རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏཱི་ཏྱ་ས་མུཏྤཱ་ད་སྱ་ཨཱ་དི་བི་བྷངྒ་ཡོ་ནི་རྡེ་ཤ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๕ · หน้า 1b

༄༅༅། །རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤཱ་ད་སྱ་ཨཱ་དི་བི་བྷངྒ་ཡོ་ནི་རྡེ་ཤ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། བམ་པོ་དང་པོ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །གང་ལ་དག་མངའ་ཕྱི་ནས་རྣམ་པར་སྦྱང་བྱ་མེད། །དེ་ནི་འཇིག་

རྟེན་མགོན་ཏེ་འཇིག་རྟེན་མཐར་འབྱིན་པ། །སྐྱེ་དགུ་རྣམས་ཀྱི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱང་དེ་དག་ཉིད་ཀྱིས་ཇི་བཞིན་བསྟན་པ་ནི། །ཞི་བ་གནས་དང་ལམ་དང་ལམ་གྱི་ཆེད་དུ་

བྱས། །གང་ཞིག་རབ་ཏུ་རྟོགས་པས་ས་གསུམ་འདི་དག་ཏུ། །འཁོར་ལོ་བཞིན་དུ་འགྲོ་བ་འདི་དག་འཁོར་བ་མེད། །ཆོས་དེ་དག་ལ་གནས་པའི་འཕགས་པའི་དགེ་འདུན་ནི། །ཆགས་

དང་ཚོགས་དག་ལས་ནི་ཤིན་ཏུ་འདས་གྱུར་ནས། །ཡན་ལག་བཅུ་དང་ཡན་ལག་བརྒྱད་དང་དབྱེ་བ་བརྒྱད། །ལམ་གྱི་འབྲས་བུས་འབྲས་བུས་ཀྱང་ནི་དེ་དག་རྣམས། །རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་

เล่ม ๑๑๕ · หน้า 2a

པར་བརྗོད་པའི་མདོ། །ཅུང་ཟད་ངེས་པར་བཤད་པ་བདག་ནི་བརྗོད་པར་འདོད། །བླ་མ་ལས་ཐོས་གཞན་དག་འདོད་པ་མཐོང་ནས་ཀྱང་། །དེ་ལ་བརྟེན་ཏེ་ཅུང་ཟད་རབ་ཏུ་བརྟག་པར་བྱ། །མདོ་སྡེ་གང་ཞེ་

ན། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་གྱིས་ཞེས་བྱ་བའི་མདོ་སྡེའོ། །ཅིའི་ཕྱིར་འདི་བསྟན་ཞེ་ན། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་

ཞེས་བསྟན་པའི་ཕྱིར་རོ། །བསྟན་པ་དེ་ཡང་ཅིའི་ཕྱིར་ཞེ་ན། ཁ་ཅིག་ནི་བདག་མེད་ན་ཇི་ལྟར་འཁོར་བར་འགྱུར་ཞེས་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པར་ཤེས་པ་དང་ལྡན་པ་དེ་དག་བསལ་བའི་ཕྱིར་རོ་ཞེའོ། །བདག་ནི་བདག་

ཏུ་ལྟ་བ་དང་སྲེད་པའི་གཉེན་པོའི་ཕྱིར་ཡིན་པར་མཐོང་ངོ་། །དེ་ལྟར་ན་བདག་མེད་པར་སྡུག་བསྔལ་འབྱུང་བར་བསྟན་པས་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་རྗེས་སུ་མཐུན་པར་བྱས་པ་ཡིན་ནོ། །གདུལ་བྱ་ཅི་འདྲ་བ་ཞིག་ལ་ཡིན་

ཞེ་ན། བདག་ཏུ་ལྟ་བ་ཅན་དང་འཁོར་བའི་ཉེས་པ་མ་ཤེས་པ་རྣམས་ལའོ། །ཇི་ལྟར་བདག་མེད་པ་ཡིན་པ་སྟོན་པ་ནི་འབའ་ཞིག་ཅེས་གང་གསུངས་པ་ཡིན་ཏེ། བདག་དང་བདག་གི་དང་བྲལ་བ་ཞེས་དགོངས་པའོ། །

เล่ม ๑๑๕ · หน้า 2b

འདིར་དགོས་པ་འདི་ཡང་ཡིན་པར་ཅིའི་ཕྱིར་མི་འདོད། །ཇི་སྐད་དུ་མདོ་གཞན་ལས། འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་

ལེགས་པར་མཐོང་བ་ཡིན་ཞེས་རྒྱས་པར་བྱས་ནས་དེ་སྔོན་གྱི་མཐའི་རྗེས་སུ་འབྲངས་པ་མ་ཡིན་པ་ལ་སོགས་པ་དང་། དེ་བཞིན་དུ་ཀཱ་ཏྱཱའི་བུ་འཇིག་རྟེན་ཀུན་འབྱུང་བ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལ་མེད་པ་ཉིད་ཡིན་ནོ་ཞེས་

བྱ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །བདག་ཏུ་ལྟ་བ་སྤངས་པ་ཁོ་ནས་དེ་དག་ཐམས་ཅད་མི་འབྱུང་བས་དེ་ཉིད་འདིར་དགོས་པའི་རྩ་བ་ཡིན་ལ། གང་ཡིན་དེ་ཉིད་མདོ་སྡེ་འདིར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་ཡན་ལག་

སྔ་མ་ལ་བརྟེན་ནས་འབྲེལ་པར་ཕྱི་མ་འབྱུང་བའོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་འཆད་པའི་ཡི་གེ་ཡང་དོན་བཞིན་དུ་གདགས་ཏེ། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་བཞིན་ནོ། །འཇིག་རྟེན་ན་ཡང་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་བཞིན་ནོ། །རྟེན་ཅིང་ཞེས་

བྱ་བ་ནི་རྐྱེན་དེ་ལས་ཞེས་བྱ་སྟེ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་འབྱུང་ངོ་ཞེས་བྱ་བ་རྟེན་དེ་ལས་ཞེས་བྱ་བར་མངོན་ནོ། །སྤྲིན་ལ་བརྟེན་ནས་ཆར་འབབ་པོ་ཞེས་བྱ་བ་སྤྲིན་འདུས་པ་ལས་ཞེས་བྱ་བར་མངོན་ནོ། །གངས་རི་ལ་བརྟེན་ནས་སྨན་སྐྱེའོ་ཞེས་བྱ་བ་གཞི་འདི་ལས་ཞེས་བྱ་བར་མངོན་

པ་ཡིན་གྱི། ཇི་ལྟར་ཁྲུས་བྱས་ནས་ཟས་ཟ་བ་ལྟ་བུར་དུས་སྔ་ཕྱི་ཉིད་ནི་མ་ཡིན་ནོ། །དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས། སྟོན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། །རྒྱུའི་

དོན་ཡིན་ཏེ། དུས་སྔར་བྱ་བ་བྱེད་པའི་དོན་མ་ཡིན་ན་ཇི་ལྟར་འདི་ལ་བརྟེན་ནས་ཞེས་བྱ་བའི་སྒྲུབ་པ་ཤེས་པར་བྱེད་ཅེ་ན། འདི་ཕྱིས་ངེས་པར་གཏན་ལ་དབབ་པར་བྱའོ། །ཁྱེད་ལ་ཞེས་བྱ་བ་ནི་ཁྱེད་ཅག་ལ་སྟེ་ཁྱེད་ཅག་གི་དོན་དུ་ཞེས་བསྟན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོད་པ་སྟེ།

เล่ม ๑๑๕ · หน้า 3a

སེམས་གཞན་དུ་སོང་བའི་དགེ་སློང་རྣམས་དེ་མངོན་དུ་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་དགེ་སློང་རྣམས་ཁོ་ན་ལ་ཡིན་གྱི། འཁོར་གཞན་ལ་མ་ཡིན་ཞེ་ན། མཆོག་ཡིན་པའི་ཕྱིར་དང་། གཙོ་བོ་ཡིན་པའི་ཕྱིར་དང་། ཉེ་བ་ཡིན་པའི་ཕྱིར་དང་། རྟག་ཏུ་འདུག་པ་ཡིན་པའི་

ཕྱིར་དང་། འཛིན་ནུས་པ་དང་ལྡན་པའི་ཕྱིར་རོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ནི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ལའོ། །དང་པོ་ཞེས་བྱ་བ་ནི་བསྟན་པ་སྟེ། རྣམ་པར་འཆད་པ་བས་དེ་སྔ་བའི་ཕྱིར་ཏེ། དེའི་སྒོ་ནས་གཞི་ལྟར་རྟེན་ཅིང་

འབྲེལ་པར་འབྱུང་བ་སྡུད་པའི་ཕྱིར་རོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ངེས་པར་འཆད་པ་སྟེ། ངེས་པར་འཆད་པ་ནི་བསྟན་པའི་ཚིག་ཡིན་ཏེ། བསྟན་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ངེས་པར་འཆད་པ་ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་པར་བྱ་བའི་ཕྱིར་

དང་། འགྲེལ་པ་དང་མདོ་ལྟ་བུ་ཡིན་པའི་ཕྱིར་དང་། སྤྱིའི་ཚིག་དང་བྱེ་བྲག་གི་ཚིག་ཡིན་པར་འདོད་དོ། །དེ་ལྟ་ན་ལེགས་པར་བཤད་པར་འགྱུར་ཏེ། མདོ་དང་རྒྱས་པར་ཡང་བཤད་པའི་ཕྱིར་རོ། །བསྟན་གྱིས་ཞེས་བྱ་བ་ནི་དང་པོ་དང་རྣམ་པར་འབྱེད་པ་ཞེས་བྱ་བ་འཆད་པར་འཇུག་

པ་ལ་བྱ་བར་མངོན་ཏེ། ཇི་ལྟར་གཞན་དུ་ཆོས་བཤད་པར་བྱའོ་ཞེས་སྨྲས་ནས་མདོ་ལ་སོགས་པའི་ཆོས་ལས་དེ་འཆད་པ་གཞན་མ་ཡིན་པ་དང་། འཇིག་རྟེན་ན་ཡང་ཚིག་གཅིག་བརྗོད་དོ་ཞེས་བྱས་ན་ཚིག་ལ་གཞན་ཡོད་པ་མ་ཡིན་པ་བཞིན་ནོ། །དེ་ཞེས་བྱ་བ་འདི་ནི་ཚིག་འགོད་

པའམ། དེ་བས་ན་ཞེས་བྱ་བའི་དོན་ཡིན་ནོ། །ལེགས་པར་ཉོན་ལ་ཞེས་བྱ་བ་ནི་རྣ་བ་གཏོད་པར་སྦྱོར་བར་བྱེད་པའོ། །ཤིན་ཏུ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གུས་པར་འཛིན་ཅིང་འཁོར་རྣམས་བཤད་པའི་སྣོད་ཉིད་དུ་བྱ་བའི་ཕྱིར་རོ། །དེ་ལྟར་མ་

ཡིན་ན་སྐྱོན་རྣམ་པ་གསུམ་གྱིས་བཤད་པ་དོན་ཡོད་པར་མི་འགྱུར་ཏེ། རྣམ་པར་གཡེང་བའི་སྐྱོན་གྱིས་ནི་ཡི་གེ་མི་ཐོས་པའི་ཕྱིར་རོ། །ཤེས་རབ་ཀྱི་སྐྱོན་གྱིས་ནི་ཡི་གེ་དང་དོན་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་སྭ་ཏི་དང་ཨ་རིཥྚ་ལ་སོགས་པ་བཞིན་ནོ། །འདུན་པ་ཞན་པའི་སྐྱོན་གྱིས་

เล่ม ๑๑๕ · หน้า 3b

ནི་མ་གུས་པས་བཟུང་བ་མི་འཛིན་པའི་ཕྱིར་རོ། །སྣོད་ཁ་སྦུབ་པ་དང་། མི་གཙང་བ་དང་། ཞབས་རྡོལ་གྱི་ནང་དུ་ཆར་བབས་པ་དོན་མེད་པ་བཞིན་ཏེ། དེའི་ནང་དུ་མི་འཇུག་པ་དང་། རྣམ་པར་འགྱུར་བ་དང་། མི་གནས་པའི་ཕྱིར་རོ། །རྣམ་པར་དབྱེ་བ་བསྟན་གྱིས་ཞེས་གསུངས་

ནས་ཡང་ཡིད་ལ་ཟུང་ཤིག་དང་བཤད་དོ་ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན། དེ་ལྟ་ན་ནི་བཤད་ཀྱི་གཞན་དུ་ན་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་དང་། ང་ཡང་ལེགས་པར་ཤིན་ཏུ་འཆད་དོ་ཞེས་བྱ་བའི་ཕྱིར་རོ། །ང་ནི་འཆད་པར་ཟད་ཀྱི་ཁྱེད་རྣམས་ཀྱིས་ནི་ནན་ཏན་གྱིས་སྒྲུབས་ཤིག་ཅེས་བསྟན་

པའི་ཡང་ཕྱིར་རོ། །གཞན་གནས་ཇི་སྐད་དུ། ཁྱེད་རྣམས་ཀྱིས་ནི་དེ་བཞིན་དུ་བྱ་བ་ཡིན་གྱི་འཆད་པ་པོ་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་གང་ཞེ་ན། གཞན་གྱིས་དྲི་བར་བྱ་བའི་སྐབས་སུ་ཚིག་དེ་རང་ཉིད་ཀྱི་ཡིན་ཏེ། དེ་མ་

ཐག་ཏུ་གཏམ་འཕྲོ་འཆད་པའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་དང་། འཇིགས་ནས་ཞུ་མི་ནུས་པ་དང་ལྡན་པ་རྣམས་ལ་ཕན་གདགས་པའི་ཕྱིར་དང་། སེམས་རྩེ་གཅིག་ཏུ་བྱས་པ་རྣམས་ཚིག་དང་སྤྱོད་ལམ་ཐ་དད་པས་རྣམ་པར་གཡེང་བར་འགྱུར་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །

འདི་ལྟ་སྟེ་ཞེས་བྱ་བ་ནི་དང་པོའི་བཤད་པ་རྩོམ་པར་བསྟན་པའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དབྱེ་བ་མེད་པར་འཆད་པ་ཡིན་ཏེ། ཡན་ལག་རྣམས་མི་སྒྲོགས་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་

བྱེད་ཅེས་བྱ་བ་ནི་ཡན་ལག་རྣམས་ཕྱེ་ནས་སྒྲོགས་པའི་ཕྱིར་རོ། །འདིར་ནི་འདི་ཡོད་ན་ཞེས་བྱ་བ་ནི་ཡོད་པར་གྱུར་ནའོ། །འདི་འབྱུང་བ་ནི་སྐྱེ་བའོ། །དེ་ལྟར་ན་བདུན་པ་རྒྱུའི་དོན་དུ་རིག་པར་བྱའོ། །དཔེར་ན་ཆར་བབས་ན་ལོ་ཏོག་སྐྱེའོ། །སད་བབས་ན་ལོ་ཏོག་འཇིག་གོ་ཞེས་བྱ་བ་ལྟ་བུ་སྟེ།

འདིར་ཆར་བབས་པ་ནི་ལོ་ཏོག་སྐྱེ་བའི་རྒྱུ་ཡིན་པར་མངོན་ཞིང་། སད་བབས་པ་ནི་ལོ་ཐོག་འཇིག་པ་དེ་བཞིན་དུ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་གཞན་འབྱུང་བའི་རྒྱུ་ཡིན་པར་མངོན་པ་ཡིན་ནོ། །འདི་སྐྱེས་པས་ཞེས་བྱ་བ་ནི་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་འབྱུང་

เล่ม ๑๑๕ · หน้า 4a

བ་སྟེ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ལྔ་པ་རྒྱུའི་དོན་མ་ཡིན་པར་རིག་པར་བྱའོ། །དཔེར་ན་མེ་དང་འབྲེལ་བ་ལས་ཚོས་པར་འགྱུར་བ་དང་། ལག་པ་ལ་སོགས་པ་བརྡབས་པ་ལས་སྒྲ་འབྱུང་བ་བཞིན་ནོ། །ཅིའི་ཕྱིར་དང་པོ་ནི་མ་ཕྱེ་བར་བསྟན་གྱི་ཆེ་བ་ཁོ་ནས་མ་ཡིན་ཞེ་

ན། མ་རིག་པ་ལ་སོགས་པའི་རྐྱེན་གྱིས་དོན་བསྟན་པའི་ཕྱིར་རོ། །དེ་དག་གི་རྐྱེན་གྱིས་དོན་ཡང་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། །རྐྱེན་གྱིས་དོན་བསྟན་པ་འདིས་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་བསྟན་

པ་ཡིན་པར་རིག་པར་བྱ་སྟེ། རྐྱེན་གྱི་མཚན་ཉིད་ཐ་དད་པ་མེད་པའི་ཕྱིར་རོ། །ཚིག་འདི་གཉིས་ལས་དོན་གྱི་བྱེ་བྲག་ཐ་དད་པ་ཅི་ཞིག་ཡོད་ཅེ་ན། ཅི་ཡང་མེད་དོ། །འོ་ན་ཅིའི་ཕྱིར་གཉིས་བརྗོད་ཅེ་ན། གཅིག་ལ་གཅིག་འཆད་པ་ཡིན་པའི་ཕྱིར་རོ། །གང་ཡང་རུང་བ་ཞིག་བརྗོད་ན་

ནི་གྲངས་ཅན་པའི་དོན་ཡོད་པའམ། སྐྱེ་བར་རྟོག་པར་བྱེད་པར་འགྱུར་ཏེ། དེ་དག་ནི་སྐྱེ་བ་མེད་པ་ཡང་རྒྱུ་དང་འབྲས་བུ་ཡོད་པར་མི་འདོད་ཀྱི་མ་བྱུང་བ་ལས་བྱུང་བ་སྐྱེ་བ་ཡིན་པར་ནི་མ་ཡིན་ནོ། །གཞན་ཡང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་མ་བརྗོད་ན་ནི་རྒྱུ་རྟག་པ་དགག་པ་མ་བྱས་

པར་འགྱུར་རོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་མ་བརྗོད་ན་ནི་ངེས་པར་གཏན་ལ་ཕབ་པ་མ་ཡིན་པར་འགྱུར་རོ། །གང་སྐྱེས་པས་གང་སྐྱེ་བ་ནི་དེ་ཁོ་ན་ཡོད་ན་དེ་ཡོད་པ་ཡིན་གྱི། བདག་ལ་སོགས་པ་རྟག་པ་ལས་ཀྱང་མ་ཡིན་ཏེ། དེ་ལྟ་ན་ནི་རྒྱུ་རྟག་པ་དགག་པ་མ་བྱས་པར་འགྱུར་

རོ། །དེ་བས་ན་གཉིས་ཀ་དགོས་པ་དང་བཅས་པ་ཡིན་ནོ། །གཞན་ན་རེ་ཡན་ལག་གཞན་དང་གཞན་སྟོན་པ་ཡིན་ནོ་ཞེའོ། གཞན་ན་རེ་དུམ་བུ་གསུམ་རྣམ་པར་གཞག་པ་ཡིན་ནོ་ཞེའོ། །དེ་ནི་མ་རིག་པ་ལ་སོགས་པ་དེ་དག་རྐྱེན་ཡིན་པའི་ཚིག་ཁོ་ནས་གཉིས་ཀ་འགྲུབ་པས་དོན་ཡོད་པ་མ་ཡིན་

ནོ། །སྤྲེའུ་ལྟ་བུའི་མདོ་ལས་ཀྱང་། དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ལ་ལེགས་པར་ཤིན་ཏུ་ཚུལ་བཞིན་སོ་སོར་རྟོག་སྟེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་བདེ་བ་མྱོང་བར་འགྱུར་བའི་རེག་

เล่ม ๑๑๕ · หน้า 4b

པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེར་ཡང་ཡན་ལག་གཞན་དང་གཞན་ནམ། དུམ་བུ་གསུམ་རྣམ་པར་གཞག་པ་མེད་པས་གཉིས་མི་བརྗོད་པར་འགྱུར་རོ། །གཞན་དག་ན་རེ་དོན་ལ་བྱེ་བྲག་ཡོད་དེ། མངོན་སུམ་དང་བརྒྱུད་པའི་

རྐྱེན་གྱི་དངོས་པོ་སྟོན་པ་ཡིན་ནོ་ཞེའོ། །དེ་དག་དགག་པ་ཡང་དེ་དག་ཉིད་ཡིན་ནོ། །གཞན་དག་ན་རེ་ཚིག་དང་པོས་ནི་རྒྱུན་གྱིས་རྒྱུ་གནས་པ་སྔོན་དུ་སོང་བའི་འབྲས་བུ་གནས་པ་ཡིན་ནོ། །གཉིས་པས་ནི་རྒྱུ་སྐྱེས་པས་འབྲས་བུ་སྐྱེས་པ་ཡིན་ནོ་ཞེས་སྨྲའོ། །དེར་རྟེན་ཅིང་འབྲེལ་པར་

འབྱུང་བ་བརྩམས་པ་ལ་གནས་པ་འཆད་པ་འབྲེལ་པ་ཅི་ཡོད། འོན་ཏེ་དེ་ཡང་སྐྱེ་བ་ཁོ་ན་ཡིན་ན་ནི་དོན་ལ་བྱེ་བྲག་ཅི་ཡོད། གལ་ཏེ་རྒྱུན་སྐྱེས་པ་དང་གནས་པ་ཡིན་ན་སྔ་མ་སྐྱེས་པ་སྐྱེ་བ་ཡིན་ཏེ། སྔར་སྐྱེ་ལ་ཕྱིས་གནས་པ་ཡིན་པས་སྐྱེ་བ་མ་བཤད་པར་གནས་པའི་དུས་ཅིའི་ཕྱིར་

བཤད། ནུར་ནུར་པོ་དང་ནར་ནར་པོ་ལ་སོགས་པ་དང་། ཞོ་དང་འོ་མ་ལ་སོགས་པ་ཡང་སྐྱེ་སྟེ་གནས་པ་ཡིན་ན་རྒྱུ་གང་ཞིག་གནས་པ་ཡོད་ན་ཡོད་དོ་ཞེས་འདིར་བརྗོད་པར་བྱ། ཕ་རོལ་པོ་དག་ན་རེ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་འབྲས་བུ་ཡོད་ན་རྒྱུ་འཇིག་པར་འགྱུར་བ་ཡིན་ནོ་

སྙམ་དུ་སེམས་ན། འོ་ན་ནི་འབྲས་བུ་སྐྱེ་བ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འདི་ལྟར་འདི་སྐྱེས་པས་འདི་སྐྱེ་བ་དེའི་ཕྱིར་རྒྱུ་མེད་པ་ཅན་དུ་མི་འགྱུར་ཞེས་སྨྲ་བ་ནི་གཞན་དུ་བསྟན་པ་མེད་པ་ལ་གཞན་དུ་སྟོན་པ་ནི་རང་དགའི་ཚིག་ཙམ་དུ་ཟད་དེ། མདོ་མ་ཡིན་པའི་ཕྱིར་དང་། རྟེན་ཅིང་

འབྲེལ་པར་འབྱུང་བ་འཆད་པར་རྩོམ་པ་ལ་རྣམ་པར་འཇིག་པ་འཆད་པ་འབྲེལ་པ་ཅི་ཡོད། རྒྱུ་ཞིག་པ་སྐྱེ་བ་མ་ཡིན་ལ། འབྲས་བུ་ལ་བརྟེན་པ་ཡང་མ་ཡིན་ཏེ། སྐད་ཅིག་མའི་ཆོས་འཇིག་པ་ལ་རྐྱེན་མེད་པའི་ཕྱིར་རོ། །གལ་ཏེ་དོན་འདི་ཡིན་པར་གྱུར་ན་ནི་འདི་ཡོད་ན་འདི་

མི་འབྱུང་ཞེས་དེ་སྐད་གསུངས་པར་འགྱུར་ཏེ། དེ་ལྟར་བྱས་ན་ཤིན་ཏུ་དོན་གསལ་བར་ཁོང་དུ་ཆུད་པར་འགྱུར་རོ། །དེ་བས་ན་འདིའི་དོན་དེ་མ་ཡིན་ནོ། །གཞན་དག་ན་རེ་ཚིག་དང་པོས་ནི་ལྷན་ཅིག་འབྱུང་བའི་རྐྱེན་བསྟན་ཏེ། ཇི་ལྟར་རེག་པ་དང་ཚོར་བའམ། མྱུ་གུ་དང་གྲིབ་མ་ལྟ་བུའོ། །གཉིས་

เล่ม ๑๑๕ · หน้า 5a

པས་ནི་སྔར་སྐྱེས་པ་ཡིན་ཏེ། ཇི་ལྟར་སྲིད་པ་ལས་སྐྱེས་པ་ལྟ་བུ་དང་། ས་བོན་ལས་མྱུ་གུ་ལྟ་བུའོ་ཞེ་ན། འདིར་ནི་དེ་དག་འགྲུབ་པར་འགྱུར་ན་སྤྲེའུ་ལྟ་བུའི་མདོ་ལས་ནི་འགྲུབ་པར་མི་འགྱུར་ཏེ། ལྷན་ཅིག་འབྱུང་བའི་རྐྱེན་ཁོ་ན་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་རྒྱུ་

མེད་པ་དང་རྒྱུ་རྟག་པ་དགག་པའི་ཕྱིར་ཚིག་གཉིས་ཡིན་ཏེ། རྒྱུ་མེད་ན་ནི་ཅི་ཡང་འབྱུང་བ་མེད་ལ་རྒྱུ་རྟག་པ་རང་བཞིན་དང་། དབང་ཕྱུག་དང་། རྡུལ་ཕྲ་རབ་ལ་སོགས་པ་ལས་ཀྱང་མ་ཡིན་ནོ་ཞེ་ན། དེ་དག་ནི་ཚིག་དང་པོ་མེད་པར་ཡང་སྨྲ་བ་གཉིས་ཀ་དགག་པར་འགྲུབ་པས་དེ་དག་ནི་དོན་མ་ཡིན་ནོ། །

རྣལ་འབྱོར་སྤྱོད་པའི་ས་པ་དག་ན་རེ་མ་སྤངས་པའི་ཕྱིར་དང་། མི་རྟག་པའི་རྐྱེན་ལས་སྐྱེ་བའི་དོན་གྱིས་ཚིག་གཉིས་སྨོས་ཏེ། ཡོད་ན་ཞེས་པ་ནི་མ་སྤངས་པ་ལ་བྱ་སྟེ། ཇི་སྐད་དུ་མདོ་གཞན་ལས། ཅི་འདོད་པ་དང་འདུན་པ་ཡོད་བཞིན་དུ་ནང་གི་འདོད་པ་རྣམས་ལ་སོ་སོར་མི་མྱོང་བ་ཡིན་ནམ།

འོན་ཏེ་མེད་པ་ཡིན་ཞེས་གསུངས་སོ། །ཡོད་པ་ཉིད་ལ་སོགས་པའི་བྱེ་བྲག་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་ལྷུག་པར་གསུངས་ཏེ། དེར་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྟེན་

ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ་ཞེས་གསུངས་ཏེ། དེ་དག་ཉིད་དང་པོ་བསྟན་པ་འདིར་རབ་ཏུ་བསྟན་པ་

ཡིན་ནོ་ཞེས་བརྗོད་དེ། འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། ཡོད་པ་ཙམ་རྐྱེན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྐྱེས་པ་རྐྱེན་ཉིད་དུ་

བསྟན་པའི་ཕྱིར་རོ། །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྔ་ཕྱིའི་ཡན་ལག་ངེས་པས་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནི་མ་རིག་པ་དེ་རྐྱེན་ཡིན་ནོ། །ལྷག་མ་

เล่ม ๑๑๕ · หน้า 5b

རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །རྐྱེན་གྱིས་དོན་ནི་སྔར་བསྟན་པ་ཁོ་ན་ཡིན་ནོ། །ངེས་པའི་ཚིག་ནི་རྐྱེན་དེ་ལས་ཡིན་པས་རྐྱེན་ཡིན་པ་དང་། རབ་ཏུ་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །རྐྱེན་གང་ཡིན་ཞེ་ན་བདག་པོའི་རྐྱེན་ཏེ། ཅིའི་ཕྱིར་རྐྱེན་ཞེས་བསྟན། རྒྱུ་དང་བྱེད་རྒྱུ་དང་གཞི་མ་

ཡིན་ནམ་ཞེ་ན། གང་ཡང་རུང་བ་སྨོས་ན་ཡང་ཕྱིར་རྒོལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ནི་གང་ལ་བརྟེན་ནས་གང་འབྱུང་བ་དེའི་རྐྱེན་ནི་འདི་ཡིན་པར་བསྟན་ཏོ། །གཞན་དག་ན་རེ་རྒྱུ་སྨོས་ན་ནི་དེ་མ་ཐག་པའི་རྐྱེན་ལ་སོགས་པ་འཛིན་པར་མི་འགྱུར་རོ་ཞེ་ན། གཞི་དང་

བྱེད་རྒྱུ་སྨོས་ན་ཉེས་པ་ཅི་ཡོད། རྒྱུའི་སྒྲ་གཞན་ལ་ཡང་མཐོང་སྟེ། ཡང་དག་པའི་ལྟ་བ་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་གཉིས་རྐྱེན་གཉིས་ཡིན་ལ། ཚངས་པ་བདག་ནི་རྒྱུར་སྨྲ་བ་སྟེ་རྒྱུ་སྟོན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་དེ་དག་ནི་ལེན་དུ་མི་རུང་ངོ་། །རྟེན་ཅིང་འབྲེལ་པར་

འབྱུང་བའི་རྣམ་པར་དབྱེ་བ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། མ་རིག་པ་ལ་སོགས་པའི་རྣམ་པར་དབྱེ་བ་སྟོན་པ་ཡིན་ནོ། །མ་རིག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྟེན་ཅིང་འབྲེལ་ཏེ་བྱུང་བ་ཡིན་ནོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་

མདོ་སྡེ་གཞན་ལས་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ཞེས་རྒྱས་པར་ཡིན་ནོ། །རྟེན་ཅིང་འབྲེལ་ཏེ་བྱུང་བའི་ཆོས་གང་ཞེ་ན་མ་རིག་པ་དང་། འདུ་བྱེད་དང་ཞེས་བྱ་བ་ནས། སྐྱེ་བ་དང་། རྒ་ཤི་ཞེས་བྱ་བའི་བར་

དུ་ཡིན་ནོ། །འདི་ལ་དགོངས་པ་ཅི་ཡོད་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་བྱུང་བའི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ཏེ། མ་བྱུང་བ་ལས་བྱུང་བའོ། །དེ་རྣམ་པར་དབྱེ་བ་གཞན་དུ་ཇི་ལྟར་བསྟན་པར་ནུས། ཇི་ལྟར་རྒས་པར་གྱུར་པ་ལས་གཞན་དུ་རྒ་བར་

གྱུར་པ་ཇི་ལྟར་བསྟན་པར་ནུས། ཅིའི་ཕྱིར་ཞེ་ན། དེར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཡིན་པར་གསུངས་སོ། །དེར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་གང་ཡིན་པ་དེ་ནི་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །འོ་ན་དེ་ལྟ་ན་རྟེན་ཅིང་

เล่ม ๑๑๕ · หน้า 6a

འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རྣམ་པར་དབྱེ་བ་ཡང་ཁྱེད་ལ་བཤད་པར་བྱའོ་ཞེས་ཅིའི་ཕྱིར་མ་གསུངས་ཤེ་ན། ཆོས་ཀྱི་རྣམ་གྲངས་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དགོངས་པ་ཡིན་པས། དེའི་མདོ་དང་རྒྱས་པར་བསྟན་པར་བྱ་

བའི་ཕྱིར་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བསྟན་གྱིས་ཞེས་གསུངས་པས་འགལ་བ་མེད་དོ། །བྱུང་བ་དང་འབྱུང་བ་དག་ཀྱང་དོན་ཐ་དད་པར་ཁ་ཅིག་རྟོག་པ་དེ་དག་ཀྱང་བསལ་བ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཞན་དུ་རྟེན་ཅིང་འབྲེལ་

པར་འབྱུང་བ་ཡོད་པ་མ་ཡིན་ཏེ། བརྟགས་པའི་ཆོས་ཡིན་པ་ཉིད་སྟོན་པའི་ཕྱིར་རོ། །ཚིག་ལས་ཚིག་འབྱུང་བ་ནི་གལ་ཏེ་མ་རིག་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་དེའི་རྐྱེན་གང་ཡིན་ཞེ་ན། རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་ཚུལ་

བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྐྱེན་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསུས་པོ་ཆེའི་མདོ་ལས་སྒྲིབ་པ་ལྔ་ཡང་ཡིན་པར་གསུངས་ཏེ། མ་རིག་པ་གནས་པར་བྱེད་པ་གང་ཞེ་ན། སྒྲིབ་པ་ལྔ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ལོག་པར་ལྟ་བ་

ཡང་ཡིན་ཏེ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམ་ལན་མང་དུ་བྱས་པས་ལུས་ཞིག་ནས་སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་ཡང་རྨོངས་པ་ཆེན་པོར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདོད་ཆགས་ལ་སོགས་

པ་ཡང་ཡིན་པར་ཚིགས་སུ་བཅད་པ་གསུམ་ལས་ཆགས་པ་པོས་ནི་མི་ཤེས། ཆགས་པ་པོས་ནི་ཆོས་མི་མཐོང་ཞེས་འབྱུང་ངོ་། །རེག་པ་ཡང་ཅིའི་རྐྱེན་ཡིན་པར་བསྟན་ཏེ། འདུ་བྱེད་ཀྱི་ཕུང་པོ་གང་ཅི་ཡང་རུང་བ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་དེ་འབྱུང་བར་འགྱུར་རོ་ཞེའོ། །

གསུས་པོ་ཆེའི་མདོ་ལས་མ་རིག་པ་ཡང་མ་རིག་པའི་རྐྱེན་ཡིན་པར་བསྟན་ཏེ། ཅི་ཟག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནམ། ཟག་པ་ནི་གསུམ་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པའོ། །མ་རིག་པ་ཀུན་འབྱུང་བ་ལས་ཟག་

เล่ม ๑๑๕ · หน้า 6b

པ་ཀུན་འབྱུང་བ་ཞེས་བྱའོ། །མ་རིག་པ་ཁོ་ན་ལ་བརྟེན་ནས་མ་རིག་པ་འབྱུང་བ་ཡིན་གྱི། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པ་ལས་ནི་མ་ཡིན་ཏེ། རྨོངས་པ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་རོ། །རང་གི་རིགས་གཅིག་ལས། གཅིག་འབྱུང་བ་ན་ཚུལ་བཞིན་མ་ཡིན་པར་ཡིད་

ལ་བྱེད་པ་ལ་སོགས་པས་ལྷག་པར་རྒྱས་པར་འབྱུང་བར་བྱེད་དེ། ས་བོན་རྒྱས་པ་ནི་ལྷག་པར་སྤང་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཡང་དེའི་རྐྱེན་ཡིན་པར་གསུངས་སོ། །འོ་ན་མདོ་སྡེ་འདིར་དེའི་རྐྱེན་ཅིའི་ཕྱིར་མ་གསུངས་ཤེ་ན། དེ་ལ་ཡང་གཞན་བརྗོད་པར་བྱ་དགོས་

པར་འགྱུར་ལ། གང་ནས་བརྟེན་ཏེ་སྐྱེ་བའི་རིམ་པ་བསྟན་པ་བརྩམ་པར་བྱ། གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་དེ་ལ་ནི་མ་རིག་པའི་རྐྱེན་བསྟན་པ་དགོས་པ་མེད་དེ། དེ་ཡང་ཕྱིས་བསྟན་པར་བྱའོ། །མ་རིག་པའི་རྐྱེན་རང་གི་རིགས་ཡིན་ཡང་འདིར་ཡན་ལག་རྣམས་ཀྱི་རྐྱེན་

རང་གི་རིགས་བརྗོད་པར་འདོད་པ་མ་ཡིན་པས། འདིར་ནི་དེའི་རྐྱེན་བརྗོད་པར་བྱ་བ་མ་ཡིན་ནོ། །འདིར་ཁ་ཅིག་རྒོལ་བ་མ་རིག་པའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་། ཡན་ལག་ལྷག་པ་དང་དེ་དག་ལ་ཐུག་པ་མེད་པར་འགྱུར་རོ་ཞེས་དེ་སྐད་བརྒལ་ནས།

ལན་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མ་རིག་པའི་རྐྱེན་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་འབྱུང་བ་སྔར་བསྟན་ཟིན་ཏོ། །ཡན་ལག་ལྷག་པ་ཡང་མ་ཡིན་ཏེ། ལེན་པའི་ནང་དུ་དེ་འདུས་པའི་ཕྱིར་རོ། །ཐུག་པ་མེད་པར་ཡང་མི་འགྱུར་ཏེ། དེ་གཉིས་གཅིག་ལ་གཅིག་རྐྱེན་བྱེད་

པའི་ཕྱིར་བྱ་དང་སྒོ་ང་བཞིན་ནོ། །འདི་ལྟ་སྟེ་བསྒོས་པ་ཡིད་ལ་བྱེད་པ་ནི་རྨོངས་པ་ལས་སྐྱེས་པ་ཡིན་ནོ་ཞེས་དེ་ཉིད་ནས་གསུངས་སོ། །འོ་ན་ནི་ཡན་ལག་ཀུན་གཞན་ལས་རྐྱེན་ཉིད་ཡིན་པར་གསུངས་པའི་ཕྱིར་འདིར་རྐྱེན་མི་བརྗོད་པར་ཐལ་བར་འགྱུར་བ་དང་། སྲེད་པ་དང་མ་རིག་པ་

གཉིས་ཀྱང་ཆོས་མངོན་པའི་ལུགས་ཀྱིས་ལེན་པའི་ནང་དུ་འདུས་པའི་ཕྱིར་རོ་ཞེ་ན། དཔེར་ན་ཨུཏྤ་ལའི་རྐྱེན་རྩ་བ་ཡིན་པར་བསྟན་དུ་ཟིན་ཀྱང་། རྩ་བ་རྐྱེན་ཡིན་པར་བརྗོད་པའི་ཕྱིར་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་མ་ཡིན་པ་དེ་བཞིན་དུ། འདིར་མ་རིག་པའི་རྐྱེན་མ་བརྗོད་པའི་ཕྱིར་རྒྱུ་མེད་པ་ཅན་

เล่ม ๑๑๕ · หน้า 7a

དུ་འགྱུར་པ་ཉིད་ན་གང་གི་ཕྱིར་འཁོར་བ་ལ་ཐོག་མ་ཡོད་པ་ཉིད་དུ་ཐལ་བར་འགྱུར། གང་གི་ཕྱིར་འདིར་མ་རིག་པའི་རྐྱེན་བརྗོད་པར་མི་བྱ་བ་དེ་ནི་བདག་གིས་རྟོགས་ཏེ། དེ་ཉིད་ཀྱིས་ཀྱང་འདི་ལ་རྒོལ་བའི་སྐབས་མེད་པ་ཡིན་ནོ། །དེ་ཉིད་ཀྱིས་ཀྱང་རྒ་ཤིའི་

འོག་ཏུ་ཡན་ལག་གཞན་མ་བརྗོད་ལ། འཁོར་བ་ལ་ཐ་མ་ཡོད་པར་ཐལ་བ་ཡང་མ་ཡིན་ནོ། །གཞན་དག་ན་རེ་རེག་པ་བསྟན་པས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་བསྟན་པ་ཡིན་ཏེ། འདི་ལྟར་མདོ་སྡེ་གཞན་ལས་དེ་རེག་པའི་ཚེ་བསྟན་ཏེ། མིག་དང་གཟུགས་ལ་བརྟེན་ནས་

རྨོངས་པ་ལས་བྱུང་བའི་བསྒོས་པའི་ཡིད་ལ་བྱེད་པ་སྐྱེའོ་ཞེས་བྱ་བ་དང་། ཚོར་བ་བསྟན་པས་ཀྱང་མ་རིག་པ་བསྟན་པ་ཡིན་ཏེ། མ་རིག་པའི་འདུས་ཏེ་རེག་པ་ལ་སྐྱེས་པའི་ཚོར་བ་ལ་བརྟེན་ནས། སྲེད་པ་སྐྱེའོ་ཞེས་མདོ་སྡེ་གཞན་ལས་གསུངས་པས་མདོ་སྡེ་གཞན་ལས་གསུངས་པ་དེ་

དག་ཐམས་ཅད་ཀྱང་འདིར་མི་བརྗོད་པར་ཐལ་བར་འགྱུར་བའི་སྐྱོན་དུ་འགྱུར་རོ། །མ་རིག་པ་གང་ཞེ་ན་ཞེས་བྱ་བའི་རྣམ་པ་འདི་ནི་རིག་པ་མ་ཡིན་པ་འདི་ནི་མ་རིག་པ་ཡིན་ནོ་ཞེས་འགོག་པའི་རྣམ་པའི་རྣམ་གྲངས་ཡིན་ནོ། །འདི་ཡང་དོན་བདུན་ལ་མཐོང་སྟེ། ཡོད་པ་འགོག་པ་ལ་ནི་འཛིན་པ་མ་ཡིན་པ་

དང་། དངོས་པོ་མ་ཡིན་པ་ཞེས་བྱ་བ་ལྟ་བུའོ། །གཞན་ཉིད་ལ་ནི་རིགས་སྲོག་ཆགས་མ་ཡིན་ཞེས་བྱས་ན་སྲོག་ཆགས་ལས་གཞན་ཕྱོགས་ན་མི་གནས་པ་གཟུགས་ཅན་མ་ཡིན་པ་གང་ཡིན་པ་ལ་བྱ་སྟེ། གཟུགས་ཅན་ལས་གཞན་གང་ཡིན་པ་ཞེས་བྱ་བར་མངོན་པ་ལྟ་བུའོ། །

འདྲ་བ་གཞན་ཉིད་ལ་ནི་བྲམ་ཟེ་མ་ཡིན་གཞོན་ནུ་མ་ཡིན་ཞེས་བྱས་ན་བྲམ་ཟེ་དང་གཞོན་ནུ་མ་དང་འདྲ་བ་གཞན་མིའི་བྱེ་བྲག་གཅིག་ལ་བྱ་བར་མངོན་པ་ཡིན་གྱི། གཞན་ཐམས་ཅད་མ་ཡིན་པ་ལྟ་བུའོ། །སྨད་པའི་དོན་ལ་ནི་ཆུང་མ་མ་ཡིན་པ་དང་། བུ་མ་ཡིན་པ་ཞེས་བྱས་ན་ཆུང་མ་

ངན་པ་དང་། བུ་ངན་པ་ལ་བྱ་བར་མངོན་པ་ལྟ་བུའོ། །ཉུང་བའི་དོན་ལ་ནི་ཚོད་མ་ལན་ཚྭ་མེད་པ་དང་། གཞོན་ནུ་མ་ལྟོ་མེད་པ་ཞེས་བྱ་བ་ལྟ་བུའོ། །བྲལ་བའི་དོན་ལ་ནི་དགེ་སློང་མེད་པའི་གནས་དང་། ཆུ་མེད་པའི་དགོན་པ་ཞེས་བྱ་བ་ལྟ་བུའོ། །གཉེན་པོའི་དོན་ལ་ནི་བསོད་

เล่ม ๑๑๕ · หน้า 7b

ནམས་མེད་པ་དང་། གྲགས་པ་མེད་པ་ཞེས་བྱ་བ་ལྟ་བུའོ། །སྡུད་པ་ཚིགས་སུ་བཅད་པ་ནི། །ཡོད་པ་དག་ནི་འགག་པ་དང་། །གཞན་པ་ཉིད་དང་འདྲ་བ་དང་། །སྨད་དང་ཉུང་དང་བྲལ་དོན་དང་། །གཉེན་པོ་དག་ལ་འདི་ཡོད་དོ། །ཞེས་བྱ་བ་ཡིན་ནོ། །དེ་ནི་འདིར་དོན་ཁ་ཅིག་པར་

ཡིན་པར་རིག་པར་བྱ་སྟེ། རེ་ཞིག་རིག་པའི་དངོས་པོ་མེད་པ་ཙམ་ནི་མ་རིག་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་མེད་པ་ནི་འདུ་བྱེད་སྐྱེ་བའི་བདག་པོའི་རྐྱེན་ཉིད་དུ་རིག་པའི་ཕྱིར་རོ། །གལ་ཏེ་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་བརྗོད་པའི་འགགས་པ་ཡང་མི་རུང་ངོ་། །

མདོ་སྡེ་གཞན་ལས་ཀུན་ཏུ་སྦྱོར་བ་དང་འཆིང་བ་ལ་སོགས་པ་ཉིད་ཡིན་པར་གསུངས་པ་ཡང་མི་རུང་ངོ་། །ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་རྒྱུ་ཡིན་པ་ཡང་མི་རུང་ངོ་། །རེ་ཞིག་འདོད་མ་ཆགས་པ་ནི་འཇིག་རྟེན་པའི་ཆོས་ཀུན་ནས་ཉོན་མོངས་པའི་རྐྱེན་དུ་ཇི་ལྟར་འགྱུར་ཏེ། དེ་ནི་

ཆགས་པའི་དངོས་པོ་མེད་པ་ཙམ་ཡིན་ནོ། །དམིགས་པ་ཙམ་དེ་ནི་རྣམ་པར་རྟོག་པ་དེའི་བདག་པོའི་རྐྱེན་དུ་མི་རུང་ངོ་། །རྣམ་པར་རྟོག་པ་དེ་ལས་རྙེད་པར་འདོད་པ་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །མ་རིག་པ་ཡང་རྨོངས་པ་ཞེས་བསྟན་པ་ཡིན་ལ། གལ་ཏེ་རིག་པ་མེད་པའི་

དངོས་པོ་ཙམ་ཡིན་ན་ཅི་རྨོངས་པ་མེད་རྨོངས་པའི་དངོས་པོ་མེད་པ་ཙམ་ཡིན་ནམ། འོན་ཏེ་གཉེན་པོ་ཡིན་ན་དེ་གཉིས་ཀ་ཡང་དངོས་པོ་མེད་པ་ལ་རིག་པ་མ་ཡིན་ཏེ། སྐྱེ་བ་མེད་པ་ཡིན་པའི་ཕྱིར་རོ། །རིག་པ་ལས་གཞན་པ་གང་ཡིན་པ་དེ་ཡང་མ་རིག་པ་ཡིན་ཏེ་མིག་ལ་སོགས་པ་ལའང་

ཐལ་བར་འགྱུར་བའི་ཕྱིར་རོ། །རིག་པ་དང་འདྲ་བའི་ཆོས་གཞན་ཡང་མ་རིག་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་། ཉོན་མོངས་པ་ཅན་མ་ཡིན་པ་ལུང་དུ་མ་བསྟན་པའི་ཤེས་རབ་ཀྱི་རྫས་ཀྱང་མ་རིག་པ་ཡིན་པར་འགྱུར་བའི་ཕྱིར་རོ། །སྨད་པའི་རིག་པ་ཡང་མ་རིག་པ་མ་ཡིན་ཏེ། དེ་མེད་པའི་

ཕྱིར་དང་། ཉོན་མོངས་པ་ཅན་གྱིས་ཤེས་རབ་ཀྱི་རྫས་ཀྱང་མ་རིག་པ་ཡིན་པར་འགྱུར་རོ། །ཅི་ཉེས་ཤེ་ན། ཉོན་མོངས་པ་ཅན་གྱི་ལྟ་བ་མ་རིག་པ་ཡིན་པར་འགྱུར་རོ། །ཅི་ཉེས་ཤེ་ན། སོ་སོར་མི་བརྗོད་པར་འགྱུར་རོ། །གལ་ཏེ་དེ་ལས་གཞན་པའི་ཉོན་མོངས་པ་དང་མཚུངས་པར་

เล่ม ๑๑๕ · หน้า 8a

ལྡན་པའི་ཤེས་རབ་མ་རིག་པ་ཡིན་པར་འགྱུར། ཅི་ཉེས་ཤེ་ན། མ་འདྲེས་པའི་མ་རིག་པ་མེད་པར་འགྱུར་རོ། །མི་དགེ་བའི་ལྟ་བ་ཡང་མི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་མ་ཡིན་པར་འགྱུར་རོ། །རིག་པ་ཆུང་བ་ཡང་མ་རིག་པ་མ་ཡིན་ཏེ། བརྒྱད་པ་ལ་སོགས་

པའི་རིག་པ་མ་རྫོགས་པའི་རིག་པ་ཡང་མ་རིག་པ་ཡིན་པར་གྱུར་ཏ་རེ། རིག་པ་དང་བྲལ་བ་གང་ཡིན་པ་དེ་ཡང་མ་རིག་པ་མ་ཡིན་ཏེ། རིག་པ་མ་སྐྱེས་པའི་རྒྱུད་ཀྱིས་མིག་ལ་སོགས་པ་ཐམས་ཅད་ཀྱང་མ་རིག་པ་ཡིན་པར་གྱུར་ཏ་རེ། རིག་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་གཞན་ནི་མ་

རིག་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱ་སྟེ། བསོད་ནམས་མ་ཡིན་པ་དང་གྲགས་པ་མ་ཡིན་པ་ལྟ་བུ་དང་། ཆགས་པ་མེད་པ་དང་། ཞེ་སྡང་མེད་པ་བཞིན་ནོ། །དེའི་ངོ་བོ་ཡང་གང་ཞེ་ན། རེ་ཞིག་བྱམས་པའི་རྣམ་པའི་སེམས་ལ་ཆགས་པ་མེད་པའི་རང་གི་ངོ་བོ་ཡང་གང་ཞིག་

ཡིན། མི་སྡུག་པའི་རྣམ་པ་ལ་ཞེ་སྡང་མེད་པ་ཡང་གང་ཞིག་ཡིན། དེ་གཉིས་ལ་ནི་དེ་གཉིས་ཏེ། ཆགས་པ་དང་། ཞེ་སྡང་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་མེད་པ་ཡང་མ་ཡིན་ནོ། །མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་གཟུགས་དང་བའི་རང་གི་ངོ་བོ་ཡང་ངེས་པར་བྱ་བ་སུ་ཞིག་

ནུས། གཉིད་ཀྱིས་ལོག་པའི་ཡང་མཐོང་བའི་བྱ་བ་བྱེད་པ་ལས་ན་དེ་ཡོད་པར་ངེས་པར་བྱའོ། །དེ་བཞིན་དུ་རིག་པའི་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཀྱིས་མ་རིག་པ་ཡོད་པ་ཉིད་དུ་ངེས་པར་བྱའོ། །རིག་པ་འདི་གང་ཞེ་ན། གང་གི་མི་མཐུན་པའི་ཕྱོགས་མ་རིག་པ་གང་ཡིན་པའོ། །གཙོར་

ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་དེ་དང་རྗེས་སུ་མཐུན་པ་དང་དེའི་རྗེས་ལ་ཐོབ་པ་ཡང་ཡིན་ནོ། །དེའི་ཆེད་དུ་བྱེད་པ་དང་དེ་ཡོངས་སུ་སྦྱོང་བར་བྱེད་པ་མཉན་པ་དང་། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་རིག་པ་ཞེས་བྱའོ། །གནས་བརྟན་ཤཱ་རིའི་བུས་གསུངས་

པའི་མདོ་ལས་ཀྱང་། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ལ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བ་ན་ཤེས་རབ་དང་སྣང་བ་དང་མངོན་པར་རྟོགས་པ་ཞེས་བྱ་བ་གང་ཡིན་པའི་བར་འདི་ནི་རིག་པ་ཞེས་བྱའོ། །ཅིའི་ཕྱིར་དེ་རིག་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་དེ་ཇི་ལྟ་བ་བཞིན་དུ་རིག་པ་ཡིན་

เล่ม ๑๑๕ · หน้า 8b

པ་དང་། དེས་རྣམ་པར་གྲོལ་བར་འགྲོ་བའམ། རིག་པར་འགྲོ་བ་དེས་ན་རིག་པ་ཞེས་ཇི་ལྟར་རིགས་པར་ངེས་ཚིག་བཤད་པར་བྱའོ། །གནས་བརྟན་ཤཱ་རིའི་བུས་གསུངས་པའི་མདོ་སྡེ་ལས་ཀྱང་། ཚེ་དང་ལྡན་པ་གསུས་པོ་ཆེ་རབ་ཏུ་ཤེས་ལ་དེ་བས་ན་རིག་པ་ཞེས་བྱའོ། །ཅི་རབ་ཏུ་ཤེས་

ཤེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་ཞེས་རྒྱས་པར་འབྱུང་ངོ་། །དེ་ནི་ཤེས་པའི་དོན་ཡིན་པའི་ཕྱིར་རིག་པ་དང་རྟོག་པ་ཡིན་པ་དེ་བས་ན་ངེས་པའི་ཚིག་གི་ཚུལ་གྱིས་རིག་པ་ཞེས་རྣམ་གྲངས་ཀྱིས་སྟོན་པར་བྱེད་དེ། ཤིན་ཏུ་གྲགས་པ་

ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱང་རིག་པ་ཞེས་བྱ་བ་ཡིན་ལ། རབ་ཏུ་ཤེས་པར་བྱེད་པ་ཡང་རིག་པ་ཡིན་ནོ། །བྱ་བ་བྱེད་པ་གཞན་མེད་པར་བྱེད་པ་པོ་སྟོན་པ་ཇི་ལྟར་རིགས་ཏེ། འདི་ལྟར་ལྷག་མའི་སྦྱོར་བར་མཐོང་བ་ནི་མེད་པ་ཡིན་ནོ་ཞེ་ན། འདི་ཉིད་གཙུག་ལག་ལས་སྒྲས་ཤི་ཆད་གཉིས་

ཀྱིས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་རབ་ཏུ་སྦྱོར་བ་འདི་མཐོང་བ་མ་ཡིན་ནམ། འོན་ཏེ་གཙུག་ལག་དེ་ཡང་ཚད་མ་མ་ཡིན་ན་ནི་སྒྲའི་བསྟན་བཅོས་ཅིའི་ཕྱིར་ཚད་མ་ཡིན། འཇིག་རྟེན་ན་ཡང་བྱ་བ་བྱེད་པ་གཞན་མེད་པར་ཡང་བྱེད་པ་པོ་སྟོན་པ་མཐོང་སྟེ། ས་བོན་ལས་མྱུ་གུ་འབྱུང་བར་བྱེད་

པ་ཡིན་ཞེས་བྱ་བ་ལྟ་བུའོ། །འོ་ན་ཅིའི་ཕྱིར་ལས་སྟོན་ཞེ་ན། ཤེས་རབ་ཀྱི་ཡུལ་བསྟན་པའི་ཕྱིར་རོ། །ཡུལ་གང་ལ་ཤེས་རབ་སྐྱེས་པ་ཡུལ་དུ་རབ་ཏུ་ཤེས་པར་བྱེད་དོ་ཞེས་བྱའོ། །ཡང་ན་གང་དུ་མི་མཐུན་པའི་ཕྱོགས་ཡོད་པ་དེ་འཇོམས་པར་བྱེད་པ་ཡིན་ནོ། །གང་དེ་ཞེས་བྱ་བ་ནི་སྔར་

བསྟན་པ་ཡིན་ཏེ། མདོ་སྡེ་དེ་དང་དེ་ལས་གསུངས་པའོ། །སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི། མ་རིག་པའི་རྣམ་པར་དབྱེ་བ་དག་དམིགས་པ་དང་། རྣམ་གྲངས་ཀྱིས་སྟོན་པར་བྱེད་དོ། །སྔོན་གྱི་མཐའ་ལ་སོགས་པ་ནི་དམིགས་པའོ། །མི་ཤེས་པ་ལ་སོགས་པ་ནི་

རྣམ་གྲངས་སོ། །དེ་ལ་སྔོན་གྱི་ཚེའི་ཆ་ནི་སྔོན་གྱི་མཐའོ། །ཕྱི་མ་ནི་ཕྱི་མའི་མཐའོ། །གང་དེ་སྔོན་གྱི་མཐའ་མི་ཤེས་པ་ནི་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་བྱ་བ་ལ་སོགས་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཕྱི་མའི་མི་ཤེས་པ་ནི་ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་

เล่ม ๑๑๕ · หน้า 9a

ཞེས་བྱ་བ་ལ་སོགས་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་ནི་དབྱེ་བ་མེད་པར་རྨོངས་པ་འཇུག་པའམ། སྔོན་གྱི་མཐའ་ཡོད་པ་མ་ཡིན་ཕྱི་མའི་མཐའ་ཡོད་པ་མ་ཡིན་གྱི། ཇི་ཙམ་དབང་པོའི་སྤྱོད་ཡུལ་གྱི་སྐྱེས་བུ་འདི་དག་ཁོ་ནར་ཟད་དོ་ཞེས་དེ་

ལྟར་རྟོག་པའོ། །ནང་མི་ཤེས་པ་ནི་རང་གི་རྒྱུད་ལ་སེམས་ཅན་དུ་ལྟ་བར་བསམས་པའོ། །ཕྱི་མི་ཤེས་པ་ནི་གཞན་གྱི་རྒྱུད་ལ་སེམས་ཅན་དུ་ལྟ་བར་བསམས་པའོ། །གཉིས་ཀ་མི་ཤེས་པ་ནི་རང་དང་གཞན་གྱི་རྒྱུད་གཉིས་ཀ་ལ་བྱེ་བྲག་མེད་པར་རྨོངས་པའོ། །ལས་མི་ཤེས་པ་ནི་བསོད་

ནམས་དང་བསོད་ནམས་མ་ཡིན་པ་ཡོད་ལ། ཐེ་ཚོམ་ཟ་བ་དང་། སྐུར་པ་འདེབས་པའིའོ། །བསོད་ནམས་ལ་ཡང་བསོད་ནམས་མ་ཡིན་པར་འདུ་ཤེས་པ་རྣམས་ཕྱུགས་གསོད་པ་དང་མེར་འཇུག་པ་ལ་སོགས་པ་དང་ལྡོག་པའོ། །བསོད་ནམས་མ་ཡིན་པ་ལ་ཡང་བསོད་ནམས་སུ་འདུ་

ཤེས་ནས་ཕྱུགས་གསོད་པ་དང་མེར་འཇུག་པ་ལ་སོགས་པའོ། །རྣམ་པར་སྨིན་པ་མི་ཤེས་པ་ནི་རྣམ་པར་སྨིན་པ་ཡོད་པ་ཉིད་ལ་ཐེ་ཚོམ་ཟ་བ་དང་སྐུར་པ་འདེབས་པ་རྣམས་ཀྱིའོ། །རྣམ་པར་སྨིན་པ་མ་ཡིན་པ་ལ་ཡང་ཐམས་ཅད་སྔོན་བྱས་པའི་རྒྱུ་ཅན་ནོ་ཞེས་རྣམ་པར་སྨིན་པར་འདུ་ཤེས་པ་རྣམས་

ཀྱིའོ། །རྣམ་པར་སྨིན་པ་ལ་ཡང་ལྷ་རྣམས་ནི་རང་བྱུང་བ་ཡིན་ནོ་ཞེས་རྣམ་པར་སྨིན་པ་མ་ཡིན་པར་འདུ་ཤེས་པ་རྣམས་ཀྱིའོ། །གཉིས་ཀ་མི་ཤེས་པ་ནི་དབང་ཕྱུག་ལ་སོགས་པ་འགྲོ་བ་རྣམས་ཀྱི་བྱེད་པ་པོ་ཡིན་པར་འདུ་ཤེས་པའམ་རྒྱུ་མེད་པར་སྨྲ་བ་རྣམས་ཀྱིའོ། །སངས་རྒྱས་ལ་སོགས་པ་མི་

ཤེས་པ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། ཆོས་ལེགས་པར་གསུངས་པ་དང་། དགེ་འདུན་ལེགས་པར་ཞུགས་པ་ཡིན་པར་ཐོས་ནས་དེ་ཁོང་དུ་མི་ཆུད་པའམ། ཐེ་ཚོམ་ཟ་བའམ། སྐུར་པ་འདེབས་པའོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་ཐོས་ན་སྔ་མ་བཞིན་

ནོ། །རྒྱུ་དང་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་པའི་སྲིད་པའི་ཡན་ལག་བཅུ་གཉིས་སོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་མི་མཐུན་པའི་ཕྱོགས་དང་

เล่ม ๑๑๕ · หน้า 9b

བཅས་པ་རྒྱུ་དང་བཅས་པ་དེ་དག་ནི་དགེ་བ་ཡིན་ཏེ། བདེ་བའི་དོན་གྱི་ཕྱིར་དང་། འབྲས་བུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་དང་། མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་མཁས་པས་བསྔགས་པའི་དོན་གྱིས་སོ། །བསྟེན་པར་བྱ་བ་ནི་ཡང་ནས་ཡང་དུ་མངོན་དུ་བྱུང་

བའི་དོན་གྱིས་སོ། །ཚིམ་པར་བྱེད་པ་ནི་ལུས་དང་སེམས་ཚིམ་པར་བྱེད་པའི་དོན་གྱིས་ཏེ། ཤིན་ཏུ་སྦྱངས་པའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །དཀར་བ་ནི་དྲི་མ་མེད་པའི་དོན་གྱིས་ཏེ། ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཏེ།

མི་དགེ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་དབྱེ་བ་དང་བཅས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དེ་དག་ཉིད་ཡོངས་སུ་མ་དག་པའི་གནས་སྐབས་ན་མི་མཐུན་པའི་ཕྱོགས་དང་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ཉིད་མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་ཏེ། སྐྱེས་བུ་དམ་པ་དང་སྐྱེས་བུ་

དམ་པ་མ་ཡིན་པ་ལ་བརྟེན་པ་ལ་སོགས་པ་དང་། ཚེ་རབས་སྔ་མའི་རྒྱུ་ལ་བརྟེན་ཏེ་བྱུང་བའི་ཕྱིར་རོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་དེ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་བདག་མེད་པའི་ཡེ་ཤེས་ཀྱིས་ནི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་

ཁོང་དུ་ཆུད་པ་ཡིན་ནོ། །དེ་དག་མི་ཤེས་པ་ནི་གང་གིས་ཁོང་དུ་མ་ཆུད་པར་མངོན་པའི་ང་རྒྱལ་བྱེད་པ་ཡིན་ནོ། །ལམ་མི་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མི་ཤེས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། དེས་ནི་ཇི་ལྟར་མུ་སྟེགས་ཅན་བཞིན་དུ་ལམ་ལ་ལམ་ཡིན་པར་མི་མོས་སོ། །འདིས་

ནི་བསྟན་པ་འདི་ཉིད་ལ་མངོན་པའི་ང་རྒྱལ་ཅན་དུ་འགྱུར་རོ། །མ་རིག་པའི་དམིགས་པ་རབ་ཏུ་དབྱེ་བ་དེ་དག་ནི་འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་འདི་ལས་བརྩམ་པ་ཡིན་པར་རིག་པར་བྱའོ། །འཇུག་པ་གང་ཡིན་པ་ནི་འོང་བ་དང་འགྲོ་བ་དང་སེམས་ཅན་ཞེས་བྱ་བ་གང་ཡིན་པ་ཡང་རང་དང་གཞན་

གྱི་རྒྱུད་དང་། སོ་སོའི་ལས་ཀྱི་རྣམ་པར་སྨིན་པ་འབྱིན་པར་བྱེད་པའི་ཕྱིར་ཏེ། འདི་ནི་འཇུག་པའི་ཕྱོགས་ཡིན་ནོ། །ལྡོག་པ་གང་ཡིན་པ་ནི་རྟེན་དང་། དམིགས་པ་གང་ཡིན་པ་དང་། ཚོགས་དང་བར་དུ་གཅོད་པ་གང་ཡིན་པ་དང་། རང་གི་ངོ་བོ་སྟེ་འདི་དག་ནི་ལྡོག་པའི་ཕྱོགས་ཡིན་

เล่ม ๑๑๕ · หน้า 10a

ནོ། །དེ་ལ་རྟེན་ནི་སྐྱབས་གསུམ་མོ། །དམིགས་པ་ནི་མདོར་བསྡུས་ན་བདེན་པ་བཞིའོ། །རྒྱས་པར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སོ། །ཚོགས་དང་བར་དུ་གཅོད་པ་གཉིས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་དེའི་མི་མཐུན་པའི་ཕྱོགས་

སོ། །ངོ་བོ་ཉིད་ནི་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཡིན་ཏེ། བདག་གིས་མཐོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་ལ་བདག་ཏུ་ལྟ་བའི་མཚན་ཉིད་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །གང་དེ་དང་དེར་ཞེས་བྱ་བ་ཡང་

ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ལ་སོགས་པ་རེ་རེར་ཡང་མ་རིག་པའི་རྣམ་གྲངས་ཀྱི་བྱེ་བྲག་བརྗོད་པར་བྱ་བའི་ཕྱིར་རོ། །རྣམ་གྲངས་ཀྱི་བྱེ་བྲག་བརྗོད་པ་ཡང་ཅིའི་ཕྱིར་ཞེ་ན། འགའ་ཞིག་ཇི་ལྟར་ཡང་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། དེའི་ཚེ་རྣམ་པར་གཡེངས་པ་རྣམས་དེའི་དོན་

ཐོས་པར་བྱ་བའི་ཕྱིར་རོ། །དེ་ཉིད་བརྗོད་ན་ནི་གཞན་དག་གིས་དཔྱད་པར་འགྱུར་རོ། །ཡིད་རྟུལ་པོ་དག་ཀྱང་ཡང་ནས་ཡང་དུ་དེའི་དོན་རྟོགས་པས་མི་བརྗེད་པར་བྱ་བའི་ཕྱིར་དང་། སྒྲ་གཅིག་ལ་དོན་དུ་མ་ཡོད་པས་དོན་ཐ་དད་པར་རྟོགས་པ་བསལ་བའི་ཕྱིར་དང་། མིང་དེ་དག་གིས་གསུང་རབ་ལས་

བྱུང་བའི་དོན་དེ་རྟོགས་པར་བྱ་བའི་ཕྱིར་ཏེ། སྨན་གྱི་རྣམ་གྲངས་ཀྱི་མིང་བཞིན་ནོ། །ཆོས་སྨྲ་བ་རྣམས་ཀྱིས་དེའི་དོན་ཐོབ་པར་བྱ་བ་དང་ཚིག་ཉེ་བར་སྦྱར་བ་གཉིས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་། བདག་ཉིད་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་བརྗོད་པར་བྱ་བའི་ཕྱིར་དང་། གཞན་དག་

ལ་དེའི་ས་བོན་གཞག་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་ཁོ་ན་ལ་མ་རིག་པའི་རྣམ་གྲངས་བསྟན་ཞེ་ན། རྣམ་གྲངས་སོ་སོ་རྣམས་དེ་བཞིན་དུ་དོན་གྱི་བྱེ་བྲག་མེད་པར་བསྟན་པའི་ཕྱིར་རོ། །གཞན་ཡང་གང་དག་གི་མི་མཐུན་པའི་ཕྱོགས་མ་རིག་པ་ཡིན་ནོ། །ཇི་ལྟར་ཡིན་པ་དེ་ནི་རྣམ་གྲངས་

རྣམ་པ་གསུམ་དང་བཞིས་བསྟན་ཏོ། །གང་དག་གི་མི་མཐུན་པའི་ཕྱོགས་མ་རིག་པ་ཡིན་ཞེ་ན། ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཤེས་པ་དང་། མཐོང་བ་དང་། མངོན་པར་རྟོགས་པ་ཞེས་བྱ་བའི་རིག་པ་རྣམས་ཀྱིའོ། །ཇི་ལྟར་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། དེའི་ཡུལ་

เล่ม ๑๑๕ · หน้า 10b

བཀབ་པའི་དོན་གྱིས་མུན་པར་གྱུར་པའི་ཕྱིར་དང་། ལོག་པར་མཐོང་བར་བྱེད་པའི་དོན་གྱིས་ཡིད་གཉིས་དང་། བློ་ངན་པ་དང་། བློ་མེད་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རེ་ཞིག་ཀུན་དུ་རྨོངས་པ་དང་ཡིད་གཉིས་ཀྱི་ཉོན་མོངས་པར་རབ་ཏུ་སྦྱོར་བར་སྟོན་པ་གང་ཡིན་པ་

དང་། མུན་པའི་རྣམ་པ་དང་བློ་མེད་པའི་ཉོན་མོངས་པར་རབ་ཏུ་སྦྱོར་བ་སྟོན་པ་ནི་རིག་ན་མ་རིག་པ་དང་བློ་ངན་པའི་ཉོན་མོངས་པར་རབ་ཏུ་སྦྱོར་བར་ཇི་ལྟར་བསྟན་དུ་རུང་ཞེ་ན། ཚོར་བ་དང་། རིག་པ་དང་། ཤེས་རབ་ཅེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །མའི་རྣམ་པ་ནི་སྨད་པའི་དོན་ཡིན་ཏེ། སྨད་

པའི་རིག་པ་འདི་ལ་ཡོད་པས་མ་རིག་པ་ཞེས་བྱའོ། །སློབ་དཔོན་འཆད་པ་ནི་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ནི་གཏན་ཚིགས་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བདག་ཏུ་འཛིན་པ་དང་རྗེས་སུ་མཐུན་པ་དང་། དེ་ལས་གྲོལ་བའི་བགེགས་བྱེད་པ་གཉིས་ཀྱིས་སོ། །བདག་ཏུ་འཛིན་པ་ཡང་

རྣམ་པ་གསུམ་སྟེ། རྟག་པར་འཛིན་པ་དང་། དངོས་པོར་འཛིན་པ་དང་། བྱེད་པ་པོ་དང་ཟ་བ་པོར་འཛིན་པའོ། །དེ་ལས་གྲོལ་བའི་བགེགས་བྱེད་པ་ཡང་རྣམ་པ་བཞི་སྟེ། སྐྱབས་སུ་འགྲོ་བ་མི་ཤེས་པ་དང་། མཐོང་བར་བྱ་བའི་དོན་མི་ཤེས་པ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོ་

སྤངས་པ་དང་བསྐྱེད་པ་མི་ཤེས་པ་དང་། གཉེན་པོ་ལ་མངོན་པའི་ང་རྒྱལ་མེད་པ་མི་ཤེས་པའོ། །རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ། སྔོན་གྱི་མཐའ་མི་ཤེས་པ་གང་ཞེ་ན། འདས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་རྟོག་སྟེ། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་

ཞེས་བྱ་བ་ལ་སོགས་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་མའི་མཐའ་མི་ཤེས་པ་གང་ཞེ་ན། མ་འོངས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་། ཅི་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པའི་མི་ཤེས་པ་གང་ཡིན་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་

མཐའ་མི་ཤེས་པ་གང་ཞེ་ན། ནང་ལ་ཚུལ་བཞིན་མ་ཡིན་པ་ཇི་ལྟར་ཡིན། ཇི་ལྟ་བུར་ཡོད་པ་ཡིན། འདུག་པ་སུ་ཡིན། སུ་ཞིག་འབྱུང་བར་འགྱུར། སེམས་འདི་དག་གང་ནས་འོངས། འདི་ནས་ཤི་ནས་གར་འགྲོ་བར་འགྱུར་ཞེས་བྱ་བའི་མི་ཤེས་པ་གང་ཡིན་པའོ། །ནང་མི་ཤེས་པ་གང་ཞེ་ན།

เล่ม ๑๑๕ · หน้า 11a

ནང་གི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་བདག་ཏུ་ཡིད་ལ་བྱེད་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་མི་ཤེས་པ་གང་ཞེ་ན། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཕྱིའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་བདག་གིར་ཡིད་ལ་བྱེད་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་

དང་ནང་མི་ཤེས་པ་གང་ཞེ་ན། གཞན་གྱི་རྒྱུད་ཀྱི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་མཛའ་བ་དང་མི་མཛའ་བ་དང་ཐ་མལ་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །ལས་མི་ཤེས་པ་གང་ཞེ་ན། ལས་དང་དེའི་འབྲས་བུ་ལ་ཡང་ཕྱིན་ཅི་ལོག་ཏུ་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་

པའོ། །སངས་རྒྱས་མི་ཤེས་པ་གང་ཞེ་ན། སངས་རྒྱས་རྣམས་ནི་བྱང་ཆུབ་ཡིན་པར་ཡིད་ལ་མི་བྱེད་པའམ། ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པའམ། བག་མེད་པའམ། ཐེ་ཚོམ་ཟ་བའམ། སྐུར་པ་འདེབས་པའི་མི་ཤེས་པ་གང་ཡིན་པའོ། །ཆོས་མི་ཤེས་པ་གང་ཞེ་ན། ཆོས་ནི་ལེགས་པར་གསུངས་

པ་ཡིན་པར་ཡིད་ལ་མི་བྱེད་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་འདུན་མི་ཤེས་པ་གང་ཞེ་ན། དགེ་འདུན་ནི་ལེགས་པར་སྒྲུབ་པ་ཡིན་པར་ཡིད་ལ་མི་བྱེད་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་མི་ཤེས་པ་གང་ཞེ་ན། སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་མི་བྱེད་པ་ཞེས་བྱ་བ་སྔ་

མ་བཞིན་ནོ། །དེ་བཞིན་དུ་ལམ་གྱི་བར་དུ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །རྒྱུ་མི་ཤེས་པ་གང་ཞེ་ན། རྒྱུ་མེད་པའམ་མི་མཐུན་པ་དབང་ཕྱུག་ལ་སོགས་པ་རྒྱུ་ཡིན་པར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །རྒྱུ་ཇི་ལྟ་བར་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་ལ་ཡང་དེ་བཞིན་

ནོ། །དེ་དག་ཀྱང་དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །བསྟེན་པར་བྱ་བ་ནི་ཕན་པ་ཉིད་ཡིན་པའི་ཕྱིར་རོ། །བསྟེན་པར་བྱ་བ་མ་ཡིན་པ་ནི་ཕན་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་ནག་པོ་ཉིད་ཡིན་པའི་

ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་དཀར་པོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་དབྱེ་བའི་ཆ་དང་བཅས་པ་ནི་འདྲེན་མ་ཉིད་ཡིན་པའི་ཕྱིར་རོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མི་ཤེས་པ་གང་ཞེ་ན། རྟོགས་པ་ལ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་མངོན་པའི་ང་རྒྱལ་

เล่ม ๑๑๕ · หน้า 11b

ཅན་མི་ཤེས་པ་གང་ཡིན་པའོ། །མི་ཤེས་པ་དེ་དག་ཐམས་ཅད་མདོར་བསྡུས་ན་ཀུན་ཏུ་རྨོངས་པ་རྣམ་པ་བདུན་ཡིན་ཏེ། དུས་ལ་ཀུན་ཏུ་རྨོངས་པ་དང་། དངོས་པོ་ལ་ཀུན་ཏུ་རྨོངས་པ་དང་། འཕོ་བ་ལ་ཀུན་ཏུ་རྨོངས་པ་དང་། མཆོག་ལ་ཀུན་ཏུ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་ཀུན་ཏུ་རྨོངས་པ་དང་།

ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་ཀུན་ཏུ་རྨོངས་པ་དང་། མངོན་པའི་ང་རྒྱལ་ཅན་ལ་ཀུན་ཏུ་རྨོངས་པའོ། །མི་ཤེས་པ་ནས་མ་རིག་པ་དང་མུན་པའི་རྣམ་པའི་བར་གྱི་མ་རིག་པའི་རྣམ་གྲངས་དྲུག་པོ་དེ་དག་ནི་ཀུན་ནས་རྨོངས་པའི་དངོས་པོ་བདུན་ཡིན་པར་རིག་པར་བྱའོ། །ཀུན་ཏུ་རྨོངས་པའི་དངོས་པོ་

ཐ་མ་གཉིས་གཅིག་ཏུ་བྱ་སྟེ། དེར་རིག་པ་དང་མུན་པའི་རྣམ་པའི་རྣམ་གྲངས་གཉིས་བལྟ་བར་བྱའོ། །རྣམ་གྲངས་གཞན་ཡང་མཉན་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་རྣམ་གྲངས་གསུམ་གོ་རིམས་བཞིན་དུ་ཡིན་ནོ། །དེའི་མི་མཐུན་པའི་

ཕྱོགས་སུ་གྱུར་པ་དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་པའི་ཕྱིར་གཞན་ཡང་གསུམ་མོ། །མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་དང་། ངོ་བོ་ཉིད་རབ་ཏུ་དབྱེ་བས་ཀྱང་རྣམ་གྲངས་དྲུག་ཡིན་པར་རིག་པར་བྱའོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། སྔོན་གྱི་མཐའ་ལ་སོགས་པ་

མི་ཤེས་པ་ནས་བརྩམས་ཏེ་གསུངས་པ། དགེ་སློང་དག་མདོར་ན་མ་རིག་པའི་ལས་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྣམ་པ་ཐམས་ཅད་དུ་འཇུག་པའི་རྟེན་སྦྱིན་པའི་ལས་ཅན་གྱི་མ་རིག་པ་དང་། རྣམ་པ་ཐམས་ཅད་དུ་ལྡོག་པའི་བར་དུ་གཅོད་པའི་ལས་ཅན་ནོ། །བཙུན་པ་རྣམ་པ་ཐམས་ཅད་དུ་

འཇུག་པ་གང་ཞེ་ན། དགེ་སློང་དག་གང་ལ་འཇུག་པ་དང་། གང་འཇུག་པ་དང་ཇི་ལྟར་འཇུག་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་དུ་འཇུག་པ་ཡིན་ནོ། །བཙུན་པ་གང་ལ་འཇུག་ཅེ་ན། དགེ་སློང་དག་བདག་ཏུ་རྣམ་པར་རྟོག་པ་དུས་ལ་འཇུག་གོ། །བཙུན་པ་གང་འཇུག་ཅེ་ན། དགེ་སློང་དག་བདག་

ཏུ་འཛིན་པས་ནང་དང་ཕྱིའི་སྐྱེ་མཆེད་ལའོ། །བཙུན་པ་ཇི་ལྟར་འཇུག་ཅེ་ན། དགེ་སློང་དག་བདག་ཏུ་རྣམ་པར་རྟོག་པ་དང་ལོག་པར་ཡོངས་སུ་རྟོགས་པ་ལས་དང་། རྣམ་པར་སྨིན་པའི་རྒྱུན་འཇུག་པའོ། །བཙུན་པ་རྣམ་པ་ཐམས་ཅད་དུ་ལྡོག་པ་གང་ཞེ་ན། དགེ་སློང་དག་མདོར་ན་རྣམ་པ་ཐམས་ཅད་དུ་

เล่ม ๑๑๕ · หน้า 12a

ལྡོག་པ་ནི་རྣམ་པ་བཞི་སྟེ། ལྡོག་པའི་རྟེན་དང་། ལྡོག་པའི་དམིགས་པ་དང་། ལྡོག་པའི་ཡིད་ལ་བྱེད་པ་དང་། ལྡོག་པའི་འབྲས་བུ་འགྲུབ་པས་ཀྱང་ཡིན་ནོ། །དེ་ལ་ཡང་འཆད་པར་བྱེད་པ་དག་ཇི་ལྟར་རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བཞིན་དུ་དུས་མི་ཤེས་པ་ཡིན་ནོ་ཞེས་

བརྗོད་དོ། །ནང་ལ་སོགས་པ་ལ་ནི་ནང་དང་ཕྱིའི་སྐྱེ་མཆེད་ཀྱི་དབྱེ་བ་དང་། ནང་གི་སྐྱེ་མཆེད་ཀྱི་གནས་ཀྱི་དབྱེ་བས་སོ། །ལྡོག་པའི་ཡིད་ལ་བྱེད་པ་ནི་རྒྱུ་དང་རྒྱུ་ལས་བྱུང་བའི་ཆོས་རྣམས་ལའོ། །དེ་ལ་ཡང་དགེ་བ་ནི་མ་རིག་པའི་གཉེན་པོའི་དོན་གྱིས་སོ། །མི་དགེ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་

དོན་གྱིས་སོ། །དགེ་བ་དེ་དག་ཀྱང་འདི་ལས་ཕྱི་རོལ་པ་རྣམས་ཀྱི་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ཆོས་འདི་པ་རྣམས་ཀྱི་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པ་ནི་ཡང་བསྟེན་པར་བྱ་བ་ཡིན་ནོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་བསྟེན་པར་བྱ་བ་མ་ཡིན་པའོ། །དགེ་བ་འདི་དག་ཉིད་

ཟག་པ་དང་བཅས་པ་ནི་ངན་པའོ། །ཟག་པ་མེད་པ་ནི་གྱ་ནོམ་པའོ། །དེ་དག་ཉིད་མི་དགེ་བ་ནི་ནག་པོའོ། །དགེ་བ་ཟག་པ་མེད་པ་ནི་དཀར་པོའོ། །དེ་ལས་གཞན་པ་ནི་འདྲེན་མ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་དང་བཅས་པ་ཡིན་ནོ། །ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རྟེན་

ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །དེ་ཉིད་ལས་ཀྱང་མི་ཤེས་པ་ལ་སོགས་པའི་ཚིག་གི་དོན་བསྟན་པར་བརྩམས་ཏེ་གསུངས་པ། བཙུན་པ་མི་མཐུན་པའི་ཕྱོགས་མ་རིག་པའི་བྱེ་བྲག་གང་ཞེ་ན། དགེ་སློང་དག་མ་རིག་པ་ནི་མཆོག་གི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པ་དང་། རྒྱ་ཆེན་པོའི་

ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་ཡང་བལྟ་བར་བྱའོ། །བཙུན་པ་མ་རིག་པ་ནི་མཆོག་གི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཇི་ལྟར་ལགས། དགེ་སློང་དག་དབང་པོ་ལྔ་རྣམས་ཀྱི་ནང་ནས་འདི་ནི་བསླང་བར་བྱ་བ་འདི་ནི་བསྟན་པར་བྱ་བ་སྟེ། འདི་ལྟ་སྟེ་ཤེས་རབ་ཀྱི་དབང་པོའོ། །དེའི་མི་མཐུན་

པའི་ཕྱོགས་ནི་མ་རིག་པ་ཡིན་ཏེ། དེས་ན་མཆོག་གི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །བཙུན་པ་ཇི་ལྟར་རྒྱ་ཆེན་པོའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པ་ལགས། དགེ་སློང་དག་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པའི་མི་

เล่ม ๑๑๕ · หน้า 12b

མཐུན་པའི་ཕྱོགས་མ་རིག་པ་ཡིན་ཏེ། དེས་ན་རྒྱ་ཆེན་པོའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །བཙུན་པ་མ་རིག་པ་དང་རྗེས་སུ་འབྲེལ་པའི་བྱེ་བྲག་ལགས། དགེ་སློང་དག་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཁམས་གསུམ་པའི་སེམས་ཅན་རྣམས་ལ་འདི་ལྟ་སྟེ། སེམས་ཅན་རྣམས་ལ་མི་ཤེས་པ་

ཡོད་པ་དེ་ནི་དུམ་བུར་མ་བྱས་པ། གསོང་ལྡོང་དུ་མ་བྱས་པ། བག་ལ་ཉལ་བ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །དེས་ན་སེམས་ཅན་དེ་དག་ནི་མཐའ་དག་གིས་བཅིངས་པ་ཡིན་ནོ། །གང་ཡང་བདེ་འགྲོ་དང་ངན་འགྲོའི་རྒྱུ་དང་འབྲས་བུ་རྣམ་པར་དབྱེ་བ་མི་ཤེས་པ་ཡང་ཡིན་ཏེ། དེ་ཡང་ཤིན་དུ་ཆུང་བ་

ནི་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱིའོ། །བར་མ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱིའོ། །ཆེན་པོ་ནི་འདོད་པ་ན་སྤྱོད་པ་རྣམས་ཀྱིའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་མ་རིག་པའི་རྣམ་པར་འབྱེད་པ་རྫོགས་སོ།། །།མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བའི་འདུ་བྱེད་

གང་ཞེ་ན། འདུ་བྱེད་རྣམ་པ་གསུམ་སྟེ། ཞེས་བྱ་བ་དེ་ལ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་ནི་ལུས་ལ་སོགས་པའི་དབྱེ་བས་རབ་ཏུ་དབྱེ་བ་བསྟན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ན། །མདོ་སྡེ་གཞན་ལས་ཀྱང་དབུགས་ཕྱི་ནང་དུ་རྒྱུ་བ་ནི་ལས་ཀྱི་འདུ་བྱེད་དོ། །རྣམ་པར་རྟོག་པ་དང་རྣམ་

པར་དཔྱོད་པ་ནི་ངག་གི་འདུ་བྱེད་དོ། །འདུ་ཤེས་དང་སེམས་པ་ནི་ཡིད་ཀྱི་འདུ་བྱེད་དོ་ཞེས་གསུངས་ན། དེ་དག་ཅི་འདིར་དེ་ཁོ་ན་བཞིན་དུ་བལྟ་བར་བྱའམ་མ་ཡིན་ཞེ་ན། སྨྲས་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་བྱེ་བྲག་ལ་འདིར་ལུས་ལ་སོགས་པའི་འདུ་བྱེད་དུ་བཞེད་དོ། །འདི་ཇི་ལྟར་

མངོན་ཞེ་ན། མདོ་སྡེ་དང་རིག་པས་སོ། །རེ་ཞིག་བུམ་པ་ལྟ་བུའི་མདོ་སྡེ་ལས་བཅོམ་ལྡན་འདས་ཀྱིས་དེ་ནི་མ་རིག་པའི་རྐྱེན་གྱིས་བསོད་ནམས་ཀྱི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད། མ་རིག་པའི་རྐྱེན་གྱིས་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་ཅེས་གསུངས་

སོ། །དབུགས་ཕྱི་ནང་དུ་རྒྱུ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ཡིན་པར་བཞེད་པ་ཡང་མ་ཡིན་ནོ། །ཡང་དེ་གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་འདུ་བྱེད་ན། བསོད་ནམས་ཀྱིས་ཉེ་བར་འགྲོ་བ་ནི་རྣམ་པར་ཤེས་པ་འདི་ཡིན་ནོ། །དེ་བཞིན་དུ་མི་གཡོ་བའི་བར་དུ་ཉེ་བར་

เล่ม ๑๑๕ · หน้า 13a

འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །འདིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་ཡང་གསུངས་ཏེ། དེ་བས་ན་གང་འདུ་བྱེད་ཀྱིས་ཉེ་བར་འགྲོ་བ་ནི་དེར་རྣམ་པར་ཤེས་པ་ཡིན་པར་གསུངས་ལ། དེ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ་ཞེས་ངེས་པ་བཟུང་ངོ་། །ཡང་གནོད་པ་

དང་བཅས་པའི་ལུས་ཀྱི་འདུ་བྱེད་འདུས་བྱས་པས་ཇི་ཙམ་གནོད་པ་དང་བཅས་པའི་བར་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པས་དབུགས་ཕྱི་ནང་དུ་རྒྱུ་བ་ནི་སྐྱེ་བའི་རྒྱུ་ཡང་མ་ཡིན་ནོ། །རེ་ཞིག་མདོ་སྡེ་ལས་ནི་དེ་ལྟ་བུ་ཡིན་ནོ། །རིག་པས་ཇི་ལྟ་བུ་ཞེ་ན། གལ་ཏེ་མ་རིག་པའི་རྐྱེན་གྱིས་དབུགས་ཕྱི་ནང་དུ་

རྒྱུ་བ་ལ་སོགས་པར་འགྱུར་བ་ནི་དགྲ་བཅོམ་པ་ལ་ཡོད་པར་མི་འགྱུར་རོ། །གལ་ཏེ་ཡང་དེའི་རྐྱེན་གྱིས་ཡང་སྲིད་པ་པའི་རྣམ་པར་ཤེས་པ་ཡིན་པར་འགྱུར་ན་ནི་དགྲ་བཅོམ་པ་ཡང་ཡོད་པར་འགྱུར་རོ། །རེ་ཞིག་ཇི་ལྟར་ལུས་ལ་སོགས་པའི་ལས་རྣམས་མ་རིག་པའི་རྐྱེན་གྱིས་ཡིན་པར་འདོད། དེ་དག་ནི་དགྲ་

བཅོམ་པ་ལ་ཡང་མེད་པ་མ་ཡིན་ནོ། །དབུགས་ཕྱི་ནང་དུ་རྒྱུ་བ་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ། །དགྲ་བཅོམ་པའི་ལུས་ལ་སོགས་པའི་ལས་གང་ཡིན་པ་འདོད་ན་ནི་དེ་དག་ནི་ལུས་ལ་སོགས་པའི་ལས་མ་ཡིན་ཏེ། ཡང་སྲིད་པ་མངོན་པར་འདུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་དབུགས་ཕྱི་ནང་དུ་

རྒྱུ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་རིག་པས་ཀྱང་ངེས་པ་ཡིན་ཏེ། བསོད་ནམས་ལ་སོགས་པའི་མཚན་ཉིད་ནི་འདིར་ལུས་ལ་སོགས་པའི་ལས་ཀྱི་བྱེ་བྲག་ལུས་ལ་སོགས་པའི་འདུ་བྱེད་དུ་བཞེད་པའོ། །བསོད་ནམས་ཀྱང་ཅི་ཡིན། བསོད་ནམས་མ་ཡིན་པ་ཡང་ཅི་ཡིན། མི་གཡོ་བ་ཡང་ཅི་ཡིན།

དེ་དག་གི་ཚིག་ནི་བསྟན་པར་མི་མངོན་ཞེ་ན། འདི་སྐད་དུ་བརྗོད་དེ། འདོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་བསོད་ནམས་སོ། །མི་དགེ་བ་ནི་བསོད་ནམས་མ་ཡིན་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ནི་མི་གཡོ་བ་ཞེས་བྱའོ། །ཅིའི་ཕྱིར་མི་གཡོ་བ་ཞེས་བྱ་ཞེ་ན། གཡོ་བ་

ནི་འགུལ་བ་སྟེ་རང་བཞིན་གཞན་དུ་འགྱུར་བར་འདོད་པར་བྱའོ། །དེ་མི་གཡོ་བའི་ངོ་བོ་ཡིན་པས་མི་གཡོ་བ་ཅན་ཏེ། བསམ་གཏན་དང་གཟུགས་མེད་པ་དག་ན་ནི་འདིས་གཡོས་པར་མི་ནུས་པས་མི་གཡོ་བ་ཡིན་ཏེ། ས་འོག་མའི་མི་མཐུན་པའི་ཕྱོགས་དེས་མི་བསྒུལ་བའི་ཕྱིར་རོ། །དེར་འབྱུང་

เล่ม ๑๑๕ · หน้า 13b

བའི་ལས་ནི་མི་གཡོ་བ་ཡིན་ནོ། །གཞན་དག་ན་རེ་ས་དེ་ལས་གང་གི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་མི་གཡོ་བ་ཡིན་ནོ་ཞེའོ། །འདོད་པ་ན་སྤྱོད་པའི་ལས་གང་ཅི་ཡང་རུང་བའི་ནང་དུ་སྨིན་པར་འགྱུར་བ་གང་ཡིན་པ་དེ་སྨོན་ལམ་ལ་སོགས་པའི་རྐྱེན་གཞན་གྱིས་ཡོངས་སུ་ཟིན་པས་ལྷའི་ནང་དུ་སྐྱེ་བར་འགྱུར་

བའམ། ཡི་དགས་ཀྱི་ནང་དུའམ། དམྱལ་བའི་ནང་དུ་སྨིན་པར་འགྱུར་རོ། །ལྷའི་རིས་དང་པོར་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་དྲུག་པའི་བར་དུ་སྨིན་པར་འགྱུར་རོ། །ལྷའི་ནང་དུ་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་མིའི་ནང་དུ་སྨིན་པར་འགྱུར་ཏེ། ཇི་སྐད་དུ་སྐལ་བ་ཆུང་བའི་མི་ལ་

སོགས་པ་དང་། ལན་ཚྭ་སྲང་གཅིག་ལྟ་བུ་དང་། རྣ་རིགས་ཀྱི་མདོ་ལས་གསུངས་པ་ལྟ་བུའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསམ་གཏན་དང་གཟུགས་མེད་པའི་ས་ལས་གཞན་གང་ཡིན་པ་དེས་གཞན་དུ་ལན་འགའ་ཡང་སྨིན་པར་མི་འགྱུར་རོ། །དེ་བས་ན་རྣམ་པར་སྨིན་པ་མི་གཡོ་ཞེས་

བྱའོ། །གལ་ཏེ་བསམ་གཏན་གྱིས་པའི་དགེ་བ་བསོད་ནམས་ཡིན་པར་མི་འདོད་ན་ནི་ཇི་སྐད་དུ་གནས་འདུག་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འཆགས་པའི་ཚེ་སེམས་ཅན་ཁ་ཅིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་

སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་འབྱུང་བ་དེ་དང་འགལ་བར་འགྱུར་རོ། །བསོད་ནམས་དེ་ནི་ཡོད་དེ། བསོད་ནམས་ལ་སོགས་པའི་ལས་གསུམ་བསྟན་པའི་ཚེ་དེ་མི་གཡོ་བ་ཞེས་བྱ་བ་ནི་ཁྱད་པར་བརྗོད་པར་བྱ་བའི་ཕྱིར་ལན་ཅིག་ཕྱིར་འོང་བ་ལ་སོགས་པ་བཞིན་ཏེ། དེ་དག་རྒྱུན་ཏུ་ཞུགས་པ་མ་

ཡིན་པ་མ་ཡིན་ཏེ། ཁྱད་པར་གྱི་མིང་གིས་བསྟན་ཏོ། །གཞན་དག་ན་རེ་བདེ་བ་མྱོང་བར་འགྱུར་བའི་ལས་ནི་བསོད་ནམས་སོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་བསོད་ནམས་མ་ཡིན་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་མི་གཡོ་བ་སྟེ་བསམ་གཏན་

གསུམ་པའི་གོང་མའི་འོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་པོ་འདི་ན་ནི་འཕགས་པ་འདི་དག་གཡོ་བ་ཡིན་ནོ་ཞེས་གསུངས་སོ། །བསམ་གཏན་བཞི་པ་འདིར་ནི་འཕགས་པ་འདི་དག་མི་གཡོ་བ་ཡིན་ནོ་ཞེས་གསུངས་སོ་ཞེའོ། །དེ་ལྟར་ན་འོག་མ་རྣམས་ཀྱི་བདེ་བ་ཡང་མ་

เล่ม ๑๑๕ · หน้า 14a

ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ། །མདོ་སྡེ་དང་ཡང་འགལ་བར་འགྱུར་ཏེ་ཇི་སྐད་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་ནས་སེམས་ཅན་ཁ་ཅིག་ནི་ཚེ་ཟད་ལས་ཟད་བསོད་

ནམས་ཟད་ནས་དེ་ནས་འཆི་བར་འགྱུར་རོ། །ཁ་ཅིག་ནི་དེ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །བསམ་གཏན་བཞི་པ་ན་ནི་རང་གི་ས་པའི་གཡོ་བ་མེད་པས་མི་གཡོ་བ་ཡིན་པར་བསྟན་ཏོ། །བསམ་གཏན་གཞན་དག་ཀྱང་མི་གཡོ་བ་མེད་པ་ནི་མ་ཡིན་ཏེ། ས་འོག་མའི་གཡོ་བ་མེད་པའི་ཕྱིར་རོ། །

རྣམ་གྲངས་ཀྱི་མི་གཡོ་བ་ཡིན་པར་བརྗོད་པར་རིགས་ཏེ། དེའི་ཡན་ལག་གི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཞིན་ནོ། །དེ་གལ་ཏེ་དེ་དག་དེ་ལྟ་བུ་ཡིན་ན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་རེ་ཞིག་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་མ་ཡིན་པར་མདོ་སྡེ་འདི་ལས་

བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པར་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་རིག་པའི་རྐྱེན་གྱིས་ལས་ཞེས་མ་གསུངས་པའི་ཕྱིར་རོ། །ཇི་སྟེ་ལས་ཀྱི་ངོ་བོ་ཉིད་དེ་དག་ལས་ཀྱི་བྱེ་བྲག་གིས་འདུ་བྱེད་ཡིན་ན་ལས་གང་ཡང་སྲིད་པ་མངོན་པར་འདུ་བྱེད་པ་དེ་དག་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་སྐད་དུ་མདོ་སྡེ་

གཞན་ལས། བཅོམ་ལྡན་འདས་ཀྱིས་འདུས་བྱས་མངོན་པར་འདུ་བྱེད་པ་དེ་བས་ན་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་བསྟན་ཏོ་ཞེས་གསུངས་སོ། །འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཡང་གཞན་ལས་བཅོམ་ལྡན་འདས་ཀྱིས་སེམས་པའི་ཚོགས་དྲུག་ཡིན་པར་བསྟན་ཏོ། །ཇི་ལྟར་ན་ལས་ཀྱི་ཡང་སྲིད་པ་

མངོན་པར་འདུ་བྱེད་ཅེ་ན། མ་བཏབ་པ་དེ་འདེབས་པར་བྱེད་པའོ། །ཇི་ལྟར་འདེབས་ཤེ་ན་རྣམ་པར་ཤེས་པའི་རྒྱུད་ལ་ཐོག་མ་ཉིད་དུ་དེའི་ས་བོན་འཇོག་པའི་ཕྱིར་རོ། །ས་བོན་ཞེས་བྱ་བ་ནི་ཅི་ཞེ་ན་ནུས་པའི་བྱེ་བྲག་ཡིན་ནོ། །ནུས་པ་ཞེས་བྱ་བ་དེ་ཆོས་གང་ཞེ་ན། རྒྱུའི་དངོས་པོ་ཡིན་ནོ། །དཔེར་ན་འབྲུའི་

འབྲས་བུ་ནི་རྐྱེན་གྱི་བྱེ་བྲག་ས་གཞི་དང་ཐལ་བ་དང་ཆུ་ལ་སོགས་པ་ལ་ལྟོས་ནས་མྱུ་གུའི་རྣམ་པར་སྐྱེ་བར་འགྱུར་བའི་རྒྱུའི་དངོས་པོ་ནི་ས་བོན་ཞེས་བྱའོ། །མ་དུ་ལུང་གའི་འབྲས་བུའི་རྒྱུད་ཀྱི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་པ་དེ་ནི་གེ་སར་དམར་པོར་འགྱུར་བའི་རྒྱུའི་དངོས་པོ་ཡིན་ནོ། །ཟངས་ལ་སོགས་པ་ལ་

เล่ม ๑๑๕ · หน้า 14b

ཡང་ཁུ་བ་འཇུ་བ་དང་མཁྲང་བ་ནི་གསེར་ལ་སོགས་པའི་རྣམ་པར་འགྱུར་བར་བྱེད་པ་ཡོད་དེ་དེ་དག་ནི་དཔེ་ཡིན་ནོ། །འཕགས་པ་ཤཱ་རིའི་བུས་ཀྱང་ཇི་སྐད་དུ། དགེ་སློང་བསམ་གཏན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་ཤིང་གི་སྡོང་པོ་འདི་ལ་ཁམས་དང་གང་མོས་པར་བྱས་པ་དེ་དག་ཀྱང་དེ་བཞིན་དུ་

འགྱུར་ཏེ་གཞན་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་པས་སོ་ཞེས་གསུངས་སོ། །དེ་ལ་ཁམས་དང་གང་མོས་པ་ཞེས་བྱ་བ་ནི་ས་ལ་སོགས་པའི་མཚན་ཉིད་ལ་ཁམས་ཞེས་དགོངས་པ་ཡིན་ནོ། །ཤིང་གི་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་

བྱ་བ་ནི་ས་བོན་དང་ནུས་པ་དང་རྒྱུའི་དངོས་པོ་ལ་ཁམས་ཞེས་དགོངས་པ་ཡིན་གྱི། ས་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ནི་མ་ཡིན་ཏེ། ཤིང་གི་སྡོང་པོ་གཅིག་ལ་བསམ་གཏན་པའི་མོས་པའི་བྱེ་བྲག་ཐ་དད་པས་ཡན་ལག་རྣམ་པ་མཐའ་མེད་པར་འགྱུར་བ་སྲིད་པའི་ཕྱིར་ཡན་ལག་མཐའ་མེད་པར་ཐལ་བར་འགྱུར་བ་མ་

ཡིན་ནོ། །དེ་བས་ན་རྒྱུའི་དངོས་པོ་དེ་ལ་ཁམས་ཞེས་དགོངས་པ་ཡིན་གྱི། ཆོས་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་ནི་དཔེ་གཞན་ཡིན་ནོ། །སེམས་ཀྱི་རྒྱུད་ལ་ས་བོན་བརྟས་པ་དེ་ཡང་ཡུན་ཇི་སྲིད་ཅིག་ཏུ་འདུག་ཅེ་ན། འབྲས་བུ་ཇི་སྲིད་མ་བྱུང་བའི་བར་དུ་ཡིན་ཏེ་ལུས་ཀྱི་ལས་སོགས་པའི་ངོ་བོ་འདི་ནི་ལུས་ཀྱི་འདུ་བྱེད་

ལ་སོགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ལུས་གང་ཡིན་ལས་ཅི་ཡིན། ཅིའི་ཕྱིར་ལུས་ཞེས་བྱ། ལས་ཞེས་བྱ་བའམ། ལུས་ཀྱི་ལས་ཞེས་བྱ་བ་ཡང་བརྗོད་པར་བྱ་དགོས་སོ། །དེ་བཞིན་དུ་ཡིད་ཀྱི་ལས་ཀྱི་བར་དུའོ། །དེ་ལྟར་བརྗོད་ན་ནི་བརྗོད་པ་མངས་པར་འགྱུར་ཏེ། དེ་བས་ན་དེ་

དག་ནི་ལས་གྲུབ་པ་ལས་གཟུང་བར་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་འདིར་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་མ་ངེས་པ་ལ་སྐྱོན་ཡོད་པ་ཡིན་ཏེ། གལ་ཏེ་མ་རིག་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཡིན་ན་ནི་དེ་དག་གི་རྐྱེན་མ་རིག་པ་ཁོ་ན་ཡིན་གྱི་གཞན་མ་ཡིན་པས། དགེ་བ་དང་མི་དགེ་བ་དང་འདུན་པ་དང་

རྩོལ་བ་ལ་སོགས་པ་མེད་པར་ཡང་མ་རིག་པ་ཙམ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་རྒྱུན་དུ་འབྱུང་བར་ཐལ་བར་འགྱུར་རོ། །གང་ཡང་མདོ་སྡེ་གཞན་ལས། དགེ་བའི་རྩ་བ་ཡང་གསུམ་མོ། །མི་དགེ་བའི་རྩ་བ་ཡང་གསུམ་སྟེ། གསུམ་ནི་ལས་ཀྱི་གཞི་དང་ཀུན་

เล่ม ๑๑๕ · หน้า 15a

འབྱུང་བ་ཡིན་ནོ། །རེག་པའི་རྐྱེན་གྱིས་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་། རྣམ་པར་བརྟགས་རྣམ་པར་དཔྱད་ནས་ངག་རྗོད་པར་བྱེད་ཀྱི། མ་བརྟག་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དང་ཡང་འགལ་བར་འགྱུར་རོ། །འོན་ཏེ་འདུ་བྱེད་ཁོ་ནའི་རྐྱེན་མ་

རིག་པ་ཡིན་ཏེ། དེ་དག་ཁོ་ནའི་རྐྱེན་མ་རིག་པ་ཡིན་གྱི་གཞན་གྱི་མ་ཡིན་ན་ནི་མ་རིག་པའི་རྣམ་པར་སྨིན་པའི་འབྲས་བུ་དང་གཞན་རྒྱུ་མཐུན་པའི་འབྲས་བུ་མེད་པར་འགྱུར་བ་དང་། གཞན་ཡང་མདོ་སྡེ་ལས། མ་རིག་པ་ནི་ཀུན་ཏུ་འདོད་ཆགས་པར་བྱ་བའི་ཕྱིར་དང་། ཀུན་ཏུ་ཞེ་སྡང་བར་བྱ་བའི་ཕྱིར་དང་།

ཀུན་ཏུ་གཏི་མུག་པར་བྱ་བའི་ཕྱིར་ཞེས་བྱ་བ་དང་། མ་རིག་པ་ཀུན་ཏུ་འབྱུང་བ་ལས་ཟག་པ་ཀུན་ཏུ་འབྱུང་ངོ་ཞེས་བྱ་བ་དང་། གང་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ཀུན་ཏུ་འབྱུང་བ་དེ་དག་ཐམས་ཅད་ནི་མ་རིག་པའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དང་འགལ་བར་འགྱུར་རོ། །འོན་ཏེ་

གཉིས་ཀ་ངེས་པ་ཡིན་ན་ནི། དེས་ན་གཉིས་ཀའི་ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་རོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སྟོན་པ་དོན་མེད་པ་ཡིན་ནོ་ཞེ་ན། འདིར་ངེས་པ་དང་མ་ངེས་པ་གཉིས་ཀ་ཡིན་ན་ཡང་བཤད་པ་དོན་མེད་པར་མི་འགྱུར་ཏེ། དེ་བཞིན་དུ་བསྟན་པ་ནི་འདུ་

བྱེད་རྣམས་ཀྱི་རྐྱེན་གྱི་གཙོ་བོ་བསྟན་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་མ་རིག་པ་འདུ་བྱེད་རྣམས་ཀྱི་གཙོ་བོའི་རྐྱེན་ཡིན་ཞེ་ན། བསོད་ནམས་ལ་སོགས་པའི་ལས་རྣམས་འདུ་བྱེད་ཉིད་ཡིན་པར་དེའི་དབང་གིས་ཡིན་པའི་ཕྱིར་དང་། ཀུན་ནས་འབྱུང་བ་ན་ཡང་སྤྱིའི་རྐྱེན་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་

རིག་པ་དེ་མ་སྐྱེས་ན་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པ་ཡིན་གྱི། རིག་པ་དེ་སྐྱེས་ན་ནི་མ་ཡིན་ནོ། །བསོད་ནམས་མ་ཡིན་པའི་འདུ་བྱེད་རྣམས་ཀུན་ནས་འབྱུང་བ་ན་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་སྤྱིའི་རྐྱེན་ཡིན་ནོ། །ཇི་ལྟར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་རྐྱེན་

གྱིས་ཀུན་ནས་བསླང་པ་དེ་བཞིན་དུ་དེ་དང་མཚུངས་པར་ལྡན་པའི་སེམས་པ་རྣམས་ཀྱི་ཡང་ཡིན་ནོ། །བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱི་རྐྱེན་ཡང་ཡིན་ཏེ། སྲིད་པ་དང་ལོངས་སྤྱོད་ཐ་དད་པ་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་ཀུན་ནས་འབྱུང་བ་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བའི་མ་རིག་

เล่ม ๑๑๕ · หน้า 15b

པ་ནི་སྤྱིའི་རྐྱེན་ཡིན་ནོ། །ས་དེར་ངེས་པར་འབྱུང་བར་ལྟ་བས་ཀུན་ནས་བསླང་བ་མི་གཡོ་བ་རྣམས་ཀྱི་ཡང་དེ་དང་ལྷན་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་ནོ། །དོན་དེ་དག་ཉིད་ཚིགས་སུ་བཅད་དེ་བརྗོད་པ། འདུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། །མ་རིག་བསྟན་པ་རྣམ་གཉིས་ཏེ། །ཉོན་མོངས་གཞན་

ལྡན་སྤྱི་ཡི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཡན་ལག་གི་གྲངས་རྣམ་པར་གཞག་པ་རྣམ་པར་ངེས་པར་བྱེད་པ་ན། དོན་དེ་དག་ཉིད་ཡང་དགྲོལ་བར་བྱ་སྟེ། དེ་ལྟར་གཙོ་བོའི་རྐྱེན་བསྟན་པ་དང་། གང་ཁ་ཅིག་འདི་སྐད་དུ། འདུ་བྱེད་རྣམས་ཀྱི་རྐྱེན་ཉོན་མོངས་པ་གཞན་ཡང་ཡིན་བཞིན་

དུ་ཅིའི་ཕྱིར་མ་རིག་པ་ཁོ་ན་རྐྱེན་ཡིན་པར་བསྟན། གལ་ཏེ་དེ་དག་གི་རྐྱེན་ཡང་མ་རིག་པ་ཡིན་པའི་ཕྱིར། ཡན་ལག་ལྷག་པར་ཇི་ལྟར་ཐལ་བར་མི་འགྱུར་ཞེས་རྒོལ་བ་འདིའི་གླགས་མི་ཐོད་པ་ཡིན་ནོ། །འདུ་བྱེད་ཀྱི་རྣམ་པར་དབྱེ་བ་རྫོགས་སོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་

པར་དབྱེ་བ་བཤད་པ། །བམ་པོ་གཉིས་པ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ནི་དྲུག་སྟེ་ཞེས་བྱ་བ་འདིའི་སྒྲ་ཇི་བཞིན་གྱི་དོན་གྱི་ཚུལ་གང་ཡིན་པའི་དོན་བཤད་ན་དེ་ནི་རེ་ཞིག་རྣམ་པར་ངེས་པ་དང་བཅས་པ་རྒྱས་པར་

བཤད་པ་བྱས་ན་ཤུགས་ཀྱིས་ཕྱིས་དགོངས་པའི་དོན་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལ་ཡང་དབང་པོའི་དབྱེ་བས་རྣམ་པར་ཤེས་པའི་རབ་ཏུ་དབྱེ་བ་བཅོམ་ལྡན་འདས་ཀྱིས་བསྟན་གྱིས། གདུལ་བྱ་གནས་པའི་བྱེ་བྲག་ལ་ལྟོས་ན་ངོ་བོ་ཉིད་ནི་མ་ཡིན་ནོ། །འདི་ལྟ་སྟེ་ཁ་ཅིག་

ཏུ་ནི་རྣམ་པར་དབྱེ་བ་ཡང་མི་སྟོན་ནོ། །ཚོགས་ཀྱི་སྒྲས་ནི་དམིགས་པ་ལ་འཇུག་པའི་དབྱེ་བ་ཡང་བསྟན་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རེ་རེ་ཡང་རྣམ་པ་མང་བར་བསྟན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པ་དྲུག་ཅེས་དེ་ཙམ་ཞིག་གསུང་བར་འགྱུར་རོ། །མིག་གི་

རྣམ་པར་ཤེས་པའི་ཚོགས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ཞེས་རྣམ་པར་བཤད་པ་ཅིའི་ཕྱིར་མ་གསུངས་ཤ་ན། ཚོགས་ཀྱི་སྒྲའི་དོན་བྱས་ཟིན་པའི་ཕྱིར་དང་། རྣམ་པར་ཤེས་པ་ལས་གཞན་ཚོགས་ཞེས་བྱ་བ་མེད་པར་བསྟན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ཡང་

เล่ม ๑๑๕ · หน้า 16a

གང་ཞེ་ན། མིག་ལ་བརྟེན་ཅིང་གཟུགས་སོ་སོར་རྣམ་པར་རིག་པ་ནི་མིག་གི་རྣམ་པར་ཤེས་པའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ། །གལ་ཏེ་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པ་རྣམ་པར་ཤེས་པ་ཡིན་ན་ཅིའི་

ཕྱིར་མིག་གི་རྣམ་པར་ཤེས་པ་ཞེས་བསྟན་གྱི། གཟུགས་ཀྱི་རྣམ་པར་ཤེས་པ་མ་ཡིན། དེ་བཞིན་དུ་ཆོས་ཀྱི་རྣམ་པར་ཤེས་པའི་བར་དུ་མ་ཡིན་ཞེ་ན། མིག་ལ་སོགས་པ་ནི་གཅིག་ཁོ་ནར་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཀྱིས་

གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ། །ཐུན་མོང་གི་རྒྱུ་ཞེས་བྱ་བ་ནི་མིག་ནི་སྔོན་པོ་ལ་སོགས་པ་གཟུགས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ནི་རྒྱུད་གཅིག་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་ཅི་རིགས་པར་བརྗོད་

པར་བྱའོ། །མདོ་གཞན་ལས། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་། །གཉིས་གང་ཞེ་ན། མིག་དང་གཟུགས་ནས་ཡིད་དང་ཆོས་ཞེས་བྱ་བའི་བར་དུ་གསུངས་སོ། །ཡང་གཞན་ལས་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ཏེ། གང་ཅུང་ཟད་རྣམ་པར་ཤེས་

པའི་ཕུང་པོ་དེ་ཐམས་ཅད་ནི་མིང་དང་གཟུགས་ལ་བརྟེན་ནས་ཞེས་གསུངས་སོ། །ཡང་གཞན་ལས་འཕགས་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་གང་གི་ཕྱིར་མིག་ནང་གི་སྐྱེ་མཆེད་ཡོངས་སུ་མ་ཉམས་ཤིང་གཟུགས་ཕྱིའི་སྐྱེ་མཆེད་སྣང་བར་གྱུར། དེ་བསྐྱེད་པ་ཡིད་ལ་བྱེད་པ་ཉེ་བར་གནས་ན་དེ་

ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ། །མདོ་སྡེ་འདི་ལས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་ན་སྔ་ཕྱི་འགལ་བར་ཇི་ལྟ་མི་འགྱུར་ཞེ་ན།

དགོངས་པ་ཐ་དད་པའི་ཕྱིར་ཏེ། དབང་པོ་དང་དོན་ངེས་པས་རྣམ་པར་ཤེས་པ་དྲུག་སྐྱེ་བ་ངེས་པ་རབ་ཏུ་བསྟན་པའི་ཕྱིར་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་ཞེས་གསུངས་སོ། །དེ་ལྟ་བུའི་དོན་དེ་དག་ཉིད་ཚིགས་སུ་བཅད་དེ་གསུངས་པ། ལྔ་པོ་གཉིས་ནི་དབང་པོ་རྣམས། །གང་གི་དོན་

เล่ม ๑๑๕ · หน้า 16b

ནི་དེ་དག་ཉིད། །གང་དེ་ཉིད་ནི་དོན་དེ་ཉིད། །དྲུག་པའི་སྐྱེ་མཆེད་གཉིས་ཡིན་ནོ། །ཡིད་ལ་བྱེད་པ་ནི་རིགས་མི་དབྱེ་བར་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་ཏེ། དབང་པོ་དང་དོན་ཡོད་དུ་ཟིན་ཀྱང་དེ་སྐྱེད་འདི་བརྟག་པ་ཡིན་ལ་བྱེད་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་སྐྱེའོ་ཞེས་བསྟན་

པའི་ཆེད་དུ་ཡིད་ལ་བྱེད་པའི་རྐྱེན་ཀྱང་གསུངས་སོ། །དེ་བསྐྱེད་པ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་དེ་སྐྱེད་པར་བྱེད་པ་ནི་སྐྱེད་པ་སྟེ། མདོ་སྡེ་གཞན་ལས་ཇི་སྐད་དུ། དེ་གྲོང་དུ་སོང་ཡོང་རུང་དགོན་པར་སོང་ཡང་རུང་སྟེ། དེ་ཉིད་ཀྱིས་སྡིག་པ་ནི་མི་དགེ་བའི་རྣམ་པར་རྟོག་པ་

མང་དུ་ཀུན་ཏུ་འབྱུང་བ་གང་ཡིན་པ་དེ་ནི་ཕྱིས་ཡིད་ལ་གཅགས་པ་སྐྱེད་པར་འགྱུར་རོ། །ཡང་ན་དེའི་ཆེད་དུ་སྐྱེས་པ་ནི་དེ་སྐྱེད་པ་ཞེས་རྒྱུ་མཚན་ཉིད་བདུན་པ་ཡིན་པའི་ཕྱིར་ཏེ། ལྤགས་པའི་ཕྱིར་ནི་གཟིག་བསད་དོ། །བ་སོའི་ཕྱིར་ནི་གླང་པོ་བསད། རྔ་མའི་ཕྱིར་ནི་གཡག་བསད་དོ། །

བུད་མེད་ཕྱིར་ནི་བྱི་ཕོ་བསད། །ཅེས་བྱ་བ་ལྟ་བུའོ། །དེ་སྐྱེད་པ་ཡིད་ལ་བྱེད་པ་གང་ཞེ་ན། གང་མི་མཐུན་པ་མེད་པ་ཡིན་ཏེ། དཔེར་ན་གཉིད་ལོག་པ་དང་ར་རོ་བ་དང་ཡིད་གཞན་དུ་ཆགས་པའི་ཚེ་དེ་ལས་གཞན་གཉིས་ཚོགས་པ་ཡོད་དུ་ཟིན་ཀྱང་དེའི་རྐྱེན་གྱིས་རྣམ་པར་ཤེས་པ་མི་སྐྱེ་སྟེ།

དེ་དང་མི་མཐུན་པའི་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཕྱིས་ཡང་འབྱུང་སྟེ། དེ་དང་བྲལ་བའི་ཕྱིར་རོ། །དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དེ་དག་ཉིད་བསྡུས་པའི་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་སོ། །ཡང་སྲིད་པ་འབྱུང་བར་བྱ་བའི་ཕྱིར་

ནུས་པ་སྐྱེ་བར་བྱ་བའི་ཆེད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་ཏེ། དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དེ་དག་ཉིད་ཀྱི་རྐྱེན་གྱིས་སྐད་ཅིག་རེ་རེ་ལ་སྐྱེ་བའི་རྣམ་པར་ཤེས་པ་ཡིན་ཡང་འདུ་བྱེད་མེད་པར་ཡང་སྲིད་པ་མངོན་པར་འགྲུབ་པར་བྱ་བའི་ཆེད་དུ་ནུས་པ་འབྱུང་བ་མ་

ཡིན་གྱི། དེའི་སྟོབས་ཀྱི་མཐུས་ནུས་པ་ཡིན་ཏེ། དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བ་དམར་པོ་བི་ཛ་པུ་ར་ཀའི་མེ་ཏོག་ལ་བསྒོས་པ་ནི་གེ་སར་དམར་པོར་འབྱུང་བར་བྱ་བའི་ཕྱིར་ནུས་པ་འབྱུང་བ་ཡིན་གྱི། དེ་མེད་པར་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ནི་དཔེའོ། །དེ་ལྟར་ན་དགོངས་པ་ཐ་དད་པའི་ཕྱིར་

เล่ม ๑๑๕ · หน้า 17a

སྔ་ཕྱི་འགལ་བ་མེད་དོ། །གལ་ཏེ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྒྱུ་ལས་མ་འོངས་པ་ན་མིང་དང་གཟུགས་འབྱུང་བར་འགྱུར་ན། སེམས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་རྣམ་པར་ཤེས་པ་རྒྱུན་ཆད་པ་ལ་འདུ་བྱེད་དེ་

ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཇི་ལྟར་ཡོད་པར་འགྱུར། གང་ལས་མ་འོངས་པ་ན་མིང་དང་གཟུགས་སྐྱེ་བར་འགྱུར་ཏེ། དེའི་གནས་སྐབས་གང་ཡིན་པ་ན་ནི་སེམས་ཡོད་པ་མ་ཡིན་ནོ། །ཞེས་བསམས་པ་དེ་སྐྱོན་དེ་དག་ཡོད་དོ་ཞེ་ན། མདོ་སྡེ་ལས་འགོག་པའི་སྙོམས་པར་འཇུག་པ་

སེམས་དང་བཅས་པར་གསུངས་ཏེ། འགོག་པ་ལ་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་མ་འགགས་པ་ཡིན་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ་ཞེས་འདོད་པའི་ཕྱིར་རོ། །དེ་བས་ན་ལྷག་མ་མེད་པའི་མྱ་ངན་ལས་མ་འདས་ཀྱི་བར་དུ་རྣམ་པར་ཤེས་པ་རྒྱུན་འཆད་པ་མ་

ཡིན་ནོ། །དེའི་ཚེ་ཡོད་པར་འདོད་པའི་རྣམ་པར་ཤེས་པ་གང་ཞེ་ན། ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པའོ། །དམིགས་པ་ཅི་ཡིན་རྣམ་པ་ཅི་ཡིན་ཞེ་ན། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ་ཞེ་ན། འོ་ན་བཅོམ་ལྡན་འདས་ཀྱིས་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་

སྐྱེ་བ་དང་། གསུམ་འདུས་པ་ལས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་འདུ་ཤེས་ཞེས་མ་གསུངས་སམ། དེའི་ཚེ་གསུམ་འདུས་པ་མེད་པར་ཡིད་ཀྱི་རྣམ་པར་ཤེས་པ་ཇི་ལྟར་ཡོད། །འདུས་པ་ཡོད་ན་ཡང་རེག་པ་མེད་པ་ཇི་ལྟར་རུང་། རེག་པ་ཡོད་ན་ཡང་ཚོར་བ་དང་འདུ་ཤེས་མེད་

པར་ཇི་ལྟར་རུང་། གང་གི་ཕྱིར་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་ཞེ་ན། རེ་ཞིག་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས། ཚོར་བ་ཐམས་ཅད་སྲེད་པའི་རྐྱེན་མ་ཡིན་ཏེ། ཟག་པ་ཟད་པ་རྣམས་ལ་སྲེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་རེག་པ་ཐམས་ཅད་

ཚོར་བ་ལ་སོགས་པའི་རྐྱེན་མ་ཡིན་ནོ་ཞེའོ། །མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་ངོ་ཞེས་བྱེ་བྲག་ཏུ་བྱས་ཀྱི། རེག་པ་ནི་གང་དུ་ཡང་བྱེ་བྲག་ཏུ་བྱས་པ་མེད་དོ། །དགྲ་བཅོམ་པའི་སྲེད་པ་ནི་རྩ་བ་ནས་གཅོད་

เล่ม ๑๑๕ · หน้า 17b

པ་ཡིན་གྱི། འགོག་པའི་སྙོམས་པར་ཞུགས་པ་ལ་སོགས་པའི་འདུ་ཤེས་དང་ཚོར་བ་གཉིས་ནི་མ་ཡིན་པས་དཔེ་དང་དོན་དུ་འདྲ་བ་མ་ཡིན་ནོ། །གཞན་ན་རེ་ནུས་པ་ཚོགས་པ་ནི་འདུས་པ་ཡིན་ན་གསུམ་དེ་ནི་འདུ་ཤེས་དང་ཚོར་བ་བསྐྱེད་པར་བྱ་བའི་ཆེད་དུ་ནུས་པ་འདུས་པ་མ་ཡིན་ནོ། །དེ་སུན་

འབྱིན་པས་དེ་བསལ་བའི་ཕྱིར་རོ། །དེ་བས་ན་འདི་ནི་རེག་པ་མ་ཡིན་ནོ་ཞེའོ། །འོ་ན་དེའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པའམ། ཅི་འདྲ་བ་ཞིག་ཡིན་པ་བརྗོད་པར་བྱ་དགོས་སོ། །ཅི་ཉེས་གལ་ཏེ་དགེ་བ་ཡིན་ན་དགེ་བའི་རྩ་བ་མེད་

པར་ཇི་ལྟར་དགེ་བ་ཡིན། དེ་དག་ཀྱང་རེག་པ་མེད་པ་ཇི་ལྟར་ཡིན་ཏེ། དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕོངས་པའི་ཕྱིར་གལ་ཏེ་དགེ་བ་ཡིན་ན་ནི་མི་རུང་སྟེ། དགེ་བ་ལ་སོགས་པའི་སེམས་ཀྱི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་སྐྱེ་བའི་ཕྱིར་རོ། །དགེ་བའི་རྩ་བའི་སྟོབས་ཀྱིས་

འཕོངས་ཏེ་སེམས་དགེ་བའི་ངོ་བོ་ཡིན་ན་ཡང་དེ་ཟློག་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །མི་དགེ་བ་ཡང་དེ་དག་ཐལ་བར་འགྱུར་རོ། །འགོག་པའི་སྙོམས་པར་འཇུག་པ་ནི་འགོག་པ་བཞིན་དུ་དགེ་བ་ཉིད་ཡིན་ནོ། །ཉོན་མོངས་པ་ཅན་ཡིན་ན་ཉོན་མོངས་པ་མེད་པར་ཇི་ལྟར་ཉོན་མོངས་

པ་ཅན་ཡིན། དེ་དག་ཀྱང་རེག་པ་མེད་པར་ཇི་ལྟར་འགྱུར་དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཚོར་བའི་ཕུང་པོ་གང་ཡིན་པ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་ཅུང་ཟད་གང་ཡིན་པ་དེ་ཐམས་ཅད་ནི་རེག་པའི་རྐྱེན་གྱིས་ཡིན་ནོ་ཞེས་གསུངས་སོ། །ལུང་དུ་མ་བསྟན་པ་ཡིན་ན་ནི་

ལུང་དུ་མ་བསྟན་པའི་སེམས་བཞིར་འདོད་དེ། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་དང་། བཟོའི་གནས་པ་དང་། སྤྲུལ་པ་པའོ། །རེ་ཞིག་དེ་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་པར་ནི་མི་རིགས་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་སྨིན་པའི་སེམས་ནི། སྲིད་པའི་རྩེ་མོའི་སེམས་ཀྱི་

མཇུག་ཐོགས་པ་ཡིན་པར་མི་རིགས་ཏེ། ས་འོག་མ་གཞན་བདུན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །སྲིད་པའི་རྩེ་མོ་པའི་རྣམ་པར་སྨིན་པའི་སེམས་ནི་འདོད་པའི་ཁམས་སུ་སྐྱེས་པའི་ཡིན་པར་མི་རིགས་སོ། །མི་གཡོ་བའི་ལས་ནི་འདོད་པའི་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་མ་ཡིན་ནོ། །

เล่ม ๑๑๕ · หน้า 18a

རྣམ་པར་སྨིན་པ་ཡིན་ན་ནི་འགའ་ཡང་ཅི་དགར་བྱར་ཡོད་པ་མ་ཡིན་ནོ། །སྙོམས་པར་འཇུག་པ་དེ་ལ་སྙོམས་པར་འཇུག་པ་པོ་རྣམས་ནི་ཅི་དགར་བྱར་ཡོད་པ་ཡང་ཡིན་པས་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་མི་རིགས་སོ། །སྤྱོད་ལམ་ལ་སོགས་པའི་ངོ་བོ་ཡང་མ་ཡིན་

ཏེ། འགོག་པའི་སྙོམས་པར་ཞུགས་པ་རྣམས་ནི་སྤྱོད་ལམ་ལ་སོགས་པ་མངོན་པར་འདུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །སེམས་མངོན་པར་འདུ་བྱེད་པ་དེ་ཡང་རེག་པ་མེད་པར་ཇི་ལྟར་རུང་། གལ་ཏེ་ཡང་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་གཞན་ཞིག་ཡིན་པར་རྣམ་པར་རྟོག་པར་བྱེད་ན།

སེམས་ལས་སུ་རུང་ཞིང་སེམས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དག་ཇི་ལྟར་དེ་ལྟར་དམིགས་པ་དང་རྣམ་པའི་གཡེང་བ་བྱེད་པར་འགྱུར་ཏེ་ལུང་དུ་མ་བསྟན་པའི་སེམས་མངོན་དུ་གྱུར་པར་འདོད་པ་ཡང་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་འདུ་

ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་དུ་བྱས་ཏེ། གནས་སོ་ཞེས་གསུངས་ཏེ་འདི་ནི་གནས་པ་ལས་ཡང་དག་པར་འདས་པ་ཡིན་གྱི། འདོད་ཆགས་དང་བྲལ་བ་ལས་ཡང་དག་པར་འདས་པ་ནི་མ་ཡིན་ཏེ། ལུས་ཀྱིས་

མངོན་དུ་བྱེད་པ་རྣམས་ལ་དེ་མེད་པར་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འགོག་པའི་སྙོམས་པར་ཞུགས་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་མངོན་དུ་གྱུར་པ་ཡོད་པ་མ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། །སྲིད་རྩེའི་མཚན་ཉིད་འདུ་ཤེས་མེད། །འདུ་ཤེས་མེད་པ་མིན་

ཉིད་འདོད། །འགོག་ལ་དེ་ཡི་ས་སེམས་མེད། །དེས་ན་དེ་ནི་གཞན་ཞིག་ཡིན། །གཞན་དག་ན་རེ་འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་ཅན་ཁོ་ན་ཡིན་ནོ་ཞེས་ཟེར་ན། འོ་ན་སེམས་རྒྱུན་ཆད་པ་ཡིན་ན་ཡང་འདུ་བྱེད་ཀྱིས་བསྒོས་པའི་སེམས་ཅི་ལྟར་འབྱུང་ཞེས་ཟེར་ན། ཁ་ཅིག་ན་རེ་སེམས་

ལས་དེ་འབྱུང་བ་མ་ཡིན་གྱི། སེམས་ཀྱིས་ཡོངས་སུ་བསྒོས་པ་ཉིད་ནི་ལུས་ཀྱི་དབང་པོའི་རྒྱུན་ལས་ཡིན་པའི་ཕྱིར་རོ་ཞེའོ། །ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཞེས་བྱ་བའི་མདོ་སྡེ་འདི་དང་ཇི་ལྟར་མི་འགལ་ཞེ་ན། ཡིད་ཀྱི་བག་ཆགས་ལ་ཡང་ཡིད་ཅེས་ལན་

เล่ม ๑๑๕ · หน้า 18b

འགའ་བརྗོད་དེ། ཇི་ལྟར་ལས་ཀྱི་བག་ཆགས་ལ་ཡང་ལས་ཞེས་བྱ་བ་དང་། གང་གི་ཚེ་ལས་ཀྱི་རྣམ་པར་སྨིན་པ་ཞེས་ཟེར་བ་བཞིན་ནོ་ཞེ་ན། རྣམ་པར་རྟོག་པ་འདི་ལ་ཡིད་ཀྱི་རྣམ་པར་སྨིན་པའི་ས་བོན་རྒྱུད་གཉིས་ལ་ཡོད་པར་འགྱུར་ཏེ། གཅིག་ནི་སེམས་ཀྱི་རྒྱུན་ལས་བསྒོས་པའོ། །གཅིག་

ནི་ལུས་ཀྱི་རྒྱུན་ལའོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་གང་གཅིག་ལས་འབྱུང་བ་དེའི་ཚེ་ཅིག་ཤོས་མ་ཡིན། གལ་ཏེ་ཡང་རྣམ་པར་ཤེས་པ་ལ་ཡིན་པ་དེ་བཞིན་དུ་ལུས་ཀྱི་དབང་པོ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་བསྒོས་

པར་གྱུར་ན་ནི་དེ་ལ་ཡང་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཉི་ཚེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་ཞེས་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། རྣམ་པར་ཤེས་པ་ཉི་ཚེ་རྐྱེན་གྱིས་མིང་དང་གཟུགས་ཀྱང་མ་ཡིན་གྱི་ལུས་ཀྱི་དབང་པོ་ཡང་དེ་ལ་མཐུ་

ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་འདུ་བྱེད་ཀྱི་རྐྱེན་གྱིས་ནི་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་ཏེ། ལས་ཇི་ལྟ་བ་བཞིན་དུ་ཚེ་གཞན་དུ་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །དེ་ལྟར་ནི་རྒྱུའི་རྣམ་གྲངས་ཆེན་པོ་ལས་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་

ཞུགས་ན་འོན་ཀྱང་དེའི་མིང་དང་གཟུགས་ནུར་ནུར་པོར་བརྒྱལ་བར་འགྱུར་རམ་ཞེས་གསུངས་སོ་ཞེ་ན། རྣམ་པར་རྟོག་པ་འདི་ལ་ཡང་མདོ་སྡེ་དང་འགལ་བ་དང་རིགས་པ་དང་འགལ་བར་འགྱུར་རོ། །ཇི་ལྟར་མདོ་སྡེ་དང་འགལ་ཞེ་ན། འདི་ལྟར་རྣམ་པར་ཤེས་པའི་ཡན་ལག་ཅེས་རྣམ་པར་དབྱེ་བ་ལས་ནི་

རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་གསུངས་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཉིད་ཉིང་མཚམས་སྦྱོར་གྱི་དྲུག་གིས་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་འགལ་པ་མེད་དེ་མདོ་སྡེ་འདི་ལས་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་རྣམ་པར་དབྱེ་བའི་ཟླ་ལ་རྣམ་པར་ཤེས་པ་མཐའ་དག་རྣམ་པར་ཕྱེའོ། །

འདུ་བྱེད་ཀྱི་རྐྱེན་གྱིས་ནི་ཇི་ལྟར་རིགས་པར་ཏེ། ཉིང་མཚམས་སྦྱོར་བ་ཡིན་པར་རིགས་པར་བྱའོ། །དཔེར་ན་མིང་དང་གཟུགས་རྣམ་པར་དབྱེ་བ་ལས་གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་

เล่ม ๑๑๕ · หน้า 19a

ཞེས་གཟུགས་མཐའ་དག་འདིར་རྣམ་པར་ཕྱེ་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་རྣམ་པར་འཇོག་པ་ན་ཇི་སྙེད་ཡོད་པ་རྣམ་པར་གཞག་པ་ཡིན་ནོ་ཞེ་ན། གནས་སྐབས་དེ་ན་གཟུགས་གང་ཡིན་པ་དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་དེ་དག་རྒྱུར་བྱས་པའོ་ཞེས་དེ་ལྟར་བསྟན་

པ་ནི་རིག་པ་ཡིན་གྱིས། ཉིང་མཚམས་སྦྱོར་བ་རྣམ་པར་ཤེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པའི་ཚོགས་དྲུག་མ་ཡིན་པས། འདི་ཆོས་འདྲ་བ་ཅི་ཡོད། འདིར་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་བསྟན་པ་བརྩམས་པ་ཡིན་པས་ཟླ་ལ་ཅིའི་ཕྱིར་བྱ། གཞན་དག་ན་རེ་དེ་ལས་གཞན་པ་བསྟན་པ་

ཡང་སྐྱེ་མཆེད་དྲུག་གི་བར་དུ་ལས་ཀྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་དྲུག་སྨོས་པ་མིང་དང་གཟུགས་ཙམ་གྱི་རྐྱེན་ཡིན་ན་ནི་སྐྱེ་མཆེད་དྲུག་གི་ཚེ་འགའ་ཡང་ལོང་བ་འམ་འོན་པར་མི་འགྱུར་རོ་ཞེ་ན། དེ་སྨོས་པ་དོན་མེད་དེ། དེ་སྨོས་པ་མེད་པར་ཡང་ལས་ཀྱི་

བྱེ་བྲག་གིས་རྣམ་པར་ཤེས་པ་བྱེ་བྲག་ཏུ་འགྱུར། དེ་ལས་མིང་དང་གཟུགས་བྱེ་བྲག་ཏུ་འགྱུར། དེ་ལས་སྐྱེ་མཆེད་དྲུག་གི་བྱེ་བྲག་གོ་ཞེས་རྣམ་པར་རིག་པའི་ཕྱིར་རོ། །གལ་ཏེ་དེའི་བྱེ་བྲག་གིས་དེ་བྱེ་བྲག་ཏུ་མི་འགྱུར་ན་ནི་ཇི་ལྟར་ཡང་སྔ་མ་ནི་ཕྱི་མའི་རྐྱེན་དུ་འགྲུབ་པར་མི་འགྱུར་རོ། །ཡང་བཅོམ་ལྡན་

འདས་ཀྱིས་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན་ཞེས་གསུངས་པ་དེ་དཔྱད་པར་བྱ་སྟེ། རེ་ཞིག་མངལ་དུ་མ་ཞུགས་ན་ཞེས་བྱ་བ་འདིའི་དོན་ཇི་ལྟ་བུ། གལ་ཏེ་འདིའི་དོན་མི་འཇུག་པ་ཡིན་ནོ་ཞེ་ན། སྐྱེ་བར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་མའི་མངལ་དུ་འཇུག་

པར་རིག་པ་མ་ཡིན་གྱི། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ནི་སྲིད་པ་བར་མའི་རྒྱུན་གྱིས་མའི་མངལ་དུ་འཇུག་པ་ཡིན་པར་རིགས་ཏེ་དེ་དང་འབྲེལ་པའི་ཕྱིར་ཁྲག་དང་ཁུ་བ་འདུས་པ་ན་མིང་དང་གཟུགས་སུ་རྣམ་པར་སྨིན་པ་ནི་ཀུན་ཏུ་བརྒྱལ་བ་ཡིན་ཏེ། གང་ལས་ནུར་ནུར་པོར་རྣམ་

པར་གཞག་པའོ། །འོན་ཏེ་འདིའི་དོན་མའི་མངལ་དུ་མི་སྐྱེ་བ་ཡིན་ན་ནི་དེའི་ཚེ་མིང་དང་གཟུགས་སྐྱེས་པ་ཁོ་ན་ཡིན་པས་དེའི་རྐྱེན་གྱིས་དེ་སྐྱེ་བར་མི་རིགས་སོ། །དེ་ལས་ཀྱང་ནམ་མ་ཤིའི་བར་དུ་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་དངོས་པོར་བསྟན་པས་དེ་ཇི་ལྟར་ཉིང་མཚམས་

เล่ม ๑๑๕ · หน้า 19b

སྦྱོར་བའི་རྣམ་པར་ཤེས་པར་རུང་། མདོ་སྡེ་འདི་ལས། རྣམ་པར་ཤེས་པའི་རྐྱེན་གྱིས་ཕུང་པོ་ལྔ་པའི་མིང་དང་གཟུགས་བསྟན་པས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་ཇི་ལྟར་དེ་དང་ལྷན་ཅིག་བྱུང་བའི་མིང་དང་གཟུགས་ཀྱི་རྐྱེན་དུ་རུང་། དུས་ཕྱི་མའི་རྐྱེན་ཡིན་ནོ་ཞེ་ན་ཡང་། འོ་ན་དེའི་དུས་ཀྱི་མིང་

དང་གཟུགས་ཀྱི་རྐྱེན་གང་ཡིན། རྐྱེན་འདུ་བྱེད་ཡིན་ནོ་ཞེ་ན་ཡང་། དེ་གཉིས་ཀའི་རྐྱེན་ཡིན་པའི་ཕྱིར་ཅིའི་རྣམ་པར་ཤེས་པའི་ཡན་ལག་བརྟག་པར་བྱ། མིང་དང་གཟུགས་ཁོ་ནའི་རྐྱེན་འདུ་བྱེད་མ་ཡིན་ཏེ། དེ་དང་སྐད་ཅིག་མ་ཕྱི་མ་དང་ཁྱད་པར་ཡང་ཅི་ཞིག་ཡོད། གཞན་དག་ན་རེ་འདུ་བྱེད་ཀྱི་རྐྱེན་གྱིས་

མིང་དང་གཟུགས་ཞེས་བརྗོད་ན་གཟུགས་མེད་པར་ཉིང་མཚམས་སྦྱོར་བ་བསྟན་པར་འགྱུར་ཏེ་དེ་ན་གཟུགས་མེད་པའི་ཕྱིར་རོ་ཞེའོ། །འོ་ན་ལྟ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཀྱང་བརྗོད་པར་མི་བྱ་བར་འགྱུར་ཏེ། གཟུགས་མེད་པ་ན་གཟུགས་མེད་པའི་ཕྱིར་རོ། །འོན་ཏེ་འདིར་ཇི་ལྟར་སྲིད་པའི་

རྐྱེན་གྱིས་དངོས་པོར་འདོད་ན་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད། དེ་ལྟར་རེ་ཞིག་མདོ་སྡེ་དང་འགལ་བ་ཡིན་ནོ། །ཇི་ལྟར་རིགས་པ་དང་འགལ་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་ན་ནི་འདས་པའི་འདུ་བྱེད་ཀྱིས་རྣམ་པར་ཤེས་པ་བསྐྱེད་པར་ཐལ་བར་

འགྱུར་རོ། །ཅི་ཉེས་ཤེ་ན། བྱ་གག་ཤི་ནས་སྐད་འབྱིན་པར་ཐལ་བར་འགྱུར་རོ། །ཚིག་འདིའི་དོན་ཇི་ལྟ་བུ་ཞེ་ན། རྒྱུ་རྣམ་པར་ཞིག་པ་ལས་འབྲས་བུ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རྒྱུ་ཞིག་པ་ལས་ཀྱང་འབྲས་བུ་འབྱུང་བ་ཡོད་དེ། དཔེར་ན་མ་དུ་ལུང་གའི་འབྲས་བུ་སྐྱུར་པོ་

ལས་ཕྱི་མ་སྐྱུར་པོར་འགྱུར་བ་དང་། མ་དུ་ལུང་གའི་མེ་ཏོག་ལ་རྒྱ་སྐྱེགས་ཀྱི་ཁུ་བ་དམར་པོ་བསྒོས་པ་ལས་དེའི་འབྲས་བུ་གེ་སར་དམར་བ་ཉིད་དང་། ལྕགས་ཀྱི་ཐུ་ལུམ་བསྲེགས་པ་དམར་པོ་མཇུག་ཏུ་རྣམ་པར་ཞིག་པའི་རྒྱུ་ཅན་ཡང་རྩ་དམར་བ་ཡིན་ནོ་ཞེ་ན། འདི་ནི་གློ་བུར་དུ་ཉམ་ང་བར་ཞུགས་པ་

ཡིན་ནོ། །འདི་ལ་ཉམ་ང་བ་ཅི་ཡོད་ཅེ་ན། རྒྱུ་མེད་པ་ལ་འབྲས་བུའམ། རྣམ་པར་ཞིག་པ་ལས་ཡོད་པར་རྟོག་པའོ། །སྐྱུར་བ་དེ་རྣམ་པར་ཞིག་པ་ལས་ཕྱིས་སྐྱུར་བ་འབྱུང་བ་མ་ཡིན་ནོ། །འོ་ན་དེ་གང་ལས་ཤེ་ན། དེ་ལས་སྐྱེས་པའི་མཐུའི་བྱེ་བྲག་དང་ལྡན་པའི་རྒྱུན་ཡོངས་སུ་འགྱུར་བའི་བྱེ་བྲག་ལས་སོ། །

เล่ม ๑๑๕ · หน้า 20a

དེ་དག་གིས་ནི་དམར་བ་ཉིད་དང་། རྩ་དམར་བ་ཉིད་ཀྱི་ལན་ཀྱང་བཏབ་པ་ཡིན་ཏེ། ཕྱིས་རྩ་དམར་བ་རྣམ་པར་ཞིག་པའི་རྒྱུ་ཅན་སྐྱེ་བ་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། དེ་སྐྱེ་བ་དང་མི་མཐུན་པའི་རྐྱེན་བཙལ་ན་རང་བཞིན་གྱིས་ལྕགས་ཀྱི་ཐུ་ལུམ་འབྱུང་བ་ཆེན་པོ་དེ་འབྱུང་བ་དང་རྗེས་སུ་མཐུན་པ་

ཡིན་པའི་ཕྱིར་རོ། །འདི་ཇི་ལྟར་མངོན་ཞེ་ན། འདི་ལྟར་མེ་ཤི་བ་ནི་སྲེག་པར་མི་བྱེད་དོ། །ཆུ་སྐམ་པ་ནི་བརླན་པར་མི་བྱེད་དོ། །རླུང་ཞི་བ་ནི་སྐམ་པར་མི་བྱེད་དོ། །བརྡུངས་པ་ཞིག་པ་ཡང་སྒྲ་མི་བྱེད་དོ། །དབང་པོ་དང་དོན་ཡང་རྣམ་པར་ཤེས་པའོ། །ལས་དང་ཉོན་མོངས་པ་སྤངས་པ་ཡང་སྲིད་དོ། །འདིར་

ཚིགས་སུ་བཅད་པ། རྣམ་ཞིག་རྒྱུ་ལས་འབྲས་འབྱུང་ན། །དབང་པོ་ལ་སོགས་རྣམ་ཞིག་ལས། །མཐོང་བ་ལ་སོགས་འབྱུང་བར་འགྱུར། །མེ་ཡི་དུ་བའང་ཞི་བ་མེད། །གལ་ཏེ་འདས་པའི་ལས་ལས་འབྲས་བུར་མི་འདོད་པའམ། དེ་མེད་པ་ཡིན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་

གང་འདས་པའི་ལས་ཞིག་པ་འགག་པ་བྲལ་བ་ཡོངས་སུ་གྱུར་པ་དེ་ཡོད་པ་ཡིན་ནོ། །དེ་དང་ལྡན་པ་མེད་དུ་ཟིན་ན། འདི་ན་ཁ་ཅིག་མཚམས་མེད་པ་བྱས་ན་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་གསུངས། དེ་ཡང་ད་ལྟར་འབྱུང་བ་བཞིན་དུ་རང་གི་

མཚན་ཉིད་གནས་པ་ལ་དགོངས་ནས་ཡོད་དོ་ཞེས་གསུངས་པ་མ་ཡིན་གྱི། འོ་ན་ཇི་ལྟར་ཞེ་ན། དེ་ལས་སྐྱེས་པ་དགོས་པ་གནས་པའི་ཕྱིར་རོ། །དེས་གཞག་པའི་སེམས་ཀྱི་རྒྱུན་ལ་བསྒོས་པ་ཡོད་དེ། ཡོངས་སུ་འགྱུར་བའི་བྱེ་བྲག་ཏུ་གྱུར་པ་གང་ལས་འབྲས་བུ་འབྱུང་བའོ། །དེ་ཡོད་པ་ཡང་

ལས་ཀྱི་འབྲས་བུ་མ་བྱིན་པ་ཡིན་པའི་ཕྱིར་ཡོད་པ་ཡིན་ནོ་ཞེས་བསྟན་ཏེ། དེ་ལས་བྱུང་བའི་འབྲས་བུ་སྨིན་པར་ནུས་པ་མ་སྤྱད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་འདས་པ་ཉིད་ཡིན་པར་འགྲུབ་པར་མི་འགྱུར་རོ། །འདི་རྣམ་པར་གཏན་ལ་དབབ་པ་ནི་ཕྱི་ནས་བྱའོ། །དེ་ལྟར་འདུ་བྱེད་

ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི། རིག་པ་དང་འགལ་བ་ཡིན་ནོ། །ཁ་ཅིག་ན་རེ་འདས་པའི་ལས་ལས་དེ་སྐྱེ་བ་ཡང་མ་ཡིན་ཏེ། འདི་ལྟར་རྒྱུན་རྣམ་པར་གཞག་ནས་འདུ་བྱེད་འགགས་ལ། དེ་དང་རྗེས་སུ་མཐུན་པའི་འབྲས་བུ་གཅིག་ཏུ་འཕངས་ནས་ས་བོན་གྱི་རྒྱུན་བཞིན་

เล่ม ๑๑๕ · หน้า 20b

དུ། དེ་ལས་ཕྱིས་རིམ་གྱིས་རྣམ་པར་ཤེས་པ་ས་བོན་ཡང་སྲིད་ཀྱི་ཞིང་ལ་སྐྱེད་པར་བྱེད་དོ་ཞེ་ན། དེའི་བསམ་པ་ནི་བདག་གིས་མ་རྟོགས་ན། ཅི་སེམས་པའི་རྒྱུན་རྣམ་པར་གཞག་ནས་འདུ་བྱེད་འགག་གམ། འོན་ཏེ་བག་ཆགས་ཀྱི་རྒྱུན་སེམས་ཀྱི་རྒྱུན་ལ་རྣམ་པར་གཞག་ནས་ཡིན། ཅི་ཉེས་གལ་ཏེ་

སེམས་པའི་རྒྱུན་ཡིན་ན་ནི། ལུང་དུ་མ་བསྟན་པའི་སེམས་པའི་རྒྱུན་ཀྱང་དེའི་འོག་ཏུ་འབྱུང་བར་འགྱུར་བས། ཇི་ལྟར་ན་དེའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ་རྣམ་པར་ཤེས་པ་ཡིན་པར་རིགས་པར་འགྱུར། ཇི་ལྟར་ན་ཡང་འདི་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱི་རྣམ་པར་གཞག་པ་ཡིན།

འོན་ཏེ་བག་ཆགས་ཀྱི་རྒྱུན་སེམས་ལ་གཞག་ནས་ཡིན་ན་ནི་དེ་ཉིད་ལ་འདུ་བྱེད་རྣམས་ཀྱི་ནུས་པ་ཡིན་གྱི། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ལ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་རྣམ་པར་ཤེས་པ་དེ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་གྱི། ཉིང་མཚམས་

སྦྱོར་བའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་དུས་ན་ནི་ཡང་སྲིད་པ་མངོན་པར་གྲུབ་པ་ཁོ་ན་ཡིན་པས་དེའི་ཚེ་དེ་གང་གི་ས་བོན་ཡིན་ན་གང་འདི་སྐད་དུ་རྣམ་པར་ཤེས་པ་ས་བོན་ཡང་སྲིད་ཀྱི་ཞིང་ལ་སྐྱེད་དོ་ཞེས་བརྗོད། དེ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་

མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་པར་རིགས་པ་མ་ཡིན་གྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ལ། དེས་བསྒོས་པའི་རྣམ་པའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་ནོ། །དེའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ་མིང་དང་གཟུགས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ལུགས་འདི་

ནི་སྐྱོན་པ་ཡིན་ནོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་རྣམ་པར་ཤེས་པ་ས་བོན་ཞེས་གསུངས་པ་གང་ཡིན་པ་དེ་རིགས་པ་ཡིན་ནོ། །ཡང་གཞན་དག་ན་རེ་འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་པར་བརྗོད་ཀྱང་འདས་པའི་ལས་ལས་དེ་བྱུང་བ་མ་ཡིན་ཏེ། འོན་ཀྱང་ཁ་

ཅིག་ན་རེ་དེའི་རྒྱུ་ཅན་རྣམ་པར་མ་ཞིག་པ་ལས་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་བསྩགས་པ་ལས་ཡིན་ནོ་ཞེའོ། །རྣམ་པར་མ་ཞིག་པ་ཞེས་བྱ་བ་འདི་ཅི་ཡིན། བསྩགས་པ་ཡང་ཅི་ཡིན་ཞེ་ན། སེམས་དང་མི་ལྡན་པའི་ཆོས་གཞན་ནམ་འབྲས་བུ་བྱིན་པའི་བར་དུ་རྗེས་སུ་འཇུག་པ་དེ་ཡིན་ཞེས་གྲགས་

เล่ม ๑๑๕ · หน้า 21a

སོ། །དེ་ལས་སྐྱེས་པའི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཞེས་སྟོན་ཏོ། །དེས་བྱས་པ་ལ་དེ་ཉེ་བར་འདོགས་པ་ཡིན་ནོ། །དཔེར་ན་རྐུན་པོས་གྲོང་ཁྱེར་བསྲེགས་པ་དང་། རྩྭས་འབྲས་ཆན་ཚོས་པ་དང་། འཕགས་པ་རྣམས་ནི་མཐོང་བ་བདེ། །

ཞེས་བྱ་བ་ལྟ་བུའོ། །དེ་དག་གི་ཡང་མདོ་སྡེ་དང་འགལ་བ་དེ་ཁོ་ན་བཞིན་དུ་གནས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདུ་བྱེད་ཀྱི་ཕུང་པོ་གང་ཇི་སྙེད་པ་འདི་ཐམས་ཅད་རེག་པ་ལ་བརྟེན་ནས་ཞེས་གསུངས་ཀྱང་ཐོབ་པ་ལ་སོགས་པ་ནི་མ་ཡིན་ནོ། །སེམས་དང་མི་ལྡན་པའི་འདུ་བྱེད་རྫས་སུ་ཡོད་

པ་ཡང་མ་ཡིན་ལ། གཟུགས་ལ་སོགས་པ་རྫས་སུ་ཡོད་པའི་གནས་སྐབས་གཞན་ལ་བརྟགས་པ་ཡིན་ཏེ། དཔེར་ན་ནུས་པ་དང་ཀུན་ཏུ་སྦྱོར་བ་དང་། རྣམ་པར་ཕྱེ་བ་དང་ཕ་རོལ་ཉིད་དང་ཚུ་རོལ་ཉིད་དང་། རྒྱང་རིང་བ་དང་ཐག་ཉེ་བ་ཉིད་ལྟ་བུའོ། །དེ་དག་ཇི་ལྟར་རྫས་སུ་ཡོད་པ་མ་ཡིན་པ་ནི་ཆོས་

མངོན་པའི་མཛོད་ལས་ཤེས་པར་བྱའོ། །གང་ཡང་སེམས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་མཇུག་ཏུ་ལྡང་བའི་སེམས་སྐྱེ་བ་དང་། གང་ཡང་ཡི་གེའི་གཞུང་ལན་མང་དུ་བཏོན་པའམ་དོན་རྟག་ཏུ་མཐོང་བ་ལ་སོགས་པ་ལས་ཕྱིར་དྲན་པ་སྐྱེ་བ་དང་། གང་ཡང་རྒྱ་སྐྱེགས་

ཀྱི་ཁུ་བས་མ་དུ་ལུང་གའི་མེ་ཏོག་ལ་བསྒོས་པའི་རྒྱུན་ཡོངས་སུ་གྱུར་པ་ལ་ཕྱིས་འབྲས་བུ་གེ་སར་དམར་པོར་སྐྱེ་བ་དེ་དག་ལ་ཅི་སེམས་དང་ལྡན་པ་མ་ཡིན་པའི་ཆོས་གཞན་བར་སྐབས་སུ་འགའ་ཡང་ཡོད་དམ། གང་གོམས་པས་དྲན་པ་སྐྱེ་བར་འགྱུར་བ་སྐད་ཅིག་མ་གང་ལ་དེ་སྐྱེ་བར་བརྟག་

པར་བྱེད། དེ་བས་ན་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་ཁས་ལེན་ཀྱང་རུང་། སེམས་དང་བཅས་པ་བ་དང་སེམས་མེད་པ་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ཁས་ལེན་ཀྱང་རུང་། འདས་

པའི་འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁས་ལེན་ཀྱང་རུང་། དེའི་རྒྱུ་ཅན་རྣམ་པར་མི་འཇིག་པ་ལ་སོགས་པ་རྐྱེན་ཡིན་པར་ཁས་ལེན་ཀྱང་རུང་སྟེ། སྒྲའི་དོན་ཇི་ལྟ་བ་བཞིན་དུ་དྲངས་ན་དོན་དེ་བཞིན་དུ་འགྲོར་མི་རུང་ངོ་། །དེ་བས་ན་འདིར་དོན་ཉིད་ནི་དགོངས་པ་ཅན་ཡིན་

เล่ม ๑๑๕ · หน้า 21b

པར་རིག་པར་བྱའོ། །འདིར་དོན་ཉིད་གང་ཞེ་ན། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་ཡོངས་སུ་གྱུར་པས་ཡང་སྲིད། འབྱུང་བར་ནུས་པ་ནི་འདིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་དགོངས་པ་ཡིན་ནོ། །གང་ཡང་འདི་སྐད་དུ་རྣམ་པར་

ཤེས་པ་དྲུག་གོ་ཞེས་གསུངས་པ་ནི་གནས་པས་གནས་བསྟན་པ་དང་འབྲས་བུས་རྒྱུ་སྟེ་དེ་དང་ལྡན་པའི་རྣམ་པར་ཤེས་པའི་རྒྱུན་འབབ་པ་བསྟན་པའི་ཕྱིར་རོ། །གནས་པས་གནས་བསྟན་པ་ཡང་ཡོད་དེ། དཔེར་ན་འཆར་ཀའི་མདོ་ལས་བཙུན་པ་བཅོམ་ལྡན་འདས་ཀྱི་སྐུ་ནི་རྙིང་པ་དང་གཉེར་མ་ཅན་

དང་། དབང་པོ་རྣམས་ནི་གཞན་དུ་གྱུར་པ་ཉིད་ཡིན་ཏེ། འདི་ལྟ་སྟེ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་བསྟན་ཀྱང་དེའི་དབང་པོ་རྣམས་ནི་གཞན་དུ་གྱུར་པ་ཉིད་ཡིན་ཏེ། གཟིགས་པ་མངའ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དབང་པོ་རྣམས་ཀྱི་གཏན་དང་དེའི་གནས་ཡིན་ནོ། །སྨྲ་བ་པོའི་

མདོ་ལས་ཀྱང་། དེ་འཆི་བའི་དུས་ཀྱི་ཚེ་དབང་པོ་རྣམས་རྣམ་པར་གསལ་བ་ཡིན་ནོ་ཞེས་གསུངས་ཀྱང་། དབང་པོ་རྣམས་གསལ་བ་ནི་མཐོང་བར་ཡང་མི་ནུས་ཀྱི། དེའི་གནས་དང་དབང་པོའི་རྟེན་ལ་ནུས་སོ། །འཇིག་རྟེན་ན་ཡང་འདིའི་མིག་ནི་ཉམས་དགའ་བ་ཡིན་ཏེ། གདོང་གི་མིག་ནི་

ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུའོ་ཞེས་བྱ་བ་མཐོང་བ་དང་མིག་གིས་དེའི་གནས་བསྟན་ཏོ། །འབྲས་བུས་ཀྱང་རྒྱུ་སྟོན་པ་ཡོད་དེ། ཇི་ལྟར་མདོ་སྡེ་ལས་དགེ་སློང་དག་རླུང་ནི་ནད་ཡིན་ནོ། །ནད་ཆེན་པོ་ཡིན་ནོ་ཞེས་པ་ཡང་རླུང་ནི་ནད་མ་ཡིན་གྱི། ནད་ཀྱི་རྒྱུ་ཡིན་ནོ། །ཚིགས་སུ་བཅད་པ་ལས་ཀྱང་

འདོད་ཆགས་མ་ལུས་རྒྱུན་བཅད་ཅེས་འབྱུང་བ་ཡང་འདོད་ཆགས་ཀྱི་རྒྱུན་ཉེ་བར་བཅད་པ་མ་ཡིན་ཏེ། དེ་མངོན་དུ་མ་གྱུར་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྒྱུ་དང་དེའི་ས་བོན་ནོ། །ཇི་ལྟར་ཆོས་མངོན་པ་ལས་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པའི་རེག་བྱ་གང་ཞེ་ན་ཞེས་རྒྱས་པར་བྱས་ནས་

བཀྲེས་པ་དང་། སྐོམ་པའི་བར་དུ་འབྱུང་བ་ལ། དེ་གཉིས་ནི་རེག་བྱ་མ་ཡིན་གྱི། དེ་གཉིས་ཀྱི་རྒྱུ་རེག་བྱ་ཡིན་ནོ། །འཇིག་རྟེན་ན་ཡང་ཤིང་ས་བོན་འདེབས་སོ། །མེ་ཏོག་ས་བོན་འདེབས་སོ་ཞེས་པ་དེ་ཉིད་ས་བོན་དུ་འདེབས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་དེ་དག་གི་རྒྱུ་ཡིན་ཏེ།

เล่ม ๑๑๕ · หน้า 22a

བརྟེན་པའི་མིང་རྟེན་ལ་སྟོན་པ་དང་། འབྲས་བུས་རྒྱུ་ཡིན་ནོ། །ཅིའི་ཕྱིར་འདི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་གང་ཡིན་པའོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། རིས་མཐུན་པ་གཞན་དུ་ཉིང་མཚམས་སྦྱོར་བ་ནས་

བརྩམས་ཏེ། ནམ་མ་ཤི་བའི་བར་དུ་དེས་ལུས་བཟུང་བའི་ཕྱིར་རོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། སྐྱེ་བ་སོ་སོ་ནི་ལས་ཐ་དད་པའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །ལས་དེ་དང་དེས་བསྒོས་པ་དེ་ནི་ལས་ཐ་དད་པའི་ཤུགས་ཡོངས་སུ་ཟད་པའི་ཕྱིར་དང་། ལས་གཞན་

གོམས་པའི་འཇུག་པ་རྙེད་པའི་ཕྱིར་ལུས་ཀྱི་དངོས་པོ་དེ་དང་། དེའི་གནས་ཉིད་དུ་རྣམ་པར་སྨིན་ཏོ། །ནམ་མྱ་ངན་ལས་མ་འདས་ཀྱི་བར་དུ་རེ་ཞིག་འདི་རྒྱུན་ཆད་པ་ཡང་མ་ཡིན་ནོ། །བཙུན་པ་ས་སྟོན་པ་རྣམས་ཀྱི་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། དེ་གནས་ཡོངས་སུ་མ་གྱུར་

ན་སྲིད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །འོ་ན་དེའི་དམིགས་པ་དང་རྣམ་པ་གང་ཞེ་ན། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ། །ཉེ་བར་ལེན་པའི་ཕུང་པོ་གང་གི་ནང་དུ་འདུས་ཤེ་ན། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོར་རོ། །འོ་ན་འདི་ནི་རྣམ་པར་འབྱེད་པའི་མདོ་ལས་རྣམ་པར་ཤེས་པ་

ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་འབྱུང་བ་མི་འཐད་པར་འགྱུར་རོ་ཞེ་ན། ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་ཏེ། ཇི་ལྟར་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་བྱ་བ་ལྟ་བུའོ། །ཚེ་དང་ལྡན་པ་གསུས་

པོ་ཆེ་མི་དགེ་བ་ཞེས་བྱ་བ་ནི་ལུས་ཀྱི་ལས་མི་དགེ་བ་དང་། ངག་གི་ལས་མི་དགེ་བ་དང་། ཡིད་ཀྱི་ལས་མི་དགེ་བ་ཡིན་ནོ་ཞེས་བསྟན་པ་དེ་ནི་དགོངས་པ་ཅན་ཡིན་ཏེ། སེམས་པ་ནི་འདུ་བྱེད་གཙོ་བོ་ཡིན་པའི་ཕྱིར་ཏེ། ལས་ཀྱི་རང་གི་ངོ་བོ་མི་དགེ་བ་ཡིན་པར་འདི་ལས་གསུངས་པར་བཞེད་པའི་ཕྱིར་

རོ། །འདི་ཡང་དགོངས་པ་ཅན་ཡིན་ཏེ། དམིགས་པ་དང་རྣམ་པ་ཆད་པ་དང་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་དག་འདི་ལ་བརྗོད་པར་བཞེད་པའི་ཕྱིར་རོ། །དེ་ནི་དགོངས་པ་ཅན་རིགས་ཏེ། དེ་ལས་གཞན་པའི་ཆོས་དེ་དག་རྣམས་མདོ་སྡེ་གཞན་ལས་གསུངས་

เล่ม ๑๑๕ · หน้า 22b

པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གང་དག་ཏུ་ཡང་མ་གསུངས་སོ་ཞེ་ན། ཞལ་ནས་གསུངས་པ་ཕལ་ཆེར་ནུབ་ལ། གསུང་རབ་འདི་ཡང་ད་ལྟར་ནི་ཕལ་ཆེར་འཕྲོས་པ་དང་། འགྲོ་བའི་རྩ་བ་དག་ནུབ་པའི་ཕྱིར་གང་དུ་ཡང་མ་གསུངས་སོ་ཞེས་ཇི་ལྟར་ངེས་པར་བྱ་དགོངས་ཏེ་གསུངས་

པ་ཡིན་དུ་ཟིན་ཀྱང་རིགས་པས་ཀྱང་རྟོགས་པར་བྱ་སྟེ། གདོན་མི་ཟ་བར་མ་གསུངས་པ་ཡིན་ནོ་ཞེས་མ་གསུངས་པ་ཁོ་ན་དགག་པར་ནུས་པ་མ་ཡིན་ནོ། །ད་འདིར་རིགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་པ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གཞག་པར་མི་ནུས་པ་དང་། ལུས་ཟིན་པ་ཉིད་ཀྱང་

དེ་ལས་གཞན་པའི་རྣམ་པར་ཤེས་པ་ནི་ནམ་མ་ཤིའི་བར་དུ་ལུས་མཐའ་དག་ཁྱབ་པ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ཀྱི་ཉོན་མོངས་པ་ཅན་དང་། དགེ་བ་དང་ཟག་པ་མེད་པའི་སེམས་ལ་ནི་དེའི་འགྲོ་བས་བསྡུས་པ་རྣམ་པར་སྨིན་པའི་རྫས་གཞན་གཞག་པར་མི་ནུས་སོ། །

སྲིད་པའི་རྩེ་མོར་འཕགས་པའི་ལམ་དང་ལྡན་པ་རྣམས་ལ་དེའི་ས་པའི་ལུས་ཀྱི་དངོས་པོའི་རྫས་གཞག་པར་མི་ནུས་སོ། །དེའི་ས་པའི་འཕགས་པའི་ལམ་ནི་ཡོད་པ་མ་ཡིན་ནོ། །མདོ་སྡེ་ལས་ཀྱང་འགོག་པའི་སྙོམ་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་མ་འགགས་པ་ཡིན་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་ཚོགས་

ལས་མ་འདས་པ་ཡིན་ཞེས་བྱ་བའི་བར་དུ་གསུངས་ན། རྣམ་པར་ཤེས་པ་མ་འདས་པ་དེ་གང་ཞིག་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེ་ན། ཡང་ཕྱོགས་དེ་སྔར་དཔྱད་ཟིན་ཏོ། །ལུས་ལས་མ་འདས་པའོ་ཞེས་བྱ་བ་འདིའི་དོན་རེ་ཞིག་གང་ཡིན། མ་བྲལ་བ་དང་མ་ཤི་བའོ་ཞེས་བྱ་བའི་

དོན་ཏོ། །ལུས་དེ་ལས་དེ་འགགས་སུ་ཟིན་ཀྱང་ཡང་འབྱུང་བ་ཡོད་པའི་ཕྱིར་ལུས་ལས་མ་བྲལ་བར་བརྗོད་དོ་ཞེས་ཅི་སྟེ་དེ་ལྟར་མི་འདོད། གལ་ཏེ་འགགས་ན་གང་ལས་ཡང་འབྱུང་བར་འགྱུར་ཞེ་ན། ཕྱོགས་དེ་ཡང་སྔར་དཔྱད་ཟིན་ཏོ། །དེ་བས་ན་རྣམ་པར་ཤེས་པ་དེ་ནི་གཞན་ཞིག་ཡིན་པར་གདོན་

མི་ཟ་བར་ཁས་བླང་དགོས་སོ། །དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་སྟེ་དེ་དག་ནི་རིགས་པ་ཡིན་ནོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་དེ་ཉིད་ཡིན་པར་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་དང་།

เล่ม ๑๑๕ · หน้า 23a

དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་ཚིག་སོ་སོར་བརྗོད་དོ། །བཙུན་པས་སྟོན་པའི་ཆོས་མངོན་པའི་ཆོས་ཀྱི་རྣམ་གྲངས་ལས་དེ་ཉིད་བརྗོད་དོ། །དེ་ལྟར་ན་རིགས་པ་དང་། མདོ་སྡེ་དང་བསྟན་བཅོས་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་གྲུབ་པ་ཡིན་ནོ། །དེ་ཡང་སྲིད་པ་མངོན་པར་

གྲུབ་པར་བྱ་བའི་ཕྱིར་ཇི་སྲིད་དུ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་ནུས་པས་ཁྱད་པར་ཅན་སྐྱེ་བ་དེ་སྲིད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་གི་བར་དུ་རྣམ་པར་གཞག་ཅེ་ན། སྲིད་པའི་གནས་སྐབས་ལ་ཐུག་གི་བར་དུའོ། །འོ་ན་རྒྱུ་ཆེན་པོ་ཆོས་

ཀྱི་རྣམ་གྲངས་ལས་ནམ་མ་ཤིའི་བར་དུ་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ཉིད་དུ་བསྟན་ཏོ། །ཀུན་དགའ་བོ་ཁྱེའུ་འམ་བུ་མོའི་རྣམ་པར་ཤེས་པ་གལ་ཏེ་རྒྱུ་དེ་རྣམ་པར་ཞིག་པར་གྱུར་ན་དེའི་མིང་དང་གཟུགས་རྒྱས་ཤིང་འཕེལ་བ་དང་ཡངས་པར་མི་འགྱུར་རོ་ཞེས་འབྱུང་ངོ་ཞེ་ན་དེ་ནི་འདུ་བྱེད་

ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་དགོངས་ཏེ་གསུངས་པ་མ་ཡིན་གྱི། དེའི་འབྲས་བུ་མིང་དང་གཟུགས་སྐྱེས་པ་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དང་། དེ་ལས་གཞན་པའི་མིང་དང་གཟུགས་རྣམས་རྒྱུན་གྱིས་འཇུག་སྟེ། ནམ་མ་ཤིའི་བར་དུ་གཅིག་ལ་གཅིག་བསྟན་པའི་རྒྱུན་རྗེས་སུ་

འཇུག་པ་ཉིད་ཀྱི་ཕྱིར་གཅིག་ལ་གཅིག་རྐྱེན་ཉིད་དུ་བསྟན་ཏོ། །མདོ་སྡེ་འདི་ལས་ཀྱང་འདུ་ཤེས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནི་མ་འོངས་པ་ན་དེའི་འབྲས་བུ་མིང་དང་གཟུགས་མ་བྱུང་བ་འབྱུང་བའི་རྐྱེན་དུ་དགོངས་པ་སྟེ། དེ་ཅི་ཙམ་འབྲེལ་པའི་བར་དུ་དེ་རྣམ་པར་གཞག་གོ། །མིང་དང་གཟུགས་

ནི་སྐྱེ་མཆེད་དྲུག་ལ་ཐུག་གི་པར་དུ་ཡིན་གྱི། དེ་ཕན་ཆད་མ་ཡིན་ནོ། །མིང་དང་གཟུགས་དེ་སྐྱེད་ནས་ཀྱང་དེ་ལ་ཡོད་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཚེ་སྔ་མའི་ལས་ཀྱིས་འཕངས་པ་མ་འོངས་པའི་ཚེ་གཞན་གྱི་མིང་དང་གཟུགས་དེ་སྐྱེ་བར་བྱ་བའི་ཕྱིར་རྒྱུའི་དངོས་པོར་གནས་ཟེར་བ་ནི་འདུ་བྱེད་ཀྱི་

རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་ཡིན་པར་རྣམ་པར་གཞག་པ་སྟེ། དེས་བྱས་པ་འདི་སྐྱེ་བར་ནུས་པ་ནི་མ་སྤྱད་པའི་ཕྱིར་རོ། །དེ་ལྟར་ན་འདུ་བྱེད་ཤིན་ཏུ་མང་པོས་ཡོངས་སུ་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་གང་ལ་དེ་འཕེན་པར་བྱེད་པའི་འདུ་བྱེད་ཀྱིས་

เล่ม ๑๑๕ · หน้า 23b

བསྒོས་པ་དང་ལྡན་པའི་ཕྱིར་ནུས་པ་མ་སྤྱད་པ་ཡིན་ཏེ། དེའི་དོན་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་གཞག་གི་གང་དུ་ནུས་པ་སྤྱད་ཟིན་པ་ནི་མ་ཡིན་ནོ། །དེ་ལྟར་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བསྟན་ཏོ། །

ཅིའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་སྲིད་པ་བར་མ་པའི་མིང་དང་གཟུགས་རྣམ་པར་མི་གཞག་ཅེ་ན། འདུ་བྱེད་རྣམས་ནི་སྐྱེ་བའི་དབང་དུ་བྱས་ཏེ་རབ་ཏུ་འཇུག་པ་ཡིན་པའི་ཕྱིར་དང་། དེར་ཡང་རྣམ་པར་སྨིན་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །འདིར་ཡང་རྐྱེན་དང་རྐྱེན་ཅན་གཉིས་

ངེས་པ་དང་མ་ངེས་པ་གཉིས་ལ་སྐྱོན་ཡོད་དེ། གལ་ཏེ་འདུ་བྱེད་ཁོ་ན་རྣམ་པར་ཤེས་པའི་རྐྱེན་ཡིན་ན་ནི་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་ཞེས་འབྱུང་བ་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བའི་མདོ་སྡེ་དང་འགལ་བར་འགྱུར་རོ། །འོན་ཏེ་འདུ་བྱེད་ཀྱི་

རྐྱེན་གྱིས་རྣམ་པར་ཤེས་པ་ཁོ་ན་ན་ཡིན་ན་ནི། །བསོད་ནམས་རྣམས་ཀྱི་རྣམ་སྨིན་བདེ་བ་ཡིན། །ཞེས་འབྱུང་བའི་ཚིགས་སུ་བཅད་པ་དང་འགལ་བར་འགྱུར་བ་དང་། མཚུངས་པ་དེ་མ་ཐག་པ་དང་། དམིགས་པའི་རྐྱེན་དང་། ལས་གཞན་གྱི་མ་ཡིན་པར་འགྱུར་རོ། །གཉིས་ཀ་ངེས་

ན་སྐྱོན་རྣམ་པ་གཉིས་པོ་དེ་དག་ཡིན་ནོ། །མ་ངེས་ན་ནི་འཆད་པ་དོན་མེད་པར་འགྱུར་རོ་ཞེ་ན། མ་ངེས་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ། གཙོ་བོའི་རྐྱེན་འཆད་པ་ཡིན་པའི་ཕྱིར་རོ། །ཡང་སྲིད་ཀྱི་ས་བོན་ཅན་རྣམ་པར་ཤེས་པ་སྐྱེད་པ་ལ་འདུ་བྱེད་ཀྱི་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ལས་

ཀྱི་བྱེ་བྲག་གིས་དེའི་ནུས་པའི་བྱེ་བྲག་སྐྱེ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་རྣམ་པར་ཤེས་པ་རྣམ་པར་དབྱེ་བ་རྫོགས་སོ།། །།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བའི་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཞེས་རྒྱས་

པར་འབྱུང་བ་དང་། གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་ཐམས་ཅད་ཅེས་རྒྱས་པར་འབྱུང་བ་དེ་དག་ནི་ཕུང་པོ་ལྔ་སྟེ། ནུར་ནུར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། མཁྲང་པོར་གྱུར་པ་དང་། རྐང་ལག་འགྱུས་པའི་གནས་སྐབས་ནས་སྐྱེ་མཆེད་དྲུག་མ་དོད་པའི་

เล่ม ๑๑๕ · หน้า 24a

བར་དུ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། འདི་ལྟར་དེས་བསྒོས་པའི་བྱེ་བྲག་གིས་རིས་མཐུན་པ་གཞན་དུ་དེ་བྱེ་བྲག་ཅན་དུ་འགྲུབ་པར་འགྱུར་བའོ། །དེ་ལ་བདེ་བ་ལ་སོགས་པ་རྣམ་པ་གསུམ་མྱོང་བ་ནི་ཚོར་བའོ། །དམིགས་པའི་མཚན་མ་འཛིན་པ་ནི་འདུ་

ཤེས་སོ། །དེ་ལས་གཞན་པའི་སེམས་ལས་བྱུང་བ་དང་། སེམས་དང་མཚུངས་པར་ལྡན་པ་མ་ཡིན་པ་ནི་འདུ་བྱེད་དོ། །ཡུལ་ཉེ་བར་དམིགས་པ་ནི་རྣམ་པར་ཤེས་པའོ། །དེ་ལ་ཁ་ཅིག་ན་རེ་ཅུང་ཟད་ཤེས་པ་ནི་རྣམ་པར་ཤེས་པ་དེ་ཅུང་ཟད་ཟོས་པ་བཞིན་ནོ། །མི་བཟང་བའི་ཤེས་པ་ནི་རྣམ་པར་

ཤེས་པ་སྟེ། གཟུགས་ངན་པ་བཞིན་ནོ། །ཤེས་པའི་ལས་ནུས་པ་མེད་པའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། སེམས་གཡེངས་པ་བཞིན་ནོ། །ཡོངས་སུ་མ་རྫོགས་པའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ཡན་ལག་མ་ཚང་བ་བཞིན་ནོ། །མི་གསལ་བའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ཁ་ཟས་

མ་ཞུ་བ་བཞིན་ནོ་ཞེ་ན། དེ་ལྟར་འདོད་ན་ནི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཤེས་པའི་བྱེ་བྲག་ཁོ་ན་ཡིན་པར་འགྱུར་རོ། །ཤེས་པ་དང་རྣམ་པར་ཤེས་པ་གཉིས་མཚུངས་པར་ལྡན་པར་ཡང་མི་འགྱུར་རོ། །ཤེས་པ་ཞེས་བྱ་བ་སེམས་ལས་བྱུང་བའི་ཆོས་ཀྱང་འདུ་བྱེད་ཀྱི་ཕུང་པོར་བསྡུས་པར་མི་

འགྱུར་རོ། །དེ་ལྟ་བུ་ནི་གྲུབ་པའི་མཐའ་ཡང་མ་ཡིན་ནོ། །དེ་བས་ན་ཤེས་པ་ལས་རྣམ་པར་ཤེས་པ་རིགས་གཞན་ཡིན་ཏེ། དཔེར་ན་བྲེ་ལས་གཞལ་མེད་ཁང་དང་། མུ་ཏིག་གི་ཆུན་པོ་ལས་གཙུག་ལག་ཁང་ལྟ་བུའོ། །འབྱུང་བ་ཆེན་པོ་བཞི་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ཏེ།

སྲ་བ་དང་གཤེར་བ་དང་། དྲོ་བ་དང་གཡོ་བའི་མཚན་ཉིད་དོ། །རྒྱུར་བྱས་པའི་གཟུགས་ནི་མིག་དང་། རྣ་བ་དང་སྣ་དང་། ལྕེ་དང་ལུས་ཀྱི་དབང་པོ་རྣམས་སོ། །དེའི་ཡུལ་ལ་གཟུགས་དང་། སྒྲ་དང་དྲི་དང་རོ་དང་འབྱུང་བ་ཆེན་པོ་མ་རྟོག་པའི་རེག་བྱའོ། །ཡིད་ཀྱི་ཡུལ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །

འདིར་ནི་ལུས་ཀྱི་དབང་པོ་དང་གཟུགས་དང་། སྒྲ་དང་། དྲི་དང་རོ་དང་རེག་བྱའི་ཕྱོགས་གཅིག་ཡིན་པར་རིག་པར་བྱའོ། །གཟུགས་འདི་དག་དང་སྔ་མའི་མིང་གཅིག་ཏུ་མདོར་བསྡུས་ཏེ། གཉིས་གཅིག་ཉིད་དུ་སྟོན་ན་ནི་གཞན་དུ་ཚིག་སྦྱོར་བའི་རྟོག་པ་བསལ་བའི་ཕྱིར་རོ། །སྐྱེས་པའི་སྐད་ཅིག་

เล่ม ๑๑๕ · หน้า 24b

མ་ཕྱི་མ་རྣམས་ནི་མིང་དང་གཟུགས་ཉིད་ཀྱི་རྐྱེན་གྱིས་མིང་དང་གཟུགས་མ་ཡིན་ནམ། ཇི་ལྟར་དེ་དག་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ཞེ་ན། རང་གི་རིགས་སྐད་ཅིག་མ་གཞན་ཡན་ལག་གི་རྐྱེན་གྱི་དངོས་པོར་ནི་འདིར་བརྗོད་པར་བཞེད་པ་མ་ཡིན་གྱི། ཁྱད་པར་ཅན་གྱི་རྫས་གཞན་གྱི་དངོས་

པོར་བརྗོད་པར་བཞེད་པ་ཡིན་པས་དང་པོར་སྐྱེ་བ་ཉིད་ཀྱི་རྐྱེན་ཡིན་པར་བསྟན་གྱི། སྐྱེས་པའི་རྒྱུན་གྱི་རྐྱེན་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མ་རིག་པ་ཡང་མ་རིག་པའི་རྐྱེན་ཡིན་པར་བརྗོད་པར་བྱ་དགོས་པར་ཐལ་བར་འགྱུར་བ་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་རྐྱེན་ཡིན་པར་བརྗོད་པར་བྱ་

དགོས་པར་འགྱུར་ཏེ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་སྐད་ཅིག་མ་དང་པོ་ནི་འོག་མའི་རྐྱེན་ཡིན་པར་བརྗོད་པར་བྱ་དགོས་པར་འགྱུར་རོ། །ཇི་ལྟར་ཐོག་མར་ནུར་ནུར་པོར་འདུག་གོ། །ནུར་ནུར་པོ་ལས་ནར་ནར་པོར་སྐྱེའོ། །ནར་ནར་པོ་ལས་གོར་གོར་པོར་སྐྱེ་བར་འགྱུར་རོ། །གོར་གོར་པོ་ལས་མཁྲང་

པོར་འགྱུར་རོ། །མཁྲང་པོ་ལས་རྐང་ལག་སྐྱེ་བར་འགྱུར། སྐྲ་དང་སྤུ་དང་སེན་མོ་ལ་སོགས་པ་འབྱུང་ཡང་། འདིར་ནུར་ནུར་པོ་ལ་སོགས་པ་རྣམས་ནུར་ནུར་པོ་ལ་སོགས་པའི་རྐྱེན་ཉིད་ཡིན་པར་མི་བརྗོད་པ་དེ་བཞིན་དུ་འདིར་ཡང་རིགས་པར་བྱའོ། །ཅིའི་ཕྱིར་ཡང་ཕུང་པོ་བཞི་ལ་མིང་ཞེས་བྱ་ཞེ་ན།

འགྱུར་བས་ན་མིང་ཞེས་བྱ་སྟེ། དམིགས་པ་དང་རྣམ་པ་དང་རབ་ཏུ་དབྱེ་བའི་བྱེ་བྲག་གིས་རྒྱུན་མི་འཆད་པར་དེའི་རྒྱུན་ཡོངས་སུ་འགྱུར་བའི་ཕྱིར་རོ། །ཤི་སྟེ་གཟུགས་ཀྱི་ལུས་བོར་ནས་སྐྱེ་བ་གཞན་གྱི་དངོས་པོར་དེའི་རྒྱུན་ཡོངས་སུ་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་མིང་ཆེན་གྱི་མདོ་སྡེ་ལས་ཞེས་བྱ་བ་གང་དུ་

འགྲོ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འོ་ན་གང་སེམས་དང་མི་ལྡན་པའི་འདུ་བྱེད་ཚིག་བླ་དགས་མིང་ཞེས་བསྟན་པ་གཟུགས་ཞེས་བྱ་བ་དང་། སྒྲ་ཞེས་བྱ་བ་དེ་ལ་སོགས་པ་དེ་དག་དོན་གང་གིས་ཡིན་ཞེ་ན། དེ་དག་ཇི་སྐད་དུ་བསྟན་པ་འདི་འདས་པ་དང་། མ་འོངས་པའི་དམིགས་

པ་གཞན་བསྐལ་པ་རྣམས་ལ་ཡང་མིང་གིས་འདུད་པར་བྱེད་པས་མིང་ཞེས་བྱའོ། །མིག་གི་ཡུལ་ནི་གཟུགས་ཞེས་བྱ་བ་འཇིག་རྟེན་ན་གྲགས་ན། འདིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་ལ་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན། གནོད་པར་གྱུར་པ་ཡིན་ཏེ། དེ་བས་ན་གཟུགས་ཞེས་མདོ་སྡེ་

เล่ม ๑๑๕ · หน้า 25a

གཞན་ལས་བསྟན་ཏེ། གཟུགས་ཞེས་བྱ་བ་ནི་གནོད་པར་གྱུར་པ་ཞེས་བྱའོ། །ཇི་སྐད་དུ་ལྷའི་ཚིགས་སུ་བཅད་པ་ལས། ནད་པ་གཉིད་ནི་ག་ལ་ཡོད། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། ཞེས་བྱ་བ་དང་། ཇི་ལྟར་ཡང་ཕྲན་ཚེགས་ལས། འདོད་པ་སྐྱེད་པའི་ལུས་

ཅན་ཏེ། །གལ་ཏེ་འདོད་པ་ཚོལ་བྱེད་པ། །འདོད་པ་དེ་དག་མ་གྲུབ་ན། །ཟུག་རྔུས་ཟུག་པ་བཞིན་དུ་གནོད། །ཅེས་འབྱུང་ངོ་། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལ་ཅིས་གནོད་ཅེ་ན། ལག་པའི་འདུས་ཏེ་རེག་པ་ལ་སོགས་པས་གཞན་དུ་གྱུར་པར་བྱས་སོ། །གཟུགས་ན་སྤྱོད་པ་དག་ལ་ཇི་ལྟར་གནོད་

པར་འགྱུར་ཞེ་ན། དེའི་ས་པའི་མེས་སོ། །སེམས་ཅན་གྱི་གྲངས་སུ་རྟོགས་པ་ལ་དེ་བཞིན་དུ་ཉིད་ཀྱི་མེས་སོ། །མཐུ་ཁྱད་པར་ཅན་དང་ལྡན་པས་ཀྱང་གནོད་པར་ནུས་པའི་ཕྱིར་རོ། །གནོད་པར་བྱར་མེད་པ་ཡིན་ཡང་དེའི་རིགས་ཡིན་པའི་ཕྱིར་གཟུགས་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་

བཞིན་ནོ། །གཞན་དག་ན་རེ་གཟུགས་ཞེས་བྱ་བ་ནི་གགས་བྱེད་པ་ཡིན་ནོ་ཞེའོ། །ཚིགས་སུ་བཅད་པ་དེ་ཉིད་དང་མི་འབྱོར་པ་ཡིན་ནོ། །གྲང་བ་དང་དྲོ་བ་དང་། བཀྲེས་པ་ལ་སོགས་པས་ཀྱང་གགས་བྱེད་དོ་ཞེས་བྱར་མི་རུང་ངོ་། །རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་གཟུགས་ཡིན་ཞེ་ན། རྣམ་

པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་རྫས་གཞན་ནི་ཅུང་ཟད་ཡོད་པ་མ་ཡིན་གྱི། ཁས་བླངས་པ་དང་ཆོས་ཉིད་ཀྱིས་ལུས་དང་ངག་ལྡོག་པ་དང་ལྡོག་པ་མ་ཡིན་པ་ཙམ་ལ་དེ་བརྟགས་པ་ཡིན་པའི་ཕྱིར་རོ། །བརྟགས་པ་ཅན་དེ་ནི་གཟུགས་མེད་པ་ཉིད་ཡིན་ནོ། །མཚན་ཉིད་དང་ལྡན་པ་ཉིད་མ་ཡིན་ཏེ། གཟུགས་

ཡོད་པ་ལ་དེ་བརྟགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་བརྗོད་པར་བྱ་བ་མང་དུ་ཡོད་དེ། རེ་ཞིག་འདིར་ཤིན་ཏུ་འཕྲོས་པ་གཞག་གོ། །འདིའི་རྣམ་པར་ངེས་པ་ནི་ཕྱིས་བྱའོ། །ཇི་ལྟར་མིང་དང་གཟུགས་ཉིད་ཡིན་པ་བསྟན་ཟིན་ཏོ། །ཅིའི་ཕྱིར་ཕུང་པོ་ལྔ་ལ་མིང་དང་གཟུགས་ཉིད་དུ་རྣམ་

པར་གཞག་ཅེ་ན། བྱིས་པ་ཕལ་ཆེར་དེ་གཉིས་ལ་ལུས་ཅན་དང་ལུས་སུ་མངོན་པའི་ང་རྒྱལ་བྱེད་པར་བསྟན་པའི་ཕྱིར་རོ། །མིང་སྔར་སྨོས་པ་ནི་དེས་གཟུགས་བཟུང་བ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ལ་ནི་དེས་བདག་དང་བདག་གིའོ་ཞེས་བདག་གིར་བྱེད་དོ། །དེས་བཏང་ན་ཡང་བཏུལ་བར་འགྱུར་རོ། །

เล่ม ๑๑๕ · หน้า 25b

དེའི་དབང་གིས་ཀྱང་བྱ་བ་དག་ལ་འཇུག་གོ། །དེ་མེད་པར་ཡང་རིས་མཐུན་པ་བཞིན་དུ་མངོན་པར་འགྲུབ་པ་མ་ཡིན་གྱི། གཟུགས་མེད་པར་ཡང་གཟུགས་མེད་པ་དག་ཏུ་མི་མངོན་པར་འགྲུབ་པར་འགྱུར་རོ། །མིང་གི་རྒྱུན་ལ་བརྟེན་ནས་རིས་མཐུན་པ་གཞན་དག་ཏུ་སྔོན་མ་བྱུང་བའི་གཟུགས་ཀྱི་རྒྱུན་ལེན་

པར་བྱེད་ཀྱི། གཟུགས་ཀྱི་རྒྱུན་ནི་སྔོན་མ་བྱུང་བའི་མིང་གི་རྒྱུན་ལེན་པར་བྱེད་པ་མ་ཡིན་ནོ། །གང་ཡང་འབྱུང་བ་རྒྱུར་བྱས་པའི་གཟུགས་སྐྱེས་པ་དག་ཇི་ལྟར་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ཞེ་ན། གལ་ཏེ་འབྱུང་བ་དང་འབྱུང་བ་ལ་བརྟེན་པའི་གཟུགས་རྣམས་ལས་ཀྱིས་ཡོངས་སུ་བསྒོས་པའི་

རྣམ་པར་ཤེས་པ་ལ་བརྟེན་ནས་སྐྱེ་ན། འདིར་འགལ་བ་ཅི་ཡོད། འབྱུང་བ་དང་ཐ་དད་པ་མེད་པར་དེ་སྐྱེ་བ་ན་འབྱུང་བ་ལས་གྱུར་པ་ཞེས་བྱ་སྟེ། དེ་འཛིན་པ་དང་། འཕྲོག་པ་དང་། ཡོངས་སུ་གྱུར་ན་དེ་འཛིན་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་ནི་རེ་ཞིག་རིགས་གྲང་ན།

མཚན་ཉིད་མི་མཐུན་པ་དག་རྣམ་པར་ཤེས་པ་ལས་ཇི་ལྟར་སྐྱེ་ཞེ་ན། འདི་ནི་བརྒལ་དུ་མེད་པ་ལ་རྒོལ་བ་ཡིན་ཏེ། འཇིག་རྟེན་དང་བསྟན་བཅོས་ལས་ཀྱང་མཚན་ཉིད་མི་མཐུན་པའི་རྒྱུ་ལས་ཀྱང་འབྲས་བུ་འབྱུང་བ་དེ་དག་གྲུབ་པ་ཡིན་ནོ། །རེ་ཞིག་འཇིག་རྟེན་ན་དབང་པོ་དང་དོན་གཉིས་ལས་བདེ་བ་དང་། སྡུག་

བསྔལ་སྐྱེ་བ་དང་། བརྡབས་པ་ལས་སྒྲ་དང་། རྭ་ལས་འདམ་བུ་དང་། མེ་དང་ཤིང་ལས་དུ་བ་དང་། རྡོ་ཐལ་དང་ཆུ་ལས་མེ་དང་། ཀླུའི་སེམས་ཀྱི་མཐུས་ཆུ་དང་དེ་ལ་སོགས་པའོ། །བསྟན་བཅོས་ལས་ཀྱང་ཤཱཀྱའི་སྲས་རྣམས་ཀྱི་གཟུགས་མེད་པ་ལས་ཀྱང་སྐྱེ་སྟེ། ཏིང་ངེ་འཛིན་

གྱི་བྱེ་བྲག་ལས་ལྷའི་མིག་དང་རྣ་བ་དང་། སྤྲུལ་པའི་སེམས་ལས་སྤྲུལ་པ་དང་། རླུང་གི་སྟོབས་འཆང་བ་ལ་སོགས་པ་རྩེ་བར་མངོན་པར་དགའ་བ་ལས་རླུང་དང་ཆར་ལ་སོགས་པ་དང་། ཀླུའི་སེམས་ཀྱི་མཐུས་ཆུའོ། །གཟུགས་ལས་ཀྱང་གཟུགས་མེད་པ་སྐྱེ་བ་ནི་མིག་ལ་སོགས་པ་ལས་

རྣམ་པར་ཤེས་པའི་ཚོགས་ལྔ་མཚུངས་པར་ལྡན་པ་དང་བཅས་པའོ། །མཚན་ཉིད་མི་མཐུན་པ་ལས་ཀྱང་ཡིན་པ་ནི་དགེ་བ་དང་། མི་དགེ་བ་ལས་ལུང་དུ་མ་བསྟན་པ་དང་། ལུང་དུ་བསྟན་པ་ལས་ཀྱང་སྐྱེ་བ་དང་། མི་དགེ་བ་དང་། འདོད་མ་ཆགས་པ་ལས་འདོད་ཆགས་སྐྱེ་བ་དང་། འདོད་ཆགས་

เล่ม ๑๑๕ · หน้า 26a

ལས་ཀྱང་འདོད་མ་ཆགས་ཏེ། དེ་ལ་སོགས་པའོ། །གྲངས་ཅན་པའི་བསྟན་བཅོས་ལས་ཀྱང་དེའི་བདག་ཉིད་མ་ཡིན་པའི་ཆེན་པོ་འམ་ངའོ་སྙམ་པ་ལས་ཀྱང་སྒྲ་དང་། རེག་པ་དང་། རོ་དང་གཟུགས་དང་དྲིའོ། །བྱེ་བྲག་པ་དག་ལ་ཡང་རིགས་མི་མཐུན་པ་རྫས་དང་ལས་གཉིས་

ལས་ཡོན་ཏན་སྐྱེ་བ་དང་། རྫས་དང་ཡོན་ཏན་ལས་ཀྱང་ལས་སོ། །བདག་དང་དབང་པོ་དང་ཡིད་དོན་འདུས་པ་ལས་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །བྷ་ར་ཏ་ལས་ཀྱང་ཚངས་པའི་ཡིད་ལས་བུ་བདུན་ཞེས་བྱ་བ་དང་། རིག་བྱེད་ལས་ཀྱང་སྐྱེ་དགུའི་བདག་པོ་འདོད་པ་མེད་པར་སྐྱེ་དགུ་རྣམས་

བྱས་པ་དང་། དེའི་དཀའ་ཐུབ་ཀྱིས་གདུངས་ནས་སྤྲུལ་པ་བྱས་སོ་ཞེས་བྱ་སྟེ། ཅི་ཞེ་ན་སྤྲུལ་པ་ནི་དེ་འདོད་པ་དང་དཀའ་ཐུབ་གཉིས་ཀྱི་མཚན་ཉིད་དང་བཅས་པ་ཅན་ཡིན་ནོ། །དེ་བས་ན་འཇིག་རྟེན་དང་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཕྱིར་བརྒལ་དུ་མེད་པ་དག་ཡིན་ནོ། །ཇི་ལྟར་མཚན་ཉིད་མི་

མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་བ་ཡིན་དེ་ལྟ་ན་ནི་ཐམས་ཅད་ལས་ཐམས་ཅད་ཅིའི་ཕྱིར་མི་འབྱུང་ཞེ་ན། དཔེ་དེ་དག་ཉིད་ཀྱིས་རེ་ཞིག་མཚན་ཉིད་མི་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་ཡང་ཐམས་ཅད་ལས་ཐམས་ཅད་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་དེ་དག་གྲུབ་པ་ཡིན་ན་འདི་ལ་དྲི་བར་བྱ་ཅི་དགོས། ཆོས་

ཉིད་ཀྱིས་གང་དངོས་པོ་ཐ་དད་པའི་ཆོས་དེ་དག་ནི་ནུས་པ་ཐ་དད་པ་ཡོད་པ་ཡིན་ནོ། །དེ་བས་ན་དེ་གཉིས་ཀས་ཀྱང་བརྒལ་དུ་མེད་དོ། །འདིར་ཡང་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་མ་ངེས་པ་ལ་སྐྱོན་ཡོད་དེ། གལ་ཏེ་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་གྱིས་མིང་དང་གཟུགས་ཡིན་ན་ནི་དགའ་བའི་ཀུན་འབྱུང་བ་

ལས་ཀྱང་གཟུགས་ཀུན་འབྱུང་བ་དང་། རེག་པའི་ཀུན་འབྱུང་བ་ལས་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་ཀུན་འབྱུང་བ་དང་། མིང་དང་གཟུགས་ཀུན་འབྱུང་བ་ལས་རྣམ་པར་ཤེས་པ་ཀུན་འབྱུང་བ་ཞེས་བྱ་བའི་མདོ་སྡེ་དང་འགལ་བར་འགྱུར་རོ། །འོན་ཏེ་མིང་དང་གཟུགས་ཁོ་ན་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ན་ནི་རྫུས་ཏེ་བྱུང་

བ་རྣམས་ལས་ལོགས་ཤིག་ནི་མིང་དང་གཟུགས་མེད་པའི་ཕྱིར་སྐྱེ་མཆེད་དྲུག །རྣམ་པར་ཤེས་པའི་རྐྱེན་གྱིས་མ་ཡིན་པར་འགྱུར་རོ། །རྣམ་པར་ཤེས་པའི་ཡན་ལག་ལ་ཡང་གསུམ་འདུས་པ་ལས་རེག་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་གཉིས་ཀ་ངེས་པ་ཡིན་ན་ནི་རྣམ་པ་གཉིས་པོ་དེ་དག་ཉིད་སྐྱོན་དུ་འགྱུར་རོ། །

เล่ม ๑๑๕ · หน้า 26b

འོན་ཏེ་མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་རོ། །འདིར་ངེས་པ་ཡང་མེད་ལ་ངེས་པ་མེད་པའི་སྐྱོན་ཡང་མེད་དེ། གཙོ་བོའི་རྐྱེན་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་གྲངས་ཤེས་པ་ནི་མིང་དང་གཟུགས་ཀྱི་གཙོ་བོའི་རྐྱེན་ཡིན་ཏེ། དེའི་བྱེ་

བྲག་གིས་རིས་མཐུན་པ་དེ་དག་ཐ་དད་པའི་ཕྱིར་རོ། །འབྲས་སཱ་ལུ་དང་། ནས་ལ་སོགས་པའི་མྱུ་གུ་ཐ་དད་པ་ནི་ས་བོན་གཙོ་བོར་གྱུར་པ་བཞིན་ནོ། །འདིར་ཡང་སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པ་བརྗོད་པར་བཞེད་པས་འདིར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་གཙོ་བོ་ཡང་རྣམ་པར་

ཤེས་པ་མ་ཡིན་ནོ། །མདོ་སྡེ་འདི་ལས་ཡན་ལག་རེ་རེ་རྣམ་པར་གཏན་ལ་དབབ་པའི་ཟླ་ལ་གསུང་རབ་མཐའ་དག་བླངས་ཏེ་བཤད་པར་ནུས་ཤིང་། ཁྱད་པར་དུ་ན་མིང་དང་གཟུགས་ཀྱི་ཡང་ནུས་མོད་ཀྱིས་ཤིན་ཏུ་སྤྲོས་པས་ཆོག་གོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་མིང་དང་གཟུགས་

རྣམ་པར་དབྱེ་བའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བའི་སྐྱེ་མཆེད་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་སྟེ་ཞེས་རྒྱས་པར་འབྱུང་བ་ནི་དྲུག་ཉིད་སྐྱེ་མཆེད་ཡིན་པས་སྐྱེ་མཆེད་དྲུག་སྟེ། ཇི་ལྟར་ས་གསུམ་དང་འབྲས་བུ་དང་ཚ་བ་གསུམ་ལྟ་བུའོ། །འདི་དག་ལ་བདག་

ཏུ་ང་རྒྱལ་སྐྱེད་པར་བྱེད་པས་བདག་ནི་སོ་སོའི་ལུས་དང་སེམས་ཀྱི་རྒྱུན་ཡིན་ཏེ། དེའི་དབང་དུ་བྱས་པ་ཡིན་པས་ནང་ཞེས་བྱའོ། །དེར་བྱུང་བའི་སྐྱེ་མཆེད་གང་ཡིན་པ་དེ་ནི་ནང་གི་ཞེས་བྱ་སྟེ། རྒྱུ་མཚན་གྱི་བདུན་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། གཞན་གྱི་རྣམ་པར་

ཤེས་པའི་རྒྱུན་དང་ཐུན་མོང་ཡིན་པའི་ཕྱིར་རོ། །ཡང་ན་ནང་ཉིད་ནང་གི་ཡིན་ཏེ། རྣམ་པར་གདུལ་བར་བྱ་བ་ལ་སོགས་པ་བཞིན་ནོ། །བདག་གི་དགྲ་ལྷག་པར་སྔར་བྱས་པའམ། དེའི་དོགས་པ་ཡིན་པ་ནི་ནང་གིའོ། །ཕྱི་རོལ་ནི་དེ་ལས་གཞན་ཡིན་ནོ། །འབྱུང་བའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏེ།

ཇི་སྐད་དུ་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་གསུངས་སོ། །གཞན་དག་ན་རེ་སྒོའི་དོན་ཡིན་ཏེ། ཇི་སྐད་དུ། ཚངས་པ་མིག་ནི་སྒོ་ཡིན་ཏེ། །གཟུགས་རྣམས་མཐོང་བར་བྱ་བའི་ཕྱིར། །ཞེས་བྱ་བའི་བར་དུ་གསུངས་སོ་ཞེའོ། །དེ་དག་གི་ཕྱི་རོལ་རྣམས་གང་གི་སྒོ་ཡིན་པ་

เล่ม ๑๑๕ · หน้า 27a

བརྗོད་པར་བྱ་དགོས་སོ། །གཞན་དག་ན་རེ་གནས་ཀྱི་དོན་ཡིན་ཏེ་ལྷའི་སྐྱེ་མཆེད་བཞིན་ནོ་ཞེའོ། །མིག་གཉིས་ལས་རྣམ་པར་ཤེས་པ་གཅིག་སྐྱེ་ན་དེའི་གནས་གང་ཡིན། གཉིས་ཀ་ཡིན་ནོ་ཞེ་ན། བར་ན་དེ་མེད་པའི་ཕྱིར་རྣམ་པ་གཉིས་སུ་འགྱུར་རོ། །ཡང་

ན་དེ་ཡང་དེའི་གནས་ཡིན་ནོ། །གཉིས་ཀ་ལས་གཅིག་སྐྱེ་བ་མ་ཡིན་ནོ་ཞེ་ན། ཡང་མི་རུང་སྟེ། གཉིས་ཀྱིས་ཤིན་ཏུ་གསལ་བར་སྐྱེ་བའི་ཕྱིར་རོ། །མིག་ཕྱེ་བ་དང་ཕྱེད་བཙུམས་པ་གཉིས་ཀྱིས་ཅིག་ཅར་ཟླ་བ་གཉིས་ལ་སོགས་པ་མཐོང་བར་མི་འགྱུར་རོ། །ཇི་ལྟར་མིག་གཉིས་ཀ་ཕྱེ་བ་དང་

གཉིས་ཀ་ཕྱེད་བཙུམས་པས་ཅིག་ཅར་མ་ཡིན་པ་བཞིན་ནོ། །ཕྱི་རོལ་གྱི་ཟིན་པ་རྣམས་ཀྱང་། ཇི་ལྟར་གནས་ཉིད་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་དང་དུས་མི་མཚུངས་པའི་ཡིད་དང་ཆོས་གཉིས་ཀྱང་ཇི་ལྟར་གནས་ཉིད་ཡིན། ལྷའི་གནས་བཞིན་དུ་མིག་ལ་སོགས་པ་ནི་གནས་ཉིད་

མ་ཡིན་ཏེ། ལུས་ཅན་མ་ཡིན་ཞིང་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱིས་གནས་རྣམ་པར་གཞག་པར་ནུས་པ་མེད་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་དགུ་བརྒྱ་ལས་མིག་གི་རྣམ་པར་ཤེས་པ་ལས་བརྩམས་ཏེ། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་གནས་པ་མེད། །

གང་ལ་དེ་ནི་གནས་གྱུར་པ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་གསུངས་སོ། །ཀུན་མཁྱེན་གྱིས་ནི་རྣམ་པར་ཤེས། །དེ་ཕྱིར་སྒྱུ་མ་ལྟ་བུར་བསྟན། །བྱིས་པ་གང་ཞིག་བདག་ཏུ་འཛིན། །རྣམ་པར་གཡོས་པས་གཟུང་བ་ཡིན། །ཞེས་བྱ་བ་ཡིན་ནོ། །འོ་ན་བདག་གི་གླད་པར་ཚོར་རོ། །

བདག་གི་གླད་པའི་ཆེད་དུ་ཚོར་རོ་ཞེས་བྱ་བ་འདི་ཇི་ལྟར་ཡོངས་སུ་གཅོད་ཅེ་ན། ལུས་ཀྱི་ཕྱོགས་དེ་དག་ནི་དེ་ཡོད་པའི་ཡུལ་ལས་དེ་སྐྱེ་བའི་ཕྱིར་རོ། །འདི་ནི་དེ་ལྟ་བུ་ཁོ་ན་ཡིན་ཏེ། གང་ཞིག་ལུས་ཀྱི་ཕྱོགས་ཡོངས་སུ་མ་བཟུང་བར་ཚོར་བའི་རང་བཞིན་ཡོངས་སུ་གཅོད་པ་མེད་

དོ། །དེ་བས་ན་ལྷའི་གནས་བཞིན་དུ་གནས་ཀྱི་དོན་ནི་སྐྱེ་མཆེད་ཀྱི་དོན་མ་ཡིན་ནོ། །རྒྱུ་ལ་ཡང་གནས་ཞེས་བྱ་སྟེ། ཇི་སྐད་དུ་ཚིགས་སུ་བཅད་པ་ལས། རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ནི་གནས་ཀྱི་དོན་ནི་

เล่ม ๑๑๕ · หน้า 27b

སྐྱེ་མཆེད་ཀྱི་དོན་ཡིན་ནོ་ཞེས་བྱ་བ་དང་། འབྱུང་བའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཡིན་ནོ་ཞེས་གང་སྨྲས་པ་དེ་དག་རུང་བ་ཡིན་ནོ། །ངེས་པའི་ཚིག་ཏུ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་དེ། དེ་སྐྱེ་བའི་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལས་

གཟུགས་དང་སྒྲ་དང་། དྲི་དང་རོ་དང་། རེག་བྱ་ཡུལ་གཟུགས་དང་བའི་བྱེ་བྲག་མིག་ལ་སོགས་པ་ལྔ་གོ་རིམས་བཞིན་ནོ། །ཅིའི་ཕྱིར་འདི་ལས་རེག་བྱ་ཡུལ་དང་བྱ་བའི་བྱེ་བྲག་ནི་ལུས་ཞེས་བྱ་ཞེ་ན། ལུས་ལ་ཁྱབ་པ་ཉིད་ཀྱི་ཕྱིར་དང་། རྡུལ་ཕྲ་མོ་བསྩགས་པའི་བྱེ་བྲག་ཅན་ཡིན་པའི་ཕྱིར་རོ། །གང་

གི་ཚེ་ལུས་ཀྱི་ཚོར་བ་ཞེས་སྟོན་པ་དེའི་ཚེ་ནི་ལྔ་ལ་ཡང་མིང་ལུས་ཞེས་བྱ་སྟེ། རེ་རེ་ལ་ཡང་རྡུལ་ཕྲ་མོ་བསྩགས་པ་ཡིན་པའི་ཕྱིར་དང་། ལུས་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །གནས་པ་ཡང་གནས་འདོགས་པ་ཡང་ཡོད་དོ། །ཁྱེའུ་སྨྲ་བ་དང་། རི་འཛག་པ་དང་། བྱམས་པ་དང་ལྡན་པའི་

སེམས་ཀྱིས་ཕྱོགས་གཅིག་ལ་མོས་པར་བྱས་ཏེ་ཞེས་བྱ་བ་ལྟ་བུའོ། །ཡིད་ཀྱི་སྐྱེ་མཆེད་ནི་ཕུང་པོའི་ནང་དུ་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ། །ཁམས་ཀྱི་ནང་དུ་ནི་ཡིད་ཀྱི་ཁམས་དང་རྣམ་པར་ཤེས་པའི་ཁམས་དྲུག་གོ། །དེ་དག་ལས་གཞན་གང་ཞིག་ཡིད་ཀྱི་ཁམས་ཡིན་

ཞེ་ན། གཞན་ནི་གང་ཡང་མེད་ཀྱི། དེ་དག་གང་ཡིན་པ་ཉིད་གང་གི་དེ་མ་ཐག་པའི་རྐྱེན་བྱེད་པ་དེའི་དབང་དུ་བྱས་ཏེ། ཡིད་ཀྱི་ཁམས་སུ་རྣམ་པར་གཞག་སྟེ། རྣམ་པར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་བཤད་ཟིན་ཏོ། །དེ་ལྟ་ཡིན་དུ་ཟིན་ཀྱང་འོན་ཀྱང་

མིང་དང་གཟུགས་ཀྱི་སྐྱེ་མཆེད་དྲུག་ཡོད་པ་མ་ཡིན་ན། ཇི་ལྟར་སྤྲིན་གྱི་རྐྱེན་གྱིས་ཆར་པ་དང་། མེ་ཏོག་གི་རྐྱེན་གྱིས་འབྲས་བུ་དང་། ནུར་ནུར་པོ་ལ་སོགས་པའི་རྐྱེན་གྱིས་ནར་ནར་པོ་ལ་སོགས་པ་ལྟ་བུར་ཇི་ལྟར་དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ཞེ་ན། སྐྱེ་མཆེད་དྲུག་ཐམས་ཅད་ཀྱི་དང་པོ་ནི་མིང་

དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་ངེས་པར་བྱའོ། །མིང་དང་གཟུགས་ཐམས་ཅད་སྤྲིན་ལས་ཆར་པ་ལ་སོགས་པ་བཞིན་དུ་སྐྱེ་མཆེད་དྲུག་གི་རྐྱེན་མ་ཡིན་ནོ། །གང་གི་ཚེ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནས་བརྩམས་ཏེ་མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་

เล่ม ๑๑๕ · หน้า 28a

མཆེད་ཡོད་པ་ཁོ་ན་ཡིན་ན། ཇི་ལྟར་དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ཞེ་ན། མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་སྦྱར་ཏེ། མིག་ལ་སོགས་པ་མངོན་པར་གྲུབ་པའི་གནས་སྐབས་ན་ནི་གནས་པ་ཡོངས་སུ་རྫོགས་པའི་

ཕྱིར་ལུས་ཀྱི་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཡིན་ཏེ། བཞི་པོ་དེ་དག་ལ་གནས་པ་ཡིན་པའི་ཕྱིར་དང་། དེ་དང་འབྲེལ་པར་འཇུག་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཡང་ཡིན་ཏེ། གནས་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྣམ་པར་ཤེས་པ་དྲུག་གིས་བསྡུས་པ་

ཡིད་ཀྱི་སྐྱེ་མཆེད་ཀྱི་གནས་ནི་དེའི་ཚེ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་མ་བསྟན་ན་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། སྐྱེ་མཆེད་བཞིའི་སྐབས་ཡིན་པའི་ཕྱིར་དང་། རེག་པའི་གནས་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་པའི་ཕྱིར་རོ། །རེག་

པ་གང་ཞེ་ན། རེག་པའི་ཚོགས་དྲུག་གོ་ཞེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་བས་ན་མདོར་བསྡུས་ཏེ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་བྱ་བ་འདི་ངེས་པར་བརྗོད་པར་བྱ་དགོས་ཏེ། མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཉིད་ཡིན་པའི་

ཕྱིར་རོ། །གནས་ཡོངས་སུ་རྫོགས་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པ་ཡང་ཇི་ལྟར་སྐྱེ་མཆེད་དྲུག་རྣམ་པར་ཤེས་པ་དྲུག་གི་གནས་ཡིན་ཞེ་ན། གཙོ་བོའི་རྒྱུ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ། །ཁ་ཅིག་རྟོག་པ་མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་ཡོད་ཀྱང་

ལུས་ཀྱི་སྐྱེ་མཆེད་མ་ཡིན་ལ། ཡིད་ཡོད་ཀྱང་ཡིད་ཀྱི་སྐྱེ་མཆེད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རེག་པའི་གནས་ནི་སྐྱེ་མཆེད་ཅེས་བྱ་བ་ཡིན་ན། རེག་པ་ནི་དེའི་ཚེ་ཡོད་པ་མ་ཡིན་ནོ། །དེ་ག་ལས་ཤེ་ན། མདོ་སྡེ་འདི་ཉིད་ལས་ཇི་སྐད་དུ་མིང་དང་གཟུགས་ཀྱི་རྐྱེན་གྱིས་འདིར་ཆད་

དམ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་གསུངས་པ་ཡིན་ནོ་ཞེ་ན། དེ་ནི་ཁུངས་སུ་མི་རུང་སྟེ། གསུངས་པ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་རེག་པ་མེད་པར་གྱུར་ན་ཚོར་བ་ལ་སོགས་པ་མེད་པར་འགྱུར་རོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด