརྟགས་སམ་འོན་ཏེ་མ་ཡིན། རྣམ་པར་གྲོལ་བ་དེ་དང་དེ་དག་ལེགས་པར་རེག་པར་བྱས་སམ། འོན་ཏེ་མ་ཡིན་ཞེས་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་ཡང་དྲན་པ་ཀུན་དུ་བསྲུང་བ་དང་། ཡུལ་
གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང་། དམིགས་པ་ལ་ཉེ་བར་གཏོད་པའི་ཕྱིར་དྲན་པ་ཉེ་བར་འཇོག་པ་ཡིན་ཏེ། དེ་ལ་དྲན་པ་ཀུན་དུ་བསྲུང་བ་ནི་དྲན་པ་ཀུན་དུ་བསྲུང་པ་དང་། དྲན་པ་ལ་རྟག་འགྲུས་མེད་པ་ཡིན་ནོ། །དེ་ལ་ཡུལ་གྱི་ཀུན་ནས་ཉོན་མོངས་པ་མེད་པ་ནི་དྲན་པས་ཡིད་ཀུན་དུ་བསྲུང་
བ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་དང་། མཚན་མར་མི་འཛིན་པ་དང་། མངོན་རྟགས་སུ་མི་འཛིན་པ་དང་། ཡིད་ཀྱི་དབང་པོ་བསྲུང་བ་དང་། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་དམིགས་པ་ལ་ཉེ་བར་གཏོད་པ་ནི་དམིགས་པ་རྣམ་པ་
བཞི་པོ་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་། དཔྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་དྲན་པ་ཉེ་བར་གཏོད་པ་ཡིན་ཏེ། རྒྱུ་གསུམ་པོ་དེ་དག་གིས་དྲན་པ་ལེགས་པར་ཉེ་བར་གཞག་པ་ཉིད་
เล่ม ๑๑๔ · หน้า 231a
གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན་ཞེས་བྱ་བ་ནི་དྲིས་པའོ། །དྲིས་པའི་ལན་གདབ་པའི་ཕྱིར་དེ་རང་གི་ལུས་དང་གཞན་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རང་གི་ལུས་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལུས་སོ། །གཞན་གྱི་ལུས་ནི་སེམས་ཅན་རྣམས་ཀྱི་ལུས་སོ། །ཡང་ན་རང་གི་ལུས་ནི་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་ལུས་ཀྱི་དབང་པོས་ཟིན་པའི་གཟུགས་སོ། །གཞན་གྱི་ལུས་ནི་གཟུགས་དང་
སྒྲ་ལ་སོགས་པའི་ཕྱིར་སྐྱེ་མཆེད་རྣམས་སོ། །ལུས་ཀྱི་རྗེས་སུ་ལྟ་བ་ནི་ཤེས་རབ་སྟེ་རང་དང་གཞན་གྱི་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་གང་ཡིན་པ་ལ་རྟོག་པར་བྱེད་པའོ། །གནས་པ་ནི་ཏིང་ངེ་འཛིན་ཏེ་ཤེས་རབ་ཀྱིས་བརྟགས་པའི་ཆོས་དེ་ལ་རྒྱུན་དུ་དམིགས་པའོ། །དེ་ལྟར་ཤེས་རབ་ཀྱིས་རྟོག་ཅིང་ཏིང་ངེ་
འཛིན་གྱིས་དམིགས་པ་བསྟན་པའི་ཕྱིར་རོ། །ལུས་ཀྱི་སྔོན་གྱི་མཐའ་ལ་ཡང་རྟོག་ལུས་ཀྱི་ཕྱི་མའི་མཐའ་ལ་ཡང་རྟོག་ཅེས་བྱ་བ་གསུངས་ཏེ། ལུས་ཀྱི་སྔོན་གྱི་མཐའ་ནི་ལུས་དང་པོ་མའི་མངལ་དུ་བྱུང་བའི་དུས་ཏེ། དེ་ལ་ལུས་འདི་ལ་ཡང་ཕྱིན་ཅི་ལོག་གིས་རྒྱུ་བྱས་ཤིང་ཕ་མའི་ཁུ་བ་དང་ཁྲག་ལ་
སོགས་པ་བྱུང་བ་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པའི་མཚན་ཉིད་དོ་ཞེས་སྔོན་ཇི་ལྟར་གྱུར་པ་ལ་རྟོག་པའོ། །ལུས་ཀྱི་ཕྱི་མའི་མཐའ་ནི་རྒ་བ་དང་འཆི་བ་སྟེ། ལུས་འདི་མཐར་རྒས་ཤིང་འཆི་བ་དང་། ཀེང་རུས་ལ་སོགས་པར་འགྱུར་རོ་ཞེས་རྟོག་པའོ། །ལུས་ཀྱི་ད་ལྟར་བྱུང་བ་ནི་ད་ལྟར་དངོས་
སུ་གནས་པའི་ལུས་ཏེ། དེ་ལ་ཡང་བཀྲུ་བ་དང་མཉེ་བ་དང་བཟའ་བ་དང་། བགོ་བ་ལ་སོགས་པས་བསྐྱང་དགོས་སོ་ཞེས་རྟོག་པའོ། །དུས་གསུམ་གྱི་ལུས་ལ་རྟོག་པ་དེ་ཉིད་དོན་རྒྱས་པར་བསྟན་པའི་ཕྱིར། ཀྱེ་མ་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུང་སྟེ། དེ་ཡང་དབུགས་དབྱུང་དུ་མེད་
པ་དང་། ལས་དང་ཉོན་མོངས་པ་ལས་བྱུང་བ་དང་། གང་ཟག་གི་དངོས་པོ་མེད་པ་དང་། ཆོས་ཀྱི་དངོས་པོ་མེད་པ་དང་། དཔེ་དང་བཅས་བས་བསྟན་ཏོ། །དེ་ལ་ཀྱེ་མ་ཞེས་བྱ་བས། དབུགས་དབྱུང་དུ་མེད་པ་བསྟན་ཏེ། ལུས་འདི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་འབྱུང་གནས་ཡིད་ལ་སྡུག་བསྔལ་
เล่ม ๑๑๔ · หน้า 231b
བར་གྱུར་ན་ཡང་དེ་ལས་བཟློག་པའི་སྐབས་མེད་པས། ཀྱེ་མའོ་ཞེས་གསུངས་ཏེ། དེ་ནི་ཡི་ཆད་པ་དང་མི་དགའ་བའི་ཚིག་གོ། །ཕྱིན་ཅི་ལོག་ལས་བྱུང་ཞེས་བྱ་བ་ལས་དང་ཉོན་མོངས་པ་ལས་བྱུང་བ་བསྟན་ཏེ། ལྟ་བ་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་ལས་བྱུང་
བ་དང་། ལས་དང་ཉོན་མོངས་པའི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའོ། །ཚོར་བ་མེད་པ་དང་། བྱེད་པ་མེད་པ་ཞེས་བྱ་བ་ལ་སོགས་པས་གང་ཟག་གི་དངོས་པོ་མེད་པ་བསྟན་ཏེ། ལུས་དེའི་ནང་དུ་ན་མུ་སྟེགས་ཅན་དག་གིས་བཏགས་པའི་བདག་མེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ཀྱིས་བྱུང་བ་སྟེ་ཞེས་བྱ་
བས་ཆོས་ཀྱི་དངོས་པོ་མེད་པ་བསྟན་ཏེ། ལུས་ཉིད་ཀྱང་སྒྱུ་མ་བཞིན་དུ་རྒྱུ་རྐྱེན་གྱི་མཐུ་ལས་བྱུང་ནས་རྨི་ལམ་ན་སྣང་བ་ཙམ་དུ་སྣང་བར་ཟད་ཀྱི་ཡོད་པ་མ་ཡིན་ཞེས་རྟོག་པར་སྦྱར་རོ། །འདི་ལྟ་སྟེ་དཔེར་ན་ཕྱི་རོལ་གྱི་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏེ། ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་འང་རྒྱུ་
རྐྱེན་ལས་བྱུང་ཞིང་བདག་དང་བྱེད་པ་པོ་མེད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་སྟེ་རྒྱུ་རྐྱེན་ལས་བྱུང་བ་དང་བདག་དང་བྱེད་པ་པོ་མེད་པར་འདྲ་བའོ། །ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཙམ་ཞེས་བྱ་བའི་དོན་ཏོ། །མི་གཡོ་བ་
འམ། མི་གནོད་པ་འམ། མི་འགྱུར་བའི་ཆོས་ཅན་གྱིས་སྟོང་སྟེ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་བདག་མི་གཡོ་མི་གནོད་མི་འགྱུར་ཞེས་བྱ་བ་དེ་ལྟ་བུའི་དངོས་པོ་མེད་པའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟག་པ་དང་བརྟན་པ་ལ་སོགས་པ་ནི་བདག་ཏུ་བཏགས་པའི་མཚན་ཉིད་དེ། ལུས་དེ་ལྟ་བུའི་
མཚན་ཉིད་མ་ཡིན་པས་ན་ཆོས་ཅན་གྱིས་སྟོང་པའོ། །དེ་ལ་རྟག་པ་ནི་མི་རྟག་པ་མེད་པའི་ཕྱིར་རོ། །བརྟན་པ་ནི་སྐད་ཅིག་མ་འཇོག་པ་མེད་པའི་ཕྱིར་ཏེ། དུས་གཞན་ཡང་གནས་པའོ། །ཐེར་ཟུག་ནི་རྒྱུད་འཇམ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་ཕན་པའི་དངོས་པོས་ཕན་པར་གྱུར་པ་མེད་
པའོ། །མི་གནོད་པ་ནི་སྡུག་བསྔལ་གྱིས་གནོད་པ་མེད་པའོ། །མི་འགྱུར་བའི་ཆོས་ཅན་ནི་མི་འདྲ་བ་དུ་མར་གྱུར་པ་མེད་པའོ། །ཡང་ན་ནི་མི་གཡོ་བས་རྟག་པའོ། །མི་འགྱུར་བས་ན་ཐེར་ཟུག་པའོ། །ལུས་འདི་ལ་བདག་གིར་མི་བྱའོ་ཞེས་བྱ་བ་ལ་ལུས་འདི་ཞེས་བྱ་བ་ནི་བྱང་ཆུབ་
เล่ม ๑๑๔ · หน้า 232a
སེམས་དཔའ་ཉིད་ཀྱི་ལུས་ལ་བསྙེགས་སོ། །བདག་གིར་མི་བྱ་ཞེས་བྱ་བ་ནི་ལུས་དེ་ལ་བདག་གི་དོན་དུ་མི་བྱའོ། །ཡང་ན་ལུས་དེ་ལ་ཆགས་པར་མི་བྱའོ། །ཡང་ན་ལུས་དེ་ལ་བདག་ཏུ་འཛིན་པར་མི་བྱ་སྟེ། འདི་ནི་ལུས་ཐམས་ཅད་དང་བྲལ་བར་གྱུར་པའོ། །
བདག་གི་སྙིང་པོ་མེད་པའི་ལུས་འདིས་སྙིང་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་ཞེས་བྱ་བ་ལ་བདག་གི་ལུས་སྙིང་པོ་མེད་པ་ནི་ཕ་མའི་མི་གཙང་བ་དང་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལས་བྱུང་བ་དང་། བདག་དང་སེམས་ཅན་དང་། ཆོས་ཀྱི་དངོས་པོ་མེད་པས་སྙིང་པོ་མེད་པ་སྟེ། སྙིང་
པོ་མེད་པ་དེ་ལ་བརྟེན་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མངོན་པར་འཚང་རྒྱ་ཞེས་བྱ་བ་ནི་སྙིང་པོའི་ཆོས་དེ་མངོན་སུམ་དུ་བྱ་ཞིང་ཐོབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྙིང་པོའི་ཆོས་ནི་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །གང་འདི་
དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བས་སྐུ་གསུམ་ཆར་ལ་བྱ་བར་འདོད་དོ། །བདག་གི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ནས་བརྩམས་ཏེ། བསྒྲུབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཀྱིས་ཐོབ་པར་བྱ་བ་བསྟན་ཏོ། །ཆོས་ཀྱི་སྐུ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། ཕ་རོལ་ཏུ་
ཕྱིན་པའི་འབྲས་བུར་གྱུར་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་པ་དང་། དེ་གཉིས་ཀྱིས་མི་ཚུགས་པ་དང་། དུས་ཐམས་ཅད་དུ་གནས་པ་དང་། ཐམས་ཅད་ལས་འཕགས་པར་གྱུར་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བས་ས་དང་ཕ་རོལ་ཏུ་ཕྱིན་པའི་འབྲས་
བུར་གྱུར་པ་བསྟན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་དེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་བསྒྲུབ་པའི་རྒྱུ་ལས་བྱུང་བའི་སྐུ་ཡིན་པས་སོ། །རྡོ་རྗེའི་སྐུ་ཞེས་བྱ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཇོམས་པར་བསྟན་ཏེ། རྡོ་རྗེ་བཞིན་དུ་བདག་མེད་པའི་མཚན་ཉིད་
ཀྱི་སྐུ་དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་རོ། །མི་ཤིགས་པའི་སྐུ་ཞེས་བྱ་བས་དེ་གཉིས་ཀྱིས་མི་ཚུགས་པ་བསྟན་ཏོ། །ཆོས་ཀྱི་སྐུ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གློ་བུར་གྱིས་མི་གོས་པའི་ཕྱིར་རོ། །བརྟན་པའི་སྐུ་ཞེས་བྱ་བས་དུས་
เล่ม ๑๑๔ · หน้า 232b
ཐམས་ཅད་དུ་གནས་པ་བསྟན་ཏེ། ནམས་ཀྱང་ཉམས་པ་མེད་ཅིང་འཁོར་བ་ཇི་སྲིད་ཀྱི་བར་དུ་ཡང་གནས་པའི་ཕྱིར་རོ། །ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཞེས་བྱ་བས་ཐམས་ཅད་ལས་འཕགས་པར་གྱུར་པ་བསྟན་ཏོ། །ཁམས་གསུམ་ཐམས་ཅད་ལས་འཕགས་པ་ཉན་
ཐོས་ཀྱིས་རྣམ་པར་གྲོལ་བའི་སྐུ་ལས་ཀྱང་ཁྱད་པར་འཕགས་པའི་ཕྱིར་རོ། །བདག་གི་ལུས་ཉེས་པ་དུ་མ་ཞེས་བྱ་བ་ལ་སོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་བསྟན་ཏེ། བདག་གི་ལུས་ཉེས་པ་དུ་མའི་སྐྱོན་ཆགས་ཞེས་བྱ་བ་ནི་སྔོན་ཡང་ལས་དང་ཉོན་མོངས་པ་དང་། ཕ་མའི་
མི་གཙང་བ་ལས་བྱུང་ཞིང་། བྱུང་ནས་ཀྱང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེ་བ་དང་། སྡུག་བསྔལ་སྣ་ཚོགས་འབྱུང་བའི་རྟེན་དུ་གྱུར་པས་ཉེས་པ་དུ་མའི་སྐྱོན་དང་ལྡན་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ནི་ལུས་དེ་ལ་ཡོན་ཏན་ཡང་འབྱུང་བར་སྟོན་པ་སྟེ། ཡོན་ཏན་འབྱུང་བས་
སྐྱོན་ཅན་དེ་ལ་བརྟེན་ནས་ཞེས་བྱ་བར་དྲང་ངོ་། །དེ་བཞིན་གཤེགས་པའི་སྐུ་ཉེས་པ་ཐམས་ཅད་དང་བྲལ་བ་ཐོབ་པར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཐོབ་པར་བྱའོ། །དེས་ཕན་ཡོན་མཐོང་བས་ན་སོ་སོར་
རྟོག་པའི་སྟོབས་ཀྱིས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་སྤོང་སྟེ་ཞེས་བྱ་བ་ནི་ལུས་སྙིང་པོ་མེད་པ་འདི་སྤྱད་ལེགས་ན་འོག་ནས་འབྱུང་བའི་ཕན་ཡོན་ནམ། ཡོན་ཏན་འབྱུང་བར་མཐོང་བར་སོ་སོར་རྟོག་པའི་སྟོབས་ཀྱིས་ས་ཆུ་མེ་རླུང་ལ་སོགས་པ་སེམས་ཅན་གྱི་གསོས་སུ་གྱུར་པ་འོག་ནས་བཤད་
པ་བཞིན་དུ་བདག་གི་ལུས་ཀྱང་དེ་ལྟར་ཟད་པར་སྤྱད་དོ་ཞེས་བྱ་བའི་དོན་ཏོ། །བདག་གི་ལུས་འདི་ཡང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ཇི་ཡོད་པ་རྣམས་བྱེད་པ་ལ་ལུས་འདི་ཟད་པར་བྱ། མཐར་བྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྒོ་སྣ་ཚོགས་ནི་སེམས་
ཅན་རྣམ་པ་མང་པོ་རྣམ་པ་དུ་མའི་སྒོས་སོ། །རྣམ་པ་སྣ་ཚོགས་ནི་རྨོ་བ་དང་དཔུང་བ་ལ་སོགས་པའི་རྣམ་པས་སོ། །དམིགས་པ་སྣ་ཚོགས་ནི་སེམས་ཅན་དེ་དག་གི་ལ་ལས་ཇིར་དམིགས། ལ་ལས་ཇིར་དམིགས་པར་བྱེད་པའི་ཕྱིར་རོ། །རྣམ་གྲངས་སྣ་ཚོགས་པ་ནི་རྨོ་བ་དང་རྐོ་བ་ལ་སོགས་
เล่ม ๑๑๔ · หน้า 233a
པ་ཡང་ལ་ལས་ཇི་ལྟར་ལ་ལས་ཇི་ལྟར་ཏེ། མི་མཐུན་པ་དུ་མར་བྱེད་པའི་ཕྱིར་རོ། །ཡོ་བྱད་སྣ་ཚོགས་ནི་ཁ་ཅིག་གི་གནས། ཁ་ཅིག་གིས་བགོ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་སྣ་ཚོགས་ནི་བཟའ་བ་དུ་མ་དང་། བཏུང་བ་དུ་མའི་དངོས་པོ་བྱེད་
པས་སོ། །ཡོངས་སུ་སྤྱོད་པར་གྱུར་པ་ནི་གནས་ལ་སོགས་པར་གྱུར་པས་སོ། །ལོངས་སྤྱོད་དུ་གྱུར་པ་ནི་བཟའ་བ་ལ་སོགས་པར་འགྱུར་བར་རོ། །དེས་དོན་གྱི་དབང་ནི་མཐོང་ནས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེས་ལུས་དེ་ལ་གོང་དུ་བཤད་པ་ལྟ་བུའི་དོན་གྱི་དབང་མཐོང་ནས་
ཞེས་བྱ་བའི་དོན་ཏོ། །ལུས་ལ་སྡུག་བསྔལ་བར་ཡང་རྟོག་ཅིང་ཞེས་བྱ་བ་ནི་ལུས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང་ལྡན་པར་རྟོག་པའོ། །སེམས་ཅན་ལ་ལྟ་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི།
སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་སྡུག་བསྔལ་དང་ལྡན་པའི་ལུས་ཀྱིས་ཀྱང་སྐྱོ་བ་མེད་དེ། ལུས་འདོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་སྡུག་བསྔལ་བར་རྟོག་པ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་གྲངས་མེད་པ་དང་ལྡན་པར་རྟོག་པའོ། །ལུས་ལ་མི་རྟག་པར་རྟོག་པ་ནི་ལུས་
འདི་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་ལྡན་པར་རྟོག་པའོ། །ཤི་འཕོས་པས་ཀྱང་ཡོངས་སུ་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི། སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་ཞིང་འཆི་འཕོ་བསྟན་པས་ཀྱང་མི་སྐྱོ་སྟེ། སྐྱེ་བ་དང་འཆི་འཕོ་ཡང་མི་གཏོང་བའོ། །ལུས་ལ་བདག་མེད་པར་རྟོག་ཅིང་ཞེས་བྱ་བ་ནི་
ལུས་འདི་ལ་མུ་སྟེགས་ཀྱིས་བརྟགས་པའི་བདག་དང་། སེམས་ཅན་མེད་པ་ཡང་ཁོང་དུ་ཆུད་ཅིང་བྱ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟར་བདག་དང་སེམས་ཅན་མེད་པར་ཡང་རྟོག་མོད་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་
བྱ་བའི་ཕྱིར་ཡང་མི་སྐྱོ་སྟེ། སེམས་ཅན་གྱི་དོན་ཀྱང་མི་གཏོང་ངོ་། །ལུས་ལ་ཞི་བར་རྟོག་ཅིང་ཞེས་བྱ་བ་ནི་ལུས་འདི་ཆོས་ཀྱི་དངོས་པོས་ཀྱང་སྟོང་པར་ཁོང་དུ་ཆུད་ཅིང་ཞེས་བྱ་བའི་དོན་ཏོ། །ལུས་ཞི་བའི་ཕྱིར་བཏང་སྙོམས་སུ་ཡང་མི་ལྟུང་ཞེས་བྱ་བ་ནི་ལུས་ཀྱི་སྟོང་པ་ཉིད་དུ་ཡང་མི་ལྟུང་
เล่ม ๑๑๔ · หน้า 233b
བ་འམ། ལུས་དང་སེམས་སྦྱང་བར་བྱ་བའི་ཕྱིར་དང་། དགེ་བའི་རྩ་བ་བསགས་པའི་ཕྱིར་བཏང་སྙོམས་སུ་ཡང་མི་འཇོག་པའོ། །དབེན་པར་ཡང་རྟོག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཡིན་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །མི་ལྟུང་ཞེས་བྱ་བ་ནི་དེ་དག་ལ་མི་གནས་ཤིང་དེ་དག་
མངོན་སུམ་དུ་མི་བྱེད་པ་སྟེ། སླ་བ་དང་གོང་དུ་བཤད་པ་རྣམས་ནི་མ་བཤད་དོ། །ཚོར་བ་མེད་པ་ནི་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་མྱོང་བར་བྱེད་པའི་ཚོར་བ་པོ་མེད་པའོ། །བྱེད་པ་མེད་པ་ནི་དབང་ཕྱུག་ལ་སོགས་པ་ལུས་སྐྱེད་པར་བྱེད་པའི་བྱེད་པ་པོ་
མེད་པའོ། །བདག་པོ་མེད་པ་ནི་ནང་ན་གནས་པའི་སྐྱེས་བུ་མེད་པའོ། །ལུས་འཛིན་པ་མེད་པ་ནི་དེ་ལས་གཞན་པའི་བདག་ལུས་ལ་བྱིན་གྱིས་བརླབ་པ་མེད་པ་སྟེ། ཚིག་དེ་དག་གིས་གང་ཟག་གི་དངོས་པོ་མེད་པར་བསྟན་ཏོ། །ལུས་དབྱེར་མེད་པ་ཞེས་བྱ་བ་ནི་ལུས་ཀྱི་ཆོས་ཉིད་ལ་ཐ་དད་པ་མེད་པས་
སོ། །ལུས་རོ་གཅིག་པ་ནི་ལུས་ཀྱི་ཆོས་ཉིད་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་སོ། །ལུས་ནམ་མཁའི་ངོ་བོ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ནམ་མཁའ་དངོས་པོ་མེད་ཅིང་ཐམས་ཅད་དུ་སོང་བ་དེ་བཞིན་དུ་ལུས་ཀྱང་དངོས་པོ་མེད་ཅིང་ཐམས་ཅད་དུ་སོང་བའི་ཕྱིར་རོ། །ལུས་རང་བཞིན་གྱིས་ཡོངས་སུ་མྱ་
ངན་ལས་འདས་ཞེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་དང་མ་འདྲེས་པ་སྟེ། ཚིག་དེ་དག་གིས་ནི་ཆོས་ཀྱི་དངོས་པོ་མེད་པར་བསྟན་ཏོ། །མི་ལྟུང་བ་ནི་སྟོང་པའི་ཆོས་དེ་མངོན་སུམ་དུ་མི་བྱེད་པའོ། །དེ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་
བྱང་ཆུབ་སེམས་དཔའ་དེའོ། །ལུས་རྫས་དང་སྙིང་པོ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་དེ་ལྟར་ལྟ་ཞིང་གནས་པ་ན་ལུས་འདི་ལ་རྫས་ཡོད་པ་དང་། སྙིང་པོ་ཡོད་པར་མི་མཐོང་བའོ། །དེ་ལ་རྫས་ཡོད་པར་མི་མཐོང་བ་ནི་དངོས་པོ་ཡོད་པར་མི་མཐོང་བའོ། །སྙིང་པོ་ཡོད་པར་མི་མཐོང་བ་ནི་
མཆོག་དང་དམ་པ་ཡིན་པར་མི་མཐོང་བའོ། །དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་དོན་ཏོ། །ནང་གི་ལུས་ནི་བདག་གི་རྒྱུད་དུ་གཏོགས་པའི་ལུས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གོང་དུ་བཤད་པ་ལྟར་བདག་གི་ལུས་
เล่ม ๑๑๔ · หน้า 234a
ལ་ཤེས་རབ་ཀྱིས་སྟོང་པ་དང་། བདག་མེད་པར་ལྟ་བའོ། །གནས་པ་ནི་དེའི་འོག་ཏུ་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་འཇོག་པའོ། །གནས་པས་ཞེས་བྱ་བ་ནི་གནས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བར་སྦྱར་རོ། །ནང་ན་གནས་པའི་ཉོན་མོངས་པ་རྣམས་ཀྱི་
སྐབས་མི་འབྱེད་དོ་ཞེས་བྱ་བ་ནི་ལུས་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་སྐྱེ་བའི་སྐབས་མེད་པར་བྱེད་པའོ། །ཕྱི་རོལ་གྱི་ནི་སེམས་ཅན་གཞན་གྱི་རྒྱུད་དུ་གཏོགས་པའི་ལུས་སོ། །ལུས་ཀྱི་རྗེས་སུ་ལྟ་བ་ནི་གོང་མ་བཞིན་དུ་གཞན་གྱི་ལུས་ལ་དངོས་པོ་མེད་པ་དང་། སྟོང་པར་ལྟ་བའོ། །ཕྱི་
རོལ་གྱི་རྗེས་སུ་སོང་བའི་ཉོན་མོངས་པ་དང་། ལྷན་ཅིག་མི་གནས་པ་ནི་གཞན་གྱི་ལུས་ལ་དམིགས་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་མ་གོས་པའོ། །དེ་ལུས་ཉོན་མོངས་པ་ཅན་མ་ཡིན་པས་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་ཞེས་བྱ་བ་ནི་དེ་ལྟར་ཉོན་མོངས་པའི་
དབང་དུ་མ་གྱུར་པས་སྡིག་པ་མི་དགེ་བའི་ཆོས་མི་སྤྱོད་པའི་ལུས་ཀྱི་ལས་དང་ལྡན་པའོ། །ལྷ་དང་མིའི་ནང་ན་མཚན་གྱིས་ལེགས་པར་བརྒྱན་པའི་ལུས་ཐོབ་ཅེས་བྱ་བ་ནི་དེ་དག་གི་ནང་ན་ཡང་མཚན་ཐམས་ཅད་ཚང་བས་བརྒྱན་པའི་ལུས་སྤྲུལ་པའི་སྐུ་འཐོབ་པའོ། །མངོན་སུམ་དུ་འདོང་བར་འགྱུར་
ཞེས་བྱ་བ་ནི་དེའི་གན་དུ་འགྲོ་ཞིང་དེའི་འཁོར་དུ་ཁས་ལེན་པར་འགྱུར་བའོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །ལུས་དྲན་པ་ཉེ་བར་གཞག་པ་སྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།རབ་ཏུ་ཚོར་བ་གང་ཞེ་ན། གང་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་གནས་པ་སྟེ།
སྡུག་བསྔལ་གསུམ་ལས་འདས་པ་ཡང་འཐོབ་ལ། ཟག་པ་མེད་པའི་ཚོར་བ་དགེ་བ་ཞི་བ་ཡང་ཚོར་བར་བྱེད་པའོ། །དེའི་དབང་དུ་བྱས་ནས་དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་ཁོང་དུ་ཆུད་ཅིང་བསྒོམ་པར་བྱ་བའི་ཚོར་བ་ནི་བྱང་ཆུབ་སེམས་དཔའི་ཚོར་བའོ། །ཚོར་བ་རྣམས་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྟེ། གཞན་གྱི་དོན་དུ་བཤད་པ་བཞིན་སྦྱར་རོ། །འདི་ལ་ཞེས་བྱ་བ་ནི་ཚོར་བ་རྣམ་པ་གསུམ་ལའོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་འདི་ལྟར་རྟོག་སྟེ་
เล่ม ๑๑๔ · หน้า 234b
ཞེས་བྱ་བའི་ཐ་ཚིག་གོ། །ཚོར་བ་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་སྡུག་བསྔལ་ཞེས་བྱ་བ་ནི་ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་བའི་རང་བཞིན་ཏེ། བདེ་བའི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་ཀྱང་མཐར་སྡུག་བསྔལ་དུ་འགྱུར་ཞིང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་
ཁྱབ་པའི་ཕྱིར་རོ་སྙམ་ནས་ཞེས་བྱ་བ་ནི་དེ་ལྟར་རྟོགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་བྱ་བ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ལས་གནས་པའི་བྱང་ཆུབ་སེམས་དཔའ་དེས་སོ། །ཚོར་བ་ཤིན་ཏུ་རྟོགས་པ་དང་ཞེས་བྱ་བ་ནི་ཚོར་བ་དངོས་པོ་མེད་པ་འམ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཡིན་པར་ཕྱིན་ཅི་
མ་ལོག་ཅིང་ལེགས་པར་རྟོགས་པའོ། །ཡེ་ཤེས་ཀྱིས་རྟོགས་པ་ནི་དེ་ལྟ་བུར་འཕགས་པའི་ཡེ་ཤེས་ཟག་པ་མེད་པས་ཁོང་དུ་ཆུད་པའོ། །ཤེས་རབ་ཀྱིས་རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་རྟོགས་པའོ། །ཉེ་བར་ཞི་བས་རྟོགས་པ་ནི་ཉོན་མོངས་པ་ཞི་བའི་ཤེས་པས་རྟོགས་པའོ། །
བདེ་བའི་ཚོར་བ་ཡང་བདེ་བར་བྱེད་ཅེས་བྱ་བ་ནི་ཟག་པ་མེད་པའི་བདེ་བའི་ཚོར་བ་ཚོར་བར་བྱེད་པའམ། བདེ་འགྲོའི་ཚོར་བ་ཉིད་མྱོང་བར་བྱེད་པའོ། །དེ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་འགྱུར་ཞེས་བྱ་བ་ལ་ཚོར་བ་ཐམས་ཅད་སྟོང་པར་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་
དེས་གོང་དུ་བཤད་པ་ལྟར་བདེ་བའི་ཚོར་བ་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པས་བདེ་བའི་ཚོར་བས་ཀྱང་འདོད་ཆགས་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་ཚོར་བས་རེག་པ་ན་ཡང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་པ་ན་ཡང་ཤིན་ཏུ་བཟོད་པར་དཀའ་བའི་ངོ་བོ་ཡིན་
པར་རིག་ནས་ངན་སོང་ལ་སོགས་པ་སྡུག་བསྔལ་གྱི་ཚོར་བ་དང་ལྡན་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སྡུག་བསྔལ་གྱི་ཚོར་བ་ཉིད་ཀྱང་རང་བཞིན་མེད་པར་རྟོགས་པས་དེའི་རྒྱུ་ལས་ཁོང་ཁྲོ་བ་ཡང་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་
པ་ལ་བཏང་སྙོམས་ཀྱི་ཚོར་བ་ཡང་མྱོང་བ་དེ་དག་རང་བཞིན་མེད་པར་ཁོང་དུ་ཆུད་པས་དེའི་རྒྱུས་གཏི་མུག་ཀྱང་སྐྱེ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཚོར་བ་དང་ལྡན་པའི་དྲན་པས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེས་ཚོར་བ་གསུམ་བསྒོམ་པ་དང་ལྡན་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་
เล่ม ๑๑๔ · หน้า 235a
དོན་ཏོ། །ཚོར་བ་དེ་དག་ཐམས་ཅད་ལས་བྱུང་བའི་ཡེ་ཤེས་མཐོང་བ་བསྒོམ་མོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚོར་བ་དེ་དག་དང་བྲལ་བ་ཡེ་ཤེས་དེ་རྟོགས་པར་བསྒོམ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཞེས་བྱ་བ་ནི་ཚོར་བ་བདག་གི་ཚོར་བ་བཞིན་དུ་བྱང་ཆུབ་
སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཚོར་བའི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པའོ། །ཚོར་བ་ལས་ངེས་པར་འབྱུང་བ་ནི་ཚོར་བ་ལས་ཐར་བར་བྱེད་པའི་ཐབས་ཚོལ་བ་ཐམས་ཅད་སྟོང་པ་ཡིན་པར་ཤེས་པའོ། །བདག་ནི་ཤེས་རབ་དང་ཡེ་ཤེས་ཡོངས་
སུ་ལྡན་པའི་ཚོར་བས་ཞེས་བྱ་བ་ལ། ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཚོར་བ་དང་། ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཚོར་བས་ཚོར་བ་ཀུན་ཏུ་སྟོང་པ་ཉིད་དུ་རིག་པ་ཞེས་བྱ་བའི་དོན་ཏོ། །ཚོར་བ་ཐམས་ཅད་རྒྱུན་ཆད་པའི་ཐབས་མཁས་པ་ཞེས་བྱ་བ་ནི་ཚོར་བ་ཐམས་
ཅད་སྟོང་པར་ཁོང་དུ་ཆུད་པས་བདེ་བའི་ཚོར་བ་ལ་སོགས་པ་མྱོང་ཡང་འདོད་ཆགས་དང་ཞེ་སྡང་མི་སྐྱེ་བའི་ཐབས་མཁས་པས་སོ། །སྙིང་རྗེ་ཆེན་པོས་ཟིན་པས་ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་དང་ལྡན་པ་ལས་བྱུང་བའི་དགེ་བའི་རྩ་བའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་རྣམ་གྲངས་
གཞན་ཡང་བསྟན་པའི་ཕྱིར་ཡང་ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་དུ་འགྱུར་ཞེས་བྱ་བ་ནི་ཚོར་བ་མྱོང་བ་དངོས་པོ་མེད་པར་མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་སྐྱེ་བའི་རྒྱུར་འགྱུར་བའོ། །ཡེ་ཤེས་ཀྱིས་རྟོགས་པའི་ཚོར་བ་
ཞེས་བྱ་བ་ནི་ཚོར་བ་མྱོང་ལ། ཡེ་ཤེས་ཀྱིས་སྟོང་པར་རྟོགས་པའི་ཚོར་བ་ནི་ཟག་པ་མེད་པའི་བདེ་བ་སྐྱེ་བའི་རྒྱུར་འགྱུར་བའོ། །གང་གིས་ཀྱང་ཚོར་བར་འགྱུར་བ་མེད་ཀྱི་ཞེས་བྱ་བ་ནི་ཚོར་བ་མྱོང་བར་བྱེད་པའི་བདག་དང་སེམས་ཅན་ལ་སོགས་པ་གོང་དུ་སྨོས་པ་རྣམས་ནི་མེད་ཀྱི། ཕྱིན་ཅི་ལོག་ཏུ་རྟོག་
ཅིང་མངོན་པར་ཞེན་པ་ཉིད་ཚོར་བའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མངོན་པར་ཞེན་པ་ནི་ཞེས་བྱ་བ་དངོས་སུ་གསུངས་སོ། །ཡང་ན་མངོན་པར་ཞེན་པ་ལ་སོགས་པ་ནི་ཚོར་བ་སྐྱེ་བའི་རྒྱུ་ཡིན་པས་དེ་དག་ལ་ཚོར་བ་ཞེས་གསུངས་སོ། །མངོན་པར་ཞེན་པ་ནི་བདག་ཡོད་པར་མངོན་པར་ཆགས་
เล่ม ๑๑๔ · หน้า 235b
པའོ། །ཡོངས་སུ་འཛིན་པ་ནི་བདག་གིར་འཛིན་པའོ། །ཉེ་བར་ལེན་པ་ནི་སེམས་དང་སེམས་ལས་བྱུང་བ་ཡོད་པར་རྟོག་པའོ། །དམིགས་པ་ནི་ཕྱིའི་ཡུལ་གཟུགས་ལ་སོགས་པ་ཡོད་པར་དམིགས་པའོ། །ཕྱིན་ཅི་ལོག་ནི་བདག་མེད་པ་ལ་བདག་ཏུ་རྟོག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའོ། །རྣམ་
པར་རྟོག་པ་ནི་བདག་དང་བདག་གི་ཡོད་པར་རྟོག་པའོ། །ལྟ་བ་ནི་བདག་ཏུ་ལྟ་བ་དང་སེམས་ཅན་ལ་སོགས་པ་སྟེ། དེ་དག་གི་བག་ལ་ཉལ་ལམ། ཉོན་མོངས་པ་གཞན་གྱི་བག་ལ་ཉལ་ལོ། །མིག་ཏུ་འདུ་ཤེས་པ་ལ་སོགས་པ་ནི་དབང་པོ་རྣམས་ཡོད་པར་འདུ་ཤེས་པ་སྟེ། དེ་དག་ཀྱང་
ཚོར་བ་སྐྱེ་བའི་རྒྱུར་འགྱུར་བས་མིག་ཏུ་འདུ་ཤེས་པའི་ཚོར་བའོ། །ཡང་ན་ཡོངས་སུ་འཛིན་པ་ནི་ཚོར་བའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དངོས་པོར་འཛིན་པ་ཉིད་ཚོར་བ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པའི་ཚོར་བ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ལྔ་ལེན་པ་ཉིད་ཚོར་བའོ་
ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་ནི་ཚོར་བའོ་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་ལ་དམིགས་པ་ཉིད་ཚོར་བའོ་ཞེས་བྱ་བའི་དོན་ཏོ། །ཚོར་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་རྣམ་གྲངས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། འོག་ནས་སྨོས་པའི་རྣམ་
གྲངས་རྣམས་ཀྱང་མིང་དུ་ཐ་དད་ཀྱི། དོན་དུ་གཅིག་གོ་ཞེས་བྱ་བར་དགོངས་པའོ། །ཚོར་བ་གཅིག་པུ་ཞེས་བྱ་བ་ནི་གཅིག་ཏུ་ཟད་དེ་ཞེས་བྱ་བའི་ཐ་ཚིག་གོ། །གང་འདི་སེམས་ཀྱི་རྣམ་པར་རིག་པ་ཞེས་བྱ་བ་ལ། གང་གི་མཚན་ཉིད་རྣམ་པར་རིག་པའི་ངོ་བོ་ཉིད་ཚོར་བ་ཡིན་པ་འམ། སེམས་ཀྱི་
རྣམ་པར་རིག་པ་ལས་བྱུང་བའི་ཚོར་བའོ། །ནང་གི་ཉེ་བར་ལེན་པ་ལས་བྱུང་བའི་ཚོར་བ་ནི་ནང་གི་ཚོར་བའོ། །ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་པའི་རྒྱུ་ལས་བྱུང་བའི་ཚོར་བ་ནི་ཕྱིའི་ཚོར་བའོ། །ཚོར་བ་གསུམ་སྟེ་ཞེས་བྱ་བ་ནི་དུས་གསུམ་གྱི་དངོས་པོ་རྣམ་པར་རིག་པ་ཉིད་ཚོར་བ་
འམ། དངོས་པོ་རྣམ་པར་རིག་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །ཁམས་བཞི་ནི་ས་ཆུ་མེ་རླུང་བཞི་སྟེ། དེ་དག་རིག་པ་ཉིད་ཚོར་བའམ། དེ་དག་རིག་པའི་རྒྱུ་ལས་བྱུང་བའི་ཚོར་བ་སྟེ། ཡུལ་བཞི་ཡོད་པས་དེ་ལ་དམིགས་པར་བྱེད་པའི་ཚོར་བ་ཡང་རྣམ་པ་བཞིར་གཞག་གོ། །ཕུང་པོ་ལྔ་ཡིད་
เล่ม ๑๑๔ · หน้า 236a
ལ་བྱེད་ཅེས་བྱ་བ་ནི་ཕུང་པོ་ལྔ་ཡིད་ལ་བྱེད་པ་ཉིད་ཚོར་བ་འམ། དེ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །སྐྱེ་མཆེད་དྲུག་ལ་ཡོངས་སུ་རྟོག་པའོ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་ལ་ཡོངས་སུ་རྟོག་པ་ཉིད་ཚོར་བའམ། ཡོངས་སུ་རྟོག་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །
ཚོར་བ་ནི་བདུན་སྟེ། གང་འདི་རྣམ་པར་ཤེས་པ་གནས་པ་བདུན་ནོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གནས་པ་བདུན་ནི་ལུས་སྣ་ཚོགས་པ་དང་། འདུ་ཤེས་སྣ་ཚོགས་པའི་རྣམ་པར་ཤེས་པ་གནས་པ་དང་། ལུས་སྣ་ཚོགས་ལ་འདུ་ཤེས་གཅིག་པའི་རྣམ་པར་ཤེས་པ་གནས་པ་དང་། ལུས་
གཅིག་ལ་འདུ་ཤེས་སྣ་ཚོགས་པའི་རྣམ་པར་ཤེས་པ་གནས་པ་དང་། ལུས་གཅིག་ལ་འདུ་ཤེས་ཀྱང་གཅིག་པའི་རྣམ་པར་ཤེས་པ་གནས་པ་དང་། གཟུགས་མེད་པའི་ས་གསུམ་རྣམས་དང་བདུན་ནོ། །དེ་ལ་ལུས་སྣ་ཚོགས་ལ་འདུ་ཤེས་སྣ་ཚོགས་པའི་སེམས་ཅན་རྣམས་ནི་མི་
རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་དང་། བསམ་གཏན་དང་པོར་སྐྱེས་པ་ཐོག་མ་བྱུང་བ་མ་གཏོགས་པ་རྣམས་ཏེ། སེམས་ཅན་དག་ལུས་ཀྱང་ཆེ་ཕྲ་བཟང་ངན་རྣམ་པ་སྣ་ཚོགས་ཡོད་ལ་འདུ་ཤེས་ཀྱང་རྣམ་པ་སྣ་ཚོགས་ཡོད་པའི་ཕྱིར་རོ། །ལུས་སྣ་ཚོགས་ལ་འདུ་ཤེས་
གཅིག་པ་ནི་དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོར་བྱུང་བ་རྣམས་ཏེ། དེ་དག་ལུས་སྣ་ཚོགས་པ་ནི་སྔ་མ་བཞིན་ལ་འདུ་ཤེས་གཅིག་པ་ནི། ཐམས་ཅད་ཚངས་པས་བསྐྱེད་པར་འདུ་ཤེས་གཅིག་པའི་ཕྱིར་རོ། །འདུ་ཤེས་སྣ་ཚོགས་ལ་ལུས་གཅིག་པ་ནི་འོད་གསལ་གྱི་ལྷའི་རིས་སྔ་ཕྱིར་
སྐྱེས་པ་སྟེ། དེ་དག་ཐམས་ཅད་ཀྱི་ལུས་ཆེ་ཕྲ་བཟང་ངན་འདྲ་ཞིང་འོད་སྣང་བ་ཅན་དུ་གཅིག་ལ། མེའི་བསྐལ་པ་བསམ་གཏན་དང་པོར་བྱུང་བའི་ཚེ་ཁ་ཅིག་འཇིག །ཁ་ཅིག་མི་འཇིག་པའི་ཕྱིར་འདུ་ཤེས་ཐ་དད་དོ། །ལུས་གཅིག་ལ་འདུ་ཤེས་གཅིག་པ་ནི་བསམ་གཏན་གསུམ་པ་
ཡན་ཆད་དུ་སྐྱེས་པ་སྟེ། བསམ་གཏན་གསུམ་པའི་སེམས་ཅན་རྣམས་དེ་དག་དགེ་བའི་ཚོར་བ་ལ་རྟོག་པའི་འདུ་ཤེས་གཅིག་གོ། །ལུས་གཅིག་པ་ནི་བསམ་གཏན་གཉིས་པ་བཞིན་ནོ། །གཟུགས་མེད་པ་གསུམ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་
เล่ม ๑๑๔ · หน้า 236b
མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དེ། མི་དང་ལྷའི་རིས་མིང་གིས་སྨོས་པ་དེ་དག་གི་རྣམ་པར་ཤེས་པའི་རྒྱུ་བརྟན་པར་གནས་པའི་ཕྱིར་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །ངན་སོང་རྒྱུད་གསུམ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་གཡེན་སྤྱོ་བས་རྣམ་པར་ཤེས་པ་
བརྟན་པར་མི་གནས་པས་དེར་མི་བགྲང་ངོ་། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་དེ་ན་གཅིག་ཏུ་ངེས་པར་རྣམ་པར་ཤས་པ་ཀུན་དུ་འབྱུང་བ་མེད་པའི་ཕྱིར་མ་ཡིན་གྱི། གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱང་འདུ་ཤེས་དང་། རྣམ་པར་ཤེས་པ་ཡོད་པ་ཡང་མ་ཡིན་
མེད་པ་ཡང་མ་ཡིན་པས་བརྟན་པར་མི་གནས་སོ། །ཚོར་བ་བརྒྱད་པོ་ཞེས་བྱ་བ་ནི་ཚོར་བ་བརྒྱད་ནི་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། ཐེར་ཟུག་ཏུ་ལྟ་བ་དང་། ནད་པར་ལྟ་བ་དང་། སྲིད་པར་ལྟ་བ་དང་། སྲིད་པ་མེད་པར་ལྟ་
བའོ། །ཡང་ན་ལོག་པ་བརྒྱད་ནི་མི་ཁོམ་པ་བརྒྱད་དེ། དེ་དག་གི་ཚོར་བ་ལ་བྱའོ། །སེམས་ཅན་གྱི་གནས་དགུ་ནི་གོང་མའི་རྣམ་པར་ཤེས་པ་གནས་བདུན་གྱི་སྟེང་དུ་འདུ་ཤེས་མེད་པ་དང་། སྲིད་པའི་རྩེ་མོ་གཉིས་བསྣན་པའོ། །མི་དགེ་བ་བཅུ་ཞེས་བྱ་བ་ནི་རྒྱུ་བཅུ་ཡོད་པས་དེའི་རྒྱུ་ལས་བྱུང་
བའི་སྡུག་བསྔལ་འབྲས་བུ་ཚོར་བ་ཡང་བཅུར་གཞག་གོ། །འདི་ནི་ཚོར་བ་ཀུན་གྱི་ཚུལ་ཏེ་ཞེས་བྱ་བ་ནི་ཚོར་བ་འམ། ཚོར་བའི་དངོས་པོ་ནི་མེད་ཀྱི། ཀུན་རྫོབ་ཏུ་ཚོར་བ་ཐ་དད་དུ་གདགས་ཤིང་རྣམ་གྲངས་སུ་བྱ་བ་གོང་དུ་བཤད་པའི་རིམ་པ་འདི་ལྟ་བུ་དག་གོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཇི་
སྙེད་པ་ཞེས་བྱ་བ་ལ་སོགས་པས་ཚོར་བ་མི་ཟད་པ་བསྟན་ཏེ། གཟུགས་ལ་སོགས་པ་དམིགས་པའི་ཡུལ་ཇི་སྙེད་པ་དེ་ལ་དམིགས་ཤིང་ཡིད་ལ་བྱེད་པ་དེ་སྙེད་དོ། །ཡིད་ལ་བྱེད་པ་ཇི་སྙེད་པ་སེམས་ཡོངས་སུ་རྟོག་པ་ཡང་དེ་སྙེད་དོ། །ཡོངས་སུ་རྟོག་པ་ཇི་སྙེད་པ་ཚོར་བ་ཡང་དེ་སྙེད་དེ། དེ་བས་ན་
ཚོར་བ་ཚད་མེད་ཅིང་མི་ཟད་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་ཚོར་བ་ཚད་མེད་པའོ། །རྗེས་སུ་ལྟ་ཞིང་གནས་པས་ཞེས་བྱ་བ་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་སོ། །ཤེས་པ་བསྐྱེད་ཅེས་བྱ་བ་ནི་སྐྱེ་བ་ལ་སྐྱེ་བར་ཤེས་པ་དང་། འཇིག་པ་ལ་འཇིག་པར་
เล่ม ๑๑๔ · หน้า 237a
ཤེས་པ་དང་། གནས་པ་ལ་གནས་པར་ཤེས་པ་བསྐྱེད་པར་བྱའོ། །ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་མདོར་བསྡུས་ཏེ་བསྟན་པའི་ཕྱིར། གང་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པའི་ཚིག་སྐྱེ་
བ་ལ་སོགས་པ་ཀུན་དང་སྦྱར་རོ། །དགེ་བའི་རྒྱུ་ལས་བྱུང་བའི་ཚོར་བ་གང་ཡིན་པ་ཤེས་པ་དང་། མི་དགེ་བའི་རྒྱུ་ལས་བྱུང་བའི་ཚོར་བ་གང་ཡིན་པ་ཤེས་པའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་
གང་ཞེ་ན་ཞེས་གང་སེམས་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་ཞུགས་པ་སྟེ། རྣམ་པར་ཤེས་པའི་གནས་ཐམས་ཅད་ལས་འདས་པ་ཡང་ཐོབ་ལ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའི་
སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་དང་
རང་སངས་རྒྱས་དག་སེམས་དྲན་པ་ཉེ་བར་གཞག་པ་ན་བདག་གི་སེམས་མི་རྟག་པ་ལ་སོགས་པ་དྲན་པ་ཉེ་བར་འཇོག་པ་ལྟ་བུ་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཐོག་མར་བྱང་ཆུབ་ཏུ་སེམས་ཇི་ལྟར་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དེ་མི་བརྗེད་པའི་གཟུངས་ཀྱིས་དྲན་པས་མི་བརྗེད་
པ་དང་། དྲན་པ་ཉིད་མ་ཉམས་པར་བསྲུང་བ་དང་། བསྲུངས་པ་ཉིད་མི་མཐུན་པའི་ཕྱོགས་ལ་མི་གཡེང་བར་བྱེད་པ་ནི་སེམས་དྲན་པ་ཉེ་བར་འཇོག་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དེ་ཇི་རྟག་པའི་ཕྱིར་དེ་ལྟ་བུ་ཞིག་ནས་མཉམ་པ་ལ། དེའི་ཕྱིར་དེ་སེམས་ལ་འང་ཇི་ལྟར་
རྟོག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་སེམས་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འམ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་བྱང་ཆུབ་སེམས་དཔའ་དེའོ། །སེམས་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལའོ། །འདི་ལྟར་རྟོག་ཅེས་
เล่ม ๑๑๔ · หน้า 237b
བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་འོག་ནས་འབྱུང་བ་ལྟར་རྟོག་པའོ། །ཇི་ལྟར་རྟོག་ཅེ་ན། དེའི་ཕྱིར་སེམས་ནི་སྐྱེས་ནས་ཞིག་ཅིང་ཞུ་སྟེ་མི་གནས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་སེམས་ཉིད་དམ་བྱང་ཆུབ་ཀྱི་སེམས་སོ། །སྐྱེས་ནས་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུའོ། །ཞིག་
ཅིང་ཞུ་སྟེ་ཞེས་བྱ་བ་ནི་དོན་གཅིག་སྟེ་དེ་མ་ཐག་ཏུ་ཞིག་པའོ། །མི་གནས་པ་ནི་ཅུང་ཟད་ཀྱང་འདུག་པའི་མཐུ་མེད་པ་སྟེ་དེ་བས་ན་ཞེས་བྱ་བར་སྦྱར་རོ། །ནང་ན་ཡང་མི་འདུག་ཕྱི་རོལ་ན་ཡང་མི་འཕྲོས། གཉི་ག་མེད་པར་ཡང་མི་དམིགས་ཞེས་བྱ་བ་ནི་སེམས་དེ་སྐད་ཅིག་མའི་རང་
བཞིན་སྐྱེས་མ་ཐག་ཏུ་འཇིག་ཅིང་དེངས་པའི་ངོ་བོ་ཉིད་དེ། ཞིག་ནས་ཀྱང་མེད་པར་འགྱུར་བའི་ནང་གི་དངོས་པོ་རྣམས་ལ་ཡང་མི་གནས། ཕྱི་རོལ་གྱི་ཡུལ་རྣམས་ལ་ཡང་མ་འཕོས། དེ་གཉིས་ཀ་མ་ཡིན་པ་གཞན་ཕྱི་ནང་གཉིས་ཀྱི་བར་ན་ཡང་མི་དམིགས་མི་གནས་ཞེས་བྱ་བའི་དོན་ཏོ། །
གང་དག་གི་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་བཤད་པར་ཡང་མ་ཟད་ཀྱི། འདི་ལྟར་ཡང་ཁོང་དུ་ཆུད་དོ་ཞེས་བྱ་བར་སྦྱར་རོ། །སྐྱེས་པ་ནི་འདས་པའི་དུས་སུ་སྐྱེས་ཟིན་ཏོ། །ཟད་ཅིང་འགག་པ་ལ་སོགས་པ་ནི་དོན་གཅིག་སྟེ་མེད་པར་གྱུར་པར་
སྟོན་པའོ། །ཟད་པ་ནི་རྒྱུ་མེད་པའོ། །འགག་པ་ནི་རང་བཞིན་གྱིས་མེད་པའོ། །ཡལ་བ་ནི་མེད་པར་གྱུར་ནས་ཀྱང་གང་དུ་ཡང་གནས་པར་མ་གྱུར་ཏེ་དེ་བས་ན་མེད་པར་གྱུར་པ་ཞེས་བྱའོ། །ཡུལ་དང་ཕྱོགས་ན་མི་གནས་ཏེ་དེ་ནི་གདགས་པར་མི་ནུས་སོ་ཞེས་བྱ་བ་ལ། ཐོག་
མར་སེམས་བསྐྱེད་དེ་དེ་སྐད་ཅིག་མ་རེ་རེ་ལ་ཡང་ཟད་ཅིང་འགགས་ཏེ་གཞན་དང་གཞན་དུ་གྱུར་ལ། ཡལ་ཞིང་མེད་པར་གྱུར་པས་དངོས་པོ་མེད་པའི་ཕྱིར་ཡུལ་དང་། ཕྱོགས་ན་མི་གནས། མིང་དང་མཚན་མར་གདགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་གང་དག་གིས་བྱང་ཆུབ་ཀྱི་ཕྱིར་
དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབས་པ་དེ་དག་ཀྱང་ཟད་ཅིང་འགགས་ཏེ་ཡལ་ཞིང་མེད་པར་གྱུར་པས་ཞེས་བྱ་ལ། སེམས་གང་དག་གིས་ནི་དགེ་བའི་རྩ་བའི་རྒྱུར་འགྱུར་བའི་སེམས་བསྐྱེད་བ་གང་གིས་སོ། །བྱང་ཆུབ་ཀྱི་ཕྱིར་ནི་འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་རོ། །དགེ་
เล่ม ๑๑๔ · หน้า 238a
བའི་རྩ་བ་བསྒྲུབས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབས་པའོ། །བྱང་ཆུབ་ཀྱི་སེམས་ཉིད་གོང་དུ་སྨོས་པའི་ཚུལ་གྱིས་དོན་དམ་པར་ངོ་བོ་ཉིད་མེད་པས། དེ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱང་ཡལ་ཞིང་མེད་པར་གྱུར་པས་སེམས་བཞིན་དུ་ངོ་བོ་ཉིད་
མེད་པའི་ཕྱིར་ཡུལ་དང་ཕྱོགས་ན་མི་གནས་ཤིང་མིང་དང་མཚན་མར་གདགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །སེམས་གང་དག་གིས་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་བསྔོས་པ་དེ་དག་ཀྱང་དེའི་རང་བཞིན་དེའི་མཚན་ཉིད་དེ་ཞེས་བྱ་བ་ལ་སེམས་གང་གིས་ནི་དགེ་བའི་རྩ་བའི་རྒྱུར་
གྱུར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་སོ། །བྱང་ཆུབ་ཏུ་བསྔོས་པས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་ཏུ་བསྔོས་པའི་འོག་ཏུ་འཕེལ་བར་གྱུར་པའི་དགེ་བའི་རྩ་བ་དེ་དག་གོ། །དེ་ནི་འདི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་བསྐྱེད་པའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་
དེ་དག་ཀྱང་སེམས་དང་འདྲ་བར་ཟད་ཅིང་འགགས་ཏེ། ཡལ་ཞིང་མེད་པར་འགྱུར་བའི་མཚན་ཉིད་ལས་ཡུལ་དང་ཕྱོགས་ན་མི་གནས་ཤིང་གདགས་པར་མི་ནུས་སོ་ཞེས་བྱ་བར་སྟོན་ཏོ། །སེམས་ཀྱིས་སེམས་མི་ཤེས་སོ་ཞེས་བྱ་བ་ནི། སེམས་དེ་རང་བཞིན་མེད་པས་ཤེས་པར་བྱེད་པ་དང་།
ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་ལ་ཡང་སྦྱར་རོ། །སེམས་ཀྱིས་སེམས་ཀྱི་མཚམས་མི་སྦྱོར་བ་ནི་འདས་པའི་སེམས་དེ་མ་འོངས་པར་མི་འཕོ་ཞིང་། མ་འོངས་པའི་སེམས་དང་མཚམས་མི་སྦྱོར་བའོ། །དེ་ལ་གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བའི་སེམས་ལ་སོགས་པ་གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་བརྟགས་ན་གང་ཡང་རང་བཞིན་དུ་གྲུབ་པ་ནི་མེད་པས་བྱང་ཆུབ་ཀྱི་སེམས་
གང་ཡིན་པ་དེ་དགེ་བའི་རྩ་བའི་སེམས་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ལ་རྟོག་པའི་རྣམ་པ་གཞན་བསྟན་པའི་ཕྱིར། ཡང་དེ་འདི་སྙམ་དུ་སེམས་ཏེ་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་བྱང་ཆུབ་སེམས་དཔའ་
เล่ม ๑๑๔ · หน้า 238b
དེའོ། །དེ་ལྟར་སེམས་ཀྱི་རང་བཞིན་སྟོང་ཡང་ཀུན་རྫོབ་ཏུ་རྒྱུ་གང་སྤྱད་པའི་འབྲས་བུ་དེ་བཞིན་དུ་ཐོབ་པར་འགྱུར་ཏེ་ཆུད་མི་ཟ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་ཁོ་ནར་ངེས་པར་མི་མངོན་པ་དེ་ནི་བལྟ་དཀའ་བས་ཤིན་ཏུ་ཟབ་པོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་
ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་སེམས་དེ་ངོ་བོ་ཉིད་ཀྱིས་སྟོང་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་རྣམས་ཚོགས་ན་མེད་པར་མི་འགྱུར་ལ། རྒྱུ་རྐྱེན་ཚོགས་པ་ལས་འབྱུང་བ་དེ་དག་ཀྱང་མུ་སྟེགས་ཅན་གྱི་བྱེད་པ་པོ་ལ་སོགས་པ་མེད་པས་དེ་དག་གིས་ཀྱང་བསྐྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་
ཇི་ལྟར་འདོད་པ་བཞིན་རྣམ་པར་བསྒྲུབ་པ་ཞེས་བྱ་བ་ནི་དེ་ལྟར་བྱེད་པ་པོ་ལ་སོགས་པ་མེད་པར་ཡང་རྒྱུ་རྐྱེན་ཚོགས་པ་ལས་ཀུན་རྫོབ་ཏུ་སྐྱེ་ཞིང་འབྱུང་བས་ན་རྒྱུ་གང་དང་གང་གིས་འབྲས་བུ་གང་དང་གང་སྒྲུབ་པ་དེ་དག་ཇི་ལྟར་འདོད་པ་བཞིན་དུ་གྲུབ་ཅེས་བྱ་བའི་དོན་ཏོ། །བདག་གིས་ཀྱང་རྣམ་
པར་བསྒྲུབ་པ་ལ་བརྩོན་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་འབྲས་བུ་འགྲུབ་པས་བདག་གིས་ཀྱང་བདོག་པ་ཐམས་ཅད་ཡོངས་སུ་གཏང་བ་ལ་སོགས་པའི་འབྲས་བུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྔོ་བ་ལ་སོགས་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་
ཀྱི་ཆོས་ཉིད་འདི་ཡང་མི་སྤོང་ངོ་ཞེས་བྱ་བ་ནི་དེ་དག་ཀུན་རྫོབ་ཏུ་སྒྲུབ་པ་ལ་བརྩོན་པར་བྱེད་ཀྱང་། དོན་དམ་པར་སེམས་ཀྱི་ཆོས་ཉིད་མ་སྐྱེས་པ་ཡང་མི་སྤོང་བ་འམ། དེ་ཡང་ཉམས་པར་མི་བྱེད་པའོ། །སེམས་ནི་སྒྱུ་མ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དོན་དམ་པར་
མི་དམིགས་པ་དང་། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ངེས་པར་ཡོད་པར་བསྟན་པའོ། །སྒྱུ་མ་ལྟ་བུར་ཞེས་བྱ་བ་ནི་སྒྱུ་མ་བཞིན་དུ་རང་བཞིན་མེད་པ་སྟེ། དེ་བས་ན་གང་ཟག་འདི་ལ་བདག་གིས་དངོས་པོ་གཏོང་བར་སྣང་བ་ནི་རང་བཞིན་མེད་པའོ། །བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་ཞེས་
བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའོ། །སངས་རྒྱས་ཀྱི་ཞིང་དག་པ་ནི་བཻ་ཌཱུརྱའི་ཁ་དོག་ལ་སོགས་པའོ། །སེམས་རྨི་ལམ་ལྟ་བུ་ཞེས་བྱ་བ་ལ། ཇི་ལྟར་རྨི་ལམ་ན་དངོས་པོ་རྣམ་པ་སྣ་ཚོགས་སྣང་བ་ཡང་རང་བཞིན་སྟོང་པ་དེ་བཞིན་དུ། སེམས་ལ་གཟུང་
เล่ม ๑๑๔ · หน้า 239a
བ་དང་འཛིན་པ་ལ་སོགས་པ་རྣམ་པ་དུ་མར་སྣང་ཡང་རང་བཞིན་གྱིས་སྟོང་པའོ། །ཡང་དག་པར་བླངས་པ་དང་། ཡང་དག་པར་སློབ་པ་ནི་ཚུལ་ཁྲིམས་སོ། །ཡང་དག་པར་བླང་བར་བྱ་བ་དང་། བསླབ་པར་བྱ་བ་ནི་བསླབ་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་
ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་རོ། །གཟོད་མ་ནས་ཡོངས་སུ་མ་གྲུབ་ཅེས་བྱ་བ་ནི་ཇི་ལྟར་མིག་ཡོར་ཕྱིས་བརྟགས་ཏེ་རང་བཞིན་མེད་པ་ལྟར་དང་པོ་སྣང་བའི་དུས་ན་ཡང་རང་བཞིན་མེད་པ་ཡིན་ནོ། །དེ་དང་འདྲ་བར་སེམས་འདི་ཡང་ཐོག་མ་ནས་རང་བཞིན་མེད་ཅིང་མ་སྐྱེས་པའོ། །བཟོད་པ་ནི་གཞན་
གྱིས་གནོད་པ་བྱས་པ་ཉམས་སུ་ལེན་པའོ། །དེས་པ་ནི་སླར་གནོད་པ་མི་བྱེད་པ་སྟེ། དེ་དག་བསྒྲུབས་པ་ཞེས་བྱ་བར་སྦྱར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པའི་ཆོས་ལ་སྐྲག་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་བསྔོ་
བའོ། །ཤིན་ཏུ་དབེན་པ་ཞེས་བྱ་བ་ནི་སྨིག་རྒྱུ་ཆུས་སྟོང་སྟེ། དབེན་པ་བཞིན་དུ་སེམས་ལ་ཡང་གཟུང་བ་དང་འཛིན་པས་སྟོང་སྟེ་དབེན་པའོ། །དགེ་བའི་རྩ་བ་ཐམས་ཅད་ལ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་སྒྲུབ་པ་ལ་ཞེ་འམ། སྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །
སངས་རྒྱས་ཀྱི་ཆོས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་བཞིན་དུ་གཞན་ལ་བསྟན་པར་མི་ནུས་པའོ། །ཐོགས་པ་མེད་
པ་ནི་ནམ་མཁའ་བཞིན་དུ་ཀུན་དུ་སོང་བའི་ཕྱིར་རོ། །རྣམ་པར་རིག་པ་མེད་པ་ནི་རིག་པར་བྱ་བ་དང་། རིག་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །གཟུང་བ་མེད་པ་ནི་སེམས་དང་སེམས་ལས་བྱུང་བའི་གཟུང་བར་
སྣང་བ་དངོས་པོར་མ་གྲུབ་པའི་ཕྱིར་རོ། །མཚན་མ་མེད་པ་ནི་གཟུགས་ལ་སོགས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པ་ནི་སྔ་མ་བཞིན་ནོ། །གནས་མེད་པ་ནི་གཟུགས་དང་དབང་པོ་ལ་མི་གནས་པའི་ཕྱིར་རོ། །དྲིས་པའི་ཚིག་ནི་ཕུང་པོ་དང་ཁམས་ལ་སོགས་པ་
เล่ม ๑๑๔ · หน้า 239b
གཞན་གྱིས་དྲིས་པའོ། །དབྱེ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་སོ་སོར་ཕྱེ་སྟེ་བཤད་པའི་གནས་ཤེས་རབ་བོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །སེམས་ནི་དམིགས་པ་མེད་པར་མི་སྐྱེ་ཞེས་བྱ་བ་ལ་སོགས་པས་ཀུན་
རྫོབ་ཀྱི་སེམས་ཀྱིས་དམིགས་པའི་རྒྱུ་དང་རྐྱེན་ལ་སོགས་པ་ཡོད་པར་བསྟན་པ་ལས། སྒྲུབ་པ་ཡང་ཡོད་པར་བསྟན་པ་སྟེ། དམིགས་པར་བྱ་བའི་ཡུལ་མེད་པར་སེམས་མི་སྐྱེའོ། །ཡུལ་ལ་དམིགས་ནས་སྐྱེ་བ་ནི་སེམས་ཀྱི་ཆོས་ཉིད་དོ། །གང་དགེ་བའི་རྩ་བ་ཐམས་ཅད་
ལ་དམིགས་པ་ཞེས་བྱ་བ་ནི་སེམས་ཡུལ་ལ་དམིགས་ནས་སྐྱེ་བ་ཡིན་པས། དམིགས་ནས་ཡང་དགེ་བའི་རྩ་བ་སྐྱེ་བར་འགྱུར་བའི་དམིགས་པ་ཐམས་ཅད་ལ་སེམས་དམིགས་པའོ། །རྒྱུ་མེད་པར་མི་སྐྱེ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་མེད་པར་སེམས་མི་སྐྱེ་བའོ། །བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་བྱ་བ་ནི་སེམས་སྐྱེ་བའི་རྒྱུ་བསྐྱེད་ཅིང་འཇོག་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྐྱེ་བའི་རྒྱུ་བསྐྱེད་པའོ། །ཡུལ་དྲུག་ལ་ཞེས་བྱ་བ་ནི་ཡུལ་དྲུག་ལ་མ་བརྟེན་པར་སེམས་མི་སྐྱེ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྟོབས་དང་མི་འཇིགས་
པ་ལ་སོགས་པའོ། །དེ་དག་ནི་ཡུལ་ནི་སྟོང་པ་ཉིད་དོ། །རྒྱུ་ནི་ཡུལ་ཏེ་མངོན་དུ་བྱེད་པའི་ཆོས་དེ་ཐབས་དང་ཤེས་རབ་བོ། །སྒྲུབ་པ་ནི་ཐབས་དང་ཤེས་རབ་སྒྲུབ་པའོ། །མངོན་པར་ཤེས་པ་ནི་དྲུག་རྣམས་སོ། །སེམས་ཉེ་བར་འདོགས་པ་ནི་རྩེ་གཅིག་ཏུ་འཇོག་པའོ། །སེམས་མི་སྤྱོད་པར་
རབ་ཏུ་ཤེས་པའོ། །སེམས་ཅན་རྣམས་ཀྱི་སེམས་ཇི་ལྟ་བུ་ཡིན་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་ལ་སྤྱོད་པ་ཤེས་པའོ། །དེ་ལྟ་བུའི་རང་བཞིན་གྱིས་ཆོས་སྟོན་པ་ནི་ཉོན་མོངས་པ་གང་ལ་སྤྱོད་པ་དང་དེ་དང་མཐུན་པའི་ཆོས་མི་གཙང་བ་ལ་སོགས་པ་སྟོན་པའོ། །མི་སྐྱོ་བ་ནི་
སྙིང་རྗེ་དང་ལྡན་པས་སོ། །སེམས་ཟད་པར་བྱ་བའི་ཕྱིར་སེམས་མི་བསྐྱེད་ཅེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ནི་མ་ཡིན་གྱི། ཐབས་ཀྱིས་ཡོངས་སུ་ཟིན་པས་འཁོར་བའི་རྒྱུན་ནི་དགེ་བའི་རྩ་བ་མི་གཅོད་དོ་
เล่ม ๑๑๔ · หน้า 240a
ཞེས་བྱ་བའི་དོན་ཏོ། །ཟད་པ་ནི་ཉོན་མོངས་པ་ཟད་པའི་ཕྱིར་རོ། །འགོག་པ་ནི་ཕུང་པོ་སྤངས་པའི་ཕྱིར་རོ། །སེམས་ཀྱིས་དྲན་པ་ཤེས་པ་དེས་ཞེས་བྱ་བ་ལ་སོགས་པས་གོང་དུ་སྨོས་པ་ལྟ་བུའི་སེམས་དྲན་པ་ཉེ་བར་འཇོག་པ་དེ་ཁོང་དུ་ཆུད་དེ། དེས་མ་བྱུང་བ་དང་མི་སྐྱེ་
བ་ལ་སོགས་པའི་མཚན་ཉིད་ལ་གནས་ཀྱང་ཆོས་ཉིད་དེའི་དབང་དུ་མ་གྱུར་པས་ཉན་ཐོས་དང་། རང་སངས་རྒྱས་དག་ལྟར་འཁོར་བ་ཡོངས་སུ་སྤོང་བར་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནམ་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་། སེམས་ཅན་ཐམས་ཅད་བླ་ན་མེད་
པའི་བྱང་ཆུབ་ཏུ་མ་གྲུབ་ཀྱི་བར་དུ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་སེམས་ཀྱི་རྒྱུན་མི་གཏོང་བའོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཅེས་བྱ་བ་ནི་མཐར་མངོན་པར་བྱང་ཆུབ་པ་ལ་འཇུག་པའི་སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པ། བདག་མེད་པ་གཉིས་ཁོང་དུ་
ཆུད་པའི་ཤེས་རབ་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པའོ། །སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།རབ་ཏུ་རྣམ་པར་བྱང་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་ཆོས་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་ཞུགས་པ་སྟེ། སྒྲིབ་པ་དང་། ཀུན་ནས་སྦྱོར་བ་དང་།
འཆིང་བ་དང་། བག་ལ་ཉལ་བ་དང་། ཉོན་མོངས་བའི་ཀུན་ནས་དཀྲིས་པ་ཐམས་ཅད་ལས་འདས་པ་ཡང་ཐོབ་ལ། ཆོས་ཐམས་ཅད་ལ་དབང་ཐོབ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཆོས་ནི་འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །ཆོས་ཀྱི་རྗེས་སུ་ལྟ་བ་ནི་ཤེས་རབ་ཀྱིས་ཆོས་དེ་དག་ལ་སྟོང་པར་རྟོག་པའོ། །དྲན་པ་ཉེ་བར་གཞག་པ་ནི་ཏིང་ངེ་འཛིན་གྱིས་དེ་ལ་རྩེ་གཅིག་ཏུ་འཇོག་པའོ། །གང་ཞེ་ན་ཞེས་བྱ་བ་ནི་དེ་དག་དངོས་པོ་
གང་ཡིན་པ་འདྲི་བའོ། །དེ་དག་བསྟེན་པའི་ཕྱིར། འཕགས་པའི་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པ་ཞེས་སྨོས་པ་ནི་ཟག་པ་མེད་པར་སྟོན་ཏོ། །ཤེས་རབ་ཀྱི་མིག་ཅེས་སྨོས་པ་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་ཡིན་པར་
เล่ม ๑๑๔ · หน้า 240b
སྟོན་ཏོ། །མཐོང་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འོག་ནས་འབྱུང་བའི་ཚུལ་དུ་སྟོང་པ་ཉིད་ཀྱི་རང་བཞིན་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཆོས་དེ་དག་ནི་འབྲས་བུ་ལ་གནས་ཀྱི་བར་དུ་ཉམས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །སྟོང་པ་རྣམ་པར་གྲོལ་བ་ཞེས་བྱ་བ་
ལ་སོགས་པ་ནི་ཆུང་རབ་ཙམ་ཡང་མི་མཐོང་ཞེས་བྱ་བར་སྦྱར་ཏེ། སྟོང་པ་ཉིད་ལ་སོགས་པའི་ནང་དུ་མ་འདུས་པའི་ཆོས་གང་ཡང་མེད་དོ། །དེར་མ་འདུས་པའི་ཆོས་གང་ཡང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པར་གྲོལ་བ་ཆུང་
རབ་ཙམ་ཡང་མི་མཐོང་ངོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཡང་། ཀུན་རྫོབ་ཏུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཆོས་གཅིག་ཀྱང་མི་མཐོང་སྟེ། དེར་མ་གཏོགས་པའི་ཆོས་གཅིག་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཁོ་ན་མཐོང་
གི་ཆོས་མ་ཡིན་པ་མི་མཐོང་ངོ་ཞེས་བྱ་བ་ལ། བདག་མེད་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཡིན་པས་ན་ཆོས་ཁོ་ན་ཞེས་བྱ་སྟེ། དེ་མཐོང་བའོ། །བདག་ཏུ་ལྟ་བ་ལ་སོགས་པ་སྨོས་པ་ནི་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པས་ཆོས་མ་ཡིན་པ་སྟེ་དེ་མི་མཐོང་བའོ། །
ཆོས་ཐམས་ཅད་ནི་ཆོས་སོ་ཞེས་བྱ་བ་ལ་ཆོས་ཀྱི་སྒྲ་ནི་སྟོང་པ་ཉིད་ལ་སོགས་པ་ལ་བྱ་སྟེ། དེ་ཆོས་ཐམས་ཅད་ལ་ཡོད་པས་ན་ཆོས་ཐམས་ཅད་ནི་ཆོས་སོ། །ཆོས་ཐམས་ཅད་ནི་ཆོས་མ་ཡིན་ཞེས་བྱ་བ་ནི་ཆོས་དེ་དག་ཉིད་ལ་བདག་དང་བདག་གིར་འཛིན་པ་ཡང་སྐྱེ་བས་ན་ཆོས་ཐམས་ཅད་ཆོས་
མ་ཡིན་པས་ཏེ་བདག་ཏུ་འཛིན་པ་ལ་སོགས་པ་ལ་ཆོས་མ་ཡིན་པ་ཞེས་བྱའོ། །སོ་སོར་རྟོག་པས་ཞེས་བྱ་བ་ནི་སྟོང་པ་ཤེས་པས་སམ། སྟོང་པས་ཁྱབ་པས་སོ། །མངོན་པར་ཞེ་ན་པ་ཞེས་བྱ་བ་ནི་ཆོས་དེ་དག་ཉིད་བདག་དང་བདག་གིར་ཆགས་པའི་རྒྱུ་ཡིན་པས་སོ། །སངས་རྒྱས་ཀྱི་ཆོས་
མེད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རྣམས་སྟོང་པར་ཁོང་དུ་ཆུད་པ་ལས་ཐར་བ་དང་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་བས་ན་ཆོས་གང་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་སུ་མི་འགྱུར་བའི་ཆོས་དེ་དག་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ནི་ལུང་དང་ཁོང་དུ་ཆུད་པར་
เล่ม ๑๑๔ · หน้า 241a
བྱ་བའི་ཆོས་ཏེ། དེའི་རང་བཞིན་དུ་མ་གྱུར་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །གང་ལས་བྱང་ཆུབ་མེད་པ་ཞེས་བྱ་བ་ལ། བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། ཆོས་གང་ལ་བརྟེན་ཏེ་དེའི་རྒྱུར་མི་འགྱུར་བའི་ཆོས་གང་ཡང་མེད་དོ་
ཞེས་བྱ་བའི་ཐ་ཚིག་གོ། །ལམ་མེད་ཅེས་བྱ་བ་ལ་ལམ་ནི་ས་བཅུ་སྟེ། དེའི་རང་བཞིན་དུ་མ་གྱུར་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐར་པ་མེད་པ་ཞེས་བྱ་བ་ནི་ཐར་པ་མེད་པའི་རྒྱུར་མ་གྱུར་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བ་མེད་པ་ཞེས་བྱ་བ་
ནི་ཁམས་གསུམ་ལས་འབྱུང་བར་མ་གྱུར་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ཆོས་ཐམས་ཅད་ངེས་པར་འབྱུང་བར་ཤེས་ཞེས་བྱ་བ་ལ། ཆོས་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་ཁམས་གསུམ་ལས་འབྱུང་བ་དང་
འབྱུང་བའི་རྒྱུར་འགྱུར་བ་དང་། ཐར་པའི་རྒྱུར་གྱུར་པ་ཤེས་པའོ། །ཡང་ན་དེས་ཆོས་ཐམས་ཅད་ངེས་པར་འབྱུང་བར་ཤེས་པས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ལས་བྱུང་བའི་
དངོས་པོ་དང་མཚན་མ་ཐམས་ཅད་ལས་ཐར་པའམ་བྲལ་བ་སྟེ། སྟོང་པ་ཉིད་དུ་ཤེས་པ་ལ་བྱའོ། །དེས་ཆོས་ཐམས་ཅད་དེ་ལྟར་སྟོང་པར་ཤེས་པས་མཚན་མར་ལྟ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འབྱུང་བའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་གང་ལ་ཞུགས་ན་
སྙིང་རྗེ་ཆེན་པོ་འབྱུང་བའི་ཏིང་ངེ་འཛིན་ལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་སྒོ་ནི་ཏིང་ངེ་འཛིན་དེ་ཐོབ་པར་འགྱུར་བ་འམ། དེ་ལ་འཇུག་པའི་ཐབས་ལ་བྱའོ། །སྒྲིབ་པ་མེད་པ་ནི་ཏིང་ངེ་འཛིན་ཏེ་མི་མཐུན་པའི་ཕྱོགས་སྤངས་པའོ། །དེས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཏིང་ངེ་
འཛིན་གྱི་སྒོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེའམ། ཆོས་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་ལ་སོགས་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །བཅོས་མའི་འདུ་ཤེས་ཐོབ་ཅེས་བྱ་བ་ནི་སྒྱུ་མ་དང་
เล่ม ๑๑๔ · หน้า 241b
འདྲ་བར་རང་བཞིན་མེད་པར་ཤེས་པ་ཐོབ་པའོ། །ཇི་ལྟར་འདུ་ཤེས་ཐོབ་པ་བསྟན་པའི་ཕྱིར། ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པའི་ཆོས་འདི་དག་ནི་ཉོན་མོངས་པ་སྐྱེ་བའི་རྒྱུ་མ་ཡིན་པའམ། ཉོན་མོངས་པ་དང་འདྲེས་པ་མ་ཡིན་པ་སྟེ། དེ་བས་
ན་ཆོས་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཅིའི་ཕྱིར་དེ་ལྟ་བུའི་འདུ་ཤེས་ཐོབ་ཅེས་བྱ་བའམ། ཆོས་དེ་དག་ཅིའི་ཕྱིར་ཉོན་མོངས་པ་མ་ཡིན་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དེ་དག་ནི་ངེས་པའི་དོན་གྱི་དོན་ལ་རྟོན་ཏེ་
ཞེས་བྱ་བ་ལ་འདི་ལྟར་ནི་འོག་ནས་བཤད་པ་ལྟར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་དག་གམ་ཆོས་དེ་དག་གོ། །ངེས་པའི་དོན་གྱི་དོན་ལ་རྟོན་པ་ནི་ཆོས་གང་ཉོན་མོངས་པ་གོང་དུ་སྨོས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་ལ་རྟོན་པའམ། བྱང་ཆུབ་སེམས་དཔའ་ཉིད་སྟོང་པ་ཉིད་ཀྱི་དོན་ལ་
རྟོན་པ་སྟེ། ངེས་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ཏོ། །ཉོན་མོངས་པའི་ཚོགས་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྟོང་པ་ཡིན་པས་ན་ཉོན་མོངས་པ་ཉིད་ཀྱང་མེད་ལ། ཕུང་པོར་གྱུར་པ་འང་མེད་པའོ། །ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ་ཞེས་བྱ་བ་ནི་ཉོན་མོངས་པ་
གོང་དུ་སྨོས་པའི་ཚུལ་ངོ་བོ་ཉིད་མེད་པར་རྟོགས་པ་ཉིད་བྱང་ཆུབ་བོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་སྟོང་པའི་ངོ་བོ། བྱང་ཆུབ་ཀྱི་ངོ་བོ་ཡང་སྟོང་པའི་ངོ་བོ་སྟེ། དེ་གཉིས་དོན་དམ་པ་ཉིད་དུ་རོ་
གཅིག་པས་དེ་སྐད་ཅེས་བྱའོ། །ཡང་ན་ཉོན་མོངས་པའི་ངོ་བོ་སྟོང་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་སྟེ། བྱང་ཆུབ་ཀྱང་དེ་ལས་གཞན་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །འདི་ལྟར་དྲན་པ་ཉེ་བར་འཇོག་ཀྱང་ཅི་ལ་ཡང་ཉེ་བར་མི་འཇོག་ཅེས་བྱ་བ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་ཉེ་
བར་འཇོག་གི་མཚན་མའི་སྒོ་ནས་དྲན་པ་ཉེ་བར་མི་འཇོག་གོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་དུ་དེ་ལྟར་ཉེ་བར་འཇོག་ཀྱང་དོན་དམ་པར་གང་ཡང་ཉེ་བར་འཇོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་མི་འཇོག་པ་ནི་ཉན་པའི་དུས་ན་ཉེ་བར་མི་འཇོག་པའོ། །རབ་
เล่ม ๑๑๔ · หน้า 242a
ཏུ་མི་འཇོག་པ་ནི་སེམས་པའི་དུས་ན་ཉེ་བར་མི་འཇོག་པའོ། །རྣམ་པར་མི་འཇོག་པ་ནི་བསྒོམ་པའི་དུས་ན་སེམས་ལ་མི་འཇོག་པའོ། །ཆོས་ཉིད་དེ་གནས་པ་རབ་ཏུ་ཤེས་ཞེས་བྱ་བ་ནི་སྟོང་པའི་ཆོས་ཉིད་དེ་ཡེ་ནས་དེ་བཞིན་དུ་མི་འགྱུར་བ་ཡིན་པར་ཤེས་པ་སྟེ་དེ་བས་ན་ཆོས་
ཀྱི་དབྱིངས་གནས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ཡིན་ཏེ། དེ་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཆོས་ལ་རྟོན་ཅིང་གནས་པ་ཡིན་ཏེ་ཇི་ལྟར་ཞེ་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སངས་རྒྱས་བཅོམ་
ལྡན་འདས་ཀྱིས་ཇི་ལྟར་མཁྱེན་པ་ལ་རྟོན་ཏེ། དེ་བཞིན་དུ་ཐ་དད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཟད་པ་ཤེས་པ་ཡང་སྐྱེད་དེ་འདུས་བྱས་ཀྱང་ཟད་པར་མི་བྱེད་དོ་ཞེས་བྱ་བ་ལ། དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཐམས་
ཅད་མཚན་མར་དམིགས་པ་དོན་དམ་པར་ཤེས་ཀྱང་ཀུན་རྫོབ་ཏུ་འདུས་བྱས་ཀྱི་ཆོས་ལ་ཟད་པར་མི་བྱེད་པ་མེད་པར་མི་ལྟ་བའོ། །ཡང་ན་བདག་མེད་པར་ཁོང་དུ་ཆུད་པར་བྱས་ནས་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡེ་ཤེས་ཀྱང་བསྐྱེད་ལ། ཁམས་གསུམ་དུ་སྐྱེ་བར་བྱེད་པའི་
རྒྱུ་དགེ་བ་མངོན་པར་འདུ་བྱེད་པ་ཡང་གཏོང་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །མི་སྐྱེ་བ་ཤེས་པ་ཡང་མངོན་པར་བསྒྲུབས་ཏེ། དེ་སེམས་ཅན་ལ་ལྟ་བ་ཡང་སྐྱེད་ཅིང་མི་སྐྱེ་བའི་མཐའ་ཡང་མི་སྤོང་ངོ་ཞེས་བྱ་བ་ནི་ཐོག་མ་ནས་མ་སྐྱེས་པར་ཤེས་པའི་ཡེ་ཤེས་ཐོབ་ཀྱང་ཀུན་རྫོབ་ཏུ་སེམས་
ཅན་གྱི་དོན་ལ་ལྟ་བའང་སྐྱེད་དེ། དེ་སྐྱེད་ཀྱང་སྐྱེ་བ་འབའ་ཞིག་ལ་མི་ཕྱོགས་ཀྱི་མི་སྐྱེ་བའི་ཆོས་ཉིད་ཀྱང་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཆོས་དྲན་པ་ཉེ་བར་གཞག་པའི་དོན་བསྡུ་ཞིང་། ཇི་ལྟར་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་པར་མདོར་བསྟན་པའི་ཕྱིར། ཆོས་དྲན་པ་ཉེ་བར་གཞག་པ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འོག་ནས་མིང་གིས་སྨོས་པ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་དྲན་པ་དེ་ལ་གནས་པས་ན་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དྲན་པའི་དོན་བསྟན་པའི་ཕྱིར། ཕྱི་མའི་མཐའི་བར་དུ་ཡང་དྲན་པ་དེས་མི་བརྗེད་
เล่ม ๑๑๔ · หน้า 242b
ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་མཐའ་དང་། འཁོར་བའི་མཐའ་ཇི་སྲིད་ཡོད་ཀྱི་བར་དུ་རྟོགས་པའི་དྲན་པ་དེ་ཉམས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཐམས་ཅད་མ་ལུས་པར་ཞེས་ཚིག་ཕྱི་མ་དང་སྦྱར་རོ། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དེ་ནི་ཚད་མེད་
པ་ཤིན་ཏུ་བསྟན་པའི་ཚིག་སྟེ་ཞེས་བྱ་བ་ལ། ཆོས་དྲན་པ་ཉེ་བར་གཞག་ཅེས་བྱ་བའི་ཚིག་དེ་ནི་ཚད་མེད་པ་ཤིན་ཏུ་བསྟན་པའི་ཚིག་སྟེ། ཇི་ལྟར་ཚད་མེད་པ་ཤིན་ཏུ་བསྟན་པའི་ཚིག་ཡིན་པ་ནི་ཆོས་ཐམས་ཅད་ལ་དམིགས་སོ་ཞེས་སྔར་ཡང་བཤད་ལ། ཀུན་དུ་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་
འོག་ནས་འབྱུང་བའི་ཚིག་གིས་ཀྱང་བསྟན་ཏོ། །དེ་ལྟ་མོད་ཀྱི་མདོར་ན་དྲན་པར་བྱ་བའི་ཆོས་རྣམས་ཚད་མེད་དེ་མི་ཟད་པའི་ཕྱིར་རམ། ཕྱི་མའི་མཐའི་བར་དུ་ཡང་དྲན་པ་དེ་མི་བརྗེད་ཅིང་ཉམས་པར་མི་འགྱུར་བའི་ཕྱིར་ཚད་མེད་པའི་དོན་ཏོ། །ཀུན་དུ་སྤྱོད་ཡུལ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་
ཀྱང་དྲན་པ་དེའི་སྤྱོད་ཡུལ་དུ་གྱུར་པ་སྟེ། ཐམས་ཅད་དུ་ཁྱབ་པར་དམིགས་ཞེས་བྱ་བའི་དོན་ཏེ། ཐམས་ཅད་ཡང་དག་པར་འདུ་བ་ནི་དྲན་པ་དེར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུ་བའི་ཕྱིར་རོ། །ཚིམ་པར་བྱེད་པ་ནི་
སེམས་ཅན་ལ་ཕན་འདོགས་ཤིང་སེམས་ཅན་དང་བསྐྱེད་པར་བྱེད་པའོ། ཕམ་པར་བྱེད་པ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པའོ། །རྟོགས་པར་བྱེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གིས་རིག་པར་བྱེད་པའོ། །དེ་ལྟར་ཀུན་བྱེད་པའི་ཚིག་དེ་ནི་ཆོས་ལ་ཆོས་ཀྱི་རྗེས་
སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །འདི་ནི་ཆོས་དྲན་པ་ཉེ་བར་གཞག་པ་མི་ཟད་པ་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་།
བརྩོན་འགྲུས་ཐོབ་པ་དང་། བརྩོན་འགྲུས་ཤིན་ཏུ་བརྟན་པ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ཡང་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་
เล่ม ๑๑๔ · หน้า 243a
རིག་པར་བྱ་སྟེ། བཞི་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། སེམས་རབ་ཏུ་འཛིན་ཞིང་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་ཡན་ཆད་ནི་བསྟན་པའི་ཚུལ་ལོ། །དེ་མན་ཆད་ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །བཞི་པོ་དེ་དག་མི་ཟད་པ་ཡང་སྤང་བར་བྱ་བ་དང་
བསྒྲུབ་པར་བྱ་བའི་ཆོས་རྣམས་མི་ཟད་པའི་ཕྱིར་རོ། །རྒལ་བ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་སྤོང་བ་ལ་ནི་ཡང་དག་པའི་སྤོང་བ་ཞེས་བྱ་བར་འོས་ན། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གནས་པར་བྱ་བ་ལ་ཡང་དག་པའི་སྤོང་བ་ཞེས་ཇི་
ལྟར་གདགས་ཤེ་ན། དེ་གཉིས་ལ་གདགས་པར་མི་རིགས་པ་འདྲ་མོད་ཀྱི། དགེ་བ་བསྐྱེད་པ་དང་གནས་པར་བྱ་བའི་མི་མཐུན་པའི་ཕྱོགས་སྤངས་པ་དང་། བསྐྱེད་ཅིང་གནས་པར་འགྱུར་བའི་ཕྱིར། མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་དག་པའི་སྤོང་བ་ཞེས་བྱ་བས་ཉེས་པ་མེད་དོ། །
བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་ཡང་དག་པའི་སྤོང་བ་དང་པོ་ལ་ཞུགས་པ་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཀྱི་གཉེན་པོ་བསྒོམ་པར་བྱ་བ་ལ་སྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། གང་སྡིག་པ་མི་དགེ་བའི་
ཆོས་གང་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་ཅེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་ཅེས་ཀྱང་བྱ། ཚུལ་བཞིན་དུ་
ཡིད་ལ་བྱེད་ཅེས་ཀྱང་བྱ་སྟེ། འདུན་པ་བསྐྱེད་ཅེས་བྱ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་ནི་གང་འདོད་པ་ན་སྤྱོད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེས་པར་སྤྱོད་པས་ཡོངས་སུ་བསྡུས་པ་དང་། དེ་སྐྱེད་པར་བྱེད་པའི་ཉོན་
མོངས་པ་རྣམས་སོ། །མ་སྐྱེས་པ་ན་ཆོས་དེ་མངོན་དུ་མ་གྱུར་ཅིང་ཉེ་བར་མ་གྱུར་པའོ། །མི་སྐྱེད་པ་ནི་མངོན་དུ་མི་འབྱུང་བ་དང་། ཉེ་བར་མི་འགྱུར་བར་བྱའོ། །འདུན་པ་བསྐྱེད་པ་ནི་དེའི་གཉེན་པོར་གྱུར་པ་ཞི་གནས་ལ་སོགས་པའི་མཚན་མ་ཡིད་ལ་བྱེད་པ་ལ་མི་བརྟེན་པར་མི་
เล่ม ๑๑๔ · หน้า 243b
གཙང་བ་ལ་སོགས་པའི་གཉེན་པོ་ཉི་ཚེ་སྒོམ་པར་བྱེད་པ་སྟེ། དེ་བས་ན་འདུན་པ་བསྐྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ། །འབད་པས་བརྩོན་འགྲུས་རྩོམ་ཞེས་བྱ་བ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ། འདིར་ཡང་སྡིག་པ་མི་དགེ་
བའི་ཆོས་མ་སྐྱེས་པ་ཞེས་བྱ་བར་སྦྱར་ཏེ། འབད་པས་བརྩོན་འགྲུས་རྩོམ་ཞེས་ཀྱང་བྱ། ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་མི་གཏོང་ཞེས་ཀྱང་བྱ་སྟེ། དེ་བས་ན་འབད་པས་བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བའི་ཚིག་བླ་དགས་སོ། དེ་ལ་སྡིག་
པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པའི་དངོས་པོ་ལ་དམིགས་པ་དང་། མ་འོངས་པའི་དངོས་པོ་ལ་དམིགས་པ་དང་། ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེའོ། །དེ་ལྟར་ན་དེ་དག་ནི་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པ་དང་། མངོན་སུམ་དུ་གྱུར་པའི་ཡུལ་ལ་དམིགས་པ་སྟེ།
གང་འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་པ་ནི་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའོ། །ད་ལྟར་གྱི་ཡུལ་ལ་དམིགས་པ་ནི་མངོན་སུམ་གྱི་ཡུལ་ལ་དམིགས་པའོ། །དེ་ལ་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་
འབད་དོ། །མངོན་སུམ་དུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་ནི་བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཞིང་ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་ཚུལ་བཞིན་དུ་རྟོགས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་
ལ། འདིར་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བར་སྦྱར་ཏེ། སེམས་རབ་ཏུ་འཛིན་ཞིང་ཡང་དག་པར་རབ་ཏུ་འཇོག་ཅེས་ཀྱང་བྱ། ཚུལ་བཞིན་དུ་རྟོགས་པ་ཞེས་ཀྱང་བྱ་སྟེ། སེམས་རབ་ཏུ་འཛིན་ཞིང་ཡང་དག་པར་རབ་ཏུ་འཇོག་པ་ནི་ཚུལ་བཞིན་དུ་རྟོགས་པའི་ཚིག་
བླ་དགས་སོ། །དེ་ལ་སེམས་རབ་ཏུ་འཛིན་པ་ཞེས་བྱ་བ་ནི་གང་གི་ཚེ་ཞུམ་པའི་ཉེ་བའི་ཉོན་མོངས་པ་སྐྱེས་པར་གྱུར་པ་དེའི་ཚེ། དེ་བསལ་བར་བྱ་བའི་ཕྱིར་རབ་ཏུ་དང་བར་འགྱུར་བ་ལ་སོགས་པའི་ཡིད་ལ་བྱེད་པ་སེམས་གཟུང་བ་སྟེ། གཟུང་ཞེས་བྱ་བ་ནི་དེའི་གཉེན་པོ་འཕགས་པའི་ལམ་
เล่ม ๑๑๔ · หน้า 244a
དང་། དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་བསམས་ནས་སེམས་གཟེངས་བསྟོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་འཇོག་རབ་ཏུ་འཇོག་ཅེས་བྱ་བ་ནི་རྒོད་པའི་ཉེ་བའི་ཉོན་མོངས་པ་སྐྱེས་པ་ན་སེམས་ནང་དུ་བསྡུ་བའི་ཚུལ་གྱིས་རྩེ་གཅིག་ཏུ་གཞག་པ་སྟེ།
དམིགས་པ་དེ་ཉིད་ལ་ཡང་དང་ཡང་དུ་གཞག་ཅིང་འཁོར་བའི་ཉེས་པ་ལ་སོགས་པ་ཡིད་ལ་བྱེད་པས་སྐྱོ་བ་བསྐྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བ་སྟེ། འདུན་པ་སྐྱེད་པ་དང་། འབད་དེ་བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་ཞིང་ཡང་དག་པར་རབ་ཏུ་འཇོག་པ་དེ་དག་ལ་
ཅིའི་ཕྱིར་ཚུལ་བཞིན་ཞེས་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །ལན་དུ་ཚུལ་བཞིན་རབ་ཏུ་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་གཉེན་པོ་དང་། ཞུམ་པ་དང་རྒོད་པའི་གཉེན་པོ་བསྒོམ་པ་རྣམས་ནི་དེ་དང་མི་མཐུན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་མི་
འཇུག་སྟེ། དེ་བས་ན་དེ་དག་ནི་ཚུལ་བཞིན་གྱི་ཚིག་བླ་དགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་གང་ཞེ་ན། གང་བསླབ་པ་གསུམ་མཐར་དབྱུང་བར་བྱ་བ་དང་མི་མཐུན་པའི་ཆོས་རྣམས་སོ། །དེ་དག་དངོས་པོ་གང་ཡིན་པ་བསྟན་པའི་ཕྱིར། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་
བ་ལ་སོགས་པ་གསུངས་སོ། །ཚུལ་ཁྲིམས་ཉམས་པ་དང་ཞེས་བྱ་བ་ནི་གང་ཡན་ལག་དྲུག་པའི་ཚུལ་ཁྲིམས་ཉམས་པ་ཉིད་སྡིག་པ་མི་དགེ་བའི་ཆོས་སོ། །གང་དག་གཞན་གྱི་ཚུལ་ཁྲིམས་ཀྱང་ཉམས་པར་བྱེད་པ་ཞེས་བྱ་བ་ལ། གཞན་དག་ཚུལ་ཁྲིམས་ཉམས་པར་བྱེད་པའི་རྒྱུའི་ཆོས་རྣམས་
ཀྱང་སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །དེ་ཡང་གང་ཞེ་ན། རྒྱུ་བཅུ་སྟེ། དང་པོ་ནས་ལེགས་པར་མ་བླངས་པ་དང་། ལྷོད་པར་བྱེད་པ་ལོག་པར་འཛིན་པ་དང་། བག་མེད་པ་དང་། ལེ་ལོས་ཡོངས་སུ་ཟིན་པ་དང་། ལོག་པར་སྨོན་པ་དང་། སྤྱོད་ལམ་ཉམས་པར་གྱུར་པ་དང་། འཚོ་བ་ཉམས་
པར་གྱུར་པ་དང་། མཐའ་གཉིས་སུ་ལྟུང་བ་དང་། འབྱུང་བར་མི་བྱེད་པ་དང་། ཡི་དམ་བླངས་པ་ཉམས་པའོ། །དེ་ལ་ཇི་ལྟར་དང་པོ་ནས་ལེགས་པར་མ་བླངས་ཤེ་ན། འདི་ལྟར་རྒྱལ་པོའི་འཇིགས་པས་སམ། རྐུན་པོའི་འཇིགས་པས་སམ། འཚོ་བ་མེད་པའམ། དེ་ལ་སོགས་པའི་རྐྱེན་གཞན་གྱི་
เล่ม ๑๑๔ · หน้า 244b
ཕྱིར་བླངས་པའོ། །ཇི་ལྟར་ན་ལྷོད་པར་བྱེད་པ་ཞེ་ན། འདི་ལ་ཁ་ཅིག་ཚུལ་ཁྲིམས་བླངས་ནས་ཀྱང་ངོ་ཚ་མེད་པ་དང་། འགྱོད་པ་ཆུང་བ་དང་། བསླབ་པའི་གནས་རྣམས་ལ་ལྷོད་པར་བྱེད་པའོ། །ཇི་ལྟར་ན་ལོག་པར་འཛིན་པ་གང་ཞེ་ན། ཁ་ཅིག་ལོག་པར་འཛིན་པ་དང་ལྡན་པ་ཡིན་ཏེ། གནས་མ་ཡིན་པ་ལ་འགྱོད་པར་
གྱུར་ཅིང་འགྱོད་པ་དེས་དགེ་བའི་བར་དུ་གཅོད་པར་བྱེད་པའོ། །ཇི་ལྟར་ན་བག་མེད་པ་དང་། ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། ལ་ལ་དག་དང་པོ་ནས་ཉེས་པ་མི་འབྱུང་བར་དམ་བཅའ་བ་མེད་ཅིང་ཉེས་པ་བྱུང་ནས་ཡང་སླར་ཆོས་བཞིན་གསོ་བར་མི་བྱེད་ལ། ཉལ་བ་དང་འཕྲེས་པ་དང་། གཉིད་ཀྱི་བདེ་བ་
རྣམས་ལྷུར་ལེན་པར་བྱེད་པའོ། །ཇི་ལྟར་ན་ལོག་པར་སྨོན་པ་ཡིན་ཞེ་ན། ཚུལ་ཁྲིམས་སམ་བརྟུལ་ཞུགས་སམ། དཀའ་ཐུབ་འདིས་ལྷ་འམ། ལྷ་གང་ཡང་རུང་བ་འམ། རྙེད་པ་དང་བཀུར་སྟི་དང་ལྡན་པར་གྱུར་ཅིག་ཅེས་སྨོས་པའོ། །ཇི་ལྟར་ན་སྤྱོད་ལམ་ཉམས་པར་གྱུར་པ་ཡིན་ཞེ་ན། དེ་ལ་ཁ་ཅིག་སྤྱོད་
ལམ་དང་། འཕྲལ་གྱི་བྱ་བ་དང་། དགེ་བ་ལ་སྦྱོར་བ་རྣམས་འཇིག་རྟེན་དང་མི་མཐུན་ཞིང་འཇིག་རྟེན་དང་འགལ་བ་དང་། འདུལ་བ་དང་མི་མཐུན་ཞིང་འདུལ་བ་དང་འགལ་བར་བྱེད་པའོ། །ཇི་ལྟར་འཚོ་བ་ཉམས་པར་འགྱུར་བ་ཡིན་ཞེ་ན། འདི་ལ་ཁ་ཅིག་ཆོག་མི་ཤེས་པ། འདོད་པ་མང་བ་དང་། གསོ་
དཀའ་བ་དགང་དཀའ་བ་སྟེ། ཆོས་མ་ཡིན་པ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཚོལ་བར་བྱེད་པའོ། །ཇི་ལྟར་ན་མཐའ་གཉིས་སུ་ལྷུང་བ་ཞེ་ན། འདི་ལ་ཁ་ཅིག་འདོད་པའི་བསོད་ཉམས་ལ་ལྷག་པར་ཞེན་ནས། འདོད་པའི་ཆོས་རྣམས་ལ་བག་མེད་པར་སྤྱོད་པ་དང་། ལ་ལ་དག་ཚེར་མ་ལ་གནས་འཆའ་
བ་དང་། ཐལ་བའི་ནང་ན་གནས་པ་ལ་སོགས་པ་དཀའ་ཐུབ་མི་བཟད་པར་འཛིན་པར་བྱེད་པའོ། །ཇི་ལྟར་ན་འབྱུང་བར་མི་བྱེད་པ་ཞེ་ན། ལ་ལ་དག་ཚུལ་ཁྲིམས་དང་བརྟུལ་ཞུགས་སམ་ལྟ་བ་མཆོག་ཏུ་འཛིན་པ་སྟེ། ཚུལ་ཁྲིམས་འདི་ཉིད་དམ། བརྟུལ་ཞུགས་འདི་ཉིད་ཀྱིས་ཐར་པ་དང་། གྲོལ་བར་འགྱུར་ཞེས་
ལྟ་བའོ། །ཇི་ལྟར་ན་ཡི་དམ་བླངས་པ་ཉམས་པ་ཞེ་ན་ལ་ལ་དག་ཐམས་ཅད་ནས་ཐམས་ཅད་དུ་ངོ་ཚ་མེད་ཅིང་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་མི་འཛེམ་པ། ཚུལ་ཁྲིམས་ཉམས་པ་ཚིག་པའི་ཆོས་ཅན་ཁོང་དུ་རུལ་བ། ལུང་བོང་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དག་གོ། །ཆོ་
เล่ม ๑๑๔ · หน้า 245a
ག་ཉམས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉམས་པའོ། །གང་དག་གཞན་གྱི་སེམས་ཀྱང་རྣམ་པར་གཡེང་བར་བྱེད་པའི་ཆོས་ཅི་ཡང་རུང་སྟེ་ཞེས་བྱ་བ་ནི་གཞན་དག་ཏིང་ངེ་འཛིན་ལས་ཉམས་པར་བྱེད་ཅིང་། སེམས་གཡེང་བར་འགྱུར་བའི་ཆོས་གང་ཡང་རུང་བ་རྣམས་ཀྱང་སྡིག་པ་མི་དགེ་བའི་
ཆོས་ཞེས་བྱའོ། །དེ་ཡང་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ལ་ཆགས་པ་མང་བ་དང་། ལུས་ལ་ནད་མང་བ་དང་། ཁ་ཟས་ལ་མང་དུ་བརྐམ་པ་དང་། འདུ་འཛི་མང་པོའི་ནང་ན་གནས་པར་དགའ་བ་དང་འཇིག་རྟེན་གྱི་ཁམས་ཀྱི་བྱ་བ་མང་པོ་ལ་དགའ་བ་དང་། སྨྲ་བ་མང་པོ་ལ་མོས་པ་དང་།
ཉལ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བའོ། གང་འདི་ལྟར་ཉམས་པ་ཞེས་བྱ་བ་ནི་རྟག་པ་འམ་ཆད་པར་ལྟ་བར་གྱུར་པའོ། །གང་དག་གཞན་གྱི་ལྟ་བ་ཡང་ཉམས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་ལོག་པའི་ལྟ་བ་ལ་ཞེན་པར་འགྱུར་བའི་རྒྱུ་ཉོན་མོངས་པ་མངོན་དུ་འབྱུང་བ་དང་།
སྒྲིབ་པ་དང་ཚོར་བར་འགྱུར་བའི་ཆོས་གོང་དུ་བཤད་པ་རྣམས་ཀྱང་སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །བརྩོན་འགྲུས་རབ་ཏུ་སྦྱངས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་ཡང་དག་པའི་སྤོང་བ་གཉིས་པ་ལ་རབ་ཏུ་ཞུགས་པ་སྟེ། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཤིན་ཏུ་སྦྱངས་པ་སྒོམ་པར་བྱེད་
པའོ། །དེའི་དབང་དུ་བྱས་ནས་གང་ཡང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་ནི་གོང་དུ་བཤད་པ་རྣམས་སོ། །སྐྱེས་པ་ནི་མངོན་སུམ་དུ་གྱུར་པའོ། །གོང་དུ་བཤད་པ་དང་མཐུན་པ་རྣམས་ནི་འདིར་མ་བཤད་དེ། སྔར་བཤད་པ་བཞིན་
དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། འདུན་པ་བསྐྱེད་པ་ལ་སོགས་པ་ལ། ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མེད་ཅེས་བྱ་བ་ནི་སྡིག་
པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་སྐྱེས་མ་ཐག་ཏུ་འགགས་ཏེ་མེད་པར་གྱུར་བས་སེམས་ལ་བཅེར་ཞིང་ཕུང་པོར་གྱུར་པ་མེད་དེ། དེ་བས་ན་ཕྱི་ནང་གི་ཡུལ་དང་ཕྱོགས་ན་མི་གནས་ཤིང་མིང་དང་མཚན་མར་གདགས་པར་མི་ནུས་ཞེས་བྱའོ། །གལ་ཏེ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་མེད་པ་ཡིན་ན། དེ་
เล่ม ๑๑๔ · หน้า 245b
དག་མེད་པས་སྤང་བའི་རྩོལ་བ་མི་དགོས་ལ། སྤང་བ་ཞེས་འབྱུང་བ་ཡང་ཇི་ལྟ་བུ་སྙམ་པ་ལ། སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལས་ཀུན་དུ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ལས་ཀུན་དུ་འབྱུང་བ་ནི་ཆོས་དེ་དག་སེམས་ལས་སྐྱེས་པའོ། །ཇི་ལྟར་སྤང་བར་ཤེས་པ་ནི་སྤང་བར་ཤེས་
པའོ། །ཇི་ལྟར་སྤང་བ་ཤེས་པ་བསྟན་པའི་ཕྱིར་རྒྱུ་དང་དམིགས་པ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འམ། ཉོན་མོངས་པའི་བག་ཆགས་སོ། །དམིགས་པ་ནི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་རྣམས་སོ། །གང་གིས་སྡུག་པའི་རྣམ་པར་འདོད་ཆགས་
ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུ་དང་དམིགས་པ་གང་གིས་རྒྱུ་དང་དམིགས་པ་བྱས་ནས་སྡུག་པར་འཛིན་པའི་རྣམ་པའི་འདོད་ཆགས་སྐྱེ་བ་འམ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་ལ་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་དང་དམིགས་པ་ལའོ། །འདི་དག་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་
མོངས་པ་དག་ཡིན་ནོ། །ཐ་སྙད་བཏགས་པའི་གཟུང་གིས་ཞེས་བྱ་བ་ནི་མི་སྡུག་པས་འདོད་ཆགས་ཞི་བར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ན་དེ་ལ་སྤང་བར་བྱ་བ་དང་། སྤོང་བར་བྱེད་པ་གཉི་ག་མེད་དོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པར་གནས་ཤིང་།
འཕགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གྱུར་པས་ན་སྤང་བར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་ཐ་སྙད་ལ་སྙེགས་ཏེ། གཉེན་པོས་མི་མཐུན་པའི་ཕྱོགས་སྤོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་སྤོང་བ་གསུམ་པ་ལ་རབ་ཏུ་ཞུགས་པ་སྟེ། དགེ་
བའི་ཆོས་མ་སྐྱེས་པ་རྣམས་ཐོབ་པའི་བསྒོམ་པར་བྱ་བ་ལ་སྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་གང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཆོས་ནི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་པོ་མ་སྐྱེས་པ་ནི་མངོན་དུ་མ་གྱུར་པའོ། །བསྐྱེད་
པའི་ཕྱིར་བྱ་བ་ནི་མངོན་དུ་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་པ་ལ་སོགས་པ་ལ་ཅིའི་ཕྱིར། ཚད་མེད་པའི་ཚིག་ཤིན་ཏུ་བསྟན་པ་ཞེས་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །འདུན་
เล่ม ๑๑๔ · หน้า 246a
པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་དགེ་བའི་ཆོས་ནི་ཚད་མེད་དེ། དེ་སྒྲུབ་པར་འདུན་པ་ཡང་ཚད་མེད་པས་དེ་བས་ན། དེ་ནི་ཚད་མེད་པའི་ཚིག་ཤིན་ཏུ་བརྟན་པའོ། །དགེ་བའི་ཆོས་བསྒྲུབ་པར་འདུན་པ་ལས་བསྒྲུབ་པ་འབྱུང་
ཞིང་དགེ་བའི་ཆོས་སྐྱེ་བར་འགྱུར་བས་ན། འདུན་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །ཉམས་སུ་ལེན་པར་བྱེད་ཅེས་བྱ་བ་ནི་མཐར་ཕྱིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་དེ་དག་ལ་སྤྱོད་ཅིང་རྣམ་པར་འབྱེད་ཅེས་བྱ་བ་ནི་སྨོན་ལམ་གྱི་དགེ་བའི་ཆོས་སྐྱེས་པ་དེ་དང་དེ་དག་ལ་སོ་སོའི་མཚན་
ཉིད་ལ་རྟོག་ཅིང་ཕྱིས་ཀྱང་བསྐྱེད་པར་བྱ་བར་སེམས་པའོ། །བརྩོན་འགྲུས་རབ་ཏུ་བརྟན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཡང་དག་པའི་སྤོང་བ་བཞི་པ་ལ་རབ་ཏུ་ཞུགས་པ་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་བསྟན་པའི་བསྒོམ་པར་བྱ་བ་ལ་སྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་གང་ཡང་དགེ་བའི་
ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ནི་སྔར་སྐྱེས་པ་རྣམས་ལས་དེ་ལས་ཆུང་བར་མི་བྱའོ། །བསྒོམ་པ་ནི་སྔར་སྐྱེས་པ་ལས་ཤས་ཆུང་ཟད་སྐྱེད་པའི་ཕྱིར་དེ་དག་ལ་ཡང་ནས་ཡང་དུ་སྒོམ་པར་བྱེད་པའོ། །ཕྱིར་ཞིང་འབྱུང་བ་ནི་དེ་བས་ཀྱང་ཤས་འབྲིང་དུ་བསྐྱེད་པར་བྱ་
བའི་ཕྱིར་ཆུང་ངུ་སྐྱེས་པ་ལ་ཡང་ནས་ཡང་དུ་སྒོམ་པར་བྱེད་པའོ། །ཆུད་ཟ་བ་དང་ཉམས་པར་མི་འགྱུར་བ་དོན་གཅིག་སྟེ་སྐྱེས་པ་རྣམས་ཉམས་པར་མི་བྱེད་པའོ། །ཡང་ན་ཆུད་ཟ་བར་མི་འགྱུར་བ་ནི་ཉམས་པར་མི་བྱེད་པའོ། །ཉམས་པར་མི་འགྱུར་བ་ནི་བརྗེད་པར་མི་བྱ་བའོ། །ཤིན་ཏུ་རྒྱས་པར་བྱ་བ་ནི་དགེ་
བའི་རྩ་བ་ཐམས་ཅད་མཐར་ཐུག་ཅིང་རྫོགས་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་འདུག་པ་ལ་སོགས་པར་བྱེད་པ་ལ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །མཐར་ཐུག་གི་བར་དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་
སྙིང་པོ་མ་ཐོབ་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །ཆུད་མི་ཟ་ཞེས་བྱ་བ་ནི་མེད་པར་མི་འགྱུར། ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། འཕེལ་བར་འགྱུར་ཞིང་རྒྱ་ཆེར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་དེ། བྱང་ཆུབ་ཀྱི་སྙིང་པོའི་
เล่ม ๑๑๔ · หน้า 246b
བར་དུ་མཐར་མ་ཐུག་གི་བར་དུ་བར་མ་དོར་ཅིའི་ཕྱིར་ཆུད་ཟ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་པ་ཐམས་ཅད་ལ་མི་གནས་པ་ཞེས་བྱ་བ་ནི་ཁམས་གསུམ་དུ་སྐྱེས་པའི་རྒྱུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་ཟད་པར་འགྱུར་ཞེས་བྱ་བ་ནི་ཁམས་གསུམ་དུ་འགྱུར་བའི་ཆོས་དེ་དག་ནི་འབྲས་བུ་རྣས་པར་
སྨིན་པ་མྱོང་ནས་ཟད་པར་འགྱུར་བའོ། །ཡང་དག་པའི་སྤོང་བ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།འདུན་པ་ལ་ཤིན་ཏུ་གནས་པ་དང་། བརྩོན་འགྲུས་ལ་ཤིན་ཏུ་གནས་པ་དང་། སེམས་ལ་ཤིན་ཏུ་གནས་པ་དང་། དཔྱོད་པ་ལ་ཤིན་ཏུ་གནས་པ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མི་ཟད་པ་ཡང་འདུན་པར་བྱ་བ་ལ་སོགས་པའི་ཆོས་རྣམས་མི་ཟད་པའི་ཕྱིར་མི་ཟད་པའོ། །དེ་ལ་རྫུ་འཕྲུལ་ནི་གོང་དུ་མངོན་པར་ཤེས་པ་ལྔ་བསྟན་པ་འམ། མངོན་པར་ཤེས་པ་ལྔའི་ནང་ན་རྫུ་
འཕྲུལ་མངོན་པར་ཤེས་པ་བཤད་པའོ། །རྐང་པ་ནི་རྫུ་འཕྲུལ་དེ་དག་ཐོབ་པར་བྱེད་པའི་རྒྱུ་འམ་གཞིའོ། །དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། རབ་ཏུ་དབྱེ་བ་དང་། རྒྱུ་དང་། གཞི་དང་འབྲས་བུ་མངོན་པར་འགྲུབ་པའོ། །དེ་ལ་འདི་ལྟ་སྟེ། འདུན་པ་དང་ཞེས་བྱ་བ་ནས། དཔྱོད་པའོ་ཞེས་བྱ་བ་ཡན་ཆད་
ཀྱིས་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་དག་གི་རྩ་བའི་རྟེན་ཞེས་བྱ་བ་ནས་ལས་སུ་རུང་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་ཏོ། །དེ་སེམས་ལས་སུ་རུང་བ་ཐོབ་པ་ཞེས་བྱ་བ་ནི་སེམས་ཡང་བ་མ་ཐོབ་པ་ཡན་ཆད་ཀྱིས་གཞི་བསྟན་ཏོ། །དེ་ལུས་དང་སེམས་ཡང་བ་ཞེས་བྱ་བ་ནས། ནམ་
མཁའི་མཐར་ཐུག་པ་ཞེས་བྱ་བ་ཡན་ཆད་ཀྱིས་འབྲས་བུ་མངོན་པར་འགྲུབ་པ་བསྟན་ཏོ། །དེ་ལ་འདུན་པ་ནི་གང་གུས་པར་བྱེད་པ་དང་། དད་པ་ལ་བརྟེན་ཏེ་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་པའོ། །བརྩོན་འགྲུས་ནི། གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་པའོ། །
སེམས་ནི་གང་ཚེ་རབས་གཞན་དང་གཞན་དུ་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས། ཚེ་འདིར་སེམས་ནི་སྔོན་གྱི་སེམས་དང་རྗེས་སུ་མཐུན་པར་གྱུར་ཏེ། མྱུར་དུ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པའོ། །དཔྱོད་པ་ནི་བདག་གི་སེམས་ཀྱི་རྒྱུད་ལ་སྡིག་པ་མི་དགེ་བའི་ཆོས་ཡོད་དམ་མེད་ཅེས་རྣམ་
เล่ม ๑๑๔ · หน้า 247a
པར་དཔྱོད་པ་ལས་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པའོ། །དེ་དག་གི་རྩ་བའི་རྟེན་དང་གནས་ནི་ཞེས་བྱ་བ་ལ་དེ་དག་ནི་འདུན་པ་ལ་སོགས་པ་བཞི་དག་གམ་རྫུ་འཕྲུལ་གྱི་རྐང་པ་དག་སྟེ། དེ་དག་གི་རྩ་བའི་གཞི་འམ། རྟེན་དུ་གྱུར་པ་ནི་ཚད་མེད་པ་བཞི་དག་གོ། །དེ་ལ་རྩ་
བའི་སྒྲ་ནི་འདུན་པ་ལ་སོགས་པ་ལ་སྙེགས་ཏེ། དེ་དག་ནི་རྫུ་འཕྲུལ་སྐྱེ་བའི་རྩ་བ་ཡིན་པས་སོ། །འདུན་པ་ལ་སོགས་པའི་རྟེན་དང་གནས་ནི་ཚད་མེད་པ་བཞི་ཡིན་ཏེ། ཚད་མེད་པ་བཞི་དང་ལྡན་པའི་སེམས་ཀྱིས་བསྒོམས་དགོས་པས་སོ། །ཚད་མེད་པ་བཞི་ཇི་ལྟར་ན་རྩ་བའི་རྟེན་དང་གཞིར་འགྱུར་
སྙམ་པ་ལ། དེ་ཚད་མེད་པ་བཞི་པོ་འདི་དག་ལ་བརྟེན་ཅིང་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྒོམ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེས་སོ། །བསྟན་པ་ནི་དང་པོ་ཉིད་དུ་ཚད་མེད་པ་བཞི་བསྒོམ་པ་ལ་བརྟེན་པའོ། །བསྒོམ་
པ་ནི་དེའི་འོག་ཏུ་ཡང་ནས་ཡང་དུ་མངོན་སུམ་དུ་བྱེད་པའོ། །མང་དུ་བྱས་པ་ནི་ཚད་མེད་པ་བཞི་མཐར་ཕྱིན་པར་བྱ་བའི་ཕྱིར་བསྒོམ་པ་རྒྱུན་མི་གཅོད་པའོ། །སེམས་ལས་སུ་རུང་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་རྩེ་གཅིག་ཏུ་གནས་སུ་བཏུབ་བ་ཐོབ་བར་འགྱུར་བའོ། །བསམ་གཏན་དང་
པོ་ལ་མཉམ་པར་གཞོག་པ་ལ་སོགས་པ་སྨོས་པ་ནི་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་བསྐྱེད་པའི་ཕྱིར་རོ། །ལུས་དང་སེམས་ཡང་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་ལུས་ཡང་བ་ཐོབ་བ་ནི། རང་གི་དོན་སྒྲུབ་པ་ལ་མྱུར་དུ་འཇུག་ཏུ་བཏུབ་ཅིང་གཉིད་དང་རྨུགས་པ་ལ་སོགས་པ་མེད་པ་ཐོབ་པའོ། །
སེམས་ཡང་བ་ནི་དེ་བཞིན་དུ་རང་གི་བྱ་བ་མྱུར་དུ་འཇུག་ཏུ་བཏུབ་པའོ། །མངོན་པར་ཤེས་པ་ལ་འཇུག་པ་ལ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ནི་རྫུ་འཕྲུལ་མངོན་པར་ཤེས་པ་ཐོབ་པར་འགྱུར་བ་བསྒྲུབ་པའོ། །འདུན་པ་ལས་སམ་བརྩོན་འགྲུས་ལས་སམ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བསྒྲུབ་པ་དང་
ལྡན་པ་དེ་ནི་འདུན་པ་ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་པ་སྐྱེད་པར་བྱེད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་འདིར་རྫུ་འཕྲུལ་ཉིད་ལ་བྱ་བར་འདོད་དོ། །ཡང་ན་འདུན་པ་ལས་སམ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་དེ་བཞིས་དེ་དག་གི་འབྲས་བུའི་གནས་ཐོབ་པར་བྱེད་པའི་དོན་
เล่ม ๑๑๔ · หน้า 247b
ཏོ། །རྐང་པ་ནི་འདིར་འབྲས་བུ་ཐོབ་པའི་གནས་ལྟ་བུ་ལ་བྱའོ། །དེ་ལ་གང་འདུན་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་རྫུ་འཕྲུལ་གྱི་རྐང་པ་དང་པོ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་འདུན་པ་ནི་གང་ཆོས་དེ་དག་ལ་མངོན་དུ་ཕྱོགས་པའོ་ཞེས་བྱ་བ་གསུངས་ཏེ། ཆོས་ཞེས་
བྱ་བས་འདུན་པའི་ཏིང་ངེ་འཛིན་ཏམ། སངས་རྒྱས་ཀྱི་ཆོས་རྣམས་ལ་བྱ་སྟེ། འདུན་པ་ནི་ཆོས་དེ་རྣམས་ལ་ཕྱོགས་ཤིང་མོས་པ་དང་དད་པ་བྱེད་པའོ། །བརྩོན་འགྲུས་ལ་ཤིན་ཏུ་གནས་པ་ནི་རྫུ་འཕྲུལ་གྱི་རྐང་བ་གཉིས་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། བརྩོན་འགྲུས་ནི་གང་ཆོས་དེ་
དག་སྒྲུབ་པའོ་ཞེས་བྱ་བ་གསུངས་སོ། །ཆོས་དེ་དག་སྒྲུབ་པ་ནི་ཚད་མེད་པ་དང་བསམ་གཏན་དང་རྫུ་འཕྲུལ་གྱི་ཆོས་རྣམས་སྒྲུབ་བའོ། །སེམས་ལ་ཤིན་ཏུ་གནས་པ་ནི་གང་རྫུ་འཕྲུལ་གྱི་རྐང་པ་གསུམ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་སེམས་ནི་གང་ཆོས་དེ་དག་ལ་རྟོག་པའོ་ཞེས་
གསུངས་སོ། །ཆོས་དེ་དག་ལ་རྟོག་པ་ནི་གང་དུ་བཤད་པའི་ཆོས་རྣམས་ལ་ཡིན་ནམ། མ་ཡིན་ཞེས་འཇོག་པའམ། རྩེ་གཅིག་ཏུ་འཇོག་པའོ། །དཔྱོད་པ་ལ་ཤིན་ཏུ་གནས་པ་ནི་གང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དཔྱོད་པ་ནི་གང་ཆོས་དེ་དག་ལ་
མཁས་པ་ཞེས་གསུངས་སོ། །དཔྱོད་ན་ཤེས་རབ་སྟེ། དེ་ནི་གོང་དུ་བཤད་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའོ། །དེ་ལྟར་ཏིང་ངེ་འཛིན་བཞི་བསྒོམ་པ་ལ་སྤོང་བའི་འདུ་བྱེད་བརྒྱད་འབྱུང་བར་འགྱུར་ཏེ། འདུན་པ་ནི་ནམ་ཞིག་ན་བདག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་། སྡིག་
པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཞིག་གྲུ་སྙམ་དུ་སེམས་པའོ། །རྩོལ་བ་ནི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་མི་གཏོང་བའོ། །དད་པ་ནི་སྦྱོར་བ་མ་བཏང་བའི་གོང་དུ་རྟོགས་པར་བྱ་བ་ལ་ཡིད་ཆེས་པའོ། །ཤིན་ཏུ་སྦྱངས་པ་ནི་དད་པ་སྔོན་དུ་བཏང་བའི་དགའ་བ་སྟེ། ཡིད་དགའ་
བར་གྱུར་པའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་གནས་ངན་ལེན་སྦྱངས་པའོ། །དྲན་པ་ནི་ཞི་གནས་ཀྱི་སེམས་ཟིན་པའོ། །ཤེས་བཞིན་ནི་ལྷག་མཐོང་ངོ་། །སེམས་པ་ནི་སྤངས་པ་དང་། མ་སྤངས་པ་ལ་སྤྱོད་པ་དང་། ཞི་གནས་དང་ལྷག་མཐོང་དང་། མཐུན་པའི་ལུས་དང་ངག་གི་ལུས་ཀུན་ནས་སློང་
เล่ม ๑๑๔ · หน้า 248a
བའོ། །བཏང་སྙོམས་ནི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་སྤྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང་མཉམ་པ་ཉིད་དུ་བྱེད་པའོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པ་རྣམས་ཀྱིས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ལ་འདུན་པ་ལ་སོགས་པ་རྫུ་
འཕྲུལ་གྱི་རྐང་པ་སྒྲུབ་པ་རྣམས་ཀྱིས་རྫུ་འཕྲུལ་ཡང་དག་པར་སྒྲུབ་པར་བྱེད་དེ། དེ་བས་ན་འདུན་པ་ལ་སོགས་པ་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལ་འདུན་པ་དང་རྫུ་འཕྲུལ་གྱི་རྐང་པས་ནི་རྫུ་འཕྲུལ་སྒྲུབ་པའོ། །བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པས་ནི་རྫུ་འཕྲུལ་མཐར་འབྱིན་པར་བྱེད་དོ། །
སེམས་རྫུ་འཕྲུལ་གྱི་རྐང་པས་ནི་མཐར་དབྱུང་བའི་རྫུ་འཕྲུལ་རྣམས་མི་ཉམས་པར་བྱེད་དོ། །དཔྱོད་པ་རྫུ་འཕྲུལ་གྱི་རྐང་པས་ནི་རྫུ་འཕྲུལ་དེ་དག་གཏན་ལ་འབེབས་ཤིང་གང་དང་གང་བྱ་བ་མངོན་པར་བྱེད་པའོ། །མོས་པ་ལས་བྱུང་བ་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བ་ལས་དང་པོ་པའི་རྫུ་འཕྲུལ་རྣམས་
ནི་དེ་ཁོ་ན་མ་རྟོགས་པས་དངོས་པོ་འདི་ལྟར་གྱུར་ཅིག་ཅེས། མངོན་སུམ་དུ་མ་གྱུར་པ་ལ་སེམས་ཀྱིས་མོས་པ་བསྐྱེད་ནས་བརྩལ་བ་ལས་འབྱུང་གི །བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་རྣམས་གདོད་སྨོན་ཅིང་འབད་པ་དང་བརྩལ་མི་དགོས་པར་བསམས་པ་ཙམ་གྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་
རྫུ་འཕྲུལ་གྱི་རྐང་པ་རྣམས་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་གི་སེམས་པ་སྐྱེད་པས་དབང་བྱེད་པ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་མཉམ་པར་གཞག་པ་ལ་སོགས་པ་རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་དངོས་པོ་འདི་འདི་ལྟར་བྱའོ་སྙམ་དུ་རང་གི་
སེམས་བསྐྱེད་པ་ཙམ་གྱིས་ཇི་ལྟར་འདོད་པ་བཞིན་དུ་དབང་དུ་འགྱུར་བའོ། །ཡོངས་སུ་སྦྱང་བ་ལེགས་པར་བྱས་པས་ནི་མཐར་ཕྱུང་ཞིང་ལས་སུ་རུང་བར་བྱས་པའོ། །རྩ་བ་ལ་ཤིན་ཏུ་གནས་པ་ནི་དད་པ་ལ་སོགས་པའམ། བྱམས་པ་ལ་སོགས་པའི་ཚད་མེད་པ་བཞིའི་རྩ་བ་ལ་གནས་པའོ། །ཐམས་ཅད་
དུ་རྒྱུ་བ་ནི་ཀུན་དུ་ཁྱབ་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ། །རླུང་དམར་བཞིན་དུ་ཐོགས་པ་མེད་པ་ནི་རླུང་དམར་དང་འདྲ་བར་ཐགས་ཐོགས་མེད་པར་འགྲོ་བའོ། །ནམ་མཁའི་མཐར་ཐུག་པ་ནི་ནམ་མཁའ་དང་འདྲ་བར་ཕྱི་མའི་མཐའི་བར་དུ་ཡང་ཉམས་པ་མེད་པའོ། །རྫུ་འཕྲུལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด