རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๕ · หน้า 215b
རྒྱས་པར་སྨྲས་སོ། །དེ་ཡང་སྲེད་པའི་རྐྱེན་གྱིས་ལེན་པའི་བྱེ་བྲག་གིས་འབྲས་བུ་སྦྱིན་པར་བྱ་བའི་ཕྱིར་མངོན་དུ་གྱུར་པ་ལས་འབྱུང་ངོ་ཞེས་མ་སྨྲས་པར་འགྱུར་རོ་ཞེས་བྱ་བ་ནི་ཡང་སྲེད་པའི་རྐྱེན་གྱིས་ལེན་པའི་བྱེ་བྲག་གིས་འབྲས་བུ་སྦྱིན་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་ལ་ལས་མངོན་དུ་གྱུར་པ་
ཡོད་པ་དེ་ལས་ཡིན་ནོ་ཞེས་མ་སྨྲས་པར་འགྱུར་རོ། །དེ་དག་མེད་པས་ལེན་པ་དེ་དག་མེད་པར་དགྲ་བཅོམ་པ་ཡང་ཡང་སྲིད་འགྲུབ་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་
རོ་ཞེས་སྨྲས་ཏེ། དགྲ་བཅོམ་པ་ལ་ཡང་མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་རྣམ་པ་མང་པོས་བསྒོས་པའི་རྣམ་པར་ཤེས་པ་ཡོད་པ་ཡིན་ནོ། །འདིར་སྨྲས་པ། ཡོད་པ་བདེན་ཏེ་མངོན་པར་གྲུབ་པའི་རྒྱུ་མ་རིག་པ་སྤངས་པས་ཡང་སྲིད་མངོན་པར་འགྲུབ་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་
མ་རིག་པ་ནི་ཡང་སྲིད་མངོན་པར་འགྲུབ་པའི་རྒྱུ་ཡིན་པར་བསྟན་པ་ཡང་མ་ཡིན་ན་གང་གི་ཕྱིར་དེ་སྤངས་པ་ཞེས་བྱ་བ་ནི་མ་རིག་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དེ་མི་འབྱུང་བར་འགྱུར་ཞེས་བྱ་བ་ནི་ཡང་སྲིད་མངོན་པར་འགྲུབ་པ་དེའོ། །འདུ་བྱེད་ཀྱི་རྐྱེན་དེ་ནི་སྔར་ཀུན་དུ་འབྱུང་ངོ་ཞེས་བྱ་བ་ནི་
མ་སྤངས་པའི་གནས་སྐབས་ནའོ། །འདིར་སྲེད་པ་ནི་ཡང་སྲིད་མངོན་པར་འགྲུབ་པའི་རྒྱུ་ཡིན་པར་འཆད་དེ། མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོན་ཏེ་ལྔ་ཁོ་ནར་འཆད་པར་བྱེད་ན་ནི་ཞེས་རྒྱས་པར་འབྱུང་བ་ལ། དེ་ཡང་མ་རིག་པའི་རྐྱེན་
གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པས་འཕངས་པའི་མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་འབྱུང་ངོ་ཞེས་སྨྲས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི་ཡང་སྲིད་ལ་བྱའོ། །མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་ཞེས་བྱ་བ་ནི་མིང་དང་གཟུགས་
དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ཞེས་བྱ་བ་འདི་དག་གིས་སོ། །དེ་མེད་པར་བདེན་པ་མཐོང་བ་ལ་ཡང་བདེན་པ་མ་མཐོང་བ་བཞིན་དུ་གསར་དུ་ཡང་སྲིད་འཕེན་པ་ཡོད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་དེ་དག་མེད་པར་ཡང་ངོ་། །
เล่ม ๑๑๕ · หน้า 216a
ཅིའི་ཕྱིར་ཞེ་ན། བདེན་པ་མཐོང་བ་ལ་ཡང་སྲེད་པའི་རྐྱེན་གྱིས་ལེན་པ་ཡོད་པ་ཡིན་ནོ། །ལས་ཟད་ན་ཡང་སྲིད་ག་ལས་ཡོད་པ་ཤེས་པར་མ་བྱས་པར་འགྱུར་རོ་ཞེས་འོག་ནས་འཆད་པ་དང་སྦྱར་ཏེ། ལས་ཟད་པ་ཡིན་ན་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་
པའི་རྒྱུན་ལས་ཡང་སྲིད་འབྱུང་བའི་དོན་འདི་ནི་ཡན་ལག་ལྔ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་པ་ལས་ཤེས་པར་མ་བྱས་པར་འགྱུར་ཏེ། རྣམ་པར་ཤེས་པའི་ཡན་ལག་བཤད་པ་མེད་པའི་ཕྱིར་རོ། །ཡང་སྲིད་འབྱུང་བ་དེའི་རང་གི་ངོ་བོ་ཅི་ཡིན་པ་ཡང་ཤེས་པར་མ་བྱས་
པར་འགྱུར་ཏེ། རང་གི་ངོ་བོ་མིང་དང་གཟུགས་ཡིན་པ་ནི་ཡོད་པ་མ་ཡིན་ཏེ། ཡན་ལག་ལྔ་པ་འཆད་པ་ལས་མིང་དང་གཟུགས་ཀྱི་ཡན་ལག་འཆད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་སྲིད་དེ་ཡོངས་སུ་རྫོགས་པ་གང་ཡིན་པ་ཡང་ཤེས་པར་མ་བྱས་པར་འགྱུར་ཏེ། སྐྱེ་མཆེད་
དྲུག་སྐྱེས་ན་ནི་མིང་དང་གཟུགས་ཀྱི་ངོ་བོ་ལས་ཡང་སྲིད་ཡོངས་སུ་རྫོགས་པ་ཡིན་ན་ཡན་ལག་ལྔ་པ་འཆད་པ་ལས་སྐྱེ་མཆེད་དྲུག་འཆད་པ་མ་ཡིན་པའི་ཕྱིར་རོ། །ཡང་སྲིད་དེའི་ལོངས་སྤྱོད་ཅི་ཡིན་པ་ཡང་ཤེས་པར་མ་བྱས་པར་འགྱུར་ཏེ། ཡང་སྲིད་དེའི་ལོངས་སྤྱོད་ནི་རེག་
པ་དང་ཚོར་བ་ཡིན་ཏེ། འདིར་རྒྱུ་དང་བཅས་པའི་ལོངས་སྤྱོད་ཡིན་པའི་དོན་ཡིན་ནོ། །ཡན་ལག་ལྔ་པ་འཆད་པ་ལས་རེག་པ་དང་ཚོར་བའི་ཡན་ལག་བཤད་པ་མེད་པའི་ཕྱིར་རོ། །སྲེད་པའི་རྐྱེན་ཀྱང་མ་བསྟན་པར་འགྱུར་རོ་ཞེས་བྱ་བ་ནི་ཡན་ལག་ལྔ་པ་འཆད་པ་ལས་ཚོར་བའི་ཡན་
ལག་འཆད་པ་མེད་པའི་ཕྱིར་ཏེ། མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་མ་ཡིན་པར་ནི་གསུམ་པོ་འདི་ཤེས་པར་མ་བྱས་པར་འགྱུར་ཏེ། སྲིད་པའི་རྐྱེན་གྱིས་རང་གི་ངོ་བོ་ཅི་ཡིན་པ་དང་། ཡོངས་སུ་རྫོགས་པ་ཅི་ཡིན་པ་དང་། ལོངས་སྤྱོད་ཅི་ཡིན་པ་མ་བསྟན་པ་ཡིན་པའི་ཕྱིར་རོ། །
དེ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་འཕངས་པའི་མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་འགྱུར་རོ་ཞེས་གདོན་མི་ཟ་བར་བརྗོད་པར་བྱ་དགོས་སོ། །དེ་བས་ན་དོན་བདུན་གྱི་དབང་དུ་བྱས་ཏེ། ཡན་ལག་བཅུ་གཉིས་བཤད་པ་
เล่ม ๑๑๕ · หน้า 216b
ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དོན་དེ་ཉིད་ལུང་དང་མཐུན་པ་ཡིན་པར་བསྟན་པའི་ཕྱིར། སྐྱེ་བར་བྱེད་པའི་རྒྱུ་ནི་ལས་ཇི་ལྟ་བ་བཞིན་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་དང་། མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ནི་སྲིད་པ་ཇི་ལྟ་བ་བཞིན་ཡིན་ཏེ་ཞེས་རྒྱས་པར་སྨྲས་ཏེ། སྐྱེ་བར་བྱེད་
པའི་རྒྱུ་ནི་ལས་ཇི་ལྟ་བ་བཞིན་ཡིན་ཏེ། མིང་དང་གཟུགས་ལ་སོགས་པའི་རྣམ་པར་དབྱེ་བ་ཐ་དད་པའི་ལུས་ཀྱི་དངོས་པོ་འཕེན་པ་ལ་དབང་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུར་ནི་ཡན་ལག་བདུན་གྱིས་བསྟན་པ་ཡིན་ཏེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་
དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བའི་ཡན་ལག་རྣམས་ཀྱི་གང་གིས་འཕེན་པ་ཇི་ལྟར་གང་ཡིན་པ་རྣམས་ཡིན་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ནི་སྲེད་པ་ཇི་ལྟ་བ་བཞིན་ཡིན་ཏེ། རང་གི་ཁམས་སུ་འཕངས་པའི་ཡང་སྲིད་མཚམས་
སྦྱོར་བ་ལ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུར་ནི་ཡན་ལག་ལྔ་བསྟན་ཏེ། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་ཡན་ལག་རྣམས་ཀྱི་སྟེ། གང་གིས་མངོན་པར་འགྲུབ་པར་བྱེད་ཇི་ལྟར་གང་ཡིན། དེའི་ཉེས་དམིགས་གང་ཡིན་པ་རྣམས་ཡིན་པའི་
ཕྱིར་རོ། །དེ་བས་ན་ལུང་ལས་ཡན་ལག་བཅུ་གཉིས་འཆད་པ་ཉིད་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ལུང་ཡིན་གྱི། འདི་ནི་ལུང་དང་ལྡན་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་བསྟན་བཅོས་དང་འགལ་བ་མ་ཡིན་ནམ་ཞེས་བྱ་བ་ཇི་ལྟ་ཞེ་ན། ཇི་ལྟར་སྔར། གང་གིས་འཕེན་དང་ཇི་ལྟར་གང་། །དེ་
སྒྲུབ་བྱེད་པ་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཞེས་སྨྲས་པ་རྣམས་ཏེ། དེ་ལྟ་བུ་ཡིན་ན་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་རྣམས་ད་ལྟར་བྱུང་བའི་སྐྱེ་བས་བསྡུས་
པ་ཡིན་པར་འགྱུར་རོ། །མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་རྣམས་ནི་མ་འོངས་པའི་སྐྱེ་བས་བསྡུས་པ་ཡིན་པར་འགྱུར་བ་རྣམས་དང་། བསྟན་བཅོས་ལས་དུམ་བུ་རྣམ་པར་གཞག་པ་ཐ་དད་པར་བསྟན་པ་དང་འགལ་བར་འགྱུར་ཏེ།
เล่ม ๑๑๕ · หน้า 217a
ཇི་སྐད་དུ་ཡེ་ཤེས་ལ་འཇུག་པ་ལས་གང་གསུངས་པ། གང་ཟག་གཅིག་གི་སྐྱེ་བ་འདི་ལ་འདས་པ་ནི་དུ་ཞིག་ཅེ་ན། སྨྲས་པ། གཉིས་ཏེ། མ་རིག་པ་དང་འདུ་བྱེད་དོ། །མ་འོངས་པ་དུ་ཞིག་ཅེ་ན། སྨྲས་པ། གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །ད་ལྟར་བྱུང་བ་དུ་ཞིག་ཅེ་ན།
སྨྲས་པ། བརྒྱད་དེ་རྣམ་པར་ཤེས་པ་ནས། སྲིད་པའི་བར་རོ་ཞེས་བྱ་བའོ་ཞེ་ན། དེ་ལྟ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། ལེན་པའི་རྐྱེན་གྱིས་སྲིད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན་ཞེས་རྒྱས་པར་འབྱུང་བ་སྟེ། འདིར་ནི་སྔོན་གྱི་ཚེ་རབས་གཞན་ན་མ་རིག་པའི་རྐྱེན་གྱིས་ལས་བྱས་ཤིང་
བསགས་པ་དང་ད་ལྟར་གྱི་ཚེ་ན་རྣམ་པར་སྨིན་པ་འབྱིན་པར་བྱེད་པ་དེ་ནི་འདུ་བྱེད་ཀྱི་སྒྲར་བཏགས་ཏེ་བསྟན་པ་ཡིན་ནོ། །ལས་གང་ཞིག་ད་ལྟར་གྱི་སྐྱེ་བ་འདི་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྐྱེན་གྱིས་བྱེད་ཅིང་བསགས་པ་མ་འོངས་པ་ན་རྣམ་པར་སྨིན་པ་འབྱིན་པའི་རྐྱེན་བྱེད་པ་ནི་སྲེད་པ་ཞེས་བྱ་
བའི་སྒྲར་བཏགས་པ་དེ་དག་དང་འགལ་བ་ནི་གལ་ཏེ་ད་ལྟར་བྱུང་བ་ཚེ་བསྡུས་པ་མ་རིག་པའི་རྐྱེན་གྱི་ལས་ཀྱི་རང་གི་ངོ་བོར་གནས་པ་ལ་འདུ་བྱེད་ཀྱི་སྒྲར་བཏགས་པ་དང་། བག་ཆགས་སུ་གནས་པ་ལེན་པའི་རྐྱེན་གྱིས་འཇུག་པ་རྙེད་པ་ནི་སྲིད་པའི་སྒྲར་བཏགས་པ་དག་ཡིན་ཏེ། དེ་
ལྟར་ན་བསྟན་བཅོས་བསྟན་མ་ཐག་པ་གང་ཡིན་པ་འདི་དང་འགལ་བ་ཡོད་པ་ནི་ཇི་སྐད་དུ་སྔར་བསྟན་པ་དེ་བཞིན་དུ་མདོ་སྡེ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། གང་གིས་འཕེན་ཇི་ལྟར་གང་ཡིན་ཞེས་བྱ་བ་ལ་སོགས་པ་དང་། སྐྱེ་བར་བྱེད་པའི་རྒྱུ་ནི་ལས་ཇི་ལྟ་བ་བཞིན་ཡིན། མངོན་
པར་འགྲུབ་པར་བྱེད་པའི་རྒྱུ་ནི་སྲིད་པ་ཇི་ལྟ་བ་བཞིན་ཡིན་ཞེས་བྱ་བ་ཇི་སྐད་དུ་སྔར་བསྟན་པ་དེ་བཞིན་དུ་མདོ་སྡེ་ལ་བརྟེན་པ་ཡིན་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་མདོ་སྡེ་ལ་བརྟེན་པ་ནི་དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་མདོ་སྡེ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལའོ། །
བསྟན་བཅོས་དང་། མདོ་སྡེ་དང་འགལ་བ་གཉིས་ལས། བསྟན་བཅོས་དང་འགལ་བ་ཚོད་ཡོད་ཀྱི། མདོ་སྡེ་དང་འགལ་ན་མི་རུང་སྟེ། བསྟན་བཅོས་ནི་མདོ་སྡེ་ལ་རག་ལུས་པ་ཡིན་པའི་ཕྱིར་རོ། །དུམ་བུ་གསུམ་དུ་རྣམ་པར་འཇོག་པ་ཞེས་བྱ་བ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་
เล่ม ๑๑๕ · หน้า 217b
ཡན་ལག་གཉིས་གཉིས་དང་། བར་གྱི་ལ་ཡན་ལག་བརྒྱད་དུ་རྣམ་པར་འཇོག་པ་སྨྲས་པ་གང་ཡིན་པ་འདི་ལ་བརྗོད་པར་བྱ་བ་མང་དུ་འབྱུང་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར་རྒྱུ་དང་བཅས་པའི་སྐྱེ་བ་རིམ་གྱིས་ཡིན་པར་འཆད་པ་དང་། རྒྱུ་ཁྱད་པར་ཅན་ལས་སྐྱེ་བ་རིམ་གྱིས་ཡིན་པར་འཆད་པ་ལ་
དགོས་པ་ཅི་ཡོད་ཅེས་སྨྲས་ཏེ། དུམ་བུ་གསུམ་རྣམ་པར་གཞག་པ་དེ་ལ་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་གསུམ་བསྟན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་
རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་སྟེ། རེ་ཞིག་འདི་ནི་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་བསྟན་པ་གཅིག་ཡིན་ནོ། །སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་
རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་འདི་ནི་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་བསྟན་པ་གཉིས་པ་ཡིན་ནོ། །གཅིག་ཁོ་ན་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་བསྟན་པ་ནི་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། བསྟན་པས་འགྲུབ་པར་
འགྱུར་ན་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་གཉིས་བསྟན་པ་ཅི་དགོས། །རྒྱུ་ཁྱད་པར་ཅན་ལ་སྐྱེ་བ་རིམ་གྱིས་ཡིན་པར་འཆད་པ་ལ་དགོས་པ་ཅི་ཡོད་ཅེས་བྱ་བ་ནི་རྒྱུ་ཁྱད་པར་ཅན་ལས་སྐྱེ་བ་རིམ་གྱིས་ཡིན་པ་བསྟན་ཟིན་ཏོ། །གཅིག་ནི་མ་རིག་པ་དང་། འདུ་བྱེད་རྒྱུ་ཡིན་པར་འཆད་
པའོ། །གཉིས་པ་ནི་སྲེད་པ་དང་། ལེན་པ་དང་། སྲིད་པའི་ཡན་ལག་རྣམས་རྒྱུ་ཡིན་པར་འཆད་པའོ། །དང་པོ་ལ་ཡང་རྒྱུ་གསུམ་བརྗོད་པར་བྱ་དགོས་ལ། གཉིས་པ་ལ་གཉིས་བརྗོད་པར་བྱ་དགོས་སོ། །དེ་བས་ན་རྒྱུ་ཁྱད་པར་ཅན་ལས་སྐྱེ་བ་རིམ་གྱིས་ཡིན་པར་འཆད་པ་ལ་དགོས་
པ་བརྗོད་པར་བྱ་དགོས་སོ། །འདས་པའི་ལས་ལས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་ཞེས་བྱ་བ་ནི་དུམ་བུ་གསུམ་རྣམ་པར་འཇོག་པ་ལ་ཚེ་སྔ་མས་བསྡུས་པ་ནི་འདུ་བྱེད་ཡིན། ད་ལྟར་གྱི་ཚེས་བསྡུས་པ་རྣམ་པར་ཤེས་པ་ཡིན་ན་གལ་ཏེ་འདས་པའི་སྐྱེ་བས་བསྡུས་
เล่ม ๑๑๕ · หน้า 218a
པའི་འདུ་བྱེད་ཀྱི་རྐྱེན་གྱིས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་བ་ཡིན་ན་ནི་འདས་པའི་ལས་དེ་ལས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་ཞེས་བྱ། རྣམ་པར་ཞིག་པ་དེ་ལས་ཇི་ལྟར་འབྱུང་བར་འགྱུར་བ་བརྗོད་པར་བྱ་དགོས་སོ། །བསྟན་བཅོས་ལས་ནི་
ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ། ཉོན་མོངས་པ་ཅན་ཁོ་ནར་འདོད་དེ། རང་གི་སའི་ཉོན་མོངས་ཐམས་ཅད་ཀྱིས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དེ་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་པར་རུང་། རྣམ་སྨིན་ལུང་བསྟན་
མ་ཡིན་ཆོས་ཞེས་སྟོན་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་། མིང་དང་གཟུགས་ཀྱི་གནས་སྐབས་གཉིས་ལ་བྱེ་བྲག་ཅི་ཡོད་ཅེས་བྱ་བ་ནི་དུམ་བུ་གསུམ་རྣམ་པར་གཞག་པ་ལ་ཡང་རྣམ་པར་ཤེས་པའི་གནས་སྐབས་ཉིད་ཀྱང་ཡང་སྲིད་པའི་མིང་དང་གཟུགས་ཡིན་ཏེ། ཇི་ལྟ་ཞེ་ན། མཚམས་སྦྱོར་ཕུང་
པོ་རྣམ་པར་ཤེས། །གང་ཡིན་དེ་ཉིད་མིང་དང་གཟུགས། །ཞེས་བྱ་བ་ཡིན་པས་རྣམ་པར་ཤེས་པའི་གནས་སྐབས་དང་། མིང་དང་གཟུགས་གཉིས་བྱེ་བྲག་མེད་པར་བརྗོད་པར་བྱ་དགོས་སོ། །ཉིང་མཚམས་སྦྱོར་བའི་ཕུང་པོ་ལས་སྐད་ཅིག་མ་གཉིས་པ་འོག་ཏུ་སྐྱེས་པ་ལ་ཡང་གཞན་དུ་གྱུར་པ་ཅི་ཡང་མེད་དོ། །
འགག་པའི་རིམ་པ་ལ་ཡང་ཞེས་རྒྱས་པར་འབྱུང་བ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་
དྲུག་འགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་བྱ་བ་ཡིན་
ཏེ། འགག་པའི་རིམ་པ་དེ་ལ་སོགས་པ་འགག་པ་ནི་རྣམ་པར་ཞིག་པ་ཡིན་པར་འདོད་ན་ནི་དེས་ན་རྒྱུ་རྣམ་པར་ཞིག་པ་ལས་འབྲས་བུ་རྣམ་པར་ཞིག་པ་ཡིན་པར་ཁས་བླངས་པའི་ཕྱིར་སྐད་ཅིག་མ་འཇིག་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་མ་རིག་པ་ནི་འདུ་བྱེད་ཀྱི་རྒྱུ་ཡིན་ཏེ། དེ་བས་ན་དེ་འགགས་པས་དེ་
เล่ม ๑๑๕ · หน้า 218b
འགག་ཅེས་བྱ་བ་རྒྱུ་འཇིག་པས་འབྲས་བུ་འཇིག་ཅེས་བྱ་བ་ཡིན་ནོ། །དེ་ལྟ་ན་ནི་སྐད་ཅིག་མ་འཇིག་པ་ལ་གནོད་པ་ཡིན་ཏེ། གལ་ཏེ་ནམ་འབྲས་བུ་སྐྱེས་པ་དེའི་བར་དུ་རྒྱུ་གནས་པ་ཡིན་ན་ནི་རྒྱུ་རྣམ་པར་འཇིག་པ་ལས་འབྲས་བུ་རྣམ་པར་འཇིག་པར་འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང་
སྐད་ཅིག་མ་འཇིག་པ་ལ་གནོད་པ་ཡིན་ཏེ། རྒྱུའི་སྐད་ཅིག་མ་ནི་འབྲས་བུའི་སྐད་ཅིག་མའི་ཚེ་ན་ཡང་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་འཇིག་པ་ནི་རྒྱུ་དང་བར་མ་ཆད་པར་འབྲས་བུ་སྐྱེས་པའི་ཕྱིར་རོ། །རྒྱུ་རྣམ་པར་འཇིག་པའི་དུས་ཁོ་ན་ན་འབྲས་བུ་སྐྱེ་བ་ཡིན་ན་ནི་ཇི་
ལྟར་ན་རྒྱུ་རྣམ་པར་འཇིག་པ་ལས་འབྲས་བུ་རྣམ་པར་འཇིག་པ་འགྲུབ་པར་འགྱུར་བ་སྔོན་གྱི་སྐྱེ་བ་རྣམ་པར་འཇིག་པ་ན་ཡང་དེའི་རྒྱུ་ཅན་སྐྱེ་བ་ཕྱི་མ་མི་གནས་པའི་ཕྱིར་དང་ཞེས་བྱ་བ་ནི་གལ་ཏེ་རྒྱུ་རྣམ་པར་འཇིག་པ་ལས་འབྲས་བུ་རྣམ་པར་འཇིག་པར་འགྱུར་བ་ཡིན་ན་ནི་སྔོན་གྱི་རྒྱུ་ཅན་
ནི་ཕྱི་མ་ད་ལྟར་བྱུང་བའི་སྐྱེ་བ་ཡིན་ལ། སྔོན་གྱི་སྐྱེ་བ་རྣམ་པར་འཇིག་ན་དེའི་རྒྱུ་ཅན་ད་ལྟར་བྱུང་བའི་སྐྱེ་བ་མི་གནས་པའི་ཕྱིར་རོ། །སྐྱེ་བ་ཡང་མ་ཡིན་པ་དེ་ནི་སྔོན་གྱི་སྐྱེ་བའི་རྒྱུ་ཅན་སྐྱེ་བ་ཕྱི་མ་ལ་བྱ་སྟེ། དེ་དང་མི་མཐུན་པ་རྒྱུ་རྣམ་པར་འཇིག་པ་དེ་ནི་སྔར་ཡོད་པའི་ཕྱིར་རོ། །སྔོན་གྱི་སྐྱེ་བ་
རྣམས་འཇིག་པས་སྐྱེ་བ་གཞན་དུ་གྱུར་པ་ཡིན་ན་ནི། མཉམ་དུ་འདུག་པར་ཡང་འགྱུར་རོ། །འོན་ཏེ་འགག་པ་ཞེས་བྱ་བ་སྤངས་པ་ཡིན་ན་ནི་ཞེས་བྱ་བ་ཅི་ལ་བྱ་ཞེ་ན། འདིར་མ་རིག་པ་ལ་སོགས་པ་ལ་བསམས་པའོ། །དེས་ན་མ་རིག་པ་དང་། སྲེད་པ་དང་ལེན་པ་རྣམས་ཅིག་
ཅར་སྤངས་པའི་ཕྱིར་དང་ཞེས་བྱ་བ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་ཅིག་ཅར་སྤོང་སྟེ། ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ཡང་དེ་བཞིན་ནོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་ཆར་
ཡང་རྣམ་པ་དགུའི་གཉེན་པོ་མངོན་དུ་གྱུར་པའི་ཕྱིར་རིམ་གྱིས་ཅིག་ཅར་སྤོང་བར་འགྱུར་རོ། །དེ་དག་སྤངས་ན་ཡང་གཞན་སྤངས་པར་འཇོག་པའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་སྤངས་པས་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་
เล่ม ๑๑๕ · หน้า 219a
མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམས་སྤངས་པ་ཡིན་པར་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རིམ་པས་འགག་པར་སྟོན་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མ་
རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ནས་སྐྱེ་བ་དང་རྒ་ཤི་འགག་ཅེས་བྱ་བའི་བར་དུ་ཡིན་ནོ། །ཇི་ལྟར་དེ་དག་སྤངས་ན་གཞན་དག་ཀྱང་སྤངས་པ་ཡིན་པ་དེ་སྟོན་པ་ནི། སྤངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་
རྣམས་ཀྱི་ཐོབ་པ་རྒྱུན་ཆད་པའོ། །དེ་ལས་གཞན་པ་ནི་དེའི་དམིགས་པ་ཉོན་མོངས་པའི་ཐོབ་པ་རྒྱུན་ཆད་པའོ། །གང་ཞིག་མིག་ལ་འདུན་པ་དང་འདོད་ཆགས་སྤངས་ན་འདུན་པ་དང་། འདོད་ཆགས་དེ་དག་སྤངས་པ་ཉིད་ཀྱིས་ཁྱོད་ཀྱི་མིག་སྤངས་པ་ཡིན་ནོ་ཞེས་མདོ་སྡེ་ལས་གསུངས་
པའི་ཕྱིར་རོ་ཞེས་བྱ་བ་ནི་འོན་ཏེ་འདི་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་སྤངས་པའི་མཚན་ཉིད་སྟོན་པ་ཡིན་ནོ། །དེ་ཡང་མ་རིག་པ་ལ་སོགས་པ་ཅིག་ཅར་ཡིན་གྱི། རིམ་གྱིས་མ་ཡིན་པས་འགོགས་པའི་རིམ་པར་སྟོན་པ་རིགས་པ་མ་ཡིན་ནོ། །འོན་ཏེ་འགོག་པ་ཞེས་བྱ་བ་མ་སྐྱེས་པ་
ཡིན་ན་ནི་ཞེས་བྱ་བ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི་མ་རིག་པ་མ་སྐྱེས་པས་འདུ་བྱེད་མ་སྐྱེས་པ་ཡིན་ཞེས་བསམས་པ་སྟེ། དེ་བཞིན་དུ་སྐྱེ་བ་མ་སྐྱེས་པས་རྒ་ཤི་མ་སྐྱེས་པ་ཞེས་བྱ་བའི་བར་དུ་ཡིན་ནོ། །འདས་པ་དང་ད་ལྟར་བྱུང་བའི་སྐྱེ་བས་བསྡུས་པའི་
ཡན་ལག་རྣམས་མ་སྐྱེས་པ་ཡིན་པར་ཇི་ལྟར་རུང་བ་ཡིན་ཞེས་བྱ་བ་ནི་དེ་དག་སྐྱེས་པ་ཡིན་པའི་ཕྱིར་རོ། །མ་འོངས་པའི་སྐྱེ་བས་བསྡུས་པ་སྐྱེ་བ་དང་། རྒ་ཤི་རྣམས་ནི་མ་སྐྱེས་པ་ཡིན་པར་རུང་སྟེ། དེ་དག་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་ན་ནི་མི་རྟག་པའི་འགོག་པ་དང་། སོ་སོར་བརྟགས་པ་དང་།
སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་སྐྱོན་དུ་འགྱུར་ཏེ། རྣམ་གྲངས་ཀྱིས་དེ་འཆད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་རྟག་པ་དང་། སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་འཆད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་འཇིག་པའི་རྣམ་གྲངས་ཀྱིས་ནི་མི་
เล่ม ๑๑๕ · หน้า 219b
རྟག་པའི་འགོག་པ་སྟོན་པ་ཡིན་ནོ། །སྤངས་པའི་རྣམ་གྲངས་ཀྱིས་ནི་སོ་སོར་བརྟགས་པའི་འགོག་པའོ། །མ་སྐྱེས་པའི་རྣམ་གྲངས་ཀྱིས་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡིན་ནོ། །འོན་ཏེ་ཡང་འགོག་པའི་རིམ་པ་འཆད་པ་ལ་འདི་ལྟར་རྟོག་པར་བྱེད་དེ་ཞེས་རྒྱས་པར་འབྱུང་བ་ནི་
འོན་ཏེ་ཡང་རིམ་པ་སྟོན་པ་སྨྲས་ཟིན་པ་རྣམས་ནི་དུམ་བུ་གསུམ་རྣམ་པར་འཇོག་པར་འདོད་པ་ཡིན་ནོ། །འགག་པའི་རིམ་པ་འཆད་པ་ལ་འདི་ལྟར་རྟོག་པར་བྱེད་དེ། སྐྱེ་བ་དེ་ཉིད་ལ་མ་རིག་པ་མ་སྐྱེས་པས་འདུ་བྱེད་རྣམས་མི་སྐྱེ་བ་ཡིན་ནོ། །དེ་ནས་སྐྱེ་བ་གཉིས་པ་ལ་ཡང་རྣམ་པར་ཤེས་པ་མ་
སྐྱེས་པ་ཞེས་རྒྱས་པར་བྱས་ནས་སྲིད་པའི་བར་དུ་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ། རྒྱས་པའི་ཚིག་གིས་ནི་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་རྣམས་མ་སྐྱེས་པ་སྟོན་ཏོ། །མ་རིག་པ་འདིའི་ཚུལ་གྱིས་སྐྱེ་བ་གཉིས་
པའི་སྲིད་པ་མ་སྐྱེས་པའི་ཕྱིར་སྐྱེ་བ་གསུམ་པའི་སྐྱེ་བ་མ་སྐྱེས་པ་དང་། དེ་དག་ལས་རྒ་ཤིའོ་ཞེས་བྱ་བ་ནི་སྐྱེ་བ་གསུམ་པ་དེ་ཉིད་མ་སྐྱེས་པ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ་ཞེ་ན། དེ་ལྟར་ན་སྐྱེ་བ་གསུམ་པ་མ་སྐྱེས་པའི་རིམ་པར་འཆད་པ་ནི་དོན་མེད་པར་འགྱུར་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་
འདུ་བྱེད་མ་སྐྱེས་པའི་ཕྱིར་ཡང་སྲིད་ཀྱི་རྒྱུ་མེད་པས་ད་ལྟར་བྱུང་བའི་སྐྱེ་བ་སྐྱེ་བ་གཉིས་པས་བསྡུས་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བ་མེད་པར་འཆད་པ་ནི་རིགས་པ་ཡིན་ཏེ། རྒྱུ་མ་སྐྱེས་པའི་ཕྱིར་ཡང་སྲིད་སྐྱེ་བ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །སྐྱེ་བ་གསུམ་པའི་རིམ་པ་འཆད་པའི་དོན་ལ་
ནི་ཡང་སྲིད་སྐྱེ་བ་མེད་པའི་རིམ་པ་བསྟན་ཟིན་པའི་ཕྱིར་རོ། །འོན་ཏེ་སྐྱེ་བ་གཉིས་པ་མ་སྐྱེས་པའི་ཕྱིར་སྐྱེ་བ་གསུམ་པ་སྐྱེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐྱེ་བ་གསུམ་པ་མ་སྐྱེས་པའི་རིམ་པ་སྟོན་ཏོ་ཞེ་ན། འདིའི་ལན་དུ་ཧ་ཅང་ཐལ་བར་ཡང་འགྱུར་རོ་ཞེས་སྨྲས་ཏེ། སྐྱེ་བ་གསུམ་པ་མ་སྐྱེས་པའི་ཕྱིར་སྐྱེ་
བ་བཞི་པ་ཡང་མ་སྐྱེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། སྐྱེ་བ་བཞི་པ་མ་སྐྱེས་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བ་བཞི་པ་མ་སྐྱེས་པའི་རིམ་པ་ཡང་བསྟན་པར་བྱ་དགོས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་གང་གི་ཚེ་ལུགས་ལས་བཟློག་པའི་འགོག་པ་སྟོན་ཏེ་ཇི་ལྟ་ཞེ་ན། སྐྱེ་བ་མེད་ན་རྒ་
เล่ม ๑๑๕ · หน้า 220a
ཤི་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་བརྟེན་པ་ཡིན་ན་ནི་ཞེས་བྱ་བ་ནི་སྲིད་པ་མེད་ན་སྐྱེ་བ་མི་འབྱུང་ངོ་ཞེས་བྱ་བ་ནས་མ་རིག་པ་ཡོད་པ་མ་ཡིན་ན་འདུ་བྱེད་མི་འབྱུང་ངོ་ཞེས་བྱ་བ་དེའི་ཚེ་གལ་ཏེ་མ་འོངས་པ་སྐྱེ་བ་གསུམ་པའི་སྐྱེ་བ་ལ་རྟོག་ན་ནི་སྐྱོན་དེ་དག་ཉིད་དུ་འགྱུར་
རོ་ཞེས་བྱ་བ་ནི་བསྟན་མ་ཐག་པ་དེ་དག་སྟེ། དེ་ལྟ་ན་སྐྱེ་བ་གསུམ་པ་མ་སྐྱེས་པའི་རིམ་པ་སྟོན་པ་དོན་མེད་པར་འགྱུར་བ་དང་། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་དག་ཡིན་ནོ། །རྒྱུ་དང་བཅས་པ་ད་ལྟར་གྱི་སྐྱེ་བ་ལ་མ་སྐྱེས་པའི་རིམ་པ་སྟོན་པ་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར།
དེ་སྐྱེས་པ་ཡིན་པའི་ཕྱིར་དང་ཞེས་སྨྲས་ཏེ། རྒྱུ་དང་བཅས་པ་ད་ལྟར་བྱུང་བའི་སྐྱེ་བ་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགོས་པ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་སྐྱེས་ཟིན་པ་ལ་ཡང་སྐྱེ་བ་མེད་པའི་རིམ་པ་སྟོན་པར་བྱེད་དོ། །དེ་ལྟར་སྐྱེ་བ་མེད་དོ་ཞེས་དེ་ལ་སྐྱེ་བ་
མེད་པའི་རིམ་པ་སྟོན་པ་དགོས་པ་ཡོད་པ་མ་ཡིན་ནོ། །སྔར་ཡན་ལག་རྣམ་པར་གཞག་པ་ལ་ཞེས་བྱ་བ་སྔ་མ་གང་དུ་ཞེ་ན། གང་གིས་འཕེན་དང་ཇི་ལྟར་གང་། །དེ་སྒྲུབ་བྱེད་པ་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །
ཞེས་བྱ་བ་དེར་ཡིན་ནོ། །གང་སྐྱེས་པས་གང་སྐྱེ་བའམ། འཕེན་པའམ་ཞེས་བྱ་བ་ནི་འདི་ལྟ་སྟེ་མ་རིག་པ་སྐྱེས་པས་འདུ་བྱེད་སྐྱེ་བ་དང་། འདུ་བྱེད་སྐྱེས་པས་མ་འོངས་པའི་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་འཕེན་པར་བྱེད་པ་ནི་རྣམ་པར་ཤེས་
པའི་རྒྱུན་ལ་དེ་དག་གི་ས་བོན་ཡོངས་སུ་རྟས་པར་བྱེད་པའི་ཕྱིར་རོ། །འཕངས་པ་དེ་ལ་མངོན་པར་སྒྲུབ་པར་བྱེད་པ་ནི་གང་སྐྱེས་པས་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདི་ལྟ་སྟེ་སྲེད་པ་ལེན་པ་སྐྱེས་པས་འདུ་བྱེད་ཀྱིས་འཕངས་པའི་མིང་དང་གཟུགས་ལ་སོགས་པའི་ཚོར་བ་ལ་ཐུག་
པའི་བར་དུ་རྣམ་པ་བཞི་སྒྲུབ་པར་བྱེད་པ་སྟེ། ལེན་པ་དེས་ལས་རྣམས་སྲིད་པར་གྱུར་པར་མངོན་དུ་བྱེད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་ཕུང་པོ་འགྲུབ་པར་བྱ་བའི་ཆེད་དུ། དེ་མ་སྐྱེས་པས་དེ་མི་སྐྱེ་བའམ། མི་འཕེན་པའམ་ཞེས་བྱ་བ་ནི་འདི་ལྟ་སྟེ་མ་རིག་པ་མ་སྐྱེས་པས་འདུ་བྱེད་
เล่ม ๑๑๕ · หน้า 220b
མི་སྐྱེ་བ་དང་འདུ་བྱེད་མ་སྐྱེས་པས་མིང་དང་གཟུགས་ལ་སོགས་པ་ཚོར་བ་ལ་ཐུག་གི་བར་རྣམ་པ་བཞིའི་སྐྱེ་བ་འཕངས་པ་མེད་པའོ། །འཕངས་པ་ལ་མངོན་པར་སྒྲུབ་པར་བྱེད་པ་མེད་པ་ནི་དེ་མ་སྐྱེས་པས་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། འདི་ལྟ་སྟེ་སྲེད་པའི་རྐྱེན་གྱིས་ལེན་པ་མ་སྐྱེས་
པས་འདུ་བྱེད་ཀྱིས་འཕངས་པའི་མིང་དང་གཟུགས་ལ་སོགས་པ་ཚོར་བ་ཐུག་པ་རྣམ་པ་བཞིའི་སྐྱེ་བ་རྣམས་དགྲ་བཅོམ་པ་ལ་མངོན་པར་སྒྲུབ་པ་མེད་པའོ། །ཚེ་འདི་ལ་ཚོར་བ་དག་ཡོད་བཞིན་དུ་ཞེས་རྒྱས་པར་འབྱུང་བ་ལ་ཚོར་བ་དག་ཡོད་བཞིན་དུ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་སྐྱེ་བ་ལ་རེག་
པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བ་མ་ཡིན། དེ་བས་ན་ཚོར་བ་མ་སྐྱེས་པས་སྲེད་པ་མ་སྐྱེས་པར་ཇི་ལྟར་རུང་བ་བརྗོད་པར་བྱ་དགོས་སོ། །དེ་ལྟར་ན་སྔར་ཡན་ལག་རྣམ་པར་འཇོག་པ་ལ་ཡང་འགོག་པའི་རིམ་པ་སྟོན་པར་སྦྱོར་ནུས་པ་མ་ཡིན་ནོ། །ཚོར་བ་གང་ཡིན་པ་ནི་སྲེད་
པའི་རྐྱེན་ཡིན་ཏེ། དེ་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། ད་ལྟར་བྱུང་བའི་སྐྱེ་བའི་སྲིད་པ་མ་སྐྱེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྲེད་པའི་ས་བོན་གང་ཡིན་པ་དེ་ཡིན་ཏེ་ཞེས་བྱ་བ་ནི་སྲེད་པའི་ས་བོན་ཡིན་པས་དེ་སྲིད་པའི་ས་བོན་ནོ། །དེ་ཡང་སྲེད་
པ་དང་མ་བྲལ་བའི་རྒྱུད་ལ་ཡོད་པ་ཡིན་པར་རིག་པར་བྱ་སྟེ། ཚོར་བ་ནི་སྲེད་པའི་བདག་པོའི་རྐྱེན་དང་། སྲེད་པའི་ས་བོན་དང་རྒྱུ་དང་རྐྱེན་ཅེས་བྱ་བ་ཡིན་ནོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། ཚོར་བ་ནི་སྲེད་པའི་རྐྱེན་ཡིན་ཞེས་བྱ་བ་ཡིན་ཏེ།
མ་རིག་པ་དང་མཚུངས་པར་ལྡན་པའི་རེག་པ་དེ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །འདིར་ཡང་དུམ་བུ་གསུམ་པ་རྣམ་པར་གཞག་པ་བླངས་ཏེ། འགའ་ཞིག་ལན་འདེབས་པ་ཞེས་བྱ་བ་ནི་དེ་ལ་དུམ་བུ་གསུམ་རྣམ་པར་གཞག་པ་དེ་ལ་བརྗོད་པར་བྱ་བ་
མང་དུ་འབྱུང་སྟེ། རྒྱུ་དང་བཅས་པའི་རིམ་གྱིས་སྐྱེ་བ་སྟོན་པ་ལ་དགོས་པ་ཅི་ཡོད་ཅེ་ན་ཞེས་བྱ་བ་འདིའི་ལན་ནི། དུས་གསུམ་ལ་རྨོངས་པ་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དུམ་བུ་གསུམ་བསྟན་ཏེ། འདི་ལྟར་མདོ་སྡེ་གཞན་ལས། བཅོམ་ལྡན་འདས་
เล่ม ๑๑๕ · หน้า 221a
ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གང་འདི་སྐད་དུ་རྒྱུ་ཁྱད་པར་ཅན་ལས་སྐྱེ་བའི་རིམ་པ་སྟོན་པ་ལ་ཡང་དགོས་པ་བརྗོད་དགོས་སོ། །ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་སྐྱེ་བའི་རྒྱུ་ནི་རྣམ་
པ་གཉིས་སུ་བསྟན་ཏེ། མ་རིག་པ་དང་། འདུ་བྱེད་དོ། །མ་འོངས་པའི་སྐྱེ་བའི་རྒྱུ་ནི་རྣམ་པ་གསུམ་སྟེ། འདི་ལྟར་སྲེད་པ་དང་། ལེན་པ་དང་། སྲིད་པའོ་ཞེ་ན། འདི་ལ་ལན་ནི། སྔོན་གྱི་མཐར་ཡང་མ་རིག་པའི་སྒོ་ནས་སྲེད་པ་དང་ལེན་པ་ཡང་བསྟན་ཏོ། །ཇི་ལྟ་ཞེ་ན། དེའི་ཕྱིར། ཉོན་
མོངས་པ་ཐམས་ཅད་མ་རིག་པ་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེས་སྨྲས་ཏེ། མ་རིག་པ་དང་ལྷན་ཅིག་འབྱུང་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཡིན་ཏེ། མ་རིག་པ་ནི་ཉོན་མོངས་པའི་ས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །ལས་གང་གིས་སྐྱེ་བ་
བྱས་པ་དེ་ནི་འདུ་བྱེད་ཀྱི་སྒྲས་བསྟན་ཏོ། །གང་ལས་སྐྱེ་བ་གཞན་འབྱུང་བར་འགྱུར་བ་དེ་ནི་སྲིད་པའི་སྒྲས་སོ། །དེ་བས་ན་རྒྱུ་ཁྱད་པར་ཅན་མ་ཡིན་པ་ཁོ་ན་ལས་སྐྱེས་པའི་རིམ་པ་འདི་བསྟན་པ་ཡིན་ནོ། །ཁྱད་པར་ཅན་ལས་སྐྱེ་བའི་རིམ་པ་སྟོན་ལ། ཡང་དགོས་པ་བརྗོད་པར་བྱ་དགོས་ལ། འདས་པའི་
ལས་ལས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་ཞེས་བྱ་བའི་ལན་ནི། འདས་པའི་ལས་ཀྱང་ཡོད་པ་ཉིད་ཡིན་ཏེ། དེ་ལས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་བ་ཡིན་གྱི། ལས་ཀྱིས་ཡོངས་སུ་བསྒོས་པའི་སྔོན་གྱི་སྐྱེ་བའི་རྣམ་པར་ཤེས་པའི་རྒྱུན་ལས་ནི་ཅི་
ཞེ་ན། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ཐམས་ཅད་ཀྱིས་ནུས་པ་མ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ་སྨོས་པའི་ཉེས་པ་སྤང་བའི་ཕྱིར་ལན་སྨྲས་པ་དེ་དག་ཐམས་ཅད་ཀྱིས་ནུས་པ་མ་ཡིན་པར་རིག་པར་བྱའོ། །རེ་ཞིག་དུས་གསུམ་ལ་
རྨོངས་པ་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དུམ་བུ་གསུམ་བསྟན་ཏེ་ཞེས་སྨྲས་པ་གང་ཡིན་པ་དེའི་ལན་ནི་གང་ཞིག་ལས་དང་ཉོན་མོངས་པ་ལས་སྐྱེ་བ་འབྱུང་བར་ཤེས་པ་དེ་ནི་དུམ་བུ་གསུམ་བསྟན་པ་མེད་པར་ཡང་སྔོན་གྱི་མཐའ་ལ་སོགས་པ་ལ་རྨོངས་པ་མི་
เล่ม ๑๑๕ · หน้า 221b
འབྱུང་ན་སྔོན་གྱི་མཐའ་ལ་སོགས་པའི་རྗེས་སུ་འབྲང་བར་ལྟ་ག་ལ་འགྱུར་ཞེས་བྱ་བ་ནི་ཇི་ལྟར་དུམ་བུ་གསུམ་བསྟན་པ་མེད་པར་ཉོན་མོངས་པ་དང་ལས་དང་ཚེའི་སྐྱེ་བ་འབྱུང་བར་ཤེས་ཤེ་ན། ད་ལྟར་བྱུང་བའམ། མ་འོངས་པའི་སྐྱེ་བའི་རྐྱེན་བཤད་པའི་ཕྱིར་རོ། །སྔོན་གྱི་མཐའ་
ཡང་མ་རིག་པའི་སྒོ་ནས་སྲེད་པ་དང་ལེན་པ་ཡང་བསྟན་པ་ཡིན་ཏེ་ཞེས་སྨྲས་པ་གང་ཡིན་པ་དེའི་ལན་ནི། གལ་ཏེ་ཡང་མ་རིག་པའི་སྒོ་ནས་སྲེད་པ་དང་ལེན་པ་ཡང་བསྟན་པ་ཡིན་ན། བསྟན་བཅོས་འདི་དང་ཇི་ལྟར་འགལ་བར་མི་འགྱུར་ཏེ། དེའི་ལས་ནི་ཉོན་མོངས་པ་གཅིག་གི་རྐྱེན་གྱིས་
ཡིན་ཏེ། འདི་ལྟ་སྟེ་མ་རིག་པའི་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །སྔོན་གྱི་མཐར་སྲེད་པ་དང་ལེན་པ་མ་རིག་པའི་སྒོ་ནས་བསྟན་པ་ཡིན་ན་ཅིའི་ཕྱིར་དབུས་ཀྱི་མཐར་མ་ཡིན་ཞེས་བྱ་བ་ནི་སྲེད་པ་དང་ལེན་པ་མ་རིག་པའི་སྒོ་ནས་མ་བསྟན་ཞེས་བྱ་བའི་སྐབས་དང་སྦྱར་ཏེ།
དབུས་ཀྱི་མཐར་ཡང་ཉོན་མོངས་པ་ཐམས་ཅད་མ་རིག་པ་དང་ལྷན་ཅིག་འབྱུང་ངོ་། །གལ་ཏེ་འདས་པའི་དུས་ལ་མུན་པའི་རྣམ་པར་གྱུར་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། འདས་པའི་དུས་ན་སྲེད་པ་དང་ལེན་པ་མ་རིག་པའི་སྒོ་ནས་བསྟན་པ་ཡིན་ཏེ། མུན་པའི་རྣམ་པ་ནི་མ་རིག་
པ་ཡིན་ཏེ། འདས་པའི་དུས་ལ་མུན་པའི་རྣམ་པར་གྱུར་པ་དེ་བས་ན་སྲེད་པ་དང་ལེན་པ་མ་རིག་པའི་སྒོ་ནས་བསྟན་པ་ཡིན་གྱི། དབུས་སུ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་གཉིས་ཤིན་ཏུ་ཡང་རྣམ་པར་ཕྱེ་སྟེ་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་ཕྱིར་མུན་པའི་རྣམ་པར་
གྱུར་པའི་ཕྱིར་དེ་ནི་འདས་པའི་དུས་སུ་ཤིན་ཏུ་རྣམ་པར་ཕྱེ་སྟེ་བརྗོད་པར་བྱ་དགོས་ཏེ། མ་རིག་པ་དང་། འདུ་བྱེད་དང་། སྲེད་པ་དང་། ལེན་པའི་དབྱེ་བ་གསུམ་ཆར་ཡང་རྒྱུའི་དངོས་པོ་ཡིན་པར་བསྟན་པའི་ཕྱིར་རོ། །འོན་ཏེ་ད་ལྟར་བྱུང་བས་འདས་པ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་
ཅི་ཞེ་ན། འདི་གཉིས་རྣམ་པར་ཕྱེ་སྟེ་བརྗོད་པར་བྱ་མི་དགོས་སོ། །ཇི་ལྟ་ཞེ་ན། ཇི་ལྟར་ད་ལྟར་བྱུང་བའི་སྐྱེ་བའི་ཚེ་སྲེད་པ་དང་ལེན་པ་དང་སྲིད་པ་མཐའ་དག་ཡང་སྲིད་ཀྱི་དངོས་པོ་ཡིན་པ་དེ་བཞིན་དུ་འདས་པ་ན་ཡང་ཡིན་ནོ། །ཆོས་མངོན་པའི་མཛོད་ལས་ཀྱང་། མདོར་ན་རྒྱུ་དང་
เล่ม ๑๑๕ · หน้า 222a
འབྲས་བུ་གཉིས། །དབུས་ལས་རྗེས་སུ་དཔག་པར་བྱ། །ཞེས་སྨྲས་པ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་མ་བསྟན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་ཕྱིར་ད་ལྟར་བྱུང་བས་འདས་པ་གྲུབ་པའི་ཕྱིར་འདས་པ་དེའི་རྒྱུ་མ་བསྟན་པར་ཐལ་བར་འགྱུར་ཏེ། དེ་
ལྟར་སྲེད་པ་དང་། ལེན་པ་དང་། སྲིད་པ་ལ་བརྟེན་ནས་མ་འོངས་པའི་སྐྱེ་བ་བསྟན་པ་དེ་བཞིན་དུ་ད་ལྟར་བྱུང་བའི་ཡང་སྲེད་པ་དང་། ལེན་པ་དང་། སྲིད་པ་ལ་བརྟེན་ནས་ཞེས་རྗེས་སུ་དཔག་པར་ནུས་སོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་ལས་དང་ཉོན་མོངས་པ་ལས་སྐྱེ་བ་འབྱུང་བར་ཤེས་
པ་དེ་ནི་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །ཅིའི་ཕྱིར་དབུས་ཀྱི་ས་ཐར་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་གསུངས་ལ། སྔོན་གྱི་མཐར་ཡང་མ་ཡིན་དབུས་སུ་ཡང་སྲེད་པ་དང་ལེན་པ་གཉིས་ནི་མ་རིག་པ་དང་ལྷན་ཅིག་འདུག་པའི་ཕྱིར་རོ། །ཡང་གི་སྒྲས་གཟུང་བར་བྱ་བ་ཡིན་ནོ། །ལས་
གང་གི་སྐྱེ་བ་བྱས་པ་དེ་ནི་འདུ་བྱེད་ཡིན་ལ། གང་བྱེད་པར་འགྱུར་བ་དེ་འདུ་བྱེད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྲིད་པའོ། །གང་ལས་སྐྱེ་བར་གྱུར་པ་དེ་ནི་སྲིད་པ་མ་ཡིན་ལ། འོ་ན་ཅི་ཞེ་ན། འདུ་བྱེད་དོ། །གང་ལས་འགྱུར་བ། དེ་ནི་སྲིད་པ་ཡིན་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད།
ཡང་སྲིད་མངོན་པར་འདུ་བྱེད་པའི་དོན་གྱིས་འདུ་བྱེད་ཡིན་ན། སྲིད་པ་ཡང་དེ་བཞིན་ཡིན་ཏེ། འདིས་སྲིད་པར་འགྱུར་བ་ཡིན་ན་སྲིད་པ་ཇི་ལྟར་འདུ་བྱེད་མ་ཡིན། འོན་ཏེ་འདུ་བྱེད་ཡིན་ན་ནི་ཇི་ལྟར་འདུ་བྱེད་མ་ཡིན་ཞིང་སྲིད་པ་མ་ཡིན་པར་འགྱུར། འདས་པའི་ལས་ཡོད་པ་ཁོ་ན་ཡིན་
ཏེ། དེ་ལས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ་ཞེས་གང་སྨྲས་པ་དེའི་ལན་ནི་གང་རང་གི་ཉིད་ཀྱིས་ཡོད་པ་ཁོ་ན་ཡིན་ན་ཇི་ལྟར་དེ་འདས་པ་ཡིན་ཏེ། དེ་ནི་ད་ལྟར་ཉིད་ཅེས་བྱ་བའི་ཆོས་གཞན་ལས་ཅུང་ཟད་ཀྱང་ལོག་པ་མ་ཡིན་ནོ། །ཡང་ན་དེ་ཉིད་ཀྱང་འདས་
པ་ཡིན་པར་འགྱུར་གྱི་འདིའི་ཆོས་ནི་མ་ཡིན་པར་འགྱུར་རོ། །གལ་ཏེ་དེ་ཉིད་དེའི་བདག་ཉིད་དུ་གྱུར་པ་ཡིན་ན་ནི་ལྡོག་པ་ཉིད་མི་འགྲུབ་པར་འགྱུར་ཏེ། ཆོས་ཀྱི་རང་གི་མཚན་ཉིད་ཡིན་ན་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལ་འདས་པ་ཞེས་བྱ་བའི་ཆོས་གཞན་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་
เล่ม ๑๑๕ · หน้า 222b
ནོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་མ་བྱུང་བ་ལས་བྱུང་བ་ལས་བྱུང་བ་དེ་ཡང་འདས་པ་ཡིན་པར་ཐལ་བར་འགྱུར་རོ། །ཡང་ན་བདག་ཉིད་ཡོད་པ་ཐམས་ཅད་འདས་པ་ཡིན་པར་ཐལ་བར་འགྱུར་ཏེ། མ་འོངས་པའམ་ད་ལྟར་བྱུང་བ་ནི་མ་ཡིན་པར་འགྱུར་ཏེ། ཆོས་ཀྱི་མཚན་
ཉིད་ནི་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར་མ་འོངས་པ་དེ་ཡང་ཡོད་པ་ཁོ་ནར་འགྱུར་རོ། །འདས་པ་གང་ཡིན་པ་ཡོད་དོ་ཞེས་བྱ་བས་གང་དུ་གང་ལ་ཅི་ཞིག་ནུས་པ་ཡོད་ན་ཞེས་བྱ་བ་ནི་གང་དུ་དངོས་པོ་ཡང་དག་པ་པའི་ནུས་པ་ཅི་ཞིག་ཡོད། བསྐྱེད་པར་བྱ་བའི་ཕྱིར་རམ། དྲང་བར་བྱ་བའི་ཕྱིར་
རམ། གནས་སྐབས་གཞན་དུ་སྤང་བར་བྱ་བའི་ཕྱིར་ཡིན། ཐམས་ཅད་དུ་བརྟགས་ན་སྲིད་པ་མ་ཡིན་ཏེ། སྐྱེ་བར་བྱ་བའི་ཕྱིར་ཡང་ནུས་པ་ཡོད་པ་མ་ཡིན་ཏེ། ཆོས་ཀྱི་རང་གི་མཚན་ཉིད་ནི་མ་བྱུང་བ་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དྲང་བར་བྱ་བའི་ཕྱིར་ཡང་ནུས་པ་མ་ཡིན་ཏེ།
འདུ་བྱེད་རྣམས་བྱ་བ་བྱེད་པ་མེད་པའི་ཕྱིར་རོ། །གནས་སྐབས་གཞན་དུ་སྤང་བར་བྱ་བའི་ཕྱིར་ཡང་ནུས་པ་མ་ཡིན་ཏེ། མ་འོངས་པ་ནི་ད་ལྟར་བྱུང་བ་ཞེས་བྱ་བར་འགའ་ཡང་རྒྱུ་དང་རྐྱེན་ལས་འབྱུང་བ་མ་ཡིན་ལ་བདག་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་ཀྱི་རང་གི་མཚན་ཉིད་ནི་རྒྱུ་རྐྱེན་གྱིས་
རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་ཇི་ལྟར་འདུ་བྱེད་འདས་པ་དག་ནི་རང་གི་མཚན་ཉིད་ཡོད་པ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་ཡིན་གང་ཡང་ད་ལྟར་བྱུང་བ་ལས་གནས་སྐབས་གཞན་གཉིས་པོ་བྱེ་བྲག་ཡོད་པ་མ་ཡིན་ཞེས་བྱ་བ་ནི་གཉིས་པོ་ནི་འདས་པ་དང་མ་འོངས་པའི་
གནས་སྐབས་ཏེ། འོན་ཏེ་འདི་ལས་གནས་སྐབས་གཉིས་པོ་བྱེ་བྲག་ཡོད་པ་མ་ཡིན་ན་མ་འོངས་པ་ཡང་ད་ལྟར་བྱུང་བ་ཡིན་པར་འགྱུར་རོ། །འདས་པ་ཡང་དེ་ལྟར་མ་འོངས་ན་གང་དུ་གང་ལ་ཅི་ཞིག་ནུས་པ་ཡོད། དེ་དག་འདི་ལས་བྱེ་བྲག་ཡོད་པ་མ་ཡིན་ན་མ་བྱུང་བ་ལས་
བྱུང་བ་དང་། བྱུང་ནས་ཀྱང་མེད་པ་ཡིན་པར་གྲུབ་པ་ཡིན་ནོ། །དེས་ཅིར་འགྱུར་ཅེ་ན། དེའི་ཕྱིར་དེ་ཉིད་དང་ལྡན་པ་ཡིན་ན་ཅིའི་ཕྱིར་མ་བྱུང་བ་ལས་བྱུང་བ་ལས། བྱུང་བ་ནས་མེད་པར་ཡང་མི་འདོད་ཅེས་སྨྲས་ཏེ། བྱེ་བྲག་ཅན་དེ་ཉིད་ཀྱི་བྱེ་བྲག་རང་གི་མཚན་ཉིད་མ་བྱུང་བ་ལས་བྱུང་བ་དང་།
เล่ม ๑๑๕ · หน้า 223a
བྱུང་ནས་ཀྱང་མེད་པ་ཡིན་པར་ཅིའི་ཕྱིར་མི་འདོད། དེ་ལྟར་ན་འདུ་བྱེད་འདས་པ་ཁོ་ནའི་རྐྱེན་གྱིས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འགྲུབ་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་ལས་གྱིས་ཀྱང་ཡོངས་སུ་བསྒོས་པའི་སྔོན་གྱི་སྐྱེ་བའི་རྣམ་པར་
ཤེས་པ་ལས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ལྟར་ཡིན་ན་ཡང་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ལྟར་བྱུང་བའི་ཡན་ལག་ཡིན་པར་ཇི་ལྟར་འགྲུབ་པར་འགྱུར། སྔོན་དང་ཕྱི་མར་གཉིས་གཉིས་བར་དུ་
བརྒྱད་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། ཅི་དུམ་བུ་གསུམ་རྣམ་པར་གཞག་པ་མེད་པ་ཁོ་ན་ཡིན་ནམ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དུམ་བུ་གསུམ་ཡིན་པའི་ཕྱིར་རོ་ཞེ་ན། སློབ་དཔོན་གྱིས་དེ་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པ་དེའི་ཕྱིར་ཡོད་པ་ཡིན་ཏེ།
གཞན་དུ་ཡིན་ནོ་ཞེས་སྨྲས་ཏེ། དུམ་བུ་གསུམ་རྣམ་པར་གཞག་པ་དེ་ཡང་རྣམ་པ་གཞན་གྱི་ཚུལ་དུ་ཡོད་པ་ཡིན་ཏེ། གང་གིས་ཇི་ལྟར་གང་འཕངས་པའི་དུམ་བུ་གཅིག་ཡིན་ཏེ། ད་ལྟར་གྱི་མ་རིག་པའི་རྐྱེན་གྱིས་བྱུང་བའི་འདུ་བྱེད་ཀྱིས་འཕངས་པ་དེ་ནི་རྣམ་པར་
ཤེས་པའི་རྒྱུད་ལ་མིང་དང་གཟུགས་ལ་སོགས་པའི་ས་བོན་ཡོངས་སུ་བརྟས་པར་བྱས་པ་སྟེ། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམ་པར་འཕངས་པ་ཡིན་ནོ། །དེ་ལྟར་བྱས་ན་འཕངས་པའི་དུམ་བུ་གཅིག་ནི་ཡན་ལག་བདུན་
ཡིན་ནོ། །གང་གིས་ཇི་ལྟར་གང་མངོན་པར་འགྲུབ་པ་དེ་ནི་མངོན་པར་འགྲུབ་པ་དུམ་བུ་གཉིས་པ་ཡིན་ནོ་ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་བྱུང་བའི་ལེན་པས་མངོན་པར་འགྲུབ་པར་བྱེད་དེ། དེ་གཉིས་ཀྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་རྣམས་མངོན་དུ་འགྱུར་པར་བྱེད་པའི་ཕྱིར་ཏེ། འདུ་བྱེད་
ཀྱིས་འཕངས་པ་མིང་དང་གཟུགས་ནས་ཚོར་བ་ལ་ཐུག་གི་བར་དུ་སྐྱེ་བ་རྣམ་པ་བཞི་མ་འོངས་པ་ན་བདག་ཉིད་ཐོབ་པར་མངོན་དུ་གྲུབ་པར་བྱེད་དོ། །དེ་ལྟར་ན་མངོན་པར་འགྲུབ་པའི་དུམ་བུ་ནི་ཡན་ལག་བཞི་ཡིན་ཏེ། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་སྐྱེ་བའོ། །དེ་མངོན་
เล่ม ๑๑๕ · หน้า 223b
པར་གྲུབ་ན་ཉེས་དམིགས་གང་ཡིན་པ་དེ་ནི་ཉེས་དམིགས་དུམ་བུ་གཅིག་སྟེ། གསུམ་པ་ཡིན་ནོ་ཞེས་བྱ་བ་ནི་རྒ་ཤི་ཉིད་དུམ་བུ་གསུམ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །དུས་གསུམ་དུ་དབྱེ་བ་ཉིད་ཀྱིས་གཞན་དུ་དུམ་བུ་གསུམ་རྣམ་པར་གཞག་པ་ལས་བརྩམས་
པའི་ལུང་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་གཞན་དུ་ཞེས་བྱ་བ་ནི་སྔོན་དང་ཕྱི་མའི་མཐའ་དང་དབུས་མ་ཡིན་གྱི་དུས་གསུམ་དུ་ཕྱེ་ནས་ཡིན་ནོ། །དེ་ཡང་འདི་སྐད་ཅེས་བསྟན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལས་ཡན་ལག་དུ་ཞིག་འདས་པ་ལགས།
བཀའ་སྩལ་པ་གཉིས་ཏེ། མ་རིག་པ་དང་། འདུ་བྱེད་དོ། །སྐྱེས་པ་འགག་པའི་དོན་ཏེ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་སྐྱེ་བ་ཉིད་དེ་ལས་སྐྱེས་པ་འགག་པའི་ཕྱིར་རོ། །སྐྱེ་བ་སྔ་མ་པ་མ་ཡིན་པའི་དོན་གྱིས་སོ་ཞེས་བྱ་བ་ཅི་ཞེ་ན། འདས་པར་བསྟན་ཏོ། །མ་འོངས་པ་དུ་ཞིག །བཀའ་
སྩལ་པ་གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །ཡན་ལག་བཞི་པ་ཅན་གྱི་སྐྱེ་བ་ཉེས་དམིགས་དང་བཅས་པ་བར་མ་ཆད་པར་མངོན་པར་འགྲུབ་པ་ཐོབ་པའི་དོན་གྱིས་དང་ཞེས་བྱ་བ་ནི་མིང་དང་གཟུགས་དང་ཚོར་བ་ལ་ཐུག་པ་ཡན་ལག་བཞི་པ་འདུ་བྱེད་གྱིས་འཕངས་པའི་སྐྱེ་བ་དང་། རྒ་ཤི་རྣམས་
དེ་མ་ཐག་ཏུ་མངོན་པར་འགྲུབ་པའི་དོན་གྱིས་མ་འོངས་པར་རྣམ་པར་གཞག་གོ། །ལན་གྲངས་གཞན་མ་ཡིན་པའི་དོན་གྱིས་སོ་ཞེས་བྱ་བ་ཅི་ཞེ་ན། མ་འོངས་པ་ཞེས་བྱའོ། །བར་མ་ཆད་པ་ནི་འདིར་མདོ་སྡེ་ལས་བརྗོད་པར་བཞེད་པའི་ཕྱིར་རོ། །དེ་ནི་མ་འོངས་པ་མ་ཡིན་ཏེ། སྐྱེས་པ་ཡིན་པའི་ཕྱིར་རོ། །
ད་ལྟར་བྱུང་བ་དུ་ཞིག །བཀའ་སྩལ་པ། བརྒྱད་དེ། རྣམ་པར་ཤེས་པ་ནི་ནུས་པ་ཡོངས་སུ་འཛིན་པ་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་སོ་ཞེས་བྱ་བ་ཅི་ཞེ་ན། ད་ལྟར་བྱུང་བ་ནི་དབང་པོ་དང་ཡིད་ལ་བྱེད་པ་ལས་མངོན་པར་འགྲུབ་པའི་རྣམ་པར་ཤེས་པ་ཡིན་གྱི། རང་གི་མཚན་ཉིད་ད་ལྟར་
བྱུང་བའི་དོན་གྱིས་ད་ལྟར་བྱུང་བ་ཅི་ཞེ་ན། རྣམ་པར་གཞག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདུ་བྱེད་ཀྱིས་འཕངས་པ་མིང་དང་གཟུགས་ལ་སོགས་པ་སྐྱེ་བར་ནུས་པ་ཡོངས་སུ་འཛིན་པ་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་ཀྱང་ཡིན་ནོ། །མ་རིག་པའི་རྐྱེན་ལས་བྱུང་བའི་འདུ་བྱེད་ཀྱིས་འཕངས་
เล่ม ๑๑๕ · หน้า 224a
པའི་མིང་དང་གཟུགས་ལ་སོགས་པ་ནི་ས་བོན་གྱི་གནས་སྐབས་ཡིན་པའི་ཕྱིར་ས་བོན་གྱི་མཚན་ཉིད་ད་ལྟར་བྱུང་བའི་དོན་གྱིས་ད་ལྟར་བྱུང་བར་རྣམ་པར་གཞག་གོ། །སྲེད་པ་ལ་སོགས་པ་ནི་ལས་བྱེད་པ་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་ཤེ་ན། ད་ལྟར་བྱུང་བའོ། །སྲིད་པ་ལ་སོགས་པ་ཞེས་
བྱ་བ་ནི་སྲེད་པ་དང་། ལེན་པ་དང་། སྲིད་པའོ། །དེ་ལ་སྲེད་པ་དང་ལེན་པའི་ཡན་ལག་ནི་སྲེད་པར་བྱེད་པའི་ལས་ཅན་ཡིན་ནོ་ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་བྱུང་བའི་ལེན་པས་རྣམ་པར་ཤེས་པའི་རྒྱུན་ལ་བག་ཆགས་སུ་འདུག་པའི་ལས་རྣམས་སྲིད་པར་གྱུར་པར་བྱེད་དོ། །སྲིད་པའི་
ཡན་ལག་ནི་སྐྱེ་བའི་གནས་བྱེད་པའི་ལས་ཅན་ཡིན་ནོ་ཞེས་བྱ་བ་ལ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ལས་ནི་ཞིང་ཡིན་ཞེས་གསུངས་ཏེ། ལས་དང་སྲིད་པ་ལ་མ་བརྟེན་པར་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་རིགས་པ་དང་། ལུང་ལ་བརྟེན་ནས་
བདག་གིས་སྟོན་ཏོ་ཞེས་བྱ་བ་ལ་རེ་ཞིག་རིགས་པ་ལ་བརྟེན་པ་ནི་འདི་ལྟར་འགོག་པའི་རིམ་པ་འཆད་པ་ནི་ཐམས་ཅད་དུ་མི་འགྲུབ་པ་དང་། འདུ་བྱེད་འདས་པ་ཁོ་ནའི་རྐྱེན་གྱིས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འགྲུབ་པར་འགྱུར་བ་མ་ཡིན་ཏེ། ས་
བོན་འགགས་ནས་རིང་དུ་ལོན་པ་ལས་མྱུ་གུ་འབྱུང་བར་མ་མཐོང་བ་དང་རྒྱུ་དང་བཅས་པའི་སྐྱེ་བའི་རིམ་པ་ཡང་དགོས་པ་མེད་པར་མངོན་པ་དང་རྒྱུ་ཁྱད་པར་ཅན་ལས་སྐྱེ་བའི་རིམ་པ་ཡང་དགོས་པ་མ་ཡིན་པ་དང་། རྣམ་པར་ཤེས་པ་དང་མིང་དང་གཟུགས་ཀྱི་གནས་སྐབས་གཉིས་
ལ་ཡང་བྱེ་བྲག་ངེས་པར་མི་ཟིན་པའོ། །ལུང་ལ་བརྟེན་པ་ནི་དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་དང་དེ་བཞིན་དུ་ལས་ནི་སྐྱེ་བར་བྱ་བ་ལ་རྒྱུ་ཡིན་ནོ། །སྲིད་པ་ནི་མངོན་པར་འགྲུབ་པར་བྱ་བ་ལ་རྒྱུ་ཡིན་ནོ་ཞེས་བྱ་བ་མདོ་སྡེ་ཡིན་ཏེ། སྔོན་གྱི་སློབ་དཔོན་
དག་ནི་ལུང་གཞན་དང་གཞན་ལ་བརྟེན་ཏོ། །ས་སྟོན་པའི་མདོ་སྡེ་ལས་འབྱུང་བ་དུས་གསུམ་ལས་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་ནི་སྔར་བསྟན་པའི་རྣམ་པར་གཞག་པ་རྣམས་འགལ་བར་སྟོན་ཏོ། །འདི་དག་ལ་དགོངས་པ་ཅི་ཡོད་ཅེས་འདི་ལ་འབད་པར་བྱ་དགོས་ཏེ་ཞེས་
เล่ม ๑๑๕ · หน้า 224b
བྱ་བ་ནི་ཇི་ལྟར་འདི་མི་འགལ་བའི་འགྱུར་བའོ། །སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་དང་། ཁམས་སྣ་ཚོགས་དང་། གཉེན་པོ་སྣ་ཚོགས་ལ་ལྟོས་ནས་དེ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་བཤད་པ་འཇུག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མོས་པ་སྣ་ཚོགས་ལ་ལྟོས་ནས་སངས་
རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་འཇུག་གོ། །ཁམས་སྣ་ཚོགས་ལ་ལྟོས་པ་དང་། གཉེན་པོ་སྣ་ཚོགས་ལ་ཡང་ལྟོས་པ་ཡིན་ནོ། །དེ་བས་ན་དགོངས་པ་ཐ་དད་པས་དེ་དག་ཐམས་ཅད་མི་འགལ་ལོ། །སེམས་ཅན་གྱི་བསམ་པ་ཐ་དད་པ་མི་རྟོགས་པས། འདི་བརྗོད་པར་
བྱ་སྟེ་ཞེས་རྒྱས་པར་འབྱུང་བ་ལ། ཇི་ལྟར་མདོ་སྡེ་འདི་ལས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་ཀྱང་ཇི་ལྟར་ཡིན། འདི་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་ཇི་ལྟར་ཡིན་ཞེ་ན། མ་རིག་
པའི་རྐྱེན་གྱིས་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་
གང་གསུངས་པ་ཞེས་རྒྱས་པར་འབྱུང་བ་དེ་ལ། རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་གཞན་དུ་གསུངས་ཏེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་ནི་མ་རིག་པའོ་ཞེས་འབྱུང་ན་འདིར་ནི་
མ་རིག་པའི་རྐྱེན་མ་གསུངས་སོ། །མ་རིག་པའི་རྒྱུ་ཅན་ནི་སྲེད་པའོ་ཞེས་འབྱུང་བ་འདིར་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་ལ། མ་རིག་པའི་རྐྱེན་གྱིས་ནི་འདུ་བྱེད་ཅེས་གསུངས་སོ། །སྲིད་པའི་རྒྱུ་ཅན་ནི་ལས་སོ་ཞེས་གསུངས་ན་འདིར་ནི་སྲིད་པའི་རྒྱུ་ཅན་ནི་ལས་ཞེས་མ་
གསུངས་སོ། །འོ་ན་ཅི་ཞེ་ན། མ་རིག་པའི་རྐྱེན་གྱིས་ལས་ཞེས་གསུངས་སོ། །ལས་ཀྱི་རྒྱུ་ཅན་ནི་མིག་ནས་ཡིད་ཀྱི་བར་དུ་ཡིན་ནོ་ཞེས་བྱ་བ་ལ། བར་གྱི་སྒྲས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་གསུངས་ན་འདིར་ནི་ལས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་མ་གསུངས་སོ། །འོ་ན་ཅི་ཞེ་ན།
เล่ม ๑๑๕ · หน้า 225a
མིང་དང་གཟུགས་ཀྱི་རྐྱེན་གྱིས་ཞེས་གསུངས་སོ། །དེ་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ་དེའོ། །འོན་ཏེ་རིམ་པ་དེ་ཁོ་ན་ལྟ་བུ་ཡིན་ན་ནི་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་
གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་ནི་མ་རིག་པའོ་ཞེས་རྒྱས་པར་འབྱུང་བའོ། །མདོ་སྡེ་འདི་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མདོ་སྡེ་འདི་སྟེ། འདི་ལྟར་དེ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་
རིམ་པ་གཞན་དུ་འབྱུང་ངོ་། །འགལ་བ་མེད་དེ་དེ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པའོ། །ཇི་ལྟ་ཞེ་ན། དེའི་ཕྱིར་དེར་ནི་སྲེད་པ་དང་། ལེན་པ་དག་ཡན་ལག་གཅིག་
ཏུ་བྱས་ཏེ། མ་རིག་པའི་རྒྱུ་ཅན་ནི་སྲེད་པའོ་ཞེས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར་འདོད་པ་ལ་འདུན་པ་དང་འདོད་ཆགས་པ་ནི་སྲེད་པའི་བྱེ་བྲག་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ལ་འདུན་
པ་དང་། འདོད་ཆགས་པ་ནི་སྲིད་པའི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་རོ། །ཚོར་བ་དང་སྲེད་པ་ནི་སྲེད་པའི་སྒྲས་བསྟན་ཏོ། །འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་སྲེད་པ་ལས་ཕྱེ་བ་རྣམས་ནི་ལེན་པའི་སྒྲས་བསྟན་ཏོ། །སྲེད་
པའི་གནས་སྐབས་ཀྱི་ལས་ནི་ལས་ཡིན་པར་སྲེད་པའི་རྒྱུ་ཅན་ནི་ལས་སོ་ཞེས་གསུངས་ཀྱི་རང་གི་ངོ་བོའི་གནས་སྐབས་ནི་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་གནས་སྐབས་ཀྱི་རྐྱེན་ནི་སྐྱེ་མཆེད་དྲུག་ཡིན་པར་ལས་ཀྱི་རྒྱུན་མིག་ནས་ཡིད་ཀྱི་བར་དུ་ཡིན་ནོ་ཞེས་གསུངས་པ་འདི་ལ་འགལ་
བ་ཅི་ཡོད། དེ་ལྟ་ན་མངོན་པར་འགྲུབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་ལས་དགོངས་ནས་དེ་སྐད་གསུངས་ཀྱི་འཕེན་པར་བྱེད་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྣམ་པ་གཉིས་ཏེ། འཕེན་པར་བྱེད་པ་དང་། མངོན་པར་འགྲུབ་པར་བྱེད་པའོ་
เล่ม ๑๑๕ · หน้า 225b
དེ་ལ་མངོན་པར་འགྲུབ་པའི་རིམ་པ་ནི། དེ་ཉིད་ཡིན་ཏེ། ཇི་ལྟ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་གང་ཡིན་པ་དེའི་སྤྱིའི་རྐྱེན་ནི་མ་རིག་པ་ཡིན་ཏེ། རྨོངས་ན་དེ་འབྱུང་བའི་ཕྱིར་རོ། །ལེན་པ་སྲིད་པའི་རྐྱེན་གྱིས་ནི་ལས་ཀྱི་སྲེད་པ་
ཡིན་ནོ། །ལས་ཀྱི་སྲིད་པའི་རྐྱེན་གྱིས་ནི་སྐྱེ་མཆེད་དྲུག་གི་གནས་ཀྱི་སྐྱེ་བ་ཡིན་ཏེ། སྐྱེ་བ་ནི་ཡོངས་སུ་རྫོགས་པའི་ཚེས་བསྡུས་པ་ཡིན་གྱི། ཉིང་མཚམས་སྦྱོར་བའི་མཚན་ཉིད་ཁོ་ན་ནི་མ་ཡིན་ནོ། །མ་རིག་པའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་སྲེད་པ་ཐམས་ཅད་ཀྱི་སྤྱིའི་རྐྱེན་
ཉིད་ལ་དགོངས་ཏེ། ཆོས་ཀྱི་རྣམ་གྲངས་དེ་ལས་གསུངས་སོ། །འདིར་ནི་བྱེ་བྲག་གི་རྐྱེན་བརྗོད་པར་བཞེད་དོ། །དེ་བས་ན་ཚོར་བའི་བྱེ་བྲག་གིས་སྲེད་པའི་བྱེ་བྲག་བསྟེན་པའི་ཕྱིར་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་སོ། །དེར་ཡང་མ་རིག་པའི་རྗེས་སུ་འཇུག་པའི་ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྐྱེན་ཡིན་པར་གསུངས་ཀྱི་རབ་ཏུ་འཇུག་པའི་ཚུལ་གྱིས་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེའི་ཕྱིར་དེ་མ་རིག་པས་བསྐྱེད་པའི་ཕྱིར་རོ་ཞེས་སྨྲས་ཏེ། དེ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྨོངས་པ་ཡོད་ན་ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་གྱི། མ་རྨོངས་པར་ནི་མ་ཡིན་ནོ། །དེ་སྐད་དུ་དེ་ཉིད་ལས་གསུངས་སོ། །ཅི་གསུངས་ཤེ་ན། རྨོངས་ན་དེ་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །ཚོར་བའི་ཡན་ལག་ནི་རྗེས་སུ་འཇུག་པ་རྐྱེན་དུ་བརྗོད་པར་བཞེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དང་པོ་འབྱུང་
བ་རྐྱེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡན་ལག་བཅུ་གཉིས་ལས་ནི་རབ་ཏུ་འཇུག་པ་རྐྱེན་དུ་བརྟེན་ཏོ་ཞེས་རྒྱས་པར་སྨྲས་སོ། །ཐམས་ཅད་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོ་ཐ་དད་པར་བསྟན་པ་རྣམས་སངས་རྒྱས་བཅོམ་ལྡན་འདས་གྱི་དགོངས་པ་རྣམས་ཤེས་པར་མི་ནུས་སོ་
ཞེས་བསྟན་པའི་ཕྱིར། གདུལ་བྱའི་སྐྱེ་བོའི་བྱེ་བྲག་ལ་ལྟོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། ནག་པོ་དང་དཀར་པོའི་ཕྱོགས་དང་། ཡན་ལག་ཚང་བ་དང་། མ་ཚང་བ་ལ་སོགས་པར་འཆད་པ་ཐ་དད་པ་རྟེན་ཅིང་འབྲེལ་པར་འབྱུང་
เล่ม ๑๑๕ · หน้า 226a
བ་སྟོན་པའི་མདོ་སྡེ་གཞན་རྣམས་མང་པོ་ལ་ཞེས་བྱ་བ་དེ་ལ་ལུགས་དང་མཐུན་པའི་དབྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་ཡིན་ནོ། །ལུགས་དང་མི་མཐུན་པའི་དབྱེ་བ་ནི་གང་མེད་ན་རྒ་ཤི་མེད་པ་ཡིན་ཞེ་ན། སྐྱེ་བ་མེད་ན་རྒ་ཤི་
མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ནག་པོའི་ཕྱོགས་དང་དཀར་པོའི་དབྱེ་བ་ནི་མི་དགེ་བ་དང་ཉོན་མོངས་པ་མ་ཡིན་པའི་ཆོས་ཀྱི་རྐྱེན་གྱིས་སྟོན་པའི་དབྱེ་བའོ། །ཡན་ལག་ཚང་བ་དང་། མ་ཚང་བར་སྟོན་པའི་དབྱེ་བ་ནི་ཁ་ཅིག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་
བའི་ཡན་ལག་ཚང་བར་བསྟན་པ་ནི་བཅུ་གཉིས་སོ། །ཁ་ཅིག་ཏུ་ཡན་ལག་མ་ཚང་བ་ནི་ཡན་ལག་གཉིས་དང་། ཡན་ལག་གསུམ་པ་དང་། ཡན་ལག་བཞི་དང་། ཡན་ལག་ལྔའམ་དྲུག་སྟེ་མ་རྫོགས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་བྱེ་བྲག་མ་ལུས་པར་མཁྱེན་
པ་ཞེས་བྱ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་གོ། །འདི་ལ་ལུས་པ་ཡོད་པ་མ་ཡིན་པས་མ་ལུས་པའོ། །ཤེས་པས་ན་མཁྱེན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་བྱེ་བྲག་མ་ལུས་པར་མཁྱེན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་
ལུས་པར་མཁྱེན་ཏོ། །ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་མཁྱེན་པ་མཐར་ཕྱིན་པའོ་ཞེས་བྱ་བ་དེ་ལ་ཆོས་མཁྱེན་པ་ནི་འདིར་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་དགོངས་པའོ། །དོན་མཁྱེན་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ངེས་པའི་ཚིག་མཁྱེན་པ་ནི་
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །སྤོབས་པ་མཁྱེན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཆོས་མཁྱེན་པ་དང་། དོན་མཁྱེན་པ་དང་། ངེས་པའི་ཚིག་མཁྱེན་པ་དང་། སྤོབས་པ་མཁྱེན་པ་ནི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་མཁྱེན་པའོ། །
ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་མཁྱེན་པ་རྣམས་མཐར་ཕྱིན་པ་ནི། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་མཁྱེན་པ་མཐར་ཕྱིན་པའོ། །མཐར་ཕྱིན་པ་ནི་མཆོག་ཏུ་གྱུར་པའོ། །ཡན་ལག་རེ་རེ་ལ་ཡང་རྣམ་པར་ངེས་པ་ཐ་དད་པ་ཞེས་བྱ་བ་ནི་
เล่ม ๑๑๕ · หน้า 226b
ཅི་ཞེ་ན། མཐའ་ཡས་པ་མངོན་སུམ་དུ་མཛད་པའོ། །ཅིའི་ཕྱིར་འདི་བཤད་ཅེ་ན་ཞེས་བྱ་བ་ནི་སྔར་དགོས་པ་དྲི་བ་བྱས་པའོ། །དེ་རིགས་པའི་ངོ་བོ་ཡིན་པར་སྟོན་པ་ནི། མདོ་སྡེ་མང་པོ་བཤད་པའི་དགོས་པ་ནི་ཡང་དག་པར་བསྟན་པ་དང་། གདམས་པ་དང་། གཟེངས་བསྟོད་པ་དང་།
ཡང་དག་པར་དགའ་བར་བྱ་བ་སྟེ། གདུལ་བྱ་ཀུན་དུ་རྨོངས་པ་དང་། བག་མེད་པ་དང་། ཀུན་དུ་ཞུམ་པ་དང་། ཡང་དག་པར་ཞུགས་པ་རྣམས་ལས་གཉིས་སམ། གསུམ་མམ། བཞིའི་བྱེ་བྲག་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ལ་གདུལ་བྱ་ཀུན་དུ་རྨོངས་པའི་བྱེ་བྲག་གི་ཕྱིར་མདོ་སྡེ་འཆད་པའི་
དགོས་པ་ནི་ཡང་དག་པར་བསྟན་པ་ཡིན་ནོ། །གདུལ་བྱ་བག་མེད་པར་གྱུར་པའི་བྱེ་བྲག་གི་ཕྱིར་གདམས་པ་ནི་མདོ་སྡེ་འཆད་པའི་དགོས་པ་ཡིན་ནོ། །ཀུན་དུ་ཞུམ་པའི་བྱེ་བྲག་གི་ཕྱིར་གཟེངས་བསྟོད་པ་ནི་མདོ་སྡེ་འཆད་པའི་དགོས་པ་ཡིན་ནོ། །གདུལ་བྱ་ཡང་དག་པར་ཞུགས་པའི་བྱེ་བྲག་
གི་ཕྱིར་ཡང་དག་པར་དགའ་བར་བྱ་བ་ནི་མདོ་སྡེ་འཆད་པའི་དགོས་པའོ། །གཉིས་སམ། གསུམ་མམ། བཞིའི་བྱེ་བྲག་ཐ་དད་པའི་ཕྱིར་ཞེས་གང་སྨྲས་པ་དེ་སྟོན་པ་ནི་གཅིག་པུ་ཡང་དོན་ཁ་ཅིག་ལ་ཀུན་དུ་རྨོངས་པ་ནས་ཁ་ཅིག་ལ་ཡང་དག་པར་ཞུགས་པའི་བར་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །
དེ་ལ་དགོས་པའི་དགོས་པ་ཡང་མང་སྟེ་ཞེས་བྱ་བ་ནི་མདོ་སྡེ་འཆད་པའི་དགོས་པའི་དགོས་པ་ཞེས་བྱ་བའི་དོན་ཏོ། །ཡིད་བྱུང་བར་བྱ་བའམ། རབ་ཏུ་དང་བར་བྱ་བའམ། སེར་སྣ་ལ་སོགས་པའི་ཉེས་པ་བཟློག་པའམ། དེའི་གཉེན་པོ་ཡོན་ཏན་གྱི་ཁྱད་པར་བསྒྲུབ་པའམ། དེའི་རྗེས་སུ་འཇུག་པ་
སྟེ། དེ་ལ་སོགས་པའོ་ཞེས་བྱ་བ་ལ་བསྟན་པའི་དགོས་པ་ནི་ཡིད་བྱུང་བར་བྱ་བ་ཡིན་ཏེ། སངས་རྒྱས་ནི་འཁོར་བས་ཡིད་བྱུང་བ་ཡིན་གྱི་རྨོངས་པ་ནི་མ་ཡིན་ནོ། །རབ་ཏུ་དང་བ་ཡང་བསྟན་པའི་དགོས་པ་ཡིན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པ་ལ་རྟོགས་ནས་
རབ་ཏུ་དང་བ་ཡིན་གྱི། མ་རྟོགས་པར་ནི་མ་ཡིན་ནོ། །སེར་སྣ་ལ་སོགས་པའི་ཉེས་པ་བཟློག་པ་ནི་གདམས་པའི་དགོས་པ་ཡིན་ཏེ། འགའ་ཞིག་ལ་གདམས་པ་བྱས་ན་སྦྱིན་པ་ལ་སོགས་པ་ལ་འཇུག་པར་འགྱུར་གྱི། མ་གདམས་པར་ནི་མ་ཡིན་པ་ཡོད་དེ། སེར་སྣ་ལ་སོགས་པ་ཡང་
เล่ม ๑๑๕ · หน้า 227a
སྦྱིན་པ་ལ་སོགས་པ་དང་མི་མཐུན་པ་ཡིན་ནོ། །དེའི་གཉེན་པོ་ཡོན་ཏན་གྱི་ཁྱད་པར་བསྒྲུབ་པ་ནི་གཟེངས་བསྟོད་པའི་དགོས་པ་ཡིན་ཏེ། འགའ་ཞིག་ལ་གཟེངས་བསྟོད་ཅིང་སྤོ་བར་བྱས་ན་སེར་སྣ་ལ་སོགས་པའི་ཉེས་པའི་གཉེན་པོར་གྱུར་པ་ཡོན་ཏན་
གྱི་བྱེ་བྲག་ལ་འཇུག་པ་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱིས་བསྡུས་པ་དག་གི་རྗེས་སུ་འཇུག་པ་ནི་ཡང་དག་པར་དགའ་བར་བྱས་པའི་དགོས་པ་ཡིན་ཏེ། ཁ་ཅིག་ཡང་དག་པར་དགའ་བར་བྱས་ན་རང་གི་ཡོན་ཏན་གྱི་ཁྱད་པར་ལ་རྟག་ཏུ་འཇུག་པ་ཡོད་དོ། །འདི་ནི་རྣམ་
གྲངས་གཞན་ཡིན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཡིན་པ་ལ། ཁ་ཅིག་ཀུན་དུ་རྨོངས་པ་དག་བསྟན་པ་ནི་མདོ་བཤད་པའི་དགོས་པ་ཡིན་ནོ། །ཇི་ལྟར་ལོངས་སྤྱོད་པ་དེ་ནི་སངས་རྒྱས་པ་ཡིན་པས་སྦྱིན་པ་བྱོས་ཤིག་ཅེས་འདོམས་པར་བྱེད་དོ། །དེ་དག་ཉིད་ལ་ཞུམ་ན་
གཟེངས་སྟོད་པར་བྱེད་དོ། །བསྟན་པ་བྱས། གདམས་པ་བྱས། གཟེངས་བསྟོད་པ་བྱས་པ་ནི་ཡང་དག་པར་ཉེས་པའི་བྱ་བ་དང་མི་ལྡན་ཞིང་ཡང་དག་པར་དགའ་བར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་རིག་པར་བྱའོ། །བྱེད་པ་པོ་མཐུན་པ་ཅན་གྱི་བྱ་བ་བྱེད་པ་
གཉིས་ལས་ཞེས་རྒྱས་པར་འབྱུང་བ་ལ་འདི་གཉིས་ལ་བྱེད་པ་པོ་མཐུན་པ་ཡོད་པས་འདི་གཉིས་བྱེད་པ་པོ་མཐུན་པ་ཅན་ནོ། །མཐུན་པ་ནི་ཐ་དད་པ་མེད་པ་དང་གཅིག་པུ་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་མཐུན་པ་ཅན་གྱི་བྱ་བ་བྱེད་པ་དེ་གཉིས་ལས་བྱ་བ་བྱེད་པ་སྔ་མ་ལས་ཏེ་ཞེས་བྱ་བ་ཡོད་པ་མཐོང་
སྟེ། དཔེར་ན་ལངས་ཏེ་འགྲོ་བ་དང་འདུག་སྟེ་ཟ་བ་ལྟ་བུའོ་ཞེས་བྱ་བ་ནི་ལྡང་བ་དང་འགྲོ་བའི་བྱ་བ་གཉིས་ལ་གལ་ཏེ་འདིར་བྱེད་པ་པོ་ཐ་མི་དད་པ་ཡོད་ན་ནི་དེས་ན་དུས་སྔ་མ་ལྡང་བའི་བྱ་བ་ལ་སྟེ་ཞེས་བྱ་བ་འདི་ཡོད་པ་ཡིན་ནོ། །འདུག་པ་དང་ཟ་བའི་བྱ་བ་གཉིས་ལ་ཡང་གལ་ཏེ་བྱེད་པ་པོ་ཐ་མི་
དད་པ་ཡོད་པ་ཡིན་ན་དེས་དུས་སྔ་མ་འདུག་པའི་བྱ་བ་ལ་སྟེ་ཞེས་བྱ་བ་འདི་ཡོད་པ་བཞིན་དུ་འདི་ལ་ཡང་བྱ་བ་བྱེད་པ་གཉིས་ཡོད་དེ། བརྟེན་པའི་བྱ་བ་བྱེད་པ་དང་སྐྱེ་བའི་བྱ་བ་བྱེད་པའོ། །འདི་གཉིས་ལ་ནི་བྱེད་པ་པོ་མཐུན་པ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེའི་ཕྱིར། གང་སྔར་བརྟེན་ཏེ།
เล่ม ๑๑๕ · หน้า 227b
ཕྱིས་སྐྱེ་བར་འགྱུར་བ་སྐྱེ་བའི་སྔ་རོལ་ན་དེ་ཡོད་པ་མ་ཡིན་ནོ་ཞེས་སྨྲས་ཏེ། འདི་ལྟར་འབྲས་བུ་མེད་པར་སྨྲ་བ་རྣམས་སྐྱེས་པ་ཁོ་ན་ཡོད་པ་ཡིན་གྱི། མ་སྐྱེས་པ་ནི་མ་ཡིན་ནོ་ཞེའོ། །དེ་ལ་གཞན་དག་ལན་འདེབས་པ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཡིན་ཏེ། འདི་ལ་སྟེ་ཞེས་བྱ་
བ་ཡོད་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ནི་དེ་དག་ལན་དུ་རུང་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་དེའི་ལན་དུ་གང་སྨྲས་པ། འདི་ལ་ཕྲ་ཞེས་བྱ་བ་ནི་མང་བའི་དོན་ཏོ། །ཨི་ཏྱ་ཞེས་བྱ་བ་ནི་གང་འཇིག་པ་ཞིག་པར་འགྱུར་བ་སྐྱེས་པ་མི་གནས་
པ་རྣམ་པར་འཇིག་པ་ཞེས་བྱ་བའི་དོན་ཏོ། །སམ་ཞེས་བྱ་བ་ནི་འདུ་བའི་དོན་ཏོ་ཞེས་བྱ་བ་དེ་དག་ནི་རུང་ན། མིག་དང་གཟུགས་ལ་བརྟེན་ཏེ། མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་འདིར་ནི་མི་རུང་ངོ་ཞེས་བྱ་བ་ནི་འདིར་ནི་མིག་དང་གཟུགས་ལ་བརྟེན་ཏེ་ཞེས་
བྱ་བ་ཡོད་དོ། །དེ་དག་གི་ནི་མིག་དང་གཟུགས་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཞེས་བྱ་བ་འདི་ཡང་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཙམ་ཡིན་པར་མངོན་གྱི་རྒྱུ་དང་འབྲས་བུའི་དངོས་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་དེ་དག་གི་ནི་ཞེས་བྱ་བ་ནི་གང་དག་རྟེན་ཏེ་འབྲེལ་པར་འབྱུང་བ་ཞེས་བྱ་
བ་ནི་ཕ་རོལ་དང་ཚུ་རོལ་སྦྱོར་བ་ལ་སྟེ་ཞེས་བྱ་བ་ཡོད་པར་འདོད་པ་དེ་དག་གོ། །དཔེར་ན་ཆུ་རྒལ་ཏེ་རི་ཡོད་པ་དང་ཞེས་བྱ་བ་ནི་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཙམ་ཡིན་པར་མངོན་གྱི་རྒྱུ་དང་འབྲས་བུའི་ནི་མ་ཡིན་ནོ། །དབྱར་འདས་ཏེ་སྟོན་བྱུང་བ་ལྟ་བུ་ཡིན་པས་ཞེས་བྱ་བ་ཡང་དེ་བཞིན་ནོ་
ཞེས་ཟེར་ན། མིག་གི་རྣམ་པར་ཤེས་པའི་རྟེན་དང་དམིགས་པ་འདས་པ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་རྣམས་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཙམ་ཡིན་ན་ཞེས་བྱ་བའོ། །དེ་ལ་ཡང་འདུས་པ་བསྟན་པ་ལས་སྐྱོན་བསྟན་ཟིན་ཏོ་
ཞེས་བྱ་བ་ནི་དེར་ཇི་ལྟར་བསྟན་ཞེ་ན། སྔར་ནི་དབང་པོ་དང་དོན་ཏོ། །ཕྱིས་ནི་རྣམ་པར་ཤེས་པའོ། །དེའི་འོག་ཏུ་རེག་པའོ་ཞེས་རིམ་གྱིས་སྟོན་ན་རྣམ་པར་ཤེས་པ་ཁོ་ན་རེག་པའི་རྒྱུའི་དངོས་པོ་ཡིན་པར་ནི་རུང་གི་དབང་པོ་དང་དོན་གཉིས་ནི་མི་རུང་སྟེ། རྣམ་པར་ཤེས་པའི་ཚེ་དེ་གཉིས་མེད་པའི་ཕྱིར་
เล่ม ๑๑๕ · หน้า 228a
རོ། །རྣམ་པར་ཤེས་པ་དང་རེག་པ་གཉིས་ལྷན་ཅིག་སྐྱེས་པ་ནི་རེག་པའི་རྒྱུ་རྣམ་པར་ཤེས་པ་ཡིན་པར་རུང་གི་རེག་པ་སྐྱེས་ཟིན་ན་ནི་ནུས་པ་མེད་པའི་ཕྱིར་དང་། མ་སྐྱེས་ན་ཡང་མེད་པའི་ཕྱིར་རོ། །གང་དག་ཡང་གསུམ་འདུས་པ་ཙམ་ཁོ་ན་རེག་པ་ཡིན་ཏེ། ལྷན་ཅིག་སྐྱེས་པ་
རྒྱུར་མི་འདོད་པ་དེ་དག་གི་ཡང་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པའི་ཚེ་འགག་པའི་ཕྱིར་ཚོར་བ་སྐྱེ་བའི་རྒྱུའི་དངོས་པོར་རུང་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་བྱེ་བྲག་མེད་པར་བསྟན་པ་ལ། ཕ་རོལ་ཉིད་གང་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་བཅོམ་
ལྡན་འདས་ཀྱིས་བསྟན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བྱེ་བྲག་མེད་པར་བཅོམ་ལྡན་འདས་ཀྱིས་བསྟན་གྱི། དེ་ལ་རྟེན་ཏེ་ཞེས་བྱེ་བྲག་ནི་མ་བསྟན་ཏོ། །དེ་བས་ན་ཕ་རོལ་ཉིད་གང་ལས་འབྲེལ་པར་འབྱུང་བ་བཅོམ་ལྡན་འདས་ཀྱིས་བསྟན་པར་བརྗོད་པར་བྱ་དགོས་ན། གང་
གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་ཕ་རོལ་དང་ཚུ་རོལ་སྦྱོར་བ་ལ་སྟེ་ཞེས་བྱ་བ་ཡོད་པར་རྟོག་པར་བྱེད། དེ་བས་ན་འདི་ཡང་ལན་དུ་མི་རུང་ངོ་ཞེས་བྱ་བ་ནི་རྟེན་ཏེ་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སྟེ་ཞེས་བྱ་བ་ཡོད་པ་འདི་ནི་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་
སྨྲས་མ་ཐག་པ་གང་ཡིན་པ་འདིའོ། །ཏེ་ཞེས་བྱ་བ་ཡོད་པ་ནི་རྒྱུའི་དོན་ལ་ཡང་མཐོང་ངོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་བརྟེན་ཏེ་ཞེས་བྱ་བ་ནི་རྐྱེན་དེས་དང་རྒྱུ་དེས་དང་བྱེད་རྒྱུ་དེ་དག་གིས་ཞེས་བྱ་བར་མངོན་པ་ཡིན་ནོ། །དཔེར་ན་ཤིང་ལ་བརྟེན་ནས་མེ་འབྱུང་ངོ་ཞེས་བྱས་ན་རྒྱུ་དེ་དག་
གིས་ཞེས་བྱ་བར་མངོན་པ་དང་སྤྲིན་ལ་བརྟེན་ནས་ཆར་འབབ་པོ་ཞེས་བྱས་ནས་སྤྲིན་འདུས་ན་ཞེས་བྱ་བར་མངོན་པ་ཡིན་ནོ། །གངས་རི་ལ་བརྟེན་ནས་སྨན་རྣམས་སྐྱེའོ་ཞེས་བྱ་བ་ཡང་དེ་བཞིན་ནོ། །བྱེད་པ་པོ་མི་མཐུན་པ་ལ་ཡང་མཐོང་སྟེ། འཇིག་རྟེན་ན་མར་འཐུངས་ཏེ་སྟོབས་ཡོད་དོ་
ཞེས་བྱ་བ་དང་ཞེས་བྱ་བ་ནི་སྔར་མར་འཐུངས་ནས་ཕྱིས་ཡོད་པ་དེ་དག་ཀུན་ན་སྟོབས་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷ་སྦྱིན་གྱིས་སྔར་མར་འཐུངས་ནས་ཕྱིས་སྟོབས་ཡོད་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་སྔར་རྒྱུ་རྣམས་རྐྱེན་བྱེད་ཅིང་ཕྱིས་འབྲས་བུ་འབྱུང་བ་ཡིན་པས་བྱེད་པ་པོ་མི་མཐུན་པ་
เล่ม ๑๑๕ · หน้า 228b
ལ་ཡང་སྟེ་ཞེས་བྱ་བ་འདི་ཡོད་པར་འགྱུར་པ་ཡིན་ནོ། །སེང་གེ་མཐོང་སྟེ་འཇིགས་སོ་ཞེས་བྱ་བ་ནི་སེང་གེ་མཐོང་སྟེ་ཕྱིས་འཇིགས་པ་དེ་དག་ཀུན་འཇིགས་པ་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷ་སྦྱིན་གྱིས་སྔར་སེང་གེ་མཐོང་བས་ཕྱིས་འཇིགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འཇིག་
རྟེན་ན་མི་མཐུན་པ་ལ་ཡང་མཐོང་བ་ཡིན་ནོ། །བྷ་ར་ཏ་ལས་ཀྱང་འདྲོ་ཎའི་བུ་ངོ་མཚར་ཆེར་གྱུར་པའི་བྲོས་པ་མཐོང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྔར་འདྲོ་ཎའི་བུ་བྲོས་པ་མཐོང་སྟེ། ཕྱིས་དེ་དག་འཇིགས་པ་བྱུང་བ་མཐོང་བ་དེ་དག་ཀུན་ན་དེ་འཇིགས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། འདྲོ་ཎའི་བུ་དེ་
བྲོས་པ་མཐོང་ནས་དེ་འཇིགས་པར་གྱུར་པའི་ཕྱིར་རོ། །སྒྲ་ལ་འཆེལ་བ་ཁ་ཅིག་དག་ན་རེ་བྱེད་པ་པོ་མི་མཐུན་པ་ལ་དེའི་དོན་ཡོད་པ་ནི་རྒྱུའི་དོན་ཡིན་པར་སྔོན་གྱི་སློབ་དཔོན་དག་སྨྲ་བ་ཞེས་རྒྱས་པར་འབྱུང་བ་དེ་བས་ན་འདིར་ཡང་བྱེད་པ་པོ་གཅིག་པ་མེད་པར་རྒྱུ་ལ་དེ་ཡོད་པ་ཡིན་ནོ། །དུས་མཐུན་པར་
བྱ་བ་བྱེད་པ་ལ་མཐོང་སྟེ། དུས་སྔ་མའི་ཚེ་འབའ་ཞིག་མ་ཡིན་ནོ། །ཁ་གདངས་ཏེ་ཉལ་བ་དང་མིག་བཟློག་སྟེ་ཉལ་བ་ལྟ་བུའོ་ཞེས་བྱ་བ་ནི་གཉིད་མ་ལོག་པའི་ཚེ་མ་ཡིན་ཏེ། དུས་གཞན་ཡིན་པའི་ཕྱིར་རོ། །འདི་ཅི་ཞེ་ན། ཁ་གདངས་ཏེའམ། མིག་བཟློག་སྟེ་དུས་ཕྱིས་ཉལ་བ་མ་
ཡིན་ནོ། །དེ་བས་ན་དུས་སྔ་མ་ལ་ཡང་སྟེ་ཞེས་བྱ་བ་འདི་ཡོད་པ་ཡིན་ནོ། །དུས་མི་མཐུན་པ་སྔར་ཁ་གདངས་སམ་མིག་བཟློག་སྟེ། ཕྱིས་ཉལ་བ་དེ་ལྟར་ནི་འདིར་དོན་འདི་རྟོགས་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གཉིད་ལོག་པ་ཉིད་ན་ཁ་གདངས་པ་དང་མིག་བཟློག་པ་ཡིན་པར་རྟོགས་
པར་བྱའོ་ཞེས་བྱ་བ་འདིར་འཇིག་རྟེན་ན་ཡོད་པ་ཚད་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་གང་ཡང་སྔར་ཁ་གདངས་ལ་ཕྱིས་མིག་བཙུམས་ཏེ་ཉལ་ན་དེ་ལ་ནི་ཁ་གདངས་ནས་གཟོད་ཉལ་ལོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །དུས་ཕྱིས་བྱ་བ་བྱེད་པ་ལ་ཡང་མཐོང་སྟེ། དྲིའི་བྱེད་པ་ལ་
བརྟེན་ཏེ་དབྱུག་གུ་བརྡེག་པ་ལྟ་བུ་སྟེ། རྔ་འདི་སྔར་བྱེད་ལ་ཕྱིས་དབྱུག་གུ་བརྡེག་པ་ནི་མ་ཡིན་ནོ། །དུས་མཉམ་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྒྲ་ནི་བརྡེག་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ་ཞེས་སྨྲས་ཏེ། བརྡེག་པའི་རྒྱུ་ལས་བྱུང་བ་ནི་སྒྲ་ཡིན་ལ། བརྡེགས་པས་ནི་བརྡེགས་
เล่ม ๑๑๕ · หน้า 229a
པ་ཡིན་ལ། མི་བརྡེགས་པས་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་བྱ་བ་བྱེད་པ་དུས་མཐུན་པ་ལ་ཡང་སྟེ་ཞེས་བྱ་བ་ཡོད་པ་ཡིན་ཏེ། གང་སྐྱེ་བ་དེ་ཉིད་ན་བརྟེན་པའོ། །དུས་འཕྱི་ལ་ཡང་ཡོད་དེ། སྔར་འབྱུང་ལ་ཕྱིས་བརྟེན་པ་ནི་འབྲས་བུ་འབྱུང་བར་བྱ་བའི་ཕྱིར་རྒྱུའི་
དངོས་པོ་ལ་ཡིན་ནོ། །དེ་ལྟར་ནི་ཕ་རོལ་དང་། ཚུ་རོལ་སྦྱོར་ཞེས་ཟེར་བ་དང་པ་ཎི་ནི་པ་དག་ཀྱང་འདོད་པ་མ་ཡིན་ནོ། །ཀྱང་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་རྒྱུ་ལ་ཡང་མཐོང་། བྱེད་པ་པོ་མི་མཐུན་པ་ལ་ཡང་མཐོང་། དུས་མཐུན་པ་ལ་ཡང་མཐོང་།
དུས་ཕྱི་མ་ལ་ཡང་མཐོང་ཞེས་སྨྲས་པ་རྣམས་སོ། །ཀྱང་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། འཇིག་རྟེན་དང་། བྷ་ར་ཏ་དང་། སྒྲ་ལ་འཆེལ་བ་བྱ་ཌི་སཽ་ནུ་ཀ་ལ་སོགས་པས་བསྟན་བཅོས་འདིའི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་མི་འདོད་པ་པ་ཎི་ནི་དག་ཅེས་བྱ་བ་སྐབས་དང་སྦྱར་
རོ། །དེ་བས་ན་དེ་དག་གིས་ཀྱང་ངེས་པ་ཁོ་ནར་འདི་འདོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་པ་ཎི་ནི་པ་དེ་དག་གིས་ཀྱང་ཇི་སྐད་དུ་སྨོས་པའི་སྐྱོན་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །གལ་ཏེ་བདག་ཉིད་ཐོབ་པ་ཡིན་ན་ཞེས་བྱ་བ་ཅི་ཞེ་ན། སྐྱེ་བའོ། །དེ་སྐྱེ་བ་ཁོ་ན་ཡིན་པའི་ཕྱིར་དེ་ལྟ་ཡིན་ན་ཅི་ཞིག་
བྱ་བ་བྱེད་ན་སྐྱེ་བ་ཡིན་ནོ་ཞེས་བརྗོད་དེ། སྐྱེས་པ་ནི་ཡང་སྐྱེ་བའི་བྱ་བ་བྱེད་པ་ཡོད་པ་མ་ཡིན་པ་དང་། ཐུག་པ་མེད་པར་ཡང་འགྱུར་རོ། །འོན་ཏེ་བདག་ཉིད་མ་ཐོབ་པ་ཡིན་ན་ནི་སྐྱེ་བའོ། །དེ་ནི་དེའི་ཚེ་ཡོད་པ་མ་ཡིན་པས་སྐྱེ་བ་མེད་པ་ཡིན་ན་ཇི་ལྟར་བྱེད་པ་པོ་ཉིད་ཡིན་པར་འགྲུབ། །འོན་
ཏེ་མེད་པ་ཡང་བྱེད་པ་པོ་ཉིད་ཡིན་པར་འདོད་པས་བརྟག་པར་བྱ་ན་སྔར་རྟེན་ནས་ཕྱིས་སྐྱེའོ་ཞེས་བྱ་བ་སྐྱེ་བའི་སྔ་རོལ་ན་དེ་ཡོད་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་རྩོད་པ་འདི་བྱེད་ཇི་ལྟར་དེར་མེད་པ་ལ་བྱེད་པ་པོ་ཉིད་དུ་བརྟག་པ་ལྟར་འདིར་ཡང་དེ་བཞིན་ནོ། །སྐྱེ་བ་གང་ཡིན་པ་དེ་ཅི་ཞིག་བྱེད་ན་འདི་
ལྟར་བྱེད་པ་པོ་ཞེས་བརྗོད་ཅེས་བྱ་བ་ནི། སྐྱེ་བ་གང་ཡིན་པ་དེ་ནི་བྱ་བ་བྱེད་པ་ཡིན་ན་དེ་བྱ་བ་བྱེད་པ་ན་གཞན་ཅི་ཞིག་ལ་བྱེད་ན་འདི་ལྟར་བྱེད་པ་པོ་ཡིན་ཞེས་བརྗོད། སྨྲས་པ། སྐྱེ་བ་ལ་སྐྱེ་བར་བྱེད་དོ་ཞེ་ན། སྐྱེ་ཞེས་བྱ་བ་འདི་ཡང་ཅི་ཡིན། གང་ལ་བྱ་བ་བྱེད་ཅིང་མངོན་པར་འགྲུབ་པ་ལ་
เล่ม ๑๑๕ · หน้า 229b
སྐྱེ་བ་ཞེས་བྱ། གལ་ཏེ་སྐྱེ་ཞེས་བྱ་བ་སྐྱེ་བཞིན་པའི་བདག་ཉིད་དུ་གྱུར་པ་ཡིན་ན་ནི་ཇི་ལྟར་བདག་ཉིད་ལ་བྱེད་པར་རུང་སྟེ། སྐྱེད་པར་བྱེད་པ་དང་། བསྐྱེད་པར་བྱ་བ་ཐ་དད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་བདག་ཉིད་དུ་གྱུར་པ་མ་ཡིན་ན་ནི་དེ་ལས་གཞན་དུ་མི་དམིགས་པ་ཡིན་ན་གང་སྐྱེ་བ་དེ་སྐྱེ་བ་ལ་བྱེད་
དོ་ཞེས་ཇི་ལྟར་འདི་གཏན་ལ་དབབ་པར་བྱ། དེ་བས་ན་སྐྱེ་བ་བྱེད་པ་པོ་བྱེད་དོ་ཞེས་བྱ་བའི་དོན་བརྗོད་པར་བྱ་དགོས་ཏེ། གང་གི་ཕྱིར་དེ་ལྟར་འཇིག་རྟེན་ན་བྱེད་པའི་དོན་མང་དུ་མཐོང་བ་དེ་ལས་ན་བརྗོད་པར་བྱ་དགོས་པ་གང་ཞེ་ན། སྐྱེ་བ་ལ་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྟེ། གང་གི་ཕྱིར་སྐྱེ་བར་བྱེད་དོ་
ཞེས་བརྗོད་པའོ། །གལ་ཏེ་སྐྱེ་བར་བྱེད་པ་ཡིན་ནོ་ཞེ་ན་ནི་དེའི་དོན་ཀྱང་སྐྱེ་བ་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡིན་པར་འགྱུར་ཏེ། གལ་ཏེ་སྐྱེ་བ་བྱེད་པ་པོ་དེ་སྐྱེ་བ་སྐྱེ་བར་བྱེད་པ་ཡིན་ན་ནི་སྐྱེ་བ་སྐྱེ་བར་འགྲུབ་པར་འགྱུར་ཏེ། འདི་ལྟར་སྔར་འབྱུང་ཞེས་བྱ་བའི་དོན་གང་ཡིན་སྐྱེ་ཞེས་བྱ་བའི་དོན་ཡིན་ནོ་ཞེས་སྨྲས་
པ་ཡིན་ནོ། །དེ་ལས་ཀྱང་གཞན་སྐྱེ་བར་ཐལ་བར་འགྱུར་བས་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། སྐྱེ་བ་དེ་ཡང་དེ་ལྟ་བུ་ཡིན་ན་ནི་སྐྱེ་བ་གཞན་ཡང་ཡོད་པར་ཐལ་བར་འགྱུར་བས་ཐུག་པ་མེད་པར་འགྲུབ་པར་འགྱུར་རོ། །དེ་བས་ན་བྱ་བ་བྱེད་པ་མེད་པར་ཡང་བདག་ཐོབ་པ་ཙམ་ལ་བྱེད་པ་པོ་གཞན་དུ་སྐྱེ་
བར་བྱེད་དོ་ཞེས་སྟོན་ཏེ། གང་གི་ཕྱིར་དེ་ལྟར་སྐྱེ་བའི་བདག་ཉིད་དུ་གྱུར་པ་ནི་སྐྱེ་བར་མི་སྲིད། དོན་ཐ་དད་པར་གྱུར་པ་ཡང་མ་ཡིན། སྐྱེ་བ་ཡང་གཞན་ཡང་སྐྱེ་བར་ཐལ་བར་འགྱུར། ཐུག་པ་མེད་པའི་སྐྱོན་དུ་ཡང་འགྱུར་བ་དེ་བས་ན་བྱ་བ་བྱེད་པ་མེད་པར་ཡང་བདག་ཐོབ་པ་ཙམ་ལ་བྱེད་པ་པོ་
གཞན་དུ་སྐྱེ་བར་བྱེད་དོ་ཞེས་སྟོན་པ་ཡིན་ནོ། །རྐྱེན་ཡོད་པ་ཙམ་ལ་ཡང་བརྟེན་ཏེ་ཞེས་བྱ་བ་ཅི་ཞེ་ན། བྱེད་པ་པོ་བཞིན་དུ་ཉེ་བར་བཏགས་པ་ཡིན་པར་སྟོན་ཏོ། །འདི་ལ་བྱ་བ་བྱེད་པ་ནི་གང་ཡང་མེད་ཅེས་བྱ་བ་ནི་སྐྱེ་བ་བྱ་བ་བྱེད་པའམ། བརྟེན་པ་བྱ་བ་བྱེད་པ་ནི་འདི་ལྟར་ཉེ་བར་བཏགས་པ་ཡིན་པའི་
ཕྱིར་རོ། །བྱེད་པ་པོ་ཡང་མེད་པ་ཡིན་ན་ཞེས་བྱ་བ་ནི་སྐྱེ་བ་བྱ་བ་བྱེད་པའི་བྱེད་པ་པོའམ། བརྟེན་པ་བྱ་བ་བྱེད་པའི་བྱེད་པ་པོ་སྟེ། འདི་ལྟར་སྐྱེ་བཞིན་པ་ནི་བདག་ཉིད་མ་ཐོབ་པ་ཡིན་པའི་ཕྱིར་དང་། སྐྱེས་པ་ལས་ནི་སྔར་མ་ཡིན་པའི་ཕྱིར་རོ། །འདི་གཉིས་བྱེད་པ་པོ་དང་ལྷན་ཅིག་པ་ལྟ་ག་ལ་
เล่ม ๑๑๕ · หน้า 230a
ཡོད་ཅེས་བྱ་བ་ནི་སྐྱེ་བ་དང་བརྟེན་པའི་བྱ་བ་བྱེད་པ་དེ་གཉིས་ཀྱང་ཡོད་པ་ཡིན་ལ། བྱེད་པ་པོ་ཡང་ཡོད་པ་ཡིན་ན་ནི་བྱེད་པ་པོ་དང་ལྷན་ཅིག་པའམ། བྱེད་པ་པོ་དང་ལྷན་ཅིག་པ་མ་ཡིན་ཞེས་བྱ་བ་འཐད་པར་འགྱུར་རོ། །དེ་བས་ན་བརྟེན་ཏེ་འབྱུང་ཞེས་བྱ་བའི་སྦྱོར་བ་
འདི་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཡན་ལག་སྔ་མ་ལ་ཕྱི་མའི་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བའི་བཤད་པ་བྱེད་པ་ནི། འབྲེལ་པར་འབྱུང་ཞེས་བྱ་བ་ནི་བར་མེད་ཅིང་མ་ཆོད་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་འཇིག་པ་
ལས་མ་ཆོད་པ་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་དང་འདས་པ་དག་ལས་གང་ཡང་སྐྱེ་བ་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་འཇིག་པ་དང་འབྲས་བུ་འབྱུང་བ་གཉིས་དུས་ཐ་དད་པ་མེད་པའི་ཕྱིར་རོ། །ཆོས་ཉིད་ཅེས་བྱ་བ་གང་ཞེ་ན་ཞེས་བྱ་བ་ནི་གང་གི་དབང་དུ་མཛད་དེ།
མདོ་སྡེ་གཞན་ལས་གསུངས་པ། གང་འདིར་ཆོས་ཉིད་དང་ཞེས་བྱ་བ་ནི། གང་ཆོས་རྣམས་བདག་ཉིད་ཁོ་ན་ཡིན་ཏེ། ངོ་བོ་ཉིད་དེ་ལྟ་བུ་ནི། འདི་ཡོད་ན་འདི་འབྱུང་གི་མེད་ན་མ་ཡིན་པའོ། །འདི་སྐྱེས་པས་འདི་སྐྱེ་བ་ཡིན་གྱི་མ་སྐྱེས་ན་མ་ཡིན་པའོ། །སྐྱེ་བ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་
བདག་ཉིད་ཐོབ་པའོ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །ཆོས་ཉིད་ཇི་ལྟར་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བ་འདི་ཡང་ཆོས་ཉིད་ཡིན་པར་བརྗོད་དོ་ཞེས་བསྟན་པ་ནི་ཆོས་གཞན་ལ་བརྟེན་ནས་བདག་ཉིད་ཐོབ་པའོ་
ཞེས་བྱ་བ་ཡིན་ཏེ། ཆོས་ཉིད་འདི་རང་བཞིན་འདི་ལྟ་བུ་རང་གི་ངོ་བོ་ཉིད་འདི་ལྟ་བུ་སྟེ། གང་ཆོས་གཞན་ལ་བརྟེན་ནས་ཆོས་ཀྱི་བདག་ཉིད་ཐོབ་པ་ཡིན་ནོ། །དེ་བས་ན་ཆོས་ཉིད་དེ་སྐྱེ་བ་ཡིན་ནོ་ཞེས་བསྟན་ཏོ། །ད་ལྟར་བྱུང་བའི་དུས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་ཞེས་
བྱ་བ་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བས་སོ། །དུས་གསུམ་པའི་ཤེས་པར་བྱ་བའི་ཕྱིར་ཆོས་ཉིད་བསྟན་ཏོ་ཞེས་བྱ་བ་ནི་འདས་པའི་དུས་ཉིད་ནི་ཡང་དེར་བྱུང་བས་དེ་བྱུང་བ་ཡིན་ནོ། །དེ་སྐྱེས་པས་འདི་སྐྱེས་པ་ཡིན་ནོ། །མ་འོངས་པ་ན་ཡང་དེ་འབྱུང་བར་འགྱུར་
เล่ม ๑๑๕ · หน้า 230b
བས་འདི་འབྱུང་བར་འགྱུར། དེ་སྐྱེ་བས་འདི་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བ་ཡིན་ནོ། །ཆོས་གནས་པ་ཉིད་གང་ཞེ་ན། ཆོས་ཉིད་དེ་ཉིད་ལ་བྱའོ་ཞེས་བྱ་བ་ནི་ཆོས་རྣམས་དེའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན་པའོ། །ཅིའི་ཕྱིར་ཆོས་ཉིད་དེ་ཆོས་གནས་པ་ཉིད་ཅེས་བརྗོད་ཅེ་ན། བཅོས་མ་
མ་ཡིན་པའི་དོན་གྱིས་ཏེ་ཞེས་བྱ་བ་ནི་ཆོས་རྣམས་གང་དག་གི་བདག་ཉིད་ཁོ་ན་ནི་གང་གིས་ཀྱང་མ་བྱས་པ་ཡིན་ནོ། །གནས་པའི་ཚིག་གིས་མི་རྟག་པ་ཉིད་ཡིན་པར་བསྟན་ཏོ། །བྱེ་བྲག་གང་གིས་གཞན་གྱི་རྒྱུར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གནས་པ་དེ་ནི་རྒྱུ་དང་། དབྱིངས་དང་།
རིགས་དང་། ས་བོན་དང་། ནུས་པ་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ནོ། །འདིས་རྒྱུ་ཉིད་འཛིན་པས་ན་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ཡི་གེ་ལྷག་མ་མི་མངོན་པར་བྱས་པས་སོ། །ཆོས་ངེས་པ་ཉིད་གང་ཞེ་ན། ཆོས་ཉིད་གང་ཡིན་པ་དེ་ཉིད་འཁྲུལ་པ་མེད་པ་གང་ཡིན་
པའོ་ཞེས་བྱ་བ་ནི་གཅིག་ཁོ་ནར་ངེས་པ་ཉིད་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་ཀྱི་ཚིག་གཉིས་ཀྱི་གཏན་དུ་བ་ཉིད་གང་ཡིན་པ་དང་། གཅིག་ཁོ་ནར་ངེས་པ་ཉིད་གང་ཡིན་པ་བསྟན་ཏོ་ཞེས་བྱ་བ་ལ་ཆོས་གནས་པ་ཉིད་ཅེས་བྱ་བ་འདིས་ནི་གཏན་དུ་བ་ཉིད་བསྟན་ཏོ། །ཆོས་ངེས་པ་ཉིད་
ཅེས་བྱ་བ་ནི་གཅིག་ཁོ་ནར་ངེས་པ་ཉིད་བསྟན་ཏོ། །དེ་ལས་གཞན་པའི་ཚིག་རྣམས་ནི་རྗེས་སུ་འབྲེལ་པར་འཆད་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཕྱི་མ་ཕྱི་མས་སྔ་མ་སྔ་མ་འཆད་པ་ཡིན་ནོ། །ཡང་ན་དུམ་བུ་གསུམ་པའོ་ཞེས་བྱ་བ་བཤད་པའི་རྗེས་སུ་འབྲེལ་པ་ཡིན་པར་རིག་པར་བྱའོ། །དེ་ཅི་
གཅིག་པུ་ཁོ་ན་ཤེས་པ་དེ་དག་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཡིན་ནམ་ཞེས་བྱ་བ་ནི་ཅི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཅིག་པུ་ཐ་དད་པ་མེད་པ་ཁོ་ན་ཞིག་ཡི་གེ་འདྲི་བ་དང་། བསྟན་བཅོས་དང་། བཟོ་དང་། ནད་དང་ནད་གཞི་དང་། སྨན་ལ་སོགས་པ་དང་།
སངས་རྒྱས་རྣམས་ཀྱི་ཡུལ་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ནམ། འོན་ཏེ་ཤེས་པ་སོ་སོའི་གཞན་ཡིན་ཏེ། ཡི་གེ་འདྲི་བ་ཤེས་པ་མི་མཐུན་པའི་ཕྱོགས་ཀྱང་གཞན། བསྟན་བཅོས་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱང་གཞན། ནད་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱང་གཞན། ནད་
เล่ม ๑๑๕ · หน้า 231a
གཞིའི་མི་མཐུན་པའི་ཕྱོགས་ཀྱང་གཞན། སྨན་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱང་གཞན། སངས་རྒྱས་ཀྱི་ཡུལ་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱང་གཞན་ཡིན་ནམ། གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡི་གེ་འདྲི་བ་དང་། བསྟན་བཅོས་
དང་། བཟོ་ལ་སོགས་པ་ཤེས་པའི་མི་མཐུན་པའི་ཕྱོགས་གཅིག་ཁོ་ན་ཡིན་ན་ནི་གཅིག་ལ་ཤེས་པ་སྐྱེས་པས་ན་ཐམས་ཅད་ལ་མི་ཤེས་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཞེས་བྱ་བ་ནི་ཡི་གེ་འདྲི་བ་ཤེས་པ་སྐྱེས་ན་ཡང་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་ཤེས་པ་རྣམ་པར་ལྡོག་པ་ཡིན་
དང་། གཅིག་པུ་དེ་ཉིད་ཐམས་ཅད་ལ་མི་ཤེས་པ་ཡིན་པས་ཐམས་ཅད་ལ་མི་ཤེས་པ་ཡང་རྣམ་པར་ལོག་པ་ཡིན་པར་ཐལ་བར་འགྱུར་རོ། །འོན་ཏེ་ཤེས་པ་སོ་སོའི་གཞན་ཡིན་ན་ནི་ཅི་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པས་ཅི་ཡང་རུང་མི་མཐུན་པའི་ཕྱོགས་སོ། །
དེས་ན་སེམས་གཅིག་ལ་མི་ཤེས་པ་མཐའ་མེད་པ་དང་མཚུངས་པར་འགྱུར་རོ། །འདི་ལྟར་ཡི་གེ་འདྲི་བ་དང་། བསྟན་བཅོས་དང་། བཟོ་ལ་སོགས་པའི་ཤེས་པ་མི་མཐུན་པའི་ཕྱོགས་མི་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་ཏེ། གང་གི་ཚེ་ཡི་གེ་འདྲི་བ་འདི་མི་
ཤེས་པ་དེའི་ཚེ་ན་བསྟན་བཅོས་དང་། བཟོ་ལ་སོགས་པ་ཡང་མི་ཤེས་པ་ཡིན་ནོ། །ལྷན་ཅིག་ཏུ་མ་རིག་པ་དུ་མའི་རྫས་ཡོད་པར་ཡང་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི། རྫས་མཉམ་པ་ཉིད་ངེས་པའི་ཕྱིར་རོ། །དཔེར་ན་ཚོར་བ་ལ་སོགས་པའི་རྫས་བཞིན་ནོ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་
དུ་མ་མི་འདུག་པ་བཞིན་ནོ། །རྫས་མཐའ་ཡས་པ་མཐའ་དག་སེམས་ཅན་གྱི་རྒྱུད་ཀྱི་སྐད་ཅིག་མ་གཅིག་ཡིན་པར་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་བྱ་མཐའ་མེད་པ་དག་འདིས་མི་ཤེས་པ་ཡིན་ནོ། །གལ་ཏེ་ཤེས་པ་སོ་སོའི་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མི་ཤེས་
པ་ཡོད་ན་ནི་རྫས་མཐའ་ཡས་པ་དག་སེམས་ཅན་གྱི་རྒྱུད་ཀྱི་སྐད་ཅིག་མ་གཅིག་ཡིན་པར་འགྱུར་རོ། །མི་ཤེས་པ་ཐམས་ཅད་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ནི་ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དག་ཤེས་པ་མེད་པ་ཙམ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་ཅན་
เล่ม ๑๑๕ · หน้า 231b
གང་ཡིན་པའི་མི་ཤེས་པ་ཐམས་ཅད་ཀྱང་ཤེས་པ་མེད་པ་ཙམ་ཡིན་པར་ཅིའི་ཕྱིར་མི་འདོད། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དེ་ཡང་བདག་གིས་མ་ཤེས་ཏེ། དེ་ལྟར་བྱས་སོ་ཞེས་ཡ་ང་བ་མ་སྤངས་པ་ལ་སོགས་པའི་རྒྱུ་ཉིད་ཡིན་པར་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་འདུ་
བྱེད་ལ་སོགས་པ་རྐྱེན་ཉིད་དུ་བསྟན་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་རྫས་སུ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གལ་ཏེ་ཡི་གེ་འདྲི་བ་ལ་སོགས་པ་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ན། ཇི་ལྟར་འདོད་པ་དེ་བཞིན་
དུ་ཞོག །འོན་ཏེ་ཡི་གེ་འདྲི་བ་ལ་སོགས་པ་ཤེས་པ་མེད་པ་ཙམ་ལ་རྣམ་པ་ཐམས་ཅད་དུ་སྐྱོན་མེད་དོ། །དེ་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱི་རྐྱེན་ཉིད་ཡིན་པར་བསྟན་དུ་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་ཡི་གེ་འདྲི་བ་ལ་སོགས་པའི་ཤེས་པ་རྣམས་མེད་པ་ཙམ་ཉོན་མོངས་པ་ཅན་མ་
ཡིན་པའི་མི་ཤེས་པ་ཡིན་ན་དེ་དག་སྐྱེ་བ་ལ་གགས་བྱེད་པ་ཡང་གང་ཞིག་ཡིན། རྒྱུ་མ་ཚང་ན་དེ་མི་སྐྱེ་བར་འགྱུར་གྱི་རྒྱུ་མ་ཚང་ན་ཡང་ཡི་གེ་འདྲི་བ་ལ་སོགས་ཤེས་པ་སྐྱེ་བར་ཡང་འགྱུར་རོ། །རྒྱུ་ཚང་ན་ཡང་མི་སྐྱེ་བར་འགྱུར་རོ། །ཉོན་མོངས་པ་ཅན་གྱི་མ་རིག་པ་ནི་རིག་པའི་དངོས་པོ་མེད་པ་ཙམ་
མ་རིག་པར་དེ་ལྟར་སྔར་ཤེས་པར་བྱས་ཟིན་ཏོ་ཞེས་བྱ་བ་ནི་མ་རིག་པ་རྣམ་པར་འབྱེད་པ་ལས་རྒྱས་པར་རོ། །གང་དག་ཡང་མི་ཤེས་པ་ཐམས་ཅད་ནི་ཤེས་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་ཡིན་པར་སྨྲ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་དང་
པོ་ནི་ཤེས་པ་གཅིག་ཁོ་ན་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཤེས་པའི་མི་མཐུན་པའི་ཕྱོགས་སྐད་ཅིག་རེ་རེ་ལ་འབྱུང་བ་ན་རྒྱུན་དུ་ཡིན་པར་འཇོག་གོ་ཞེས་བྱ་བ་ནི་དང་པོ་གང་ཞེ་ན། རྒྱུན་དུ་ཀུན་དུ་འབྱུང་བར་སྨྲ་བའོ། །གལ་ཏེ་གཅིག་ཁོ་ན་ཡིན་ན་གཅིག་ལ་ཤེས་པ་སྐྱེས་པ་ན་ཐམས་ཅད་
ལ་མི་ཤེས་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཞེས་བྱ་བའི་ལན་དུ། རྐྱེན་གྱི་བྱེ་བྲག་ཉེ་བར་གྱུར་པའི་ཕྱིར་ཡུལ་གང་ལ་ཤེས་པ་སྐྱེས་པ་ན་ཇི་ཙམ་དུ་ཤེས་པ་དེ་མེད་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་མི་ཤེས་པ་གཅིག་གི་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ།
เล่ม ๑๑๕ · หน้า 232a
ཡུལ་གང་ལ་ཤེས་པ་སྐྱེས་པ་ན་ཞེས་བྱ་བ་ནི་ཡི་གེ་འདྲི་བ་དང་། བསྟན་བཅོས་དང་། བཟོ་ལ་སོགས་པ་ལའོ། །རྐྱེན་གྱི་བྱེ་བྲག་ཉེ་བར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་དེ་དག་སྐྱེ་བའི་རྒྱུའི་བྱེ་བྲག་ཚོགས་པའི་ཕྱིར་རོ། །དེ་ལས་གཞན་པའི་
དངོས་པོ་ལ་ཁྱབ་པར་བྱེད་པ་ཞེས་བྱ་བ་ནི་ཡི་གེ་འདྲི་བ་ལ་སོགས་པའི་དངོས་པོ་དེ་ལས་བྱེ་བྲག་ཏུ་གྱུར་པའི་དངོས་པོ་ཁྱབ་པར་བྱེད་པའོ། །མི་ཤེས་པ་གཞན་གཅིག་འབྱུང་བར་འགྱུར་རོ། །མི་ཤེས་པ་སྔ་མ་ནི་སྐད་ཅིག་མ་འཇིག་པ་ཡིན་པའི་ཕྱིར་རང་གི་ངང་གིས་
མེད་པར་གྱུར་ཏོ། །ཇི་ཙམ་དུ་ཤེས་པ་དེ་མེད་པར་མ་གྱུར་གྱི་བར་དུ་ཞེས་བྱ་བ་ནི་ཡི་གེ་འདྲི་བ་ཤེས་པ་ལ་སོགས་པ་དེ་ལས་སོ། །དེ་ཇི་ལྟར་མེད་པར་མ་གྱུར་ཅེ་ན། དེའི་བག་ཆགས་རྟས་པ་ཡོད་པའི་ཕྱིར་ཏེ། ཡི་གེ་འདྲི་བ་ལ་སོགས་པ་ཤེས་པའི་བག་ཆགས་རྟས་
པ་མ་སྤྱད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྲིད་དུ་དེ་ལས་གཞན་པའི་དངོས་པོ་ལ་ཁྱད་པར་བྱེད་པའི་མི་ཤེས་པ་གཞན་གཅིག་འབྱུང་བར་འགྱུར་རོ། །ཤེས་པ་དེ་མེད་པར་གྱུར་པ་ཡང་སྔོན་གྱི་ཇི་ལྟ་བ་དེ་བཞིན་དུ་ཡང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡི་གེ་
འདྲི་བ་ལ་སོགས་པའི་ཤེས་པ་དེ་ལས་ཉམས་ན་ཡང་ཡི་གེ་འདྲི་བ་ལ་སོགས་པའི་ཡུལ་དེ་ལ་ཡང་མི་ཤེས་པ་དེ་སྔོན་བཞིན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ནད་དང་། ནད་གཞི་དང་། སྨན་ལ་སོགས་པ་ཡུལ་གང་དང་གང་ལ་རྐྱེན་གྱི་བྱེ་བྲག་ཉེ་བར་གྱུར་པའི་
ཕྱིར་ཞེས་སྐབས་དང་སྦྱར་ཏེ། ཤེས་པ་སྐྱེས་པ་ན་དེ་དང་དེ་ལས་གཞན་པའི་ཤེས་བྱ་ལ་ཤེས་པའི་མི་མཐུན་པའི་ཕྱོགས་མི་ཤེས་པ་གཅིག་འབྱུང་བར་འགྱུར་རོ། །ཡོད་པར་འགྱུར་རོ། །དེ་བས་ན་ནད་དང་ནད་གཞི་དང་། སྨན་ལ་སོགས་པ་ལས་གཞན་དུ་ཤེས་བྱའི་
བྱེ་བྲག་ལ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་ཤེས་པ་གཅིག་འབྱུང་བར་འགྱུར་རོ། །སྔོན་ཆད་ཡོད་པ་ནི་རང་ཉིད་སྐད་ཅིག་མ་འཇིག་པ་ཡིན་པའི་ཕྱིར་རོ། །ཇི་སྲིད་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་ཐུག་གི་བར་དུ་
เล่ม ๑๑๕ · หน้า 232b
སྐྱོན་གྱི་རྣམ་པ་ཡོད་པར་རིག་པར་བྱའོ། །དཔེས་དོན་བརྗོད་པ་ནི་དཔེར་ན་ཁང་མིག་གཅིག་ན་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ཡུལ་དེ་ཐམས་ཅད་ཀྱི་མུན་པ་ནི་རང་གི་ངང་གིས་འགག་སྟེ་ཞེས་བྱ་བ་ནི་མུན་རུམ་ན་ཡོད་པའི་གཟུགས་ཀྱི་ཡུལ་ན་མུན་པ་ཡོད་པ་ནི་ངོ་བོ་ཉིད་
ཀྱིས་འགག་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་མ་ནི་འཇིག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་སྐད་ཅིག་མ་འཇིག་པ་ཡིན་ནོ། །དེ་བས་ན་དེ་དག་རང་གི་ངང་གིས་འགག་པར་འགྱུར་ཏེ། འཇིག་པ་ལ་རྐྱེན་མེད་པའི་ཕྱིར་རོ། །གཟུགས་དེའི་
ངོས་གང་དུ་རྩིག་པའི་འོག་གི་བུ་ག་ནས་སྣང་བ་བྱུང་བ་ན་ཞེས་བྱ་བ་ནི་མུན་རུམ་ན་འདུག་པའི་གཟུགས་དེའི་ངོས་ལའོ། །དེ་བས་གཞན་པའི་ཡུལ་ལྷག་མ་དེ་དག་ཉིད་དུ་མུན་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི། གཟུགས་སྔ་མ་དེ་ལས་གཞན་དང་གཞན་ན་མུན་པ་ལྷག་མ་དང་
བཅས་པ་མུན་རུམ་དུ་འདུག་པའི་གཟུགས་ཀྱི་ཡུལ་དུ་མུན་པ་འབྱུང་བར་འགྱུར་རོ། །ཇི་སྲིད་དུ་སྣང་བ་མེད་པར་མ་གྱུར་གྱི་བར་དུ་ཞེས་བྱ་བ་ནི་གཟུགས་ཀྱི་ངོས་གང་དུ་སྣང་བ་དེ་བྱུང་བ་དེ་སྲིད་དུ་དེ་ལས་གཞན་དང་གཞན་ཡུལ་ལྷག་མར་མུན་པ་འབྱུང་བར་འགྱུར་རོ། །སྣང་བ་ནུབ་
ན་ཡང་དུས་མཉམ་དུ་སྔོན་ཇི་ལྟ་བ་དེ་བཞིན་དུ་ཡང་མུན་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་སྔོན་གྱི་མུན་པ་བཞིན་དུ་སྣང་བ་དང་མུན་རུམ་ཡོད་པའི་གཟུགས་ཀྱི་ཡུལ་དུའོ། །འོ་ན་ད་ནི་མི་ཤེས་པའི་རྫས་གཅིག་པུ་འདི་ཇི་ལྟར་ན་ཉོན་མོངས་པ་ཡང་ཡིན་ལ། ཉོན་མོངས་
པ་མ་ཡིན་པ་ཡང་ཡིན་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཉོན་མོངས་པ་སྟེ། ཉོན་མོངས་པ་དང་། ལས་དང་། ཚེའི་རྒྱུར་གྱུར་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཡང་མ་ཡིན་ཏེ། ཡི་གེ་འདྲི་བ་དང་། བསྟན་བཅོས་དང་།
བཟོ་ལ་སོགས་པ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡང་ཡིན་ལ། མཚུངས་པར་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་ནི། འདི་ལྟར་མ་རིག་པ་དེ་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་རྣམ་
เล่ม ๑๑๕ · หน้า 233a
པར་གཞག་པ་དང་འདྲེས་པ་ཡིན་ནོ། །ཡང་ན་འདོད་ཆགས་ལ་སོགས་པས་ཉོན་མོངས་པ་ཅན་ཡིན་པས་རབ་ཏུ་སྦྱོར་བ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་རབ་ཏུ་སྦྱོར་བ་མ་ཡིན་པའི་ཕྱིར་རོ། །མི་དགེ་བ་ཡང་ཡིན་ལ།
མི་དགེ་བ་མ་ཡིན་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་མི་དགེ་བ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དགེ་བ་ཡང་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་ཡང་མཐོང་
བས་སྤང་བར་བྱ་བ་ཡིན་ལ། དེས་སྤང་བར་བྱ་བ་མ་ཡིན་པ་ཡང་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །ཞེས་བརྗོད་པའི་ཕྱིར་རོ། །སེམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་
ཉོན་མོངས་པ་ནི་སེམས་ཉོན་མོངས་པ་ཡིན་ནོ། །དེ་བས་ན་མི་ཤེས་པ་དེ་ཉོན་མོངས་པའི་མཚན་ཉིད་མ་ཡིན་ཡང་སེམས་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཡིན་པར་རྣམ་པར་གཞག་གོ། །ཇི་ལྟར་དེ་ལས་གཞན་པའི་ཤེས་པའི་མི་མཐུན་པའི་ཕྱོགས་སུ་
འདུག་པ་ན་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་མི་འགྱུར་བ་དེ་ལྟར་ཉོན་མོངས་པ་ཡིན་པར་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི་ཡི་གེ་འདྲི་བ་དང་། བསྟན་བཅོས་དང་། བཟོ་ལ་སོགས་པ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་འདུག་པ་ན། ཉོན་མོངས་པ་རྣམས་
ཀྱི་རྐྱེན་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་ཉོན་མོངས་པར་མི་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་མ་ཡིན་པར་ཡང་རྣམ་པར་མི་གཞག་སྟེ། ཉོན་མོངས་པ་དང་ཡུལ་མཚུངས་པ་ཡིན་པའི་ཕྱིར་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་པར་རྣམ་པར་གཞག་
གོ་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་པ་རྣམས་ལ་འདུ་བའི་མཚན་ཉིད་ཀྱི་བར་དུ་སྦྱོར་བ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡུལ་དེ་ལས་གཞན་ལ་ཤེས་པའི་སྒྲིབ་པའི་དངོས་པོར་འཇུག་པ་ནི་དམིགས་པ་གང་ལ་ཉོན་མོངས་པ་སྐྱེ་བ་དེ་ལས་གཞན་པའི་དམིགས་པ་ལ་
เล่ม ๑๑๕ · หน้า 233b
ཤེས་པའི་སྒྲིབ་པའི་དངོས་པོར་འདུག་པ་ནི་ཉོན་མོངས་པ་དང་མཚུངས་པ་མ་ཡིན་པའི་ཕྱིར། ཉོན་མོངས་པ་དང་མཚུངས་པར་ལྡན་པ་མ་ཡིན་པར་རྣམ་པར་གཞག་སྟེ། དམིགས་པ་ལ་འདྲེ་བ་མེད་པའི་ཕྱིར་རོ། །དགེ་བ་ཤེས་པའི་མི་མཐུན་པའི་ཕྱོགས་
ཡིན་པའི་ཕྱིར་མི་དགེ་བ་ཡིན་པར་རྣམ་པར་གཞག་སྟེ། དེའི་གཉེན་པོ་ཤེས་པ་ཐོབ་པར་བྱ་བ་ལ་གུས་པ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་ཤེས་པ་དེ་གཉེན་པོ་ཤེས་པ་ཐོབ་པར་བྱ་བ་ལ་གུས་པ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཞན་པ་
ལས་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། མི་དགེ་བ་ཡིན་པར་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི་དགེ་བ་ཤེས་པ་དེ་ལས་གཞན་པའི་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པའི་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པའི་
ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དཔེར་ན་ལུས་དང་ངག་གཡོ་
བ་དང་ཐ་སྙད་གཉིས་བསམ་པའི་དབང་གིས་ཞེས་བྱ་བ་ནི་ལུས་གཡོ་བ་དང་། ངག་གི་ཐ་སྙད་དོ། །སྒོ་དེ་ནས་ཞེས་བྱ་བ་ནི་ལུས་དང་ངག་གཡོ་བ་དང་། ཐ་སྙད་ཀྱི་སྒོ་ནས་སོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་འཇུག་པ་དང་། ལྡོག་
པར་ཀུན་དུ་སྦྱོར་བའི་ཕྱིར་དང་ཞེས་བྱ་བ་ནི་ལུས་དང་ངག་གཡོ་བ་དང་། ཐ་སྙད་ཀུན་ནས་སློང་བར་བྱེད་པའི་དགེ་བ་དང་། མི་དགེ་བའི་སེམས་པ་འཇུག་པ་དང་། ལྡོག་པའི་རྟེན་ཡིན་པའི་ཕྱིར་གོ་རིམས་བཞིན་ནོ། །མ་རིག་པ་གཉིས་པ་
སྨྲ་བ་ཡང་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བར་སྨྲ་བའོ། །ཤེས་བྱ་གང་ཡིད་ལ་བྱེད་པ་ན་ཤེས་པ་མི་སྐྱེ་བ་དེར་ནི་དེའི་མི་མཐུན་པའི་ཕྱོགས་མི་ཤེས་པ་ཀུན་དུ་འབྱུང་བ་ཡིན་པར་རྣམ་པར་གཞག་སྟེ། རང་གི་ཕྲ་རྒྱས་འཇུག་པ་ཐོབ་པའི་
เล่ม ๑๑๕ · หน้า 234a
ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་ན་ཤེས་པ་སོ་སོའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཤིན་ཏུ་མི་ཤེས་པ་ཡིན་ནོ། །སེམས་གཅིག་ལ་མི་ཤེས་པ་མཐའ་མེད་པ་དང་མཚུངས་པར་ལྡན་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟར་
གང་ཡིད་ལ་བྱེད་པ་ན་ཤེས་པ་མི་སྐྱེ་བ་དེར་ནི་དེའི་མི་མཐུན་པའི་ཕྱོགས་མི་ཤེས་པ་མངོན་དུ་གྱུར་པ་ཡིན་གྱི། ཤེས་བྱ་ཐམས་ཅད་ལ་ནི་མ་ཡིན་ནོ། །ཕྲ་རྒྱས་ནི་བག་ཆགས་སོ། །འཇུག་པ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་གྱུར་པའི་བྱེ་བྲག་གོ། །
ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་དེ་ནི་བག་ཆགས་རང་གི་འབྲས་བུ་མངོན་པར་འགྲུབ་པར་འགྱུར་རོ། །དུས་ཀུན་དུ་ཡང་མ་ཡིན། ཡུལ་ཐམས་ཅད་དུ་ཡང་མ་ཡིན་ཞེས་བྱ་བ་ནི་ཐམས་ཅད་དུ་ཡང་མ་ཡིན། ཤེས་བྱ་ཐམས་ཅད་ལ་ཀུན་དུ་འབྱུང་
བར་རྣམ་པར་གཞག་པ་ཡང་མ་ཡིན་པ་དེ་ལྟ་ཡིན་པའི་ཕྱིར་སེམས་གཅིག་ལ་མི་ཤེས་པ་མཐའ་མེད་པ་དང་མཚུངས་པར་ལྡན་པ་ཡིན་པར་འགྱུར་བ་མེད་དོ། །ཉོན་མོངས་པ་གང་དང་མཚུངས་པར་ལྡན་པ་དེ་ཉིད་དང་ལྷན་ཅིག་སྐྱེ་ཞིང་ཞེས་བྱ་བ་ནི་ཉོན་མོངས་པ་
གང་དང་མཚུངས་པར་ལྡན་པའི་མི་ཤེས་པ་དེ་ནི་ཉོན་མོངས་པ་དེ་དག་ཉིད་དང་ལྷན་ཅིག་སྐྱེ་ཞིང་འགག་གོ། །དེ་ལྟར་ནི་ཉེས་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བར་སྨྲ་བ་དག་བརྗོད་པ་ལྟར་ཡིན་ནོ་ཞེས་སློབ་དཔོན་གསུང་ངོ་། །གང་གི་ཕྱིར་འདི་
ལྟར་རྣམ་པར་གཞག་པ་ནི་ཐམས་ཅད་དུ་སྐྱོན་མེད་པ་ཡིན་ནོ། །དེ་བས་ན་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་ཞིག་ཡིན་པར་གྲུབ་པ་འདི་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཐོག་མ་དང་རྣམ་པར་འབྱེད་པའི་མདོ་སྡེའི་འགྲེལ་པ་རྒྱ་ཆེར་བཤད་པ་
རྫོགས་སོ།། །།འདི་མཛད་པའི་སློབ་དཔོན་ནི་ཡོན་ཏན་བློ་གྲོས་ཡིན་ཏེ། ཐེག་པ་ཆེན་པོ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ། །ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང་། ལོ་ཙཱ་བ་ནམ་མཁས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด