རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๕ · หน้า 163b

དེ་གཉི་ག་ཡང་སྔོན་མྱོང་བའི་རྗེས་སུ་ཞེས་བྱ་བ་ནི་སྔོན་ཡུལ་མངོན་སུམ་དུ་ཇི་ལྟར་མྱོང་བར་གྱུར་པ་དེའི་རྗེས་སུ་དེ་དང་མཐུན་པར་རོ། །དེ་དང་རིགས་གཅིག་པའི་རྗེས་སུ་དཔོག་པར་བྱེད་པ་དང་མངོན་པར་འདོད་པས་ཞེས་བྱ་བ་ནི་དེ་དང་རིགས་གཅིག་པའི་རྗེས་སུ་དཔོག་པ་ཡིན་པ་དེ་བས་ན་དེ་དང་རིགས་

གཅིག་པའི་རྗེས་སུ་དཔོག་པས་སོ། །དེ་བཞིན་དུ་དེ་དང་རིགས་གཅིག་པའི་མངོན་པར་འདོད་པ་ཡིན་པ་དེ་བས་ན་དེ་དང་རིགས་གཅིག་པའི་མངོན་པར་འདོད་པ་སྟེ། དེ་དང་རིགས་གཅིག་པའི་མངོན་པར་འདོད་པས་ཀྱང་འབྱུང་བར་འགྱུར་བ་མེད་ན་དེ་དག་ལ་རྣམ་པར་ཤེས་པ་འདི་སྐྱེ་བར་མི་

འགྱུར་རོ། །དེ་ཤི་བས་ཞེས་བྱ་བ་ནི་ཕ་ཤི་བས་སོ། །རེག་པའི་བསྡུས་པའི་དོན་རྣམ་པར་གཞག་པ་ནི་རྣམ་པ་བཅུར་བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ་ཞེས་ཇི་སྐད་དུ་རྒྱས་པར་བསྟན་པའོ། །བྱེད་པ་རྣམ་པར་གཞག་པ་ནི་ཇི་སྐད་

དུ་སེམས་ལས་བྱུང་བའི་ཆོས་གཞན་ལ་རེག་པ་ཞེས་བྱ་སྟེ། གང་ལ་བརྟེན་ནས་སེམས་ལས་བྱུང་བའི་ཆོས་ཐམས་ཅད་སྐྱེ་བའོ་ཞེས་རྒྱས་པར་བསྟན་ཏོ། །ཡིད་ཆེས་པར་བྱ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཡིད་བརྟེན་དུ་རུང་བའི་ལུང་ཡང་རྣམ་པ་གསུམ་སྟེ་ཞེས་རྒྱས་པར་

བསྟན་པའོ། །རིགས་ཐ་དད་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་དག་ནི་རྒྱུ་ལ་འབྲས་བུ་གདགས་པ་ཡིན་ཏེ་ཞེས་རྒྱས་པར་བསྟན་པའོ། །སེམས་ལས་བྱུང་བ་ཡིན་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་ལྟ་བུ་ནི་སྡེ་པ་གང་གི་གྲུབ་པའི་མཐའ་ཡང་མ་ཡིན་ནོ་ཞེས་རྒྱས་པར་བསྟན་

པའོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཙོ་བོའི་རྐྱེན་ནི་སྐྱེ་མཆེད་དྲུག་ཡིན་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་སྔ་མ་བཞིན་ནོ་ཞེས་རྒྱས་པར་བསྟན་པའོ། །རྐྱེན་གཞན་གྱི་བསམ་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྐྱེ་མཆེད་དྲུག་དང་གཉིས་དང་རེག་

པའི་རྐྱེན་གསུམ་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན་ཞེས་རྒྱས་པར་བསྟན་པའོ། །རྐྱེན་ཡོངས་སུ་རྫོགས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་མིང་དང་གཟུགས་ཀྱི་གནས་སྐབས་ན་རེག་པའམ། ཚོར་བ་ཡོད་པ་མ་ཡིན་ནམ་ཅི་ཞེས་རྒྱས་པར་བསྟན་པའོ། །རྣམ་པར་ངེས་པ་རྣམ་པར་གཞག་པ་ནི་

เล่ม ๑๑๕ · หน้า 164a

ཇི་སྐད་དུ། འདུས་པ་ཞེས་བྱ་བ་དེ་ཅི་ཡིན་ཞེས་རྒྱས་པར་བསྟན་པའོ། །འདུས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་རྒྱུ་དང་འབྲས་བུའི་དངོས་པོར་གསུམ་ཚོགས་པ་ཡིན་ནོ་ཞེ་ན་ཡང་ཞེས་རྒྱས་པར་བསྟན་པའོ། །རེག་པའི་ཡན་ལག་རྣམ་པར་དབྱེ་བའོ།། །།རྟེན་ཅིང་

འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་བརྒྱད་པ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བསྟན་པའི་ཚོར་བ་གང་ཞེ་ན་ཞེས་བྱ་བ་ནི་ཚོར་བ་ཡང་རྣམ་པ་གསུམ་ཡོད་ན་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་གང་ཞིག་འདིར་དགོངས་པ་ཡིན་ཞེ་ན།

དེའི་ཕྱིར་ཚོར་བ་རྣམ་པ་གསུམ་སྟེ་ཞེས་རྒྱས་པར་འབྱུང་བ་སྨྲས་ཏེ། རྒྱས་པའི་ཚིག་གིས་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །དེ་དག་གིས་ནི་ཚོར་བའི་རབ་ཏུ་དབྱེ་བ་སྟོན་ཏོ་ཞེས་བྱ་བ་ནི་ཚོར་བའི་ཡན་ལག་རྣམ་པར་འབྱེད་པ་དེ་དག་གིས་ཏེ། དེའི་ཚེ་གདུལ་བྱ་རྣམས་ནི་རབ་ཏུ་དབྱེ་བ་ཙམ་ལ་ཐེ་

ཚོམ་ཡོད་པའི་ཕྱིར་རོ། །གང་སྐྱེས་ན་མི་འབྲལ་བར་འདོད་པ་འབྱུང་བའོ་ཞེས་བྱ་བ་ནི་འབྲས་བུ་མི་འབྲལ་བར་འདོད་པའི་སྒོ་ནས་བདེ་བའི་ཚོར་བ་བྱེ་བྲག་ཏུ་བྱས་སོ། །དགྲ་བཅོམ་པ་རྣམས་བདེ་བའི་ཚོར་བ་བྱུང་བ་ལ་བྲལ་བར་འདོད་པ་འབྱུང་བ་མ་ཡིན་ནམ་ཞེ་ན། འབྱུང་བ་

བདེན་ཏེ། དེ་དག་གི་ནི་དེའི་རྒྱུ་ཅན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་སུན་འབྱིན་པའི་རྒྱུ་ཅན་ཡིན་ཏེ། དེ་ནི་འདུ་བྱེད་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་དང་འབྲེལ་པའི་ཕྱིར་རོ། །གང་སྐྱེས་ན་འབྲེལ་པར་འདོད་པ་འབྱུང་བའོ་ཞེས་བྱ་བ་ནི་འབྲས་བུ་འབྲལ་བར་འདོད་པའི་སྒོ་

ནས་སྡུག་བསྔལ་གྱི་ཚོར་བ་བྱེ་བྲག་ཏུ་བྱས་སོ། །གཅེར་བུ་པ་རྣམས་ཀྱི་ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་ལ་སོགས་པའི་སྡུག་བསྔལ་དག་བྲལ་བར་འདོད་པའི་རྒྱུ་མ་ཡིན་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་ལྟ་བའི་མཐུས་དེ་དག་ཡང་སྐྱེད་པར་བྱེད་ཀྱི།

མངོན་པར་ཆགས་པའི་དབང་གིས་ནི་མ་ཡིན་ནོ། །གང་སྐྱེས་ན་གཉི་ག་མི་འབྱུང་བའོ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བའི་གནས་སྐབས་ལ་མི་འབྲལ་བར་འདོད་པ་དང་། བྲལ་བར་འདོད་པ་གཉི་གའི་སྐབས་མི་འབྱུང་བའོ། །གང་དག་བདེ་

เล่ม ๑๑๕ · หน้า 164b

བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་གནས་སྐབས་ན་བདེ་བའི་གནས་སྐབས་ཚོལ་བ་འདི་དག་གི་བདེ་བ་དང་ལྡན་པར་འདོད་པ་ནི་དེའི་རྒྱུ་ཅན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདེ་བའི་ཚོར་བ་ལ་ཆགས་པའི་རྒྱུ་ཅན་ཡིན་ནོ། །གང་སྐྱེས་པ་ནི་འབྲལ་བར་མི་འདོད་ཅེས་རྒྱས་

པར་འབྱུང་བ་ལ། རྒྱུ་གང་ཚོར་བ་ཞེས་བྱ་བ་ནི་བྲལ་བར་མི་འདོད་པ་དང་། བྲལ་བར་འདོད་པའི་རྒྱུ་ནི་ཚོར་བ་གང་སྐྱེས་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གཉིས་མིན་ཞེས་བྱ་བ་ནི་བྲལ་བར་འདོད་པ་ཡང་མ་ཡིན་མི་འབྲལ་བར་འདོད་པ་ཡང་མ་ཡིན་པའོ་ཞེས་བྱ་སྟེ་ཞེས་བྱ་བ་ནི་རིག་

པར་བྱ་བའོ། །དེ་ནི་བདེ་སོགས་གོ་རིམས་བཞིན། །ཞེས་བྱ་བ་ནི་བྲལ་བར་མི་འདོད་པའི་རྒྱུ་ནི་བདེ་བ་ཡིན་པར་རིག་པར་བྱའོ། །བྲལ་བར་འདོད་པའི་རྒྱུ་ནི་སྡུག་བསྔལ་ལོ། །གཉི་ག་མ་ཡིན་པའི་རྒྱུ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ། །འོ་ན་ཅི་ལས་ཤེ་ན། དེའི་བདེ་

བ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་བར་དུ་གཅོད་པ་ཉིད་དུ་མཐོང་ནས་དེ་སུན་འབྱིན་པ་ལས་སོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་མཐོང་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་མི་མཐུན་པ་ཉིད་ཡིན་པར་དེའི་འདོད་ཆགས་ལས་སྐྱེས་པའི་བདེ་བ་ལ་མཐོང་

ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་སུན་འབྱིན་པ་ལས་སོ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་སུན་འབྱིན་པ་ལས་བྲལ་བར་འདོད་པ་འབྱུང་བ་ཡིན་ནོ། །དེ་ཡང་ཚོར་བ་གཉིས་ལ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་མེད་པས་ན་ཞེས་རྒྱས་པར་འབྱུང་བ་ནི་སྡུག་བསྔལ་ཡང་མ་ཡིན་པ་དང་བདེ་བའི་ཚོར་བ་སྟེ།

ཚོར་བ་འདི་གཉིས་ལ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་མེད་པས་ན་དགོངས་པ་ཅན་གྱི་སྡུག་བསྔལ་བ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནི་འདུ་བྱེད་མི་རྟག་པ་ཉིད་ཀྱི་སྡུག་བསྔལ་ཉིད་ཡིན་པར་བསྟན་ཏོ། །བདེ་བ་ནི་འགྱུར་བའི་སྡུག་

བསྔལ་ཉིད་ཀྱི་སྡུག་བསྔལ་ཡིན་པར་བསྟན་ཏོ། །སྡུག་བསྔལ་ནི་ངོ་བོ་ཉིད་ཀྱི་སྡུག་བསྔལ་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནི་འདུ་བྱེད་མི་རྟག་པ་ཉིད་ཀྱི་སྡུག་བསྔལ་ཉིད་ཡིན་པར་བསྟན་ཏོ་ཞེས་སྨྲས་པ་གང་ཡིན་པ་དག་ཇི་ལྟར་འདུ་བྱེད་མི་རྟག་པ་ཉིད་ཀྱི་སྡུག་བསྔལ་

เล่ม ๑๑๕ · หน้า 165a

བ་ཉིད་ཡིན་ཞེ་ན། འཕགས་པ་རྣམས་ལ་མི་མཐུན་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། གང་མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ནོ་ཞེས་གསུངས་ཏེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འདུ་བྱེད་མི་རྟག་པ་ཉིད་ཀྱིས་འཕགས་པ་རྣམས་ལ་མི་མཐུན་པ་ཡིན་ནོ། །

འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱིས་དེ་ཡང་འཕགས་པ་རྣམས་ལ་མངོན་སུམ་ཁོ་ན་ཡིན་གྱི། བྱིས་པ་རྣམས་ལ་མ་ཡིན་ནོ། །ཇི་སྐད་དུ། ལག་མཐིལ་སྤུ་ཉག་གཅིག་གཞག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་ཉིད་ཀྱིས། །ཉམ་ང་བ་དང་གནོད་སྐྱེད་བཞིན། །བྱིས་པ་

རྣམས་ནི་ལག་མཐིལ་འདྲ། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་རྣམས་ནི་མིག་དང་འདྲ། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་འགྱུར་བ་ཉིད་གསུངས་ཀྱི་ཞེས་རྒྱས་པར་འབྱུང་བ་ལ། བཅོམ་ལྡན་འདས་

ཀྱིས་ནི་སྡུག་བསྔལ་རྣམ་པ་གསུམ་བསྟན་པ་ཡིན་ལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་བའི་སྡུག་བསྔལ་ཉིད་ཡིན་ནོ། །བདེ་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡིན་

ནོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ནོ། །དེ་ཁྱབ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལ་བྱ་སྟེ། དེ་ནི་ཚོར་བ་ཐམས་ཅད་ལ་ཁྱབ་པས་སོ། །མི་འགྱུར་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དགོངས་ཏེ་གསུངས་པའི་

ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་ལམ་ལ་ཐལ་བར་འགྱུར་བ་ཉིད་མ་ཡིན་ཏེ། འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དགོངས་ནས་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་དེ་སྐད་གསུངས་སོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་མི་རྟག་པ་དེ་སྡུག་བསྔལ་བ་ཡིན་པར་བསྟན་ན་གོ། །ལམ་ཡང་མི་རྟག་པ་ཡིན་ན་

འདིར་ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་དེ་ཁོ་ན་མི་རྟག་པ་ཡིན་པའི་ཕྱིར་སྡུག་བསྔལ་བ་ཡིན་གྱི། ལམ་མ་ཡིན་ཞེ་ན་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་འདོད་ཆགས་ཀྱི་དངོས་པོ་གང་ཡིན་པ་དེ་ཉིད་ལ་ཞེས་རྒྱས་པར་སྨྲས་ཏེ། འདུན་པ་དང་འདོད་ཆགས་ཀྱི་དམིགས་པ་ནི་འདུན་པ་

เล่ม ๑๑๕ · หน้า 165b

དང་འདོད་ཆགས་ཀྱི་དངོས་པོའོ། །དེ་ལ་འདུན་པ་ནི་ཐོབ་པར་འགྱུར་བའི་ཡུལ་ལ་འདོད་པའོ། །འདོད་ཆགས་ནི་ཐོབ་ཟིན་པའི་ཡུལ་ལ་མངོན་པར་ཆགས་པའོ། །དེ་ཉིད་ལ་མི་རྟག་པའི་འདུ་ཤེས་ཀྱིས་ནི་མི་མཐུན་པའི་འདུ་ཤེས་འདྲེན་པར་བྱེད་དོ་ཞེས་བྱ་བ་ནི་དེ་ལ་འདུན་པ་དང་

འདོད་ཆགས་ཀྱི་དངོས་པོ་དེ་ལ་སྐྱོན་དུ་མཐོང་བའི་ཕྱིར་རོ། །ཚོལ་བ་དང་ཆགས་པ་ཡང་དེ་ལ་སྐྱོན་དུ་མཐོང་ན་མི་མཐུན་པའི་འདུ་ཤེས་འདྲེན་པར་བྱེད་པ་ཡིན་གྱི། གཞན་དུ་མ་ཡིན་ནོ། །མི་མཐུན་པ་སྡུག་བསྔལ་བ་དེ་ལ་དགོངས་ནས་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་བསྟན་ཏོ་ཞེས་བྱ་བ་དེ་ལ་

འདུན་པ་དང་འདོད་ཆགས་ཀྱི་དངོས་པོ་ནི་མི་མཐུན་པ་ཡིན་གྱི། ལམ་ནི་འདུན་པ་དང་། འདོད་ཆགས་ཀྱི་དངོས་པོ་མ་ཡིན་ནོ། །དེའི་འདུན་པ་དང་འདོད་ཆགས་ཀྱི་དམིགས་པ་མ་ཡིན་ཏེ། དེ་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ཚོལ་བ་ནི་དགེ་བའི་ཆོས་འདུན་པ་ཡིན་ལ་གུས་པ་གཅེས་སུ་བྱེད་པ་ནི་

འདོད་ཆགས་མ་ཡིན་ནོ། །དེ་བས་ན་དེར་ནི་མི་རྟག་པའི་འདུ་ཤེས་ཀྱིས་མི་མཐུན་པའི་འདུ་ཤེས་འདྲེན་པར་བྱེད་པ་མ་ཡིན་ཏེ། མི་མཐུན་པ་ནི་སྡུག་བསྔལ་ཡིན་པས་སོ། །དེ་བས་ན་ལམ་ལ་ཐལ་བར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ལྷག་མ་མ་ལུས་པར་གཏན་དུ་སྡུག་བསྔལ་ལས་

ངེས་པར་འབྱིན་པའི་ཐབས་ཡིན་པའི་ཕྱིར་རོ། །འཕགས་པ་ཤཱ་རིའི་བུས་ཀྱང་། དངོས་པོ་གང་ཞེས་རྒྱས་པར་འབྱུང་བ་ལ་དངོས་པོ་གང་དགའ་བའི་ཡུལ་ཞེས་བྱ་བ་ནི་དགའ་བའི་དམིགས་པའོ། །དགའ་བ་ནི་འདིར་འདོད་ཆགས་དང་མཚུངས་པར་ལྡན་པའི་ཡིད་བདེ་བ་ཡིན་པར་དགོངས་སོ། །

དེ་མི་རྟག་པ་ཉིད་དུ་མཐོང་ན་མི་མཐུན་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱོན་མེད་པར་མཐོང་ན་ནི་དེ་ལ་རྗེས་སུ་མཐུན་པའི་འདུ་ཤེས་སུ་འགྱུར་ཞིང་དགའ་བ་ཡིན་ནོ། །དེ་བས་ན་མི་རྟག་པ་སྐྱོན་དུ་མཐོང་ན་མི་མཐུན་པའི་འདུ་ཤེས་སུ་གྱུར་པ་ཡིན་ནོ། །བདག་གི་དགའ་བ་ནི་དེ་ཕྲ་རྒྱས་སུ་གནས་པར་མི་

འགྱུར་རོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་དངོས་པོ་དེར་རོ། །ཕྲ་རྒྱས་སུ་ཞེས་བྱ་བ་ནི་འདོད་ཆགས་ཕྲ་རྒྱས་སུ་དམིགས་ཤིང་ཕྲ་རྒྱས་སུ་དགའ་བ་ལ་གནས་པ་མ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ན་ལམ་ནི་དགའ་བའི་ཡུལ་མ་ཡིན་པས་དེ་ལ་མི་རྟག་པའི་འདུ་ཤེས་ཀྱིས་མི་མཐུན་པའི་འདུ་ཤེས་འབྲེལ་པར་བྱེད་

เล่ม ๑๑๕ · หน้า 166a

པ་མ་ཡིན་པས་ལམ་ལ་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་ཚོར་བའི་གནས་སུ་གྱུར་པའི་དངོས་པོ་ཞེས་རྒྱས་པར་འབྱུང་བ་ལ། དངོས་པོ་གང་ཡིན་པ་ནི་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །སྡུག་བསྔལ་ལ་སོགས་

པའི་ཚོར་བ་གནས་སུ་གྱུར་པ་ནི་སྡུག་བསྔལ་གྱི་ཚོར་བའི་གནས་སུ་གྱུར་པ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བའི་གནས་སུ་གྱུར་པའོ། །སྐྱེ་བ་དང་འཇིག་པ་གཉིས་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །རིམ་བཞིན་དུ་མི་མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་སྡུག་

བསྔལ་གྱི་ཚོར་བའི་གནས་སུ་གྱུར་པ་ནི་སྐྱེ་བ་དང་རྗེས་སུ་འབྲེལ་པའི་ཕྱིར་མི་མཐུན་པ་ཡིན་ཏེ། འདི་ལྟར་དེ་ནི་སྐྱེ་བ་ཉིད་ནི་གནོད་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་ཚོར་བ་ནི་སྐྱེ་བ་སྡུག་བསྔལ་བ། གནས་པ་སྡུག་བསྔལ་བ། ཡོངས་

སུ་འགྱུར་བ་སྡུག་བསྔལ་བའོ་ཞེས་གསུངས་སོ། །དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བའི་གནས་སུ་གྱུར་པའི་དངོས་པོ་ལ་ཡང་རིག་པར་བྱའོ། །བདེ་བའི་ཚོར་བའི་གནས་སུ་གྱུར་པ་ནི་འབྲལ་བ་དང་རྗེས་སུ་འབྲེལ་པའི་ཕྱིར་མི་མཐུན་པ་ཡིན་ཏེ། དེ་ནི་རྣམ་པར་འཇིག་པ་གནོད་པ་དང་བཅས་

པ་ཡིན་པའི་ཕྱིར་རོ། །ཇི་སྐད་མདོ་སྡེ་གཞན་ལས། བདེ་བའི་ཚོར་བ་སྐྱེ་བ་བདེ་བའོ། །གནས་པ་བདེ་བའོ། །ཡོངས་སུ་འགྱུར་བ་སྡུག་བསྔལ་བའོ་ཞེས་གསུངས་སོ། །དེ་བཞིན་དུ་བདེ་བའི་ཚོར་བའི་གནས་སུ་གྱུར་པའི་དངོས་པོ་ལ་ཡང་རིག་པར་བྱའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་

ཡང་མ་ཡིན་པའི་ཚོར་བའི་གནས་སུ་གྱུར་པ་ནི་གཉི་ག་དང་རྗེས་སུ་འབྲེལ་པ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དང་རྗེས་སུ་འབྲལ་པའི་ཕྱིར་མི་མཐུན་པ་ཡིན་ནོ། །དེ་ནི་སྔོན་མ་བྱུང་བ་ལས་འབྱུང་བ་དང་། བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར་མི་རྟག་པ་ཉིད་ཀྱིས་མི་མཐུན་པ་ཡིན་ནོ། །ཇི་སྐད་དུ་མདོ་སྡེ་གཞན་

ལས། གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་བསྟན་ཏོ། །ལམ་ནི་དེ་ལྟ་བུ་མ་ཡིན་པས་ཞེས་བྱ་བ་ནི་དགའ་བའི་ཡུལ་དུ་གྱུར་པ། ཉེ་བར་ལེན་པའི་ཕུང་པོ་དེ་མ་ཡིན་ལ། དངོས་པོ་དེ་ནི་སྡུག་བསྔལ་ལ་སོགས་པའི་ཚོར་བའི་གནས་སུ་གྱུར་པ་ཡང་མ་ཡིན་པས་ལམ་ལ་སྡུག་བསྔལ་ཡིན་པར་ཐལ་

เล่ม ๑๑๕ · หน้า 166b

བར་འགྱུར་བ་མེད་དོ། །གཞན་དག་ན་རེ་ཚོར་བ་གསུམ་བསྟན་པ་ནི་དགོངས་པ་ཅན་ཡིན་གྱི་ཞེས་བྱ་བ་ནི་ཚོར་བ་གསུམ་བསྟན་པ་གང་ཡིན་པའི་ཚོར་བ་གསུམ་ནི་བདེ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡིན་ཏེ། འདི་ནི་དགོངས་པ་ཅན་ཡིན་ནོ་ཞེ་ན། ཚོར་བ་གསུམ་བསྟན་པ་

དགོངས་པ་ཅན་ཡིན་ནོ་ཞེས་བྱ་བ་དེ་ནི་འདི་ལ་ལོག་པར་བརྟགས་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཡིན་པར་དགོངས་ཏེ་བཀའ་སྩལ་ཏེ་ཞེས་རྒྱས་པར་སྨྲས་སོ། །རེ་ཞིག་ཚོར་བ་གསུམ་བསྟན་པ་དགོངས་པ་ཅན་ཡིན་པར་བརྟག་པ་གང་ཞེ་ན་ཞེས་བྱ་བ་ནི་

ཚོར་བ་གསུམ་བསྟན་པ་དག་གང་གི་དབང་དུ་བྱས་ཏེ་དགོངས་པ་ཅན་ཡིན་པར་བསྟན་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ཆུང་བའི་ཚོར་བ་ནི་བདེ་བ་ཞེས་བྱའོ་ཞེས་རྒྱས་པར་སྨྲས་སོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཇིག་རྟེན་དང་རྗེས་སུ་མཐུན་པ་ཡིན་ཏེ་ཞེས་སྨྲས་ཏེ། དཔེར་ན་བུམ་པ་དང་

སེམས་ཅན་འགྲོའོ་ཞེས་བྱ་བ་འཇིག་རྟེན་དང་རྗེས་སུ་མཐུན་པ་ཡིན་པ་བཞིན་ཏེ། འཇིག་རྟེན་པ་རྣམས་ནི་དེ་དག་ལ་བདེ་བ་ལ་སོགས་པ་ཡིན་པར་རྟོགས་སོ་ཞེས་བྱ་བ་ནི་ཆུང་ངུ་དང་། བར་མ་དང་། ཆེན་པོའི་ཚོར་བ་ལ་སོགས་པ་དེ་དག་ལ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་སྡུག་

བསྔལ་ཆེན་པོས་གཟིར་བ་ལས། སྡུག་བསྔལ་ཆུང་ངུའི་ཚོར་བ་ལ་བདེ་བ་ཡིན་པར་རྟོགས་ཏེ། དཔེར་ན་ཆུ་ཤིན་ཏུ་དྲོན་པོས་གདུངས་པ་ན་ཆུ་ཅུང་ཟད་དྲོ་བ་ལ་གྲང་བ་ཞེས་བྱ་བ་བཞིན་ནོ། །སྡུག་བསྔལ་ཆེན་པོའི་ཚོར་བས་གཟིར་བ་ལས་ཚོར་བ་བར་མ་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་

རྟོགས་སོ། །དཔེར་ན་དཔྱིད་ཀྱི་ཉི་ཚན་གྱིས་ཡོངས་སུ་གདུངས་པས་སྔར་དགུན་གྱི་ཉི་མ་ལ་དྲོ་བ་ཡང་མ་ཡིན་གྲང་བ་མ་ཡིན་ཞེས་བྱ་བ་བཞིན་ནོ། །སྡུག་བསྔལ་ཆེན་པོའི་ཚོར་བ་སྡུག་བསྔལ་ཡིན་པར་རྟོགས་སོ། །སྡུག་བསྔལ་གྱི་ཚོར་བའི་མཚན་ཉིད་ཀྱང་ཅི་ཡིན་ཞེས་རྒྱས་པར་འབྱུང་བ་ལ།

གང་སྐྱེས་ན་མི་འབྲལ་བར་འདོད་པ་འབྱུང་བ་ཞེས་བྱ་བ་ནི་འབྲས་བུས་ཉེ་བར་མཚན་པའི་དབང་དུ་བྱས་པའོ། །དེ་སྡུག་བསྔལ་དུ་ཇི་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་དང་མི་མཐུན་པའི་འབྲས་བུ་ཡིན་པར་རྟོགས་པ་ཡོད་པས་སོ། །འོན་ཏེ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཐ་དད་པའི་

เล่ม ๑๑๕ · หน้า 167a

ཕྱིར་འབྲས་བུ་འདི་ཐ་དད་པ་ཡིན་ནོ་ཞེས་སྨྲ་ན། འོ་ན་ནི་གང་སྐྱེས་ན་བྲལ་བར་འདོད་པ་འབྱུང་བ་ཞེས་བྱ་བར་ཚོར་བ་འདི་ཐམས་ཅད་སྡུག་བསྔལ་ཡིན་པར་མི་འགྱུར་རོ། །འོན་ཏེ་གང་ལ་བརྟེན་ན་གནོད་པར་འགྱུར་བ་དེ་ཞེས་བྱ་བ་ནི་བྱེད་པས་ཉེ་བར་མཚན་པའི་དབང་དུ་

བྱས་པའོ། །གང་ལ་བརྟེན་ན་ཕན་པར་འགྱུར་བ་དེ་ཇི་ལྟར་སྡུག་བསྔལ་ཡིན་པར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་དང་མི་མཐུན་པར་བྱེད་པའི་ཉེ་བར་མཚོན་པ་ཡོད་པས་སོ། །འོན་ཏེ་ཇི་ལྟར་འཕགས་པས་སྡུག་བསྔལ་བར་གཟིགས་ཏེ་ཞེས་རྒྱས་པར་འབྱུང་བ་ལ། འདུ་

བྱེད་སྡུག་བསྔལ་ཉིད་ཀྱིས་ཚོར་བ་རྣམས་འཕགས་པས་སྡུག་བསྔལ་བར་གཟིགས་སོ་ཞེ་ན་ཞེས་བྱ་བ་འདིས་ནི་ཚོར་བ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི་སྡུག་བསྔལ་གྱི་མཚན་ཉིད་ཡིན་པར་བསྟན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་བས་ན་ཚོར་བའི་རང་གི་

མཚན་ཉིད་འདི་ལ་ཐ་དད་པ་ཡོད་དུ་ཟིན་ཀྱང་འགྲུབ་པར་མི་འགྱུར་ཏེ། དེ་ཡང་ཐ་དད་པ་མེད་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་མི་རྟག་པ་ཉིད་དུ་མཐུན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་ལྟར་དེའི་སྒོ་ནས་ཚོར་བ་ལ་སྡུག་བསྔལ་ཆུང་བ་ཉིད་དང་། བར་མ་དང་། ཆེན་པོ་ཉིད་འགྲུབ་

པར་འགྱུར་ཞེས་བྱ་བ་ནི་འདུ་བྱེད་མི་རྟག་པ་ཉིད་ཀྱི་སྒོ་ནས་ཐ་དད་པ་མེད་པ་ཉིད་ཡིན་ན་ནི་འདུ་བྱེད་མི་རྟག་པ་དེའི་སྒོ་ནས་ཁ་ཅིག་ཏུ་ནི་ཆུང་ངུ་ཡིན་ནོ། །ཁ་ཅིག་ཏུ་ནི་འབྲིང་ཡིན་ནོ། །ཁ་ཅིག་ཏུ་ནི་ཆེན་པོ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །སྡུག་བསྔལ་གྱི་རང་གི་མཚན་ཉིད་གང་ཡིན་པ་དེ་ལ་ནི་ཆུང་

ངུ་དང་། འབྲིང་དང་། ཆེན་པོ་ཐ་དད་པར་རིགས་པ་ཡིན་ཏེ། རང་གི་མཚན་ཉིད་ཀྱི་རྐྱེན་ཐ་དད་པས་ཐ་དད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འདུ་བྱེད་སྡུག་བསྔལ་ཉིད་ཁོ་ནས་ཚོར་བ་ཞེས་བྱ་བ་ཉིད་ཡིན་ན་ནི་ཞེས་རྒྱས་པར་འབྱུང་བ་ལ་སྡུག་བསྔལ་གསུམ་ཞེས་བྱ་བའི་མདོ་སྡེ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་

ནི་ཡོངས་སུ་འགྱུར་བ་དང་། སྡུག་བསྔལ་བའི་སྡུག་བསྔལ་གཉིས་མེད་པའི་ཕྱིར་རོ། །འོན་ཏེ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སོ་སོ་ཐ་དད་པར་མྱོང་བ་དེ་དག་སྡུག་བསྔལ་ཡིན་ནོ་ཞེས་ཇི་ལྟར་སྲིད་པར་སྨྲ་བ་དེ་ལ་འདི་བརྗོད་པར་བྱ་བ་སྟེ། སྡུག་བསྔལ་བའི་སྡུག་བསྔལ་བ་འདི་གང་

เล่ม ๑๑๕ · หน้า 167b

ཡིན། གང་སྡུག་བསྔལ་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་ཀྱང་། གང་ཡིན་པར་མ་ཡིན་ནོ་ཞེའོ། །གལ་ཏེ་དེ་དག་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ན་ནི། སྡུག་བསྔལ་གསུམ་ཞེས་བརྗོད་དུ་མེད་པར་འགྱུར་རོ། །གལ་ཏེ་ཆུང་ངུ་དང་། བར་མ་དང་། ཆེན་

པོ་ཐ་དད་པ་ཡིན་ནོ་ཞེ་ན་ནི་མིང་གཞན་དུ་བརྗོད་པ་ཡིན་ཏེ། སྡུག་བསྔལ་ལ་ཆུང་ངུ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་ཉིད་འགྲུབ་པར་མི་འགྱུར་ཏེ། སྡུག་བསྔལ་གྱི་མཚན་ཉིད་ལ་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཏེ་སྡུག་བསྔལ་བའི་སྡུག་བསྔལ་ཉིད་ཀྱང་གཞན། འདུ་བྱེད་ཀྱི་སྡུག་

བསྔལ་ཡང་གཞན། ཡོངས་སུ་འགྱུར་བའི་སྡུག་བསྔལ་ཡང་གཞན་ཡིན་ནོ་ཞེས་སྨྲ་ན་ནི་དེ་ལྟར་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ནི་ཡིན་ན་བདེ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བའི་དངོས་པོ་ནི་འགྲུབ་པར་མི་འགྱུར་རོ། །གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་

བསྔལ་འབྱུང་བའོ་ཞེས་འབྱུང་བའི་མདོ་སྡེ་དང་ཡང་འགལ་བར་མི་འགྱུར་ཏེ། ཀུན་དགའ་བོ་འདུ་བྱེད་མི་རྟག་པ་ཉིད་དང་ཡང་འདུ་བྱེད་ཡོངས་སུ་འགྱུར་བ་ཉིད་ལ་ངས་དགོངས་ནས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བཤད་དོ། །ཚོར་བ་གསུམ་ནི་འདི་དག་སྟེ། བདེ་བ་དང་།

སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་སྐྱེ་བ་སྡུག་བསྔལ་བའོ། །ཡོངས་སུ་འགྱུར་བ་བདེ་བ་ཡིན་ནོ། །བདེ་བའི་ཚོར་བ་སྐྱེ་བ་བདེ་བ་ཡིན་ནོ། །གནས་པ་བདེ་བ་ཡིན་ནོ། །ཡོངས་སུ་འགྱུར་བ་སྡུག་བསྔལ་ཡིན་ནོ་ཞེས་བྱ་བ་ལ་

སོགས་པ་ཡིན་ནོ། །བསམ་གཏན་གསུམ་པ་ན་སྡུག་བསྔལ་ཆུང་བའི་ཚོར་བ་ཡོད་པར་འགྲུབ་པར་འགྱུར་ཏེ། བདེ་བའི་ཚོར་བ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་

ཞི་ནས་ནང་ཡོངས་སུ་དང་བས་སེམས་རྩེ་གཅིག་ཏུ་གྱུར་པའི་ཕྱིར་རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའི་ཕྱིར་དང་། བཏང་སྙོམས་ཅན་དྲན་པ་དང་ལྡན་པ་བདེ་

เล่ม ๑๑๕ · หน้า 168a

བ་ལ་གནས་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །དེའི་གོང་མར་བར་མ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ནས་སྲིད་པའི་རྩེ་མོའི་བར་དུ་དེ་བདེ་བ་ཡང་སྤངས་

སྡུག་བསྔལ་ཡང་སྤངས་ནས་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་མེད་པས་ཡིད་མི་བདེ་བ་ལ་སོགས་པ་སྤངས་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་ཞི་བའི་སྙོམས་པར་ཞུགས་པ་ལ་སྡུག་བསྔལ་གྱི་ཚོར་བ་ལྷག་པར་ཡོད་པར་འཐད་ཅེས་བྱ་བ་ནི་སྙོམས་པར་འཇུག་པ་འོག་མའི་རྫས་

ལས་གོང་མ་པའི་སྙོམས་པར་འཇུག་པའི་རྫས་ཤིན་ཏུ་ཞི་བ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་ལྷག་པར་ཡོད་པར་འཐད། བར་མ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡིན་ནོ་ཞེས་སྟོན་པའི་ཕྱིར་འདོད་པའི་ཁམས་ལས་གོང་ན་སྡུག་

བསྔལ་གྱི་ཚོར་བ་ཡོད་པ་མ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བདེ་བར་འདུ་ཤེས་པ་གང་ཡིན་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་གསུངས་པ་ཡང་ཞེས་བྱ་བ་ནི་བདེ་བའོ་སྙམ་པའི་འདུ་ཤེས་ནི་བདེ་བར་འདུ་ཤེས་པའོ། །བདེ་བར་ཕྱིན་ཅི་ལོག་པ་ཡང་ལོག་པར་འཛིན་པའོ། །སྡུག་བསྔལ་རྣམ་

པ་གཉིས་ལ་ཞེས་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་གཉིས་ནི་ཡོངས་སུ་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །སྡུག་བསྔལ་དེ་ལ་སྡུག་བསྔལ་ཉིད་དུ་ཡོངས་སུ་མི་ཤེས་ནས་ཞེས་བྱ་བ་ནི་སྡུག་བསྔལ་གཉིས་པོ་དེ་སྡུག་བསྔལ་ཡིན་པ་ཡོངས་སུ་མི་ཤེས་ནས་

གཅིག་ཁོ་ནར་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །སྡུག་བསྔལ་ཉིད་གཉིས་ཡིན་པར་མཐོང་བ་ལ་སྦྱོར་བར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་མཐོང་བར་བྱ་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་མཐོང་བར་བྱ་བ་ལ་སྦྱོར་བར་བྱ་བའི་ཕྱིར་རོ། །དེ་ལ་ཆགས་

པ་དང་བྲལ་བའི་ཐབས་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་དེ་ལ་སྡུག་བསྔལ་རྣམ་པ་གཉིས་ཡོད་པར་མཐོང་བ་ནི་སྡུག་བསྔལ་རྣམ་པ་དེ་གཉིས་ཀྱི་རང་གི་མཚན་ཉིད་ཀྱི་རྣམ་པ་མཐོང་བ་ནི་དེ་ལ་ཕྱིར་ཕྱོགས་པར་མི་འགྱུར་རོ། །སྡུག་བསྔལ་མང་པོ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཅི་ཞེ་ན། བདེ་བའི་

เล่ม ๑๑๕ · หน้า 168b

ཚོར་བ་ནི་སྡུག་བསྔལ་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྲན་མ་ཤའི་ཕུང་པོ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་སྲན་མ་ཤའི་ནང་ན་སྲན་མུད་ག་ལ་སོགས་པ་མེད་པ་མ་ཡིན་ཡང་སྲན་མ་ཤ་མང་བའི་ཕྱིར་མ་ཤའི་ཕུང་པོ་ཞེས་བྱ་བ་དེ་བཞིན་ནོ། །བཙུན་པ་གཞོན་ནུ་ལེན་གྱིས་ནི་

བདེ་བ་ཁས་བླངས་ནས་ཇི་ལྟར་དེ་ལ་སྡུག་བསྔལ་གྱི་བློ་འབྱུང་བ་སྨྲ་བར་བྱེད་དོ། །སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དང་ཞེས་རྒྱས་པར་འབྱུང་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་བདེ་བ་ནི་འགྱུར་བའི་སྡུག་བསྔལ་འབྱུང་བའམ། སྲེད་པ་དང་། ལེན་པ་དང་། སྲིད་པའི་རིམ་

གྱིས་འདི་ལྟར་བདེ་བའི་ཚོར་བ་ནི་ཡང་སྲིད་ཀྱི་རྒྱུར་འགྱུར་བ་ཡིན་ཏེ། དེ་བས་ན་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །སྡུག་བསྔལ་མང་པོས་བསྐྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་འདི་ལྟར་བདེ་བ་ནི་ཞིང་རྨོ་བ་དང་། ཚོང་བྱ་བ་ལ་སོགས་པའི་སྡུག་བསྔལ་མི་ཉུང་བས་བསྐྱེད་ཅིང་འབྱུང་བ་ཡིན་ནོ། །སྡུག་བསྔལ་

ཡིན་པ་ལ་དེ་ཡིད་དུ་འོང་བ་ཡིན་ཞིང་ཞེས་བྱ་བ་ནི་འདི་ལྟར་བཀྲེས་པ་དང་། སྐོམ་པ་དང་། ལུས་ཀྱི་ནད་དང་། ངལ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་སྡུག་བསྔལ་བ་ཡིན་ཡང་དེ་ལ་འདོད་པ་འབྱུང་ངོ་། །གཏན་ཚིགས་དེ་དག་ཀུན་གྱི་ཕྱིར། སྡུག་བསྔལ་ཡིན་ན་བདེ་བར་འཛིན་ཏོ། །བདེ་བའི་རྒྱུ་

རྣམ་པར་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་ལ་གྲགས་པའི་སྒོ་ནས་བསྟན་པ་ཡིན་ཏེ། དེ་དག་ནི་བདེ་བ་ཡང་ཡོད་པ་མ་ཡིན། བདེ་བའི་རྒྱུ་ཡང་ཡོད་པ་མ་ཡིན་ཞེས་བྱ་བ་ཡིན་ནོ། །འདི་ལྟར་བཏུང་བ་དང་། བཟའ་བ་དང་། བགོ་བ་ལ་སོགས་པ་དེ་དག་བདེ་བའི་རྒྱུར་བརྟགས་པ་དེ་དག་ནི་བདེ་

བའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་གཞན་ཞི་བ་བདེ་བ་ཡིན་པར་སེམས་ཏེ་ཞེས་བྱ་བ་ནི་བདེ་བ་མེད་དུ་ཟིན་ཀྱང་བདེ་བའི་བློ་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་འདི་དྲི་བར་བྱ་སྟེ། ཅི་བཏུང་བ་དང་། བཟའ་བ་ལ་སོགས་པ་དེ་དག་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་།

དྲོ་བ་ལ་སོགས་པའི་སྡུག་བསྔལ་ཞི་བའི་རྒྱུ་ཡིན་ནམ། འོན་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན། དེས་ཅིར་འགྱུར། གལ་ཏེ་སྡུག་བསྔལ་ཞི་བའི་རྒྱུ་ཡིན་ན་ནི་ཇི་ལྟར་སྡུག་བསྔལ་གྱི་རྒྱུ་ཡིན་པར་འགྲུབ་པར་འགྱུར། འདི་ལ་ཡང་སྡུག་བསྔལ་གྱི་ཚོར་བ་ནི་ཡོད་པ་མ་ཡིན་པ་དེ་ཁོ་ན་ཡིན་ཏེ།

เล่ม ๑๑๕ · หน้า 169a

སྡུག་བསྔལ་གྱི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཁོ་ན་བཞིན་དུ་གནས་སོ། །བཏུང་བ་དང་། བཟའ་བ་དང་། གོས་ལ་སོགས་པ་གང་ཡིན་པ་དེ་དག་ཤིན་ཏུ་མང་བ་དང་། དུས་མ་ཡིན་པར་བསྟེན་ན་སྡུག་བསྔལ་འབྱུང་བར་འགྱུར་བ་དེ་དག་ཉིད་ཚོད་ཟིན་

པ་དང་། དུས་སུ་བསྟེན་ན་སྡུག་བསྔལ་ཞི་བར་འགྱུར་རོ། །རྒྱུ་གང་ཁོ་ནས་སྡུག་བསྔལ་བར་འགྱུར་བ་དེ་ཁོ་ནས་སྡུག་བསྔལ་ཞི་བར་འགྱུར་བ་ཡང་རིགས་པ་མ་ཡིན་ནོ། །འོན་ཏེ་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། དྲོ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བ་རྣམས་

ཀྱིས་སྡུག་བསྔལ་གྱི་རྒྱུ་རྣམས་བསྟེན་ན་ཇི་ལྟར་བདེ་བའི་བློ་འབྱུང་བར་འགྱུར། འོན་ཏེ་སྡུག་བསྔལ་གཞན་ལ། དེའི་ཚེ་བདེ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་ན་ནི་བཏུང་བ་དང་བཟའ་བ་ལ་སོགས་པའི་དུས་ལས་དུས་གཞན་གྱི་ཚེ་ན་ཡང་ཤིན་ཏུ་བདེ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་པ་

འཐོབ་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ཡང་མེད་པའི་ཕྱིར་རོ། །གང་དག་སྡུག་བསྔལ་གཞན་ལ་བདེ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་པ་དེ་ནི་དེ་མེད་ན་ཤིན་ཏུ་བདེ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་པ་འཐོབ་པར་འགྱུར་རོ། །བདེ་བའི་རྒྱུ་རྣམ་པར་མི་གནས་པ་མ་ཡིན་ཏེ་ཞེས་བྱ་བ་འདིས་

ནི་གཏན་ཚིགས་མ་གྲུབ་པའི་དོན་ཉིད་བརྗོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་རྒྱས་པར་འབྱུང་བ་ནི་འདི་ལྟ་མ་ཡིན་ཏེ། གལ་ཏེ་སྡུག་བསྔལ་ཉེ་བར་ཞི་བ་ཁོ་ན་ལ་བདེ་བའི་བློ་འབྱུང་བ་ཡིན་ན་ནི། ངལ་བའི་ལུས་སྐུ་མཉེ་བྱེད་པ་དང་། སྤྱོད་ལམ་གཞན་བྱེད་པ་གཉིས་བདེ་བ་ཉིད་ལ་བདེ་བའི་བློ་འབྱུང་

བ་མ་ཡིན་ན། དུས་རིང་པོས་ཞེས་བྱ་བ་ནི་སྐུ་མཉེ་བྱེད་པའི་དུས་ལས་རིང་དུ་ལེན་པ་དང་། སྤྱོད་ལམ་གཞན་བྱེད་པ་ལས་ཡུན་རིང་དུ་ལོན་ཏེ། ངལ་བ་ཞི་བ་དེ་འདྲ་བ་ཁོ་ནའི་བློ་འབྱུང་བར་འགྱུར་གྱི་ཞེས་བྱ་བ་ནི་དེའི་ཚེ་ན་ཡང་སྡུག་བསྔལ་ཞི་བ་ཡོད་པས་སོ། །ལན་འགའ་ཡང་བདེ་བ་ལ་ཡོངས་སུ་གཅོད་

པར་མི་འགྱུར་ཞེས་རྒྱས་པར་འབྱུང་བ་དེས་ནི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་ལ་བདེ་བའི་བློ་འབྱུང་བ་ཡོད་མོད་ཀྱི། འོན་ཀྱང་བདེ་བ་ཉེ་བར་བརྟགས་པ་ཙམ་ཡིན་པར་སྟོན་ཏོ། །བདེ་བའི་བློ་ཡང་མ་ཡིན་ཏེ་ཚོར་བ་གཞན་བདེ་བའི་ཚོར་བ་གཞན་ལ་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །འདིར་ནི་སྡུག་བསྔལ་ཉེ་

เล่ม ๑๑๕ · หน้า 169b

བར་ཞི་བ་ལ་བདེ་བའི་བློ་འབྱུང་བ་མ་ཡིན་པ་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་གང་ཕལ་ཆེར་བཟའ་བ་དང་བཏུང་བ་འབད་དེ་ཞིམ་པོ་ཚོལ་བར་བྱེད་པར་མི་འགྱུར་ཏེ། འབྲས་ཆན་ཕལ་པ་དང་འབྲས་ཀུལ་མ་ས་དང་རྩ་བ་མོ་དང་ཆུ་ཙམ་གྱིས་ཀྱང་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་ཉེ་

བར་ཞི་བ་ནི་གདོན་མི་ཟ་བར་འགྱུར་བ་ཡིན་ནོ། །བཟའ་བ་དང་བཏུང་བ་ཞིམ་པོ་ལ་ལོངས་སྤྱོད་པའི་ཚེ་ནི་བདེ་བའི་ཚོར་བ་ཡིན་ནོ། །གང་གི་ཚེ་བཀྲེས་པ་དང་། སྐོམ་པ་དང་བྲལ་ནས་ཞེས་རྒྱས་པར་འབྱུང་བ་དེས་ཀྱང་སྡུག་བསྔལ་ཉེ་བར་ཞི་བ་ཙམ་ལ་བདེ་བ་ཡིན་པར་མངོན་པའི་ང་རྒྱལ་བྱད་

པར་སྟོན་ཏོ། །རོ་ཞིམ་པའམ། སྣ་ལ་དྲི་ཞིམ་པ་རྫས་གཞན་ཤིན་ཏུ་ཞིམ་པའམ། ཤིན་ཏུ་ཆེས་ཞིམ་པའི་ཁྱད་པར་ལས་ཞེས་བྱ་བ་ནི་ཞིམ་པའི་རྫས་གཞན་ཤིན་ཏུ་ཞིམ་པ་དང་ཤིན་ཏུ་ཆེས་ཞིམ་པའི་ཁྱད་པར་ལས་རོ་ཞིམ་པ་དང་། ཤིན་ཏུ་ཆེས་ཞིམ་མོ་སྙམ་པ་དང་།

ཇི་ལྟར་དྲི་ཞིམ་པའི་རྫས་གཞན་ཤིན་ཏུ་ཞིམ་པ་དང་། ཤིན་ཏུ་ཆེས་ཞིམ་པའི་ཁྱད་པར་ལས་དྲི་ཞིམ་པོར་ཤིན་ཏུ་ཞིམ་པ་དང་དྲི་ཤིན་ཏུ་ཆེས་ཞིམ་མོ་སྙམ་པ་དེ་བཞིན་ནོ། །རྣ་བས་ཀྱང་ཡིད་དུ་འོང་སྙན་པ་སྣ་ཚོགས་པའི་སྒྲ་རྣམས་ལ་ཞེས་རྒྱས་པར་འབྱུང་བ་ལ་ཡང་སྡུག་བསྔལ་

གཞན་ཉེ་བར་ཞི་བ་གང་ཞིག་ཡིན། སྙན་པ་སྣ་ཚོགས་པའི་སྒྲ་རྣམས་ལ་ཉན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙན་པའི་སྒྲ་ཡང་ཡིན། སྣ་ཚོགས་ཀྱི་སྒྲ་ཡང་ཡིན་པས་སྙན་པ་སྣ་ཚོགས་ཀྱི་སྒྲའོ། །ཡིད་དུ་འོང་ལ་སྙན་པ་སྣ་ཚོགས་ཀྱི་སྒྲ་ནི་ཡིད་དུ་འོང་བ་སྙན་པ་སྣ་ཚོགས་ཀྱི་སྒྲའོ། །

ཡིད་དུ་འོང་བ་སྙན་པ་སྣ་ཚོགས་ཀྱི་སྒྲ་དེ་དག་ལ་ཉན་པས་ནི་བདེ་བ་ཁྱད་པར་གྱི་བློ་སྐྱེད་པར་བྱེད་དོ། །སྡུག་བསྔལ་གཞན་ཉེ་བར་ཞི་བ་འབའ་ཞིག་ལ་མ་ཡིན་པར་ནི་ལུང་མདོ་སྡེ་འདི་ཉིད་ལས་ཀྱང་ཚོར་བ་གང་ཞེ་ན། ཚོར་བ་གསུམ་སྟེ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །རིགས་པས་ཀྱང་

ཞེས་བྱ་བ་ནི་བདེ་བའི་རྒྱུ་རྣམ་པར་གནས་པ་ལ་སོགས་པའི་རིགས་པས་ཚོར་བ་གསུམ་གྲུབ་པ་ཡིན་ནོ། །འདིར་ཡང་རྐྱེན་དང་རྐྱེན་ཅན་གཉིས། །ཞེས་རྒྱས་པར་འབྱུང་བ་ལ། རྒྱུ་གཞན་དང་དེ་མ་ཐག་པ་དང་། དམིགས་པ་རྣམས་རྐྱེན་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་རེག་པ་ལས་

เล่ม ๑๑๕ · หน้า 170a

གཞན་དེ་ལ་ཚོར་བའི་རྒྱུ་དང་རྐྱེན་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ། །དམིགས་པའི་རྐྱེན་ནི་གང་ལ་དམིགས་ནས་སྐྱེ་བའོ། །དེ་ཐམས་ཅད་ཀྱི་འབྱུང་

གནས་ཕུང་པོ་ཡིན་ནོ་ཞེས་བྱ་བ་ལ་ཕུང་པོ་ནི་གནས་དང་བཅས་པའི་སྐྱེ་མཆེད་དྲུག་གོ། །རྐྱེན་ཅན་ངེས་པ་ཡིན་ན་ནི་རེག་པའི་རྐྱེན་གྱིས་གཞན་སེམས་ལས་བྱུང་བའི་ཆོས་རྣམས་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྐྱེན་རེག་པ་ཡིན་ཏེ། ཇི་སྐད་དུ་མདོ་

སྡེ་ལས། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་ཡིན་ནོ་ཞེས་གསུངས་སོ། །རེག་པ་གཙོ་བོའི་རྐྱེན་ཡིན་པར་ཡང་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་ཐ་དད་པས་ཞེས་བྱ་བ་ནི་བདེ་བ་མྱོང་བར་

འགྱུར་བའི་རེག་པ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་དེ་ལྟ་བུའི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཐ་དད་པ་ལས། བདེ་བ་ལ་སོགས་པའི་ཚོར་བ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་

ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་སྐྱེ་བའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་ཡིན་ནོ། །དེ་སྐྱེས་པ་ན་ཞེས་བྱ་བ་ཚོར་བ་སྐྱེས་པ་ན་རྐྱེན་གཞན་དང་ཞེས་བྱ་བ་རྒྱུ་དང་དེ་མ་ཐག་པ་དང་། དམིགས་པའི་རྐྱེན་དང་། འདུན་པ་དང་རྣམ་པར་

རྟོག་པ་ལ་སོགས་པ་ཡང་ཞེས་བྱ་བའི་སོགས་པའི་སྒྲས་འབྱུང་གནས་ཕུང་པོ་ལ་སོགས་པ་ཡང་རེག་པ་ལ་ལྟོས་པ་ཡིན་གྱི་གང་གི་ཚེ་ཡུལ་གྱི་སྟོབས་ཀྱིས་ཚོར་བ་སྐྱེ་བར་འགྱུར་བ་ན་རེག་པ་ནི་ངེས་པར་དེ་དག་ལ་ལྟོས་པ་མ་ཡིན་ནོ། །ཚོར་བའི་བསྡུས་པའི་དོན་རྣམ་པར་གཞག་པ་ཡང་འདིར་རྣམ་པ་

ལྔར་བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ་ཚོར་བ་རྣམ་པ་གསུམ་སྟེ་ཞེས་རྒྱས་པར་བསྟན་པའོ། །ཉེ་བར་མཚོན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། གང་སྐྱེས་ན་མི་འབྲལ་བར་འདོད་པ་འབྱུང་བའོ་ཞེས་རྒྱས་པར་བསྟན་པའོ། །ཚོར་བ་གསུམ་པར་གཞག་པ་ནི་ཇི་

เล่ม ๑๑๕ · หน้า 170b

སྐད་དུ་དེར་ཡང་ཚོར་བ་གཉིས་ལ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་མེད་པས་ན་ཞེས་རྒྱས་པར་བསྟན་པའོ། །རྣམ་པར་ངེས་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཞན་དག་ན་རེ་ཚོར་བ་གསུམ་བསྟན་པ་ནི་དགོངས་པ་ཅན་ཡིན་གྱི། སྡུག་བསྔལ་ཉིད་ནི་ཚོར་བ་གཅིག་ཁོ་ན་ཡིན་ནོ་ཞེ་ན་ཞེས་

རྒྱས་པར་བསྟན་པའི་གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་ཐ་དད་པས་ཞེས་རྒྱས་པར་བསྟན་པའོ། །ཚོར་བ་རྣམ་པར་དབྱེ་བའོ། །སྲིད་པ་གང་ཞེ་ན་ཞེས་བྱ་བ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་ན་དེ་ཡང་

གནས་ཐ་དད་པས་ནི་རྣམ་པ་དྲུག །ཁམས་ཐ་དད་པས་ནི་རྣམ་པ་གསུམ། དམིགས་པ་ཐ་དད་པས་ནི་རྣམ་པ་བཞི་སྟེ། བདག་གིས་དངོས་པོ་དང་ཡུལ་གཉིས་ཀྱིས་ཐོབ་པ་དང་། མ་ཐོབ་པ་གཉིས་ལས་སོ་ཞེས་འོག་ནས་འཆད་དོ། །དེ་བས་ན་དམིགས་མི་ཕྱེད་ན་ཚོར་བའི་རྐྱེན་གྱིས་

སྲེད་པར་འདིར་དགོངས་པ་གང་ཞེ་ན། དེ་དམིགས་ཀྱིས་དབྱེ་བའི་ཕྱིར་སྲེད་པ་གསུམ་སྟེ་ཞེས་རྒྱས་པར་འབྱུང་བ་ཞེས་སྨྲས་སོ། །རྒྱས་པར་སྨོས་པ་ནི་འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པ་ཞེས་མདོ་སྡེ་ལས་ཇི་སྐད་འབྱུང་བ་བསྟན་པར་བྱ་

བའི་ཕྱིར་རོ། །གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་དེ་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འཕྲལ་དུ་ཉེ་བར་གནས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ཇི་སྐད་དུ་སྔར་བསྟན་པའོ། །དེ་བཞིན་དུ་ཁ་ཅིག་ཏུ་ནི་རྣམ་པར་དབྱེ་བ་ཡང་མ་གསུངས་སོ་ཞེས་བསྟན་པའོ། །ཁྱིའི་སྦྲང་བུ་བཞིན་དང་ཞེས་བྱ་བ་ནི་

ཇི་ལྟར་ཁྱི་ལ་སྦྲང་བུ་རྒྱུ་བ་ལ་ཁྱིའི་སྦྲང་བུ་ཞེས་སྟོན་ཏོ། ཚིག་བར་མ་མི་མངོན་པ་ཡིན་པའི་ཕྱིར་རོ། །གྲོང་གི་ཕག་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་གྲོང་ན་རྒྱུ་བའི་ཕག་པ་ལ་གྲོང་གི་ཕག་པ་ཞེས་བརྗོད་དེ། ཚིག་བར་མ་མི་མངོན་པར་བྱས་པ་དེ་བཞིན་ནོ། །ཅི་རིགས་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་ལྟ་

བུ་ཞེ་ན། འདོད་པ་ན་སྤྱོད་པའི་སྲེད་པ་ནི་འདོད་པའི་སྲེད་པའོ། །གཟུགས་ན་སྤྱོད་པའི་སྲེད་པ་ནི་གཟུགས་ཀྱི་སྲེད་པ་སྟེ། ཚིག་བར་མ་མི་མངོན་པ་ཡིན་པའི་ཕྱིར་སྔ་མ་བཞིན་ནོ། །དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པ་ཞེས་སྦྱར་བར་བྱའོ། །དེ་དག་ཉིད་ཁམས་གསུམ་པའི་སྲེད་པ་ཡིན་པར་

เล่ม ๑๑๕ · หน้า 171a

བསྟན་ཏོ་ཞེས་བྱ་བ་ནི་དེ་བཞིན་དུ་སྤྱོད་པའི་སྒྲ་མི་མངོན་པར་བྱས་ནས་བསྟན་ཏོ། །གོ་རིམས་བཞིན་ཏེ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པའོ། །གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པའོ། །གཟུགས་

མེད་པའི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པ་ཞེས་བྱ་བ་ཡིན་ནོ། །ས་གང་ཡིན་པའི་ཚོར་བ་གང་ཡིན་པ་དེ་ཡང་ས་དེ་ཉིད་ཀྱི་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ཚོར་བ་ནི་བསམ་གཏན་དང་པོའི་སའི་སྲེད་པའི་རྐྱེན་ཡིན་ནོ། །རྒྱས་པར་སྲིད་པའི་རྩེ་མོའི་བར་གྱི་སའི་

ཚོར་བ་ནི་སྲིད་པའི་རྩེ་མོའི་བར་གྱི་སའི་སྲེད་པའི་རྐྱེན་ཡིན་ནོ། །བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་ནི་དེ་དང་ལྡན་པར་སྲེད་པ་དང་། དེ་དང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ། །སྡུག་བསྔལ་ནི་དེ་དང་མི་ལྡན་ཞིང་འབྲལ་བར་

སྲེད་པའི་རྐྱེན་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་གང་ཡིན་པ་དེའི་གནས་སྐབས་དེ་ལ་མངོན་པར་དགའ་བ་ནི་དེའི་གནས་སྐབས་ལ་མངོན་པར་

དགའ་བའོ། །དེའི་གནས་སྐབས་ལ་མངོན་པར་དགའ་བ་ཉིད་སྲེད་པ་ཡིན་པས་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པ་སྟེ། དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པ་དེའི་རྐྱེན་ཡིན་ནོ། །བསམ་གཏན་ཁ་ཅིག་ཏུ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ་

ཞེས་བྱ་བ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་ཚེའོ། །དེ་ལྟར་

བྱས་ན་བདེ་བའི་ཚོར་བ་ནི་འདོད་པའི་ཁམས་ནས་བསམ་གཏན་གསུམ་པའི་བར་དུ་སྲེད་པའི་རྐྱེན་ཡིན་པར་བསྟན་ཏོ། །སྡུག་བསྔལ་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པ་འདོད་པའི་

เล่ม ๑๑๕ · หน้า 171b

ཁམས་ནས་བསམ་གཏན་གསུམ་པའི་བར་དུ་ཡོད་པའི་རྐྱེན་ཡིན་པར་བསྟན་ཏོ། །དེ་དག་ན་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པ་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་གནས་སྐབས་ལ་མངོན་པའི་སྲེད་པ་ཁོ་ན་ཡིན་ནོ། །དེ་ཡན་ཆད་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་

ཡིན་པར་བསྟན་ཏོ། །གཞན་ཡང་ཚོར་བ་གསུམ་དང་ཞེས་རྒྱས་པར་འབྱུང་བས་ནི་རྣམ་གྲངས་གཞན་ཡིན་ནོ། །སྤྱི་དྲིལ་དུ་ཕུང་པོའི་རྒྱུན་ལ་བྱེ་བྲག་མེད་པར་ཞེས་བྱ་བ་ནི་ཕུང་པོ་འདི་ཐམས་ཅད་ཀྱི་སྤྱི་ལ་བདག་ཏུ་སྲེད་པ་དང་བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་དང་ལྷན་ཅིག་འབྱུང་སྟེ་ཞེས་བྱ་བ་ལ་

བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་དང་ལྷན་ཅིག་འབྱུང་བ་ནི་དུས་མཉམ་དུ་འབྱུང་ཞེས་བྱ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་དང་འདྲེས་པར་འབྱུང་ཞེས་བྱ་བའི་དོན་ཏོ། །དཔེར་ན་བྱམས་པ་དང་ལྡན་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

སྒོམ་མོ་ཞེས་བྱ་བ་ཡང་བྱམས་པ་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སེམས་གཅིག་ལ་ནི་ལྡན་པ་མ་ཡིན་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །བྱམས་པ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །བྱང་ཆུབ་ཀྱི་ཡན་ལག་ནི་ཟག་པ་

མེད་པའོ། །བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡང་རི་དགས་དང་བྱ་རྣམས་དང་། བྱིས་པ་ཆུང་ངུ་ལ་ཡང་འབྱུང་བ་གང་ཡིན་པའོ། །ཀུན་དགའ་བོ་གང་ལ་ཚོར་བ་མེད་ཅིང་ཞེས་རྒྱས་པར་འབྱུང་བ་དེས་འདི་སྐད་བསྟན་ཏེ། ཚོར་བ་ཡོད་ན་སྲེད་པ་འབྱུང་ངོ་། །སྲེད་པ་ཡོད་ན་བདག་གོ་སྙམ་

བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེ་དག་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་ཀུན་དུ་བརྟགས་པའི་བདག་ཏུ་ལྟ་བ་དེ་དག་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་སའི་འོག་གི་མདོ་སྡེ་ལས་འབྱུང་ངོ་། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་

ཚོར་བ་ལ་བརྟེན་ནས་ཞེས་རྒྱས་པར་འབྱུང་བ་ལ། མ་རིག་པ་དང་མཚུངས་པར་ལྡན་པའི་རེག་པ་ནི་མ་རིག་པའི་འདུས་ཏེ་རེག་པའོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ། །སྲེད་པ་

เล่ม ๑๑๕ · หน้า 172a

དེ་ལས་འདུ་བྱེད་དེ་དག་གོ་ཞེས་བྱ་བ་ནི་ཀུན་དུ་བརྟགས་པའི་བདག་ཏུ་ལྟ་བ་ནི་རྣམ་པ་ཡིན་པར་ས་འོག་གི་མདོ་སྡེ་ལས་གསུངས་པ་གང་ཡིན་པ་ཡིན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་ལས་བདེ་བ་ལ་སོགས་པ་བསྟན་པ་ནི་མ་ཡིན་ནོ། །འདིས་ནི་ཚོར་བའི་སྒོ་ཁོ་ན་ནས་

བདག་ཏུ་ལྟ་བའི་སྲེད་པ་འབྱུང་ངོ་ཞེས་བསྟན་པའི་ཕྱིར་བྱེད་པ་གཞན་བསྟན་པ་ཡིན་ནོ། །དེ་ཡང་འདི་ནི་བདག་ཏུ་སྨྲ་བ་ཞེས་རྒྱས་པར་འབྱུང་བ་ལ། དེ་ཡང་ཀུན་དུ་བརྟགས་པའི་བདག་ཏུ་ལྟ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་པར་

གཞག་གོ། །དེ་ལྟ་མ་ཡིན་ཏེ། མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཞེས་རྒྱས་པར་འབྱུང་བའི་གོ་རིམས་འདི་གལ་ཏེ་མི་འདོད་ན། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཇི་ལྟར་སྲེད་པའི་རྐྱེན་གྱིས་འགྲུབ་པར་འགྱུར། འོ་ན་གལ་ཏེ་ཚོར་བ་གསུམ་གྱི་རྐྱེན་གྱིས་སྲེད་པ་ཡིན་ན་ཞེས་རྒྱས་

པར་འབྱུང་བ་ནི་འོ་ན་ཇི་སྐད་དུ་བསྟན་པའི་རིམ་པས་ཚོར་བ་གསུམ་གྱི་རྐྱེན་གྱིས་སྲེད་པ་ཡིན་ན། ཅིའི་ཕྱིར་བདེ་བའི་ཚོར་བ་ལ་འདོད་ཆགས་ཕྲ་རྒྱས་སུ་འགྱུར་བར་བཤད་ལ་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ཞེ་ན། སྲེད་པའི་རྐྱེན་རྣམ་པ་གསུམ་ཆར་ཡིན་དུ་ཟིན་ཀྱང་བདེ་

བའི་ཚོར་བ་ལ་འདོད་ཆགས་ཕྲ་རྒྱས་སུ་འགྱུར་བར་བསྟན་པ་ནི་རང་གི་རྒྱུད་ཀྱི་དབང་དུ་བྱས་ནས་དེ་ལ་དམིགས་པ་གང་དེ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་ཏེ། དེ་ལ་དམིགས་པའི་ཕྱིར་དང་། དེ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །རང་གི་རྒྱུད་ཀྱི་བདེ་བའི་ཚོར་བའི་དབང་དུ་

བྱས་ནས་ཞེས་བྱ་བ་འདིས་ནི་སྡུག་བསྔལ་ཡང་དམིགས་པ་ཡིན་དུ་ཟིན་ཀྱང་ཕྲ་རྒྱས་སུ་འགྱུར་བ་མ་ཡིན་གཞན་གྱི་རྒྱུད་ཀྱི་ནི་ཚིག་གི་གོ་སྐབས་ཡོད་པ་མ་ཡིན་ནོ། །ཚིག་སྦྱར་བ་ནི་བདེ་བའི་རྒྱུ་ཚོར་བ་དེ་འདོད་ཆགས་འདིའི་དམིགས་པ་ཡིན་པས་འདི་ནི་དེའི་དམིགས་པ་ཡིན་ནོ། །དེ་དང་རབ་ཏུ་སྦྱོར་

བས་ན་དེ་དང་མཚུངས་པར་ལྡན་པ་ཡིན་ནོ། །དེའི་དམིགས་པ་ཡང་འདི་ཡིན། མཚུངས་པར་ལྡན་པ་ཡང་འདི་ཡིན་པས་དེའི་དམིགས་པ་དང་མཚུངས་པར་ལྡན་པ་དེའི་དངོས་པོ་ཞེས་སྦྱར་རོ། །ངེས་པར་འབྱུང་བ་ལ་བརྟེན་པའི་ཡིད་བདེ་བ་ལ་སོགས་པ་ཡང་མེད་པར་ཐལ་བར་འགྱུར་རོ་ཞེས་

เล่ม ๑๑๕ · หน้า 172b

བྱ་བ་ལ་ངེས་པར་འབྱུང་བ་ལ་བརྟེན་པ་ཡིད་བདེ་བ་དྲུག་དང་ཡིད་མི་བདེ་བ་དྲུག་དང་། བཏང་སྙོམས་དྲུག་མེད་པར་ཐལ་བར་འགྱུར་ཏེ། སྲིད་པའི་གཉེན་པོར་གྱུར་པ་ནི་ངེས་པར་འབྱུང་བ་ལ་བརྟེན་པ་ཡིན་པས་སོ། །ངེས་པར་འབྱུང་བ་ཡང་འདོད་ཆགས་དང་བྲལ་བ་ལ་བྱའོ། །འདིའི་ས་བོན་ཉིད་གནས་

ནས་བཏོན་པའམ་ཞེས་བྱ་བ་ནི་དེའི་གཉེན་པོར་གྱུར་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ། །མནན་པ་ཡིན་ཏེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་སོ། །གཞན་ལས་བཅོམ་ལྡན་འདས་ཀྱིས་བྱེ་བྲག་ཏུ་བྱས་པ་ཡོད་དེ། མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་རྐྱེན་གྱིས་

སྲེད་པ་སྐྱེས་སོ་ཞེས་བྱ་བ་དང་དེ་བཞིན་དུ་བདེ་བའི་ཚོར་བ་མྱོང་བ་ན་ཚོར་བ་རྣམས་མ་ཤེས་པས་ཞེས་རྒྱས་པར་འབྱུང་བ་ནི་དགྲ་བཅོམ་པའི་ཚོར་བ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཡང་མ་ཡིན། ཡོངས་སུ་མ་ཤེས་པ་ཡང་མ་ཡིན། སྲེད་པའི་རྐྱེན་ཡང་མ་ཡིན་ནོ། །འོ་ན་འདིར་

ཡང་དེ་བཞིན་དུ་ཞེས་རྒྱས་པར་འབྱུང་བ་ནི་འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདིར་ཡང་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་དེ་བཞིན་དུ་ཅིའི་ཕྱིར་བྱེ་བྲག་ཏུ་མ་བྱས་ཤེ་ན་ཞེས་བྱ་བ་ཡིན་ནོ། །མ་རིག་པ་ནི་འདུ་བྱེད་ཀྱི་ཞེས་རྒྱས་པར་འབྱུང་བ་ནི་མ་རིག་པ་ནི་བསོད་

ནམས་ལ་སོགས་པ་འདུ་བྱེད་རྣམས་ཀྱི་སྤྱིའི་རྐྱེན་ཉིད་ཡིན་ཏེ། འདུ་བྱེད་ཀྱི་ཡན་ལག་རྣམ་པར་འབྱེད་པ་ལས་འདིའི་དོན་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་རིག་པ་ནི་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདིའི་དོན་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བྱེད་ཀྱི་ཡན་ལག་རྣམ་པར་

འབྱེད་པ་ལས་ཀྱང་བསྟན་པ་ཇི་ལྟར་མ་རིག་པའི་འདུ་བྱེད་རྣམས་ཀྱི་གཙོ་བོའི་རྐྱེན་ཡིན་ཞེ་ན། ཇི་ལྟར་ཉོན་མོངས་པ་ཐམས་ཅད་ཀུན་ནས་ལྡང་བའི་རྐྱེན་མ་རིག་པ་དེ་བཞིན་དུ་དེ་དང་མཚུངས་པར་ལྡན་པ་སེམས་པ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བ་འདིའི་དོན་ཀྱང་བསྟན་ཟིན་པའི་ཕྱིར་སྲེད་པ་

རྣམ་པར་འབྱེད་པ་འདི་ལས་བསྟན་པར་བྱ་ཅི་དགོས། མ་རིག་པ་ནི་སྲེད་པའི་སྤྱིའི་རྐྱེན་ཡིན་པར་དགོངས་ནས་ཞེས་རྒྱས་པར་འབྱུང་བ་ནི་སྲེད་པའི་སྤྱིའི་རྐྱེན་མ་རིག་པ་ཡིན་པར་དགོངས་ནས་གསུངས་སོ། །དགེ་སློང་དག་མ་རིག་པ་ནི་སྲེད་པའི་རྒྱུ་ཡིན་ནོ་ཞེས་རྒྱས་པར་བསྟན་པས་ལྡན་པ་

เล่ม ๑๑๕ · หน้า 173a

དང་མི་འབྲལ་བ་ལ་སོགས་པར་སྲེད་པའི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་རོ། །རེག་པ་ཡང་དེ་བཞིན་ཏེ། སྲེད་པའི་སྤྱིའི་རྐྱེན་ཡིན་པར་དགོངས་ནས་སྲེད་པའི་ཚོགས་དྲུག་ནི་ཞེས་རྒྱས་པར་བསྟན་པས་དེ་དག་གི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དང་སེམས་ལས་

བྱུང་བ་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་རོ། །ཚོར་བ་ནི་ཁྱད་པར་དུ་རྐྱེན་ཡིན་པར་དགོངས་ནས་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་སོ། །ཁྱད་པར་དུ་རྐྱེན་ཡིན་པར་ཇི་ལྟར་ཤེས་ཤེ་ན། ཁམས་གསུམ་ཆར་ན་ཡང་ཀུན་དུ་རྨོངས་པའི་ཚོར་བ་ཞེས་རྒྱས་པར་འབྱུང་བ་ཡིན་

ཏེ། ཁམས་གསུམ་ཆར་ན་ཡང་ཀུན་དུ་རྨོངས་པ་ནི་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འདོད་པའི་ཁམས་དང་བསམ་གཏན་དང་པོ་ལ་སོགས་པའི་ས་པའི་ཚོར་བ་ས་པ་གང་ཡིན་པས་ནི་ས་པའི་སྲེད་པ་ཀུན་དུ་འབྱུང་བར་བྱེད་

པའི་ཕྱིར་རོ། །ས་གཅིག་ན་ཡང་མ་རིག་པ་འདྲ་བ་ལས་ཞེས་རྒྱས་པར་འབྱུང་བ་ནི། ས་གཅིག་ན་ཡང་མ་རིག་པ་འདྲ་བ་ལས་དེའི་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་བྱེ་བྲག་ལས་ཚོར་བ་དེ་དག་རེ་རེ་ལ་ཡང་ཆེ་ཆུང་གི་བྱེ་བྲག་ཆུང་

ངུ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་སྲེད་པའི་བྱེ་བྲག་ཀུན་དུ་འབྱུང་བའི་ཕྱིར་ཏེ། ལྡན་པ་དང་མི་འབྲལ་བ་ལ་སོགས་པར་སྲེད་པའི་བྱེ་བྲག་ཀུན་དུ་འབྱུང་བའི་ཕྱིར་དང་། ཆུང་ངུ་དང་། བར་མ་དང་། ཆེན་པོའི་སྲེད་པའི་བྱེ་བྲག་ཀུན་དུ་འབྱུང་བའི་ཕྱིར་ཚོར་བའི་བྱེ་བྲག་གི་རྐྱེན་གྱིས་

ཞེས་བྱ་བ། སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པའི་ཚོར་བའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། ཚོར་བའི་བྱེ་བྲག་རྐྱེན་ཡིན་ཞེས་བྱའོ། །ཇི་ལྟ་ཞེ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་། བདེ་བའི་ཚོར་བ་དང་

མཚུངས་པར་ལྡན་པ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་བདེ་བའི་ཚོར་བ་ལ་ལྟོས་པ་ཡིན་ཏེ། དེ་སྐྱེ་བར་བྱ་བའི་ཕྱིར་དེའི་དམིགས་པ་དང་བདག་པོའི་རྐྱེན་ཡིན་པའི་ཕྱིར་རོ། །བདེ་བའི་ཚོར་བ་ལས་སྲེད་པ་སྐྱེ་བ་ནི་རེག་པ་ལ་ལྟོས་པ་མ་ཡིན་ཏེ། འདི་ལྟར་ཚོར་བ་

เล่ม ๑๑๕ · หน้า 173b

ལ་སྲེད་པ་ཡིན་གྱི། རེག་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བའི་རེག་པ་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པ་ནི་དེ་དང་མི་ལྡན་ཞིང་འབྲལ་བར་སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་དེ་ཉིད་ལ་ལྟོས་པ་ཡིན་ཏེ། དེ་འབྱུང་བར་བྱ་བའི་ཕྱིར་དེ་ནི་དེའི་དམིགས་པ་

དང་། བདག་པོའི་རྐྱེན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པ་དེ་དང་མཚུངས་པར་ལྡན་པ་ནི་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་

པའི་ཚོར་བ་ལ་ལྟོས་པའམ། དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་དེ་ནི་དེ་སྐྱེ་བའི་དམིགས་པ་དང་། བདག་པོའི་རྐྱེན་ཡིན་པའི་ཕྱིར་རོ། །ཚོར་བའི་སྲེད་པའི་བྱེ་བྲག་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་རེག་པ་ལ་ལྟོས་པ་མ་ཡིན་ཏེ། འདི་ལྟར་ཚོར་བ་ལ་སྲེད་པ་

ཡིན་གྱི་རེག་པ་ལ་ནི་མ་ཡིན་པས་སོ། །འདིར་རྐྱེན་ངེས་པ་ཡིན་ན་ནི་ཇི་སྐད་དུ་བསྟན་པའི་སྐྱོན་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དགེ་སློང་དག་མ་རིག་པ་ནི་སྲེད་པའི་རྒྱུ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དང་། སྲེད་པའི་ཚོགས་དྲུག་ནི་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པའོ་ཞེས་

ཇི་སྐད་དུ་རྒྱས་པར་བསྟན་པ་དང་། དེ་བཞིན་དུ་ཚོར་བའི་ཕུང་པོ་གང་ཡིན་པ་ཞེས་རྒྱས་པར་བསྟན་པའོ། །རྐྱེན་ངེས་པ་ཡིན་ན་མ་རིག་པ་དང་རེག་པ་དག་སྲེད་པའི་རྐྱེན་ཡིན་པར་མི་འགྱུར་ཏེ། དེ་ལྟར་ན་ཇི་སྐད་དུ་བསྟན་པ་རྣམས་རྐྱེན་ཡིན་པར་ཐལ་བར་འགྱུར་བ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་ཕྲ་

རྒྱས་སུ་འགྱུར་རོ་ཞེས་བྱ་བ་ནི་རྐྱེན་ཅན་ངེས་པ་ཡིན་ན་སྡུག་བསྔལ་གྱི་ཚོར་བ་ཁོང་ཁྲོ་བའི་དམིགས་པའི་རྐྱེན་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བདེ་བ་དང་ལྡན་ན་སེམས་མཉམ་པར་འཇོག་གོ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་ནི་ཏིང་ངེ་འཛིན་གྱི་བདག་པོའི་རྐྱེན་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །

བདེ་བ་དང་ལྡན་ན་ཆོས་མངོན་པར་བརྗོད་དོ་ཞེས་བྱ་བ་ལ་ཆོས་ནི་ཐོས་པ་ལ་སོགས་པའོ། །མངོན་པར་བརྗོད་པ་ནི་མངོན་སུམ་དུ་བྱེད་པའོ། །བདེ་བའི་ཚོར་བ་ནི་ཆོས་དེ་དག་མངོན་སུམ་དུ་བྱེད་པའི་རྐྱེན་དུ་མི་འགྱུར་བས་མདོ་སྡེ་དང་འགལ་བ་ཡིན་ཏེ། དེ་ལྟ་བུ་གཞན་དག་ཀྱང་བརྗོད་པར་བྱའོ། །དེ་

เล่ม ๑๑๕ · หน้า 174a

བཞིན་དུ་བཤད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ཡིན་ནོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཚོར་བ་ཆེ་ཆུང་གི་བྱེ་བྲག་གིས་སྲེད་པའི་བྱེ་བྲག་ཀུན་དུ་འབྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ན་སྲེད་པའི་བྱེ་བྲག་གི་རྐྱེན་ཤེས་པར་བྱ་བའི་ཕྱིར་རོ། །

ཚོར་བ་ནི་གཙོ་བོའི་རྐྱེན་ཡིན་ཏེ། དེ་བས་ན་བཤད་པ་དོན་མེད་པ་མ་ཡིན་ནོ། །ཇི་ལྟར་ན་གཙོ་བོའི་རྐྱེན་ཡིན་ཞེ་ན་འདི་ལྟར་བདེ་བ་ལ་སོགས་པའི་ཚོར་བ་དང་ལྡན་པ་ལ་སོགས་པའི་སྒོ་ནས་སྲེད་པ་ཀུན་དུ་འབྱུང་བའི་ཕྱིར་ཏེ། བདེ་བའི་ཚོར་བ་དང་ལྡན་ཞིང་མི་འབྲལ་བའི་སྒོ་ནས་སྲེད་པ་ཀུན་དུ་འབྱུང་བ་དང་། སྡུག་བསྔལ་གྱི་ཚོར་བ་

དང་མི་ལྡན་ཞིང་འབྲལ་བའི་སྒོ་ནས་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱི་སྒོ་ནས་མངོན་པར་དགའ་བའི་སྲེད་པ་ཀུན་དུ་འབྱུང་བའམ། དེ་དང་ལྡན་ཞིང་མི་འབྲལ་བའི་སྒོ་ནས་ཀྱང་ཡིན་ནོ། །སྲེད་པའི་བསྡུས་པའི་དོན་རྣམ་པར་གཞག་པ་དེ་ནི་རྣམ་པ་བདུན་དུ་

བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲེད་པ་གསུམ་སྟེ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །མཚན་ཉིད་རྣམ་པར་གཞག་པ་ཇི་སྐད་དུ། ཉོན་མོངས་པ་ཅན་ཚོལ་བ་དང་། ཆགས་པ་དང་། ཞེན་པ་གང་ཡིན་པ་ཞེས་བསྟན་པའོ། །རབ་ཏུ་དབྱེ་བའི་རྐྱེན་རྣམ་པར་གཞག་

པ་ནི་ཇི་སྐད་དུ། བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པའོ། །དབྱེ་བ་མེད་པའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ་གཞན་ཡང་ཚོར་བ་གསུམ་དང་སྤྱི་དྲིལ་དུ་ཕུང་པོ་རྒྱུན་ལ་བྱེ་བྲག་མེད་པར་ཞེས་རྒྱས་པར་བསྟན་པའོ། །རྐྱེན་གཞན་གྱི་དགོངས་

པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དགོངས་པ་ཐ་དད་པའི་ཕྱིར་རོ། །མ་རིག་པ་ནི་སྲེད་པའི་སྤྱིའི་རྐྱེན་ཡིན་པར་དགོངས་ནས་གསུངས་སོ། །རེག་པ་ཡང་དེ་བཞིན་ནོ་ཞེས་བསྟན་པའོ། །ཁྱད་པར་གྱི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲིད་པའི་རྐྱེན་གྱི་བྱེ་བྲག་བསྟན་པའི་ཕྱིར་དང་དེ་བཞིན་དུ་བཤད་

པའི་ཕྱིར་ཏེ། སྔ་མ་བཞིན་ནོ་ཞེས་བསྟན་པའོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཚོར་བའི་གཙོ་བོའི་རྐྱེན་ཡིན་ཏེ། འདི་ལྟར་བདེ་བ་ལ་སོགས་པའི་ཚོར་བ་དང་ལྡན་པ་ལ་སོགས་པའི་སྒོ་ནས་སྲེད་པ་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་གང་ཡིན་པའོ། །སྲེད་པ་རྣམ་པར་དབྱེ་

เล่ม ๑๑๕ · หน้า 174b

བའོ། །ལེན་པ་གང་ཡིན་ཞེ་ན་ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་གསུངས་པ་དེ་ཡང་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཐ་དད་པས་རྣམ་པ་བཞི་ཡིན་ནོ། །འཇིག་རྟེན་ན་ཡང་ཡོངས་སུ་གཟུང་བར་བྱ་བའི་དངོས་པོ་གང་བླང་བར་བྱ་བ་དེ་

ལེན་པ་ཡིན་པར་གྲགས་པ་ནི་འདིར་སྲེད་པའི་རྐྱེན་གྱིས་ལེན་པར་དགོངས་པ་གང་ཞེ་ན། དེའི་ཕྱིར། ལེན་པ་རྣམ་པ་བཞི་སྟེ་ཞེས་གསུངས་སོ། །རྒྱས་པའི་ཚིག་གིས་ནི་མདོ་སྡེ་ལས། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་

བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ་ཞེས་ཇི་ལྟར་མདོ་སྡེ་ལས་འབྱུང་བ་ཉེ་བར་བསྟན་པའི་ཕྱིར་རོ། །ཅི་གཟུགས་ལས་མཐོང་བ་བཞིན་དུ་རིག་པར་བྱའམ་ཞེས་བྱ་བ་ནི་ཇི་ལྟར་གཟུགས་ལ་མཐོང་བ་ནི་གཟུགས་མཐོང་བ་ཞེས་བྱ་བ་དེ་བཞིན་དུ་འདོད་པ་རྣམས་ལ་ཉེ་བར་ལེན་པ་ནི་འདོད་པ་ཉེ་བར་ལེན་པ་ཞེས་

བྱ་བ་ནས་བདག་ཏུ་སྨྲ་བ་ལ་ཉེ་བར་ལེན་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བ་ཡིན་ནམ། འོན་ཏེ་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་གཟུགས་ཉིད་སྐྱེ་མཆེད་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་དེ་བཞིན་དུ་འདོད་པ་ཉིད་ཉེ་བར་ལེན་པ་ཡིན་པས་འདོད་པ་ཉེ་བར་ལེན་པ་ཞེས་

བྱ་བ་ནས་བདག་ཏུ་སྨྲ་བ་ཉིད་ཉེ་བར་ལེན་པ་ཡིན་པས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བ་ཡིན། འདོད་པ་ལ་སོགས་པ་ལ་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་རྣམས་ལ་ཉེ་བར་ལེན་པས་ཉེ་བར་ལེན་པ་ཞེས་བྱ་སྟེ། ཉེ་བར་བླང་

བ་ཐ་དད་པའི་སྒོ་ནས་ཉེ་བར་ལེན་པའི་རབ་ཏུ་དབྱེ་བ་ཁོ་ན་བསྟན་པ་ཡིན་གྱི། ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། འདུན་པ་དང་འདོད་ཆགས་ཀྱི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་གཞན་གྱི་ངོ་བོ་ཉིད་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལ་འདོད་པ་ལ་སོགས་པ་ཞེས་བྱ་བ་འདོད་པ་དང་། ལྟ་བ་དང་། ཚུལ་

ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཡང་གང་ཡིན་ཞེས་བྱ་བ་ཡིན་ནོ། །དེ་དག་གི་ཉེ་བར་ལེན་པ་ཡང་འདུན་པ་དང་འདོད་ཆགས་སམ་གཞན་འགའ། གང་ཞིག་ཡིན་པར་བསྟན་པར་བྱ། །ཞེས་བྱ་བ་ཡིན་ནོ། །འདོད་པ་ལ་སོགས་པ་ཉིད་ཉེ་བར་ལེན་པ་ཡིན་པས་ཞེས་བྱ་བ་ནི་

เล่ม ๑๑๕ · หน้า 175a

འདོད་པ་ཉིད་ཉེ་བར་ལེན་པ་ཡིན་པས་འདོད་པ་ཉེ་བར་ལེན་པ་ཞེས་བྱ་བ་ནས་བདག་ཏུ་སྨྲ་བ་ཉིད་ཉེ་བར་ལེན་པ་ཡིན་པས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བས་སོ། །ཉེ་བར་ལེན་པའི་རང་གི་ངོ་བོ་དང་། རབ་ཏུ་དབྱེ་བ་ཡང་བསྟན་པ་བྱས་པ་ཡིན་ན་ཞེས་བྱ་བ་ནི། དེ་ལ་རང་

གི་ངོ་བོ་ནི་འདོད་པ་ནས་བདག་ཏུ་སྨྲ་བའི་བར་དུ་ཡིན་ནོ། །རབ་ཏུ་དབྱེ་བ་ནི། འདོད་པ་ཉེ་བར་ལེན་པ་ནས་བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་བར་དུ་ཡིན་ནོ། །འདོད་པ་ལ་སོགས་པ་ཡང་གང་ཞིག་ཡིན་ཞེས་བྱ་བ་ནི་འདོད་པ་གང་ཡིན། བདག་ཏུ་སྨྲ་བའི་བར་དུ་གང་ཡིན་ཞེས་བྱ་བ་

ཡིན་ནོ། །ཉེ་བར་ལེན་པ་ཡིན་པར་ཇི་ལྟར་བསྟན་པར་བྱ་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་དེ་དག་ཇི་ལྟར་ཉེ་བར་ལེན་པ་ཡིན། ཅི་ཉེ་བར་བླང་བར་བྱ་བ་ཡིན་པས་ཉེ་བར་ལེན་པ་ཡིན་ནམ། འོན་ཏེ་ཡང་སྲིད་པ་ལེན་པར་བྱེད་པས་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། གཟུགས་ལ་མཐོང་བ་བཞིན་ནོ་

ཞེས་ཚིག་སྦྱར་བ་འདི་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གཟུགས་ལ་མཐོང་བ་ལ་གཟུགས་མཐོང་བ་ཞེས་བྱ་བ་དེ་བཞིན་དུ་འདོད་པ་རྣམས་ལ་ཉེ་བར་ལེན་པ་ནི་འདོད་པ་ཉེ་བར་ལེན་པ་ཞེས་བྱ་བ་ནས་བདག་ཏུ་སྨྲ་བ་ལ་ཉེ་བར་ལེན་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ནོ། །དེ་ལྟར་ན་རབ་ཏུ་དབྱེ་བ་ཁོ་ན་བསྟན་པ་

ཡིན་གྱི། ངོ་བོ་ཉིད་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེའི་ལན་དུ་རབ་ཏུ་དབྱེ་བ་ཁོ་ནས་ཀྱང་ཁ་ཅིག་གིས་རང་གི་ངོ་བོ་རྟོགས་པར་འགྱུར་རོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་སྨྲས་སོ། །ཇི་ལྟ་ཞེ་ན། འཕྲལ་དུ་ཉེ་བར་གནས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་འདི་ལྟར་ཁ་ཅིག་ཏུ་ནི་རྣམ་པར་དབྱེ་བ་ཡང་མི་གསུང་

ངོ་ཞེས་བྱ་བ་ཡིན་ནོ། །དེ་ལ་འདོད་པ་ལ་སོགས་པ་ཡང་གང་ཞེ་ན་ཞེས་གང་སྨྲས་པ་དེ་ལ་འདོད་པ་ལ་སོགས་པ་གང་སྟོན་པ་ནི། དེ་ལ་འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་པར་འདིར་དགོངས་པའོ་ཞེས་བྱ་བ་ཡིན་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་ཀུན་དུ་རྟོག་པའི་འདོད་ཆགས་ཀྱི་

མཚན་ཉིད་ཀྱི་འདོད་པས་བསྟེན་པར་བྱ་ཞིང་རྣམ་པར་བརྟག་པར་བྱ་བ་ཡིན་པས་འདོད་པའི་ཡོན་ཏན་ནོ། །འདོད་པ་ཞེས་བྱ་བ་ནི་འདི་ལྟར་འདོད་པར་བྱ་བ་ཡིན་པས་སོ། །ལྟ་བའི་ཚིག་སྦྱར་བ་ནི་ཞེས་རྒྱས་པར་འབྱུང་བ་ལ་ཡོད་པར་ལྟ་བ་ནི་རྟག་པར་ལྟ་བའོ། །རྣམ་པར་འཇིག་པར་ལྟ་བ་ནི་ཆད་པར་ལྟ་བའོ། །

เล่ม ๑๑๕ · หน้า 175b

དེའི་སྒོ་ནས་ལྟ་བ་གཞན་དུ་སོང་བ་ནི་ཞེས་རྒྱས་པར་འབྱུང་བ་ལ། དེའི་སྒོ་ནས་ཞེས་བྱ་བ་ནི་ཡོད་པར་ལྟ་བ་དང་རྣམ་པར་འཇིག་པར་ལྟ་བའི་སྒོ་ནས་ལྟ་བ་གཞན་དུ་སོང་བ་ནི་ཚངས་པའི་དྲ་བའི་མདོ་ལས་ཇི་སྐད་དུ་གསུངས་པའོ། །དེ་དང་འབྲེལ་བའི་ཞེས་རྒྱས་པར་འབྱུང་བ་ནི་ཡོད་པར་ལྟ་བ་ལ་སོགས་པ་

དང་འབྲེལ་པ་དང་། དེ་དང་རྗེས་སུ་མཐུན་པ་དང་། དེ་དང་རྗེས་སུ་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱ་བ་མ་ཡིན་པ་ལས་ལྡོག་པར་དམ་བཅས་པ་ནི་ཚུལ་ཁྲིམས་སོ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་ལས་སོ། །སྤྱོད་པ་དྲག་པོ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་

པའི་སྒྲས་ནི་སྐྱེས་བུ་མཐུན་པ་པ་དང་། ཟླ་བ་ཅན་ལ་སོགས་པ་ལས་འབྱུང་བའོ། །བདག་ཏུ་སྨྲ་བ་སྟེ། དེའི་སྒོ་ནས་བདག་གོ་ཞེས་སྨྲ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཏུ་ལྟ་བའི་སྒོ་ནས་སོ། །ཇི་ལྟར་དེའི་སྒོ་ནས་བདག་གོ་ཞེས་སྨྲ་ཞེ་ན། དེའི་ཕྱིར་བདག་ཏུ་ལྟ་བ་ཅན་ནི་བདག་ཏུ་སྨྲ་བར་

འགྱུར་རོ་ཞེས་སྨྲས་ཏེ། དེ་ལྟར་འདུ་ཤེས་པ་ཡིན། དེ་ལྟར་ཐ་སྙད་དུ་བྱེད་པ་ཡིན་ཞེས་བྱའོ། །བདག་ཏུ་ལྟ་བ་ནི་གཞི་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བྱེད་པ་པོ་དང་། ཟབ་པ་པོ་དང་། རྟག་པ་དང་། རང་དབང་ཅན་གྱི་མཚན་

ཉིད་ཀྱི་བདག་ཡོད་པ་མ་ཡིན་ཡང་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པ་དེ་དག་གི་སྒོ་ནས་བདག་ཏུ་རྟོག་པར་བྱེད་ཀྱི། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་རྣམ་པ་དེ་ལྟ་བུ་མ་ཡིན་ལ་དེ་དག་ལས་གཞན་ན་ཡང་རྣམ་པ་དེ་ལྟ་བུ་ཡོད་པ་མ་ཡིན་པས་འཇིག་ཚོགས་

ལ་ལྟ་བ་ནི་གཞི་ཅན་མ་ཡིན་པར་གྲུབ་པ་ཡིན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གོ་ཞེས་སྨྲ་བར་མངོན་པར་ཞེན་པ་འདིའི་ཚིག་ཐ་མ་མི་མངོན་པར་བྱས་ནས་བདག་ཏུ་སྨྲ་བ་སྟེ། བདག་ཏུ་སྨྲ་བར་ཞེན་པ་ཡིན་པར་བསྟན་ཏོ། །དཔེར་ན་ཚིག་ཕྱེད་སྨྲ་བར་བྱེད་པ་ལ་སོགས་པ་

ལ་ཚིག་ཕྱེད་སྨྲ་བ་བཞིན་ནོ་ཞེས་བྱ་བ་ནི་ཚིགས་སྔ་མའི་ཐ་མ་མི་མངོན་པར་བྱས་ནས་སོ། །སྨྲ་བ་ཅིའི་ཕྱིར་སྨོས་ཤེ་ན་ཞེས་བྱ་བ་ནི་བདག་ཉེ་བར་ལེན་པ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བསྟན་པ་ཅིའི་ཕྱིར་ཞེ་ན་ཞེས་བྱའོ། །སྨྲ་བ་ཙམ་ལ་མངོན་པར་

เล่ม ๑๑๕ · หน้า 176a

ཞེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་གཏན་ལ་བབབ་པ་ཡིན་ཏེ། ཇི་ལྟར་བདག་ཏུ་སྨྲ་བ་ཉེ་བར་ལེན་པར་བསྟན་ན་ནི་བདག་ཏུ་མངོན་པར་ཞེན་པ་ཡིན་པར་གྲགས་པར་འགྱུར་ཏེ། མེད་པ་ལ་བདག་ཏུ་སྨྲ་ཞིང་མངོན་པར་ཞེན་པ་ཡིན་པས་སོ། །དེ་བས་

ན་སྨྲ་བ་ཙམ་ལ་མངོན་པར་ཞེན་པ་བསྟན་པའི་ཕྱིར་སྨྲ་བ་སྨོས་པ་ཡིན་ནོ། །བདག་ཡོད་པ་མ་ཡིན་ཡང་སྨྲ་བ་ཙམ་དེ་ལ་མངོན་པར་ཞེན་པ་ནི་དེ་ལ་མངོན་པར་ཞེན་པ་ཡིན་ནོ། །གཞན་དག་ན་རེ་འདི་ལ་བདག་གོ་ཞེས་སྨྲ་བས་བདག་ཏུ་སྨྲ་བ་ཡིན་ཏེ་ཞེས་བྱ་བ་ནི་གཞི་ལ་སྒྲུབ་པ་བྱུང་བ་ཡིན་ནོ། །དེ་ཡང་

གང་ཞེ་ན། དེའི་ཕྱིར་ལུས་ཀྱི་དངོས་པོ་གང་ལ་ཞེས་སྨྲས་སོ། །ལུས་ཀྱི་དངོས་པོ་གང་ལ་ཞེ་ན། དེའི་ཕྱིར་གང་ལ་བདག་གོ་ཞེས་བཏགས་པའོ་ཞེས་སྨྲས་སོ། །གང་ལ་བདག་གོ་ཞེས་བཏགས་ཤེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་དང་

བྲམ་ཟེ་དག་ཇི་ཙམ་དུ་བདག་ཏུ་ཡང་དག་པར་མཐོང་ཞིང་ཡང་དག་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་འདི་ཉིད་ལ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འོ་ན་དེ་ལྟ་ན་ཕུང་པོ་ཉིད་བདག་ཏུ་སྨྲ་བ་ཡིན་པར་འགྱུར་ན་ཞེས་བྱ་བ་ནི་དེ་དག་བདག་ཏུ་སྨྲ་བའི་གཞི་ཡིན་པའི་ཕྱིར་རོ། །གང་ཕུང་

པོ་ལྔ་པོ་དེ་དག་ལ་བདག་ཏུ་སྨྲ་བར་མངོན་པར་ཞེན་པ་ཞེས་རྒྱས་པར་འབྱུང་བ་ནི་དེ་ལྟ་ན་མདོ་སྡེ་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བདག་ཏུ་སྨྲ་བ་གཞན་ཡིན་པར་བསྟན་པ་ཡིན་གྱི་ཕུང་པོ་ཉིད་ནི་མ་ཡིན་ནོ། །གལ་ཏེ་བདག་ཏུ་སྨྲ་བའི་གཞི་ཡིན་པའི་ཕྱིར་ཕུང་པོ་ཉིད་བདག་ཏུ་སྨྲ་བ་ཡིན་ནོ་ཞེས་བྱ་

བ་ཇི་ལྟར་རུང་བ་ཡིན་ཞེ་ན། དེར་ནི་ཚིག་སྦྱར་བ་གཞན་དུ་བྱ་ཞིང་། འདིར་ཡང་གཞན་དུ་ཡིན་པས་ཞེས་བྱ་བ་ནི་མདོ་སྡེ་དེར་ནི་ཚིག་སྦྱར་བ་གཞན་དུ་བྱ་བ་ཡིན་ནོ། །ཇི་ལྟར་གཞན་དུ་བྱ་ཞེ་ན། བདག་ཏུ་སྨྲ་བ་ནི་ཚིག་ཙམ་ཡིན་ལ། དེ་ལ་མངོན་པར་ཞེན་པ་ནི་བདག་ཏུ་སྨྲ་བར་མངོན་པར་ཞེན་པའོ། །

དེའི་ཕྲ་རྒྱས་ནི་བདག་ཏུ་སྨྲ་བར་མངོན་པར་ཞེན་པའི་ཕྲ་རྒྱས་སུ་འགྱུར་ཞེས་བྱ་བ་ཡིན་ནོ། །འདིར་ཡང་གཞན་དུ་ཡིན་པས་ཞེས་བྱ་བ་ཇི་ལྟ་ཞེ་ན། འདི་ལ་བདག་གོ་ཞེས་སྨྲ་བས་བདག་ཏུ་སྨྲ་བ་ཡིན་ནོ་ཞེས་བྱའོ། །འདོད་པ་ལ་སོགས་པ་གསུངས་པ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་

เล่ม ๑๑๕ · หน้า 176b

ཞུགས་དང་། བདག་ཏུ་སྨྲ་བ་སྟེ། དེ་དག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་ཉེ་བར་ལེན་པ་ཡིན་ཏེ་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་དེ་དག་ལ་འདོད་པ་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་འདོད་པ་ཉེ་བར་ལེན་པའོ། །ལྟ་བ་ལ་འདུན་པ་དང་འདོད་ཆགས་གང་ཡིན་

པ་ནི་ལྟ་བ་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པའོ། །བདག་ཏུ་སྨྲ་བ་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །དེ་ལ་ལྡན་པར་མངོན་

པར་འདོད་པ་ནི་འདུན་པའོ་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་དང་ལྡན་པར་ཚོལ་བའོ། །དེ་དང་ལྡན་པ་མངོན་པར་དགའ་བ་ནི་དེ་ལ་འདོད་ཆགས་པའོ་ཞེས་བྱ་བ་ནི་འདོད་ཆགས་ནི་ཞེན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདུན་པ་དང་འདོད་ཆགས་ཉེ་བར་ལེན་པ་ཡིན་ཞེ་ན་ཞེས་

བྱ་བ་ནི་བྱེད་པ་པོའི་རྣམ་པ་དེས་ཞེས་བྱ་བ་ཡིན་ནོ། །དེས་འདོད་པ་ལ་སོགས་པ་དེ་དག་ལེན་པར་བྱེད་དོ་ཞེས་བྱ་བ་ནི་འདུན་པ་དང་འདོད་ཆགས་དེ་དག་གིས་ཏེ། དེའི་ཕྱིར་རྒྱུ་ལ་བྱེད་པ་པོར་བྱས་ནས་འདུན་པ་དང་། འདོད་ཆགས་ནི་ཉེ་བར་ལེན་པ་ཡིན་པར་སྟོན་པ་ནི། དེ་དག་ཉིད་དེ་དག་

ལ་ལེན་པ་ཉིད་དོ་ཞེས་བྱ་བ་ཡིན་ཏེ། འདུན་པ་དང་འདོད་ཆགས་དེ་དག་ཉིད་འདོད་པ་ལ་སོགས་པ་དེ་དག་ལ་ལེན་པར་བྱེད་པ་ཡིན་ཏེ། དངོས་པོ་གྲུབ་པའི་རྐྱེན་ཡིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར་དེ་སྐྱེས་ན་དེའི་ཡིད་ལེན་པ་པོ་ཡིན་པར་འགྱུར་རོ་ཞེས་སྨྲས་ཏེ། དེར་འདུན་པ་དང་འདོད་

ཆགས་སྐྱེས་ན་ཡིད་ཀྱིས་འདོད་པ་ལ་སོགས་པ་ལེན་པར་བྱེད་པར་འགྱུར་རོ། །གལ་ཏེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་འདུན་པ་དང་འདོད་ཆགས་ཡིན་གྱི་ཕུང་པོ་ལྔ་མ་ཡིན་ན་མི་སྡུག་པའི་མདོ་སྡེ་ལས་ཉེ་བར་ལེན་པའི་ཕུང་པོ་ལྔའི་དབང་དུ་བྱས་ཏེ་གང་གསུངས་པ་དགེ་སློང་དག་དེ་ལ་བདག་ཏུ་སྨྲ་བ་ཉེ་

བར་ལེན་པ་རྟག་པ་དང་། ཐེར་ཟུག་པ་དང་། གཞན་མ་དང་། ཡོངས་སུ་མི་འགྱུར་བའི་ཆོས་ཅན་དང་། ཡང་དག་པ་དེ་བཞིན་དུ་གནས་པ་ཞེས་བྱ་བ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གང་ཡིན་པ་དག་ཁྱེད་ཀྱིས་ཉེ་བར་བླངས་སམ་ཞེས་གང་གསུངས་པ་དེ་དག་ཇི་ལྟ་བུར་རུང་བར་འགྱུར།

เล่ม ๑๑๕ · หน้า 177a

དེ་ལ་བདག་ཏུ་སྨྲ་བས་གང་ལ་བདག་ཏུ་བཏགས་པའི་དངོས་པོ་གང་བླངས་པ་དེ་དག་བདག་ཏུ་སྨྲ་བ་ཉེ་བར་ལེན་པར་བསྟན་ཏེ་ཞེས་བྱ་བ་ནི་ལས་ལ་བྱེད་པ་པོར་བྱས་ནས་སོ། །བདག་ཏུ་སྨྲ་བས་ཅི་ཞིག་ལེན་ཅེ་ན། དེའི་ཕྱིར། གང་ལ་བདག་ཏུ་གདགས་པའི་དངོས་པོ་ཞེས་སྨྲས་

ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་འདུན་པ་དང་འདོད་ཆགས་དག་ཉེ་བར་ལེན་པ་ཡིན་ན་ནི་སྲེད་པའི་རྐྱེན་གྱིས་ལེན་པའི་རྣམ་གྲངས་སྲེད་པ་ཉིད་སྨྲས་པར་གྱུར་པ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི་འདུན་པ་དང་འདོད་ཆགས་ནི་སྲེད་པ་ཡིན་ལ། དེ་ཡང་ལེན་པ་ཡིན་

པས་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་སྨྲས་ན་ནི་སྲེད་པའི་རྐྱེན་གྱིས་སྲེད་པ་ཞེས་སྨྲས་པར་འགྱུར་རོ། །གལ་ཏེ་ཚོར་བ་ལ་སྲེད་པ་ནི་འདོད་པ་ལ་སོགས་པ་ལ་སྲེད་པའི་རྣམ་གྲངས་ཀྱི་རྐྱེན་ཡིན་པར་བསྟན་ན་དེ་ལ་ཉེས་པ་ཅི་ཡོད་ཅེས་བྱ་བ་ནི་ཚོར་བའི་སྲེད་པ་ལ་བརྟེན་ནས་འདོད་པ་དང་། ལྟ་

བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བར་སྲེད་པ་སྐྱེ་བས་སྲེད་པའི་རྐྱེན་གྱིས་ལེན་པ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལྟར་མ་བསྟན་ན་ཡང་འདི་ཇི་ལྟར་ཤེས་པར་བྱས་པ་ཡིན་ཞེས་རྒྱས་པར་འབྱུང་བ་ནི་དེ་ལྟར་མ་བཤད་ན་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་འདི་ཇི་ལྟར་

ཤེས་པར་བྱས་པ་ཡིན། ཚོར་བ་ལ་སྲེད་པས་ནི་ཇི་ལྟར་རིགས་པར་ཇི་ལྟར་སྲིད་པར་ཁམས་གསུམ་པའི་བདེ་བ་ལ་སོགས་པའི་ཚོར་བ་དང་ལྡན་པ་ལ་སོགས་པའི་རྒྱུ་མཚན་དུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་

པ་དང་བྲལ་བ་དང་མི་འབྲལ་བ་ལ་སོགས་པའི་རྒྱུ་མཚན་དུ་འདོད་པ་ལ་སོགས་པ་ཚོལ་ཞིང་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཚོལ་ཞིང་འདོད་པ་ལ་སོགས་པ་དེ་དག་ལ་ཆགས་པར་བྱེད་དོ། །གང་གིས་འདོད་པར་

བྱེད་པ་ཞེས་བྱ་བ་ནི་ཀུན་དུ་རྟོག་ཅིང་རྣམ་པར་རྟོག་པའི་མཚན་ཉིད་ཀྱིས་སོ། །གང་ལ་འདོད་པ་གང་ལ་ཆགས་པའོ། །དོན་དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་ལེན་པ་ཡིན་ན་ནི་གཅིག་ཁོ་ནར་མ་ངེས་པ་ཡིན་ནོ་ཞེས་བྱ་བའོ། །འདོད་པ་ཡུལ་ལ་ཡིན་པར་འདོད་པ་རྣམས་ཀྱིས་ཉེ་

เล่ม ๑๑๕ · หน้า 177b

བར་ལེན་པ་གང་ཞིག་ཡིན་ཞེས་བྱ་བ་ནི། ཐམས་ཅད་ཀྱིས་ཀྱང་ཡང་སྲིད་དོ། །ལེན་ཏོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ལེན་ཞེ་ན། དེ་ཐ་དད་པས་ཡང་སྲིད་པར་འགྱུར་བའི་ལས་རྣམས་སྲིད་པར་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་ལ་ལེན་པ་ཐ་དད་པས་ཡང་སྲིད་

པར་འགྱུར་བའི་ལས་རྣམས་དེ་མ་ཐག་ཏུ་ཡང་སྲིད་པ་སྐྱེ་བའི་རྒྱུ་ཉིད་དུ་འགྲོ་བའི་དོན་ཏོ། །ཡང་ན་འདོད་པ་ལ་སོགས་པ་དེ་དག་ཉིད་ཞེས་རྒྱས་པར་འབྱུང་བ་ནི་ཡུལ་ལ་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་དེ་དག་ཉིད་ཚོར་བ་

ལ་སྲེད་པ་རྣམས་ཀྱིས་དེ་དང་ལྡན་པ་ལ་སོགས་པའི་རྒྱུ་མཚན་དུ་མངོན་པར་ཞེན་པའི་ཚུལ་གྱིས་བདེ་བའི་ཚོར་བ་དང་ལྡན་པ་ལ་སོགས་པའི་རྒྱུ་མཚན་དུ་མངོན་པར་ཞེན་པའི་དོན་གྱིས་ལེན་པས་ན་ལེན་པ་ཞེས་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཚིག་སྦྱར་བ་བྱས་པའི་ཕྱིར་རོ། །དཔེར་ན་

སྦྱིན་པའི་སྦྱིན་པ་པོ་ཡིན་ནོ་ཞེས་བྱ་བ་ནི་འདིར་གང་སྦྱིན་པ་དེ་སྦྱིན་པའོ་ཞེས་སྟོན་པ་བཞིན་ནོ་ཞེས་བྱ་བའི་མདོ་སྡེ་འདི་ལས་ཟས་ལ་སོགས་པ་གང་སྦྱིན་པ་དེ་སྦྱིན་པ་ཡིན་པར་བསྟན་གྱི། གང་གི་སྦྱིན་པ་ནི་མ་ཡིན་ནོ། །རབ་ཏུ་བྱེད་པ་པ་དག་འདོན་པ་ཞེས་རྒྱས་པར་འབྱུང་བ་ནི་དེ་དག་གི་ལེན་

པ་ནི་གཞན་དུ་རྣམ་པར་འཇོག་པ་ཡིན་ནོ་ཞེས་སྟོན་ཏོ། །འདོད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་བཀྲིས་པ་དང་ཞེས་བྱ་བ་དེ་ལ་ཀུན་དུ་སྦྱོར་བ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་།

མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་ཏེ། ཉོན་མོངས་པ་ཅན་གྱི་དངོས་པོ་ལ་ཀུན་དུ་སྦྱོར་བའི་དོན་གྱིས་ཀུན་དུ་སྦྱོར་བ་ཡིན་པའམ། སྡུག་བསྔལ་སྣ་ཚོགས་ལ་ཀུན་དུ་སྦྱོར་བའི་དོན་གྱིས་ཡིན་

ནོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་འདོད་ཆགས་ཏེ། དེས་སེམས་ཅན་རྣམས་སྐྱེ་བ་དང་དམིགས་པ་ལ་ཉེ་བར་ཁྲིད་པར་བྱེད་པའི་ཕྱིར་རོ། །ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་ནི་སེམས་ཅན་ལ་མནར་སེམས་པའོ། །ང་རྒྱལ་གྱི་ཀུན་དུ་སྦྱོར་བ་ནི་ང་རྒྱལ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་

เล่ม ๑๑๕ · หน้า 178a

ང་རྒྱལ་དང་། ཆེ་བས་ཀྱང་ཆེའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་བའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །མ་རིག་པའི་ཀུན་དུ་སྦྱོར་བ་ནི་མི་ཤེས་པའོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་སྟེ། འཇིག་

ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བའོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་མཆོག་ཏུ་འཛིན་པ་གཉིས་ཏེ། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་ནི་བདེན་པ་ལ་ཡིད་

གཉིས་ཟ་བའོ། །ཕྲག་དོག་གི་ཀུན་དུ་སྦྱོར་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །སེར་སྣའི་ཀུན་ཏུ་སྦྱོར་བ་ནི་གཏོང་བ་དང་མི་མཐུན་པ་སེམས་ཀྱིས་ཀུན་དུ་འཛིན་པའོ། །དེ་བས་ན་ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་

བ་བཀོལ་ཏེ། །ལྷག་མ་བདུན་ནི་འདོད་པ་ཉེ་བར་ལེན་པ་ཡིན་ནོ། །བཅིང་པ་ནི་གསུམ་སྟེ། ཁམས་གསུམ་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ། མྱ་ངན་ལས་འདས་པར་འགྲོ་བའི་གགས་བྱེད་པའི་དོན་གྱིས་ཡིན་ནོ། །ཕྲ་རྒྱས་ནི་མདོར་ན་དྲུག་སྟེ། འདོད་ཆགས་

དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །དེ་ལ་ཆགས་པའི་རྣམ་པ་ཅན་གྱི་སེམས་ལས་བྱུང་བའི་ཆོས་ནི་འདོད་ཆགས་སོ། །དེ་ཞེ་འགྲས་པའི་རྣམ་པ་ཅན་ནི་ཁོང་ཁྲོ་བའོ། །ཁེངས་པའི་རྣམ་པ་ཅན་ནི་ང་རྒྱལ་ལོ། །མིག་མི་

གསལ་བའི་རྣམ་པ་ཅན་ནི་མ་རིག་པའོ། །ཡང་དག་པར་རྟོག་པའི་རྣམ་པ་ཅན་ནི་ལྟ་བའོ། །དོན་དུ་མར་འདོགས་པའི་རྣམ་པ་ཅན་ནི་ཐེ་ཚོམ་མོ། །དེ་བས་ན་ལྟ་བའི་ཕྲ་རྒྱས་མ་གཏོགས་པར་ཉོན་མོངས་པ་ལས་གཞན་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདུ་བྱེད་ཀྱི་ཕུང་པོས་

བསྡུས་པ་ནི་ཉེ་བའི་ཉོན་མོངས་པའོ། །གང་དག་ཕྲན་ཚེགས་དང་གཞི་ལས་གསུངས་པ་མི་དགའ་བ་ལ་སོགས་པ་ཡང་ཡིན་ནོ། །ཀུན་ནས་དཀྲིས་པ་ནི་རྣམ་པ་བརྒྱད་དེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཕྲག་དོག་དང་། སེར་སྣ་དང་། རྒོད་པ་དང་། འགྱོད་པ་དང་། རྨུགས་

เล่ม ๑๑๕ · หน้า 178b

པ་དང་། གཉིད་དོ། །དེ་ལ་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་བདག་དང་གཞན་ལ་ལྟོས་ནས་གོ་རིམས་བཞིན་དུ་ཉེས་པས་ངོ་ཚ་མེད་པའོ། །ཕྲག་དོག་དང་སེར་སྣ་གཉིས་ནི་ཇི་ལྟར་སྔར་སྨྲས་པ་ཡིན་ནོ། །རྒོད་པ་ནི་སེམས་མ་ཞི་བའོ། །འགྱོད་པ་ནི་སེམས་ལ་གཅགས་པའོ། །

དེ་ཡང་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི་དགེ་བ་ནི་མ་ཡིན་ནོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བའོ། །ལུས་འཛིན་མི་ནུས་ཤིང་སེམས་སྡུད་པ་ནི་གཉིད་དོ། །དེ་ཡང་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བའམ་ལུང་དུ་མ་བསྟན་པ་ནི་མ་

ཡིན་ནོ། །འདི་དག་ནི་འདོད་པ་ཉེ་བར་ལེན་པ་ཞེས་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཚིག་སྦྱར་བ་བྱས་པའི་ཕྱིར་རོ། །དཔེར་ན་གཟུགས་ཉིད་སྐྱེ་མཆེད་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་དེ་བཞིན་དུ་འདོད་པ་དང་རབ་ཏུ་ལྡན་པ་ཉིད་ཉེ་བར་ལེན་པ་ཡིན་པས་འདོད་པ་ཉེ་བར་ལེན་པ་

ཞེས་བྱ་སྟེ། ཚིག་བར་མི་མངོན་པའི་ཕྱིར་འབྲུ་མར་གྱི་སྟོབས་བཞིན་ནོ། །ལྟ་བ་བཞི་ནི་ཇི་ལྟ་བའི་ཉེ་བར་ལེན་པ་སྟེ། འཇིག་ཚོགས་ལ་ལྟ་བ་ནས་ལྟ་བ་མཆོག་ཏུ་འཛིན་པའི་བར་དུ་ཡིན་ནོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། མཆོག་ཏུ་འཛིན་

པ་སྟེ། ལྟ་བ་ཉིད་ཉེ་བར་ལེན་པ་ཡིན་པས་ལྟ་བ་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་གང་ཞེ་ན། ཇི་ལྟར་ཡང་དེ་དག་ཁ་ཅིག་ནི་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་ཅིང་ཚུལ་ཁྲིམས་ཀྱིས་དག་པ་དང་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་ཚུལ་ཁྲིམས་དང་

བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་བརྟུལ་ཞུགས་ཉེ་བར་ལེན་པ་ཡིན་པར་བསྟན་ཏོ། །བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་ལ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གོ་མི་ཤེས་ན། ཅི་གཟུགས་དང་གཟུགས་མེད་པ་ཉིད་ཀྱི་བདག་ཏུ་སྨྲ་བ་དེ་དང་རབ་ཏུ་ལྡན་པའི་ཉེ་བར་

ལེན་པ་རྣམས་ཇི་ལྟར་འདོད་པ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པ་རྣམས་འདོད་པའི་ཉེ་བར་ལེན་པ་ཞེས་བྱ་བ་དེ་བཞིན་དུ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་ནམ། འོན་ཏེ་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་དེ་དག་ཡིན་ཏེ། བདག་ཏུ་སྨྲ་བ་ཡང་

เล่ม ๑๑๕ · หน้า 179a

ཡིན་ལ། ཉེ་བར་ལེན་པ་ཡང་ཡིན་ནམ། ཇི་ལྟར་གཟུགས་དང་གཟུགས་མེད་པར་རྟོགས་པ་དེ་དང་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་དེ་དག་ལ་བདག་ཏུ་སྨྲ་བ་ཞེས་བྱ། ཅི་དེ་ལས་གཞན་ཇི་སྐད་དུ་སྨྲས་ཟིན་པ་ལ་མ་

གཏོགས་པ་གསུམ་པ་མིང་བདག་ཏུ་སྨྲ་བ་ཞེས་བརྗོད་པ་ཞིག་ཡིན་པ་ཁྱེད་ཀྱིས་བརྗོད་པར་བྱ་དགོས་ན་ཐམས་ཅད་ཀྱིས་ཀྱང་འདོད་པའི་ཉེ་བར་ལེན་པ་ཡང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་པར་ཐལ་བར་འགྱུར་རོ། །ཇི་ལྟ་ཞེ་ན། རེ་ཞིག་གལ་ཏེ། འདི་དག་ལ་བདག་གོ་ཞེས་སྨྲ་བས་

གཟུགས་དང་གཟུགས་མེད་པ་བདག་ཏུ་སྨྲ་བ་ཡིན་ན་ནི་འདོད་པའི་ཁམས་ཀྱང་བདག་ཏུ་སྨྲ་བ་ཡིན་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་། དེ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པ་ཡང་འདོད་པ་ཉེ་བར་ལེན་པ་ནི་མ་ཡིན་གྱི། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་པར་འགྲུབ་པར་འགྱུར་རོ། །འོན་ཏེ་

གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་རྣམས་གལ་ཏེ་རྣམ་པ་གཞན་འགའ་ཞིག་གི་སྒོ་ནས་དེ་དག་ཐམས་ཅད་ཀྱིས་བདག་གོ་ཞེས་སྨྲས་པས་བདག་ཏུ་སྨྲ་བ་ཡིན་གྱི་ཉེ་བར་ལེན་པ་གཞན་མ་ཡིན་ནོ་ཞེ་ན་ནི་འདོད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་

པ་ཡང་རྣམ་པ་དེ་ལྟ་བུ་ཉིད་ཀྱི་སྒོ་ནས་བདག་ཏུ་སྨྲ་བ་ཡིན་པ་ཐོབ་པར་འགྱུར་རོ། །འདོད་པའི་སྦྱོར་བ་ཇི་ལྟ་བར་སྲིད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ཇི་ལྟ་ཞེ་ན། དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྲིད་པ་ནི་ཀུན་འབྱུང་བ་ཡིན། ནུབ་པ་

ཡང་ཡིན་ནོ་ཞེས་རྒྱས་པར་བྱས་ནས་སྲིད་པ་ལ་སྲིད་པའི་འདུན་པ་དང་། སྲིད་པའི་དགའ་བའི་བར་དུ་འདི་འབྱུང་བར་འགྱུར་རོ། །སྲིད་པའི་ལྷག་པར་ཞེན་པའི་བར་དུ་འདིའི་སེམས་མཐར་ཐུག་པར་གནས་ཏེ། འདི་ནི་སྲིད་པའི་སྦྱོར་བ་ཞེས་བྱ་བའོ། །ལྟ་བའི་སྦྱོར་བ་ཡང་དགེ་སློང་དག་བྱིས་པ་

ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ལྟ་བ་ནི་ཀུན་འབྱུང་བ་ཡང་ཡིན། ནུབ་པ་ཡང་ཡིན། རོ་མྱང་བ་ཡང་ཡིན། ཉེས་དམིགས་ཀྱང་ཡིན་ནོ་ཞེས་རྒྱས་པར་བྱས་ནས་ལྟ་བ་རྣམས་ལ་ལྟ་བའི་འདུན་པ་དང་། ལྟ་བའི་དགའ་བའི་བར་དུ་འདི་འབྱུང་བར་འགྱུར་རོ། །ལྟ་བའི་ལྷག་པར་ཞེན་

เล่ม ๑๑๕ · หน้า 179b

པའི་བར་དུ་འདི་སེམས་མཐར་ཐུག་པར་གནས་ཏེ། འདི་ནི་ལྟ་བའི་སྦྱོར་བ་ཞེས་བྱའོ། །མ་རིག་པའི་སྦྱོར་བ་གང་ཞེ་ན། དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རེག་པའི་སྐྱེ་མཆེད་དྲུག་རྣམས་ཀུན་འབྱུང་བ་ཡང་ཡིན། ནུབ་པ་ཡང་ཡིན་ནོ་ཞེས་རྒྱས་པར་བྱས་ནས་རེག་པའི་

སྐྱེ་མཆེད་དྲུག་མི་ཤེས་པ་ནི་མ་རིག་པ་ཕྲ་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་བར་ནི་མ་རིག་པའི་སྦྱོར་བ་ཡིན་ཏེ། འདིར་ཡང་མ་རིག་པ་ཉིད་མ་རིག་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ། །རབ་ཏུ་བྱེད་པ་པ་དག་དེ་ལ་སྒྲོ་འདོགས་པར་བྱེད་པ་ཞེས་བྱ་བ་ནི་མདོ་སྡེ་དེ་ལས་འདོད་པ་ལ་སོགས་པའི་སྦྱོར་བ་བསྟན་པ་རྣམས་

མདོ་སྡེ་ལས་འདོད་པ་དང་འདུན་པ་ལ་སོགས་པ་གསུངས་པ་ལས་ལྷག་པར་སྒྲུབ་པ་ཡིན་ནོ། །དེ་བས་ན་ཉེ་བར་ལེན་པ་ལ་ཡང་སྒྲོ་བཏགས་པ་ཞེས་རྒྱས་པར་འབྱུང་བ་ནི་འདི་ལྟར་འདོད་པའི་སྦྱོར་བ་ལ་སོགས་པ་མདོ་སྡེ་ལས་གསུངས་པ་རྣམས་ལ་ཁྱད་ཀྱིས་སྒྲོ་བཏགས་པ་བྱས་ལ། དེའི་ཕྱིར་མདོ་སྡེ་དེ་ལས་

གསུངས་པའི་ཉེ་བར་ལེན་པ་ལ་ཡང་ཁྱེད་ཀྱིས་སྒྲོ་བཏགས་པ་བྱས་པར་སྲིད་པ་ཡིན་ནོ། །ཉེ་བར་ལེན་པ་རྣམས་དང་པོར་ཇི་ལྟར་བསྟན་པ་ཞེས་བྱ་བ་ནི་དེར་འདུན་པ་དང་འདོད་ཆགས་ཡིན་ནོ། །དེ་ལྟར་ན་སྒྲོ་བཏགས་པ་བྱས་པ་ཡང་མ་ཡིན་ལ་ཞེས་རྒྱས་པར་འབྱུང་བའོ། །འདོད་པ་ལ་སོགས་པའི་སྦྱོར་བ་ཡང་

ཞེས་བྱ་བ་འདོད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་བའོ།། །།འདོད་པ་ལ་སོགས་པའི་ཉེ་བར་ལེན་པ་ཞེས་བྱ་བ་འདོད་པའི་ཉེ་བར་ལེན་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་ཤིན་ཏུ་མཐུན་པར་བྱས་པ་ཡིན་ནོ། །འདི་ཡང་ཡེ་ཤེས་ལ་འཇུག་པ་ལས་འབྱུང་བ་དང་། དང་པོ་ཇི་ལྟར་ཉེ་བར་

ལེན་པ་བསྟན་པ་དང་ཤིན་ཏུ་མཐུན་པར་བྱས་པ་ཡིན་ནོ། །གཞུང་དེ་དག་ནི་བདག་ཏུ་སྨྲ་བ་ལ་འདུན་པ་དང་འདོད་ཆགས་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་བདག་ཏུ་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་དང་ཤིན་ཏུ་མཐུན་པ་ཡིན་གྱི་ཞེས་བྱ་བ་ཇི་ལྟ་ཞེ་ན། ཡུན་རིང་པོར་བདག་ཏུ་མངོན་པར་ཞེན་ཅིང་སེམས་

ཅན་དང་། སྲོག་དང་། འགྲོ་བ་པོ་དང་། གསོ་བ་པོ་དང་། གང་ཟག་ཏུ་མངོན་པར་ཞེན་པ་ཡིན་པར་བསྟན་པའི་ཕྱིར་ཡུན་རིང་པོར་བདག་ཏུ་མངོན་པར་ཞེན་ཅིང་སེམས་ཅན་དང་། སྲོག་དང་། འགྲོ་བ་པོ་དང་། གང་ཟག་ཏུ་མངོན་པར་ཞེན་པ་ཡིན་ཏེ། དེ་དག་གིས་ཇི་ལྟར་བདག་

เล่ม ๑๑๕ · หน้า 180a

ཏུ་སྨྲ་བ་དང་། འདུན་པ་དང་། འདོད་ཆགས་དང་། མངོན་པར་ཞེན་པ་ཡོངས་སུ་གཏོང་བར་འགྱུར་ཏེ། དེ་དག་དང་བྲལ་བ་མ་ཡིན་པ་ནི་རིགས་པར་སྨྲ་བ་ཡིན་ནོ། །བརྡ་སྤྲོད་པ་པ་དག་ནི་བདག་གང་ཡིན་པ་ནི་ཡོད་པ་ཡིན་ཏེ། དེའི་སྤང་བ་དང་། ཡོངས་སུ་ཤེས་

པ་བཤད་པར་བྱའོ་ཞེས་བྱ་བ་དང་། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་དང་ཤིན་ཏུ་མཐུན་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཡུན་རིང་པོར་བདག་ཏུ་མངོན་པར་ཞེན་ཅིང་སེམས་ཅན་དང་། སྲོག་

དང་། འགྲོ་བ་པོ་དང་། གང་ཟག་ཏུ་མངོན་པར་ཞེན་པ་རྣམས་ནི་འཇིག་ཚོགས་ལ་ལྟ་བ་མ་སྤངས་པའི་ཕྱིར་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་ཡང་མ་སྤངས་པ་ཡིན་ཏེ། དེ་ལྟར་ན་དོན་འདི་དང་ཡང་དེ་དག་ཏུ་ཤིན་ཏུ་མཐུན་པ་ཡིན་ནོ། །དེ་དག་གིས་

ནི་འདོད་པ་ལ་སོགས་པའི་ཉེ་བར་ལེན་པའི་སྤང་བ་དང་། ཡོངས་སུ་ཤེས་པ་ཡང་བཤད་པ་ཡིན་ཏེ། ཀུན་དུ་སྦྱོར་བ་ལ་སོགས་པ་ཐུན་མོང་ཡིན་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བས་རྒྱས་པ་ཡིན་པའི་ཕྱིར་རོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་

ཆེར་འགྲེལ་པ། བམ་པོ་དགུ་པ། ཅིའི་ཕྱིར་ལེན་པ་རྣམ་པ་བཞིར་གཞག །ཇི་སྐད་དུ་མདོ་སྡེ་གཞན་ལས། དགེ་སློང་དག་ཉེ་བར་ལེན་པར་འགྱུར་བའི་ཆོས་རྣམས་དང་། ཉེ་བར་ལེན་པ་ཡང་བཤད་པར་བྱའོ། །ཉེ་བར་ལེན་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། མིང་དང་གཟུགས་ནས་ཡིད་

དང་ཆོས་ཞེས་བྱ་བའོ། །ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་འདི་ནི་འདིར་ཉེ་བར་ལེན་པ་ཡིན་ནོ་ཞེས་གསུངས་པ་ལྟར་མ་ཡིན་ནམ་ཞེ་ན། ཁྱིམ་པ་རྣམས་ནི་ཕལ་ཆེར་འདོད་པ་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱིམ་པ་མང་དུ་འདོད་པ་ཉེ་བར་ལེན་པ་ཡིན་གྱི།

ལྟ་བ་ཉེ་བར་ལེན་པ་ཡང་མེད་པ་ནི་མ་ཡིན་ནོ། །རབ་ཏུ་བྱུང་བ་འདི་ལས་ཕྱི་རོལ་པ་ཕལ་ཆེར་ནི་དེ་ལས་གཞན་པ་ལ་སྟེ། འདོད་པ་ཉེ་བར་ལེན་པ་དེ་ལས་གཞན་པ་ལའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུ་སྟེ། འདོད་པ་ཉེ་བར་ལེན་པ་ཡང་མེད་པ་ནི་མ་ཡིན་ནོ། །འདི་ལས་ཕྱི་རོལ་པ་ཞེས་བྱ་བ་ནི་བསྟན་པ་

เล่ม ๑๑๕ · หน้า 180b

འདི་ལ་ཕྱི་རོལ་པ་སྟེ། མུ་སྟེགས་ཅན་གཞན་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་རྒྱས་པར་འབྱུང་བ་ནི་འདི་ལྟ་སྟེ་འདི་ལས་ཕྱི་རོལ་པ་དེ་དག་ནི་དེ་ལས་གཞན་པ་ལ་ཡིན་ནོ། །དེ་སྟོན་པ་ནི་འདི་ལྟ་སྟེ་འདི་ལས་ཕྱི་རོལ་པ་དེ་དག་འདོད་པ་རྣམས་སྤངས་ནས་རབ་ཏུ་བྱུང་སྟེ་མ་འོངས་པ་ན་འདོད་པ་དང་

མི་འདོད་པ་མྱོང་བ་རྣམས་དང་ལྡན་པ་དང་བྲལ་བར་འདོད་པས་ཡོད་པར་བྱ་བའི་ཕྱིར་རམ། མེད་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་ངོ་ཞེས་བྱ་བ་ནི་འདོད་པ་འབྱུང་བ་རྣམས་དང་ལྡན་པར་འདོད་པས་ཕྱིས་ཀྱང་བདེ་བ་འབྱུང་བར་བྱའོ་ཞེས་ཡོད་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་ངོ་། །མི་འདོད་པ་བྱུང་བ་རྣམས་དང་བྲལ་

བར་འདོད་ནས་འཁོར་བ་ན་ཕྱིས་ཀྱང་སྡུག་བསྔལ་མང་པོ་མེད་པར་བྱའོ་ཞེས་མེད་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་བསམ་གཏན་དང་རྟོག་པའི་བྱེ་བྲག་ལ་བརྟེན་ནས་རྟག་པར་ལྟ་བའམ། ཆད་པར་ལྟ་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཚངས་པའི་དྲ་བའི་མདོ་ལས་རྒྱས་པར་ཇི་སྐད་

དུ་གསུངས་པ་ལྟ་བུའོ། །དེ་དག་ཀྱང་གོ་རིམས་བཞིན་དུ་ཡོད་པར་ལྟ་བ་ལ་བརྟེན་པའམ། མེད་པར་ལྟ་བ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་རྟག་པར་ལྟ་བ་ནི་ཡོད་པར་ལྟ་བ་ལ་བརྟེན་པ་ཡིན་ནོ། །ཆད་པར་ལྟ་བ་ནི་མེད་པར་ལྟ་བ་ལ་བརྟེན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་དེ་དག་ནི་ལྟ་བ་ཉེ་བར་ལེན་པ་ཡིན་

ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་དེ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དེ་གཉིས་དང་རྗེས་སུ་འབྲེལ་པ་ནི་དེས་བསྐྱེད་པ་དང་རྗེས་སུ་མཐུན་པའོ། །དེ་ལྟར་ན་དེ་དག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ཡིན་ནོ། །གཞན་ལྟ་བར་

གཏོགས་པ་དེ་དག་ཀྱང་ལྟ་བ་གཉིས་ལ་བརྟེན་པ་ཡིན་པར། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །བདག་ཏུ་སྨྲ་བ་ཡང་ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་གཉིས་ལ་བརྟེན་པ་ཡིན་ཏེ། མ་འོངས་པ་ན་བདག་ཡོད་པ་དང་མེད་པར་ཡོངས་སུ་རྟོག་པའི་ཕྱིར་ཏེ། ཡོད་པར་ལྟ་བ་

ནི་མ་འོངས་པ་ན་ཡང་བདག་ཡོད་པར་རྟོག་པར་བྱེད་དེ། །མེད་པར་ལྟ་བ་ནི་མེད་པར་རོ། །དེ་ཉིད་ཀྱི་ཕྱིར་བདག་ཏུ་ལྟ་ནི་ལྟ་བ་ཉེ་བར་ལེན་པའི་ནང་དུ་འདུས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ནི་གཉིས་ལ་བརྟེན་པ་ཡང་ཡིན་པས་སོ། །འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱིས་དེ་ཉེ་བར་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་

เล่ม ๑๑๕ · หน้า 181a

ཕྱིར་འདི་ལས་ཕྱི་རོལ་པ་དེ་དག་ཐམས་ཅད་བདག་ཏུ་སྨྲ་བ་ཉེ་བར་ལེན་པར་མཐུན་པ་ཡིན་ནོ། །དེ་བས་ན་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྤངས་པ་དང་ཡོངས་སུ་ཤེས་པ་འཆད་པར་མི་བྱེད་དེ། འདི་ལྟར་བདག་ཏུ་ལྟ་བ་ཅན་རྣམས་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྤངས་པར་འཆད་

པ་རིགས་པ་མ་ཡིན་ནོ། །གལ་ཏེ་འཆད་པར་བྱེད་ན་དེའི་ཕྱིར་ཕྱི་རོལ་པ་མ་ཡིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་ངམ་ཞེས་རྒྱས་པར་གསུངས་སོ། །སྲེད་པ་ནི་གསུམ་དུ་བསྟན་ལ་ཞེས་བྱ་བ་ནི་འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་

པའི་སྲེད་པའོ། །ཉེ་བར་ལེན་པ་ནི་བཞི་ཡིན་ན་ཞེས་བྱ་བ་ནི་འདོད་པ་ཉེ་བར་ལེན་པ་ལ་སོགས་པ་ཇི་སྐད་དུ་བསྟན་པ་རྣམས་སོ། །གང་ཞིག་གང་གི་རྐྱེན་གྱིས་ཡིན་ཞེ་ན་ཞེས་བྱ་བ་ནི་ཉེ་བར་ལེན་པ་གང་ཞིག་སྲེད་པ་གང་གི་རྐྱེན་གྱིས་ཡིན་ཞེས་བྱ་བའི་དོན་ཏོ། །འདོད་པའི་སྲེད་པའི་རྐྱེན་གྱིས་འདོད་པ་ཉེ་བར་

ལེན་པ་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་སྲེད་པའི་རྐྱེན་གྱིས་ནི་མ་ཡིན་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་དེས་སྲེད་པ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །མཐོང་བའི་ཆོས་ཁོ་ན་ལ་ཞེས་བྱ་བ་ནི་མ་འོངས་པ་ན་བདེ་བ་དང་སྡུག་བསྔལ་དང་ལྡན་པ་དང་བྲལ་བར་བྱ་བའི་ཕྱིར་མ་ཡིན་གྱི། འོ་ན་

ཅི་ཞེ་ན། ད་ལྟར་བྱུང་བའི་ཚེ་ལ་བདེ་བ་དང་ལྡན་པར་འདོད་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པ་རྣམས་ཀྱི་ནི། འདོད་པ་ན་སྤྱོད་པའི་སྲེད་པ་གང་ཡིན་པ་འདོད་པའི་ཁམས་སུ་གཏོགས་པ་དེ་ལ་བརྟེན་ནས་དེ་འབྱུང་བ་ཡིན་ཏེ། སྲེད་པ་ལ་བརྟེན་ནས་དེའི་འདོད་པ་ཉེ་བར་ལེན་པ་འབྱུང་བ་ཡིན་ནོ། །དེ་དག་མ་འོངས་

པ་ན་འདོད་པ་དང་མི་འདོད་པ་ཞེས་རྒྱས་པར་འབྱུང་བ་ལ། འདོད་པ་མྱོང་བ་དང་ལྡན་པར་འདོད་པ་དང་། མི་འདོད་པ་མྱོང་བ་དང་བྲལ་བར་འདོད་པ་རྣམས་ཀྱི། འདོད་པ་ན་སྤྱོད་པ་ཉིད་ཀྱི་ཡོད་པར་སྲེད་པ་དང་མེད་པར་སྲེད་པ་རྣམས་ཏེ། དེ་ལ་འདོད་པ་མྱོང་བ་དང་ལྡན་པར་འདོད་པ་རྣམས་ཀྱི་ནི་ཡོད་པར་སྲེད་པ་དང་། མི་འདོད་

པ་མྱོང་བ་དང་བྲལ་བར་འདོད་པ་རྣམས་ཀྱི་ནི་མེད་པར་སྲེད་པ་དང་། གང་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཡོད་པར་སྲེད་པའམ། མེད་པར་སྲེད་པ་དེ་དག་གི་རྐྱེན་གྱིས་ནི་གཞན་ཡིན་ནོ་ཞེས་བྱ་བ་ནི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྣམས་སོ། །སྲེད་

เล่ม ๑๑๕ · หน้า 181b

པ་གང་གི་རྐྱེན་གྱིས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་མ་འོངས་པ་ན་འདོད་པ་དང་མི་འདོད་པའི་ཚོར་བ་དང་ལྡན་པ་དང་བྲལ་བར་འདོད་པ་རྣམས་ཀྱི་ཚོར་བ་ལ་སྲེད་པ་བརྟེན་ནས་བདག་ཏུ་སྨྲ་བའམ། བདག་ཏུ་སྨྲ་བར་མངོན་པར་ཞེན་པ་འདུན་པ་དང་འདོད་ཆགས་འབྱུང་

བ་ནི་མ་ཡིན་གྱི། བདག་ཏུ་ལྟ་བ་ཡོད་ན་ནི་བདག་ལ་དགའ་བ་རིགས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་ས་གང་བའི་ཚོར་བ་ལ་སྲེད་པ་ཀུན་དུ་འབྱུང་ན་ཞེས་རྒྱས་པར་སྨྲས་ཏེ། ས་དེ་བའི་ལུས་ལ་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ལ། བྱིས་པ་བདེན་པ་མ་མཐོང་བ་རྣམས་བདག་རྟག་

པ་དང་། རང་དབང་ཅན་དང་། བྱེད་པ་པོ་དང་། ཚོར་བ་པོ་ལ་སོགས་པའི་དངོས་པོར་མངོན་པར་ཞེན་ཅིང་མངོན་པར་དགའ་སྟེ། ཚོལ་བར་བྱེད། འདོད་ཆགས་ཀྱིས་དེ་ལ་ཆགས་པར་བྱེད་དོ། །དེ་ལྟར་ན་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་འདུན་པ་དང་འདོད་ཆགས་ཀྱི་མཚན་ཉིད་ནི་ཚོར་

བ་ལ་སྲེད་པའི་རྐྱེན་གྱིས་ཡིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ས་འོག་གི་མདོ་སྡེ་ལས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལས་འདུ་བྱེད་དེ་དག་གོ་ཞེས་བྱ་བ་ནི་སྲེད་པ་དེ་ལས་སྔར་བསྟན་པའི་འདུ་བྱེད་བདག་ཏུ་ལྟ་བ་ཀུན་དུ་བརྟགས་པ་དེ་དག་

རབ་ཏུ་འབྱུང་ཞེས་བྱ་བའི་དོན་ཡིན་ནོ། །འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་འདོད་པ་ཉེ་བར་ལེན་པའོ་ཞེས་བྱ་བ་ནི་བདག་ཏུ་འདུན་པ་དང་འདོད་ཆགས་མ་སྤངས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་གཞན་ཡིན་ཏེ་ཞེས་བྱ་བ་ནི་དེ་ཡང་འོག་ཉིད་ནས། དེ་དག་ལ་སྲེད་པའི་ཉོན་

མོངས་པ་ནི་ཡོད་དེ། ས་གང་ལ་འདོད་ཆགས་དང་མ་བྲལ་བ་དེ་ལ་འདུན་པ་དང་འདོད་ཆགས་ཉེ་བར་ལེན་པ་ཡིན་ནོ་ཞེས་འཆད་པར་བྱེད་པ་ཡིན་ནོ། །ཉོན་མོངས་པ་ཡོངས་སུ་རྫོགས་པའི་ཞེས་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཡོངས་སུ་རྫོགས་པ་ནི་གང་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ཡང་

ཡོད། སྲེད་པའི་ཀུན་ནས་ཉོན་མོངས་པ་ཡང་ཡོད་པ་སྟེ། ཉོན་མོངས་པ་ཡོངས་སུ་རྫོགས་པའི་གང་ཟག་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པ་འདི་བཞི་གསུངས་པ་ཡིན་ནོ། །གཞན་དུ་ནི་ཐ་དད་པ་མེད་པར་གསུངས་ཏེ་ཞེས་རྒྱས་པར་འབྱུང་བ་ནི། གཞན་དུ་ཞེས་བྱ་

เล่ม ๑๑๕ · หน้า 182a

བ་ནི་མདོ་སྡེ་གཞན་ལས། བཅོམ་ལྡན་འདས་ཀྱིས་ཐ་དད་པ་རྣམ་པ་བཞི་ནི་མ་ཡིན་གྱི། ཐ་དད་པ་མེད་པར་བསྟན་པ་ནི་ཉེ་བར་ལེན་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། མིག་དང་གཟུགས་དང་ཞེས་རྒྱས་པར་འབྱུང་བ་དང་། ཉེ་བར་ལེན་ལེན་པ་གང་ཞེ་ན། གང་ལ་

འདུན་པ་དང་འདོད་ཆགས་གང་ཡིན་པ་སྟེ། འདི་ནི་འདིར་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ཆོས་འདི་པ་རྣམས་དང་། འདི་ལ་ཕྱི་རོལ་པ་རྣམས་དང་མཐུན་པའི་ཉེ་བར་ལེན་པ་ཡིན་ནོ། །གཞན་དག་ན་རེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡང་དེ་དག་ལ་ཡོད་པ་ཡིན་ཏེ་ཞེས་བྱ་བ་ལ། དེ་དག་

ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །ལུས་ལ་བདག་གོ་སྙམ་པའི་འདུན་པ་དང་། འདོད་ཆགས་གང་ཡིན་པའོ་ཞེས་བྱ་བ་ནི་ལུས་ལ་བདག་གོ་སྙམ་དུ་འདུན་པ་དང་འདོད་ཆགས་ལ་སོགས་ཀྱི་སྒོ་ནས་ཀྱང་བདག་ཏུ་ལྟ་བ་འབྱུང་བ་ཡིན་ནོ། །ཡང་ཞེས་བྱ་བ་ནི་ངའོ་སྙམ་པ་དང་། སྲེད་པ་ཡང་ཞེས་

བྱ་བ་ཡིན་ནོ། །དེ་བས་ན་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡང་དེ་དག་ལ་ཡོད་པ་ཡིན་ནོ་ཞེས་གཞན་དག་སྨྲའོ། །གཞན་རྒྱུ་དང་། དེ་མ་ཐག་པ་དང་། དམིགས་པའི་རྐྱེན་རྣམས་ཉེ་བར་ལེན་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་སྲེད་པ་ཁོ་ན་ཉེ་བར་ལེན་པའི་རྐྱེན་ཡིན་པས་སོ། །འདིར་ཉེ་བར་ལེན་པའི་རྒྱུའི་

རྐྱེན་ནི་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་འདས་མ་ཐག་པའོ། །དམིགས་པའི་རྐྱེན་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཡིན་ཏེ། འདིར་འདུན་པ་དང་འདོད་ཆགས་གང་

ཡིན་པ་དེ་ཉེ་བར་ལེན་པ་ཡིན་པས་སོ། །མདོ་སྡེ་གཞན་ཡང་ཡོངས་སུ་སྤངས་པ་ཡིན་ཏེ། མ་རིག་པའི་རྒྱུས་ཀུན་དུ་འདོད་ཆགས་པ་དང་། ཀུན་དུ་ཞེ་སྡང་བ་དང་། ཀུན་དུ་གཏི་མུག་པའོ་ཞེས་བྱ་བ་ལ་ཀུན་དུ་འདོད་ཆགས་པ་ནི་འདིར་ལེན་པ་ཡིན་ནོ། །ཉེ་བར་ལེན་པའི་རྐྱེན་མ་རིག་པ་ཡིན་ཏེ། སྲེད་པ་འབའ་

ཞིག་ནི་མ་ཡིན་ནོ། །དེ་བཞིན་དུ་གང་ཅུང་ཟད་འདོད་པ་མི་དགེ་བའི་ཆོས་ཞེས་རྒྱས་པར་འབྱུང་བ་འདིར་ཚིག་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་འདོད་ཆགས་ཀྱང་མ་རིག་པའི་རྐྱེན་གྱིས་ཡིན་ནོ་ཞེས་བྱའོ། །དེ་བཞིན་དུ་འདུས་བྱས་གང་ཡིན་པ་དེ་ཐམས་ཅད་ཅེས་རྒྱས་པར་འབྱུང་བ་ནི་འདོད་ཆགས་ཀྱང་འདུ་བྱེད་ཀྱི་ཕུང་

เล่ม ๑๑๕ · หน้า 182b

པོར་བསྡུས་པ་ཡིན་ལ། དེའི་རྐྱེན་རེག་པ་ཡིན་པར་གྲུབ་པ་ཡིན་ནོ། །གལ་ཏེ་རྐྱེན་ཅན་ངེས་པ་ཡིན་ན་ནི་ཉེ་བར་ལེན་པ་ཁོ་ནའི་རྐྱེན་སྲེད་པ་ཡིན་གྱི། གཞན་གྱི་མ་ཡིན་པས་ཆོས་གཞན་གྱི་རྒྱུ་དང་། དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་དུ་སྲེད་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྲེད་

པ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡང་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པས་བསྡུས་པའོ། །དེ་མ་ཐག་པའི་རྐྱེན་ཡང་ཡིན་ཏེ། འདས་མ་ཐག་པའོ། །དམིགས་པའི་རྐྱེན་ཡང་ཡིན་ཏེ། དེ་ལ་དམིགས་པའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་ཕྱིར་རོ། །

བདག་པོའི་རྐྱེན་ཡང་ཡིན་ཏེ། དེའི་དབང་གིས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་ཕྱིར་རོ། །དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ་རྐྱེན་ནི་སྲེད་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྤངས་པར་འགྱུར་རོ་ཞེས་བྱ་བ་ནི་རྐྱེན་ཅན་ངེས་པ་ཡིན་ན་ནི་སྲེད་པ་ནི་ལས་ཀྱི་རྒྱུ་ཡིན་པར་མི་འགྲུབ་པར་འགྱུར་

རོ། །ངེས་པ་མེད་ཀྱང་བཤད་པ་དོན་མེད་པ་མ་ཡིན་ཏེ། གཙོ་བོའི་རྐྱེན་བསྟན་པའི་ཕྱིར་དང་། དེ་བཞིན་དུ་བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་དེ་བཞིན་དུ་བཤད་པའི་ཕྱིར་རོ། །ཇི་ལྟར་སྲེད་པ་ནི་ལེན་པའི་གཙོ་བོའི་རྐྱེན་ཡིན་པ་དེ་ལྟར་སྟོན་པ་ནི། འདི་ལྟ་ར་བ་ལ་སྲེད་

པས་དེ་དང་ལྡན་པ་བྲལ་བར་བྱ་བའི་ཕྱིར་འདོད་པ་ལ་སོགས་པ་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་དང་སྡུག་བསྔལ་དང་ལྡན་པ་དང་བྲལ་བར་འདོད་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པའི་སྲིད་པ་གང་ཡིན་པ་དེ་ལ་བརྟེན་ནས་དེ་འབྱུང་བ་ཡིན་ནོ། །གང་དག་མ་འོངས་

པ་ན་འདོད་པ་དང་མི་འདོད་པ་མྱོང་བ་རྣམས་དང་། ལྡན་པ་དང་བྲལ་བར་འདོད་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པ་ཉིད་ཀྱི་ཡོད་པར་སྲེད་པ་དང་མེད་པར་སྲེད་པ་རྣམས་དང་། གང་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྟེ། དེ་དག་གི་རྐྱེན་གྱིས་ནི་གཞན་ཡིན་ནོ་ཞེས་བྱ་བ་སྔར་སྨྲས་ཟིན་ཏོ། །ཉེ་བར་

ལེན་པ་ཐ་དད་པ་སོ་སོ་ནི་མ་རིག་པ་ལ་སོགས་པ་དང་། ཚོར་བའི་སྲེད་པ་ལ་ལྟོས་པ་ཡིན་གྱི་དེ་ལ་མ་རིག་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ནི་བྱེ་བྲག་མེད་པར་འདུན་པ་དང་འདོད་ཆགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལེན་པའི་དོན་བསྡུས་པ་རྣམ་པར་གཞག་པ་ནི་འདིར་

เล่ม ๑๑๕ · หน้า 183a

རྣམ་པ་བཅུར་བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ལེན་པ་གང་ཞེ་ན། ལེན་པ་རྣམ་པ་བཞི་སྟེ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རང་གི་ངོ་བོ་རྣམ་པར་གཞག་པ་ནི་ཇི་སྐད་དུ། འདོད་པ་ལ་སོགས་པ་གསུངས་པ་དེ་དག་ལ་འདུན་པ་དང་འདོད་ཆགས་གང་ཡིན་

པ་དེ་ཉེ་བར་ལེན་པ་ཡིན་ཏེ་ཞེས་བསྟན་པའོ། །བྱེད་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེས་འདོད་པ་ལ་སོགས་པ་དེ་དག་ལེན་པར་བྱེད་དེ། དེ་དག་ཉིད་དེ་དག་ལ་ལེན་པ་ཉིད་དེ་ཞེས་བསྟན་པའོ། །བྱེད་པ་རྣམ་པར་གཞག་པ་ནི་ཇི་སྐད་དེས་འདོད་པ་ལ་སོགས་པ་དེ་དག་ལེན་པར་བྱེད་དེ། དེ་དག་ཉིད་དེ་

དག་ལ་ལེན་པ་ཉིད་དེ་ཞེས་བསྟན་པའོ། །རྐྱེན་ཁྱད་པར་ཅན་རྣམ་པར་གཞག་པ་ནི་ཇི་སྐད་དུ། གལ་ཏེ་ཚོར་བ་ལ་སྲེད་པ་ནི་འདོད་པ་ལ་སོགས་པ་ལ་སྲེད་པའི་རྣམ་གྲངས་ཀྱི་རྐྱེན་ཡིན་པར་བསྟན་ན་དེ་ལ་ཉེས་པ་ཅི་ཡོད་ཅེས་བསྟན་པ་ཡིན་ནོ། །འདོད་པ་ཐ་དད་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་བས་ན་ཀུན་

དུ་རྟོག་པའི་འདོད་ཆགས་ཉིད་འདིར་འདོད་པ་ཡིན་ལ། དེ་ཉིད་ཉེ་བར་ལེན་པ་ཡིན་ནོ། །ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བའི་ཡང་དེ་བཞིན་ཏེ། དང་པོ་ཇི་ལྟར་བསྟན་པ་བཞིན་ཏེ། དེ་དག་ཉིད་ལེན་པ་ཡིན་ནོ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རབ་ཏུ་དབྱེ་བ་འདོད་པ་

དགག་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་རབ་ཏུ་བྱེད་པ་པ་དག་དེ་ལ་སྒྲོ་འདོགས་པར་བྱེད་པ་ཞེས་བྱ་བ་རྒྱས་པར་བྱས་ནས་དེ་བས་ཉེ་བར་ལེན་པ་ལ་ཡང་སྒྲོ་བཏགས་པ་བྱས་པར་སྲིད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བར་དུ་ཡིན་ནོ། །དགོས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཅིའི་ཕྱིར་ལེན་པ་རྣམ་

པ་བཞིར་གཞག་ཅེ་ན། ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་ལས་བརྩམས་ཏེ་ཞེས་རྒྱས་པར་བསྟན་པའོ། །རྐྱེན་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲེད་པ་ནི་གསུམ་དུ་བསྟན་ལ། ཉེ་བར་ལེན་པ་ནི་བཞི་ཡིན་ན་གང་ཞིག་གང་གི་རྐྱེན་གྱིས་ཡིན་ཞེ་ན་ཞེས་རྒྱས་

པར་བསྟན་པ་ཡིན་ནོ། །ཉེ་བར་ལེན་པ་ཐ་དད་པ་མེད་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཞན་དུ་ནི་ཐ་དད་པ་མེད་པར་གསུངས་ཏེ། ཉེ་བར་ལེན་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། མིག་དང་གཟུགས་དང་ཞེས་རྒྱས་པར་འབྱུང་བ་དང་། ཉེ་བར་ལེན་པ་གང་ཞེ་ན། གང་ལ་

เล่ม ๑๑๕ · หน้า 183b

འདུན་པ་དང་འདོད་ཆགས་གང་ཡིན་པ་སྟེ། དེ་ནི་འདིར་ཉེ་བར་ལེན་པ་ཡིན་ནོ་ཞེས་བསྟན་པའོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཙོ་བོའི་རྐྱེན་བསྟན་པའི་ཕྱིར་དང་། དེ་བཞིན་དུ་བཤད་པའི་ཕྱིར་རོ་ཞེས་རྒྱས་པར་བསྟན་པའོ། །ལེན་པ་རྣམ་པར་འབྱེད་པའོ།། །།

ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་རྒྱ་ཆེར་འབྱུང་བ་ལ། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་ཀྱང་གསུངས། སྲེད་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་མདོ་སྡེ་གཞན་ལས། བཅོམ་ལྡན་འདས་ཀྱིས་ཐ་དད་པ་མེད་པར་ཡང་གསུངས། མདོ་སྡེ་གཞན་ལས། དམྱལ་བའི་སྲིད་པ་དང་།

ཡི་དགས་ཀྱི་སྲིད་པ་དང་། བྱོལ་སོང་གི་སྲིད་པ་དང་། མིའི་སྲིད་པ་དང་། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། བར་མ་དོའི་སྲིད་པའོ་ཞེས་སྲིད་པ་བདུན་ཐ་དད་པར་གསུངས་ན། སྲེད་པ་གང་ཞེ་ན། དེའི་ཕྱིར་སྲིད་པ་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་

དང་། གཟུགས་མེད་པའི་སྲིད་པའོ་ཞེས་བསྟན་ཏོ། །འདིར་ཡང་ཚིག་སྦྱར་ན་ཐལ་བར་འགྱུར་བ་སྔ་མ་བཞིན་དུ་གནས་ཏེ། ཇི་ལྟ་ཞེ་ན། ཅི་གཟུགས་མཐོང་བ་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟར་གཟུགས་ལ་མཐོང་བ་ཞེས་བྱ་བ་དེ་བཞིན་དུ་འདོད་པ་ལ་སོགས་པའི་སྲིད་པ་ནི་འདོད་པའི་སྲིད་

པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ཡིན་ནམ། འོན་ཏེ་གཟུགས་ཀྱི་སྐྱེ་མཆེད་བཞིན་ཏེ། ཇི་ལྟར་གཟུགས་ཉིད་སྐྱེ་མཆེད་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་དེ་བཞིན་དུ་འདོད་པ་ལ་སོགས་པ་ཉིད་སྲིད་པ་ཡིན་པས་འདོད་པའི་སྲིད་པ་དང་། གཟུགས་

ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ཞེས་བྱ་ཞེ་ན། འདོད་པ་དང་རབ་ཏུ་ལྡན་པའི་སྲིད་པའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་ཞེས་བྱ་བ་ནི་གཟུགས་དང་རབ་ཏུ་ལྡན་པའི་སྲིད་པ་དང་། གཟུགས་མེད་པ་དང་རབ་ཏུ་ལྡན་པའི་སྲིད་པ་ནི་གཟུགས་མེད་པའི་སྲིད་པ་ཞེས་བྱ་བ་ཡིན་

ནོ། །ཚིག་བར་མ་མི་མངོན་པའི་ཕྱིར་སྦྲང་རྩིའི་ཆུ་ལྟ་བུ་དང་ཞེས་བྱ་བ་ནི་རབ་ཏུ་ལྡན་པའི་ཚིག་བར་མ་མི་མངོན་པར་བྱས་ཏེ། དཔེར་ན་སྦྲང་རྩི་དང་བསྲེས་པའི་ཆུ་ལ་སྦྲང་རྩིའི་ཆུ་ཞེས་ཚིག་བར་མ་མི་མངོན་པར་བྱས་ནས་སྦྲང་རྩིའི་ཆུ་ཞེས་བྱ་བ་ཡིན་ནོ། །བུ་རམ་འོ་མ་བཞིན་ནོ་ཞེས་བྱ་བ་

เล่ม ๑๑๕ · หน้า 184a

ནི་ཇི་ལྟར་བུ་རམ་དང་བསྲེས་པའི་འོ་མ་ལ་བུ་རམ་འོ་མ་ཞེས་ཚིག་བར་མ་མི་མངོན་པ་ཡིན་པ་དེ་བཞིན་ནོ། །འདོད་པ་དང་རབ་ཏུ་ལྡན་པའི་སྲིད་པ་ནི་འདོད་པའི་སྲིད་པ་དང་། གཟུགས་དང་རབ་ཏུ་ལྡན་པའི་སྲིད་པ་ནི་གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པ་དང་རབ་ཏུ་

ལྡན་པའི་སྲིད་པ་ནི་གཟུགས་མེད་པའི་སྲིད་པ་ཞེས་གསུངས་ཀྱི། ངོ་བོ་ཉིད་ནི་མ་གསུངས་ན། སྲིད་པ་ཡང་གང་ཞེ་ན། དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་རྒྱས་པར་སྨྲས་སོ། །དེ་དག་ཀྱང་ཁམས་གསུམ་དུ་ཇི་ལྟར་རིག་པར་བྱའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་དག་འདོད་པའི་ཁམས་དང་གཟུགས་

ཀྱི་ཁམས་ན་ནི་ལྔ་ཆར་རོ། །གཟུགས་མེད་པའི་ཁམས་ན་ནི་བཞིའོ། །དེ་ལྟ་ན་འོ་ན་ཞེས་རྒྱས་པར་འབྱུང་བ་ནི་འོ་ན་དེ་ལྟ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་བཞི་དག་ཁམས་གསུམ་དུ་སྲིད་པ་ཡིན་ལ། སྲིད་པ་ཉིད་སྐྱེ་བ་ཡིན་ན་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ཕུང་པོ་ལྔ་ལ་མ་གཏོགས་པ་སྐྱེ་བ་

གང་ཞིག་སྲིད་པའི་རྐྱེན་གྱིས་ཡིན་ཏེ། སྐྱེ་བ་ཉིད་སྐྱེ་བའི་རྐྱེན་གྱིས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ་ཞེ་ན། འདིར་གཞན་ལས་ཀྱི་ངོ་བོ་དག་ནི་སྲིད་པ་ཡིན་པར་དགོངས་ལ། གཞན་དག་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་རྣམ་པར་སྨིན་པའི་ངོ་བོ་ཡིན་ནོ། །དོན་དེ་ཉིད་སྟོན་པར་བྱེད་པ་ནི་འདི་སྐད་

དུ། སྲིད་པ་གསུམ་པོ་དེ་དག་ཉིད་མདོ་སྡེ་གཞན་ལས་སྲིད་པ་བདུན་དུ་གསུངས་ཏེ། དམྱལ་བའི་སྲིད་པ་དང་། བྱོལ་སོང་གི་སྲིད་པ་དང་། ཡི་དགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། བར་མ་དོའི་སྲིད་པ་རྣམས་སོ། །འདོད་པའི་སྲིད་པ་ནི་

བདུན་ཆར་ཡིན་ནོ། །གཟུགས་ཀྱི་སྲིད་པ་ནི་སྲིད་པ་གསུམ་ཡིན་ཏེ། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། བར་མ་དོའི་སྲིད་པའོ། །གཟུགས་མེད་པའི་སྲིད་པ་ནི་སྲིད་པ་གཉིས་ཏེ། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པའོ། །སེམས་ཅན་རྣམས་གང་དུ་གང་གིས་འབྱུང་བ་དེ་སྲིད་པ་ཡིན་པའི་

ཕྱིར་སྲིད་པ་བདུན་ཡིན་ཏེ། དམྱལ་བ་ལ་སོགས་པ་གང་དུ་དེ་དག་གི་སྲིད་པ་འབྱུང་བ་ནི་དམྱལ་བའི་སྲིད་པ་དང་། བྱོལ་སོང་གི་སྲིད་པ་དང་། ཡི་དགས་གི་སྲིད་པ་དང་། མིའི་སྲིད་པ་དང་། ལྷའི་སྲིད་པ་སྟེ། འདིར་འབྱུང་བས་ན་སྲིད་པ་ཞེས་བྱའོ། །རྒྱུ་གང་གིས་འབྱུང་བ་ནི་ལས་ཀྱི་སྟེ།

เล่ม ๑๑๕ · หน้า 184b

དེ་ནི་ལས་ཀྱི་སྲིད་པ་ཞེས་བསྟན་པ་ཡིན་ནོ། །རིམ་པ་གང་གིས་འབྱུང་བ་ནི་བར་མ་དོའི་སྲིད་པའི་རིམ་པ་སྟེ། དེ་ཡང་སྲིད་པ་ཡིན་པར་གསུངས་ཏེ། འདིས་འབྱུང་བར་བྱེད་པས་ན་ཞེས་བསྟན་ཏོ། །མདོ་སྡེ་གཞན་ལས་ཀྱང་། ཀུན་དགའ་བོ་ལས་ནི་ཞེས་རྒྱས་པར་འབྱུང་བ་ནི་ཡང་སྲིད་པ་མངོན་པར་འབྱུང་

བར་བྱེད་པའི་ལས་ནི་སྲིད་པའི་རང་གི་མཚན་ཉིད་ཡིན་པ་དང་། མདོ་སྡེ་འདི་ལས་ཀྱང་མ་འོངས་པའི་སྐྱེ་བའི་རྐྱེན་ལས་ཉིད་སྲིད་པའི་སྒྲས་བསྟན་པ་ཡིན་ནོ་ཞེས་སྟོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང་འདོད་པའི་སྲིད་པ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་འདིས་ཀྱང་ལས་ཀྱི་སྲིད་པ་ཉིད་གཟུགས་དང་གཟུགས་མེད་པ་དང་

རབ་ཏུ་ལྡན་པའི་མ་འོངས་པ་ན་སྐྱེ་བའི་རྐྱེན་ཉིད་ཡིན་པར་འདི་ལས་གསུངས་སོ་ཞེས་སྟོན་ཏོ། །མ་འོངས་པ་ན་མངོན་པར་འགྲུབ་པར་མངོན་དུ་ཕྱོགས་པ་དང་ཞེས་བྱ་བ་ནི་མངོན་པར་འགྲུབ་པར་མངོན་དུ་གྱུར་པ་ནི་མངོན་པར་འགྲུབ་པར་མངོན་དུ་ཕྱོགས་པ་ཡིན་པས་སོ། །ལས་གང་ཞིག་གཟུགས་

དང་རབ་ཏུ་ལྡན་པའི་ཞེས་བྱ་བ་སྔ་མ་བཞིན་ནོ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། ལས་གང་ཞིག་གཟུགས་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ནི་མ་འོངས་པ་ན་མངོན་པར་འགྲུབ་པར་མངོན་དུ་ཕྱོགས་པ་དང་། ལས་དེའི་རྣམ་པར་སྨིན་པ་གང་ཡིན་པའོ། །གཟུགས་མེད་པ་དང་རབ་

ཏུ་ལྡན་པའི་ཞེས་བྱ་བ་སྔ་མ་བཞིན་ནོ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། ལས་གང་ཞིག་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཞེས་བྱ་བ་རྒྱས་པར་ཡིན་ནོ། །དེ་ནི་རྣམ་པར་སྨིན་པའི་རྐྱེན་གྱིས་མ་ཡིན་ནོ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་གྱིས་མ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །འོན་ཀྱང་དེ་ནི་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་ལས་དེ་ལས་རྣམ་པར་སྨིན་པ་འབྱུང་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འོ་ན་འདུ་བྱེད་རྣམས་དང་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་འདུ་བྱེད་རྣམས་ཀྱང་ལས་ཀྱི་ངོ་བོ་ཡིན་སྲིད་པ་ཡང་ལས་ཀྱི་ངོ་བོ་ཡིན་ན། འོ་ན་དེ་ལྟ་ན་འདུ་བྱེད་རྣམས་དང་སྲིད་པ་

ལ་བྱེ་བྲག་ཅི་ཡོད་ཅེ་ན། ལས་ནི་གནས་སྐབས་གཉིས་ཏེ་ཞེས་རྒྱས་པར་འབྱུང་བ་ལ་རང་གི་ངོ་བོའི་གནས་སྐབས་ནི་རང་གི་མཚན་ཉིད་ཀྱི་གནས་སྐབས་ཞེས་བྱ་བའི་དོན་ཏོ། །བག་ཆགས་ཀྱི་གནས་སྐབས་ནི་དེ་ལས་སྐྱེས་པའི་འབྲས་བུ་སྨིན་པར་ནུས་པའི་གནས་སྐབས་སོ། །རང་གི་ངོ་བོའི་གནས་སྐབས་

เล่ม ๑๑๕ · หน้า 185a

ཉིད་ལས་ཀྱི་སྲིད་པ་མ་ཡིན་ནམ། བག་ཆགས་ཀྱི་གནས་སྐབས་ནི་མ་ཡིན་ན། ཇི་ལྟར་ལས་ཀྱི་བག་ཆགས་ཀྱི་གནས་སྐབས་བརྗོད་ཅེ་ན། དེའི་ཕྱིར། ལས་ནི་གནས་སྐབས་གཉིས་ཏེ། རང་གི་ངོ་བོའི་གནས་སྐབས་དང་། བག་ཆགས་ཀྱི་གནས་སྐབས་སོ། །

སེམས་ཀྱི་རྒྱུན་ལ་བག་ཆགས་ཀྱི་བྱེ་བྲག་དེ་ལས་སྐྱེས་པ་ཡོད་པ་ཡང་ཞེས་རྒྱས་པར་སྨྲས་སོ། །ནུས་པའི་བྱེ་བྲག་དང་ལྡན་པའི་རྣམ་པར་ཤེས་པའི་རྒྱུན་ནི་དེའི་རྐྱེན་གྱིས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་སྲིད་པ་སྐྱེ་བར་ནུས་པ་དང་ལྡན་པའི་རྣམ་པར་ཤེས་པའི་རྒྱུན་གྱི་རྐྱེན་ནི་རང་གི་ངོ་བོར་

གནས་པའི་ལས་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་བག་ཆགས་དེ་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པ་ཡིན་ན་ནི་འཇུག་པ་རྙེད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ན་བག་ཆགས་ཀྱི་གནས་སྐབས་ཀྱི་ལས་ནི་སྲིད་པའི་མིང་འཐོབ་པ་ཡིན་ནོ། །འཇུག་པ་མ་རྙེད་པ་ཇི་ལྟར་བརྗོད་པར་བྱ་ཞེ་ན། དེའི་ཕྱིར།

འཇུག་པ་མ་རྙེད་པ་ཡིན་ན་ནི་ལས་ཀྱི་མིང་དང་འདུ་བྱེད་ཀྱི་མིང་ཐོབ་པ་ཡིན་ནོ་ཞེས་སྨྲས་སོ། །འདུལ་བ་ལས་ཇི་སྐད་དུ། ལས་རྣམས་ཆུད་ཟད་མི་འགྱུར་ཏེ། །ཞེས་རྒྱས་པར་འབྱུང་བ་འདི་ནི་དེར་དཔེ་ཡིན་ཏེ། འཇུག་པ་མ་རྙེད་པའི་བག་ཆགས་དེ་ནི་ལས་ཀྱི་མིང་ཐོབ་པ་ཡིན་ནོ་ཞེས་བྱ་བ་ཡིན་

ནོ། །གང་ཟག་གཅིག་ཏུ་ལ་དུས་གཅིག་ཏུ་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམ་པ་གསུམ་ཡོད་པར་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ནི་འཇུག་པ་མ་རྙེད་པའི་བག་ཆགས་དེ་ནི་འདུ་བྱེད་ཀྱི་མིང་ཐོབ་པ་ཡིན་གྱི། མིང་སྲིད་པ་ཞེས་བྱ་བ་ཅི་ཞེ་ན། འཐོབ་པ་མ་ཡིན་ཏེ་ཞེས་བྱ་བ་སྐབས་

ཡིན་ནོ། །བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་ཀྱི་བག་ཆགས་ཙམ་ཉིད་ཡིན་ན་ནི་སྲིད་པའི་རྐྱེན་གྱིས་ཅིག་ཆར་དུ་སྐྱེ་བ་གཅིག་འགྲུབ་པར་འགྱུར་རོ། །འདི་ནི་དེ་ལྟ་བུ་ཡིན་ཏེ་བག་ཆགས་ཀྱི་གནས་ཀྱི་འདུ་བྱེད་ནི་ཡང་སྲིད་པ་མངོན་པར་འགྲུབ་པ་ལ་

འཇུག་པ་རྙེད་པས་གནས་སྐབས་ཐམས་ཅད་སྲིད་པའི་མིང་འཐོབ་པ་ཡིན་ནོ་ཞེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ཡོད་དུ་ཟིན་ཀྱང་རེས་འགའ་ཡང་སྲིད་མངོན་པར་འགྲུབ་པར་མི་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ཡང་ཉེ་བར་ལེན་པ་ཡོད་ན་འདུ་བྱེད་སྲིད་པའི་

เล่ม ๑๑๕ · หน้า 185b

གནས་སྐབས་ཡིན་པར་འགྲོ་བར་འགྱུར་གྱི་ཞེས་བྱ་བ་ནི་འདུན་པ་དང་འདོད་ཆགས་ཡོད་ན་ཡང་སྲིད་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་རྙེད་པ་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །དེ་བས་ན་འཇུག་པ་རྙེད་པའི་ལས་ཀྱི་བག་ཆགས་ནི་ལེན་པའི་རྐྱེན་གྱིས་ཡིན་པའི་ཕྱིར། ལེན་པའི་རྐྱེན་གྱིས་སྲིད་

པ་ཞེས་བསྟན་ཏོ། །འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་དུ་ཟིན་ཀྱང་ཞེས་རྒྱས་པར་འབྱུང་བ་ནི་འདི་ལྟར་ཁམས་སམ་འགྲོ་བ་གང་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་པ་ཡང་འདུན་པ་དང་འདོད་ཆགས་དེས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་པ་མ་ཡིན་ན་དེར་ནི་ཡང་སྲིད་

མངོན་པར་འགྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ་འདོད་པའི་ཁམས་སུ་གཏོགས་པའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་པ་ཡང་གཟུགས་ན་སྤྱོད་པའི་འདུན་པ་དང་། འདོད་ཆགས་སམ། གཟུགས་མེད་པ་ན་སྤྱོད་པའི་འདུན་པ་དང་། འདོད་ཆགས་པ་དེས་འཕངས་པའི་ཡང་སྲིད་

དང་རྗེས་སུ་མཐུན་པ་མ་ཡིན་ན་ཁམས་དང་དེར་རམ། བདེ་འགྲོར་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པ་མ་ཡིན་ནོ། །ལས་སྔ་མ་རྣམས་རང་གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང་ཞེས་རྒྱས་པར་འབྱུང་བ་ནི་ལས་སྔ་མ་རྣམས་རང་གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ཡིན་དུ་

ཟིན་ཀྱང་འདུན་པ་དང་འདོད་ཆགས་པ་མེད་པར་ཡང་བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ལས་དུས་ཇི་ལྟ་བ་བཞིན་དུ་ཕྱིས་འབྲས་བུ་སྦྱིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ལ་རང་གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ནི་ལས་དེ་དག་གིས་སོ། །ལས་དེ་དག་གིས་ཞེས་བྱ་བ་ནི་རང་

གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ཉིད་ཡིན་ནོ། །བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ལས་སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་སྐད་ཅིག་རེ་རེ་ལ་དེའི་བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་ཡིན་ཏེ། འདི་ལྟར་ཡོངས་སུ་འགྱུར་བའི་བྱེ་བྲག་དེ་ལྟ་བུའི་ངོ་བོ་ཅུང་

ཟད་འགྲུབ་པར་འགྱུར་ཏེ། གང་གིས་དེ་མ་ཐག་ཏུ་ཡང་སྲིད་མངོན་པར་འགྲུབ་པར་བྱ་བ་ལ་ནུས་པ་ཡོད་པའོ། །ནུས་པ་ཡང་སྟོབས་ཡིན་ཏེ། སྟོབས་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་སྟོབས་གང་དང་གང་ཡོད་པ་དེ་དང་དེ་ལས་ཕྱིས་འབྲས་བུ་སྦྱིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་པ་དེ་

เล่ม ๑๑๕ · หน้า 186a

ལྟར་ཅིའི་ཕྱིར་མི་འདོད། ས་གང་ལ་འདུན་པ་དང་འདོད་ཆགས་པ་ནི་ཞེས་རྒྱས་པར་འབྱུང་བ་ནི་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་ལའོ། །དེས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་པ་ཡིན་པ་ཞེས་བྱ་བ་ནི་ལས་ཀྱིས་འཕངས་པའི་ཡང་སྲིད་དང་རྗེས་སུ་འཚམ་པ་ཞེས་བྱ་བའི་དོན་ཏོ། །

དེར་ནི་དེ་ལྟ་བུ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་སྟོབས་ཇི་ལྟ་བ་བཞིན་དུ་འབྲས་བུ་སྦྱིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདུན་པ་དང་འདོད་ཆགས་མེད་པ་མ་ཡིན་པའི་ལས་རྣམས་ལ་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་ནུས་པ་ཐོབ་པ་ཡོད་པས། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བསྟན་ཏོ། །འདོད་

ཆགས་དང་བྲལ་བ་གང་ཞིག་ས་འོག་མར་སྐྱེ་བ་ཞེས་རྒྱས་པར་འབྱུང་བ་ནི་ས་གོང་མར་སྐྱེས་ནས་འདོད་ཆགས་དང་བྲལ་བ་ཞིག་འཆི་བའི་དུས་བྱས་ནས་གང་གི་ཚེ་ས་འོག་མར་སྐྱེ་བ་དེའི་ཚེ་འཆི་བའི་དུས་ཀྱི་ཚེ་དེ་ལས་འོག་མ་པའི་འདུན་པ་དང་འདོད་ཆགས་ནི་ཀུན་དུ་འབྱུང་བ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་

ཡིན་པའི་ཕྱིར་རོ། །ས་འོག་མ་དེ་ལ་འདུན་པ་དང་འདོད་ཆགས་དག་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ས་འོག་མ་ལའོ། །མངོན་དུ་མ་གྱུར་ན་ས་འོག་མར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་པ་ཇི་ལྟར་ཡིན་ཞེ་ན། འཆི་བའི་གནས་

སྐབས་ན་དེའི་བག་ཆགས་རྣམས་འཇུག་པ་རྙེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་འོག་མ་པའི་འདུན་པ་དང་འདོད་ཆགས་ཀྱི་བག་ཆགས་དག་འཇུག་པ་རྙེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ཇི་ལྟར་རྙེད་པ་བཞིན་ལས་ཀྱི་བག་ཆགས་ཀྱིས་ཡང་སྲིད་འགྲུབ་པར་བྱེད་དོ། །དེ་ལྟར་ན་ས་འོག་མ་པའི་འདུན་པ་དང་འདོད་ཆགས་ཀྱི་བག་

ཆགས་ཀྱི་འཇུག་པ་རྙེད་པ་ནི་ལེན་པ་ཡིན་ལ། དེས་ནི་ལས་ཀྱི་བག་ཆགས་ཀྱི་གནས་སྐབས་དག་སྲིད་པ་ཡིན་པར་བྱེད་དོ། །འདོད་ཆགས་མ་བྲལ་བ་རྣམས་བདེན་པ་མཐོང་ན་ཞེས་རྒྱས་པར་འབྱུང་བ་ནི་བདེན་པ་མཐོང་ལ་འདོད་ཆགས་དང་མ་བྲལ་བ་རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བ་དག་འདོད་པ་ན་

སྤྱོད་པའི་འདུན་པ་དང་འདོད་ཆགས་མ་སྤངས་ཤིང་འདོད་པའི་ཁམས་སུ་གཏོགས་པ་ཡིན་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་ན་ཅི་དེའི་ལེན་པ་དག་མེད་པ་ཡིན་ནམ་གང་གི་ཕྱིར་མི་སྐྱེ་བ་དེ་དག་གིས་ནི་ཇི་སྐད་དུ་ལས་སྔ་མ་རྣམས་རང་གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང་བག་

เล่ม ๑๑๕ · หน้า 186b

ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ལས་ཞེས་བྱ་བ་ནས་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེས་བྱ་བའི་བར་དུ་དེ་དག་རྒྱས་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་ངན་སོང་དང་རྗེས་སུ་མཐུན་པ་མ་ཡིན་ཏེ་ཞེས་སྨྲས་སོ། །ཇི་ལྟར་མ་ཡིན་པ་དེ་སྟོན་པ་ནི། མཐོང་བས་སྤང་བར་བྱ་བའི་འདུན་པ་དང་འདོད་ཆགས་

སྤངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བདེན་པ་མཐོང་ན་མཐོང་བས་སྤང་བར་བྱ་བའི་འདུན་པ་དང་འདོད་ཆགས་སྤངས་པ་ཡིན་ལ། དེ་ཡང་ངན་སོང་དང་རྗེས་སུ་མཐུན་པ་མ་ཡིན་ཏེ། ལོག་པར་ལྟ་བ་བསྒྱུར་ཟིན་པའི་ཕྱིར་རོ། །དེ་ལས་གཞན་ཡང་ཕྱིས་འཇོམས་པའི་ཕྱིར་རོ་ཞེས་བྱ་བ་ནི་

བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་འདུན་པ་དང་འདོད་ཆགས་དང་ངན་སོང་དང་རྗེས་སུ་མཐུན་པ་སྤངས་པ་མ་ཡིན་ཏེ། བདེན་པ་མཐོང་བ་ལ་ཡང་ཀུན་དུ་རྒྱུ་བ་ཡིན་ནོ། །ལོག་པར་ལྟ་བས་རྒྱས་པ་ཡིན་པའི་ཕྱིར་དེ་དག་ནི་བདེན་པ་མཐོང་བ་ཁོ་ནས་སྤངས་པའི་

ཕྱིར་རོ། །འཆི་བའི་ཚེ་གདོན་མི་ཟ་བར་འགྱུར་རོ་ཞེས་བྱ་བ་ནི་སྔར་ངེས་པ་མ་ཡིན་པ་ནི་འཆི་བའི་ཚེ་ལེན་པ་དང་བཅས་པའི་ལས་རྣམས་གདོན་མི་ཟ་བར་སྲིད་པ་ཡིན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཡང་སྲིད་ཉིད་དུ་མི་རུང་ངོ་། །ལས་ངེས་པ་གང་ཡིན་པ་ནི་དུས་སྔར་ཡང་ཡིན་ཏེ་ཞེས་བྱ་བ་ནི་

དེའི་ཚེ་གདོན་མི་ཟ་བར་སྲིད་པར་གྱུར་པ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་མཚམས་མེད་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་མཚམས་མེད་པ་ལས་གཞན། ལྷ་ལ་སོགས་པའི་ནང་དུ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་གཞན་ཡང་གང་ཡིན་པའོ། །སྔོན་གྱི་ཚེའི་ལས་

ཀྱི་རྣམ་པར་སྨིན་པ་ཞེས་རྒྱས་པར་འབྱུང་བ་ནི་དེའི་ཚེ་ལས་སྲིད་པར་གྱུར་པ་ཡོད་དུ་ཟིན་ཀྱང་དེ་མ་ཐག་ཏུ་ཡང་སྲིད་མངོན་པར་འགྲུབ་པར་མི་བྱེད་དེ། སྔོན་གྱི་ཚེ་ལས་ཀྱི་རྣམ་པར་སྨིན་པ་རིས་མཐུན་པར་སྐལ་བ་མཉམ་པའི་ལྷག་མ་དང་འབྲེལ་པའི་ཕྱིར་རོ། །ཇི་ཙམ་ན་སྐྱེ་བའི་སྲིད་པ་ཡིན་པ་

དེའི་བར་དུ་ལྡོག་པ་མེད་དོ་ཞེས་བྱ་བ་ནི་དེ་སྲིད་དུ་ལས་རྣམས་སྲིད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ནམ་བར་མ་དོའི་སྲིད་པ་མངོན་པར་མ་གྲུབ་པ་དེའི་བར་དུ་སྲིད་པ་རྣམ་པར་མི་གཞག་ཅེ་ན། དེའི་ཕྱིར་ལུང་ལས་སྲིད་པ་ནི་གཉིས་ཏེ་ཞེས་རྒྱས་པར་སྨྲས་སོ། །དེ་གཉི་ག་

เล่ม ๑๑๕ · หน้า 187a

གཅིག་ཏུ་བསྡུས་ཏེ་སྲིད་པ་ཞེས་བརྗོད་དོ་ཞེས་བྱ་བ་ནི་གཞོལ་བའི་སྲིད་པ་དེ་དང་། ཞུགས་པའི་སྲིད་པ་ཞེས་བྱ་བ་གཉིས་གཅིག་ཏུ་བསྡུས་པ་ནི་མངོན་པར་བསྡུས་པ་ཡིན་ནོ། །འོ་ན་བར་མ་དོ་ན་སྲིད་པ་ཡོད་པའི་རྐྱེན་གང་ཞེ་ན་ཞེས་བྱ་བ་ནི་འདིའི་སྔོན་གྱི་དུས་ཀྱི་སྲིད་

པས་བསྡུས་པའམ། འཆི་བའི་སྲིད་པས་བསྡུས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་རྐྱེན་བརྗོད་པར་བྱ་དགོས་སོ་ཞེ་ན། དེའི་ཕྱིར་རྐྱེན་གཞོལ་བའི་སྲིད་པ་ཡིན་ནོ་ཞེས་སྨྲས་སོ། །འོ་ན་དེ་ལྟ་ན་ཇི་སྲིད་དུ་བར་མ་དོའི་སྲིད་པ་ཡིན་པ་དེ་སྲིད་དུ་ལས་དག་སྲིད་པ་ཡིན་པར་རྗེས་སུ་འབྲང་བ་ཐོབ་པར་འགྱུར་

རོ་ཞེ་ན། དེའི་ཕྱིར་དེ་ཡང་ལས་ཀྱི་སྲིད་པ་གཙོ་བོ་ཡིན་གྱི་རྣམ་པར་སྨིན་པ་ནི་གཙོ་བོ་མ་ཡིན་ཏེ་ཞེས་སྨྲས་སོ། །དེ་ཡང་ཞེས་བྱ་བ་ནི་བར་མ་དོའི་སྲིད་པའོ། །ཅིའི་ཕྱིར་ཞེ་ན། སྐྱེས་པ་ན་རྣམ་པར་སྨིན་པ་འཕངས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། ལས་དེས་རྣམ་པར་སྨིན་པ་འཕངས་པ་སྐྱེས་པ་ན་ཡོངས་སུ་

རྫོགས་པར་གྱུར་པ་ཡིན་གྱི་བར་མ་དོའི་སྲིད་པའི་གནས་སྐབས་སུ་མ་ཡིན་ཏེ། དེ་བས་ན་བར་མ་དོའི་སྲིད་པ་སྐྱེས་སུ་ཟིན་ཀྱང་དེའི་ལས་རྣམས་སྲིད་པ་ཉིད་ཡིན་པ་ལས་ལྡོག་པ་མེད་དེ། རྣམ་པར་སྨིན་པ་ལྷག་མ་དང་བཅས་པ་ཡིན་པའི་ཕྱིར་རོ། །སྐྱེ་བར་བྱ་བའི་ཕྱིར་ཡང་ཞེས་རྒྱས་པར་འབྱུང་བ་ནི་

ལྷ་ལ་སོགས་པའི་ནང་དུ་སྐྱེ་བར་བྱ་བའི་ཕྱིར་ལས་མངོན་པར་འདུ་བྱེད་པ་ནི་ལྷར་གྱུར་ཅིག །མིར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ཡིན་གྱི། བར་མ་དོའི་སྲིད་པ་སྐྱེ་བར་བྱ་བའི་ཕྱིར་མ་ཡིན་ནོ། །དེ་བས་ན་སྲིད་པ་ཉིད་ནང་དུ་གཏོགས་པར་བྱས་པ་ནི་བར་མ་དོའི་སྲིད་པ་དེར་ཡིན་གྱི། སྐྱེ་བའི་ནང་དུ་མ་

ཡིན་ནོ་ཞེས་བྱ་བ་ནི་རང་གི་དགོས་པ་མཐར་ཐུག་པར་བྱ་བ་བྱེད་པ་ཡིན་ལ། ལས་ཀྱི་དགོས་པ་ནི་སྐྱེ་བ་ཡིན་གྱི། བར་མ་དོའི་སྲིད་པ་ནི་དགོས་པ་མ་ཡིན་ནོ། །དེ་བས་ན་ཇི་ཙམ་དུ་སྐྱེ་བའི་སྲིད་པ་ཡིན་པ་དེའི་བར་དུ་ལྡོག་པ་མེད་དེ། དེ་སྲིད་དུ་སྲིད་པ་ཉིད་དེའི་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་

མདོའི་དོན་ཏོ། །གང་ཡང་སྲོག་གཅོད་པ་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་ནས་ཞེས་རྒྱས་པར་འབྱུང་བ་ནི་བསྟན་པའོ། །བཤད་པ་ནི་འདི་ལ་ཡང་དགའ་བ་མ་ཡིན་ཞིང་ཞེས་བྱ་བ་ནི། སྲོག་གཅོད་པ་སྤོང་བ་ལེན་པར་མི་བྱེད་པའི་ཕྱིར་རོ། །སྤོང་བ་མ་ཡིན་པ་ཞེས་བྱ་བ་ནི་བླངས་པ་མི་སྲུང་བའི་ཕྱིར་རོ། །གང་འདི་ལ་སྲོག་

เล่ม ๑๑๕ · หน้า 187b

གཅོད་པ་ལ་སོགས་པ་དང་བྲལ་བར་མི་དགའ་བ་དེ་ནི་རྒྱུ་དེ་དང་རྐྱེན་དེས་ལུས་ཤི་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བ་མ་ཡིན་ནོ། །འོན་ཀྱང་དེས་སྔོན་དགེ་བའི་ལས་བྱས་ཤིང་བསགས་པ་ཡོད་དེ་ཞེས་རྒྱས་པར་འབྱུང་བ་ལ་སྔོན་བྱས་པ་ཡོད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་

དང་བྲལ་བ་དེ་ཡང་སྔོན་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་ཇི་སྐད་དུ། འོན་ཀྱང་འདིས་སྔོན་དགེ་བའི་ལས་བྱས་ཤིང་བསགས་པ་ཡོད་དེ་ཞེས་སྨྲས་པ་ཡིན་ནོ། །གང་གི་རྐྱེན་གྱིས་སྲིད་པར་གྱུར་ཞེ་ན། རྐྱེན་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཐོབ་པ་ཡང་དག་པའི་ལྟ་བ་དང་།

མཚུངས་པར་ལྡན་པ་དེའི་རྐྱེན་གྱིས་སྲིད་པར་གྱུར་པ་ཡིན་ཏེ། དེ་ཉིད་སྲིད་པའི་རྐྱེན་ཡིན་གྱི་གཞན་མ་ཡིན་ནོ། །རྐྱེན་ངེས་པ་ཡིན་ན་ནི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་རྣམས་སྲིད་པའི་རྐྱེན་ཡིན་པར་འགྲུབ་པར་མི་འགྱུར་རོ། །ལས་

རྣམ་པར་འབྱེད་པ་ཆེན་པོའི་མདོ་སྡེ་ལས། དེ་དག་སྲིད་པའི་རྐྱེན་ཉིད་དུ་གསུངས་པ་དེ་ཡང་། ཡོངས་སུ་སྤངས་པར་འགྱུར་རོ། །འོན་ཏེ་འདི་འཆི་བའི་དུས་ཀྱི་ཚེ་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་འཆི་བའི་དུས་ཀྱི་ཚེ་དགེ་བའི་སེམས་པ་མཚུངས་པར་ལྡན་པ་དང་བཅས་པ་སྲིད་པ་ཡིན་

པར་གྱུར་ན་ནི་དེ་ལྟ་ན་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་རྐྱེན་གྱིས་ལས་དེ་སྲིད་པར་གྱུར་པ་མ་ཡིན་ཞིང་རྐྱེན་ངེས་པ་ཡིན་ཏེ། ཉེ་བར་ལེན་པ་ཁོ་ན་སྲིད་པའི་རྐྱེན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་གྲུབ་པ་ཡིན་ནོ། །ལས་རྣམ་པར་འབྱེད་པའི་མདོ་སྡེ་ཆེན་པོ་

ལས་གསུངས་པ་དེ་དག་སྲིད་པའི་རྐྱེན་ཉིད་ཡིན་པར་བསྟན་པ་ཡང་སྤངས་པ་མ་ཡིན་ཏེ། དེར་ནི་དེ་དག་སྲིད་པ་ཉིད་ཡིན་པར་གསུངས་ཀྱི། སྲིད་པའི་རྐྱེན་ཉིད་དུ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་དེ་ཡང་སྔོན་བྱས་པ་ཡོད་པ་དེའི་རྐྱེན་ཡང་འདི་སྟེ་ཞེས་བྱུང་བ་དང་འགལ་བར་འགྱུར་ཏེ། སྔོན་བྱས་པ་

ཡོད་པ་སྲིད་པ་དེའི་རྐྱེན་ཉིད་ཡིན་པར་གསུངས་པ་ཡིན་གྱི་སྲིད་པ་ཉིད་དུ་མ་ཡིན་ནོ། །གཤེད་མ་པ་དབུགས་ཞེས་བྱ་བས་ཞེས་རྒྱས་པར་འབྱུང་བ་འདི་ཡང་སྤང་བར་བྱས་པ་ཡིན་ཏེ། གལ་ཏེ་ལེན་པ་ཁོ་ན་སྲིད་པའི་རྐྱེན་ཡིན་ན་ཞེས་སྐབས་དང་སྦྱར་རོ། །བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་ཞེས་རྒྱས་

เล่ม ๑๑๕ · หน้า 188a

པར་འབྱུང་བ་ནི་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་འགའ་ཞིག་བསམ་གཏན་དང་པོ་ཐོབ་པ་དང་བདག་གིས་ཐོག་མའི་འབྲས་བུ་འཐོབ་པོ་ཞེས་མངོན་པའི་ང་རྒྱལ་སྐྱེས་ཞེས་གྲག་གོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་དུ་ཐོབ་པ་དང་། འབྲས་བུ་བཞི་པ་དགྲ་

བཅོམ་པ་ཐོབ་པོ་སྙམ་བྱེད་དོ། །བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན་ཏེ། འཆི་ཀར་སྐྱེ་བར་འགྱུར་བ་མཐོང་བ་དང་། འཇིག་རྟེན་ན་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཡོད་པ་མ་ཡིན་ནོ་ཞེས་འཕགས་པ་རྣམས་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་སྐྱེས་སོ། །དེ་

འཕགས་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དེ་ནི་དམྱལ་བར་སྐྱེ་བར་འགྱུར་བའི་ལས་སྲིད་པ་ཉིད་དུ་བྱེད་པའི་རྐྱེན་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །འདི་ཉིད་ཀྱི་མདོ་སྡེའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདིས་བསམ་གཏན་གྱི་སྡོམ་པ་ཐོབ་ནས་སྲོག་གཅོད་

པ་ལ་སོགས་པ་ལས་རྣམ་པར་ལྡོག་པའི་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ངན་སོང་དམྱལ་བར་སྐྱེ་བར་འགྱུར་བ་མ་ཡིན་གྱི། འོན་ཀྱང་འདི་སྔོན་མི་དགེ་བའི་ལས་བྱས་ཤིང་བསགས་པ་ཡོད་དེ། དེ་ཡང་སྔོན་བྱས་པ་ཡོད་པ་དེའི་རྐྱེན་ཡང་འདི་ལྟ་སྟེ་འཆི་བའི་དུས་ཀྱི་ཚེ་མི་དགེ་བའི་སེམས་དང་

སེམས་ལས་བྱུང་བའི་ཆོས་ཐོབ་པ་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། གལ་ཏེ་ལེན་པ་ཁོ་ན་རྐྱེན་ཡིན་ཏེ། རྐྱེན་ངེས་པ་ཡིན་ན་འདི་ཡང་སྤང་བར་འགྱུར་རོ། །གལ་ཏེ་རྐྱེན་ཅན་ངེས་པ་ཡིན་ན་ནི་ལེན་པའི་

རྐྱེན་གྱིས་སྲིད་པ་ཁོ་ན་ཡིན་གྱི། གཞན་མ་ཡིན་པས་ལེན་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང་། བདག་པོའི་འབྲས་བུ་གཞན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུར་གྱུར་པའི་འབྲས་བུ་རྣམ་པར་སྨིན་པ་མེད་པར་འགྱུར་རོ། །སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བར་གྱུར་

པའི་རྒྱུ་མཐུན་པའི་འབྲས་བུ་མེད་པར་འགྱུར་རོ། །གཙོ་བོའི་རྒྱུར་གྱུར་པའི་བདག་པོའི་འབྲས་བུ་མེད་པར་འགྱུར་རོ། །རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་རྐྱེན་གཙོ་བོའི་དབང་དུ་བྱས་ཏེ་འཆད་པའི་ཕྱིར་རོ། །ལེན་པ་ནི་སྲིད་པའི་རྐྱེན་གྱི་

เล่ม ๑๑๕ · หน้า 188b

གཙོ་བོ་ཡིན་ཏེ། ས་གང་བའི་ལེན་པ་ཡིན་པས་ནི་ས་དེ་པ་ཁོ་ནའི་ལས་དག་སྲིད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཡང་སྔར་བསྟན་ཟིན་ཏེ། ཇི་ལྟ་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་དུ་ཟིན་ཀྱང་གང་འདུན་པ་དང་འདོད་ཆགས་པ་དེས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་

པ་མེད་ན་དེར་ཡང་སྲིད་མངོན་པར་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ས་གང་བའི་དགེ་བའི་སེམས་དང་ཞེས་རྒྱས་པར་འབྱུང་བ་ནི་ས་གང་བའི་དགེ་བའི་སེམས་དང་སེམས་ལས་བྱུང་བ་ནི་འཆི་བའི་ཚེ། དུས་ཐ་མའི་ཚེ་ས་དེ་པའི་ལས་དག་སྲིད་པར་བྱེད་པ་མ་ཡིན་ཏེ།

འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དག་འཆི་བའི་དུས་ཀྱི་ཚེ་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཀུན་དུ་འབྱུང་ཡང་འདོད་པ་ན་སྤྱོད་པའི་ལས་དག་སྲིད་པར་བྱེད་པ་མ་ཡིན་ནོ། །འོ་ན་དགེ་བའི་སེམས་ཀྱི་ལས་གང་དག་ཅེས་རྒྱས་པར་འབྱུང་བ་ནི་དགེ་བའི་

སེམས་ཀྱི་ལས་སྔོན་བྱས་པ་བག་ཆགས་ཀྱི་གནས་སྐབས་པ་དག་འཆི་བའི་དུས་ཀྱི་ཚེ་སྲིད་པར་གྱུར་པ་ཡིན་པ་ནི་ཇི་ལྟར་སྔར་སྨྲས་པ་ཡིན་ནོ། །དེ་དག་ཇི་ལྟར་ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་ཡིན་ཞེ་ན་ཞེས་བྱ་བ་ནི་དེའི་ཚེ་དེའི་སེམས་དང་སེམས་ལས་བྱུང་བ་དགེ་བ་ཀུན་དུ་འབྱུང་བ་དང་མི་མཐུན་

པའི་ཕྱིར་འདུན་པ་དང་འདོད་ཆགས་མངོན་དུ་འབྱུང་བའི་དངོས་པོ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་དེའི་ཚེ་རྣམ་པར་ཤེས་པ་ལ་ཞེས་རྒྱས་པར་འབྱུང་བ་ནི་འཆི་བའི་དུས་དེའི་ཚེ་དགེ་བའི་སེམས་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ལ་ལེན་པ་མེད་པར་གྱུར་ན། དེའི་

ལས་དག་སྲིད་པ་ཡིན་པར་མི་འགྱུར་ཏེ། ཇི་ལྟར་དགྲ་བཅོམ་པ་བཞིན་ནོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་ལ་ལེན་པ་མེད་པར་ཡང་བག་ཆགས་ཀྱི་གནས་སྐབས་དག་སྲིད་པ་ཡིན་པར་གྱུར་ན་ནི་སྲིད་པར་གྱུར་པ་དེ་ནི་ལས་ཀྱི་བག་ཆགས་ཀྱི་ནང་

དུ་གཏོགས་པ་ཡང་སྲིད་ཀྱི་ས་བོན་དུ་གྱུར་པ་ཡིན་ན། དེ་ལྟ་ཡིན་ན་དགེ་སློང་དག་ས་བོན་གྱི་རིགས་ལྔ་ནི་ལེན་པ་དང་བཅས་པའི་ཚིག་བླ་དགས་ཡིན་ནོ་ཞེས་འབྱུང་བའི་མདོ་འདི་དང་འགལ་བར་འགྱུར་རོ། །ཇི་ལྟར་ན་དགེ་བའི་རྣམ་པར་ཤེས་པ་ལེན་པ་དང་བཅས་པ་ཡིན་ཞེ་ན་ཞེས་བྱ་བ་ནི་དགེ་བ་ནི་འདུན་

เล่ม ๑๑๕ · หน้า 189a

པ་དང་འདོད་ཆགས་དང་རབ་ཏུ་སྦྱོར་བ་མ་ཡིན་པས་དེའི་ཕྱིར་འདྲི་བ་ཡིན་ནོ། །ལེན་པས་གྲོགས་བྱས་ཏེ་འབྲས་བུ་སྦྱིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྐྱེད་པ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་དགེ་བ་དེ་ནི་ལེན་པས་བསྟངས་ཏེ། འབྲས་བུ་སྦྱིན་པར་བྱེད་ཀྱི་འབའ་ཞིག་གིས་ནི་མ་ཡིན་

ནོ། །དེ་བས་ན་དེ་ལེན་པ་དང་བཅས་པ་ཡིན་གྱི་ཞེས་བྱ་སྟེ། ལེན་པ་ལ་ལྟོས་ནས་དེས་འབྲས་བུ་མངོན་དུ་སྦྱིན་པར་བྱེད་པ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་འབྲས་བུའི་རྒྱུ་བག་ཆགས་རྒྱུ་ཡོད་པས་འབྲས་བུ་སྦྱིན་པར་བྱེད་པ་ཡིན་ནོ། །དེ་ས་བོན་ཡིན་པར་དགོངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་

དགེ་བའི་འཇུག་པའི་རྣམ་པར་ཤེས་པ་དེའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ས་བོན་ཡིན་ཏེ། དེའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ས་བོན་ཞེས་བྱ་བ་ནི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ལེན་པ་གང་ཡིན་པའི་བག་

ཆགས་ཞེས་རྒྱས་པར་འབྱུང་བ་ནི། དེ་ལ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལའོ། །ལེན་པ་གང་ཡིན་པ་ཞེས་བྱ་བ་འདོད་པ་ཉེ་བར་ལེན་པ་ནས་བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་བར་གྱི་བག་ཆགས་ཡོངས་སུ་ཤིན་དུ་བརྟས་པར་གྱུར་ན་ཞེས་བྱ་བ་ནི་དེ་ཀུན་དུ་འབྱུང་བ་ན་འཇུག་པ་རྙེད་པའོ། །དེས་ནི་དེ་

ལེན་པ་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་ནི་ལེན་པ་དེས་བག་ཆགས་ཡོངས་སུ་བརྟས་པ་མ་ཡིན་ན་ཀུན་གཞི་རྣམ་པར་ཤེས་པ་དེ་ལེན་པ་དང་བཅས་པ་མ་ཡིན་ནོ། །ས་གང་བའི་ལེན་པ་དེ་ཡོངས་སུ་ཤིན་ཏུ་བརྟས་པར་གྱུར་ན་ཞེས་རྒྱས་པར་འབྱུང་བ་ནི་འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོའི་ས་པ་

ནས་སྲིད་པའི་རྩེ་མོའི་ས་པའི་བར་གྱིའོ། །དེའི་སྒོ་ནས་ས་དེ་པ་ཉིད་ཀྱི་ལས་ཀྱི་བག་ཆགས་བསགས་པའི་ཞེས་བྱ་བ་ནི་ལེན་པའི་སྒོ་ནས་བསགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མ་ཐག་ཏུ་ཚེ་གཞན་མངོན་པར་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་རྙེད་པ་ཡིན་པས་ཞེས་བྱ་བ་ནི་ཡོངས་སུ་གྱུར་པའི་བྱེ་བྲག་གི་གནས་

སྐབས་རྙེད་པའི་ལས་དེ་ནི་སྲིད་པ་ཡིན་པར་བསྟན་ཏོ། །རྣམ་པ་འདིས་ནི་དགེ་བའི་སེམས་ཀྱི་ཡང་འཆི་ཀར་ལེན་པའི་རྐྱེན་ཉིད་ཀྱིས་སྲིད་པ་ཡིན་ནོ་ཞེས་བྱའོ། །དེ་མ་ཐག་ཏུ་སྐྱེ་བ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་རྙེད་པ་ཞེས་གང་སྨྲས་པའི། འཇུག་པ་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན། དེའི་ཕྱིར།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด