རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๕ · หน้า 61b

༄༅༅། །རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །གང་ལ་དག་མངའ་ཕྱི་ནས་རྣམ་པར་སྦྱང་བྱ་མེད། །དེ་ནི་འཇིག་རྟེན་མགོན་ཏེ་འཇིག་རྟེན་མཐར་འབྱིན་པ། །སྐྱེ་དགུ་རྣམས་ཀྱི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱང་དེ་དག་ཉིད་ཀྱིས་ཇི་བཞིན་བསྟན་པ་ནི། །ཞི་བའི་གནས་དང་ལམ་

དང་ལམ་གྱི་ཆེད་དུ་བྱས། །གང་ཞིག་རབ་ཏུ་རྟོགས་པས་ས་གསུམ་འདི་དག་ཏུ། །འཁོར་ལོ་བཞིན་དུ་འགྲོ་བ་འདི་དག་འཁོར་བ་མེད། །ཆོས་དེ་དག་ལ་གནས་པའི་འཕགས་པའི་དགེ་འདུན་ནི། །ཆགས་དང་ཚོགས་དག་ལས་ནི་ཤིན་ཏུ་འདས་གྱུར་ནས། །ཡན་ལག་བཅུ་དང་ཡན་ལག་བརྒྱད་དང་དབྱེ་

བ་བརྒྱད། །ལམ་གྱི་འབྲས་བུ་འབྲས་བུས་ཀྱང་ནི་དེ་དག་རྣམས། །འདི་དག་གི་འགྲེལ་པ་ནི་མདོའི་དོན་བཤད་པ་རྩོམ་པའི་ཚེ་ཕྱིས་བཤད་པར་བྱའོ། །དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་ནི་བསྟོད་པ་དང་ཕྱག་འཚལ་བ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྟོན་པ་པོ་དང་བསྟན་པ་དང་སློབ་མའི་

ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་པས། མདོ་སྡེ་འདི་ལ་གུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། ཁ་ཅིག་དག་ལ་དེ་བསྟན་པ་བྱས་པ་དང་། དེ་ལ་ཞུགས་པ་དང་དེ་ལ་བརྟེན་པའི་ཕྱིར་ཏེ། འདིར་ཚིགས་སུ་བཅད་པས་དཀོན་མཆོག་གསུམ་ལ་མཆོད་པ་བརྗོད་པའི་སྒོ་ནས་གླེང་བསླང་བ་ཡིན་ནོ་ཞེས་འབྲེལ་པ་བསྟན་ཏོ། །

མཆོད་པ་བརྗོད་པ་ཡང་མདོ་སྡེ་འདི་ལ་གུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། ཁ་ཅིག་དག་ལ་ཞེས་སྨོས་པ་ཡིན་པའི་ཕྱིར་དགོས་པ་དང་བཅས་པ་ཡིན་པར་བསྟན་ཏོ། །གུས་པའི་ཁྱད་པར་བསྐྱེད་པ་ཡང་གུས་པས་མཉན་པར་བྱ་བའི་ཕྱིར་རོ། །གུས་པས་མཉན་པ་ཡང་ཕྱིན་ཅི་མ་ལོག་པར་གཟུང་བའི་ཕྱིར་རོ། །

ཕྱིན་ཅི་མ་ལོག་པར་དོན་བཟུང་བ་ཡང་མཉན་པ་དང་། བསམ་པ་དང་། བསྒོམ་པའི་རིམ་པ་དང་། མཐོང་བ་དང་བསྒོམ་པའི་རིམ་གྱིས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །ཁ་ཅིག་དག་ལ་ཞེས་སྨོས་པ་ནི་སྐྱོབ་པ་རབ་ཏུ་གྲུབ་པའི་གང་ཟག་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །དེ་བསྟན་

เล่ม ๑๑๕ · หน้า 62a

པ་བྱས་པའི་ཕྱིར་ཞེས་བྱ་བ་ནི་དེ་བསྟན་པ་བྱས་པ་ཉེ་བར་ལེན་པ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། བསྟན་པ་བྱས་པ་ནི་བསྟན་ཟིན་པ་དང་དོན་མཐུན་པའི་ཕྱིར་རོ། །དེ་ལ་ཞུགས་པའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་འདི་ལ་བསྟན་ཅིང་བསླབས་པའི་ནང་དུ་ཆུད་པའི་ཕྱིར་རོ། །དེ་ལ་བརྟེན་པའི་ཕྱིར་ཞེས་

བྱ་བ་ནི་སློབ་མ་བསྟེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། བསྟན་པ་ནི་གོམས་པར་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་ཀྱི་སློབ་མ་རྣམས་མྱ་ངན་ལས་འདས་པའི་འབྲས་བུ་དོན་དུ་གཉེར་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་བསྟན་པ་ནི་མཉན་པ་དང་། བསམ་པ་དང་། བསྒོམ་པའི་

ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་ལ་བསྟོད་པས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །ཅེས་བྱ་བའི་ཚིག་གིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་ཡེ་ཤེས་ཡིན་

པའི་ཕྱིར་རོ། །གང་ལ་དག་མངའ་ཕྱི་ནས་རྣམ་པར་སྦྱང་བྱ་མེད། །ཅེས་བྱ་བའི་ཚིག་གིས་ནི་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། བག་ལ་ཉལ་དང་ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ནི་འཇིག་རྟེན་མགོན་ཏེ་ཞེས་བྱ་བ་འདིས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་ཡིན་ཏེ། །འཇིག་

རྟེན་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་ཏེ། ཐུགས་རྗེ་ཅན་ནི་འཇིག་རྟེན་པའི་མགོན་དུ་གྱུར་པ་ཡིན་ནོ། །འཇིག་རྟེན་མཐར་འབྱིན་པ་ཞེས་བྱ་བའི་ཚིག་འདིས་ནི་མི་ཟད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། འཇིག་རྟེན་གྱི་མཐའ་གཏུགས་པར་བཞུགས་པའི་ཕྱིར་རོ། །

འཇིག་རྟེན་མཐར་ཕྱིན་པ་ཞེས་བྱ་བའི་སྒྲས་འདིར་འཇིག་རྟེན་གྱི་མཐའ་གཏུགས་པར་བསྟན་པ་ཡིན་གྱི་འཇིག་རྟེན་གྱི་མཆོག་ལ་བྱ་བ་མ་ཡིན་ཏེ། གང་གིས་འཇིག་རྟེན་མཐར་འབྱིན་པ་དེ་འཇིག་རྟེན་མཐར་འབྱིན་པ་ཞེས་བྱ་སྟེ། མཐའི་སྒྲ་ནི་འདིར་གཞི་ལ་སྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་དགེ་བ་དང་སྡིག་པ་

མེད་པ་ཡིན་ནོ། །གཞན་དུ་ན་ནི་འཇིག་རྟེན་མཐར་ཕྱིན་པ་ཞེས་བཤད་པར་འགྱུར་རོ། །སྐྱེ་དགུ་རྣམས་ཀྱི་གཙོ་ཞེས་བྱ་བའི་ཚིག་འདིས་ནི་མཚུངས་པ་མེད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཇི་སྐད་དུ། ཡོན་ཏན་ཕུན་སུམ་ཚོགས་པ་དང་སྐྱེས་

เล่ม ๑๑๕ · หน้า 62b

བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། མ་བསྟན་པ་མཁྱེན་པ་དང་། འབད་པ་མེད་པར་མཁྱེན་པའོ། །དེ་ལ་ཐམས་ཅད་མཁྱེན་པ་ནི་ཤེས་བྱ་མཐའ་ཡས་

པའི་རང་གི་མཚན་ཉིད་རྟོགས་པའི་དོན་གྱིས་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་དང་འགྲོ་བ་དང་མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་

པ་དང་། ལམ་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་། ཐོགས་པ་དང་བཅས་པ་ལ་སོགས་པའི་རྣམ་པ་ཐུགས་སུ་ཆུད་པའི་དོན་གྱིས་ཡིན་ནོ། །མ་བསྟན་པར་མཁྱེན་པ་ནི་རང་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་གྱིས་ཡིན་ནོ། །འབད་པ་མེད་པར་མཁྱེན་པ་ནི་རྩོལ་

བ་མི་མངའ་བ་ཉིད་ཀྱི་ཕྱིར་ཏེ། བཞེད་པ་ཙམ་ལ་རག་ལུས་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་

ཡིན། འབད་པ་མེད་པར་ཤེས་པ་མ་ཡིན་ནོ། །མ་བསྟན་པར་མཁྱེན་པ་ཕུན་སུམ་ཚོགས་པ་ནི་ཉན་ཐོས་ཁོ་ན་དང་ཐུན་མོང་མ་ཡིན་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་བྱས་ན་ཉན་ཐོས་ནི་ཐམས་ཅད་ཤེས་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་ཡིན་འབད་པ་མེད་པ་མ་ཡིན། མ་བསྟན་པར་མ་ཡིན་ནོ། །

རང་སངས་རྒྱས་ནི་ཐམས་ཅད་ཤེས་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་ཡིན། འབད་པ་མེད་པར་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན། རྣམ་པ་ཐམས་ཅད་དང་། མ་བསྟན་པ་དང་། འབད་པ་མེད་པར་ཡང་མཁྱེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་

པའི་དོན་གྱིས་ཡེ་ཤེས་སྟོབས་ཅན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་ནོ་ཞེས་བཤད་དོ། །དེ་ཡང་དམིགས་པའི་བྱེ་བྲག་གིས་ནི་སྟོབས་བཅུ་ཡིན་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་

เล่ม ๑๑๕ · หน้า 63a

ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་།

འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་འཇིགས་པ་མི་མངའ་བའི་དོན་གྱིས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཡིན་ཏེ། སྟོབས་རྣམ་པར་སྤྲོས་པ་ནི་མདོ་སྡེའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །སྤངས་པ་ཕུན་

སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ལ་ཉལ་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་མཐོང་བ་དང་བསྒོམ་པས་སྤང་

བར་བྱ་བའི་ཉོན་མོངས་པ་སྤངས་པར་རིག་པར་བྱའོ། །གཏན་དུ་སྤངས་པ་ནི་ཡོངས་སུ་མི་ཉམས་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་ནི་གང་འཕགས་པའི་ཤེས་རབ་ཀྱིས་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཉིད་ཚིག་གི་རྒྱན་གྱི་སྒོ་ནས་གནས་བརྟན་རྟ་དབྱངས་ཀྱིས་ཀྱང་།

ས་ནི་བསྲེགས་ནའང་དེ་ནས་ཡང་ཡང་སྐྱེ། །ཤིང་ནི་བཅད་ན་ཡང་ལོ་མ་སྐྱེ་བར་འགྱུར། །ཆུ་ནི་སྐམས་ནའང་ཀླུང་ནི་འབབ་འགྱུར་གྱི། །ཤེས་རབ་མཚོན་གྱིས་ཁྱོད་སྐྱོན་བཅད་འབྱུང་མེད། །ཅེས་སྨྲས་སོ། །བག་ཆགས་དང་བཅས་ཏེ་སྤངས་པ་ནི་ཉོན་མོངས་པའི་བྱ་བ་བྱེད་པ་རྗེས་སུ་འཇུག་པའི་འདུ་བྱེད་སྤངས་པའི་

ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་ཡོན་ཏན་ཁྱད་པར་ཅན་མ་ལུས་པ་མངོན་པར་བསྒྲུབ་པའི་གེགས་སུ་གྱུར་པ་སྟེ། ཉེ་བའི་ཉོན་མོངས་པ་དང་མི་ཤེས་པ་སྤངས་པའི་ཕྱིར་རོ། །འདིར་མུ་བཞིར་འགྱུར་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ལ་གཏན་དུ་སྤངས་པ་མ་ཡིན་པ་ཡང་

ཡོད་དེ། །དཔེར་ན་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལྟ་བུའོ། །གཏན་དུ་སྤངས་པ་ཡིན་ལ་ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཐོག་མའི་འབྲས་བུས་བསྡུས་པའི་སྤངས་པ་ལྟ་བུའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་གཏན་དུ་སྤངས་པ་ཡིན་པ་ཡང་ཡོད་དེ།

เล่ม ๑๑๕ · หน้า 63b

དཔེར་ན་མི་འཁྲུགས་པའི་ཆོས་ཅན་གྱི་ལྟ་བུའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་གཏན་དུ་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་འཇིག་རྟེན་པའི་སྤངས་པ་ལྟ་བུའོ། །རེ་ཞིག་གང་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡིན་ལ་བག་ཆགས་དང་བཅས་ཏེ་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་

ན་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ལྟ་བུའོ། །དེ་བཞིན་དུ་གང་བག་ཆགས་དང་བཅས་ཏེ་སྤངས་པ་དང་། གཏན་དུ་སྤངས་པ་ཡང་དེ་ཡིན་ཏེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་བུའོ། །གཏན་དུ་སྤངས་པ་ཡིན་ལ། བག་ཆགས་དང་བཅས་ཏེ་སྤངས་པ་མ་ཡིན་པ་ནི་དཔེར་ན་མི་འཁྲུགས་

པའི་ཆོས་ཅན་དང་། རང་སངས་རྒྱས་ཀྱི་ལྟ་བུའོ། །གང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་ཡང་དེ་ཡིན་པ་ནི། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་

བུའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་མ་ལུས་པར་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མ་ཐོབ་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་སྤངས་ལ་གཏན་དུ་སྤངས་པ་ཡིན་ཡང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་

སྒྲིབ་པ་ཐམས་ཅད་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་མི་འཁྲུགས་པའི་ཆོས་ཅན་དང་། རང་སངས་རྒྱས་ཀྱི་ལྟ་བུའོ། །གང་བག་ཆགས་དང་བཅས་ཏེ་སྤངས་ལ་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པ་ཡང་དེ་ཡིན་པ་ནི་སངས་རྒྱས་ཁོ་ན་ཡིན་ཏེ་དེ་ལ་མངའ་བའི་ཕྱིར་རོ། །སྤངས་པ་རྣམས་བསྡོམས་

ནས་དེ་སྐད་སྨྲས་པ་ཡིན་གྱི། ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་གཞན་ཡིན་ལ། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ཡང་གཞན་ཡིན་ནོ། །དེ་ལྟར་བྱས་ན་ཉན་ཐོས་དང་རང་སངས་རྒྱས་གཉིས་ལ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་ཡོད་གཏན་དུ་སྤངས་པ་ཡང་ཡོད་

མོད་ཀྱི། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་བག་ཆགས་དང་བཅས་ཏེ་སྤངས་པ་དང་སྙོམས་པར་འཇུག་པའི་

เล่ม ๑๑๕ · หน้า 64a

སྒྲིབ་པ་ཐམས་ཅད་སྤངས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། དགོངས་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། དགོངས་པའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་དང་། སྦྱོར་

བའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པའོ། །དེ་ལ་དགོངས་པ་ཕུན་སུམ་ཚོགས་པ་ནི། རྟག་ཏུ་ཐུགས་རྗེ་དང་། དགེ་བར་དགོངས་པའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་དུ་མཆོག་ལ་བརྩོན་པ་དང་། དགེ་བ་ཉིད་ཡིན་པའི་ཕྱིར་རོ། །དགོངས་པའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་ནི་

ཕན་པར་དགོངས་པ་དང་། སྐལ་བ་དང་ལྡན་པའི་དུས་སུ་འོང་བའི་ཕྱིར་རོ། །སྦྱོར་བའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་ནི་ངན་སོང་གསུམ་ལས་འབྱིན་པའི་སྦྱོར་བ་ཕུན་སུམ་ཚོགས་པ་དང་བདེ་འགྲོ་དང་ཐེག་པ་གསུམ་ལ་རབ་ཏུ་འགོད་པའི་སྦྱོར་བ་ཕུན་སུམ་ཚོགས་པའོ། །དེ་ཡང་ཉན་ཐོས་དང་རང་སངས་

རྒྱས་དང་ཐུན་མོང་མ་ཡིན་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ཉིད་ཡིན་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་ཐུགས་རྗེ་ཕུན་སུམ་ཚོགས་པ་ཞེས་བྱའོ། །མི་ཟད་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞིའོ། །ཇི་ལྟ་ཞེ་ན་ཟད་པ་ནི་རྣམ་པ་བཞི་སྟེ། མ་རྫོགས་པར་ཟད་

པ་དང་། རྫོགས་ཏེ་ཟད་པ་དང་། དུས་ལ་མ་བབ་པར་དུས་ཟད་པ་དང་། རང་གི་མཚན་ཉིད་ཟད་པའོ། །ཇི་སྐད་དུ་རྒ་ཤིའི་ཡན་ལག་རྣམ་པར་མ་ཕྱེ་བར་ཉམས་པ་དང་། ཚེ་ཉམས་པ་དང་དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། འཆི་བ་དང་དུས་བྱེད་པ་དང་ཞིགས་པ་དང་། ནང་

དུ་ཉམས་པའོ། །དེ་དག་ལས་བཟློག་པ་ནི་མི་ཟད་པ་རྣམ་པ་བཞིར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་མི་ཟད་པ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་མི་ཟད་པ་ཕུན་སུམ་ཚོགས་པར་འདོད་མོད་ཀྱི། དེ་ནི་དེ་བཞིན་གཤེགས་

པའི་མན་ངག་སྔོན་དུ་སོང་བའི་ཕྱིར་དེ་བཞིན་གཤེགས་པའི་མི་ཟད་པ་ཉིད་ཡིན་པར་རྣམ་པར་གཞག་སྟེ། འཁོར་ལོས་སྒྱུར་བའི་འཁོར་ཕུན་སུམ་ཚོགས་པ་རྣམ་པར་གཞག་པ་བཞིན་ནོ། །སྐྱེས་བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང་།

เล่ม ๑๑๕ · หน้า 64b

མཐུ་ཕུན་སུམ་ཚོགས་པའོ། །དེ་ལ་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་དངོས་པོ་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ནི་དེ་དཔེ་བྱད་བཟང་བའི་ཕྱིར་དང་སྟོབས་ཕུན་སུམ་ཚོགས་པ་ནི་མཐའ་

མེད་པའི་ཡེ་ཤེས་ཀྱི་སྟོབས་བཟོད་པ་ཉིད་ཀྱི་ཕྱིར་དང་། རྡོ་རྗེའི་སྙིང་པོ་སྐུ་རུས་པ་ཕུན་སུམ་ཚོགས་པ་ནི་ཕས་ཀྱི་རྒོལ་བ་དག་གིས་མི་ཆོམས་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཐུན་མོང་མ་ཡིན་པ་

སྐྱེས་བུ་ཆེན་པོའི་དངོས་པོས་བསྡུས་པ་ནི་སྐུ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །འཁོར་ལོས་སྒྱུར་བ་ལ་ཡང་ལུས་ཕུན་སུམ་ཚོགས་པ་ཡོད་པར་འདོད་མོད་ཀྱི། རྣམ་པ་ཐམས་ཅད་དང་ལྡན་པ་མ་ཡིན་པའི་ཕྱིར་སྐྱེས་བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ཞེས་མི་བྱའོ། །མཐུ་ཕུན་སུམ་ཚོགས་པ་

ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་པ་དང་། ཡོངས་སུ་སྒྱུར་བ་དང་། གནས་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། ཚེ་གཏོང་བ་དང་། གནས་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། ནམ་མཁའ་དང་བསྒྲིབས་པ་དང་། ཐག་རིང་པོར་ཡང་མྱུར་དུ་འགྲོ་བ་དང་། ཆུང་ངུར་མང་པོ་ཤོང་

བར་བྱེད་པ་ལ་དབང་བ་ཕུན་སུམ་ཚོགས་པ་དང་། རྟག་ཏུ་རྨད་དུ་བྱུང་བའི་ཆོས་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པ་སྟེ། ཇི་སྐད་དུ་མདོ་ལས་དེ་བཞིན་གཤེགས་པའི་སྐུ་ལ་རྡུལ་གྱིས་མ་གོས་པ་དང་། གྲོང་ཁྱེར་དུ་གཤེགས་པའི་ཚེ་སྦྲུམ་མ་རྣམས་བདེ་བར་བཙས་པར་འགྱུར་བ་དང་། སྨྱོན་པ་རྣམས་དྲན་

པ་རྙེད་པ་དང་། ངན་སོང་གི་སེམས་ཅན་རྣམས་ཚོར་བ་བསྲབས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་ཟང་ཟིང་ཡོངས་སུ་འཛིན་པ་དང་། གཞན་གྱི་དོན་མཐའ་དག་མཛད་པར་སྤྱོད་པ་དང་། དེ་བཞེད་ན་རྟག་ཏུ་བཞུགས་པར་འགྲུབ་པ་ཉིད་དང་།

དེ་སྐྱབས་སུ་འོས་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྦྱིན་པས་བསྟན་ཏོ། །སྤངས་པ་ཕུན་སུམ་ཚོགས་པ་ནི་ཟང་ཟིང་ཡོངས་སུ་འཛིན་པ་སྟེ། ཡོན་གནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་མཛད་པ་སྤྱོད་པས་ཡོངས་སུ་

เล่ม ๑๑๕ · หน้า 65a

བསྟན་ཏོ། །མི་ཟད་པ་ཕུན་སུམ་ཚོགས་པ་ནི་རྟག་ཏུ་བཞུགས་པར་འགྲུབ་པས་སོ། །མཚུངས་པ་མེད་པ་ཕུན་སུམ་ཚོགས་པ་ནི་སྐྱབས་སུ་འོས་པ་གཅིག་པུས་བསྟན་ཏོ། །ཚིགས་སུ་བཅད་པ་འདིར་གསུང་རབ་མཐའ་དག་བླངས་ཤིང་ཀུན་དུ་བླངས་ཤིང་བཤད་པར་ནུས་མོད་ཀྱི་

ཤིན་ཏུ་འཕྲོས་པ་ཡིན་པས་བཞག་གོ། །ཆོས་ལ་བསྟོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། འདིར་ཆོས་རྣམ་པ་གསུམ་གྱིས་བསྟོད་པ་ལ། འབྲས་བུའི་ཆོས་ནི་མྱ་ངན་ལས་འདས་པའོ། །སྒྲུབ་པའི་ཆོས་ནི་ལམ་མོ། །བཤད་པའི་ཆོས་ནི་མདོ་སྡེ་ལ་སོགས་པའོ། །དེ་ལ་ཞི་བ་ཞེས་བྱ་བའི་

ཚིག་གིས་དང་པོའི་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་བྲལ་བ་དང་བྲལ་བ་ཕུན་སུམ་ཚོགས་པ་སྟེ། རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་ཞེས་བྱ་བས་ནི་རྟག་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ལས་མི་བསྐྱོད་པའི་དོན་གྱིས་

སོ། །ལམ་གྱིས་ཞེས་བྱ་བ་སྒྲུབ་པའི་ཆོས་ཀྱིས་ནི་ཐོབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །ལམ་གྱི་ཆེད་དུ་བྱས་ཞེས་བྱ་བ་གསུམ་པས་ནི་དེ་གསལ་བར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །ལམ་གྱི་ཆེད་དུ་བྱས་པ་ནི་ལམ་གྱི་ཆེད་དུ་གང་ཡིན་པ་སྟེ། བཤད་པའི་ཆོས་སོ། །ཡང་

གསུམ་པའི་ནི་དེ་ལ་དམིགས་པའི་ཡེ་ཤེས་འཁོར་བ་དང་མི་མཐུན་པ་ཉིད་ཡོན་ཏན་ཕུན་སུམ་ཚོགས་པའོ། །གང་ཞིག་རབ་ཏུ་རྟོགས་པས་ས་གསུམ་འདི་དག་ཏུ། །འཁོར་ལོ་བཞིན་དུ་འགྲོ་བ་འདི་དག་འཁོར་བ་མེད། །ཅེས་བྱ་བས་ཕྱིན་ཅི་མ་ལོག་པར་བཤད་པའི་དོན་རྟོགས་པའི་སྟོབས་ཀྱིས།

མྱ་ངན་ལས་འདས་པ་ལ་ཞི་བར་མཐོང་བ་དང་། ལམ་ལ་ལམ་དུ་འདུ་ཤེས་པའི་རིམ་གྱིས་འཁོར་བ་ལས་ལྡོག་པར་འགྱུར་རོ། །དེ་ལ་འབྲས་བུའི་ཆོས་ནི་ཞི་བ་ཉིད་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། སྐྱེ་བའི་སྡུག་བསྔལ་ཞི་བ་ཉིད་དང་། རྒ་བའི་སྡུག་བསྔལ་ཞི་བ་ཉིད་དང་། འཆི་བའི་སྡུག་བསྔལ་ཞི་བ་

ཉིད་དང་། ཕྲད་པའི་སྡུག་བསྔལ་ཞི་བ་ཉིད་དང་། བྲལ་བའི་སྡུག་བསྔལ་ཞི་བ་ཉིད་དང་། འདོད་པ་མ་འབྱོར་པའི་སྡུག་བསྔལ་ཞི་བ་ཉིད་དང་། ཕུང་པོའི་སྡུག་བསྔལ་ཞི་བ་ཉིད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ནི་སྡུག་བསྔལ་བའོ། །རྒ་བ་ནི་སྡུག་བསྔལ་བའོ། །འཆི་བ་ནི་སྡུག་བསྔལ་བའོ། །

เล่ม ๑๑๕ · หน้า 65b

མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་བའོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་བའོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་བ་ཞེས་གསུངས་ཏེ། དེ་དག་གི་བཤད་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བལྟ་བར་བྱའོ། །མི་རྟག་པ་

རྣམ་པ་བཞིའི་གཉེན་པོར་རྟག་པ་བཞིར་རིག་པར་བྱའོ། །མི་རྟག་པ་ཉིད་རྣམ་པ་བཞི་གང་ཞེ་ན། སྩོགས་པ་མི་རྟག་པ་ཉིད་དང་། ལུས་མི་རྟག་པ་ཉིད་དང་། ཕྲད་པ་མི་རྟག་པ་ཉིད་དང་། འཆི་བ་མི་རྟག་པ་ཉིད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྩོགས་པ་དག་ནི་མཐར་ཟད་འགྱུར། །ལུས་ནི་ཐ་མར་

འཇིག་པར་འགྱུར། །འདུ་བ་ཐ་མར་བྲལ་བར་འགྱུར། །སྲོག་ནི་ཐ་མར་འཆི་བར་འགྱུར། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ལ་ནི་སྩོགས་པ་དང་། ལུས་དང་། སྡུག་པ་དང་ཕྲད་པ་དང་སྲོག་གང་མི་རྟག་པར་འགྱུར་བ་རྣམས་ཡོད་པ་མ་ཡིན་ནོ། །སྒྲུབ་པའི་ཆོས་ཀྱི་ཡང་རྣམ་པ་བཞི་སྟེ། དེ་ཐོབ་པར་བྱེད་

པ་ཉིད་ཕུན་སུམ་ཚོགས་པ་ཡོན་པོ་མ་ཡིན་པ་ཕུན་སུམ་ཚོགས་པ་དང་། རྒྱུན་མི་འཆད་པ་ཉིད་ཕུན་སུམ་ཚོགས་པ་དང་། གནོད་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་དང་། ཉེ་བར་སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་འདི་ནི་ཡོན་པོ་མ་ཡིན་པ་ཉིད་ཕུན་སུམ་ཚོགས་པ་སྟེ། གང་མྱ་ངན་ལས་འདས་པའི་གྲོང་

ཁྱེར་ཉིད་ཕྱིན་པར་བྱེད་པ་ཡིན་གྱི། འཁོར་བའི་གྲོང་ཁྱེར་དུ་མ་ཡིན་པའོ། །རྒྱུན་མི་འཆད་པ་ཕུན་སུམ་ཚོགས་པ་ནི་མྱ་ངན་འདས་པ་དང་འབྲེལ་པའི་ཕྱིར་ཏེ། བར་ཆད་པ་མ་ཡིན་ཞིང་མི་འགྱུར་བས་སོ། །གནོད་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་ནི་འདོད་ཆགས་ལ་སོགས་པའི་ཆོམ་པོས་མི་འཕྲོགས་པའི་ཕྱིར་

རོ། །ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་ནི་ཆོས་ལ་དགའ་བའི་ཟས་དང་ལྡན་པའི་ཕྱིར་རོ། །བཤད་པའི་ཆོས་ལམ་གྱི་ཆོས་གསལ་བར་བྱེད་པ་ཡང་རྣམ་པ་བཞི་སྟེ། ཉེ་བར་ཉན་པ་ཉིད་དང་། ངེས་པར་བྱེད་པ་དང་། དེའི་ཚོགས་གསལ་བར་བྱེད་པ་དང་། སྒྲིབ་པ་རྣམས་རབ་ཏུ་ཉེ་བར་སྟོན་པའོ། །

བཤད་པའི་ཆོས་ཀྱི་བྱ་བ་ནི་འདི་དག་ཙམ་དུ་ཟད་དེ། འདི་ལྟ་སྟེ་འདི་ནི་ལམ་ཡིན་ནོ་ཞེས་ཡང་དག་པར་ཉན་པ་དང་། འདི་ཉིད་ལམ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་དང་། འདི་ནི་ལམ་གྱི་རྒྱུ་ཡིན་ནོ་ཞེས་དེའི་ཚོགས་གསལ་བར་བྱེད་པ་དང་། འདི་ནི་ལམ་གྱི་གགས་བྱེད་པ་ཡིན་ནོ་ཞེས་སྒྲིབ་པ་རབ་ཏུ་ཉེ་

เล่ม ๑๑๕ · หน้า 66a

བར་སྟོན་པའོ། །དེ་ལ་ལམ་གྱི་ཚོགས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ལམ་གྱི་སྒྲིབ་པ་ནི་ངན་སོང་བར་ངེས་པའི་ལས་ཚང་བར་ཡོད་པ་དང་། ཉོན་མོངས་པ་དྲག་པོ་ཀུན་དུ་འབྱུང་བ་དང་། ངན་འགྲོ་དང་། བྱང་གི་སྒྲ་མི་སྙན་པ་དང་། འདུ་ཤེས་མེད་

པའི་སེམས་ཅན་རྣམས་ཏེ། དེ་དག་རྣམས་ནི་ཉོན་མོངས་པ་དང་། ལས་དང་ཚེའི་སྒྲིབ་པ་རྣམས་ཡིན་པར་ཇི་ལྟར་རིག་པར་བྱའོ། །དེ་ལ་དམིགས་པའི་ཤེས་པ་འཁོར་བ་དང་མི་མཐུན་པ་ཉིད་ཕུན་སུམ་ཚོགས་པ་ཡང་རྣམ་པ་གསུམ་སྟེ། རྣམ་པར་རྨོངས་པ་དང་མི་མཐུན་པ་དང་། དེའི་རྒྱུ་ཀུན་དུ་འབྱུང་བ་དང་མི་

མཐུན་པ་དང་། དེ་ཤིན་ཏུ་ཀུན་ཏུ་འབྱུང་བ་དང་མི་མཐུན་པའོ། །དེ་ལ་དམིགས་པའི་ཤེས་པ་ཡང་གསུམ་སྟེ། མཉན་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའོ། །དེ་ལ་བསྒོམ་པ་ལས་བྱུང་བ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །མཉན་པ་ལས་བྱུང་བ་དང་

བསམ་པ་ལས་བྱུང་བ་ནི་འཁོར་བའི་རྒྱུ་ལ་རྨོངས་པ་དང་མི་མཐུན་པ་ཉིད་ཀྱིས་ནི་མྱ་ངན་ལས་འདས་པ་ལ་ཞི་བར་མཐོང་བ་ཡིན་གྱི། འཁོར་བ་ལ་ནི་མ་ཡིན་ནོ། །ལམ་ལ་ལམ་གྱི་འདུ་ཤེས་སུ་འགྱུར་གྱི། ལམ་མ་ཡིན་པ་ལ་ནི་མ་ཡིན་ནོ། །ལེགས་པར་གསུངས་པ་ལ་ལེགས་པར་གསུངས་པའི་འདུ་ཤེས་འབྱུང་

གི། ཉེས་པར་བཤད་པ་ལ་ནི་མ་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ཟག་པ་དང་བཅས་པ་ནི་འཁོར་བའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་ཀུན་དུ་འཇོམས་པའི་ཚུལ་གྱིས་ཀུན་དུ་འབྱུང་བ་དང་མི་མཐུན་པ་ཡིན་ནོ། །ཟག་པ་མེད་པ་ནི་དེའི་བག་ལ་ཉལ་རྩ་ནས་འབྱིན་པར་བྱེད་པ་ནི་དེ་དང་ཤིན་

ཏུ་མི་མཐུན་པ་ཡིན་ནོ། །དགེ་འདུན་ལ་བསྟོད་པས་ཀྱང་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཉིད་དང་མང་པོ་གཞན་དང་གཞན་དག་ལས་ཁྱད་པར་འཕགས་པ་ཉིད་དང་། ཡན་ལག་བཅུ་དང་ལྡན་པ་ཉིད་དང་། ཡན་

ལག་བརྒྱད་དང་ལྡན་པ་ཉིད་དང་། དབྱེ་བ་རྣམ་པ་བརྒྱད་ཡིན་ནོ། །དེ་ལ་ཆགས་པ་ལས་འདས་ཞེས་བྱ་བའི་ཚིག་གིས་འབྲས་བུའི་ཆོས་ལ་གནས་པ་བསྟན་ཏེ། དེ་ལྟ་མ་ཡིན་ན་འདས་པར་མི་རུང་ངོ་། །ཚོགས་པ་དག་ལས་ཤིན་ཏུ་འདས་གྱུར་ནས། །ཞེས་བྱ་བའི་ཚིག་གིས་ནི་སྒྲུབ་པའི་ཆོས་དང་བཤད་པའི་

เล่ม ๑๑๕ · หน้า 66b

ཆོས་ལ་གནས་པ་ཡིན་པར་བསྟན་ཏེ། དེ་ལྟ་ཡིན་ན་ནི་དེ་ལས་འདས་པ་ཡིན་ཏེ། སྒྲུབ་པའི་ཆོས་ལ་གནས་པ་ཡིན་པའི་ཕྱིར་རོ། །བཤད་པའི་ཆོས་གསུངས་པ་བཞིན་དུ་རྗེས་སུ་འབྲངས་ན་ནི་ལེགས་པར་ཞུགས་པ་ཡིན་ནོ། །ཆགས་པ་ལས་འདས་པ་ཡང་རྣམ་པ་བཞི་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་

པ་མ་ལུས་པ་ལས་འདས་པ་ནི་དཔེར་ན་རྒྱུན་ཏུ་ཞུགས་པ་ལྟ་བུ་སྟེ། སྲིད་པའི་རྩེ་མོ་པའི་ཚོགས་གཞན་དག་ནི་དེ་ལྟ་བུ་མ་ཡིན་ཏེ། མ་སྤངས་པའི་ཕྱིར་རོ། །ཁམས་གསུམ་གྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལས་འདས་པ་ནི་དཔེར་ན་དགྲ་བཅོམ་པ་ལྟ་བུ་སྟེ། ཚོགས་གཞན་དག་ནི་སྲིད་པའི་རྩེ་མོ་

ལས་འདས་པ་མ་ཡིན་ནོ། །ཆགས་པ་ལས་ཤིན་ཏུ་ཡང་དག་པར་འདས་པ་ནི། དཔེར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་འཇུག་པ་ལྟ་བུ་སྟེ། དེ་ལ་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡོད་པ་མ་ཡིན་པར་འདོད་ཀྱང་ཤིན་ཏུ་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ། །དེ་འདྲ་བར་ཚོགས་གཞན་དག་

ནི་མ་ཡིན་ནོ། །དེའི་རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པ་ཡང་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཁ་ཅིག་ཡོངས་སུ་ཉམས་སུ་ཟིན་ཀྱང་དེའི་རྣམ་པར་སྨིན་པའི་སར་ཡང་སླར་སྐྱེ་བ་ནི་མ་ཡིན་ཏེ། མཐོང་བའི་ཆོས་ཁོ་ནས་དེ་དག་སྤོང་བར་བྱེད་པའི་

ཕྱིར་རོ། །ཇི་སྐད་དུ་འབྲས་བུ་ཉམས་ཏེ་འཆི་བ་མ་ཡིན་ནོ་ཞེས་གསུངས་སོ། །དེ་འདྲ་བར་ཚོགས་གཞན་དག་ནི་མ་ཡིན་ནོ། །ཆགས་པ་ལས་འདས་པ་ཡང་ཚོགས་གཞན་དག་ལས་ཁྱད་པར་དུ་གྱུར་པ་ཉིད་ཡིན་པར་བསྟན་ཏོ། །ལེགས་པར་བཞུགས་པ་ཡང་རྣམ་པ་ལྔ་སྟེ། ཚུལ་ཁྲིམས་ཀྱིས་ནི་འཕགས་པ་དགྱེས་པའི་

ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དང་། ཚེ་རབས་གཞན་དུ་ཡང་རྗེས་སུ་འབྲེལ་ལོ། །ཐོས་པས་ནི་ལེགས་པར་གསུངས་པའི་ཆོས་ཐོས་པ་ལས་བྱུང་བའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །བསམས་པས་ནི་དེ་ལ་བརྟེན་ན་དགོངས་པ་ཅན་རྣམས་ལ་ངེས་པ་དང་ལྡན་པའི་ཕྱིར་རོ། །བསྒོམས་པས་ནི་བསྒོམ་པའི་ལམ་ཟག་པ་མེད་པ་

ཐོབ་པའི་ཕྱིར་རོ། །འབྲས་བུས་ནི་དེའི་འབྲས་བུ་སྤངས་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་མདོར་ན་རྒྱུ་དང་བཅས་འབྲས་བུ་དང་བཅས་པ་ལེགས་པར་སྒྲུབ་པ་ཇི་ལྟར་རིག་པར་བསྟན་ཏོ། །ཡན་ལག་བཅུ་ཞེས་གང་གསུངས་པ་ལ་ཡན་ལག་བཅུ་ནི། ལམ་གྱི་ཡན་ལག་བརྒྱད་དང་། ཡང་དག་པར་རྣམ་པར་གྲོལ་བ་དང་།

เล่ม ๑๑๕ · หน้า 67a

ཡང་དག་པར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་དག་ནི་རྣམ་པར་གཞག་པ་ལ་ཡན་ལག་གཙོ་བོ་ནི་ཡང་དག་པའི་ལྟ་བ་སྟེ། རབ་ཏུ་རྣམ་པར་འབྱེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །མཐོང་བ་དང་བསྒོམ་པ་དང་། མི་སློབ་པའི་ལམ་གྱི་ཡན་ལག་རྣམས་རབ་ཏུ་

སྟོན་པར་བྱེད་པའི་ཡན་ལག་ནི་ཡང་དག་པའི་རྟོག་པ་སྟེ། ཡང་དག་པའི་ངག་ཀུན་ནས་བསླང་བའི་ཚིག་གིས་རང་གི་ཁོང་དུ་ཆུད་པ་བརྗོད་པའི་ཕྱིར་ཏེ། སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ་ཞེས་བྱ་བ་ཡིན་ནོ། །ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་

དང་འཚོ་བ་སྟེ། ཡང་དག་པའི་ཚིག་གིས་ནི་འབྲེལ་བའི་གཏམ་རྣམ་པར་ངེས་པར་བྱེད་པ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་མངོན་པར་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་མངོན་པར་ཡིད་ཆེས་པར་འགྱུར་ཏེ། སྲོག་གི་ཕྱིར་ཡང་མ་

ཡིན་པ་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་འཚོ་བས་ནི་ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་པར་འགྱུར་ཏེ། ཆོས་དང་ཚོད་ཟིན་པས་ཆོས་གོས་ལ་སོགས་པ་ཚོལ་བའི་ཕྱིར་རོ། །སྤོང་བའི་ཡན་ལག་ནི་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། བརྩོན་

འགྲུས་བརྩམས་ན་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །དྲན་པ་ཉེ་བར་གནས་ན་ཞུམ་པ་དང་རྒོད་པའི་ཉེ་བའི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་བརྟེན་ན་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་གགས་དང་བྲལ་བའི་ཕྱིར་རོ། །འབྲས་བུའི་ཡན་ལག་ནི་ཡང་

དག་པར་གྲོལ་བའོ། །ལམ་གྱི་འབྲས་བུ་ཡང་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། ཉོན་མོངས་པ་སྤོང་བ་སྟེ་རྣམ་པར་གྲོལ་བ་དང་། ལྷག་པར་མོས་པའོ། །དེ་ལ་ལྷག་པར་མོས་པ་ནི་མི་སློབ་པའི་ཡན་ལག་ཏུ་རྣམ་པར་གཞག་སྟེ། ཡན་ལག་རྣམས་ཀྱིས་འདུས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །

ཡོངས་སུ་གཅོད་པའི་ཡན་ལག་ནི་ཡང་དག་པར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ། རྣམ་པར་གྲོལ་ལོ་སྙམ་དུ་དེས་ཡང་དག་པར་རྣམ་པར་གྲོལ་བ་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་མི་སློབ་པའི་དགེ་འདུན་ནི་རིག་པ་དང་ཞབས་སུ་ལྡན་པ་དང་དེའི་འབྲས་བུ་རྣམ་པར་གྲོལ་བ་དང་། རྣམ་པར་

เล่ม ๑๑๕ · หน้า 67b

གྲོལ་བའི་ཡེ་ཤེས་དང་ལྡན་པའི་ཡོན་ཏན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་དང་ལྡན་པ་ཉིད་ནི་སློབ་པའི་དགེ་འདུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པའི་ཕྱིར་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་ཡེ་ཤེས་མཐོང་བ་གཉིས་མེད་པའི་ཕྱིར་རོ། །འཆིང་

བ་ལྷག་མ་ལུས་པ་ནི་སློབ་པ་ཡིན་ནོ། །དེ་བས་ན་དེ་དག་ཡང་དག་པའི་རྣམ་པར་གྲོལ་བར་མི་གཞག་སྟེ། འཆིང་བ་ཕྱོགས་གཅིག་ལས་གྲོལ་བ་ནི་གྲོལ་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྣམ་པར་གྲོལ་ལོ་སྙམ་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མེད་པ་ཡིན་ནོ། །དེ་མངོན་པའི་ང་རྒྱལ་ཅན་གྱི་ཡེ་ཤེས་

ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དབྱེ་བ་བརྒྱད་ནི་གཉི་གའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། འབྲས་བུས་ལམ་དང་ལམ་གྱིས་འབྲས་བུའི་བྱེ་བྲག་རབ་ཏུ་སྟོན་པའི་ཕྱིར་རོ། །ཞུགས་པ་བཞི་འབྲས་བུའི་ལམ་གྱི་དབྱེ་བས་དབྱེའོ། །འབྲས་བུའི་ལམ་གྱི་དབྱེ་བ་ཡང་ཉོན་མོངས་པའི་གཉེན་པོ་

ཐ་དད་པའི་ཕྱིར་དང་རྒྱུ་བསྩགས་པ་ཐ་དད་པའི་ཕྱིར་རིག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་དང་། མཐོང་བའི་ལམ་ཙམ་གྱི་རྒྱུ་ཉེ་བར་བསྩགས་པ་ཡང་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་

ཞུགས་པའི་ལམ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གཅིག་གི་གཉེན་པོ་དང་། མཐོང་བ་དང་བསྒོམ་པའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་ཡང་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་

པས་སྤང་བར་བྱ་བ་མ་ལུས་པའི་གཉེན་པོ་དང་། མཐོང་བའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་དང་། བསྒོམ་པའི་ལམ་གྱི་རྒྱུ་ལྷག་པར་ཉེ་བར་བསྩགས་པ་ཡང་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་བསྒོམ་པས་སྤང་བར་བྱ་བའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་

པའི་གཉེན་པོ་དང་། མཐོང་བའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་དང་། བསྒོམ་པའི་ལམ་གྱི་རྒྱུ་ལྷག་པར་ཉེ་བར་བསགས་པ་ཡང་ཡིན་ཏེ། ལམ་དང་འབྲས་བུའི་བྱེ་བྲག་ནི་སྤངས་པ་ཐ་དད་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་ནོ། །དེ་ཉིད་བསྒོམ་པས་སྤང་བར་

เล่ม ๑๑๕ · หน้า 68a

བྱ་བ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གཅིག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ལྷག་མ་མ་ལུས་པར་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡིན་ནོ། །དེ་ཉིད་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་

བ་ནི་དགྲ་བཅོམ་པའི་འབྲས་བུ་ཡིན་ནོ། །ཚིགས་སུ་བཅད་པ་འདིར། འཕགས་པའི་གང་ཟག་རྣམ་པར་གཞག་པ་ཐམས་ཅད་བཤད་པར་ནུས་སོ། །རྟེན་ཅིང་འབྲེལ་པར་རབ་འབྱུང་མངོན་པར་བརྗོད་པའི་མདོ། །ཅུང་ཟད་ངེས་པར་བཤད་པ་བདག་ནི་བརྗོད་པར་འདོད། །ཅེས་བྱ་བ་དེ་ལ་དོན་རྗོད་པར་བྱེད་

པས་ན་མདོ་སྡེའོ། །ཡང་ན་དོན་སྦྲེངས་པས་ན་མདོ་སྡེ་སྟེ། སྐུད་པ་སྦྲེངས་པ་བཞིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །རྟེན་ཅིང་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་གཉིས་དོན་ཐ་དད་པ་མེད་པས་ཐ་དད་པ་མེད་པ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པ་གཞན་

ཁོ་ནར་བརྗོད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་ཁོ་ན་ཡིན་པའི་ཕྱིར་ཏེ། འདིར་ཕྱིར་ཞེས་བྱ་བ་ཞིག་ཁོང་ནས་དབྱུང་བར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་ན་སྒྲའི་ཚིག་གི་དོན་གཅིག་ཏུ་འགྲུབ་པར་མི་འགྱུར་རོ། །ཡང་ན་རྟེན་ཅིང་འབྱུང་བའི་དོན་དེ་བརྗོད་པ་གང་གིས་བརྗོད་པ་གང་རྗོད་པ་དེ་རྟེན་ཅིང་འབྱུང་བ་

བརྗོད་པ་ཡིན་ཏེ། དེ་བརྗོད་པ་ནི་མདོ་སྡེ་འདི་ཡིན་ཏེ་འདི་ལྟ་སྟེ་རྟེན་ཅིང་འབྱུང་བ་བརྗོད་པ་ཞེས་བྱ་བ་ཡིན་ཡང་བརྗོད་པའི་སྒྲ་གཅིག་ཁོང་ནས་ཕྱུང་ནས་རྟེན་ཅིང་འབྱུང་བ་བརྗོད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་སྨོས་ཤིང་དོན་ཀྱང་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་པའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྱུང་བ་དེ་མདོ་སྡེ་

གང་གིས་བརྗོད་པ་དེ་ནི་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ཏེ། རྟེན་ཅིང་འབྱུང་བ་བརྗོད་པའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྱུང་བའི་དོན་གྱི་སྒོ་ནས་བརྗོད་པ་གང་ཡིན་པ་དེ་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ནོ། །དེ་ལྟར་ན་དོན་གྱི་སྒོ་ནས་བརྗོད་པ་ཡིན་ཞེ་ན། སྒོ་དེ་ནས་རྗོད་པར་བྱེད་པའི་ཕྱིར་རོ། །འོག་ནས་ཀྱང་ཡི་གེའི་

ཚོགས་ཀྱང་སྐབས་ཀྱི་དོན་བཞིན་གདགས་སོ་ཞེས་འབྱུང་ངོ་། །ཡང་ན་འདི་ལ་རྗོད་པར་བྱེད་པ་ཡིན་ཏེ་གཞི་ལ་སྒྲུབ་པར་བྱེད་དོ། །མདོ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ཡིན་པས་དེ་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ཏེ་གཞི་ལ་བརྗོད་པའི་ཕྱིར་རོ། །རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པ་སྨོས་པ་ནི་མདོ་གཞན་

เล่ม ๑๑๕ · หน้า 68b

གསལ་བའི་ཕྱིར་རོ། །ཅུང་ཟད་ངེས་པར་བཤད་པ་ཞེས་བྱ་བ་ནི་ཕྱོགས་གཅིག་ངེས་པར་བཤད་པ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོའི་དོན་ངེས་པར་བཤད་པ་ནི་མཐའ་ཡས་ཏེ། མདོ་སྡེ་རྣམས་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པའི་རྒྱུ་ལས་

བྱུང་བའི་ཕྱིར་རོ། །གཏན་ལ་བབ་པར་སྟོན་པ་ནི་ངེས་པར་བཤད་པ་ཡིན་ཏེ། འདིས་འཆད་པའི་ཕྱིར་བྱེད་པ་ལ་སྒྲུབ་པོ། །བདག་ནི་བརྗོད་པར་འདོད་ཅེས་བྱ་བ་ནི་སྨྲ་བར་བདག་འདོད་ཅེས་བྱ་བའི་ཐ་ཚིག་གོ། །བླ་མ་ལས་ཐོས་གཞན་དག་འདོད་པ་མཐོང་ནས་ཀྱང་། །དེ་ལ་བརྟེན་ཏེ་ཅུང་ཟད་རབ་ཏུ་བརྟག་པར་བྱ། །ཞེས་བྱ་

བ་ནི་ཉེས་པ་གསུམ་གྱི་གཉེན་པོར་དེ་སྐད་བསྟན་ཏེ། ཉེས་པ་གསུམ་ལ་ཡིད་མི་ཆེས་པ་དེའི་གཉེན་པོར་ནི། བླ་མ་ལས་ཐོས་ཞེས་བྱ་བ་ཡིན་པར་མངོན་ཏེ། དེ་ལྟར་ན་བཤད་པ་འདི་ནི་ཡིད་ཆེས་སུ་རུང་བའི་ལུང་དང་ལྡན་པ་ཡིན་པར་བསྟན་ཏོ། །ཐེ་ཚོམ་གྱི་གཉེན་པོར་སྨྲས་པ་ནི། གཞན་དག་འདོད་པ་མཐོང་ནས་ཀྱང་། །

ཞེས་བྱ་བ་ཡིན་ཏེ། དེ་ལྟར་བཤད་པ་འདི་ནི་དོན་ཤིན་ཏུ་རྣམ་པར་ངེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེའི་གཉེན་པོ་སྨྲས་པ་ནི། དེ་ལ་བརྟེན་ཏེ་ཅུང་ཟད་རབ་ཏུ་བརྟག་པར་བྱ། །ཞེས་བྱ་བ་ཡིན་ནོ། །བརྟག་པར་བྱ་ཞེས་བྱ་བ་ནི་དཔྱད་པར་བྱ་བའི་དོན་གང་ཡིན་པའོ། །དེ་ལ་

བརྟེན་ཏེ་ཞེས་བྱ་བ་ནི་རྟེན་ཅིང་འབྱུང་བ་མངོན་པ་བརྗོད་པའི་མདོ་སྡེ་ལ་བརྟེན་ནས་སོ། །ཡང་ན་བླ་མ་ལས་ཐོས་པའི་མདོ་སྡེ་དང་། གཞན་གྱི་མན་ངག་མཐོང་བ་ལ་བརྟེན་ནས་ཞེས་སྟོན་ཏོ། །དེ་ལྟར་ན་མེད་པ་ལ་སྒྲོ་འདོགས་པར་བྱེད་པ་ཡང་མ་ཡིན། ཡོད་པ་ལ་སྐུར་པ་འདེབས་པར་བྱེད་པ་ཡང་མ་ཡིན་པས་རྟོག་པའི་

ཉེས་པ་ཡོངས་སུ་སྤངས་པ་ཡིན་ནོ། །མདོ་སྡེ་རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པ་ཡིན་པར་བསྟན་དུ་ཟིན་ཀྱང་ཡང་མདོ་སྡེ་གང་ཞེ་ན་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྱུང་བ་བརྗོད་པ་གཞན་མ་ཡིན་པར་བསལ་བའི་ཕྱིར་རོ། །རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པའི་མདོ་སྡེ་ནི་གསུང་རབ་མང་དུ་བཞུགས་ཏེ། འདི་ལྟ་སྟེ་

དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་བཤད་པར་བྱའོ་ཞེས་བྱ་བ་དང་། རྟེན་ཅིང་འབྱུང་བའི་དོན་ཡང་མང་དུ་བརྗོད་དེ། རྒྱུ་དང་འབྲས་བུར་འབྲེལ་པ་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་སྤྲེའུ་ལྟ་བུའི་མདོ་དེར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་

เล่ม ๑๑๕ · หน้า 69a

རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་ལེགས་པར་རབ་ཏུ་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་སྟེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །དེའི་ཕྱིར་དང་པོ་དང་རྣམ་པར་འབྱེད་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་ཉིད་ཀྱི་དབང་དུ་བྱེད་པ་ནི། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་རྣམ་པར་དབྱེ་བ་བསྟན་གྱི་ཞེས་བྱ་བ་ནི་མདོ་སྡེའོ། །ཇི་ལྟ་ཞེ་ན་གླེང་གཞི་ནི་མཉན་ཡོད་ནའོ། །དེར་བཅོམ་ལྡན་འདས་

ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བསྟན་གྱི་དེ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་བཤད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་

ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ།

སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའོ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་

བའི་རྣམ་པར་དབྱེ་བ་གང་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ། མ་རིག་པ་གང་ཞེ་ན། གང་དེ་སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་དང་། ལས་མི་

ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་དང་ལམ་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་།

เล่ม ๑๑๕ · หน้า 69b

རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་མི་ཤེས་པ་དང་། དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་། རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་

པར་འབྱུང་བ་དང་། རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་པ་དང་། གང་དེ་དང་དེར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་འདི་ནི་མ་

རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ། འདུ་བྱེད་གང་ཞེ་ན། འདུ་བྱེད་ནི་རྣམ་པ་གསུམ་མོ། །གསུམ་གང་ཞེ་ན། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་གང་ཞེ་ན། རྣམ་

པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་

ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། གཟུགས་འདི་དང་སྔ་མིའི་མིང་གཉིས་གཅིག་ཏུ་མངོན་པར་བསྡུས་ནས། མིང་

དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་སྟེ། མིག་ནང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ།

རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ་ཚོར་བ་གང་ཞེ་ན། ཚོར་བ་ནི་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན།

เล่ม ๑๑๕ · หน้า 70a

སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་སྲེད་པ་གང་ཞེ་ན། སྲེད་པ་ནི་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ། ལེན་པ་གང་ཞེ་ན། ལེན་པ་ནི་བཞི་

སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ་སྲིད་པ་གང་ཞེ་ན། སྲིད་པ་ནི་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་

པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། སེམས་ཅན་རྣམས་གང་ཡིན་པ་དེ་དང་སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་སྐྱེ་བ་གང་ཡིན་པ་དང་། ཤིན་ཏུ་སྐྱེ་བ་དང་། འཕོ་བ་དང་། རབ་ཏུ་འབྱུང་བ་དང་། ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་།

ཕུང་པོ་རྣམས་མངོན་པར་འགྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་འདི་ནི་སྐྱེ་བ་ཞེས་བྱའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། གང་དེའི་སྤྱི་ཅེར་དང་། སྐྲ་དཀར་དང་། གཉེར་མ་འཚིགས་པ་དང་། འཁོགས་པ་དང་། སྒུར་པོ་དང་། དགུ་བོ་དང་། འཁྱོར་བ་དང་། ཤ་གནག་པ་

དང་། ལུད་པ་ལུ་བ་དང་། དབུགས་རྒོད་པ་དང་། འཁར་བ་ལ་བརྟེན་པ་དང་། མོང་རྟུལ་བ་དང་ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་དང་། དབང་པོ་རྣམས་རྒུད་པ་དང་། མི་གསལ་བ་དང་། འདུ་བྱེད་རྣམས་རྙིང་པ་དང་། འཇིག་པར་ཉེ་བ་འདི་ནི་རྒ་བ་ཞེས་བྱའོ། །འཆི་བ་གང་ཞེ་ན། སེམས་ཅན་

གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བ་དང་འཕོ་བ་དང་འཇིག་པ་དང་། ནད་རྨུགས་པ་དང་། ཚེ་ཉམས་པ་དང་། དྲོད་ཡལ་བ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་དང་། ཤི་བ་དང་། དུས་བྱེད་པ་འདི་ནི་ཤི་བ་ཞེས་བྱ་སྟེ། ཤི་བ་འདི་དང་། སྔ་མ་རྒ་བ་གཉིས་

གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱ་བ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་དབྱེ་བའོ། །དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བཤད་པར་བྱའོ་ཞེས་ངས་གང་སྨྲས་པ་དེ་དག་ནི་ངས་སྨྲས་པ་དེ་དག་ཡིན་ནོ། །ཅིའི་ཕྱིར་འདི་བསྟན་ཞེ་ན་ཞེས་བྱ་བ་ནི་མདོ་

เล่ม ๑๑๕ · หน้า 70b

སྡེ་མཐའ་དག་སྟོན་པའི་དགོས་པ་འདྲི་སྟེ། དགོས་པ་མེད་པར་ནི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཆོས་མི་སྟོན་པས་མདོ་སྡེ་སྟོན་པའི་དགོས་པ་བརྗོད་པར་བྱ་དགོས་སོ། །སངས་རྒྱས་ཀྱི་བཀའི་དགོས་པ་ནི་ངེས་པར་སེམས་ཅན་གྱི་སྤྱོད་པའི་དབང་དུ་བྱས་པ་མ་ཡིན་ནམ། དེ་བས་ན་དྲི་མི་དགོས་སོ་ཞེ་ན་

སེམས་ཅན་གྱི་སྤྱོད་པ་ཡང་མང་དུ་ཡོད་ལ། དེ་བས་ན་འདི་གང་གི་གཉེན་པོར་བསྟན་པའི་དམིགས་མི་ཕྱེད་པས་དགོས་པ་ཉིད་དྲི་དགོས་ཏེ། དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་ཇི་སྐད་དུ་མ་རིག་

པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་བསྟན་པའི་རྣམ་པ་དེ་དག་གིས་ན་ཞེས་བྱའོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་ཤི་ལ་སོགས་པ་དང་། འདུ་བྱེད་ལ་སོགས་པའི་ཞེས་བསྟན་ཏོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །ཆེན་པོ་ཞེས་བྱ་

བ་ནི་ཐོག་མ་མེད་པའི་དུས་ཅན་ནོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའོ། །སྤྱོད་པ་སྤང་བ་ནི་བསྟན་པ་དགོས་པ་ཡིན་གྱི། སྡུག་བསྔལ་གྱི་བདེན་པ་རབ་ཏུ་འཇུག་པ་ཙམ་བསྟན་པ་མ་ཡིན་ནོ་སྙམ་ནས་བསྟན་པ་དེ་ཡང་

ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཁ་ཅིག་ནི་བདག་མེད་ན་ཇི་ལྟར་འཁོར་བར་འགྱུར་ཞེས་མི་ཤེས་པ་དང་། ཐེ་ཚོམ་དང་། ལོག་པར་ཤེས་པ་དང་ལྡན་པ་དེ་དག་བསྩལ་བའི་ཕྱིར་རོ་ཞེའོ་ཞེས་སྨྲས་ཏེ། མདོ་སྡེ་འདི་ལས་ནི་འཁོར་བར་འཇུག་པའི་རིམ་པ་འདི་བསྟན་པ་ཡིན་ལ། དེ་ཡང་བདག་མེད་པར་ནི་འབའ་ཞིག་

ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་ནི་འདིའི་དགོས་པ་དམིགས་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་མི་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་མ་འདྲེས་པའི་མ་རིག་པ་བསྟན་ཏོ། །ཐེ་ཚོམ་གྱི་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་ཐེ་ཚོམ་དང་མཚུངས་པར་ལྡན་པ་ཡིན་ཏེ། ཅི་བདག་མེད་པར་ཡང་

འཁོར་བ་ཡིན་ནམ། འོན་ཏེ་བདག་ཡོད་པ་ཡིན་སྙམ་པའོ། །ལོག་པར་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་བདག་ཡོད་ན་ནི་འཁོར་བར་འགྱུར་གྱི་བདག་མེད་ན་ནི་མ་ཡིན་ནོ་ཞེས་ལོག་པར་ཤེས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་མ་རིག་པ་བསྟན་པ་ཡིན་ནོ། །

เล่ม ๑๑๕ · หน้า 71a

མ་རིག་པ་ལ་སྤྱོད་པའི་གཉེན་པོ་ནི་འདི་ཡིན་པར་མངོན་ནོ། །མི་ཤེས་པ་རྣམ་པར་ལོག་ན་ནི་ཐེ་ཚོམ་གྱི་ཤེས་པ་དང་། ལོག་པར་ཤེས་པ་ཡང་རྣམ་པར་ལྡོག་པར་འགྱུར་ཏེ། དེ་ཀུན་ནས་བསླང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་དག་བསྟན་པས་ནི་མི་ཤེས་པ་དང་། ཐེ་ཚོམ་གྱི་ཤེས་པ་དང་

ལོག་པར་ཤེས་པ་རྣམས་ཀུན་དུ་འབྱུང་བ་རྣམ་པར་ལྡོག་པར་འགྱུར་རོ། །བསྒོམ་པའི་ཚུལ་གྱིས་ནི་གཏན་ནས་ལྡོག་རྣམ་པར་ལྡོག་པར་འགྱུར་རོ། །བདག་ནི་བདག་ཏུ་ལྟ་བ་དང་སྲེད་པའི་གཉེན་པོའི་ཕྱིར་ཡིན་པར་མཐོང་ངོ་ཞེས་བྱ་བ་ནི་སློབ་དཔོན་རང་གི་བསམ་པ་སྟོན་པར་བྱེད་དོ། །འདིར་དགོས་པ་དེ་ཡིན་

གྱི་སྔར་བསྟན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ངེས་པར་བྱ་ཞེ་ན། དེའི་ཕྱིར་དེ་ལྟར་ན་བདག་མེད་པར་སྡུག་བསྔལ་འབྱུང་བར་བསྟན་པས་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་། རྗེས་སུ་མཐུན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བདག་མེད་པ་ནི་སྟོང་པ་ཉིད་དང་། རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །

དེ་ལ་སྟོང་པ་ཉིད་ནི་བདག་མེད་པ་དང་། སྟོང་པའི་རྣམ་པ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཡིན་ནོ། །སྡུག་བསྔལ་འབྱུང་ཞེས་བྱ་བ་ནི་སྨོན་པ་མེད་པ་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །དེ་ཡང་སྟོང་པ་ཉིད་དང་བདག་མེད་པའི་རྣམ་པ་གཉིས་དང་། འགོག་པའི་རྣམ་པ་རྣམས་མ་

གཏོགས་པར་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པར་མཐོང་བའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་མཚན་མ་མེད་པ་དང་། རྗེས་སུ་མཐུན་པ་མ་ཡིན་ཞེ་ན། འདི་ལྟར་འདི་ནི་འཇུག་པའི་རིམ་པ་བསྟན་པ་བརྩམས་པ་ཡིན་གྱི་ལྡོག་པའི་རིམ་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་

ཐར་པའི་སྒོ་གསུམ་ཡིན་པས། མཚན་མ་མེད་པ་ཡང་བརྗོད་པར་བྱ་དགོས་པར་འགྱུར་རོ། །གདུལ་བྱ་ཅི་འདྲ་བ་ཞིག་ལ་ཡིན་ཞེ་ན། བདག་ཏུ་ལྟ་བ་ཅན་དང་འཁོར་བའི་ཉེས་པ་མ་མཐོང་བ་རྣམས་ལ་ཞེས་བྱ་བ་ཡིན་ཏེ། སྤྱོད་པའི་བྱེ་བྲག་གིས་གང་ཟག་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། བདག་ཏུ་ལྟ་བ་ལ་སྤྱོད་པ་

རྣམས་དང་། སྲིད་པ་ལ་སྲེད་པས་སྤྱོད་པའི་གདུལ་བྱ་རྣམས་ལ་བདག་ཏུ་ལྟ་བ་དང་སྲེད་པའི་གཉེན་པོར་འདི་བཤད་པ་ཡིན་ནོ། །སྲིད་པའི་ཉེས་པ་མ་རྟོགས་པ་རྣམས་ནི་སྲིད་པ་ལ་སྲེད་པ་ལྷག་པར་འབྱུང་བར་འགྱུར་རོ། །འཇིག་ཚོགས་ལ་ལྟ་བ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་དང་།

เล่ม ๑๑๕ · หน้า 71b

བདག་གིར་མངོན་པར་ཞེན་ནས་ཉེས་པ་མ་མཐོང་བས་ན་མངོན་པར་ཞེན་ཅིང་ཚོལ་བར་བྱེད་དོ། །བདག་ཏུ་ལྟ་བ་མངོན་དུ་སོང་བ་ཉིད་ཀྱིས་སྲིད་པ་ལ་སྲིད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སྔར་སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་དགོས་པ་སྨོས་པ་འདོད་པ་ཡིན་ན། སྔར་དགོས་པ་ཇི་ལྟར་བསྟན་པ་བཞིན་དུ། དགོས་པ་

འདི་ཡང་ཡིན་པར་ཅིའི་ཕྱིར་མི་འདོད། ཡང་ན་བསྟན་མ་ཐག་པ་ཇི་ལྟར་དགོས་པ་ཡིན་པར་འདོད་པ་དེ་བཞིན་དུ། འདི་ཡང་ཡིན་པར་ཅིའི་ཕྱིར་མི་འདོད། གལ་ཏེ་འདི་དག་ཉིད་དགོས་པ་ཡིན་པར་བསམས་པར་གྱུར་ན་ནི་འདིར་ཡང་གི་སྒྲ་ཤིན་ཏུ་འདོད་པར་བྱ་བ་ཡིན་ནོ། །དགོས་པ་གང་ཞེ་ན། དེའི་ཕྱིར་ཇི་

སྐད་དུ་མདོ་གཞན་ལས་ཇི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་མཐོང་བ་ཡིན། ལེགས་པར་རྟོགས་པར་ཡིད་ལ་བྱས། ལེགས་པར་བསྟན།

ལེགས་པར་འདྲིས་པ་དེ་ནི་ཅི་བདག་སྔོན་གྱི་དུས་ན་བྱུང་ངམ། མ་བྱུང་བ་ཡིན། སྔོན་བདག་ཇི་ལྟ་བུ་ཞིག་ཏུ་བྱུང་། བདག་ཇི་ལྟར་བྱུང་བར་གྱུར་ཞེས་དེ་སྔོན་གྱི་མཐར་རྗེས་སུ་འབྲང་བ་མ་ཡིན། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་འོན་ཏེ་འབྱུང་བར་མི་འགྱུར། ཇི་ལྟ་བུ་ཞིག་ཏུ་འབྱུང་བར་འགྱུར།

ཇི་ལྟར་འབྱུང་བར་འགྱུར་ཞེས་ཕྱི་མའི་མཐའི་རྗེས་སུ་འབྲང་བ་མ་ཡིན་ནོ། །ནང་ལ་ཡང་འདི་ཅི་ཞིག་ཡིན། འདི་ཇི་ལྟར་ཡིན་ཡོད་པ་འདི་དག་ཅི་ཡིན། གང་ཞིག་འབྱུང་བར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་སྟེ་གར་འགྲོ་བར་འགྱུར་ཞེས་ཅི་ལྟར་ཡང་ཐེ་ཚོམ་མེད་དོ། །དེ་བཞིན་དུ་

ཀཱ་ཏྱཱའི་བུ་འཇིག་རྟེན་ཀུན་འབྱུང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མ་མཐོང་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །མདོར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་ལ་རྨོངས་པ་བཟློག་པ་དང་།

ལོག་པར་ལྟ་བ་བཟློག་པ་ཡང་འདིའི་དགོས་པ་ཡིན་པར་བསྟན་ཏོ། །དགོས་པ་ཡིན་པར་འཐད་ན། བཅོམ་ལྡན་འདས་ཀྱིས་དགོས་པ་ཡིན་པར་མ་གསུངས་སམ་ཞེ་ན། དེའི་ཕྱིར་བདག་ཏུ་ལྟ་བ་སྤངས་པ་ཁོ་ནས་བདག་ཐམས་ཅད་མི་འབྱུང་བས་དེ་ཉིད་འདིར་དགོས་པའི་རྩ་བ་ཡིན་ལ་གང་ཡིན་པ་དེ་ཉིད་མདོ་སྡེ་

เล่ม ๑๑๕ · หน้า 72a

འདིར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་བྱ་བས་འདི་སྐད་བསྟན་ཏོ། །དགོས་པ་འདི་ཡོད་མོད་ཀྱི་དགོས་པའི་རྩ་བ་མ་ཡིན་ནོ། །བདག་ཏུ་ལྟ་བ་སྤངས་པ་སྔོན་དུ་སོང་བ་ཡིན་པའི་ཕྱིར། དགོས་པའི་རྩ་བ་ཡིན་པར་འདིར་འདོད་དོ། །དེ་བས་ན་གང་མདོ་སྡེ་ལས་གསུངས་པ་དེ་ཉིད་

འདིར་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མྱ་ངན་ལས་འདས་པའི་བར་ཡང་འདིར་དགོས་པ་ཡིན་པར་བརྗོད་པར་བྱ་དགོས་པར་འགྱུར་རོ། །གལ་ཏེ་དགོས་པའི་རྩ་བ་བརྗོད་པར་བཞེད་པ་མ་ཡིན་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡང་ལྟ་བའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཅན་དུ་མི་འགྱུར་རོ། །

དེ་བས་ན་འཇིག་ཚོགས་ལ་ལྟ་བ་སྤངས་པའི་ཕྱིར་ཤིང་གི་རྩ་བ་རྒྱས་པ་བཅད་པ་བཞིན་དུ་ཉོན་མོངས་པ་ཐམས་ཅད་རྣམ་པར་ཞིག་པར་འགྱུར་ཞིང་རིམ་གྱིས་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་ཡན་ལག་སྔ་མ་ལ་བརྟེན་ནས་འབྲེལ་པར་ཕྱི་མ་འབྱུང་བའོ། །

ཞེས་བྱ་བ་ལ་ཇི་སྐད་དུ་དགེ་སློང་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་བཤད་པར་བྱའོ་ཞེས་གསུངས་པ་འདི་གང་ཞེ་ན། དེའི་ཕྱིར་ཡན་ལག་སྔ་མ་ལ་བརྟེན་ནས་འབྲེལ་པར་ཕྱི་མ་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཡན་ལག་སྔ་མ་ཞེས་བྱ་བ་ནི་སྔར་སྐྱེས་པ་ལའོ། །བརྟེན་ནས་ཞེས་བྱ་བ་ནི་དེ་ཡོད་ན་ཞེས་བྱ་

བ་ཡིན་ཏེ། རྐྱེན་དེ་དང་འབྲེལ་བ་ཞེས་བྱ་སྟེ། ཡན་ལག་སྔ་མ་འཇིག་པའི་བར་དུ་མ་ཆོད་པ་སྟེ། རྒྱུ་འཇིག་པ་དང་འབྲས་བུའི་བདག་ཉིད་ཀྱི་དུས་གཉིས་དུས་ཐ་དད་པ་མེད་པའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །འདིར་རྟེན་ཅིང་ཞེས་བྱ་བའི་སྒྲ་ནི་རྒྱུ་ཡོད་པར་སྟོན་པར་བྱེད་པ་ཡིན་ནོ། །འབྲེལ་པའི་སྒྲ་ནི་འབྲེལ་བ་ལ་

བྱའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་རྒྱུ་ཡོད་ན་འཇིག་པ་བར་དུ་མ་ཆོད་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བྱས་ན་འདས་པ་ལས་གང་ཡང་སྐྱེ་བ་མེད་དོ་ཞེས་བསྟན་པ་ཡིན་ལ། འབྲས་བུའི་དུས་ན་ཡང་རྒྱུ་ཡོད་པ་ཉིད་དུ་མི་འགྱུར་ཏེ། དེ་འཇིག་པ་ཉིད་དེའི་དུས་ཡིན་པའི་ཕྱིར་

རོ། །དེ་ལྟར་བྱས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་པ་གང་ཡིན་པ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །དེ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཉིད་ནི་དབང་དུ་བྱས་ནས་འཆད་པའི་ཡི་གེ་ཡང་དོན་བཞིན་དུ་གདགས་ཏེ་ཞེས་རྒྱས་པར་སྨོས་སོ། །དོན་ཞེས་བྱ་བ་ནི་སྐབས་

เล่ม ๑๑๕ · หน้า 72b

ཀྱི་དོན་ཞེས་བྱ་བ་སྟེ་འདི་ནི་ལས་ལ་སྒྲུབ་པ་ཡིན་ནོ། །ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་བཞིན་ནོ་ཞེས་བྱ་བ་ལ་དོན་དམ་པ་སྟོང་པ་ཉིད་ནི་ཏིང་ངེ་འཛིན་གྱི་ངོ་བོའི་དོན་ནོ། །དེའི་དབང་དུ་བྱས་ནས་བཤད་པའི་ཆོས་ཀྱི་རྣམ་གྲངས་འཆད་པའི་ངོ་བོ་དེ་ལ་ཡང་དོན་དམ་པ་སྟོང་པ་ཉིད་ཅེས་གདགས་སོ། །

འཇིག་རྟེན་ན་ཡང་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་བཞིན་ནོ་ཞེས་བྱ་བ་ནི་བསད་པ་དང་ཕྲོགས་པའི་དོན་གྱི་དབང་དུ་བྱས་པའི་ཡི་གེ་གང་ཡིན་པ་དེ་ལ་ཡང་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་ཞེས་ཉེ་བར་གདགས་སོ། །དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བཤད་པར་བྱའོ་

ཞེས་འཆད་པ་དེ་ཡང་ཡིན་པར་རིག་པར་བྱའོ། །རྟེན་ཅིང་ཞེས་བྱ་བ་ནི་རྐྱེན་དེ་ལས་ཞེས་བྱ་སྟེ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་འབྱུང་ངོ་ཞེས་བྱ་བ་རྟེན་དེ་ལས་ཞེས་བྱ་བར་མངོན་ནོ། །སྤྲིན་ལ་བརྟེན་ནས་ཆར་འབབ་པོ་ཞེས་བྱ་བ་སྤྲིན་འདུས་པ་ལས་ཞེས་བྱ་བར་མངོན་ནོ། །གངས་རི་ལ་བརྟེན་ནས་སྨན་རྣམས་སྐྱེའོ་ཞེས་

བྱ་བ་གཞི་དེ་ལས་ཞེས་བྱ་བར་མངོན་ནོ་ཞེས་བྱ་བ་ཡིན་ནོ། །ཡན་ལག་སྔ་མ་ལ་བརྟེན་ནས་ཞེས་སྨྲས་པ་གང་ཡིན་པ་དེ་ཇི་ལྟར་ཡིན་ལག་སྔ་མ་ལ་བརྟེན་ནས་ཕྱིས་འབྲས་བུ་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་རྐྱེན་དེ་ལས་ཞེས་འདིར་ཚིག་རྣམ་པར་དབྱེ་བ་གསལ་བ་ཡིན་པར་བལྟ་བར་བྱའོ། །འཆད་པ་འདིའི་

འཇིག་རྟེན་ན་གྲགས་པའི་དོན་སྟོན་པ་ནི་སྔར་བུད་ཤིང་ལ་བརྟེན་ནས་ཕྱིས་མེ་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སྔར་གངས་རི་ལ་བརྟེན་ནས་སྨན་རྣམས་ཕྱིས་འབྱུང་ཞེས་བྱ་བའི་བར་དུ་མ་ཡིན་ཏེ། སྔར་མེད་པའི་ཕྱིར་རོ། །ཇི་ལྟར་ཁྲུས་བྱས་ནས་ཟས་ཟ་བ་ལྟ་བུར་དུས་སྔ་ཕྱི་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་

སྔར་ཁྲུས་བྱས་ནས་ཕྱིས་ཟས་ཟ་བ་ལྟ་བུར་སྔ་ཕྱི་ཡོད་པ་མ་ཡིན་ཏེ། འདིར་དོན་དེ་མ་ཡིན་པར་རིག་པར་བྱའོ་ཞེས་སྟོན་ཏོ། །དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་སྟོན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། །

རྒྱུའི་དོན་ཡིན་ཏེ། དུས་སྔར་བྱ་བ་བྱེད་པའི་དོན་མ་ཡིན་ན་ཇི་ལྟར་འདི་བརྟེན་ཏེ་ཞེས་བྱ་བའི་སྒྲུབ་པ་ཤེས་པར་འགྱུར་ཞེ་ན་ཞེས་བྱ་བ་ནི་དོན་དེ་ལྟ་བུ་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་བརྟེན་ནས་ཞེས་བྱ་བ་གང་སྨྲས་པ་ཡིན་ཏེ། འདི་ནི་རྒྱུ་དེ་དང་རྐྱེན་དེ་ལས་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་དོན་འདི་བསྟན་ཞེ་ན། འདི་ལྟར་འདི་ཡོད་ན་

เล่ม ๑๑๕ · หน้า 73a

འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་བརྟེན་ཏེ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་རྒྱུའི་དོན་དུ་རབ་ཏུ་བསྟན་ཏོ། །བརྡ་སྤྲོད་པ་པ་ཁ་ཅིག་ཀྱང་བྱེད་པ་པོ་མི་མཐུན་པ་ནི་རྒྱུའི་དོན་ཡིན་པར་སྔོན་གྱི་སློབ་དཔོན་དག་སྨྲའོ་ཞེས་བྱ་བ་ལ་སོགས་པ་འདོན་ཏོ། །དེ་ཞེས་བྱ་བ་ནི་

རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཁྱེད་ལ་ཞེས་བྱ་བ་ནི་ཞེས་བྱ་བའི་ཁྱེད་ཀྱི་སྒྲ་དེ་ནི་བཞི་པའི་དོན་དང་གཉིས་པ་མང་པོའི་ཚིགས་སུ་བཅད་པར་སྟོན་པ་ཡིན་གྱི་བོད་པའི་ཆེད་ནི་མ་ཡིན་ཏེ། ཁྱེད་ཅེས་བྱ་བ་ཁྱེད་ཅག་ལའམ། ཁྱེད་ཅག་གི་ཆེད་དུ་བསྟན་པ་ཡིན་ནོ་ཞེས་བསྟན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོད་

པ་སྟེ། སེམས་གཞན་དུ་སོང་བའི་དགེ་སློང་རྣམས་དེ་མངོན་དུ་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་རྣམ་པར་དབྱེ་བ་འཆད་པ་མངོན་དུ་བྱ་བའི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པའོ། །ཅིའི་ཕྱིར་དགེ་སློང་རྣམས་ཁོ་ན་ཡིན་གྱི། འཁོར་གཞན་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་

མའི་འཁོར་དེ་དག་མ་ཡིན་ཞེ་ན། དེའི་ཕྱིར་མཆོག་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མཆོག་ཉིད་ནི་སྔར་ཁོང་དུ་ཆུད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་སྲས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དེ་དག་ཁོ་ན་དང་པོར་བོད་པར་རིགས་པ་ཡིན་ནོ། །གཙོ་བོ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་དེ་ལས་ངེས་པར་སྐྱེས་པའི་ཕྱིར་

རམ། གཞན་པས་གཙོ་བོ་ཡིན་པའི་ཕྱིར་རམ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་འགྱུར་བའི་ཕྱིར་རོ། །ཉེ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་མཆོག་ཡིན་པའི་ཕྱིར་དང་གཙོ་བོ་ཡིན་པའི་ཕྱིར་གཞན་དག་པས་སྤྱན་སྔ་ན་འདུག་པ་ཡིན་པའི་ཕྱིར་རོ། །རྟག་ཏུ་འདུག་པ་ཡིན་པའི་ཕྱིར་དང་

ཞེས་བྱ་བ་ནི་སྐྱེས་པ་དང་རབ་ཏུ་བྱུང་བ་སྐལ་བ་མཉམ་པ་ཡིན་པའི་ཕྱིར་དེ་དག་རྟག་ཏུ་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །འཛིན་ནུས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་འཁྲུགས་པ་མ་ཡིན་པ་ཉིད་ཀྱིས་ན་དྲན་པ་ཤིན་ཏུ་ཉེ་བར་གནས་པ་ཡིན་པའི་ཕྱིར་དང་། སྐྱེས་བུའི་རྩལ་གྱི་དབང་གིས་ཤེས་རབ་མཆོག་དང་ལྡན་པའི་ཕྱིར་

རོ། །བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི་ཡོན་ཏན་དང་སྤྲུལ་པའི་སྒོ་ནས་ང་ལྟ་བུ་ཡིན་པར་བསྟན་པའི་ཕྱིར་རོ། །དང་པོ་ཡང་བསྟན་པར་བྱའོ། །རྣམ་པར་དབྱེ་བ་ཡང་བསྟན་པར་བྱའོ་ཞེས་གང་གསུངས་པའི་དང་པོ་གང་ཡིན། རྣམ་པར་དབྱེ་བ་ཡང་གང་ཞེ་ན། དེའི་ཕྱིར་དང་པོ་ཞེས་བྱ་བ་ནི་བསྟན་པ་སྟེ་ཞེས་སྨྲས་སོ། །

เล่ม ๑๑๕ · หน้า 73b

འདི་དོན་གང་གིས་བཞག་ཅེ་ན། དེའི་ཕྱིར་རྣམ་པར་འཆད་པ་བས་དེ་སྔ་བའི་ཕྱིར་ཏེ་ཞེས་སྨྲས་ཏེ་བསྟན་པ་སྔ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། བསྟན་པ་ནི་མདོའི་ཚིག་གོ། །རྣམ་པར་འཆད་པ་ནི་རྒྱས་པའི་ཚིག་ཡིན་ནོ། །བསྡུས་པ་དང་རྒྱས་པར་སོ་སོར་བསྟན་ཞེས་བྱ་བ་གྲུབ་པ་ཡིན་ནོ། །རྣམ་

པར་འཆད་པ་བས་བསྟན་པ་དེ་སྔ་བའི་ཕྱིར་ཏེ། དེའི་སྒོ་ནས་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུད་པའི་ཕྱིར་རོ་ཞེས་བྱ་བ་ལ་དེའི་སྒོ་ནས་ཞེས་བྱ་བ་ནི་དང་པོའི་སྒོ་དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུད་ཅིང་འཇོག་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡི་གེ་རྣམས་སྤྱིའི་

ཚིག་གིས་བྱེ་བྲག་གི་ཚིག་འདོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྡུད་པ་ཡིན་པའི་ཕྱིར་ཞེས་བྱ་བས་འདིའི་བྱ་བ་བྱེད་པའི་ཚིག་བསྟན་པ་ཡིན་ནོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་གཉིས་པ། རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ངེས་པར་འཆད་པ་

སྟེ་ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པས་ན་རྣམ་པར་འབྱེད་པ་སྟེ། རྣམ་པར་ཆད་པས་བསྟན་པ་མདོར་བྱས་པ་རྣམ་པར་འབྱེད་པའི་ཕྱིར་རོ། །ངེས་པར་འཆད་པ་ནི་བསྟན་པའི་ཚིག་ཡིན་ཏེ། བསྟན་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ངེས་པར་འཆད་པ་ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་

པར་བྱ་བའི་ཕྱིར་དང་། མདོ་དང་འབྲེལ་པ་ལྟ་བུ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་འབྲེལ་པ་ལྟ་བུ་ནི་ངེས་པར་འཆད་པ་ཡིན་ནོ། །མདོ་ལྟ་བུ་ནི་བསྟན་པ་ཡིན་ནོ། །དེ་བས་ན་མདོ་ལྟ་བུ་བསྡུས་པའི་དོན་མདོར་བསྟན་པ་ཡིན་པ་རྣམས་འགྲེལ་པ་ལྟ་བུ་ངེས་པར་འཆད་པས་རྣམ་པར་དབྱེ་བ་བྱས་ན་བདེ་བླག་ཏུ་ཁོང་དུ་ཆུད་པར་

འགྱུར་རོ། །གལ་ཏེ་དེ་ལྟ་ན་རྣམ་པར་འཆད་པ་ཁོ་ན་བྱ་དགོས་ཀྱི་བསྟན་པ་ནི་མི་དགོས་སོ་ཞེ་ན། དེའི་ཕྱིར་ངེས་པར་འཆད་པ་ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བསྟན་པ་ནི་ཉུང་ལ་ངེས་པར་འཆད་པ་ནི་མང་བ་ཡིན་ནོ། །སྤྱིའི་ཚིག་དང་བྱེ་བྲག་གི་ཚིག་ཡིན་པར་འདོད་དོ་ཞེས་བྱ་བ་

ནི་སྤྱིའི་ཚིག་ལྟ་བུ་ནི་བསྟན་པ་ཡིན་ལ། བྱེ་བྲག་གི་ཚིག་ལྟ་བུ་ནི་ངེས་པར་འཆད་པ་ཡིན་ནོ། །ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྤྱི་དྲན་པའི་རྒྱུ་བྱེ་བྲག་ཡིན་པའི་ཕྱིར་རོ། །སྐྱོན་རྣམ་པ་གཉིས་ཀྱི་གཉེན་པོར་ཡང་བསྟན་པ་ཡིན་ཏེ། སྐྱོན་རྣམ་པ་གཉིས་ནི་སྒྲུབ་པའི་སྐྱོན་དང་དྲན་པའི་སྐྱོན་

เล่ม ๑๑๕ · หน้า 74a

ནོ། །དེ་བས་ན་དེ་ལྟར་ན་ལེགས་པར་བཤད་པར་འགྱུར་ཏེ། མདོ་དང་རྒྱས་པར་ཡང་བཤད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་སྨོས་ན་ནི་ཅིག་ཤོས་ཀྱི་སྐྱོན་དང་ལྡན་པའི་ཕྱིར་རོ། །སྤྲོས་ན་གོ་བ་དང་མདོས་གོ་བའི་གང་ཟག་ལ་ཡང་ལྟོས་པ་ནི་ངེས་པར་འཆད་པ་ནི་བསྟན་པའི་ཚིག་

ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །བསྟན་གྱིས་ཞེས་བྱ་བ་ནི་དང་པོ་དང་རྣམ་པར་དབྱེ་བ་ཞེས་བྱ་བ་འཆད་པ་འཇུག་པ་ལ་བྱ་བར་མངོན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དང་པོ་དང་རྣམ་པར་དབྱེ་བ་ཞེས་བྱ་བའི་སྒྲས་དེ་ཉིད་མདོ་དང་རྒྱས་པར་འཆད་པ་སྟོན་པ་ཡིན་ནོ། །འཆད་པ་དེ་ཡང་གང་ཞེ་ན། འཇུག་པ་ལ་ཞེས་

བྱ་བར་མངོན་ཏེ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ནི་མངོན་པར་སྒྲུབ་པ་དང་འབྱུང་བ་ཞེས་བྱ་བ་དོན་གཅིག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་གཞན་དུ་ཆོས་བཤད་པར་བྱའོ་ཞེས་སྨོས་ན། མདོ་ལ་སོགས་པའི་ཆོས་ལས་དེ་འཆད་པ་གཞན་མ་ཡིན་པ་དང་ཞེས་བྱ་བ་སྨོས་ཏེ་གསུང་རབ་ལས་གྲགས་པ་

དཔེར་བྱེད་དོ། །འཇིག་རྟེན་ན་ཡང་ཚིག་གཅིག་བརྗོད་དོ་ཞེས་སྨྲ་བ་པོ་སྟོན་པར་བྱེད་ན་ཚིག་ལས་ཚིག་གཞན་ཡོད་པ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་དཔེར་བྱེད་པ་ཡིན་ནོ། །སྟོན་ཏོ་ཞེས་མི་བྱ་འམ་ཞེ་ན། བྱས་ན་ནི་བསྟན་པར་བྱ་བ་དང་། སྟོན་པར་བྱེད་པ་འབྲེལ་པ་མེད་པར་འགྱུར་

བའི་ཕྱིར་དང་། ཉེ་བར་བརྟགས་པ་ཡིན་ན་ནི་སྟོན་པར་འགྱུར་བའི་ཕྱིར་རོ། །ཉེ་བར་བརྟགས་པ་ཡིན་ན་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་འབྲེལ་པ་ཡིན་ནོ། །ཡི་གེས་དོན་སྟོན་པ་བཞིན་དུ་བཅོམ་ལྡན་འདས་དེ་སྟོན་པ་བཞིན་དུ་སྟོན་ན་ཇི་ལྟར་སྟོན་པར་བྱེད་པས་ན་ཐ་སྙད་ཙམ་ཡིན་པར་བལྟ་བར་བྱའོ། །དེ་ཞེས་

བྱ་བ་འདི་ནི་ཚིག་འགོད་པའམ་ཞེས་བྱ་བ་ནི་ཚིག་འཇོག་པ་སྟེ། མིང་ཐམས་ཅད་གསལ་བའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བསྟན་པར་བྱའོ་ཞེས་བྱ་བ་དེ་བས་ན་ཉོན་ཅིག་ཅེས་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ནི་སྐྱོན་རྣམ་པ་གསུམ་གྱིས་བཤད་པ་དོན་ཡོད་པར་མི་འགྱུར་ཏེ། ཇི་ལྟ་ཞེ་ན་འདི་ལྟ་མ་

ཡིན་ཏེ། ཅི་སྟེ་གཏོད་པར་བྱེད་པ་དང་། ཕྱིན་ཅི་མ་ལོག་པ་དང་གུས་པས་ཉན་ཞིང་སྦྱོར་བར་བྱེད་ན་ཞེས་དགོངས་པའོ། །ཇི་ལྟ་ཞེ་ན་དེའི་ཕྱིར་རྣམ་པར་གཡེང་བའི་སྐྱོན་གྱིས་ཡི་གེ་མི་ཐོས་པ་དེའི་གཉེན་པོར་ལེགས་པར་ཉོན་ལ་ཞེས་སྨོས་ཏེ་རྣ་གཏོད་པ་ལ་སྦྱོར་བར་བྱེད་དོ། །ཤེས་རབ་ཀྱི་སྐྱོན་གྱིས་ནི་ཡི་གེའི་དོན་

เล่ม ๑๑๕ · หน้า 74b

ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་སྭ་སྟི་དང་ཨ་རིཤྟ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་བཤད་པ་འདི་ལ་སྭསྟིས་ཤེས་རབ་ཀྱི་སྐྱོན་གྱིས་ཡི་གེའི་དོན་ཇི་ལྟར་ལོག་པར་ཟིན་པ་ནི་འདི་ལྟ་སྟེ། ཤི་བ་དུས་ལས་འདས་པ་དང་། གཉེན་རྣམས་ཀྱིས་ལུས་ནི་མེས་སྲེག་པར་བྱེད། ཆུར་སྐྱུར་བར་བྱེད་ས་དོང་དུ་འཇུག་པར་བྱེད་པའམ།

བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམ་པ་དུ་མས་ནི་ཟ་བར་བྱེད་པའམ། རླུང་དང་ཉི་མ་གཉིས་ཀྱིས་བསྐམས་ཤིང་ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་རོ། །གང་ཡང་སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཡུན་རིང་པོར་དེ་

ལ་དད་པས་ཡོངས་སུ་བསྒོས་ཤིང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཡོངས་སུ་བསྒོས་ཏེ། གོང་དུ་འགྲོ་བར་འགྱུར། ཁྱད་པར་དུ་འགྲོ་བར་འགྱུར་ལ། ཤི་འཕོས་ནས་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་ཞེས་བྱ་བ་ལ་ལྟ་བར་གཏོགས་པ་འབྱུང་བ་ནི་འདི་ལྟ་བུ་ཡིན་ཏེ། བདག་གིས་བཅོམ་

ལྡན་འདས་ཀྱིས་གསུངས་པའི་དོན་ཁོང་དུ་ཆུད་དེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མཚམས་སྦྱོར་བར་བྱེད་པ་ཡིན། འཁོར་བ་ཡིན་ཏེ་མ་ཚང་བ་མེད་པ། གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཨ་རིཤྟས་ཀྱང་འདི་ལྟ་སྟེ། ཀྱེ་གཽ་ཏ་མ་དགེ་སློང་ཡང་ཞོག །དགེ་སློང་མ་ཡང་

ཞོག །དགེ་བསྙེན་ཚངས་པར་སྤྱོད་པ་ཡང་ཞོག །དགེ་བསྙེན་མ་ཚངས་པར་སྤྱོད་པ་ཡང་ཞོག་ལ། དགེ་བསྙེན་ཁ་ཅིག་འདོད་པའི་ལོངས་སྤྱོད་ཅན་ཆོས་འདུལ་བ་འདི་ལ་དོགས་པ་དང་ཐེ་ཚོམ་སྤངས་པ་དག་མཆིས་ཏེ། དེ་དག་ཀྱང་འདི་ལ་དགེ་བསྙེན་དུ་གྱུར་པ་གཅིག་གཉིས་མ་ལགས། ལྔ་བརྒྱ་མ་ལགས་ཀྱི།

དེ་བས་ཀྱང་ཤིན་ཏུ་མང་བའི་དགེ་བསྙེན་གང་དག་བུ་རྣམས་སྟེན་པར་བགྱིད། མལ་སྟན་རྣམས་ལ་ཆགས་པར་བགྱིད། བགོ་བ་བཟང་པོ་རྣམས་སྟེན་པར་བགྱིད། ཕྲེང་བ་དང་བྱུག་པ་འཆང་བར་བགྱིད། གསེར་དང་དངུལ་བདག་གིར་བགྱིད། ཆུང་མ་དང་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་

རྣམས་འཁོལ་བར་བགྱིད་པ་དག་ལྷ་དང་མི་དག་ཏུ་ལན་བདུན་སྐྱེ་བ་བླངས་ནས་ཤི་སྟེ། སྡུག་བསྔལ་གྱི་མཐར་འབྱིན་པར་འགྱུར་རོ་ཞེས་བྱ་བ་ལ། ལྟ་བར་གཏོགས་པ་སྐྱེས་པ་ནི་འདི་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པ་ཡིན་པར་གསུངས་པ་དེ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །

เล่ม ๑๑๕ · หน้า 75a

སོགས་པའི་སྒྲས་ནི་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེའི་གཉེན་པོར་ལེགས་པར་ཞེས་བྱ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་འཛིན་པ་ལ་སྦྱོར་བ་ཡིན་ནོ། །འདུན་པ་ཞན་པའི་སྐྱོན་གྱིས་ནི་མ་གུས་པས་གཟུང་བ་མི་འཛིན་པའི་ཕྱིར་རོ། །དེའི་གཉེན་པོར་ཤིན་ཏུ་ཞེས་བྱ་བ་

ཡིན་ཏེ། གུས་པར་འཛིན་པ་ལ་སྦྱོར་བ་ཡིན་ནོ། །སྣོད་ཁས་ཕུབ་པ་དང་། མི་གཙང་བ་དང་། ཞབས་རྡོལ་གྱི་ནང་དུ་ཆར་བབ་པ་དོན་མེད་པ་ཡིན་ཏེ། དེའི་ནང་དུ་མི་འཇུག་པ་དང་། རྣམ་པར་གྱུར་པ་དང་། མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ལ་སྣོད་ཁས་ཕུབ་པ་ལྟ་བུ་ནི་རྣམ་པར་གཡེང་བའི་སྐྱོན་ཡིན་པར་

རིག་པར་བྱ་སྟེ། དེར་ནི་ཡི་གེ་ཉིད་ཀྱང་མི་འཇུག་སྟེ། སྣོད་ཁས་ཕུབ་པ་ལ་ཆར་བབ་པ་བཞིན་ནོ། །སྣོད་མི་གཙང་བ་ལྟ་བུར་ནི་ཤེས་རབ་ཀྱི་སྐྱོན་ཡོད་པ་ཡིན་པར་རིག་པར་བྱ་སྟེ། དེར་གལ་ཏེ་ཞུགས་སུ་ཟིན་ཀྱང་ཕྱིན་ཅི་ལོག་གི་རྣམ་པར་འདུག་སྟེ། སྣོད་མི་གཙང་བའི་ནང་ན་ཆར་བབ་པ་དྲི་ལ་སོགས་པ་མནམ་

པར་གྱུར་པ་བཞིན་ནོ། །སྣོད་ཞབས་རྡོལ་ལྟ་བུ་ནི་འདུན་པ་ཞན་པའི་སྐྱོན་ཡིན་པར་བལྟ་སྟེ། ནང་དུ་ལོན་ཅིང་གྱུར་པ་མེད་དུ་ཟིན་ཀྱང་མི་གནས་པའི་ཕྱིར་ཏེ། སྣོད་ཞབས་རྡོལ་དུ་ཆར་བབ་པ་བཞིན་ནོ། །དེ་ལྟ་ན་ནི་བཤད་ཀྱི་གཞན་དུ་ན་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་དང་ཞེས་བྱ་བ་ནི་གལ་ཏེ་ལེགས་པར་ཤིན་ཏུ་ཡིད་

ལ་བྱེད་ཅིང་ཉན་ན་ཞེས་དགོངས་པའོ། །འདིས་ནི་ཆོས་འཆད་པར་དམ་འཆའ་བ་བྱེ་བྲག་ཏུ་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་འཆད་པ་ནི་དོན་མེད་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ཆོས་འཆད་པ་དོན་ཡོད་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །ང་ཡང་ལེགས་པར་ཤིན་ཏུ་འཆད་དོ་ཞེས་སྦྱར་བའི་

ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་འཆད་པ་ནི་མ་ལེགས་པ་དང་ཤིན་ཏུ་མ་ཡིན་པར་མི་འཆད་མོད་ཀྱི། འོན་ཀྱང་དེ་སྐད་གསུངས་པ་ནི་གདུལ་བྱ་རྣམས་ཉེ་བར་འདུན་པར་བྱ་བའི་ཕྱིར་རོ། །ང་ནི་འཆད་པར་ཟད་ཀྱི་ཁྱེད་རྣམས་ཀྱིས་ནི་ནན་ཏན་གྱིས་སྒྲུབས་ཤིག་ཅེས་བསྟན་པའི་ཕྱིར་རོ་

ཞེས་བྱ་བ་ནི་ཆོས་ལ་སྒྲུབ་པ་སྙིང་པོར་བྱ་བར་རབ་ཏུ་བསྟན་པ་ཡིན་ནོ། །ཆོས་ཐོས་པ་ཙམ་གྱིས་རྟོགས་པའི་འབྲས་བུ་དང་འབྲེལ་པར་མི་འགྱུར་བས་གཞན་གྱིས་དྲི་བར་བྱ་བའི་སྐབས་སུ་ཚིག་དེ་རང་ཉིད་ཀྱི་ཡིན་ཏེ། དེ་མ་ཐག་ཏུ་གཏམ་འཕྲོ་འཆད་པའི་ཉེས་པ་ཡོངས་སུ་སྤངས་པའི་ཕྱིར་དང་། འཇིགས་ནས་

เล่ม ๑๑๕ · หน้า 75b

ཞུ་མི་ནུས་པ་དང་ལྡན་པ་རྣམས་ལ་ཕན་གདགས་པའི་ཕྱིར་དང་། སེམས་རྩེ་གཅིག་ཏུ་བྱས་པ་རྣམས་ཚིག་དང་སྤྱོད་ལམ་ཐ་དད་པས་རྣམ་པར་གཡེང་བར་འགྱུར་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉེས་པ་གསུམ་གྱི་གཉེན་པོར་འདི་གསུངས་ཏེ། ཉེས་པ་གསུམ་ནི་དུས་འདས་པའི་ཉེས་པ་དང་།

འཇིགས་པའི་ཉེས་པ་དང་། རྣམ་པར་གཡེང་བའི་ཉེས་པའོ། །དེ་མ་ཐག་ཏུ་གཏམ་འཕྲོ་འཆད་པ་ནི་འཆི་བར་འགྱུར་ཏེ་དུས་ལས་ཐལ་བ་ཡིན་ནོ། །ཇི་སྐད་དུ། དབང་པོ་དང་ནི་བསམ་པ་དང་། །དུས་དང་འདོད་ལྟོས་ལུས་ཅན་ལ། །གང་ཕྱིར་དྲང་སྲོང་ཆོས་འཆད་པ། །དེ་ཕྱིར་བཤད་འདི་དོན་མེད་མིན། །ཞེས་

གསུངས་སོ། །བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང་། བདག་ཅག་གིས་དྲི་བར་བྱ་བ་ཡིན་ནོ། །འཇིགས་ནས་ཞུ་མི་ནུས་པ་དང་ལྡན་པ་ནི་འཇིགས་པ་སྐྱེ་བ་ཡིན་ཏེ། དེ་ལ་འཇིགས་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། འཇིགས་པ་ནི་ཞུ་མི་ནུས་པའི་རྒྱུ་ཡིན་ནོ། །བླ་གོས་ཕྲག་པ་གཅིག་ཏུ་གཟར་

ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུ་བར་བྱེད་ན། ཚིག་དང་སྤྱོད་ལམ་ཐ་དད་པས་རྣམ་པར་གཡེང་བར་འགྱུར་བའི་ཉེས་པ་འབྱུང་ངོ་། །དེ་ལ་སྔར་སེམས་རྩེ་གཅིག་ཏུ་བྱས་པ་ཡིན་པར་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་ཉོན་ལ་ཤིན་ཏུ་ཞེས་གསུངས་

པའི་ཕྱིར་རོ། །དེ་བས་ན་སྐྱོན་གསུམ་ཡོངས་སུ་སྤང་བའི་ཕྱིར། གཞན་གྱིས་དྲི་བར་བྱ་བའི་སྐབས་སུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་མངའ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་གང་ཞེས་རང་ཉིད་ཀྱིས་དྲི་བ་མཛད་དོ། །འདི་ལྟ་སྟེ་ཞེས་བྱ་བའི་ཚིག་སྦྱོར་བ་འདི་ནི་དང་པོ་བཤད་པ་རྩོམ་པར་བསྟན་པའི་ཕྱིར་

དེ་བཤད་པར་རྩོམ་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་མཐའ་དག་དེའི་རྩོམ་པ་སྟོན་པར་བྱེད་པའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དབྱེ་བ་མེད་པར་འཆད་པ་

ཡིན་ཏེ། ཡན་ལག་རྣམས་མི་སྒྲོགས་པའི་ཕྱིར་རོ། །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནི་ཡན་ལག་རྣམས་ཕྱི་ནས་སྒྲོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། རྣམ་པར་དབྱེ་བ་མེད་པ་དང་དབྱེ་བའོ། །དེ་ལ་སྔར་རྒྱུ་ཡོད་པར་གྱུར་

เล่ม ๑๑๕ · หน้า 76a

ནད་འདུ་བྱེད་རྣམས་འབྱུང་བ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དབྱེ་བ་མེད་པ་ཡིན་ནོ། །དེ་ཡང་མ་བྱུང་བ་ལས་བྱུང་བའམ། བརྟག་པའི་ཆོས་ལ་ནི་དངོས་སུ་དབྱེ་བར་མི་ནུས་པའི་ཕྱིར་རོ། །ཡན་ལག་ཕྱེ་བ་ནི་འདིའི་དབྱེ་བ་བསྟན་པ་ཡིན་ནོ། །དེ་ལ་ཡུལ་དབྱེ་བ་མེད་པར་སྟོན་པ་ནི་

དབྱེ་བ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་རྟེན་འབྱུང་གི་ཡན་ལག་རྣམས་མི་སྒྲོགས་པའི་ཕྱིར་རོ་ཞེས་སྨོས་སོ། །ཡུལ་ཕྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོའི་དབྱེ་བ་ཡིན་ནོ། །འདིར་འདི་ཡོད་ན་ཞེས་བྱ་བ་ནི་ཡོད་པར་འགྱུར་ནའོ། །འདི་འབྱུང་བ་ནི་སྐྱེ་

བའོ་ཞེས་བྱ་བ་ལ་ཡོད་པར་གྱུར་པ་ཞེས་བྱ་བ་འདིས་ནི་ཡོད་པའི་སྒྲ་ཡོད་པ་ཉིད་ཀྱིས་དོན་སྟོན་པར་བྱེད་པ་ཡིན་ནོ། །བསྔགས་པའི་དོན་བསལ་བའི་ཕྱིར་ནི་སྐྱེ་བའོ་ཞེས་སྨོས་པ་ཡིན་ནོ། །འབྱུང་བའི་དོན་དུ་མ་ཡིན་པ་ལས་སྐྱེ་བའི་དོན་གྱིས་བྱ་བ་བྱེད་པར་སྟོན་ཏོ། །འདི་སྐྱེས་པས་ཞེས་བྱ་བ་ནི་བྱུང་བའི་ཕྱིར་

ཞེས་བྱ་བ་ཡིན་ནོ། །འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་འབྱུང་བ་སྟེ་ཞེས་བྱ་བའི་ཚིག་གིས་དེ་འབྱུང་བའི་དོན་ཉིད་སྟོན་པར་བྱེད་དོ། །ཅིའི་ཕྱིར་དང་པོ་མ་ཕྱེ་བར་བསྟན་གྱི། ཕྱེ་བ་ཁོ་ནས་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ལོག་པར་སྨྲས་པ་ཡིན་ཏེ། འདི་སྐད་བརྗོད་པར་བྱ་སྟེ། ཅིའི་ཕྱིར་དང་པོ་འདི་ཕྱེ་སྟེ་བསྟན། མ་ཕྱེ་བ་ཁོ་ནར་མ་ཡིན་

ཞེས་བྱའོ་ཞེ་ན། དེ་སྐད་བརྗོད་པར་བྱ་བ་མ་ཡིན་ཏེ། དབྱེ་བའི་ཚིག་ནི་དགོས་པ་དང་བཅས་པའི་ཕྱིར་རོ། །འདི་ལྟར་དབྱེ་བའི་ཚིག་ལ་དགོས་པ་ཡོད་དེ། དེ་གང་ཞེ་ན། མ་རིག་པ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་པ་མ་བྱས་པར་ནི་རྣམ་པར་དབྱེ་བ་སྟོན་པ་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་དབྱེ་

བ་སྟོན་པ་ཡང་དགོས་པ་དང་བཅས་པ་ཉིད་དུ་བསྟན་ཏོ། །མ་རིག་པ་ལ་སོགས་པའི་རྐྱེན་གྱི་དོན་བསྟན་པའི་ཕྱིར་རོ། །དེ་དག་རྐྱེན་གྱི་དོན་ཡང་འདི་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་དོན་གང་གིས་མ་རིག་པ་འདུ་བྱེད་ཀྱི་རྐྱེན་ཞེས་བྱ་བ་བསྟན་པར་འགྱུར་རོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་

ཞེས་བྱ་བའི་བར་དུ་ཡང་དེ་བཞིན་ནོ། །རྐྱེན་གྱི་མཚན་ཉིད་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་ནང་དང་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་གྱི་མཚན་ཉིད་དེ་དག་ནི་དབྱེ་བ་མེད་པ་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། །ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་

เล่ม ๑๑๕ · หน้า 76b

པ་ལ་དགོས་པ་ཅི་ཡོད་ཅེ་ན། རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་ལྟ་བ་རབ་ཏུ་གསལ་བ་དགོས་པ་ཡིན་ནོ། །འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བའི་ཚིག་འདི་གཉིས་ལ་དོན་གྱི་བྱེ་བྲག་ཐ་དད་པ་ཅི་ཞིག་ཡོད་ཅེ་ན། འདི་གཉི་གས་ཀྱང་རྐྱེན་ཡོད་པ་སྔོན་དུ་སོང་བ་ཅན་གྱི་འབྲས་བུ་སྐྱེ་བ་ཡིན་པ་

རྗོད་པར་བྱེད་དོ། །དེའི་ཕྱིར་ཅི་ཡང་མེད་དོ་ཞེས་སྨྲས་སོ། །གལ་ཏེ་མེད་ན་འོ་ན་ཅིའི་ཕྱིར་གཉིས་བརྗོད་ཅེ་ན་དེའི་ཕྱིར་གཅིག་ལ་གཅིག་འཆད་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་སོ། །ཇི་ལྟར་གཅིག་ལ་གཅིག་འཆད་པ་ཡིན་ཞེ་ན། འདི་ཡོད་ན་འདི་འབྱུང་ཞེས་བྱ་བས་ནི་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་བསྟན་པ་ཡིན་ནོ། །

འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བས་ནི་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་བསྟན་པ་ཡིན་ནོ། །གཅིག་ལ་གཅིག་འཆད་པའི་དགོས་པ་སྟོན་པ་ཡང་གང་ཡང་རུང་བ་ཞིག་བརྗོད་ན་ནི་གྲངས་ཅན་པའི་དོན་ཡོད་པའམ། སྐྱེ་བར་རྟོག་པ་བྱེད་པར་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །ཇི་ལྟ་ཞེ་ན། དེའི་ཕྱིར་དེ་དག་ནི་སྐྱེ་བ་མེད་པར་

ཡང་རྒྱུ་དང་འབྲས་བུ་ཡོད་པར་འདོད་ཀྱི་ཞེས་སྨྲས་ཏེ། ཡོད་པ་གང་ཡིན་པ་དེ་ཉིད་ཡོད་པ་ཡིན་ནོ། །མེད་པ་གང་ཡིན་པ་དེ་ཉིད་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བའི་ཚིག་གིས་ནི་གྲངས་ཅན་པའི་དོན་ཡོད་པ་གསལ་བ་ཡིན་ནོ། །མ་བྱུང་བ་ལས་བྱུང་

བ་སྐྱེ་བ་ཡིན་པར་ནི་མ་ཡིན་ཏེ། ཇི་ལྟར་འདོད་ཅེ་ན་སྐྱེ་བའི་སྒྲ་བྱས་པ་མ་ཡིན་གྱི། མངོན་པར་གསལ་བའི་རྣམ་གྲངས་སུ་གཏོགས་པའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བས་མ་བྱུང་བ་ལས་བྱུང་བ་རབ་ཏུ་བསྟན་པ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ཡོད་པ་མ་ཡིན་ན་འདི་མེད་དོ་ཞེས་བསྟན་པ་ཡིན་པའི་ཕྱིར་རོ། །འདིར་

རིགས་པ་ཡང་བརྗོད་པར་བྱ་སྟེ། རྒྱུ་ལ་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བའོ། །ཅིའི་ཕྱིར་ཞེ་ན། དེ་སྐྱེ་བ་ལ་བྱེད་པ་མཐོང་བའི་ཕྱིར་རོ། །དཔེ་ཅི་ཡོད་ཅེ་ན། ལྷན་ཅིག་བྱེད་པ་དང་བཅས་པའི་རྒྱུ་ཡང་ཐལ་ཞར་དང་སྐུད་པ་དང་ཆུ་དང་སྐྱེས་བུ་རྣམས་ལྷན་ཅིག་བྱེད་པ་དང་བཅས་པའི་རྒྱུ་རྣམས་ཀྱི་བྱེད་

པ་ནི་བདག་ཉིད་མེད་པའི་བུམ་པ་འབྲས་བུ་སྐྱེ་བ་ལ་མཐོང་ངོ་། །སྐྱེ་བའི་གཞི་འཇིམ་གོང་རྒྱུ་མ་ཚང་བ་མེད་པ་རྣམས་ཀྱི་བྱེད་པ་ཡང་དེ་སྐྱེ་བ་ལ་མཐོང་བ་ཡིན་པས་དེ་ལ་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །གཞན་ཡང་འདི་སྐྱེས་པས་ཞེས་བྱ་བ་ནི་གཞན་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐྱེས་པས་

เล่ม ๑๑๕ · หน้า 77a

འདི་སྐྱེ་བ་སྟེ་ཞེས་བྱ་བ་མ་བརྗོད་ན་ནི་རྒྱུ་རྟག་པ་དགག་པ་མ་བྱས་པར་འགྱུར་ཏེ། སྐྱེས་པ་ཁོ་ན་རྐྱེན་གྱིས་དངོས་པོར་བསྟན་པའི་ཕྱིར་གཙོ་བོ་དང་སྐྱེས་བུ་དང་། དབང་ཕྱུག་དང་། དུས་ལ་རྡུལ་ཕྲ་རབ་ལ་སོགས་པ་རྟག་པ་རྒྱུ་ཡིན་པ་རྣམས་རབ་ཏུ་བཀག་པ་ཡིན་ནོ། །འདི་ཡོད་ན་འདི་འབྱུང་ཞེས་

བྱ་བ་མ་བརྗོད་ན་ནི་ངེས་པར་གཏན་ལ་ཕབ་པ་མ་ཡིན་པར་འགྱུར་རོ། །གང་སྐྱེས་པས་གང་སྐྱེ་བ་ནི་དེ་ཁོ་ན་ཡོད་ན་དེ་ཡོད་པ་ཡིན་གྱི་བདག་ལ་སོགས་པ་རྟག་པ་ལས་ཀྱང་མ་ཡིན་ཏེ། དེ་ལྟ་ན་ནི་རྒྱུ་རྟག་པ་དགག་པ་མ་བྱས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་བྱེ་བྲག་པ་དག་ན་རེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྐྱེ་བའི་རྐྱེན་གྱིས་རྒ་

ཤི་ཞེས་བྱ་བ་བདེན་ཏེ། འོན་ཀྱང་བདག་ཡོད་ན་ཡིན་ནོ། །དེ་བཞིན་དུ་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བ་དག་དབང་ཕྱུག་ལ་སོགས་པ་ཡོད་ན་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་དེ་ལྟ་ན་ཡང་རྒྱུ་རྟག་པ་དགག་པ་མ་བྱས་པར་འགྱུར་རོ་ཞེས་བྱ་བ་འདི་སྨོས་སོ། །མདོར་ན་དོན་འདི་ལྟ་སྟེ་ས་བོན་ལ་སོགས་པ་རྒྱུ་མི་རྟག་པ་

རྣམས་ཞིང་ལ་སོགས་པ་རྒྱུ་གཞན་དང་རྗེས་སུ་བསྡོངས་པའི་རང་གི་མཐུ་ནི་མྱུ་གུ་ལ་སོགས་པ་འབྲས་བུ་སྐྱེ་བ་ལ་རྒྱུར་འགྱུར་བ་ནི་མངོན་སུམ་དུ་གྲུབ་པ་ཡིན་ཏེ། རྟག་པ་མ་ཡིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་གཞན་གྱིས་ཡོངས་སུ་ཟིན་པའི་རང་གི་མཐུ་ཡང་རྟག་པ་མ་ཡིན་ནོ། །གཞན་ན་རེ་ཡན་ལག་གཞན་དང་གཞན་སྟོན་པ་

ཡིན་ཞེའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མ་རིག་པ་ཡོད་ན་འདུ་བྱེད་འབྱུང་བ་ཡིན་ལ་འདུ་བྱེད་རྣམས་སྐྱེས་པས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དག་གཟུང་བ་ཡིན་ནོ། །གཞན་ན་རེ་དུམ་བུ་གསུམ་རྣམ་པར་

བཞག་པ་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་ཁ་ཆེ་རྣམ་པར་སྨྲ་བ་དག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔོན་དང་ཕྱི་མ་དང་བར་གྱི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་སྔོན་གྱི་མཐའ་ཡོད་པ་ན་བར་གྱི་མཐའ་ཡོད་པ་ཡིན་ནོ་ཞེས་བྱའོ། །འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་བར་གྱི་མཐའ་

སྐྱེས་པས་ཕྱི་མའི་མཐའ་སྐྱེ་བ་ཡིན་ནོ། །དེ་ལ་མ་རིག་པ་དང་འདུ་བྱེད་ཡན་ལག་གཉིས་ནི་སྔོན་གྱི་མཐའ་བསྡུས་པ་ཡིན་ནོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་དང་ཡན་ལག་བརྒྱད་ནི་བར་གྱི་མཐས་བསྡུས་པ་ཡིན་

เล่ม ๑๑๕ · หน้า 77b

ནོ། །སྐྱེ་བ་དང་། རྒ་ཤི་ཡན་ལག་གཉིས་ནི་ཕྱི་མའི་མཐས་བསྡུས་པ་ཡིན་ནོ། །དེ་ལ་སྔོན་གྱི་ཚེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་གནས་སྐབས་རྣམས་ནི་མ་རིག་པའི་སྒྲས་བསྟན་ཏེ། དུས་འདས་པ་རྣམས་མུན་པའི་རྣམ་པར་གྱུར་པའི་ཕྱིར་རོ། །དེ་ཉིད་ན་བསོད་ནམས་དང་བསོད་

ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་གནས་སྐབས་རྣམས་ནི་ད་ལྟར་གྱི་སྐྱེ་བ་མངོན་པར་འདུ་བྱེད་པའི་དོན་གྱིས་འདུ་བྱེད་ཀྱི་སྒྲས་བསྟན་ཏོ། །ད་ལྟར་སྐྱེ་བའི་ཚེ་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་ཕུང་པོ་རྣམས་ནི་རྣམ་པར་ཤེས་པ་ཡིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་ན་སྐྱེ་བའི་དོན་གྱིས་དེ་དག་ལ་རྣམ་

པར་ཤེས་པའི་ཕྱིར་རོ། །དེའི་འོག་ཏུ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་དུ་མིང་དང་གཟུགས་ཡིན་ཏེ། དེ་ཙམ་ཞིག་སྐྱེ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །དེའི་འོག་ཏུ་གསུམ་འདུས་པ་མ་བྱུང་གི་བར་དུ་མིག་ལ་སོགས་པའི་དབང་པོ་མངོན་པར་གྲུབ་པ་ནི་སྐྱེ་མཆེད་དྲུག་ཡིན་ཏེ། གཞི་དང་རྟེན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །

ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་ནི་མིང་དང་གཟུགས་ཀྱི་གནས་སྐབས་ཉིད་ན་མེད་པའི་ཕྱིར་རོ། །དེའི་འོག་ཏུ་རེག་པ་རྣམ་པར་གཞག་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་ཀུན་ཡོངས་སུ་གཅོད་པར་ནུས་པ་ཡིན་ཏེ། གནས་ཡོངས་སུ་རྫོགས་པའི་ཕྱིར་ཡིན་གྱི་རྣམ་པར་ཤེས་པ་དང་མིང་དང་གཟུགས་ཀྱི་

གནས་སྐབས་གཉིས་ན་རེག་པ་ནི་མ་ཡིན་ནོ། །དེ་ལ་བརྟེན་ནས་ཚོར་བ་རྣམ་པར་གཞག་སྟེ། ཀུན་དུ་འཁྲིག་པའི་འདོད་ཆགས་ཀུན་ནས་འབྱུང་བའི་ཕྱིར་དང་། རྒྱུ་ཡོངས་སུ་རྫོགས་པའི་ཕྱིར་ཡིན་གྱི། སྔར་ཡང་ཚོར་བ་ནི་མེད་པ་མ་ཡིན་ནོ། །དེ་ནས་འཁྲིག་པ་ཉེ་བར་སྤྱོད་པའི་འདོད་ཆགས་ཀུན་དུ་འབྱུང་བའི་

གནས་སྐབས་ན་སྲེད་པ་རྣམ་པར་གཞག་སྟེ། འཁྲིག་པའི་ལོངས་སྤྱོད་ཀྱི་བདེ་བ་དེའི་ཚེ་འབྱུང་བའི་ཕྱིར་རོ། །དེའི་ཚེ་ལོངས་སྤྱོད་ཐོབ་པའི་ཚོལ་བ་བྱུང་བ་ན་ལེན་པ་རྣམ་པར་གཞག་སྟེ། དེའི་ཚེ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་སྨིན་པའི་ཕྱིར་རོ། །དེ་ནས་སྲིད་

པ་རྣམ་པར་གཞག་སྟེ། འདི་ལྟར་ལེན་པའི་རྐྱེན་གྱིས་ཡང་སྲིད་པའི་ལས་རབ་ཏུ་སོགས་པ་ཡིན་ནོ། །དེ་ནས་ཚེ་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་དོན་གྱིས་སྐྱེ་བ་རྣམ་པར་གཞག་གོ། །དེ་ནས་རྒ་ཤི་ཡིན་པར་རིག་པར་བྱ་སྟེ། དེ་དག་ཙམ་གྱིས་དོན་བྱས་པའི་ཕྱིར་རོ། །དེ་ནི་མ་རིག་པ་ལ་སོགས་པ་དེ་དག་

เล่ม ๑๑๕ · หน้า 78a

རྐྱེན་ཡིན་པའི་ཚིག་ཁོ་ནས་གཉི་ག་གྲུབ་པས་ཞེས་བྱ་བ་ནི་འདི་ལྟ་སྟེ་ཡན་ལག་གཞན་དང་གཞན་དུམ་བུ་གསུམ་རྣམ་པར་གཞག་པ་ཡང་ཞེས་སྟོན་ཏོ། །ཇི་ལྟར་ཡན་ལག་གཞན་དང་གཞན་འགྲུབ་ཅེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་

ཤེས་པ་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སྨོས་པ་ཡིན་ནོ། །དུམ་བུ་གསུམ་རྣམ་པར་གཞག་པ་ཡང་འགྲུབ་པ་ཡིན་ཏེ། འདི་ལྟར་མ་རིག་པ་འདུ་བྱེད་ནི་སྔོན་གྱི་མཐའི་དུམ་བུ་ཡིན་ནོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་བར་གྱི་མཐའི་དུམ་བུ་ཡིན་ནོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའི་དུམ་བུ་ཡིན་

པས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེར་ཡང་ཡན་ལག་གཞན་དང་གཞན་དུམ་བུ་གསུམ་རྣམ་པར་གཞག་པ་མེད་པས་གཉིས་མི་བརྗོད་པར་འགྱུར་རོ་ཞེས་བྱ་བ་ནི་སྤྲེའུ་ལྟ་བུའི་མདོ་སྡེ་ལས་སོ། །ཇི་ལྟར་ཡན་ལག་གཞན་དང་གཞན་མེད་པ་ཡིན་ཞེ་ན། ཡན་ལག་བཅུ་གཉིས་རྗོད་པར་མི་བཞེད་པའི་ཕྱིར་

རོ། །དེ་ཉིད་ཀྱི་ཕྱིར་དུམ་བུ་གསུམ་རྣམ་པར་གཞག་པ་ཡང་མེད་པར་འགྲུབ་པ་ཡིན་ནོ། །མངོན་སུམ་དང་བརྒྱུད་པའི་རྐྱེན་གྱི་དངོས་པོ་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་མངོན་སུམ་གྱི་རྐྱེན་གྱི་དངོས་པོ་སྟོན་ཏེ། ཇི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་སྟེ། མ་རིག་པ་ལས་དེ་

མ་ཐག་ཏུ་དེ་དག་འབྱུང་བའི་ཕྱིར་རོ། །འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་བརྒྱུད་པའི་རྐྱེན་གྱི་དངོས་པོ་སྟོན་ཏེ། འདི་ལྟར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་ལ་ནི་མ་རིག་པ་བརྒྱུད་པའི་སྒོ་ནས་རྐྱེན་གྱི་དངོས་པོར་འགྱུར་ཏེ། འབྲས་བུ་ལ་ས་བོན་བཞིན་ནོ། །

འདི་ལྟར་གང་དེ་སྐྱེས་པ་མ་ཡིན་ན་ནི་དེའི་རྐྱེན་གྱིས་འདུ་བྱེད་ཀྱང་མ་ཡིན་ལ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་ཡང་མི་འགྱུར་ཞིང་། རྒ་ཤིའི་བར་དུ་ཡང་རྒྱས་པར་སྦྱར་རོ་ཞེ་ན། དེ་དག་དགག་པ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ནི་མ་རིག་པ་ལ་སོགས་པ་དེ་དག་རྐྱེན་ཡིན་པའི་ཚིག་ཁོ་ནས་གཉི་ག་གྲུབ་

པས་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བས་ནི་མངོན་སུམ་གྱི་དངོས་པོ་བསྟན་པ་ཡིན་ནོ། །དེའི་རྐྱེན་ཅན་གྱི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བས་ནི་བརྒྱུད་པའི་རྐྱེན་གྱི་དངོས་པོ་ངེས་པར་བྱས་པ་ཡིན་ནོ། །སྤྲེའུ་ལྟ་བུའི་མདོ་ལས་ཀྱང་སྲིད་པ་ན་མངོན་

เล่ม ๑๑๕ · หน้า 78b

སུམ་གྱི་རྐྱེན་གྱི་དངོས་པོ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེའོ་ཞེས་བྱ་བ་དེ་ལ་སོགས་པ་གསུངས་པའི་ཕྱིར་བརྒྱུད་པའི་རྐྱེན་གྱི་དངོས་པོ་ཡོད་པ་མ་ཡིན་པས། གཉིས་མི་བརྗོད་པར་འགྱུར་རོ། །གཞན་དག་ན་རེ་ཚིག་དང་པོས་ནི་རྒྱུན་གྱིས་རྒྱུ་གནས་པ་སྔོན་དུ་སོང་

བའི་འབྲས་བུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུན་གྱིས་ཞེས་སྨྲས་ཏེ། ཇི་ལྟ་ཞེ་ན། ཇི་སྲིད་དུ་རྒྱུན་གྱིས་རྒྱུ་གནས་པར་འདུག་པ་དེ་སྲིད་དུ་རྒྱུན་ཁོ་ནས་འབྲས་བུ་གནས་པ་ཡིན་ནོ། །རྒྱུན་གྱིས་ཞེས་སྨོས་པ་ནི་སྐད་ཅིག་མ་ནི་གཞན་དུ་གནས་པར་མི་རིགས་པའི་ཕྱིར་རོ། །འདིར་རྒྱུ་འབྲས་འབྲེལ་པ་ལ་རྒྱུན་གྱི་སྒྲས་བསྟན་ཏོ། །

འབྲས་བུ་གནས་པ་དེ་ཡང་རྒྱུ་གང་གིས་ཡིན་པ་མི་ཤེས་པས་དེའི་ཕྱིར་གཉིས་པས་ནི་ཞེས་བྱ་བ་ནི་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ཏེ། རྒྱུ་སྐྱེས་པས་འབྲས་བུ་སྐྱེ་བ་ཡིན་ནོ་ཞེས་སྨྲའོ་ཞེ་ན་དེར་རྟེན་ཅིང་འབྲེལ་པར་འབྱུང་བ་བརྩམས་པ་ལ་གནས་པ་འཆད་པ་འབྲེལ་པ་ཅི་ཡོད་ཅེས་བྱ་བ་ནི་འདུས་བྱས་ཀྱི་

མཚན་ཉིད་ནི་རྣམ་པ་གསུམ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གནས་པར་འཆད་པའི་སྐབས་འབྲེལ་པ་ཡོད་པ་མ་ཡིན་ཏེ། སྐབས་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དེ་ཡང་སྐྱེ་བ་ཁོ་ན་ཡིན་ན་ནི་ཞེས་བྱ་བ་ལ་དེ་ཡང་ཞེས་བྱ་བ་ནི་གནས་པ་ལ་སྦྱར་ཏེ་

སྐད་ཅིག་མ་ལ་ནི་གཞན་དུ་གནས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་དེར་རྟེན་ཅིང་འབྲེལ་པར་འབྱུང་བ་བརྩམས་པ་ལ་གནས་པ་འཆད་པ་འབྲེལ་པ་ཅི་ཡོད་ཅེས་བྱ་བ་དེའི་ལན་བཏབ་པ་ཡིན་ཏེ། གནས་པ་ནི་སྐྱེ་བའི་རྣམ་གྲངས་ཡིན་པའི་ཕྱིར་གནས་པ་ཡང་ཁོངས་སུ་གཏོགས་པ་ཁོ་ན་ཡིན་པའི་ཕྱིར་

རོ་ཞེ་ན་དེའི་ཕྱིར་སློབ་དཔོན་གྱིས་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བའི་ཚིག་གཉིས་ལ་དོན་ལ་བྱེ་བྲག་ཅི་ཡོད་ཅེས་སྨྲས་སོ། །གཉི་གས་ཀྱང་རྒྱུ་སྔོན་དུ་སོང་བ་ཅན་གྱི་སྐྱེ་བ་ཡིན་པར་བསྟན་པས་སོ། །གལ་ཏེ་རྒྱུན་ཐོག་མར་སྐྱེས་པའི་བྱེ་བྲག་ལ་བརྟེན་ནས་འདི་དག་སྨྲ་ན་དེའི་ཕྱིར། གལ་ཏེ་

རྒྱུན་སྐྱེས་པ་དང་གནས་པ་ཡིན་སྔ་མ་སྐྱེས་པ་སྐྱེ་བ་ཡིན་ཏེ། སྔར་སྐྱེ་ལ་ཕྱིས་གནས་པ་ཡིན་པས་སྐྱེ་བ་མ་བཤད་པར་གནས་པའི་དུས་ཅིའི་ཕྱིར་བཤད་ཅེས་བྱ་བ་སྨྲས་ཏེ། སྔར་སྐྱེ་ལ་ཞེས་བྱ་བ་ནི་དང་པོར་སྐྱེས་པའོ། །ཕྱིས་གནས་པ་ཡིན་པས་ཞེས་བྱ་བ་ནི་རྒྱུན་གྱི་སྐྱེས་པ་སྔོན་དུ་སོང་བ་ཅན་གྱི་རྒྱུན་གྱིས་གནས་

เล่ม ๑๑๕ · หน้า 79a

པ་ཡིན་པས་དུས་ལོག་པར་འཆད་པ་རིགས་པ་མ་ཡིན་གྱི། འདི་སྐྱེས་པས་འདི་སྐྱེ་ཞིང་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་རིགས་པར་འགྱུར་བ་ཡིན་ནོ། །ནུར་ནུར་པོ་དང་ནར་ནར་པོ་ལ་སོགས་པ་དང་། ཞོ་དང་འོ་མ་ལ་སོགས་པ་ཡང་སྐྱེས་ཏེ་གནས་པ་ཡིན་ན་རྒྱུ་གང་ཞིག་གནས་པ་ཡོད་ན་

ཡོད་དོ་ཞེས་འདི་བརྗོད་པར་བྱ་ཞེས་བྱ་བ་ནི་ནར་ནར་པོ་དང་ནུར་ནུར་པོ་ལ་སོགས་པ་ལ་མ་གཏོགས་པ་རྒྱུ་གནས་སྔོན་དུ་སོང་བ་ཅན་ནམ། འོ་མ་དང་ཞོ་ལ་སོགས་པ་མ་གཏོགས་པ་རྒྱུ་གནས་པ་སྔོན་དུ་སོང་བ་ཅན་གྱི་ནུར་ནུར་པོ་དང་ནར་ནར་པོ་ལ་སོགས་པའམ་ཞོ་དང་འོ་མ་ལ་སོགས་པ་གནས་པ་ནི་ཡོད་པ་མ་

ཡིན་ཏེ། ནུར་ནུར་པོ་རྣམ་པར་ཞིག་ན་ནར་ནར་པོར་འགྱུར། ནར་ནར་པོ་རྣམ་པར་ཞིག་ན་གོར་གོར་པོར་འགྱུར། གོར་གོར་པོ་རྣམ་པར་ཞིག་ན་མཁྲང་པོར་འགྱུར་བ་ཡིན་ལ་འོ་མ་ཞིག་ན་ཞོར་འགྱུར་ཞིང་ཞོ་ཞིག་ན་དར་བར་འགྱུར་བ་ལ་སོགས་པ་ཡིན་ན་དེའི་ཕྱིར་འདིར་རྒྱུ་གནས་པ་གང་ཡིན་པ་བརྗོད་པར་བྱ་

དགོས་ལ་གང་གི་ཕྱིར་ནར་ནར་པོ་ལ་སོགས་པའི་རྒྱུན་གྱི་མཚན་ཉིད་གནས་པ་ཡིན་ཞེས་བྱ། གང་ཡང་རྒྱུ་ཟས་ལ་སོགས་པ་གནས་པ་སྔོན་དུ་སོང་བ་ཅན་གྱི་ནུར་ནུར་པོ་དང་ནར་ནར་པོ་ལ་སོགས་པ་གནས་པ་ཡིན་ནོ་ཞེས་བརྗོད་ན་ཡང་ཟས་ལ་སོགས་པའི་རྐྱེན་ཇི་སྲིད་དུ་རྗེས་སུ་འཇུག་པ་དེ་སྲིད་དུ་ནུར་ནུར་པོ་དང་ནར་ནར་

པོ་ལ་སོགས་པ་དེ་དག་གནས་པ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ནི་འདོད་པ་མ་ཡིན་ནོ། །དེ་བས་ན་རྒྱུ་གང་ཞིག་གནས་པ་ཡོད་ན་ཡོད་དོ་ཞེས་འདིར་བརྗོད་པར་བྱ་གྲིབ་མ་དང་འོད་དང་། ཨུཏྤ་ལ་ལ་སོགས་པ་རྒྱུ་གནས་པ་སྔོན་དུ་སོང་བ་ཅན་གྱི་གནས་པ་ཡིན་པར་མཐོང་བ་མ་ཡིན་ནམ་ཞེ་ན། མཐོང་བ་ནི་བདེན་ཏེ་ཡོད་པ་

མ་ཡིན་པར་ཡང་རྒྱུ་གནས་ན་འབྲས་བུ་གནས་པ་མཐོང་བའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་ཞེས་ངེས་པར་བརྗོད་པར་བྱ་བ་མ་ཡིན་ཏེ། ཚོགས་པའམ་རྐྱེན་སྔར་བྱུང་བས་གྲིབ་མ་དང་། འོད་དང་ཨུཏྤ་ལ་ལ་སོགས་པ་ཡིན་པས་དེ་དག་རྒྱུ་གནས་པ་སྔོན་དུ་སོང་བ་ཅན་གྱི་གནས་པ་ཡིན་པར་ཡང་མ་གྲུབ་

པ་ཡིན་ནོ་ཞེས་བྱའོ། །ཕ་རོལ་པོ་དག་ན་རེ་ཞེས་བྱ་བ་ནི་ཚིག་དང་པོ་ཀུན་གྱིས་རྣམ་པ་གཞན་བསྟན་པ་ཡིན་ནོ་སྙམ་དུ་སེམས་ནའོ་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ། །ཅི་ཞེ་ན་འབྲས་བུ་སྐྱེ་བའོ། འདི་ལྟར་འདི་སྐྱེས་པས་འདི་སྐྱེ་བ་སྟེ། དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཡོད་ན་རྒྱུ་འཇིག་པར་སྨྲའོ་ཞེས་གྲགས་

เล่ม ๑๑๕ · หน้า 79b

པ་ཡིན་ནོ་ཞེ་ནའོ། །འབྲས་བུ་རྒྱུ་མེད་པ་ཅན་ཉིད་ཡིན་པར་ཇི་ལྟར་དོགས་ཤེ་ན། རྒྱུའི་ཚིག་མེད་པའི་ཕྱིར་ཏེ། ཇི་ལྟར་རྒྱུ་འཇིག་པའི་རྒྱུ་ནི་སྨྲས་ཀྱི་འབྲས་བུ་སྐྱེ་བའི་ནི་མ་སྨྲས་པའི་ཕྱིར་རོ། །གཞན་དུ་བསྟན་པ་མེད་པ་ལ་གཞན་དུ་སྟོན་པ་ནི་རང་དགའི་ཚིག་ཙམ་དུ་ཟད་དེ་མདོ་མ་ཡིན་པའི་ཕྱིར་དང་ཞེས་བྱ་བ་

ནི། འདི་ཡོད་ན་འདི་འབྱུང་ཞེས་བྱ་བས་འདིར་གཞན་དུ་བསྟན་པ་མེད་དེ་གཞན་དུ་བསྟན་པ་མེད་པ་ཁོ་ན་ལ་འབྲས་བུ་ཡོད་ན་རྒྱུ་འཇིག་གོ་ཞེས་གཞན་དུ་སྟོན་ཏེ། འབྲས་བུ་ཡོད་ན་རྒྱུ་འཇིག་གོ་ཞེས་སྟོན་པ་ནི་རང་གི་ཚིག་ཙམ་དུ་ཟད་དོ། །ཅིའི་ཕྱིར་ཞེ་ན་མདོ་མ་ཡིན་པའི་ཕྱིར་ཏེ། མདོ་ལས་ནི་འབྲས་བུ་

ཡོད་ན་རྒྱུ་འཇིག་པར་བསྟན་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན་རྒྱུ་ཡོད་ན་འབྲས་བུ་ཡོད་པ་ཁོ་ནར་བསྟན་པ་ཡིན་ཏེ། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་ཡོད་ན་རྒྱུ་

འཇིག་པར་འགྱུར་བ་ལ་དགོངས་པ་ཡིན་ན་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་མ་རིག་པ་འཇིག་པར་འགྱུར་ཞེས་གསུངས་པར་འགྱུར་རོ། །རྒྱུ་ཞིག་པ་སྐྱེ་བ་མ་ཡིན་ལ་འབྲས་བུ་ལ་བརྟེན་པ་ཡང་མ་ཡིན་ཏེ། སྐད་ཅིག་མའི་ཆོས་འཇིག་པ་ལ་རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཡིན་

ན། རྒྱུ་འཇིག་པ་ནི་སྐྱེ་བ་མ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་དུ་ཆུད་པའི་ཕྱིར་རོ། །སྐད་ཅིག་མ་ཡིན་པའི་ཕྱིར་འབྲས་བུ་ལ་བརྟེན་པ་མ་ཡིན་ན། འདི་ཇི་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་པར་རྩོམ་པ་ལ་འཇིག་པ་སྟོན་པ་འབྲེལ་པ་ཅི་ཡོད་ཅེས་བྱ་བ་ནི་འབྲེལ་པ་ཡོད་པ་མ་

ཡིན་ཏེ། སྐབས་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་ཆོས་འཇིག་པ་ལ་རྐྱེན་ཡོད་ན་སྐྱོན་ཅི་ཡོད་ཅེ་ན། སྐད་ཅིག་མ་འཇིག་པ་ལ་གནོད་པར་འགྱུར་ཏེ། འབྲས་བུའི་སྐད་ཅིག་མའི་ཚེ་རྒྱུ་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱུའི་གནས་སྐབས་ན་འབྲས་བུ་སྐྱེ་བཞིན་པ་ཡིན་ལ་རྒྱུ་འཇིག་པའི་གནས་སྐབས་ན་འབྲས་བུ་སྐྱེས་

པ་མ་ཡིན་ནམ། འབྲས་བུའི་ཚེ་རྒྱུ་ཡང་རྣམ་པར་ཞིག་པ་ཡིན་ན་འབྲས་བུའི་ཚེ་ཇི་ལྟར་རྒྱུའི་གནས་སྐབས་ཡིན་པར་འགྱུར་ཞེ་ན། གལ་ཏེ་དེ་ལྟ་ན་འོ་ན་ནི་འབྲས་བུ་ནི་རྒྱུ་འཇིག་པའི་རྒྱུ་ཡིན་པར་འགྲུབ་པར་མི་འགྱུར་ཏེ། སྐྱེ་བཞིན་པའི་གནས་སྐབས་ནི་མེད་པ་ཡིན་པའི་ཕྱིར་རོ། །རྒྱུ་འཇིག་བཞིན་པའི་གནས་སྐབས་ཀྱང་

เล่ม ๑๑๕ · หน้า 80a

འབྲས་བུའི་རྒྱུ་ཡིན་པར་ཇི་འགྱུར་ཏེ། འཇིག་བཞིན་པའི་གནས་སྐབས་ནི་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ད་ལྟར་གྱི་དངོས་པོ་ནི་འཇིག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་འཇིག་བཞིན་པའི་གནས་སྐབས་ཞེས་བྱའོ། །ཕྱིས་དེ་མ་ཐག་ཏུ་འབྲས་བུ་སྐད་ཅིག་མ་འབྱུང་བར་འགྱུར་བ་ནི་འབྲས་བུ་སྐྱེ་

བཞིན་པ་ཞེས་བྱ་སྟེ། སྐྱེ་བཞིན་པ་ཡིན་པ་ལྟར་སྐྱེ་བཞིན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་འདི་ཡིན་པར་གྱུར་ན་ནི་ཞེས་བྱ་བ་ནི་འབྲས་བུ་ཡོད་ན་རྒྱུ་འཇིག་པར་འགྱུར་རོ་ཞེས་བྱ་བ་སྨྲས་པ་གང་ཡིན་པའོ། །དེ་ལྟར་བྱས་ན་ཤིན་ཏུ་དོན་གསལ་བར་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བ་ནི་འདི་མི་འབྱུང་བ་ནི་འདི་མི་

འབྱུང་ཞེས་བྱ་བ་རྣམ་པར་འཇིག་པ་འདིའི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟར་མ་བྱས་ན་གཏན་ལ་ཕེབས་པར་མི་འགྱུར་ཏེ། ཅི་འབྲས་བུ་ཡོད་ན་རྒྱུ་འཇིག་པ་ཡིན་ནམ། འོན་ཏེ་རྒྱུ་ཡོད་ན་འབྲས་བུ་ཡིན་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་རེག་པ་དང་། ཚོར་བའམ་མྱུ་གུ་དང་གྲིབ་མ་ལྟ་བུའོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་

བའི་རྐྱེན་གྱིས་ཞེས་སྦྱར་རོ། །དེ་ལ་དཔེ་གཉིས་ནི་འཇིག་རྟེན་ན་གྲགས་པ་ཐ་དད་པས་བསྟན་པ་ཡིན་ནོ། །ཇི་ལྟར་སྲིད་པ་ལས་སྐྱེ་བ་ལྟ་བུ་དང་ས་བོན་ལས་མྱུ་གུ་ལྟ་བུའོ་ཞེས་བྱ་བ་ནི་ཅི་ཞེ་ན། རྐྱེན་སྔར་སྐྱེས་པ་ཡིན་ནོ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་འདིར་ནི་དེ་དག་འགྲུབ་པར་འགྱུར་ཏེ། ཇི་ལྟ་ཞེ་ན། འདི་

ལས་ནི་ལྷན་ཅིག་འབྱུང་བའི་རྐྱེན་ཀྱང་ཡོད་དེ། ཇི་ལྟར་ཚོར་བའི་རེག་པ་ལྟ་བུའོ། །སྔར་བྱུང་བ་ཡང་ཡོད་དེ། ཇི་ལྟར་སྐྱེ་བའི་སྲིད་པ་ལྟ་བུའོ། །སྤྲེའུ་ལྟ་བུའི་མདོ་ལས་ནི་འགྲུབ་པར་མི་འགྱུར་ཏེ། ལྷན་ཅིག་འབྱུང་བའི་རྐྱེན་ཁོ་ན་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་

ནས་བདེ་བའི་ཚོར་བ་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་ནི་ཚིག་དང་པོ་མེད་པར་ཡང་སྨྲ་བ་གཉི་ག་དགག་པ་འགྲུབ་པས་དེ་དག་ནི་དོན་མ་ཡིན་ནོ་ཞེས་བྱ་བ་ལ་ཚིག་དང་པོ་ནི་འདི་ཡོད་ན་འདི་འབྱུང་ཞེས་གང་གསུངས་པ་དེ་ཡིན་ནོ། །འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་འདི་ཁོ་ནས་རྒྱུ་མེད་པ་དང་། རྒྱུ་རྟག་

པར་སྨྲ་བ་དགག་པ་འགྲུབ་པར་འགྱུར་བའི་ཕྱིར་རོ། །མ་སྤངས་པའི་ཕྱིར་དང་། མི་རྟག་པའི་རྐྱེན་ལས་སྐྱེ་བའི་དོན་གྱིས་ཚིག་གཉིས་སྨོས་ཏེ་ཞེས་རྒྱས་པར་འབྱུང་བ་ལ་མ་རིག་པ་ལ་སོགས་པ་མ་སྤངས་པའི་རྐྱེན་ལས་སྐྱེ་བའི་དོན་གྱིས་འདི་ཡོད་ན་འདི་འབྱུང་ཞེས་བྱ་བའི་ཚིག་དང་པོ་འདི་གསུངས་སོ། །མི་

เล่ม ๑๑๕ · หน้า 80b

རྟག་པ་ཁོ་ན་ལས་སྐྱེ་བའི་དོན་གྱིས་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བའི་ཚིག་གཉིས་པ་གསུངས་སོ། །མདོའི་དོན་འདི་ཡིན་ཏེ་མི་རྟག་པའི་དོན་འདི་ལས་སྐྱེ་ཡང་མ་སྤངས་པ་ལས་ཡིན་གྱི་ཐམས་ཅད་ལས་མ་ཡིན་ནོ། །ཇི་སྐད་དུ་ཕྲ་རྒྱས་མ་སྤངས་པའི་ཕྱིར་དང་ཡུལ་སོ་སོར་ཉེ་བར་གནས་པའི་ཕྱིར་ཞེས་

རྒྱས་པར་གསུངས་ཏེ། སྲིད་པའི་ཡན་ལག་གི་དབང་དུ་བྱས་ཏེ་མ་སྤངས་པ་བསྟན་ཏོ། །འོན་ཀྱང་དགེ་བ་ཟག་པ་དང་བཅས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། དེ་ལ་དམིགས་པའི་འདུན་པ་དང་འདོད་ཆགས་མ་སྤངས་པ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་སྟོན་པ་ནི་འདི་ཡོད་ན་འདི་འབྱུང་

ཞེས་བྱ་བ་ཡིན་ནོ། །མ་སྤངས་པའི་ཕྱིར་ཞེས་བསྟན་པ་ཡིན་པར་ཇི་ལྟར་མངོན་ཞེ་ན། དེའི་ཕྱིར་ཡོད་ན་ཞེས་བྱ་བ་ནི་མ་སྤངས་པ་ལ་བྱ་སྟེ་ཞེས་བྱ་བར་རྒྱས་པར་སྨྲས་སོ། །ཅི་འདོད་པ་དང་། འདུན་པ་ཡོད་བཞིན་དུ་ཞེས་བྱ་བ་ནི་མ་སྤངས་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཡོ་བ་མེད་པའི་རྐྱེན་བྱུང་བའི་མཚན་ཉིད་

ཅེས་བྱ་བ་ནི་སྤྱོད་པ་མེད་པ་དང་། བྱ་བ་བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཅེས་བྱ་བའི་དོན་གང་ཡིན་པ་སྟེ། འདི་ལས་གཡོ་བ་དང་བྲལ་བས་གཡོ་བ་མེད་པའོ། །གཡོ་བ་མེད་པ་ཡང་ཡིན་རྐྱེན་ཀྱང་དེ་ཡིན་པས་གཡོ་བ་མེད་པའི་རྐྱེན་ནོ། །གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ནི་རྟེན་ཅིང་འབྲེལ་པར་

འབྱུང་བ་འདིའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དེ། །དེ་གང་ཡིན་པ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ། །མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཀྱང་དེ་བཞིན་ནོ། །ཡོད་པ་ཙམ་རྐྱེན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་

འདི་ཡོད་ན་འདི་འབྱུང་ཞེས་གསུངས་པའི་ཕྱིར་ཏེ། འདི་ལྟར་རྐྱེན་རྣམས་གཡོ་བས་ནོན་པ་མ་ཡིན་པ་དེ་ལས་འབྲས་བུ་འབྱུང་བར་འགྱུར་ཏེ། ལྕགས་ལ་ཁབ་ལོང་བཞིན་པ་དང་བདག་ཉིད་མ་ཡིན་ཡང་གསེར་གྱི་འབི་སྟི་བ་དཀོན་པ་དང་འདྲ་སྟེ། གསེར་གྱི་འབི་སྟི་བ་དཀོན་པ་མེད་ན་ནི་གསེར་རིན་ཆེ་བ་དང་ཁྱད་པར་

དུ་ཡང་མི་འགྱུར་གྱི། འོན་ཀྱང་དེ་ཡོད་ན་དེ་མ་བྱུང་བ་ལས་འབྱུང་བར་འགྱུར་རོ། །སྔ་ཕྱིའི་ཡན་ལག་ངེས་པས་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔ་མ་ཡང་ཡིན་ལ་ཕྱི་མ་ཡང་ཡིན་པས་སྔ་ཕྱིའོ། །དེ་དག་ཉིད་ཡན་ལག་ཡིན་པས་སྔ་ཕྱིའི་ཡན་ལག་གོ། །དེ་གཉིས་ངེས་པའི་སྔ་ཕྱིའི་ཡན་ལག་ངེས་པའོ། །

เล่ม ๑๑๕ · หน้า 81a

སྔ་ཕྱིའི་ཡན་ལག་ངེས་པ་དེས་ན་མ་རིག་པ་ལ་སོགས་པ་རྐྱེན་ཉིད་དུ་བསྟན་པའི་ཕྱིར་ཏེ། ཡན་ལག་སྔ་མ་ཉིད་ནི་ཡན་ལག་ཕྱི་མའི་རྐྱེན་ཡིན་གྱི་ཕྱི་མ་ནི་སྔ་མའི་མ་ཡིན་ནོ། །གང་དང་གང་སྐྱེ་བར་བྱ་བའི་ཕྱིར་ནུས་པ་ཡོད་པ་དེ་དང་དེ་ལས་སྐྱེ་བ་ཡིན་གྱི་ནུས་པ་མེད་པ་ལས་མ་ཡིན་པས་ནུས་

པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། འདུ་བྱེད་ནི་འདིའི་རྐྱེན་ཡིན་ནོ། །དེ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཞེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ནི་འདིའི་རྐྱེན་ཡིན་ཏེ། དེ་ནི་འདི་ལྟ་སྟེ་

སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་སྟེ། ཚིག་བསྡུ་བ་གཞན་དུ་རྟོག་པ་བསལ་བའི་ཕྱིར་རོ། །རྐྱེན་གྱི་དོན་ནི་སྔར་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། དེ་དག་གི་རྐྱེན་གྱི་དོན་ནི་འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །ངེས་ཚིག་ནི་རྐྱེན་དེ་ལས་ཡིན་པས་རྐྱེན་ཡིན་

པ་དང་ཞེས་བྱ་བ་ནི་ངེས་པར་འདི་ལས་འགྲུབ་པས་ངེས་འགྲུབ་སྟེ་རྐྱེན་ལ་བྱ་བ་དང་ཉེ་བར་གྲུབ་པའི་བྱེ་བྲག་གིས་ཁམས་ཀྱི་དོན་ཡོངས་སུ་སྒྲུབ་པའི་ཕྱིར་རབ་ཏུ་འབྱུང་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་སོ། །གཞན་དག་ན་རེ་རྐྱེན་བྱེད་པས་རྐྱེན་ཡིན་ནོ། །རྐྱེན་

བྱེད་པ་གང་ཞེ་ན། འབྲས་བུ་སྐྱེས་པ་ལ་རང་རྒྱུའི་དངོས་པོ་ཡིན་པའམ། རང་གི་འབྲས་བུའི་རྐྱེན་ཡིན་པས་རྐྱེན་ཏོ། །རྐྱེན་གང་ཡིན་ཞེ་ན་ཞེས་བྱ་བ་ནི་རྐྱེན་ལ་ཐེ་ཚོམ་ཟ་བའོ། །གཙོ་བོའི་རྐྱེན་བརྗོད་པར་འདོད་པ་ཡིན་གྱི། མ་རིག་པ་ལ་སོགས་པ་དག་འདུ་བྱེད་ལ་སོགས་པ་ལ་དེ་མ་ཐག་པ་དང་། དམིགས་པའི་རྐྱེན་

གྱིས་དངོས་པོ་བྱེད་པ་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་རྐྱེན་ཅེས་བྱ་བ་བསྟན་ཞེས་རྒྱས་པར་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ཅིའི་ཕྱིར་རྐྱེན་ཅེས་བསྟན། མ་རིག་པའི་རྒྱུ་ཅན་འདུ་བྱེད་ཡིན་ནོ། །མ་རིག་པ་བྱེད་རྒྱུ་དང་མ་རིག་པ་གཞི་ནས་སྐྱེ་བའི་རྒྱུ་ཅན་རྒ་ཤི་དང་

སྐྱེ་བ་བྱེད་རྒྱུ་དང་སྐྱེ་བ་བཞིའོ་ཞེས་བྱ་བ་མ་ཡིན་ཞེ་ན། གང་ཡང་རུང་བ་སྨོས་ན་ཡང་ཕྱིར་རྒོལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་དང་བྱེད་རྒྱུ་དང་གཞི་སྨོས་ན་ཡང་ཅིའི་ཕྱིར་རྒྱུ་སྨོས་ཀྱི་བྱེད་རྒྱུ་དང་གཞི་མ་ཡིན་ཞེས་ཕྱིར་རྒོལ་བ་འདི་སྲིད་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ནི་གང་ལ་བརྟེན་ནས་གང་

เล่ม ๑๑๕ · หน้า 81b

འབྱུང་བ་དེའི་རྐྱེན་ནི་དེ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེད་དུ་བྱས་པ་ཡིན་ནོ། །དེ་བས་ན་འདི་ལྟར་ངེས་པར་འདི་ལས་འབྲས་བུ་འགྲུབ་པ་ཁོ་ན་ཡིན་པས་དེ་ནི་དེའི་རྐྱེན་ཅེས་བསྟན་ཏོ། །དེ་ལྟར་ན་གྲུབ་པར་འགྱུར་ཏེ་སྐབས་ཇི་ལྟ་བ་བཞིན་བསྟན་པའི་ཕྱིར་རོ། །

གཞན་དག་ན་རེ་རྒྱུ་སྨོས་ན་ནི་དེ་མ་ཐག་པའི་རྐྱེན་ལ་སོགས་པ་འཛིན་པར་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་རྣམས་སྨོས་པས་འགྱུར་བ་ནི་འདུ་བྱེད་ལ་སོགས་པའི་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་ཡིན་ཏེ། ཇི་ལྟར་སྲིད་པར་དེ་མ་ཐག་པ་དང་དམིགས་པ་

དང་བདག་པོའི་རྐྱེན་རྣམས་ཡིན་ལ་རྐྱེན་གྱི་སྒྲས་ནི་སྤྱིར་རྣམ་པ་བཞི་ཆར་ཡང་རྐྱེན་གྱི་སྒྲར་བསྟན་པ་ཡིན་ནོ། །དེའི་ཕྱིར་གཞི་དང་བྱེད་རྒྱུ་སྨོས་ན་ཉེས་པ་ཅི་ཡོད་ཅེས་སྨྲས་ཏེ། གཞི་དང་བྱེད་རྒྱུའི་སྒྲ་གཉིས་ལ་རྐྱེན་གྱིས་ཁྱབ་པ་ཡིན་པའི་ཕྱིར་རོ། །རྒྱུའི་སྒྲ་གཞན་ལ་ཡང་མཐོང་སྟེ་ཞེས་བྱ་བ་ནི་རྒྱུའི་རྐྱེན་ཉི་ཚེ་

ལ་མ་ཡིན་པར་སྟོན་ཏོ། །ཡང་དག་པའི་ལྟ་བ་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་གཉིས་རྐྱེན་གཉིས་ཡིན་ལ་ཞེས་བྱ་བ་ནི་གཞན་གྱི་སྒྲ་དང་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །གཞན་གྱི་སྒྲ་ནི་ཡང་དག་པའི་ལྟ་བའི་རྒྱུའི་རྐྱེན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དམིགས་པའི་རྐྱེན་ནོ། །དེ་བཞིན་དུ་ནང་དུ་ཚུལ་བཞིན་ཡིད་ལ་

བྱེད་པ་ནི་ཡང་དག་པའི་ལྟ་བ་ཟག་པ་མེད་པའི་རྒྱུའི་རྐྱེན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདག་པོའི་རྐྱེན་ནོ། །དེ་བཞིན་དུ་ཚངས་པ་བདག་ནི་རྒྱུར་སྨྲ་བ་སྟེ། རྒྱུ་སྟོན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་རྒྱུའི་རྐྱེན་འབའ་ཞིག་གསུངས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྐྱེན་ཐམས་ཅད་དོ། །སོགས་པའི་སྒྲ་

གཞན་ནས་རྒྱུའི་སྒྲ་ཡོད་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་ན་རྒྱུའི་སྒྲ་འདི་ནི་རྒྱུའི་རྐྱེན་ཁོ་ན་ལ་འཇུག་པ་མ་ཡིན་ནོ། །དེ་བས་ན་དེ་དག་ནི་ལན་དུ་མི་རུང་སྟེ། རྒྱུ་སྨོས་པས་དེ་མ་ཐག་པ་ལ་སོགས་པའི་རྐྱེན་སྨོས་པ་ཡིན་པའི་ཕྱིར་རོ། །མ་རིག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་གྱི་འོ་

ན་ཅི་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེ་གཞན་གྱི་རྗེས་སུ་འབྲངས་ཏེ་དེ་སྐད་སྨྲས་སོ། །ཁ་ཆེ་རྣམ་པར་སྨྲ་བ་དག་ནི་མ་རིག་པ་ལ་སོགས་པ་དེ་དག་ཉིད་རྒྱུ་དང་འབྲས་བུར་ཕྱེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་

เล่ม ๑๑๕ · หน้า 82a

གྱིས་དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་གསུངས་ཏེ་ཞེས་རྒྱས་པར་སྨྲས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་དབྱེ་བ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ་མ་རིག་པ་ལ་སོགས་པ་རྣམ་པར་དབྱེ་བ་སྟོན་ཏོ། །མ་རིག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་

མ་ཡིན་གྱི། འོ་ན་ཅི་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ནོ་ཞེས་གང་གསུངས་པ། འདི་ལ་དགོངས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་བྱུང་བའི་ཆོས་རྣམས་ནི་སྤྱིའི་མཚན་ཉིད་ཡིན་ཏེ་ཞེས་རྒྱས་པར་སྨོས་སོ། །མ་བྱུང་བ་ལས་འབྱུང་བའོ་ཞེས་བྱ་བ་ནི་རྒྱུ་ཚོགས་པ་སྔར་

ཡོད་ན་ཕྱིས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་གང་ཡིན་པའོ། །མ་རིག་པ་ལ་སོགས་པ་ཐམས་ཅད་ཀྱང་མ་བྱུང་བ་ལས་བྱུང་བ་ཡིན་པ་དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་བྱུང་བ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ན། དེ་རྣམ་པར་དབྱེ་བ་གཞན་དུ་ཇི་ལྟར་བསྟན་པར་ནུས་ཞེས་བྱ་བ་ནི་དེ་མ་བྱུང་

བ་ལས་བྱུང་བའོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམ་པར་དབྱེ་བ་མེད་པ་རྣམ་པ་གཞན་དུ་ལོགས་ཤིག་ཏུ་རྣམ་པར་དབྱེ་ཞིང་། བསྟན་པར་ཇི་ལྟར་ནུས་འདིར་དགོངས་པ་ནི་དེ་ནི་དེ་དག་ལས་གཞན་དུ་རྣམ་པར་གཞག་པར་མི་ནུས་ཏེ། དེ་ལ་བརྟགས་པའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །

ཇི་ལྟར་རྒས་པར་གྱུར་པ་ལས་གཞན་དུ་རྒ་བར་གྱུར་པ་ཇི་ལྟར་བསྟན་པར་ནུས་ཞེས་བྱ་བ་ནི་སྐྲ་དཀར་ལ་སོགས་པའི་རྟགས་ལས་དེ་མངོན་པ་ཡིན་གྱི་དེ་དག་ལས་གཞན་དུ་ནི་བསྟན་པར་མི་ནུས་ཏེ། དེའི་དབྱེ་བ་མེད་པར་དབྱེ་བར་ག་ལ་ནུས་ཞེས་བྱ་བ་ལྟ་བུའོ། །གཞན་ཡང་མི་རྟག་པ་ཉིད་ནི་མི་རྟག་པ་ལས་

གཞན་དུ་དམིགས་ཀྱིས་དབྱེ་བར་མི་ནུས་ཏེ། བརྟགས་པའི་ཆོས་ཡིན་པའི་ཕྱིར་རོ། །མི་རྟག་པའི་ཆོས་དབྱེ་བ་མེད་པ་ཡང་དེའི་དབྱེ་བ་བསྟན་པར་མི་ནུས་ཏེ། དངོས་པོ་མེད་པ་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་སྐྱེ་བ་

དང་འཇིག་པ་དང་གནས་པ་གཞན་དུ་གྱུར་པའོ། །དེ་ལ་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོར་བཤད་པས་རབ་ཏུ་བསྟན་པ་ཡིན་ནོ། །གནས་པ་གཞན་དུ་གྱུར་པ་ཉིད་ནི་རྒ་བ་རྣམ་པར་འབྱེད་པས་སོ། །འཇིག་པ་ནི་འཆི་བ་རྣམ་པར་འབྱེད་པས་སོ། །དེ་ལ་སྐྱེ་བ་ཞེས་བསྟན་པ་ནི་མ་བྱུང་བ་

เล่ม ๑๑๕ · หน้า 82b

ལས་བྱུང་བས་བྱེ་བྲག་ཏུ་བྱས་པའི་དངོས་པོ་ལ་བྱ་བར་མངོན་པ་ཡིན་གྱི། དངོས་པོ་ཙམ་ནི་མ་ཡིན་ནོ། །གནས་པ་གཞན་དུ་གྱུར་པ་ཉིད། །ཅེས་བསྟན་པ་ནི་རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ལ་བྱ་བར་མངོན་པ་ཡིན་གྱི་རྒྱུན་ཙམ་ནི་མ་ཡིན་ནོ། །འཇིག་པ་ཞེས་བསྟན་པ་ནི་བྱུང་ནས་མེད་པ་ལ་བྱ་བར་མངོན་པ་ཙམ་ཡིན་

གྱི་མེད་པ་ཁོ་ན་ནི་མ་ཡིན་ནོ། །དེར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་མདོ་སྡེ་དེར་རོ། །འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཡིན་པར་གསུངས་སོ་ཞེས་བྱ་བ་ནི་མདོ་སྡེ་འདིར་རོ། །མདོ་སྡེ་དེར་ནི་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་

འདི་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་གསུངས་ལ་འདིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཡིན་པར་གསུངས་སོ། །དེར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་མ་རིག་པ་ལ་སོགས་པ་གང་ཡིན་པ་དེ་ནི་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་གསུངས་པ་ཡིན་ནོ། །ཇི་ལྟར་ཁྱེད་ལ་རྟེན་ཅིང་

འབྲེལ་པར་འབྱུང་བའི་རྣམ་པར་དབྱེ་བ་བཤད་པར་བྱའོ་ཞེས་གསུངས་ནས་མ་རིག་པ་ལ་སོགས་པའི་རྣམ་པར་དབྱེ་བ་འཆད་པའི་ཕྱིར་མ་རིག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་གསུངས་པ་ཡིན། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དགོངས་པ་ཡིན་

པས་ཞེས་རྒྱས་པར་གསུངས་ཏེ། ཡི་གེ་ཡང་སྐབས་བཞིན་དུ་ཉེ་བར་གདགས་སོ་ཞེས་ཇི་སྐད་སྨོས་པ་ཡིན་ནོ། །དེའི་མདོ་དང་རྒྱས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །བྱུང་བ་དང་འབྱུང་བ་དག་ཀྱང་དོན་ཐ་དད་པར་ཁ་ཅིག་རྟོག་པ་ཞེས་བྱ་བ་ནི་ཆོས་མངོན་པ་

པ་དག་གོ། །དེ་དག་ལས་ཀྱང་བསལ་བ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་བརྟགས་པའི་ཆོས་ཡིན་པ་ཉིད་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ནས་བརྩམས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམ་པར་དབྱེ་བ་

སྟོན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་བརྟགས་པའི་ཆོས་ཡིན་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ནི་ཐ་དད་པར་འགྱུར་བ་དེ་ལ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་འཆད་པར་བྱེད་པའི་ཕྱིར་རོ། །ཚིག་ལ་ཚིག་འབྱུང་བ་ཞེས་བྱ་བ་ཚིག་གང་ལས་ཤེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་

เล่ม ๑๑๕ · หน้า 83a

པ་ནས་རྒ་ཤིའི་བར་དུ་གང་གསུངས་པ་གང་ཡིན་པ་དེ་ལས་ཚིག་འབྱུང་བ་ནི་གལ་ཏེ་མ་རིག་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་ཞེས་རྒྱས་པར་འབྱུང་བ་འདི་ཡིན་ནོ། །རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་ཇི་ལྟར་བྱས་ཤེ་ན། དགེ་སློང་དག་མ་

རིག་པ་ཡང་རྒྱུ་དང་བཅས་པ་རྐྱེན་དང་བཅས་པ་ངེས་པར་སྐྱེད་པ་དང་བཅས་པ་ཡིན་ནོ། །དགེ་སློང་དག་མ་རིག་པའི་རྒྱུ་ནི་གང་རྐྱེན་ནི་གང་ངེས་པར་སྐྱེད་པ་ཅི་ཞེ་ན། མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཡིན་ནོ། །རྐྱེན་ཡང་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཡིན་ནོ། །ངེས་

པར་སྐྱེད་པ་ཡང་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གསུས་པོ་ཆེའི་མདོ་ལས་སྒྲིབ་པ་ལྔ་ཡང་ཡིན་པར་གསུངས་ཏེ། དེ་ལ་སྒྲིབ་པ་ལྔ་ནི་མ་རིག་པའི་བདག་ཉིད་འཐོབ་ཅིང་གནས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་དེའི་རྒྱུན་རྗེས་སུ་གནས་པར་བྱེད་པའི་དོན་གྱིས་ཡིན་ནོ། །

སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྒོད་པ་དང་། འགྱོད་པ་དང་། རྨུགས་པ་དང་། གཉིད་དང་ཐེ་ཚོམ་མོ། །ཚིགས་སུ་བཅད་པ་གསུམ་པ་ལས། །ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ལ་ཚིགས་སུ་བཅད་པ་གསུམ་མོ། །ཆགས་པ་པོས་ནི་ཆོས་མི་ཤེས། །ཞེས་རྒྱས་པར་

འབྱུང་བ་དེ་བཞིན་དུ་ཁྲོས་པ་པོ་དང་རྨོངས་པ་ཆོས་མི་ཤེས་ཞེས་བྱ་བ་ཡིན་ནོ། །རེག་པ་ཡང་སྤྱིའི་རྐྱེན་ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོའི་རྐྱེན་ཉིད་ཡིན་པའི་སྒོ་ནས་ཀྱང་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་པ་ཡིན་ནོ། །མ་རིག་པ་ཀུན་འབྱུང་བ་ལས་ཟག་པ་ཀུན་འབྱུང་ཞེས་བྱའོ་ཞེས་བྱ་བ་ནི་མ་རིག་

པ་ནི་ཟག་པའི་ནང་དུ་གཏོགས་པའི་ཕྱིར་མ་རིག་པ་ཀུན་འབྱུང་བ་ལས་ཟག་པ་ཀུན་འབྱུང་ཞེས་བསྟན་པ་ཡིན་ནོ། །མ་རིག་པ་ཁོ་ན་ལ་བརྟེན་ནས་མ་རིག་པ་འབྱུང་བ་ཡིན་གྱི་ཞེས་བྱ་བ་ནི་སློབ་དཔོན་གྱིས་རང་གི་བསམ་པ་སྟོན་པར་བྱེད་པ་ཡིན་ནོ། །རྨོངས་པ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚུལ་བཞིན་

མ་ཡིན་པར་ཡིད་ལ་བྱེད་པ་སྒྲིབ་པ་དང་ལོག་པར་ལྟ་བ་དང་འདོད་ཆགས་ལ་སོགས་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པ་ནི་རྨོངས་པ་མེད་པར་སྐྱེ་བ་མ་ཡིན་ནོ། །དེ་བས་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པ་ལས་སྐྱེ་བ་མ་ཡིན་ནོ། །

เล่ม ๑๑๕ · หน้า 83b

གལ་ཏེ་དེ་ལྟ་ཡིན་ན་སྔར་གླེངས་པའི་མདོ་སྡེ་རྣམས་ཇི་ལྟར་དྲང་ཞེ་ན། དེའི་ཕྱིར་རང་གི་རིགས་གཅིག་ལས་གཅིག་འབྱུང་བ་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པས་ལྷག་པར་རྒྱས་པར་འབྱུང་བར་བྱེད་དེ་ཞེས་སྨོས་སོ། །དེའི་ཕྱིར་ས་བོན་རྒྱས་པ་ནི་ལྷག་པར་སྤང་དཀའ་བ་ཉིད་ཡིན་པའི་

ཕྱིར་རོ་ཞེས་སྨྲས་ཏེ། ཇི་ལྟ་ཇི་ལྟར་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དང་། སྒྲིབ་པ་དང་ལོག་པར་ལྟ་བ་དང་། འདོད་ཆགས་ལ་སོགས་པ་ཀུན་དུ་འབྱུང་བ་དེ་ལྟ་དེ་ལྟར་མ་རིག་པའི་ས་བོན་ཡོངས་སུ་རྒྱས་པར་འགྱུར་རོ། །ཡོངས་སུ་རྒྱས་པ་ན་ཤིན་ཏུ་སྤང་དཀའ་བ་ཡིན་ཏེ། དེ་ལྟར་ན་ལྷག་པར་རྒྱས་

པར་བྱེད་པ་ཡིན་ནོ། །ཡང་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་དུ་འབྱུང་བས་མ་རིག་པའི་གཉེན་པོ་ཀུན་དུ་འབྱུང་བའི་གགས་བྱས་ཏེ་གཉེན་པོ་མེད་པའི་མ་རིག་པའི་ས་བོན་ནི་ཤིན་ཏུ་རྒྱས་པ་ཡིན་ནོ། །ཇི་ལྟ་ཇི་ལྟར་རྒྱས་པར་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྤང་དཀའ་བ་ཡང་ཡིན་ཏེ། དེ་

ལྟར་ན་ས་བོན་རྒྱས་པ་ནི་ལྷག་པར་སྤང་དཀའ་བ་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དེ་ལྟར་ན་དེ་ཡང་དེའི་རྐྱེན་ཡིན་པར་གསུངས་སོ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་མདོ་སྡེ་འདིར་ཞེས་བྱ་བ་ནི་འདི་ལྟ་སྟེ་འཆད་པར་བྱེད་པའོ། །དེ་ལ་ཡང་གཞན་

བརྗོད་པར་བྱ་དགོས་པར་འགྱུར་ལ་ཞེས་བྱ་བ་ནི་ཐུག་པ་མེད་པར་འགྱུར་བ་སྟོན་པར་བྱེད་དོ། །འོ་ན་མདོ་སྡེ་འདིར་དེའི་རྐྱེན་ཅིའི་ཕྱིར་མ་གསུངས་ཞེས་རྒོལ་བ་འདི་བཟློག་པར་འགྱུར་བ་གང་ནས་བསྟན་ཏེ། སྐྱེ་བའི་རིམ་པ་བསྟན་པ་བརྩམ་པར་བྱ་ཡང་ན་སྐྱེ་བའི་རིམ་པ་བསྟན་པ་མེད་པ་ཡིན་ནོ། །གང་གི་དོན་

དུ་ཡན་ལག་བཅུ་གཉིས་བསྟན་པ་ཞེས་བྱ་བ་ནི་འཆད་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས་འཕེན་པ་དང་གང་གི་ཕྱིར་དང་གང་གི་དེ་འབྱུང་བ་དང་དེ་ཡང་ཉེས་དམིགས་གང་ཡིན་པ་ཞེས་བྱ་བ་དེ་དག་ནི་ཡན་ལག་བཅུ་གཉིས་བསྟན་པ་ཡིན་པས་དེ་ལ་ནི་མ་རིག་པའི་རྐྱེན་བསྟན་པ་དགོས་པ་

མེད་དེ་ཡན་ལག་བཅུ་གཉིས་ཁོ་ནས་དེའི་དོན་བསྟན་ཟིན་པའི་ཕྱིར་རོ། །དེ་ཡང་ཕྱིས་བསྟན་པར་བྱའོ་ཞེས་བྱ་བ་ནི་དེ་ནི་དགོས་པའི་དབང་དུ་བྱས་ཏེ་བསྟན་པ་ཡིན་ནོ། །མ་རིག་པའི་རྐྱེན་རང་གི་རིགས་ཡིན་ཡང་ཞེས་བྱ་བ་ནི་མ་རིག་པའི་རིག་ནི་རྐྱེན་ཡིན་ཏེ། ཇི་སྐད་དུ་མ་རིག་པ་ཁོ་ན་ལ་བརྟེན་ནས་མ་རིག་པ་

เล่ม ๑๑๕ · หน้า 84a

འབྱུང་བ་ཡིན་གྱི་ཞེས་རྒྱས་པར་སྨོས་པ་ཡིན་ནོ། །འདིར་ཡན་ལག་རྣམས་ཀྱི་རྐྱེན་རང་གི་རིགས་བརྗོད་པར་འདོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། རིགས་མི་མཐུན་པ་རྐྱེན་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟ་མ་ཡིན་ན་ནི་མིང་དང་གཟུགས་ཀྱང་མིང་དང་གཟུགས་ཀྱི་རྐྱེན་ཡིན་པ་དང་། སྐྱེ་མཆེད་

དྲུག་ཀྱང་སྐྱེ་མཆེད་དྲུག་གི་རྐྱེན་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་པར་འགྱུར་རོ། །འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་ཞེས་བྱ་བ་ནི་མ་རིག་པ་ལས་སྔ་རོལ་དུ་ཡན་ལག་གཞན་མེད་པའི་ཕྱིར་རོ། །ཡན་ལག་ལྷག་པར་འགྱུར་བ་ནི་གལ་ཏེ་མ་རིག་པ་ལ་རྐྱེན་ཡོད་ན་ཞེས་བསམས་པའོ། །དེ་དག་ལ་ཐུག་པ་

མེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་གི་ཡན་ལག་རྣམས་སོ། །དེ་ལྟ་མ་ཡིན་ན་གང་ཡིན་པ་དེའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་ཐོག་མ་ཡོད་པར་འགྱུར་རོ་ཞེས་བྱ་བ་སྐྱོན་དེ་གནས་པར་འགྱུར་རོ། །ལན་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མ་རིག་པའི་རྐྱེན་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་འབྱུང་བ་

སྔར་བསྟན་ཟིན་ཏོ་ཞེས་བྱ་བ་འདིས་འཁོར་བ་ཐོག་མ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡན་ལག་ལྷག་པ་ཡང་མ་ཡིན་ཏེ། ལེན་པའི་ནང་དུ་དེ་འདུས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དེ་ཅི་ཞེ་ན། ཡན་ལག་ལྷག་པར་འགྱུར་བ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །

ཐུག་པ་མེད་པར་ཡང་མི་འགྱུར་ཏེ། དེ་གཉིས་གཅིག་ལ་གཅིག་རྐྱེན་བྱེད་པའི་ཕྱིར་བྱ་དང་སྒོ་ང་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བྱ་ལས་སྒོ་ང་སྒོ་ང་ལས་བྱ་ཡང་བྱ་ལས་སྒོ་ང་ཡང་སྒོ་ང་ལས་བྱ་ཡིན་པས་གཅིག་གི་རྐྱེན་གཅིག་ཡིན་པའི་ཕྱིར་ཐོག་མ་ཡོད་པ་མ་ཡིན་པ་དང་ཡན་ལག་ལྷག་པ་དང་ཐུག་པ་མེད་པའི་

ཉེས་པ་མེད་པ་ཡང་ཡིན་པ་དེ་བཞིན་ནོ། །དེ་གཉིས་གཅིག་ལ་གཅིག་རྐྱེན་ཡིན་པར་ཇི་ལྟར་རིག་པར་བྱ་ཞེ་ན་དེའི་ཕྱིར་འདི་ལྟ་སྟེ་དགོས་པ་ཡིད་ལ་བྱེད་པ་ནི་ཞེས་རྒྱས་པར་གསུངས་ཏེ་འདི་ལྟར་རྒྱུ་དང་བཅས་རྐྱེན་དང་བཅས་ངེས་པར་སྐྱེད་པ་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལས་གསུངས་སོ། །བསྒོས་པ་

ཡིད་ལ་བྱེད་པ་ནི་རྨོངས་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ལ་བསྒོས་པ་ཞེས་བྱ་བ་ཚིག་གིས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་འདི་ཉིད་བསྟན་པ་ཡིན་ཏེ། ཉོན་མོངས་པ་ཅན་དུ་བསྒོས་པ་ཉིད་ཡིན་པའི་ཕྱིར་རོ། །རྨོངས་པ་ལས་སྐྱེས་པ་ཞེས་བྱ་བའི་ཚིག་གིས་མ་རིག་པ་ནི་དེའི་རྐྱེན་ཡིན་པར་བསྟན་པ་ཡིན་ཏེ།

เล่ม ๑๑๕ · หน้า 84b

གཏི་མུག་ལས་སྐྱེས་པ་ནི་རྨོངས་པ་ལས་སྐྱེས་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །འོ་ན་ནི་ཡན་ལག་ཀུན་གཞན་ལས་རྐྱེན་ཉིད་ཡིན་པར་གསུངས་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་མདོ་སྡེ་གཞན་ལས་མ་རིག་པའི་རྐྱེན་གསུངས་པས་མདོ་སྡེ་འདིར་དེའི་རྐྱེན་བརྗོད་པར་བྱ་བ་མ་ཡིན་ན་ནི་འདུ་བྱེད་དང་རྣམ་པར་

ཤེས་པ་ལ་སོགས་པ་ཡན་ལག་ཀུན་མདོ་སྡེ་གཞན་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཡིན་པར་གསུངས་ལ་མདོ་སྡེ་གཞན་ལས་ཀྱང་དེ་དག་རྐྱེན་ཡིན་པར་གསུངས་པ་ནི་དགེ་སློང་དག་ཆོས་རྣམས་བསྩོགས་པ་དང་འགྲིབ་པ་ཡང་བཤད་པར་བྱའོ་ཞེས་རྒྱས་པར་འབྱུང་བ་དང་།

མ་རིག་པའི་རྐྱེན་དེ་བསོད་ནམས་འདུ་བྱེད་པ་མངོན་པར་འདུ་བྱེད་པ་དང་། མ་རིག་པའི་རྐྱེན་གྱིས་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་དང་། གལ་ཏེ་དེ་བསོད་ནམས་འདུ་བྱེད་པ་མངོན་པར་འདུ་བྱེད་ན་ནི་འདིའི་རྣམ་པར་ཤེས་པ་བསོད་ནམས་ཀྱི་རྗེས་སུ་འགྲོ་བར་

འགྱུར་རོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །སྲེད་པ་དང་མ་རིག་པ་གཉིས་ཀྱང་ཆོས་མངོན་པའི་ལུགས་ཀྱིས་ལེན་པའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། བརྗོད་པར་མི་བྱ་བར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །དེ་ལྟ་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་ཡིན་

པར་འགྱུར་ཏེ། ཆོས་མངོན་པ་ལས་ཀུན་ནས་དཀྲིས་པ་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ལེན་པ་ཡིན་པར་གསུངས་སོ། །ཆོས་མངོན་པར་སྨོས་པ་ནི་མདོ་སྡེའི་ལུགས་ཀྱིས་འདུན་པ་དང་། འདོད་ཆགས་ཉེ་བར་ལེན་པར་འབྱུང་བའི་ཕྱིར་རོ། །དཔེར་ན་ཨུཏྤ་ལའི་རྐྱེན་རྩ་བ་ཡིན་པར་བསྟན་དུ་

ཟིན་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་སྨོས་པའི་ཕྱིར་མ་རིག་པ་ལ་རྐྱེན་མེད་པར་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། ཡོད་དུ་ཟིན་ཀྱང་དགོས་པའི་དབང་གི་ཕྱིར་རམ། དགོས་པ་མེད་པའི་ཕྱིར་བརྗོད་པར་མི་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་བདག་གིས་རྟོགས་ཏེ་ཞེས་སྨོས་པ་ནི་དེ་ལ་ཡང་གཞན་

བརྗོད་པར་བྱ་དགོས་པར་འགྱུར་ལ་གང་ནས་བརྟེན་ཏེ་སྐྱེ་བའི་རིམ་པ་བསྟན་པ་བརྩམ་པར་བྱ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ཀྱང་འདི་ལ་རྒོལ་བ་མ་རིག་པའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་ཡན་ལག་ལྷག་པ་དང་དེ་དག་ལ་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བའི་

เล่ม ๑๑๕ · หน้า 85a

སྐབས་མེད་པ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལ་ཡང་གཞན་བརྗོད་པར་བྱ་དགོས་པར་འགྱུར་ལ་གང་ནས་བརྟེན་ཏེ་སྐྱེ་བའི་རིམ་པ་བསྟན་པ་བརྩམ་པར་བྱ་སྟེ། གང་ནས་བརྟེན་ནས་བསྟན་པ་རྩོམ་ཞིང་གང་ནས་བརྟེན་ནས་བསྟན་པ་བརྩམས་པ་ཡོད་ན་དེའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་

ཐོག་མ་ཡོད་པར་འགྱུར་རོ་ཞེས་རྒོལ་བ་འདི་ལྡོག་པར་འགྱུར་ཏེ། དེ་བས་ན་དེ་ཉིད་ཀྱིས་ཀྱང་འདི་ལ་རྒོལ་བའི་སྐབས་མེད་པ་ཡིན་ནོ། །གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་ཞེས་རྒྱས་པར་སྨོས་པ་དེ་ཉིད་ཀྱིས་ཀྱང་འདི་ལ་རྒོལ་བའི་སྐབས་མེད་པ་ཡིན་ནོ། །མ་རིག་པའི་རྐྱེན་རང་གི་རིགས་ཡིན་ནོ་ཞེས་

རྒྱས་པར་སྨོས་པ་གང་ཡིན་པ་དེ་ཉིད་ཀྱིས་ཀྱང་རྒ་ཤིའི་འོག་ཏུ་ཡན་ལག་གཞན་མ་བརྗོད་དེ། ཇི་ལྟ་ཞེ་ན། གང་ནས་རྒ་ཤིའི་འོག་ཏུ་ཡན་ལག་གཞན་བསྟན་ནས་ཡན་ལག་གཞན་མ་བརྗོད་ཀྱང་ཡན་ལག་གཞན་མི་བརྗོད་པ་འདི་ལ་རྒོལ་བ་ལྡོག་པར་འགྱུར་ལ། འཁོར་བ་ལ་ཐ་མ་ཡོད་པར་ཐལ་བ་ཡང་མ་ཡིན་

ཏེ། དེ་བས་ན་དེ་ཉིད་ཀྱིས་ཀྱང་རྒ་ཤིའི་འོག་ཏུ་ཡན་ལག་གཞན་མ་བརྗོད་ལ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །གཞན་ཡང་དེ་ཉིད་ཀྱིས་ཀྱང་ཞེས་རྒྱས་པར་འབྱུང་ལ། གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་སྨོས་པ་དེ་ཉིད་ཀྱིས་ཀྱང་རྒ་ཤིའི་འོག་ཏུ་ཡན་ལག་གཞན་མ་སྨོས་ཀྱང་འཁོར་བ་ལ་ཐ་མ་ཡོད་པར་

ཐལ་བར་མི་འགྱུར་ཏེ། ཡན་ལག་བཅུ་གཉིས་ཀྱིས་བསྒོས་པ་དེ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཇི་ལྟར་དེ་རེག་པའི་ཚེ་བསྟན་ཅེ་ན། མིང་དང་གཟུགས་ལ་བརྟེན་ནས་རྨོངས་པ་ལས་བྱུང་བའི་བསྒོས་པའི་ཡིད་ལ་བྱེད་པ་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །ཚོར་བ་བསྟན་པས་ཀྱང་མ་རིག་པ་བསྟན་པ་ཡིན་ཏེ་ཞེས་

རྒྱས་པར་འབྱུང་བ་འདི་མདོ་སྡེ་འདིར་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པ་མ་རིག་པ་མེད་པའི་ཚོར་བ་ནི་སྲིད་པའི་རྐྱེན་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་ལྟ་བུའོ། །དེ་ལྟར་ན་འདིར་ཚོར་བ་བསྟན་པས་མ་རིག་པ་བསྟན་པ་ཡིན་ནོ། །འདི་སྐད་བསྟན་ཏེ་རེག་པ་དང་ལྷན་ཅིག་བྱུང་བའི་ཚུལ་བཞིན་མ་ཡིན་པར་

ཡིད་ལ་བྱེད་པ་ནི་ཚོར་བ་དང་ལྷན་ཅིག་བྱུང་བའི་མ་རིག་པའི་རྒྱུ་ཡིན་ནོ་ཞེས་བྱའོ། །མ་རིག་པའི་འདུས་ཏེ་རེག་པ་ནི་མ་རིག་པ་དང་མཚུངས་པར་ལྡན་པ་ལ། མ་རིག་པའི་འདུས་ཏེ་རེག་པ་ཞེས་བྱའོ། །དེ་ལས་སྐྱེས་པ་འདི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །མདོ་སྡེ་གཞན་ལས་གསུངས་པ་དེ་དག་

เล่ม ๑๑๕ · หน้า 85b

ཐམས་ཅད་ཀྱང་འདིར་མི་བརྗོད་པར་ཐལ་བར་འགྱུར་རོ། །ཇི་ཙམ་དུ་རིགས་པར་དཀྲི་ནུས་པའི་བར་དུ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་མ་རིག་པ་དང་རྒ་ཤི་གཉིས་ལས་རྐྱེན་མ་སྨོས་སུ་ཟིན་ཀྱང་འཁོར་བ་ལ་ཐོག་མ་དང་ཐ་མ་ཡོད་པར་ཐལ་བར་མི་འགྱུར་ཏེ། མདོ་སྡེ་འདིར་ཉོན་མོངས་པ་དང་ལས་དང་དངོས་པོ་

རྒྱུར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་ཞེ་ན། སྲེད་པ་ལས་སྲེད་པ་དང་ལེན་པའོ། །ལས་ཀྱང་སྐྱེ་སྟེ། མ་རིག་པ་ལས་འདུ་བྱེད་དང་ལེན་པ་ལས་སྲིད་པའོ། །ལས་ལས་ཀྱང་དངོས་པོ་སྐྱེ་སྟེ། འདུ་བྱེད་ལས་རྣམ་པར་ཤེས་པ་དང་སྲིད་པ་ལས་སྐྱེ་བའོ། །དངོས་པོ་ལས་

དངོས་པོ་སྐྱེ་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་དང་། སྐྱེ་བ་དང་རྒ་ཤིའི་ཉོན་མོངས་པ་ཡང་དངོས་པོ་ལས་སྐྱེ་སྟེ་ཚོར་བ་ལས་སྲེད་པའོ། །དེ་ལྟར་བྱས་ན་མ་རིག་པའི་རྒྱུ་ནི་ཉོན་མོངས་པ་དང་དངོས་པོ་ཡིན་པའམ། དངོས་པོ་

ཡིན་ནོ་ཞེས་ཤེས་པར་བྱས་པ་ཡིན་ནོ། །རྒ་ཤི་ལས་དངོས་པོ་འམ་ཉོན་མོངས་པ་སྐྱེ་བ་ཡིན་ནོ། །དེ་བས་ན་འདི་ལ་བརྒལ་དུ་མེད་དོ། །མ་རིག་པ་གང་ཞེ་ན་ཞེས་བྱ་བའི་མའི་རྣམ་པ་འདི་ནི་རིག་པ་མ་ཡིན་པ་ནི་མ་རིག་པ་ཡིན་ནོ་ཞེས་འགོག་པའི་རྣམ་གྲངས་ཡིན་ནོ་ཞེས་བྱ་བ་ལ་རྣམ་གྲངས་ཞེས་བྱ་བ་ནི་རྣམ་གྲངས་

མ་ཡིན་པ་བསལ་བའི་ཕྱིར་ཏེ། དོན་ཐ་དད་པ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །ཡོད་པ་འགོག་པ་ལ་ནི་འཛིན་པ་མ་ཡིན་པ་དང་དངོས་པོ་མ་ཡིན་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་འཛིན་པ་དང་དངོས་པོ་ཡོད་པ་འགོག་པར་ངེས་པར་བྱེད་པ་ཡིན་ཏེ། འཛིན་པ་ཡོད་པ་མ་ཡིན་དངོས་པོ་ཡོད་པ་མ་ཡིན་ཞེས་བྱ་

བ་ཡིན་ནོ། །གཞན་ཉིད་ལ་རིགས་སྲོག་ཆགས་མ་ཡིན་ཞེས་བྱ་ན་ཞེས་བྱ་བ་ནི་འདིར་སྲོགས་ཆགས་ཀྱི་རིགས་ཡོད་པ་འགོག་པར་ངེས་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན་སྲོག་ཆགས་ལས་གཞན་གང་ཡིན་པ་དེ་ལ་ངེས་པར་འཛིན་པ་ཡིན་ནོ། །འདི་ལ་ཡང་འདྲ་བ་ཡོད་མོད་ཀྱི་འདི་ནི་ཉེ་བ་མ་ཡིན་པ་ཡིན་

ནོ། །འདྲ་བ་གཞན་ཉིད་ལ་ནི་བྲམ་ཟེ་མ་ཡིན་གཞོན་ནུ་མ་ཡིན་ཞེས་བྱ་བ་ནི་འདྲ་བ་ཉེ་བར་བྱ་བ་ཡིན་པའི་ཕྱིར་རོ། །སྨད་པའི་དོན་ལ་ནི་ཆུང་མ་མ་ཡིན་པ་དང་། བུ་མ་ཡིན་པ་ཞེས་བྱ་བ་ནི་འདིར་ཆུང་མ་དང་འདྲ་བ་གཞན་དང་བུ་དང་འདྲ་བ་གཞན་ཡིན་པར་ངེས་པར་བྱེད་པ་མ་ཡིན་གྱི། སྨད་པའི་ཆུང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด