ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ད་ཤ་བྷཱུ་མི་བྱཱ་ཁྱ་ན་བྱཱ་ཁྱ་ན
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๖ · หน้า 28b
ཚོགས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱང་ལེགས་པར་བྱས་ཚོགས་ཀྱང་ལེགས་པར་བྱས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འཁོར་ནི་དེ་ཉིད་ཀྱི་ཡིན་པར་བཟུང་སྟེ། དེ་ཡང་ཚུལ་ཁྲིམས་ཀྱི་རྒྱུ་ཡང་དག་པའི་རྟོག་པ་ལ་སོགས་པ་དང་དེ་བཞིན་དུ་ཤེས་བཞིན་དང་། གཞན་ཡང་དེའི་རྒྱུ་གང་ཡིན་
པའོ། །འདི་སྐད་དུ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འཁོར་ལེགས་པར་བྱས་ཤིང་དག་པས་ན་ཚོགས་བསྩགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །མདོ་ལས་ནི་ཚོགས་ཤིན་ཏུ་བསྩགས་པ་ཞེས་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་ཀྱང་ལེགས་པར་བྱས་འཁོར་ཀྱང་ལེགས་པར་བྱས་པ་
ཞེས་འདིར་ཡང་གོང་མ་བཞིན་དུ་ཚིག་རྣམ་པར་སྦྱར་རོ། །དེའི་འཁོར་ནི་ལུས་དབེན་པ་དང་སེམས་དབེན་པ་དང་། འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་དང་། འཚོ་བ་དག་པ་ཞེས་བྱ་བ་ལ་སོགས་པ་མདོར་ན་ཡན་ལག་ཇི་སྙེད་ཀྱིས་ཏིང་ངེ་འཛིན་སྐྱེ་བ་དེས་ཐམས་ཅད་འཁོར་ཡིན་
ནོ། །ཏིང་ངེ་འཛིན་ལ་ཇི་ལྟར་སྤྱོད་པ་ཞེས་བྱ་ཞེ་ན། དམིགས་པ་ལ་སྤྱོད་པའི་སྐབས་ཡིན་པས་ཞེས་གཏན་ཚིགས་སྟོན་པར་བྱེད་དེ། དམིགས་པ་ཡུལ་ལ་སྤྱོད་ཅིང་རྒྱུ་ལ་འཇུག་པས་དེའི་སྐབས་ཡིན་པས་དེ་ལ་ལྟོས་ནས་དེ་རྒྱུ་མཚན་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་
ལྟར་དེའི་དབང་གིས་ན་སེམས་དམིགས་པ་གཞན་དག་བོར་ནས་གཅིག་ཁོ་ན་ལ་སྤྱོད་ཅིང་རྒྱུའོ། །མདོ་ལས་ནི། སྤྱོད་པ་ཤིན་ཏུ་སྤྱད་པ་ཞེས་བྱ་བ་ཡིན་ཏེ། སྤྱོད་པ་ཞེས་བྱ་བའི་སྒྲ་དང་། གོང་མའི་ཚོགས་ཞེས་བྱ་བའི་སྒྲ་ནི་འཁོར་ལ་ཡང་བལྟ་བར་བྱ་སྟེ། གྲོང་གི་ཉེ་འཁོར་ལ་གྲོང་གི་སྒྲར་
བརྗོད་པ་བཞིན་དུ་རིག་པར་བྱའོ། །དེ་དག་གིས་སངས་རྒྱས་རྣམས་ལ་ཡུན་རིང་མོ་ཞིག་ནས་ཆོས་ཀྱི་རྣམ་གྲངས་དུ་མ་མཉེན་པའི་ཕྱིར་བསྙེན་བཀུར་བྱས་པ་ཡིན་པས་བསྩགས་པ་སྟེ་མདོ་ལས་སངས་རྒྱས་བྱུང་བ་རྣམས་ཤིན་ཏུ་བསྙེན་བཀུར་བྱས་པ་ཞེས་བསྟན་པ་ཡིན་ནོ། །དེས་དེ་
དག་ལས་ཐོས་ནས། བསམ་པ་ལས་བྱུང་བས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ལེགས་པར་རྟོག་པར་བྱེད་དཔྱོད་པར་བྱེད་པས་ན་ཡོངས་སུ་བསྡུས་པ་བསྩལ་བ་ཡིན་ཏེ། མདོ་ལས་ནི་ཆོས་དཀར་པོ་ཤིན་ཏུ་བསྡུས་པ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དག་
เล่ม ๑๑๖ · หน้า 29a
གིས་བསམ་པ་ལས་བྱུང་བ་ཤིན་ཏུ་མཆོག་ཏུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་ལ་སྩོགས་པའི་མཚན་གྱི་ཆོས་དཀར་པོ་ཤིན་ཏུ་ཡོངས་སུ་བསྡུས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དེ་ལྟར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཀྱང་ཡོངས་སུ་དག། སངས་རྒྱས་རྣམས་ལས་ཆོས་
ཀྱི་རྣམ་གྲངས་དུ་མ་ཡང་ཐོས། རང་གི་ཆོས་དཀར་པོ་ཡང་བསྡུས་ཏེ་བདག་ཉིད་རྟོགས་པའི་འོས་སུ་རུང་བ་ཁོང་དུ་ཆུད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ས་ལ་འཇུག་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་གདམས་ངག་ཡོངས་སུ་མནོས་ནས་ངེས་པར་
འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་སྦྱོར་བའི་སྒོམ་པ་ལ་སྦྱོར་བས་ཡོངས་སུ་བཟུང་བ་བསྩགས་པ་ཞེས་བྱ་སྟེ། མདོ་ལས། དགེ་བའི་བཤེས་གཉེན་དུ་བཟུང་བ་ཞེས་གསུངས་པ་ཡིན་ནོ། །གང་དག་གིས་དགེ་བའི་བཤེས་གཉེན་རྣམས་ཤིན་ཏུ་བཟུང་བའམ། དགེ་བའི་
བཤེས་གཉེན་རྣམས་ཀྱིས་ཤིན་ཏུ་བཟུང་བ་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གི་ལུང་ནན་ཏན་དུ་བསྒྲུབས་པས་དེ་དག་བཟུང་བ་ཡིན་ལ། དེ་ཉིད་ཀྱིས་དེ་དག་གིས་ཀྱང་བཟུང་བ་ཡིན་ནོ། །དེ་དེ་ལྟར་དེ་དག་གིས་ཡང་དག་པའི་གདམས་ངག་བྱིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་
ལས་འདས་ནས་ས་དང་པོ་ལ་འཇུག་པས་ན། བསམ་པ་རྣམ་པར་དག་པ་བསྩགས་པ་ཡིན་ནོ། །མདོ་ལས་ནི། བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་དང་པོ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་
ཀྱི་བསླབ་པ་ཡོངས་སུ་དག་པ་ཉིད་བསྟན་ཏོ། །འོག་མ་བཞིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་དག་པ་ཉིད་བསྟན་ཏོ། །དེ་ནི་ཉན་ཐོས་ལ་སོགས་པ་དང་ཡང་ཐུན་མོང་ཡིན་པས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་དོན་བྱེད་པ་སྟེ། བདེ་བ་
དང་ཡིད་བདེ་བ་དང་། དེ་དག་གི་རྒྱུ་ཉེ་བར་སྒྲུབ་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་དེ་དག་གི་རྒྱུ་ཡོངས་སུ་སྤོང་བའོ། །དེ་ལ་འདི་དག་ཁོ་ན་ལ་ལྷག་པའི་བསམ་པ་ཡོད་ཀྱི་ཉན་ཐོས་ལ་སོགས་པ་ལ་མེད་པས་ན་ཤིན་ཏུ་རྒྱས་པ་བསྩགས་པ་སྟེ། མདོ་ལས་ནི། ལྷག་པའི་
เล่ม ๑๑๖ · หน้า 29b
བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་སེམས་ཅན་གྱི་དོན་གྱི་ཐབས་སུ་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་འདོད་པས་ན་མོས་པ་བསྩགས་པ་སྟེ། གཞན་ལས་ནི་ངེས་པའི་དངོས་པོ་ལ་ཡོན་ཏན་གྱི་སྒོ་ནས་ངེས་པར་འཛིན་པ་མོས་པ་ཡིན་ནོ་ཞེས་འབྱུང་མོད་ཀྱི།
འདིར་ནི་འདོད་པ་ཁོ་ན་མོས་པ་ཡིན་ནོ། །མདོ་ལས་ནི། མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཡིན་ལ། དེ་ལ་འདོད་པ་ནི་མོས་པ་སྟེ་དེ་དང་ལྡན་པ་ཞེས་ཚིག་རྣམ་པར་སྦྱར་
རོ། །དེ་དེ་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་འདོད་པ་ན་རྟག་ཏུ་སྙིང་བརྩེ་བ་དང་། སྙིང་རྗེ་དག་མངོན་དུ་བྱས་ནས་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསྩགས་པ་སྟེ། དེ་གཉིས་ཀྱིས་ན་སེམས་ཅན་རྣམས་ལ་ལྟ་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །
མདོ་ལས་ནི། སྙིང་བརྩེ་བ་དང་སྙིང་རྗེ་མངོན་དུ་གྱུར་པ་ཞེས་བསྟན་པ་ཡིན་ནོ། །ད་ནི་གང་གི་ཕྱིར་སེམས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཟད་པ་དང་མི་སྐྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ཉིད་གང་ལ་ཞེས་
བྱ་བ་ལ་སོགས་པས་བཤད་དེ། དེ་ལ་ཡོངས་སུ་ཤེས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །སྤོང་བ་ཀུན་འབྱུང་གི་བདེན་པའོ། །བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དང་སྦྱར་རོ། །མངོན་སུམ་དུ་བྱེད་པ་ནི་འགོག་པའི་བདེན་པའོ། །བསྒོམ་པ་ནི་ལམ་གྱི་བདེན་པའོ། །དེ་ལ་སངས་
རྒྱས་ཀྱི་རྒྱུད་དུ་གཏོགས་པ་ཡེ་ཤེས་ཀྱི་རང་བཞིན་གྱིས་ཡོན་ཏན་ཐམས་ཅད་བྱེ་བྲག་མེད་པར་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བཤད་དོ། །ད་ནི་ཕྲིན་ལས་ཀྱི་བྱེ་བྲག་གིས་རྣམ་པ་དགུར་ཕྱེ་ནས་ཚིག་དགུས་བཤད་པར་བྱའོ། །དེ་ལ་སྟོབས་བཅུའི་སྟོབས་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་
སྟོབས་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཏེ་གང་གིས་ན་གཞན་དག་གིས་དྲི་བ་དྲིས་པ་རྣམས་དེ་བཞིན་གཤེགས་པས་ཐོགས་པ་མེད་པར་ལུང་སྟོན་པར་མཛད་པའོ། །མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མི་འཇིགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་
เล่ม ๑๑๖ · หน้า 30a
ཏེ་གང་གིས་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པར་མཛད་པའོ། །སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པར་བྱ་
བའི་གདམས་ངག་སྩོལ་བར་མཛད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་སྐྱོབ་པའི་ཡེ་ཤེས་ཡིན་ཏེ། གང་གིས་ན་བསྡུ་བའི་དངོས་པོ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའོ། །སྙིང་བརྩེ་བ་དང་
སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པར་སྦྱོང་བའི་ཡེ་ཤེས་ཡིན་ཏེ། གང་གིས་ན་དེའི་གཞི་སྟེ། སེམས་ཅན་ཡོངས་སུ་སྨིན་པའི་གཞི། སྙིང་བརྩེ་བ་དང་སྙིང་རྗེ་དག་སྦྱོར་བར་མཛད་པའོ། །ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་
ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་མ་ལུས་པར་མཁྱེན་པའི་ཡེ་ཤེས་ཏེ། དེས་ན་ཕྱོགས་བཅུ་ན་གནས་པའི་སེམས་ཅན་རྣམས་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐོགས་པ་མེད་པས་ཡོངས་སུ་སྦྱར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་སྦྱོང་བའི་
ཡེ་ཤེས་སོ། །དེ་ལ་ཡོངས་སུ་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་ཡིན་གྱི། སྡོང་དུམ་དང་ཚེར་མ་ལ་སོགས་པ་བསྩལ་བས་ནི་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་མ་དག་པ་ཁོ་ནས་ཚེར་མ་ལ་སོགས་པས་གང་བར་སྣང་ལ་སེམས་ཡོངས་སུ་དག་པས་བེ་ཌཱུརྱ་
ལ་སོགས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །དེ་ཉིད་སྟོན་པར་བྱེད་དེ། ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཞིང་ཐམས་ཅད་དུ་ཐོགས་པ་མེད་ལ་སེམས་ཐོགས་པ་མེད་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པ་དག་གིས་སེམས་ཅན་རྣམས་འཇུག་པར་མཛད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་བུ་
དང་ཆུང་མ་ལ་སོགས་པ་མཐོང་ན་ཡང་མི་གོས་པ་ཉིད་དུ་རིག་པར་བྱའོ། །དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་གང་གི་དུས་ན་དུས་གསུམ་པའི་བསམ་པ་སྟེ། སེམས་རྣམས་དང་། བག་ལ་ཉལ་ཏེ་
เล่ม ๑๑๖ · หน้า 30b
ཉོན་མོངས་པའི་ས་བོན་རྣམས་སྐད་ཅིག་གཅིག་ལ་མཁྱེན་པའོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ཏེ་གང་གིས་ན་སེམས་ཅན་རྣམ་པར་ཐར་པར་བྱ་བའི་ཕྱིར་ཐབས་
མཁས་པས་ཅིག་ཅར་ཞིང་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ད་ནི་གཞི་གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་སྟེ། སྙིང་རྗེ་ཆེན་པོས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་དམིགས་ནས་དེ་
དག་རྣམ་པར་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པས་དེའི་གཞི་ཡིན་ཏེ། དེའི་ཆེན་པོ་ཉིད་ཀྱང་ཚིག་དགུས་བཤད་དོ། །ཕྲ་བའི་སྡུག་བསྔལ་ཉིད་ནི་འདུ་བྱེད་(གྱི་‚ཀྱི་)སྡུག་བསྔལ་ཉིད་དེ། དེའི་རྣམ་པར་འགྲོ་བ་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་སྙིང་རྗེ་སྐྱེ་སྟེ་དེའི་
ཕྱིར་དེའི་དབང་གིས་བྱང་ཆུབ་ཀྱི་སེམས་སྐྱེ་བར་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །ཐབས་མཁས་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ཡིན་ནོ། །བསམ་པ་དང་ལྷག་པའི་བསམ་པ་རབ་ཏུ་བསྟན་པ་ཞེས་བྱ་བ་འདི་དགྲོལ་ན་དེའི་
དུས་སུ་སེམས་ཅན་གྱི་དོན་བྱེད་པར་ཁས་ལེན་པ་ནི་བསམ་པའོ། །འཁོར་བ་ཇི་སྲིད་པར་ཁས་ལེན་པ་ནི་ལྷག་པའི་བསམ་པ་སྟེ། བསམ་པ་ལྷག་པ་ནི་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་རབ་ཏུ་བརྟན་པ་ཡིན་ཏེ། དེས་ཤིན་ཏུ་གསོས་ཤིང་འཕེལ་བའི་ཕྱིར་རོ། །དེ་
བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་ཞེས་བྱ་བ་འདི་དགྲོལ་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་དེས་དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུའི་ངོ་བོ་ཉིད་ཡོངས་སུ་འཛིན་པས་ན་འབྲས་བུ་དཔག་ཏུ་མེད་པ་
ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་སྟོབས་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་དགྲོལ་ན་སྙིང་སྟོབས་རྒྱ་ཆེན་པོ་ལ་མོས་པ་སྟེ། དེ་བཞིན་གཤེགས་པའི་མཐུ་རྒྱ་ཆེན་པོ་ལ་མོས་པ་སྟེ། བློའི་སྟོབས་ཟབ་མོ་ཤེས་པ་ཉིད་དག་
เล่ม ๑๑๖ · หน้า 31a
གིས་ཤིན་ཏུ་རྣམ་པར་ཕྱེ་ཞིང་སྦྱངས་པའི་རྣམ་པར་འབྱེད་པར་ཤེས་པ་ཞེས་བྱ་བ་གང་ལ་ཡོད་པའོ། །ཇི་ལྟ་ཞེ་ན། མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པའི་ཕྱོགས་སྤངས་པས་སྦྱངས་པ་ཡིན་པའི་ཕྱིར་རོ། །རང་བྱུང་གི་
ཡེ་ཤེས་དང་མཐུན་པ་ཞེས་བྱ་བ་འདི་དགྲོལ་ན་གཞན་གྱིས་མ་བསྟན་པ་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་རང་བྱུང་གི་ཡེ་ཤེས་ཏེ་དེ་ལ་སྐྱེ་བ་དང་མཐུན་པར་གནས་པའི་ཕྱིར་དེ་དང་མཐུན་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་རབ་དང་ཡེ་ཤེས་ཀྱི་
གདམས་ངག་ཡང་དག་པར་ཚོལ་བ་ཞེས་བྱ་བ་འདི་དགྲོལ་ན། ཤེས་རབ་དང་ཡེ་ཤེས་དག་གི་ཁྱད་པར་ནི་བཤད་ཟིན་པར་ཟད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་གང་དག་ཡིན་པ་དེའི་དོན་དུ་གདམས་ངག་ཚོལ་བ་སྟེ། དེ་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་
གདམས་ངག་ལུང་ཚོལ་བ་ཞེས་བྱ་བས་བཤད་དོ། །འདི་ལ་དམ་པའི་ཆོས་ཀྱི་དབྱིངས་གྱུར་པ་ཡོད་པའི་ཕྱིར་ཏེ། དེ་ཉིད་ཡོན་ཏན་ཡོངས་སུ་འཛིན་པའི་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བས་བསྟན་ཏོ། །ཆོས་ཀྱི་དབྱིངས་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་
རྒྱུ་ཉིད་དུ་གནས་པའི་ཕྱིར་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་པར་བྱེད་པས་ན་གཙོ་བོ་ལ་དམ་པ་ཞེས་བྱའོ། །གནས་པ་དང་མཐར་ཕྱིན་པའི་ཆེན་པོ་ཉིད་ནི་ཚིག་ཐ་མ་གཉིས་པོ་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་རྗོད་པར་བྱེད་པ་དག་གིས་བསྟན་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་ཉིད་
བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཡོན་ཏན་ཡིད་དུ་འོང་བ་རྣམས་སྐྱེ་བའི་རྒྱུ་ཡིན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་འཁོར་བ་ཇི་སྲིད་པར་ཟད་པར་མི་འགྱུར་ཏེ། གཟུགས་ལ་སོགས་པ་སྐྱེ་བ་ལ་གནས་ནམ་མཁའ་བཞིན་པས་ཡེ་ཤེས་ཕུན་སུམ་ཚོགས་
པའི་རྒྱུའི་དངོས་པོ་ཡིན་ནོ། །ཕྱི་མ་མ་འོངས་པའི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། དེར་འབབ་དེར་གཞོལ་དེའི་མུར་ཐུག་པ་ཡིན་པས་ན་སྤངས་པ་ཕུན་སུམ་ཚོགས་པའི་རྒྱུའི་དངོས་པོར་བརྗོད་པ་ཡིན་ནོ། །དཔེར་ན་བུད་མེད་འགའ་ཞིག་ལ། དང་པོར་བུ་ཡན་ལག་རྫོགས་པ་སྐྱེ་བའི་
เล่ม ๑๑๖ · หน้า 31b
རྒྱུ་མཚན་དུ་གྱུར་པ་མངལ་དུ་ཞུགས་ཏེ་བུ་ཆགས་པ་དེ་དང་ཆོས་མཐུན་པར་འདི་ལ་ཡང་སངས་རྒྱས་ཀྱི་སྐུ་ཡོན་ཏན་གྱི་ཡན་ལག་རྫོགས་པ་སྐྱེ་བར་བྱ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་སེམས་དང་པོར་སྐྱེའོ། །དཔེར་ན་བུ་དེ་ཉིད་རྒྱལ་པོའི་རྒྱལ་རིགས་ཆེན་པོར་སྐྱེས་ཤིང་དེ་ལས་གཞན་པའི་རིགས་
དམན་པ་རྣམས་ལས་འདའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་དེ་ལས་གཞན་པ་སོ་སོའི་སྐྱེ་བོའི་རིགས་རྣམས་ལས་འདའོ། །དཔེར་ན་བུ་དེ་རྒྱལ་པོས་བསྐྱེད་ཀྱང་མི་འདྲ་བ་བྲན་མོ་ལས་སྐྱེས་ན་གནད་ཀྱི་སྐྱོན་ལས་ནི་མི་འདའི་
རིགས་ཀྱི་ཐ་སྙད་ནི་ཕ་ལས་འབྱུང་བའི་ཕྱིར་དེ་རིགས་ལས་འདས་པ་ཞེས་ནི་བརྗོད་པ་ཉིད་དོ། །ནམ་ཞིག་འདི་རྒྱལ་པོའི་བཙུན་མོ་དམ་པ་ཐབས་རིར་བབ་པ་ལས་བསྐྱེད་པ་དེའི་ཚེ་གནད་ལས་གྱུར་པའི་སྐྱོན་སྨད་པའི་ངོ་བོ་དེ་ལས་ཀྱང་འདའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་
སེམས་དེ་སྐྱེད་པའི་ཕྱིར། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱིས་ཐབས་རིར་བབ་པའི་བཙུན་མོ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལས་བསྐྱེད་ཀྱི། ཐེག་པ་དམན་པའི་བྲན་མོ་ལས་མ་ཡིན་པས་གནད་ཀྱི་སྐྱོན་ཐམས་ཅད་ལས་འདའོ། །དཔེར་ན་བུ་དེ་འགྲོ་བ་གང་དུ་སྐྱེས་པ་དེས་
བསྡུས་པ་གང་ནས་ཤི་འཕོས་པ་དེ་ལས་འདའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པའི་སེམས་བསྐྱེད་པ་འཇིག་རྟེན་པའི་འགྲོ་བ་ལས་ནི་འདས་ལ། འཇིག་རྟེན་ལས་འདས་པའི་འགྲོ་བ་སྟོན་པ་ཞེས་བྱ་བ་ནི་བསྡུས་སོ། །དཔེར་ན་བུ་དེ་ལུས་རྫོགས་པ་རྙེད་པ་དེ་བཞིན་
དུ། འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཐོབ་པའི་ཕྱིར་སྙིང་རྗེའི་བདག་ཉིད་ཀྱི་ལུས་ཐོབ་བོ། །དེ་ཇི་ལྟ་ཞེ་ན། གཞན་གྱི་དགོས་པ་བདག་གི་དགོས་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་གཞན་གྱི་དགོས་པ་ཉིད་དེའི་རང་གི་
དགོས་པ་ཡིན་ནོ། །དཔེར་ན་བུ་དེ་སྐྱེས་ན་གདོན་མི་ཟ་བར་གནས་འགའ་ཞིག་ཏུ་གནས་པར་འགྱུར་བ་དེ་བཞིན་དུ་འདི་ཡང་སྙིང་རྗེ་དང་ལྡན་པའི་ཕྱིར་མྱ་ངན་ལས་འདས་པའི་ལམ་མཐོང་ཡང་འཁོར་བ་ཡོངས་སུ་མི་འདོར་བ་ཐབས་མཁས་པ་གནས་པའི་ཕྱིར་དེ་ནི་ཡང་ཀུན་ནས་ཉོན་མོངས་པར་མི་
เล่ม ๑๑๖ · หน้า 32a
འགྱུར་རོ། །དཔེར་ན་བུ་དེ་བཙས་ནས་འཚོ་བ་འགའ་ཞིག་གིས་འཚོ་བར་བྱེད་པ་དེ་བཞིན་དུ་འདི་ཡང་དུས་གསུམ་མཉམ་པ་ཉིད་དུ་ལྟ་ཞིང་སྟོང་པ་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་འཚོ་བར་བྱེད་དོ། །དཔེར་ན་བུ་སྐྱེས་ན་རིགས་དང་འཚམ་པའི་ཕུན་སུམ་ཚོགས་པ་འགའ་ཞིག་
གདོན་མི་ཟ་བར་ཡོད་པ་དེ་བཞིན་དུ། འདིའི་ཕུན་སུམ་ཚོགས་པ་ཡང་སངས་རྒྱས་ཀྱི་རིགས་སུ་ངེས་ཤིང་ཡོངས་སུ་མི་ཉམས་པ་ལ། མྱ་ངན་ལས་འདས་པ་ནི་རྫོགས་པའི་བྱང་ཆུབ་སྟེ། དེ་ལ་གཞོལ་བ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་
དེ་འདྲ་བ་ཉིད་དུ་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི་མི་འདྲ་བ་ཉིད་དུ་ཡང་བསྟན་ཏོ། །ཇི་ལྟ་ཞེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་དུ་བཤད་པ་ཡིན་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་མའི་མངལ་དུ་བུ་ཆགས་པ་ཁུ་ཆུ་དང་ཁྲག་འདྲེས་པ་ཞེས་བྱ་བ་གང་
ཡིན་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོད་པས་ཐུན་མོང་སྟེ་སྤྱི་ཡིན་ནོ། །འདི་དག་གི་མངལ་དུ་འཇུག་པ་དང་པོ་ཁོ་ནར་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པའི་མཚན་ཉིད་གང་ཡིན་པ་དེ་དག་ལ་མེད་པས་ཐུན་མོང་མ་ཡིན་ཏེ་སྤྱི་མ་ཡིན་ནོ། །དེ་བཞིན་དུ་རིགས་ལས་
འདས་པ་ལ་སོགས་པ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་དགའ་བ་ཁོ་ན་རང་གི་ངོ་བོ་དང་གནས་སྐབས་དང་བྱེད་པའི་བྱེ་བྲག་གིས་རྣམ་པ་དགུར་གཞག་སྟེ། དེ་ལ་བདེན་པ་བཞི་མངོན་
པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ནི་དེའི་རང་གི་ངོ་བོ་སྟེ། དང་བའི་མཆོག་ཏུ་དགའ་བའོ། །དགའ་བ་ཉིད་མཆོག་ཏུ་དགའ་བ་ཡིན་ཏེ། དམིགས་པ་ཆོས་ཀྱི་དབྱིངས་ལ་དགའ་ཞིང་དེ་ཁོ་ན་ལ་གནས་པ་སྟེ། དེས་ན་དགའ་བའི་ཕྱིར་རོ། །དེ་འཕེལ་བས་དགའ་
བ་དེ་ཉིད་གོང་མ་གོང་མའི་གནས་སྐབས་དང་བྱེད་པའི་བྱེ་བྲག་གིས་མཆོག་ཏུ་དགའ་བ་ལྷག་མ་རྣམས་རིག་པར་བྱ་སྟེ། དེ་ལྟར་ན་བཅུ་ཚན་འདིས་མཆོག་ཏུ་དགའ་བ་ཅི་འདྲ་བ་དེ་བཤད་དོ། །ད་ནི་དེའི་དམིགས་པ་དེ་བཅུ་ཚན་གཉིས་ཀྱིས་སྟོན་པར་བྱེད་དེ། དེ་ལ་རྗེས་སུ་དྲན་པ་དང་པོ་དང་
เล่ม ๑๑๖ · หน้า 32b
ཞེས་བྱ་བ་ལ་སོགས་པ་ལ། དང་པོ་སངས་རྒྱས་ནི་རྟེན་གཟུགས་ཀྱི་སྐུ་དང་བརྟེན་པ་ཡོན་ཏན་རྣམས་རྗེས་སུ་དྲན་ནོ། །གཉིས་པ་ནི་རྣམ་པར་ཕྱེ་སྟེ་བརྟེན་པ་ཡོན་ཏན་རྣམས་འབའ་ཞིག་རྗེས་སུ་དྲན་ནོ། །གཉིས་པ་ནི་དེ་དག་གི་རིགས་ལ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་
དེའི་སྤྱོད་པ་རྗེས་སུ་དྲན་པ་སྟེ། དེ་གཉིས་ཅིའི་ཡུལ་ཅན་ཞེ་ན། དེ་དག་གི་རིགས་ལ་ཞེས་དེ་གཉིས་ཀྱི་ཡུལ་སྟོན་པར་བྱེད་དོ། །དེ་དག་ཅེས་བྱ་བའི་སྒྲས་ནི་སྐབས་སུ་བབ་པ་སངས་རྒྱས་དང་ཆོས་དག་སྟོན་པར་བྱེད་དོ། །གོ་རིམས་བཞིན་ནོ་ཞེས་བྱ་བ་ནི། འདི་སྐད་དུ་སངས་རྒྱས་
ཀྱི་རིགས་ལ་རྗེས་སུ་དྲན་པ་ནི་དང་པོའོ། །ཆོས་ཀྱི་རིགས་ལ་རྗེས་སུ་དྲན་པ་ནི་གཉིས་པའོ། །ཇི་ལྟར་སངས་རྒྱས་རྣམས་ནི་དེ་ལས་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་རིགས་ཞེས་བྱ་བ་དེ་བཞིན་དུ་ཆོས་ཀྱི་རིགས་ཀྱང་དེ་དང་འདྲ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་
སེམས་དཔའི་སྤྱོད་པ་ལས་སྐྱེས་པའི་ཕྱིར་རོ། །དངོས་སུ་ཐ་དད་པ་མ་ཡིན་ཡང་ཐ་དད་པ་བརྗོད་པར་བཞེད་པ་རྟེན་དང་བརྟེན་པ་ཐ་དད་པར་བསྟན་ཏེ། དཔེར་ན་སངས་རྒྱས་དང་ཆོས་རྗེས་སུ་དྲན་པ་དག་བཤད་པ་ལྟར་འདི་དག་ཀྱང་དེ་དང་འདྲའོ། །དེ་ལ་སྤྱོད་པ་ལས་སངས་རྒྱས་རྗེས་སུ་
དྲན་པ་ཉིད་ཡན་ལག་ཀྱང་ཡིན་ཏེ་སངས་རྒྱས་རྗེས་སུ་དྲན་པ་སྤྱིར་བཤད་པ་དག་བྱེ་བྲག་གི་ངོ་བོར་བརྟེན་པའི་ཕྱིར་རོ། །ཉེ་བའི་ཡན་ལག་ཀྱང་ཡིན་ཏེ། རྣམ་པར་དག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་རྣམ་པར་དབྱེ་བར་བྱ་བ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་
དཔའ་དང་། དེའི་སྤྱོད་པ་ལ་སོགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ཉིད་ནི་སངས་རྒྱས་ཁོ་ནའི་རྒྱུའི་གནས་སྐབས་རྗེས་སུ་དྲན་པ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དང་དེའི་སྤྱོད་པ་ལ་སོགས་པ་འདི་དག་ནི་མ་འོངས་པ་ཡིན་པར་རིག་པར་བྱའོ། །དེ་ནི་ད་ལྟར་
བྱུང་བའི་དམིགས་པའི་དབང་དུ་བྱས་ནས། སོ་སོའི་སྐྱེ་བོའི་ལོངས་སྤྱོད་ལས་ཕྱིར་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱད་པར་བྱ་བ་ཡིན་པས་ན་ལོངས་སྤྱོད་ནི་ཡུལ་ཡིན་ཏེ། འདོད་པའི་ཡོན་ཏན་ལྔ་དག་གོ། །དེ་དག་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ལྷག་པར་
เล่ม ๑๑๖ · หน้า 33a
ཆགས་ཤིང་ལོངས་སྤྱོད་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟ་མ་ཡིན་པས་སོ་སོའི་སྐྱེ་བོའི་ལོངས་སྤྱོད་ལས་ཕྱིར་ལོག་པ་ཞེས་བྱའོ། །སངས་རྒྱས་ཀྱི་ས་དང་ཉེ་བ་ལ་ཞུགས་པའི་ཕྱིར་སོ་སོའི་སྐྱེ་བོ་བཞིན་དུ་ཡུལ་རྣམས་ལ་མི་སྤྱོད་པ་ན་ལོངས་སྤྱོད་མི་འདྲ་བ་ཉིད་
དོ། །བྱིས་པའི་ས་དང་ཡེ་ཤེས་ཀྱི་ས་དང་རིང་བར་གྱུར་པ་དང་ཉེ་བ་དག་གིས་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་འཛམ་བུའི་གླིང་གི་དབང་ཕྱུག་ལ་སོགས་པའི་ལུས་འཐོབ་པས་ན་ལུས་འདྲ་བ་ཉིད་དོ། །ལྷག་མ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་ནི་ལུས་དང་ངག་དང་
ཡིད་ཀྱི་སྤྱོད་པ་སྟེ། དེ་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཕལ་ཆེའི། དགེ་བ་བཅུའི་ལས་ཀྱི་རང་བཞིན་དག་ཡིན་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ནི་དེ་ལས་བཟློག་པ་ཡང་དག་པའི་སྒྲུབ་པ་ཡིན་པས་སྒྲུབ་པ་མི་འདྲ་བ་ཉིད་དོ། །འདི་ལྟར་བུའི་གྲོགས་ནི་ཕ་བྱེད།
ཕའི་གྲོགས་ནི་བུ་བྱེད། རྒྱལ་པོ་ནི་འབངས་རྣམས་ཀྱི་གྲོགས་བྱེད། འབངས་རྣམས་ཀྱང་རྒྱལ་པོའི་གྲོགས་བྱེད་ཀྱི། འདི་ནི་སེམས་ཅན་ཐམས་ཅད་ཀྱི་གྲོགས་བྱེད་ཀྱང་། དེ་དག་ནི་དེ་བཞིན་གྲོགས་མི་བྱེད་པས་གྲོགས་སུ་གྱུར་པ་མི་འདྲ་བ་ཉིད་དོ། །དེ་དག་ནི་སྲེད་པའི་བྲན་དུ་གྱུར་
པའི་ཕྱིར་ནོར་བདག་གི་གཞན་གྱི་དབང་དུ་གྱུར་པ་ཡིན་གྱི། འདི་ནི་ཆོས་ཀྱི་རྗེའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་གཞན་གྱི་དབང་དུ་གྱུར་པ་མི་འདྲ་བ་ཉིད་དོ། །དེ་དག་ནི་སྡོང་དུམ་ཚེར་མ་ལ་སོགས་པས་ཡོངས་སུ་མ་དག་པའི་ཡུལ་དུ་སྐྱེས་པ་ཡིན་གྱི། འདི་ནི་སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བས་ན་ཡུལ་མི་འདྲ་བ་ཉིད་དོ། །དེ་དག་ནི་ལོག་པའི་འཚོ་བ་ལ་དགའ་བ་ཡིན་གྱི། འདི་ནི་ཡང་དག་པའི་ལས་ཀྱི་མཐའི་འཚོ་བ་ལ་དགའ་བ་ཡིན་པས་འཚོ་བ་མི་འདྲ་བ་ཉིད་དོ། །དེ་དག་ནི་ཕུན་སུམ་ཚོགས་པ་དང་འབྱོར་པ་ནི་འཚེ་བ་མང་པོ་དང་
འབྲེལ་བ་ཡིན་གྱི། འདིའི་འབྱོར་པ་ནི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་རྒྱ་ཆེ་བ་ཡིན་པས་ཕུན་སུམ་ཚོགས་པ་མི་འདྲ་བ་ཉིད་དོ། །འཇིག་པ་འདི་དག་ལས་ཞེས་བྱ་བ་ལ་སོགས་པ་ལ་གསུམ་ཞེས་བྱ་བ་ནི་འཚོ་བ་མེད་པས་འཇིག་པ་དང་ཚིགས་སུ་བཅད་པ་མེད་པ་དང་། འཁོར་གྱི་
เล่ม ๑๑๖ · หน้า 33b
ནང་དུ་བག་ཚ་བ་སྟེ་གོ་རིམས་བཞིན་དུ་ལུས་དང་ངག་དང་སེམས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །དེ་ལ་དང་པོ་ནི་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་། སྟན་ལ་སོགས་པ་ལུས་ཀྱི་ཡོ་བྱད་ཀྱི་སྒོ་ནས་འོངས་པའི་ཕྱིར་ལུས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །གཉིས་
པ་ནི་ཕ་རོལ་པོ་རྣམས་ཀྱི་ཚིག་གིས་ལོག་པར་སུན་འབྱིན་པའི་ཕྱིར་དང་། མི་སྙན་པ་བརྗོད་ཅིང་ཀུན་ནས་བསླང་བའི་ཕྱིར་ངག་གིས་མྱོང་བའི་རྟེན་ཅན་ཡིན་ནོ། །གསུམ་པ་ནི་ནང་གི་ཀུན་དུ་རྨོངས་པས་ཀུན་ནས་བསླང་བའི་ཕྱིར་སེམས་ཀྱིས་མྱོང་བའི་རྟེན་ཅན་ཡིན་ནོ། །གསུམ་པ་དང་བཞི་པ་
ནི་འཆི་བས་འཇིགས་པ་དང་། ངན་འགྲོས་འཇིགས་པ་དག་སྟེ། ལུས་ཀྱི་རྟེན་ཅན་ཡིན་ནོ། །ལུས་ནི་དབང་པོ་དང་བཅས་པའི་ལུས་ཏེ། རྟེན་དང་བརྟེན་པ་ཐ་དད་པའི་ངོ་བོར་ལུས་ཐམས་ཅད་ལུས་ཡིན་ནོ། །དེ་ཡང་བདེ་འགྲོ་དང་ངན་འགྲོའི་བྱེ་བྲག་གིས་འདོད་པ་དང་མི་འདོད་པ་ཡིན་ཏེ།
དེ་དག་དང་འབྲལ་བ་དང་ཕྲད་པ་ལ་ལྟོས་ནས་བསོད་ནམས་མ་བྱས་པ་ལས་འཇིགས་པ་འདི་གཉིས་འབྱུང་ངོ་། །ལོག་པའི་ཤེས་བྱ་ཞེས་བྱ་བ་ནི་ཤེས་བྱ་ལོག་པ་བདག་ལ་སོགས་པ་སྟེ། དེར་འདུ་ཤེས་པ་ལ་སོགས་པ་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །དེ་ལ་
འཚོ་བ་མེད་པས་འཇིགས་པའི་གཞི་ཡང་བདག་ཏུ་འདུ་ཤེས་པ་ལ་སོགས་པ་ཡིན་ནོ། །འཆི་བས་འཇིགས་པའི་གཞི་ཡང་ཀྱི་ཧུད་བདག་ནི་མེད་པར་འགྱུར་རོ་སྙམ་པའོ། །དེ་བཞིན་དུ་ཚིགས་སུ་བཅད་པ་མེད་པས་འཇིགས་པ་མེད་པའི་རྒྱུ་ཡང་བདག་ཏུ་འདུ་ཤེས་པ་ལ་སོགས་པ་ཁོ་
ན་ཡིན་ཏེ། འདི་གསུམ་འདི་དག་གི་རྒྱུ་མཚན་ཉིད་ཡིན་པ་ནི། མདོ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །དགེ་བའི་རྩ་བ་ཆུང་བ་ཉིད་ནི་ངན་འགྲོས་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དག་གི་གཞི་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ལུས་འགྱུར་བའི་བྱེ་བྲག་
ཅན་ཞེས་བྱ་བ་ནི་སྤུ་ཟིང་ཞེས་བྱེད་པ་ལུས་འགྱུར་བ་ཡིན་པར་བསྟན་ཏོ་ཞེས་བསྟོད་པར་བྱའོ། །ལྷག་མ་ནི་གོ་སླའོ། །བསྙེན་བཀུར་བྱེད་པ་ལ་སོགས་པ་ལ་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བཀུར་བྱེད་ན་ཡང་དག་པའི་ལམ་ཐོས་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་
เล่ม ๑๑๖ · หน้า 34a
གཉིས་སུ་མི་ལྟུང་བས་ན་ཆུད་མི་ཟ་བ་ཞེས་བཤད་དེ། མཐར་ལྟུང་བ་ནི་ཆུད་ཟོས་པ་ཡིན་པའི་ཕྱིར་རོ། །གནས་པ་མེད་པ་ནི་འདིར་བསམ་གཏན་གྱི་རོ་མྱང་བ་མེད་པ་ཡིན་ཏེ། འཇིག་རྟེན་ན་ཡང་གནས་པ་དང་། ཞེན་པ་དང་ཐོགས་པ་ནི། ཆགས་པ་ཁོ་ན་ཡིན་ལ།
ཐོགས་པ་མེད་པར་སྤྱོད་པ་ནི་གནས་པ་མེད་པར་སྤྱོད་པ་ཞེས་བྱའོ། །ཆགས་པ་མེད་པ་སྩོགས་པ་དང་མངོན་པར་དགའ་བ་མེད་པ་སྩོགས་པ་ནི་ཐོབ་པ་དང་མ་ཐོབ་པ་ཞེས་བྱ་བ་དང་གོ་རིམས་བཞིན་ཏེ། མདོ་ལས་ནི་ཚིག་གཉིས་ཀྱིས་རྙེད་པ་ལ་སོགས་པ་(ད་‚དེ་)ལྟར་བྱུང་བ་ལ་ཆགས་པ་མེད་
པ་དང་། མ་འོངས་པ་ལ་མངོན་པར་དགའ་བ་མེད་པས་གསུངས་སོ། །གང་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དེ། ཚིག་དང་པོས་བསྟན་ཏོ། །ཅི་འདྲ་བ་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པ་ཉིད་དུ་རྣམ་པར་ཕྱེ་བའི་
ངོ་བོའོ། །ཇི་ལྟར་མངོན་པར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་མཚན་ཉིད་ཀྱི་ཐབས་གང་གིས་ཐམས་ཅད་མཁྱེན་པ་ཉིད་དེ། འཐོབ་པ་སྟེ་ཚིག་གསུམ་པས་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཆགས་པ་མེད་པ་ཚོལ་བ་སྟེ། ཆགས་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་
ཟིལ་གྱིས་ནོན་པའི་ཕྱིར་མ་དག་པ་ཡིན་ནོ། །གང་དང་ཅི་འདྲ་བ་དང་། ཇི་ལྟར་ཞེས་བྱ་བ་དེ་དག་ལ་བརྟེན་ནས་གོ་རིམས་བཞིན་དུ་ཐམས་ཅད་མཁྱེན་པའི་ས་འདོད་པ་ལ་སོགས་པ་གསུམ་ཡིན་ནོ། །གསུམ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་
ཉིད་མངོན་པར་འདོད་པ་གང་ཡིན་པ་དེ་ཉིད་མི་མཐུན་པའི་ཕྱོགས་སྤངས་པ་བརྗོད་པའི་ཕྱིར། ཚིག་ལྷག་མ་རྣམས་ཀྱིས་རྣམ་པར་འབྱེད་དོ། །གཉེན་པོ་ཀུན་དུ་སྤྱོད་པ་ནི་དོན་གྱིས་གོ་བར་ཟད་དོ། །དེས་ནི་ཟློག་པར་བྱེད་ཅིང་ཞེས་བྱ་བ་ནི་རྒྱུ་སྟོན་པར་བྱེད་པའོ། །ཁས་མི་ལེན་ཞེས་བྱ་བ་ནི་གཡོ་
ཡིན་ཏེ། འདི་གཉིས་ནི་དྲི་མ་གཅིག་ཡིན་ནོ། །ཇི་སྐད་སྨྲས་པ་བཞིན་མི་བྱེད་པ་ནི་དྲི་མ་གཉིས་ཏེ། དྲི་མ་འདི་གཉིས་ནི་མདོའི་ཚིག་གཉིས་ཀྱིས་བསྟན་ཏེ། །ལྷག་མ་ནི་གོ་སླའོ། །སེམས་རྣམ་པར་གཡེང་བའི་རྒྱུ་དག་ནི་བརྗེད་ངས་པ་དང་། ཤེས་བཞིན་མ་ཡིན་པར་གནས་པ་དང་།
เล่ม ๑๑๖ · หน้า 34b
འདུ་འཛི་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་དག་ཡིན་པར་རིག་པར་བྱའོ། །འདི་ནི་ས་བཤད་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་ནི་བསམ་པ་དང་། སྦྱོར་བ་དང་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་བཤད་པ་གང་ཡིན་པ་དེ་ནི་རབ་ཏུ་གནས་པ་ཞེས་བྱའོ། །སྔར་ནི་དང་པོ་དོན་དམ་པ་པའི་
སེམས་སྐྱེས་པ་ཙམ་གྱིས་གནས་པ་བཤད་དོ། །ད་ནི་བསྒོམ་པའི་ལམ་ན་གནས་སྐབས་མཆོག་ཏུ་གྱུར་པས། མཐོང་བའི་ལམ་ན་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའི་ཕྱིར་ཤིན་ཏུ་ཞུགས་པས་ན་རབ་ཏུ་གནས་པ་ཞེས་བྱའོ། །ཡང་དག་པར་ཚོལ་བས་རིམ་གྲོ་བྱ་བ་ནི་དགེ་བའི་
བཤེས་གཉེན་རྣམས་ཚོལ་བ་གུས་པར་སྨྲ་བ་ལ་སོགས་པ་འདུད་པར་བྱེད་པ་ཡིན་ཏེ། བསྙེན་བཀུར་བྱ་བས་རིམ་གྲོ་བྱ་བའི་སྔ་ལྟས་ཡིན་ནོ། །སྒྲུབ་པས་རིམ་གྲོ་བྱ་བ་ནི་སྡོམ་པ་བླངས་པའི་ཡིན་ཏེ། དེ་བསྲུང་བའི་ཕྱིར་རོ། །སྒྲུབ་པའི་མཆོད་པ་ནི་དད་པ་དང་།
སྐྱབས་སུ་འགྲོ་བ་ལ་སོགས་པ་སྡོམ་པ་ཁོ་ན་ཡིན་པས་ཐ་དད་པ་ཡིན་ནོ། །དེ་ལ་གནས་པ་ཉིད་ནི་སངས་རྒྱས་ཐམས་ཅད་ཡུལ་ཡིན་པའི་ཕྱིར་རོ། །དངོས་པོ་ཆེན་པོ་ཉིད་ནི་སྣ་ཚོགས་མང་ཞིང་རྒྱ་ཆེ་བའི་ཕྱིར་རོ། །བསམ་པ་ཆེན་པོ་ཉིད་ནི་རྒྱ་ཆེ་ཞིང་རྣམ་པར་དག་པ་ལ་མོས་པའི་བསམ་པ་
ཡིན་པའི་ཕྱིར་རོ། །བསོད་ནམས་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ནི་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བའི་ཕྱིར་རོ། །རྒྱུའི་དངོས་པོ་ཆེན་པོ་ཉིད་ནི་འཁོར་བ་ཇི་སྲིད་པ་དང་འབྲས་བུ་རྟག་པའི་རྒྱུན་ཡིན་པའི་ཕྱིར་རོ། །ཚིག་གཉིས་ཀྱིས་ནི་དུས་ཆེན་པོ་ཉིད་བསྟན་ཏེ། བསྐལ་པ་དང་སངས་
རྒྱས་འབྱུང་བ་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་རོ། །སྨོན་ལམ་ཆེན་པོ་གསུམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཟད་པར་ཁྱབ་པས་ཞེས་བྱ་བ་ནི་མ་ལུས་པའི་ཞེས་བྱ་བའི་སྒྲའི་དོན་སྟོན་པར་བྱེད་པའོ། །ཐམས་ཅད་ཅེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཁྱད་པར་དུ་
བྱེད་པ་ཡིན་ནོ། །དེ་ལ་འཇིག་རྟེན་གྱི་ཁམས་འབའ་ཞིག་སྨོས་ན་ནི་འཇིག་རྟེན་གྱི་ཁམས་སུ་ཞེས་བྱ་བ་འདི་ཙམ་དུ་གོ་བར་འགྱུར་གྱི། འཛམ་བུའི་གླིང་ཐམས་ཅད་དུ་ཞེས་བྱ་བར་ནི་མ་ཡིན་ནོ། །ཟད་པར་ཁྱབ་པ་མ་ལུས་པ་སྨོས་པས་ནི་འཇིག་རྟེན་གྱི་ཁམས་གཅིག་ན་ཡང་འཛམ་
เล่ม ๑๑๖ · หน้า 35a
བུའི་གླིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དུ་ཡིན་ཞེས་བཤད་པ་ཡིན་ནོ། །སྨོན་ལམ་གསུམ་པ་འདིས་ནི་རྟེན་ཅིང་འདྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་བསྟན་ཏེ། དགའ་ལྡན་གྱི་གནས་ནས་གཤེགས་པ་ལ་སོགས་པས་རྟེན་སངས་རྒྱས་
ཀྱི་སྤྲུལ་པའི་སྐུ་བརྗོད་པའི་ཕྱིར་རོ། །སྔོན་དུ་བཏང་བས་ཞེས་བྱ་བ་ནི་ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་བར་བྱའོ་ཞེས་དེ་སྙམ་དུ་དང་པོར་སེམས་ལ་བཞག་ནས་ཕྱིས་དགའ་ལྡན་གྱི་གནས་ནས་གཤེགས་པ་ལ་སོགས་པ་སྟོན་
པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཞི་པ་ཞེས་བྱ་བ་ལ་སོགས་པ་ནི། ད་ནི་སེམས་ཅན་འདྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་གདམས་ངག་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པ་བརྟན་པའི་སེམས་ཀྱིས་ཏེ། ཚིག་དང་པོ་
དང་། ཐ་མ་གཉིས་དང་། ཚིག་བར་མ་རྣམས་ཀྱིས་སྤྱོད་པ་དེ་ཉིད་ཀྱི་རྣམ་པ་དང་། རང་བཞིན་དང་། ལས་དང་། ཐབས་ཐ་དད་པ་སྟོན་པར་བྱེད་དོ། །རྣམ་པ་ལ་སོགས་པ་བཤད་པ་ཉིད་ལས་ལེགས་པར་རྣམ་པར་ཕྱེ་བར་ཟད་དོ། །ས་དག་ལས་འཇིག་རྟེན་པ་ཇི་ལྟར་ཡོད་པ་མ་ཡིན་
ནམ་ཞེ་ན། དེའི་རྗེས་ལ་ཐོབ་པ་ཡིན་གྱི། སས་བསྡུས་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཐབས་བསྟན་པ་ལས་སྤྱོད་པ་ལྟ་བུ་ཞེས་བྱ་བ་ནི་དེ་དང་འདྲ་བའི་ས་བཅུ་པའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་བྱ་སྟེ། ཕ་ལྟ་བུ་ཞེས་བྱ་བ་བཞིན་ནོ། །སའི་ལམ་ཇི་ལྟ་བ་
བཞིན་དུ་སྟོན་པ་ཡང་འདི་ཉིད་ཡིན་ནོ། །ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་ད་ནི་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཡོངས་སུ་སྟོན་ཏེ། དེ་དག་ཀྱང་རྣམ་པ་དྲུག་ཏུ་ཐ་དད་པ་རྣམས་སོ། །རྣམ་པ་དྲུག་པོ་དེ་དག་ཀྱང་བཤད་པ་ཉིད་ལས་བཤད་པར་ཟད་དོ། །དྲུག་པ་ཞེས་
བྱ་བ་ལ་སོགས་པ་ནི་ད་ནི་སེམས་ཅན་དེ་དག་གང་ན་གནས་པ་དེ་བརྗོད་དེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་ལ་ཤིན་ཏུ་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་ནི་དཔེར་ན་སྒྱུ་མའི་གསང་སྔགས་ཀྱི་མཐུས་མིག་འཕྲུལ་གླང་པོ་ཆེ་དང་རྟ་ལ་སོགས་པའི་མཚན་
เล่ม ๑๑๖ · หน้า 35b
ཉིད་ཀྱི་རྣམ་པར་དབྱེ་བ་ངོ་བོ་སྣ་ཚོགས་བརྫུན་ཡང་སྣང་བ་དེ་བཞིན་དུ་ལས་སྒྱུ་མའི་མཐུས་འཇིག་རྟེན་གྱི་ཁམས་རྣམ་པ་དུ་མར་ཐ་དད་པས་ཐ་དད་པ་འདི་དག་ཀྱང་བརྫུན་བཞིན་དུ་སྣང་སྟེ། བདག་ཉིད་ཀྱིས་དེ་ལྟར་དོན་དམ་པའི་མཚན་ཉིད་ཀྱི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། སེམས་ཅན་
རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་སྨོན་ལམ་འདེབས་སོ། །འདི་སྙེད་དུ་ཡོངས་སུ་ཆུད་པ་ནི་ཚད་དོ། །དེ་མེད་པའི་ཕྱིར་ཚད་མེད་པ་སྟེ། དེ་ལྟར་ཚད་མེད་པ་དེ་དག་གི་རྣམ་པར་དབྱེ་བ་རྣམ་པ་དུ་མ་གང་ཡིན་པ་དེ་ལ་འཇུག་པ་མངོན་སུམ་དུ་བྱ་བའི་ཕྱིར་སྨོན་ལམ་འདེབས་སོ། །
བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ད་ནི་གང་ལ་གནས་ཏེ་ཡོངས་སུ་སྨིན་པར་བྱ་བ་དེ་སྟོན་ཏེ། དེ་ལ་ཞིང་ཐམས་ཅད་ཞིང་གཅིག་དང་ཞེས་བྱ་བ་ནི་ཞིང་ཐམས་ཅད་རང་གི་ཞིང་དང་འདྲ་བ་ཉིད་དུ་བསྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་མཉམ་པར་
རྒྱུ་བ་སྟེ་དེས་ཡོངས་སུ་སྦྱོང་བའོ། །འོད་ཀྱི་རྒྱན་གྱིས་ནི་ཁ་དོག་ཕུན་སུམ་ཚོགས་པ་སྟོན་ཏེ། རིན་པོ་ཆེ་མཆོག་ཏུ་འབར་བས་བརྒྱན་པའི་ཕྱིར་རོ། །རྣམ་པར་བཀོད་པའི་རྒྱན་གྱིས་ནི་དབྱིབས་ཕུན་སུམ་ཚོགས་པ་སྟོན་ཏེ། དབྱིབས་སྣ་ཚོགས་པ་དུ་མ་བཀོད་པའི་ཕྱིར་རོ། །ཉོན་མོངས་
པ་ཐམས་ཅད་དང་བྲལ་བའི་ཕྱིར་ཡོངས་སུ་དག་པའི་ལམ་འཇིག་རྟེན་ལས་འདས་པའི་ལམ་དེ་དང་ལྡན་པས་ཟག་པ་མེད་པའི་དགའ་བ་དང་བདེ་བ་ལ་ཡོངས་སུ་ལོངས་སྤྱོད་ཅིང་དེ་ལ་གནས་པ་རྣམས་ཉེ་བར་བརྟན་པར་འགྱུར་བར་སྨོན་ལམ་འདེབས་སོ། །ཡེ་ཤེས་
ཚད་མེད་པའི་འབྱུང་གནས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་གནས་པ་པོ་དེ་དག་གིས་གང་བ་ཉིད་དོན་དུ་གཉེར་བའོ། །ཞིང་དེ་ལྟ་བུ་དེ་འགྲུབ་པའི་རྒྱུ་ནི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ནི་སངས་
རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་ལ་ཡང་དག་པར་གཞོལ་བ་ནི་མངོན་པར་བསྒྲུབ་པའོ། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མོས་པ་དང་འཚམ་པར་ཡེ་ཤེས་ཀྱིས་ཞིང་དེ་ལྟ་བུ་དག་སྟོན་ཅིང་ཡང་དག་པར་བསྟན་ནས་ཀྱང་མཐུས་ཚིམ་པར་བྱེད་དོ། །བརྒྱད་པའོ་
เล่ม ๑๑๖ · หน้า 36a
ཞེས་བྱ་བ་ལ་སོགས་པ་ལ། ད་ནི་སྨོན་ལམ་ལྷག་མ་གསུམ་ནི་བདག་ཉིད་ཀྱི་སའི་ཁྱད་པར་རྟོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་རྟོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སའི་མཐར་ཐུག་པ་རྟོགས་པར་བྱ་བ་དང་ཐམས་ཅད་ཀྱི་མཐར་ཐུག་
པ་རྟོགས་པར་བྱ་བ་དང་གོ་རིམས་བཞིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བདག་ཏུ་བསམ་པ་སེམས་མངོན་པར་འདུ་བྱེད་པ་དང་སྦྱོར་བ་ལུས་དང་ངག་གི་ལས་གཅིག་པར་འདྲ་བར་མཚུངས་པར་འགྱུར་བར་སྨོན་ལམ་འདེབས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ནི་ཐམས་ཅད་
མཁྱེན་པ་ཉིད་ལ་སེམས་ཤིང་ཐེག་པ་དམན་པ་ལས་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པ་ཡིན་ལ། སྦྱོར་བ་ཡང་འདི་ཉིད་ལ་སྦྱོར་བ་ཡིན་པས་བདག་ཀྱང་དེ་དང་འདྲ་བར་ཐེག་པ་ཆེན་པོ་ཁོ་ན་ལ་འཇུག་ཅིང་ཐེག་པ་དམན་པ་ལ་དགའ་བར་ཡང་མི་འགྱུར་བར་དེ་དག་དང་བསམ་པ་དང་སྦྱོར་བ་གཅིག་པར་
དོན་དུ་གཉེར་བའོ། །དེ་ཡང་སྤྱོད་པ་རྣམ་པ་བཅུས་རབ་ཏུ་ཕྱེ་བའོ་ཞེས་བྱ་བ་ནི་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཀྱི་འགྲན་ཟླ་ནི་དགྲ་སྟེ། སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་སོ། །དེ་སྤངས་པའི་ཕྱིར་ཟིལ་གྱིས་མི་ནོན་པས་ན། འགྲན་ཟླ་མེད་པ་དག་གོ། །
དེ་དག་སོགས་པ་ནི་ཡོངས་སུ་རྫོགས་པ་སྟེ། འདི་ནི་ཐེག་པ་ཆེན་པོ་ལ་འཇུག་པའི་ཚོགས་ཡིན་ནོ། །ནང་དུ་ཡང་དག་འཇོག་པ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསྒོམ་པ་སྟེ། དེས་ཆོས་ཐམས་ཅད་བདག་མེད་པའི་རྣམ་པ་ཁོ་ན་དམིགས་པའི་ཕྱིར་མཐུན་པར་དམིགས་པ་སྟེ། དེས་
རྣམ་པ་གཉིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་སྦྱར་རོ། །རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པས་འབེལ་བའི་གཏམ་གཏན་ལ་འབེབས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་ཏུ་འབྱེད་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་རྗེས་སུ་དྲན་
པའོ། །མ་ཉམས་པ་ནི་ཡོངས་སུ་མ་ཉམས་པ་སྟེ་དེ་ལས་ནམ་ཡང་ཉམས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་སྟེ། རྟག་ཏུ་ཀུན་ཏུ་འབྱུང་བའི་ཕྱིར་ནམ་ཡང་རྗེས་སུ་མི་འགྲོ་བ་མ་ཡིན་ནོ། །དེ་ཉིད་གཏན་དུ་བའི་མངོན་པར་ཤེས་པ་ཐོབ་པས་སོ་ཞེས་བྱ་བས་
เล่ม ๑๑๖ · หน้า 36b
བསྟན་ཏོ། །དགུ་པ་ཞེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས་ནི་བརྩོན་འགྲུས་རྩོམ་པའོ། །དེའི་དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པ་ཉིད་དོ། །ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པ་ཞེས་བྱ་བའི་མདོའི་ཚིག་ནི་མདོ་ཉིད་ལས་ཚིག་གཞན་གསུམ་གྱིས་བཤད་དེ། དེ་ལ་
སེམས་ཅན་རྣམས་ཀྱིས་བདག་མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ས་བོན་དུ་བཏབ་པས་སངས་རྒྱས་ཀྱི་ཆོས་རྣམས་ལ་ངེས་པར་འགྱུར་བར་སྨོན་ལམ་འདེབས་པ་ནི། ལུས་ཀྱི་ལས་དོན་ཡོད་པ་ཉིད་དོ། །ཚིག་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བ་ནི་ངག་གི་
ལས་དོན་ཡོད་པ་ཉིད་དོ། །དེའི་ཡིད་ཀྱི་དབང་གིས་སེམས་ཅན་རྣམས་དད་པ་སྐྱེས་མ་ཐག་ཏུ་ཉོན་མོངས་པ་རྣམས་ལྡོག་པ་ནི་ཡིད་ཀྱི་ལས་དོན་ཡོད་པ་ཉིད་དོ། །དོན་སྒྲུབ་པ་ནི་དོན་བྱེད་པ་དོན་བྱ་བ་ཡིན་ཏེ་དེས་དོན་ཡོད་པ་ཉིད་དེ། དེ་ལ་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཡང་དག་པར་
བསྟན་པས་ནི་སེམས་ཅན་རྣམས་ཀྱིས་ཤ་ཟོས་པ་ལ་སོགས་པས་རང་བཞིན་གྱི་སྡུག་བསྔལ་ནད་སེལ་བར་བྱེད་དེ་འདི་ལྟར་སྲོག་ཆགས་ཀྱི་རིགས་ངེས་པ་ཞེས་བྱ་བའི་ཤ་ཟོས་པས་སེམས་ཅན་གྱི་ཚོགས་ཆེན་པོའི་ནད་ཀྱི་སྡུག་བསྔལ་ཉེ་བར་ཞིའོ་ཞེས་གྲག་གོ། །ཕོངས་པ་ལས་བྱུང་
བའི་སྡུག་བསྔལ་ནི། དབུལ་བ་ལ་སོགས་པ་དེའི་གཉེན་པོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ལུས་ཐོབ་པའོ། །བཅུ་པའོ་ཞེས་བྱ་བ་ལ་སོགས་པ་ལ་ལས་ལྔ་པ་ནི་མྱ་ངན་ལས་འདས་པ་བསྟན་ནས་ཡང་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ལ་བརྟེན་ནས་བྱང་ཆུབ་སེམས་
དཔའི་སྤྱོད་པ་སྒྲུབ་པའི་ཕྱིར་སྤྱོད་པའི་སྟོབས་རྒྱུན་མི་འཆད་པ་ཡིན་ནོ། །དྲུག་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལས་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སངས་རྒྱས་ཀྱི་ས་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཆོས་ཀྱི་ཚུལ་
ནུབ་ན་མདོ་ལ་སོགས་པའི་ཆོས་རྣམས་རབ་ཏུ་སྟོན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་ཏེ། ནུབ་པ་ལ་ཡང་འབྱིན་པར་བསྟན་པའི་ཕྱིར་རོ། །ལས་བདུན་པ་ནི་ཞེས་བྱ་བ་ལ་ཆོས་རྣམས་ཤེས་པ་ནི། ཆོས་ཤེས་པ་སྟེ་མེ་ལོང་ལྟ་བུའི་
เล่ม ๑๑๖ · หน้า 37a
ཡེ་ཤེས་ལ་སོགས་པའོ། །དེ་ཉིད་མངོན་པར་ཤེས་པ་ཡིན་ཏེ། འདིས་མངོན་པར་ཤེས་པའི་ཕྱིར་རོ། །དེས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་སྣང་བ་མེད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ལ་མི་གནས་སོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པས་
ནི་སེམས་ཅན་གྱི་མོས་པའི་དབང་གིས་བརྒྱ་བྱིན་ལ་སོགས་པའི་ལུས་ཀྱིས་བདག་ཉིད་ལེན་ཅིང་དེ་བཞིན་དུ་ཚེ་ཟད་ན་ཡང་ཅི་དགར་འདུག་ལ། ཡོད་ན་ཡང་ཡོངས་སུ་མྱ་ངན་ལས་འདའོ། །དེ་ལ་འདོད་པའི་དོན་སངས་རྒྱས་མཆོད་པ་ལ་སོགས་པ་ལ་སེམས་མངོན་པར་འདུ་བྱེད་ཅིང་འདུ་
མངོན་པར་བྱེད་པ་ནི་སྨོན་ལམ་མོ། །སྨོན་ལམ་དེ་འགྲུབ་པར་བྱ་བའི་ཐབས་གང་ཡིན་པ་བརྩོན་འགྲུས་ཀྱི་མཚན་ཉིད་དེ་ནི་བརྩོན་པའོ། །བརྩོན་འགྲུས་ཀྱི་ཐབས་དེ་སྒྲུབ་པ་ཤས་ཆེ་བ་ནི་མངོན་པར་སྒྲུབ་པའོ། །དེ་ཞེས་བྱ་བའི་སྒྲ་སྨོན་ལམ་དང་འབྲེལ་བ་ཡིན་པ་དང་དེ་
འགྲུབ་པ་ནི་སྨོན་ལམ་འགྲུབ་པ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །དེ་འགྲུབ་པ་ཡང་སྨོན་པའི་དོན་འགྲུབ་པ་ཡིན་ལ། འདོད་པའི་དོན་ཡང་སེམས་ཅན་གྱི་མཐར་ཐུག་པའི་བར་ཡིན་པས། དེའི་ཕྱིར་འདི་ལ་འདི་གསུམ་རིམ་གྱིས་མངོན་པར་བསྒྲུབ་པའི་ཕྱིར་གཞུང་འདི་མི་འགལ་
ལོ། །དེ་ལ་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ནི་ཡན་ལག་གོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་ཁམས་གང་ཡིན་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ནོ། །གང་དུ་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མཐར་ཐུག་པ་ཞེས་
བྱ་བ་ཡིན་ནོ། །ཇི་སྙེད་པ་ཞེས་བྱ་བ་ནི་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་སྟེ། ནམ་མཁའི་ཁམས་བཞིན་དུ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །གང་གིས་གདུལ་བར་བྱ་བ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་སྤྲུལ་པ་ལ་
སོགས་པའི་ཐབས་ཀྱིས་འདུལ་བའི་ཕྱིར་རོ། །གདམས་ངག་གང་ལ་བརྟེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྟེན་ནས་གདམས་ངག་སྦྱིན་པར་བྱེད་པའི་ཕྱིར་རོ། །དམིགས་པ་
เล่ม ๑๑๖ · หน้า 37b
གང་གིས་ཞེས་བྱ་བ་ནི་སེམས་ཀྱི་དམིགས་པའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། བདག་མེད་པ་གཉིས་ལ་དམིགས་པའི་ཕྱིར་རོ། །མངོན་པར་རྟོགས་པ་གང་གིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་མཐར་ཐུག་པ་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་
ཤེས་མངོན་པར་རྟོགས་པའི་ཕྱིར་རོ། །འདི་དག་རྒྱུན་གྱི་མཐར་ཐུག་པ་ཡིན་པ་ནི། འཁོར་བ་ཇི་སྲིད་པར་ཡོངས་སུ་མི་ཟད་པའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །མཐར་ཐུག་པ་དགུ་པོ་འདི་དག་ཉིད་རྒྱུད་ཀྱི་མཐར་ཐུག་པ་རྣམས་ཀྱིས་བསྟན་ཏེ། དེ་ལ་འཇིག་རྟེན་གྱི་རྒྱུད་ཀྱིས་ནི་དང་པོ་
གསུམ་མོ། །ཆོས་ཀྱི་རྒྱུད་ཀྱིས་ནི་བར་མ་རྣམས་སོ། །ཡེ་ཤེས་ཀྱི་རྒྱུད་ཀྱིས་ནི་ཐ་མ་རྣམས་སོ། །རྒྱུད་ནི་རྒྱུན་ཆགས་པ་སྟེ་རྒྱུན་དང་ལམ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ནི་དད་པ་ལ་སོགས་པ་འོག་ནས་འབྱུང་བའི་དོན་
བཅུ་དག་གིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་འདི་དག་ཤས་འགའ་ཞིག་ཡོད་མོད་ཀྱི། འོན་ཀྱང་འདི་ལས་འོག་ནས་འབྱུང་བ་ཅི་འདྲ་བ་དེ་ལྟ་བུ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་པས་ཁྱད་པར་དག་ཅེས་བྱའོ། །དགེ་བའི་རྩ་
བ་དེ་དག་ལ་ཞེས་བྱ་བ་ནི་སྨོན་ལམ་ཆེན་པོས་ཀུན་ནས་བསླང་བ་དག་ལའོ། །དབང་གི་ཁྱད་པར་ཐོབ་པ་ནི་ཇི་སྲིད་འདོད་པར་ཡང་དང་ཡང་དུ་མངོན་སུམ་དུ་བྱ་བ་ལ་ཐོགས་པ་མེད་པའི་ཕྱིར་རོ། །བདེ་བར་གནས་པའི་ཁྱད་པར་ཐོབ་པས་ཞེས་བྱ་བ་ནི་ཆོས་ཀྱི་དགའ་བས་ལུས་དང་སེམས་དག་
ཤིན་ཏུ་སྦྱངས་པ་དང་ལྡན་པས་གཉེན་པོར་འགྱུར་བའི་ཕྱིར་རོ། །ད་ནི་ཡུལ་གྱི་བྱེ་བྲག་རབ་ཏུ་བརྗོད་པའི་སྒོ་ནས་དད་པ་ལ་སོགས་པ་སྟོན་ཏོ། །དེ་ལ་སྔོན་གྱི་མཐའ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱི་མའི་མཐའ་ལ་ལྟོས་པའི་ཕྱིར་རོ། །
དེར་སྤྱོད་པ་ནི་སྔོན་གྱི་མཐའི་སྤྱོད་པའོ། །དེ་ཉིད་འཇུག་པ་ཡིན་ཏེ། འདིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ཁྱད་པར་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉིད་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་
เล่ม ๑๑๖ · หน้า 38a
ལ་འཇུག་པ་འདི་ཡོད་པས་སམ་འདི་ལ་འདིས་འཇུག་པ་ཡོད་པས་ཞེས་བྱ་བ་སྟེ། ཚིག་གཉིས་ཀྱིས་ནི་འབྲུ་མང་པོ་དག་ལ་ཡང་དེ་ཉིད་ལ་བྱའོ། །ཇི་ལྟ་ཞེ་ན་བཤད་པ། དེ་ནི་ས་བཅུས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ལ་ཚིག་གཉིས་ཀ་ལ་
ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔ་མ་ནི་ས་ཕྱི་མའི་འཇུག་པ་ཡིན་པའམ། སྔ་མས་ཕྱི་མ་ལ་འཇུག་པ་ཡིན་པས་རྣམ་པ་འདིས་དེ་ཉིད་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་ཡིན་པར་ཡང་མ་ཟད་ཀྱི། སྔ་མ་དང་ཕྱི་མ་ཞེས་བྱེ་བྲག་ཏུ་མ་ཕྱི་བར་ཐམས་ཅད་མཁྱེན་པ་ཉིད་ལ་
འཇུག་པ་དེ་ཐམས་ཅད་ཡོད་པའམ། འདི་ལ་དེས་འཇུག་པ་ཡོད་པས་ཞེས་ཚིག་ཐ་དད་པའི་འབྲུ་མང་པོའི་བསྡུ་བ་ཁོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིན་ནོ། །དེ་ལྟར་ན་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་ནི་ངོ་བོ་གཉིས་ཏེ། སྤྱོད་པ་དང་བྱང་ཆུབ་ཀྱི་རང་བཞིན་ཡིན་པའི་
ཕྱིར་རོ། །དེ་ཉིད་ཀྱི་སྤྱོད་པ་ནས་བཟུང་སྟེ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དུའོ་ཞེས་བཤད་པ་ཡིན་ཏེ། དེ་ལ་དང་པོ་ནི་རྣམ་པ་ཉིད་ཀྱིས་མངོན་པར་ཡིད་ཆེས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་གང་ཡིན་པ་ཞེས་བྱ་བ་ནི་རང་བཞིན་གང་ཡིན་པ་སྟེ།
ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འགྲུབ་པ་ཞེས་བྱ་བའི་སྒྲས་བསྟན། ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་འགྲུབ་པ་ནི་ཡོངས་སུ་འགྲུབ་པ་སྟེ། མི་མཐུན་པའི་ཕྱོགས་སྤངས་པས་ཡོངས་སུ་དག་པ་ཡིན་པས་དེའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །རིམ་
པ་གང་གིས་ཞེས་བྱ་བ་ནི། ས་ཡང་དག་པར་འགྲུབ་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །ས་དང་པོ་ལ་སོགས་པ་ཡོངས་སུ་དག་པའི་རིམ་གྱིས་དེ་དག་འགྲུབ་པའི་ཕྱིར་རོ། །འདི་ལྟར་ས་དང་པོ་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གོང་མ་དག་ལ་ནི་གཞན་དག་འགྲུབ་པར་རིག་
པར་བྱའོ། །བྱང་ཆུབ་ཀྱིས་བསྡུས་པའི་ཁྱད་པར་རྣམ་པ་དྲུག་གི་དབང་དུ་བྱས་ནས་སྨྲས་པ། མུ་སྟེགས་ཅན་ཕྱིར་རྒོལ་བའི་གཉེན་པོའི་ཁྱད་པར་དང་། བདུད་ཕྱིར་རྒོལ་བའི་གཉེན་པོའི་ཁྱད་པར་ཏེ་མི་འཇིགས་པ་ཡོངས་སུ་རྫོགས་པ་དང་སྟོབས་དང་སངས་རྒྱས་ཀྱི་ཆོས་མ་
เล่ม ๑๑๖ · หน้า 38b
འདྲེས་པ་མི་འཕྲོགས་པ་ཉིད་ཅེས་བྱ་བ་ལ་མི་འཇིགས་པ་རྣམས་དང་། སྟོབས་ལ་སོགས་པས་རིམ་བཞིན་དུ་མུ་སྟེགས་ཅན་དང་། བདུད་དག་ལས་རྒྱལ་བའི་ཕྱིར་རོ། །མཐུ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེ་བ་ནི། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་སྟེ།
ཉན་ཐོས་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་པའི་ཕྱིར་རོ། །ཡེ་ཤེས་ཐ་མི་དད་ཅིང་ཟབ་པ་ཉིད་ཀྱི་ཁྱད་པར་ནི་དེ་བཞིན་གཤེགས་པའི་ཡུལ་མཐའ་དབུས་མེད་པར་མངོན་པར་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན་སྐྱེ་བ་དང་གནས་པ་དང་འཇིག་པ་ནི་དང་པོ་
དང་དབུས་དང་མཐའ་དག་ཡིན་ནོ། །མཐའ་སྨོས་པས་ནི་འདིར་མཐའ་མ་ཡང་བརྗོད་པ་ཡིན་ཏེ། ཕྱི་མའི་མཐའ་ཡིན་པའི་ཕྱིར་རོ། །དེ་རྣམས་མེད་པའི་ཕྱིར་མཐའ་དང་དབུས་མེད་པ་སྟེ། ཆོས་ཀྱི་དབྱིངས་སོ། །དེའི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ཡུལ་གྱི་སྒོ་ནས་མཐའ་དང་དབུས་
མེད་པ་ཞེས་བྱའོ། །དེ་ཉིད་ཡེ་ཤེས་ཐ་མི་དད་པ་ཡིན་ཏེ། སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་དེ་ལས་གཞན་པའི་དམིགས་པས་ཐ་དད་དུ་མི་ཕྱེད་པའི་ཕྱིར་རོ། །དེ་ཉིད་རང་རིག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡུལ་ཡིན་ཏེ། དེ་མངོན་པར་སྒྲུབ་པ་ནི་ཡང་དང་ཡང་མངོན་
སུམ་དུ་བྱེད་པའོ། །དེའི་ཟག་པ་ཉིད་ཀྱི་ཁྱད་པར་ནི་ཤེས་བྱ་ཐམས་ཅད་ཀྱི་རྗེས་སུ་ཡང་ཞུགས་ལ་དེའི་རྣམ་པ་སྣང་བས་བསྒྱུར་བ་ཡང་མ་ཡིན་ཞིང་ཡང་དག་པའི་ངོ་བོ་ཡིན་པའི་ཕྱིར་ཤེས་པ་ཡང་ཡིན་ལ་ཞེས་བྱ་བ་མ་གྲུབ་པའི་ཕྱིར་ཤེས་བྱ་དང་འབྲེལ་པ་ཅན་མ་ཡིན་ཞེས་བྱའོ། །རྣམ་
པ་ཐམས་ཅད་མཁྱེན་པའི་ཁྱད་པར་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་དང་ལྡན་པ་ལ་འཇུག་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་ནི་ཆོས་ཐམས་ཅད་དེ་དེའི་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ལ་འཇུག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་
པ་སྟེ། འདིས་ཤེས་པའི་དངོས་པོ་ཐམས་ཅད་ལ་འཇུག་པར་བྱེད་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །འབྲས་བུ་ཡོངས་སུ་གྲུབ་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ལམ་གྱི་འབྲས་བུ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡིན་པའི་
เล่ม ๑๑๖ · หน้า 39a
ཕྱིར་བྲལ་བའི་ཁྱད་པར་ནི་འབྲས་བུ་ཡིན་ཏེ། དེ་ལ་སྔ་མ་རྣམས་ཀྱིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ད་ནི་རྡོ་རྗེའི་སྙིང་པོ་ཉིད་ཀྱིས་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་སྤྱོད་པ་དང་བྱང་ཆུབ་ཀྱི་རང་བཞིན་རྣམ་པ་
གཉིས་པོ་དེ་མདོར་བསྡུས་ནས་ཚིག་ཐ་མ་གཉིས་ཀྱིས་སྟོན་པར་བྱེད་དོ། །དེ་ལ་དབེན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྒྲོ་འདོགས་པའི་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་གཟུང་བ་དང་འཛིན་པ་གཉིས་སུ་སྒྲོ་འདོགས་པའི་ཕྱིར་རོ། །སྒྲོ་འདོགས་པར་བྱེད་པས་ན་སྒྲོ་འདོགས་པ་
སྟེ་རྣམ་པར་རྟོག་པའོ། །སྒྲོ་བཏགས་པ་ནི་དེ་ཉིད་ཀྱིས་སྒྲོ་བཏགས་པ་སྟེ་རྣམ་པར་བརྟག་པར་བྱ་བ་བདག་དང་ཆོས་རྣམས་སོ། །སངས་རྒྱས་ཀྱི་ཆོས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་དེ་དག་ནི་དེ་གཉི་གས་དབེན་ཏེ་རྟོག་པ་དང་བརྟག་པར་བྱ་བ་དང་བྲལ་བའི་
ཕྱིར་དེ་དག་ཀྱང་རྟོག་པར་མི་བྱེད་པ་ལ་བརྟག་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་བ་ནི་དོན་གྱི་ཆོས་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་རྣམས་ཀྱི་ཆོས་ཉིད་ནི་སྟོང་པ་ཉིད་དེ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཞི་བ་དག་གོ། །དེ་ལྟ་བས་ན་འདིས་ནི་ངོ་
བོ་ཉིད་གསུམ་ཡོངས་སུ་བསྟན་ཏེ་སྒྲོ་འདོགས་པའི་དོན་ཞེས་བྱ་བས་ནི་རྣམ་པར་རྟོག་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་བརྗོད་པའི་ཕྱིར་གཞན་གྱི་དབང་ཡིན་ནོ། །སྒྲོ་བཏགས་པའི་དོན་ཞེས་བྱ་བས་ནི་སྒྲོ་བཏགས་པ་རྣམ་པར་བརྟག་པར་བྱ་བའི་དངོས་པོ་བརྗོད་པའི་ཕྱིར་
ཀུན་བརྟགས་པ་ཡིན་ནོ། །དོན་གྱི་ཆོས་ཉིད་ཀྱིས་ནི་ཡོངས་སུ་གྲུབ་པ་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པར་བྱེད་པས་ན་རྣམ་པར་རྟོག་པ་སྟེ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་མི་མཐུན་པའི་ཕྱོགས་ཏེ། གཉིས་སུ་རྣམ་པར་རྟོག་པ་
ཡོད་ན་དེ་མི་སྐྱེ་བའི་ཕྱིར་རོ། །མཚན་མ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པར་སྒྲོ་བཏགས་པ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དེ། མཚན་མ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ལྡན་པ་དང་བྲལ་བ་ནི་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་ཁམས་གསུམ་
เล่ม ๑๑๖ · หน้า 39b
པ་དང་ལྡན་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ལ་སྨོན་པ་ནི་སྨོན་པ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཆོས་སྤོང་བ་ནི་ཟག་པ་མེད་པའི་ལམ་སྟེ། འདིས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །དེའི་དམིགས་པ་ཡིན་པ་ཉིད་ཀྱི་
ཕྱིར་གོས་པ་མེད་པ་སྟེ། དེ་དག་ལ་དམིགས་ནས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་རོ། །གྲངས་མེད་པ་དང་བརྟག་མི་ནུས་པ་དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་བའི་དམིགས་པ་ཉིད་ཡིན་པས་ཚད་མེད་པ་དག་གོ། །ཡང་ན་འདིས་སྐྱེ་བར་བྱེད་པས་ན་སྐྱེ་བའི་ལམ་ཁོ་ན་
ཡིན་ཏེ། དེའི་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་གྱི་དོན་སྒྲུབ་པར་བྱེད་པའི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ་དེའི་དམིགས་པ་ཡིན་པའི་ཕྱིར་རྒྱ་ཆེ་བ་དག་གོ། །བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བའི་སངས་རྒྱས་ཀྱི་ཡེ་ཤེས་གང་ཡིན་པ་དེའི་དམིགས་
པ་ཡིན་པའི་ཕྱིར་སྒྲུབ་དཀའ་བ་དག་སྟེ། སྒྲུབ་པར་དཀའ་ཐོབ་པར་དཀའ་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་གསུམ་ལས་བརྩམས་ནས་ལྟ་བ་ངན་པ་གསུམ་སྟེ། དེ་ལ་མ་རིག་པའི་མུན་པས་བསྒྲིབས་པའི་མིག་ཅན་གྱི་ལྟ་བ་དང་པོ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྟོང་པ་
ཉིད་ལས་འབྱུང་ངོ་། །གཉིས་པ་ནི་བདག་ནི་འདི་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའི་ང་རྒྱལ་གྱིས་རྣམ་པར་རྟོག་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལའོ། །གསུམ་པ་ནི་ཕྱིའི་དངོས་པོ་གསེར་ལ་སོགས་པ་སྒྲོ་བཏགས་པ་ལས་ཏེ། ལྟ་བ་གསུམ་པ་ནི་སྲེད་པ་
རྣམ་པ་དུ་མ་འབྱུང་བ་ལས་ཡིན་ནོ། །གཉིས་ནི་ཡོངས་སུ་ཚོལ་བའི་དུས་ན་ཞེས་བྱ་བ་ནི་ཀུན་དུ་ཚོལ་བ་སྟེ། སྒྲུབ་པའི་དུས་སོ། །དེ་ལ་དང་པོ་ནི་བསམ་པའི་ཉེས་པ་སྟེ། སྒྱུ་དང་གཡོའི་བསམ་པ་དག་གིས་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི་སྦྱོར་བའི་ཉེས་པའོ། །ཕྲག་
དོག་དང་སེར་སྣ་དག་ཀྱང་སེམས་ལས་བྱུང་བ་ཡིན་པའི་ཕྱིར་བསམ་པའི་ཉེས་པ་ཁོ་ན་ཡིན་ནམ་མ་ཡིན་སྙམ་པའི་དོགས་པ་བསུ་བར་བྱེ་བྲག་ཏུ་བཤད་དེ། འགྲོ་བ་གཞན་དག་ཏུ་ལུས་དང་ལོངས་སྤྱོད་ངན་པ་མངོན་པར་འགྲུབ་པའི་ཕྱིར་དོན་གྱིས་ན་འདི་གཉིས་ཀྱིས་ལུས་དང་
เล่ม ๑๑๖ · หน้า 40a
ལོངས་སྤྱོད་དག་ལ་ལོག་པར་སྦྱར་བ་ཡིན་པས་འདི་གཉིས་སྦྱོར་བ་ཉིད་ཡིན་པར་རིག་པར་བྱའོ། །ལྟ་བ་དྲུག་པ་ནི་ཡུལ་སྡུག་པ་ལ་འདོད་ཆགས་པ་དང་། མི་སྡུག་པ་ལ་ཞེ་སྡང་བ་དང་། གཉི་ག་ལས་བཟློག་པ་ལ་གཏི་མུག་པའོ། །བདུན་པ་ནི་ཕན་ཚུན་གནོད་
པ་བྱེད་པའི་དུས་ན་ནི་ཁྲོ་བའོ། །མདུད་པར་འཛིན་པའི་དུས་ན་ནི་ཁོན་དུ་འཛིན་པའོ། །བརྒྱད་པ་ནི་ཕན་ཚུན་གནོད་པ་བྱེད་པའི་དུས་ཉིད་ན་སྟེ། ཕྱིན་ཅི་ལོག་བཞི་ལ་མངོན་པར་ཞེན་པ་ཁོ་ན་གནོད་པར་བྱེད་པའི་ཕྱིར་རོ། །དགུ་པ་ནི་སྦྱིན་པ་ལ་སོགས་པ་བྱེད་པའི་དུས་ན་སྟེ། འདོད་
པའི་ཟག་པ་ལ་སོགས་པ་ཀུན་ཏུ་འབྱུང་བའི་ཕྱིར། འདིར་ཀུན་གཞིའི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་ཚོར་བ་བཏང་སྙོམས་ཁོ་ན་དོན་དམ་པར་རྣམ་པར་སྨིན་པར་འདོད་ཀྱི། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་དང་། ཚོར་བ་ལ་སོགས་པ་ནི་
རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་རྣམ་པར་སྨིན་པ་དག་ཅེས་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་བྱུང་བ་གཅིག་པ་ཁོ་ན་ལ་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་ཞེས་བྱ་ཞེ་ན། སྨྲས་པ། མིང་དང་
གཟུགས་དེ་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འདིས་ཁྱད་པར་གྱི་ཚིག་བསྡུ་བ་སྟོན་ཏེ། ལྷན་ཅིག་ཅིག་ཅར་བྱུང་བའི་གཞན་དང་ལྷན་ཅིག་འབྲེལ་བ་ནི་དེའི་རང་གི་ངོ་བོ་མ་ཡིན་པ་མིང་དང་གཟུགས་ལ་ལྟོས་པར་བྱ་བ་ཡིན་ནོ། །ད་ནི་རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་
ཤེས་པའི་རྒྱུ་ཉིད་ཀྱི་མཚན་ཉིད་ཡིན་པར་བརྗོད་དེ། དེ་ནི་ཉིང་མཚམས་སྦྱོར་བའི་དུས་ཁོ་ན་ན། དེ་དང་དུས་མཉམ་པའི་མིང་དང་གཟུགས་འཇུག་པའི་རྣམ་པར་ཤེས་པ་བསྡུས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་ཡིན་ནོ། །ཇི་ལྟ་ཞེ་ན། མིང་དང་གཟུགས་དང་དེ་མི་འབྲལ་བར་གྱུར་པའི་
ཕྱིར་ཞེས་བྱ་བ་སྨྲས་སོ། །དེ་ལྟ་མ་ཡིན་ན་གོ། །འདིར་ནི་མི་འབྲལ་བར་གྱུར་པ་མིང་དང་གཟུགས་ཡིན་པར་བཤད་པ། མདོ་ལས་ནི་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་དང་མི་འབྲལ་བར་གྱུར་པ་ཞེས་བྱ་བ་ཚིག་གཉི་གས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ཡིན་པར་བཤད་པ་མ་
เล่ม ๑๑๖ · หน้า 40b
ཡིན་ནམ་ཞེ་ན། འདི་ནི་ཉེས་པ་མེད་དེ། མི་འབྲལ་བར་གྱུར་པ་ནི་གཉི་ག་ལ་བསྟན་པའི་ཕྱིར་གཉི་ག་ཡང་མི་འབྲལ་བར་གྱུར་པ་ཞེས་བཤད་དོ། །གསོ་བ་ཉིད་ཀྱིས་ནི་གསོག་ཉིད་དུ་སྟོན་པར་བྱེད་དོ། །གཡོ་བ་མེད་པ་ཉིད་ཀྱིས་ནི་རང་གིས་བདག་མ་ཡིན་པ་སྟེ། ཇི་ལྟ་ཞེ་ན། བདག་ནི་བྱེད་པ་པོ་
དང་། བྱ་བ་དང་བཅས་པ་དང་། རྟག་པར་འདོད་ལ། ཕུང་པོ་རྣམས་ནི། སྐད་ཅིག་ལས་ཕན་ཆད་དུ་མི་གནས་པའི་ཕྱིར་བྱ་བའི་དུས་སུ་མི་གནས་པས་དེ་ལྟ་བུ་མ་ཡིན་པ་དག་ཏུ་བརྗོད་པའི་ཕྱིར་རོ། །འདི་ལྟར་ཁོང་དུ་མི་ཆུད་དོ་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་དུ་བགྲང་བ་མ་ཡིན་
པའི་དངོས་པོ་དག་དང་། སྐྱེ་བ་ལ་སོགས་པ་སྡུག་བསྔལ་བ་དང་། མྱ་ངན་ལས་འདས་པ་བདེ་བ་དག་སྟེ། དེ་གཉི་ག་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཕུང་པོ་ལས་མཐར་བ་དེ་ལྟ་བུ་དག་མཐོང་ནས་དེའི་ཕྱིར་དེའི་
སྙིང་རྗེ་ཆེན་པོ་རྒྱས་པར་འབྱུང་ངོ་ཞེས་བྱ་བའོ། །ཟོང་དུ་བྱ་བ་ཞེས་བྱ་བ་ནི་སྣ་སྤྲད་པའི་དོང་རྩེ་དང་། དངུལ་གྱི་དོང་རྩེ་ལ་སོགས་པའི་ནོར་དག་གོ། །ཡོངས་སུ་སྤྱད་པར་བྱ་བ་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བྱ་བ་ཟས་དང་སྐོམ་ལ་སོགས་པ་གང་ཡིན་པའོ། །གཞག་
པར་བྱ་བ་ནི། བཙོང་བར་མི་བྱ་བ་གང་ཡིན་པ་སྟེ། གསེར་ལ་སོགས་པ་མ་ཉམས་པའོ། །འདི་གསུམ་ཅར་ཡང་ཚིག་དང་པོ་གཅིག་ཁོ་ནས་བསྟན་ཏོ། །རྣམ་པ་བརྒྱད་གང་ཡིན་པ་དང་། ནང་གི་ནི་ཚིག་ལྷག་མ་དགུས་བཤད་དོ། །གཏོང་བའི་སྤྱི་ནི་རྟོགས་པར་སླ་བའི་
ཕྱིར། ཐམས་ཅད་ལ་ལྟོས་ནས་ཡན་ལག་ཡིན་ནོ་ཞེས་དེ་སྐད་དུ་མ་བཤད་དོ། །ཕྱིའི་དངོས་པོ་གཏོང་བ་རྣམ་པ་བརྒྱད་ཀྱི་ཡན་ལག་ནི་གཏོང་བ་དང་པོ་ཡིན་ཏེ། གཏོང་བ་རྣམ་པ་བརྒྱད་ནི་དེའི་དབྱེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གཞི་ཡོངས་སུ་འཛིན་པས་དགའ་བ་ནི་བདེ་བའི་
རྒྱུད་ཡོངས་སུ་འཛིན་པས་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་ནི་གསེར་དང་དངུལ་ལ་སོགས་པ་སྟེ། དེ་ནི་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཕན་འདོགས་པས་དགའ་བ་ནི་རྣམ་པ་བརྒྱད་དུ་ཤེས་པར་བྱའོ། །དེ་དག་ཀྱང་མཛེས་པའི་ཕན་འདོགས་པས་དགའ་བ་ལ་
เล่ม ๑๑๖ · หน้า 41a
སོགས་པ་སྟེ། རིན་པོ་ཆེའི་རྒྱན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བཤད་དོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་ཐ་མ་དང་འབྲིང་དང་མཆོག་ལ་ཇི་ལྟར་གང་ལ་གང་རིགས་པ་དེ་ལྟར་དེ་བཞིན་སྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྒྲུབ་ཅེ་ན། སྨྲས་པ། བསྟན་བཅོས་མདོ་སྡེའི་རྒྱན་བཤད་
པ་ལས། འཇིག་རྟེན་ཤེས་པ་ཉིད་རྣམ་པར་དབྱེ་བའི་ནང་ནས། དཔའ་བོ་རྟག་ཏུ་འཛུམ་པའི་བཞིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་བཞིན་ནོ། །ཅི་ནུས་སུ་ཞེས་བྱ་བ་ནི་བདག་གིས་སོ་ཞེས་བྱ་བ་ནི་བདག་ཉིད་ལྡན་པ་ཉིད་སྟོན་པར་བྱེད་དེ། རང་གི་ཞོ་ཤ་ལ་ལྟོས་ནས་ནུས་པ་ལ་ནི་འཇུག་གི། མི་ནུས་པ་
ལ་ནི་མ་ཡིན་པའོ། །ཅི་རིགས་སུ་ཞེས་བྱ་བ་ནི་གཞན་དག་ལའོ་ཞེས་བྱ་བ་ནི་གང་དག་ཇི་ལྟར་གང་གིས་སྐལ་བ་དང་ལྡན་པ་དེ་དག་ནི་དེ་ཁོ་ན་བཞིན་དུ་དེ་ལ་བརྟེན་ཏོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱས་ནས་དེ་ཉིད་ལ་འཛུད་པར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་
ལ་བྱ་བ་ནི་རྣལ་འབྱོར་ཏེ། དེ་དང་མཐུན་པའི་དུས་སུ་ནི་འདི་ཡིན་ནོ་ཞེས་བྱ་བར་རྟོགས་ནས། བདག་ཉིད་ཀྱང་རྣལ་འབྱོར་ལ་འཇུག་ལ། གཞན་རྣལ་འབྱོར་དང་ལྡན་པས་ཡང་དེའི་དུས་སུ་སློང་བར་མི་བྱེད་དོ། །དེ་བཞིན་དུ་ཉིན་པར་དང་མཚན་མོ་ཡང་གང་གི་ཚེ་གང་ལ་འཇུག་པར་
བྱ་བ་དེ་ཡང་ཤེས་དུས་གང་གི་ཚེ་བྱ་བ་འབྲས་བུ་ཡོད་ཅིང་འབྲས་བུ་དང་བཅས་པར་འགྱུར་བ་དེ་ཡང་ཤེས་སོ། །མངོན་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། དགེ་བའི་སྦྱོར་བ་སྔ་མ་དེ་ལས་མ་ཉམས་པར་ཁྱད་པར་ཕྱི་མ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་མཆོག་བྱེད་པའོ། །དེ་ཉིད་
རྣམ་པ་གཉིས་ཀྱིས་ཞེས་བྱ་བས་བསྟན་ཏེ། འབྲི་བར་མི་འགྱུར་བ་ཞེས་བྱ་བ་ནི་ཐོབ་པ་ལས་ཡོངས་སུ་མི་ཉམས་པའོ། །རྒྱུན་མི་གཅོད་པ་ཞེས་བྱ་བ་ནི་མ་ཐོབ་པས་ཡོངས་སུ་མི་ཉམས་པའོ། །སྒྲུབ་པ་བཅུ་པ་ཁོ་ན་ལ་མཆོད་པ་གཉིས་སྨོས་པའི་ཕྱིར་ཚིག་གཉིས་ཀྱིས་བཤད་པར་
རིག་པར་བྱའོ། །ཡོད་པ་ཉིད་དུ་ནི་ཡིད་ཆེས་ལ་ནུས་པ་ཉིད་དུ་ནི་འདོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་སོ་སོར་འདི་གཉི་ག་སྦྱར་རོ། །ལྷག་མ་གསུམ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་། བརྟན་པའི་སྟོབས་བསྐྱེད་པ་དང་། སངས་རྒྱས་
เล่ม ๑๑๖ · หน้า 41b
ལ་མཆོད་པ་དང་རིམ་གྲོ་བྱེད་པ་སྟེ། དེ་ལ་དང་པོས་ནི་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་རྣམས་དང་དུ་མི་ལེན་ཏེ་བདག་གིར་མི་བྱེད་ཅིང་དེ་དག་གིས་ངོ་ཚ་བར་བྱེད་དོ། །གཉིས་པས་ནི་གང་གིས་ན་དེ་དག་ལས་མུ་སྟེགས་ཅན་ལ་སོགས་པ་ཕྱིར་རྒོལ་བ་རྣམས་ཀྱིས་བསྐྱོད་
པར་མི་ནུས་ཏེ་མི་གཡོས་ཤིང་མི་བཟློགས་སོ། །གསུམ་པས་ནི་ཚེ་ཕྱི་མ་ལ་དད་པ་ལ་སོགས་པ་དེ་དག་གི་རྩ་བ་ཞེས་བྱ་བ་སྐྱེ་བ་དང་མཐུན་པའི་གནས་ལུས་ཡོངས་སུ་འཛིན་ཏོ། །དེ་ཉིད་སངས་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱེད་པ་རྒྱ་ཆེན་པོས་ཞེས་བྱ་བས་བསྟན་ཏེ། དེའི་རྣམ་
པར་སྨིན་པར་གྱུར་པ་ཡིན་ནོ། །སྒྲུབ་པའི་མཆོད་པས་ནི་སེམས་ལས་སུ་རུང་བ་ཡིན་ཏེ། དེའི་རྒྱུ་མཐུན་པར་གྱུར་པ་སྔོན་གོམས་པའི་སྟོབས་ཀྱིས་དགེ་བའི་བྱ་བ་ཁོ་ན་ལ་འཇུག་གོ། །སུམ་ཅུ་ལྔ་པོ་སྔ་མ་ནི་རྒྱ་ཆེར་བསྟན་པ་ཡིན་ནོ། །འདི་དག་ནི་མདོར་བསྡུས་ནས་
བཤད་པ་ཡིན་ནོ། །ཡོན་ཏན་གྱི་ཞིང་ལ་དགོད་པ་ནི་སངས་རྒྱས་དང་དགེ་འདུན་ལ་མཆོད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འདི་ལ་གནས་པ་དེ་ལ་ཞེས་བྱ་བ་ནས་བཟུང་སྟེ། དགེ་འདུན་ལ་ཡང་ཚོགས་པའི་ཡང་དག་པའི་རི་མོ་བྱེད་དོ་ཞེས་བྱ་བའི་བར་
ཡིན་ནོ། །བླ་ན་མེད་པའི་འབྲས་བུར་དགོད་པ་ནི་དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །སྙིང་རྗེའི་ཞིང་དུ་དགོད་པ་ནི་དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཆོད་པས་སེམས་ཅན་ཡོངས་སུ་སྨིན་པར་
བྱ་བ་ཀུན་དུ་སྐྱེས་པ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ལས་སུ་རུང་བར་འགྱུར་རོ་ཞེས་བྱ་བའི་བར་ཡིན་ཏེ། །འདི་ནི་དགོད་པ་རྣམ་པ་གསུམ་ཡིན་ནོ། །མང་པོ་ཞེས་བྱ་བའི་གྲངས་སྨོས་པ་ནི་དེ་རྟོགས་ནས་དད་པ་རབ་ཡང་དག་པར་བསྐྱེད་པའི་ཕྱིར་རོ། །གཟུགས་ཀྱི་སྐུ་ནི་ཤའི་མིག་
གིས་མཐོང་ངོ་། །ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་མིག་གིས་མཐོང་ངོ་། །ལྷག་པའི་བསམ་པ་རྒྱ་ཆེན་པོས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ལྷག་པའི་བསམ་པས་སོ། །བསྟི་སྟང་བྱེད་ཅེས་བྱ་བ་འདི་ཉིད་ཚིག་གསུམ་གྱིས་རྣམ་པར་འབྱེད་དེ། བསྟོད་པས་
เล่ม ๑๑๖ · หน้า 42a
ཞེས་བྱ་བ་ནི་ཚིགས་སུ་བཅད་པས་ཚིགས་བཅད་དུ་བསྡེབས་པས་ཏེ། རྡུལ་མེད་རྡུལ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །བསྔགས་པས་ཞེས་བྱ་བ་ནི་རྐྱང་པར་བསྡེབས་པ་སྟེ། དེ་བཞིན་གཤེགས་པ་དེ་ནི་རྒྱུ་མཐུན་པ་ཞེས་བྱ་བ་ལ་སོགས་པའོ། །ན་
བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་ཡོ་བྱད་དག་ཀྱང་འབུལ་ཞིང་ཞེས་བྱ་བ་ནི་དེས་ཉེ་བར་སྟོན་པས་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་བསྩགས་པར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། ཉེ་བར་
སྟོན་པ་བཞི་ནི། ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ལ་ཟང་ཟིང་གིས་ཉེ་བར་སྟོན་པ་དང་། ཡེ་ཤེས་ཀྱིས་ཉེ་བར་སྟོན་པ་དང་། ཆོས་ཀྱིས་ཉེ་བར་སྟོན་པ་དང་། ཤེས་རབ་ཀྱིས་ཉེ་བར་སྟོན་པའོ་ཞེས་འབྱུང་བའི་ཕྱིར་
རོ། །འགོད་པ་ནི་འཇོག་པ་སྟེ། ཞིང་གཉིས་ལ་ནི་དེའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །བླ་ན་མེད་པ་ལ་ནི་འབྲས་བུར་ཡོངས་སུ་བསྔོ་བས་སོ། །ཚོགས་པའི་ཡང་དག་པའི་རི་མོ་བྱེད་ཅེས་བྱ་བ་ནི་གཙོ་བོ་ཇི་ལྟ་བ་གདམས་ནས་གང་ཟག་རྣམས་ལ་རི་མོ་བྱེད་པ་ཡང་མ་ཡིན་ལ།
དགེ་འདུན་གྱིས་བསྐོས་པའི་ངོ་བོར་ཡང་མ་ཡིན་གྱི། འབྱོར་པ་ཆེན་པོ་དང་ལྡན་པའི་ཕྱིར་ཚོགས་པའི་ངོ་བོར་དགེ་འདུན་མ་ལུས་པ་ལ་བྱ་བ་བྱེད་དོ་ཞེས་སྟོན་པར་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཀུན་ཏུ་སྐྱེས་པ་ཡིན་ཞེས་བྱ་བ་ནི་དེ་ཡོངས་སུ་སྨིན་པའི་མཐུ་རྙེད་
པས་སོ། །མ་ལུས་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་སྦྱིན་པ་དང་། སྙན་པར་སྨྲ་བ་དག་ཀུན་ཏུ་སྐྱེས་པ་ལྟར་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ནི་ཅི་ནུས་ཅི་འོས་སུ་ཡང་དག་པར་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་ལྷག་མ་རྣམས་ཀྱི་སྦྱོར་བ་
སྲིད་པའི་ཕྱིར་ཏེ། ས་བདུན་པ་ལས་དེའི་སེམས་བསྐྱེད་པ་དང་། སེམས་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཡང་དག་པར་འགྲུབ་པ། ཡང་དག་པར་འགྲུབ་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་ནུས་ཞེས་བྱ་བ་ནི། རང་གི་ཞོ་ཤ་དང་
เล่ม ๑๑๖ · หน้า 42b
འཚམ་པའོ། །ཅི་འོས་སུ་ཞེས་བྱ་བ་ནི་གཞན་གྱི་རྟེན་དང་འཚམ་པའོ། །ལྷག་མ་ནི་སྔར་ཇི་སྐད་བཤད་པ་བཞིན་ནོ། །ཤས་ཆེར་ཡོངས་སུ་བྱང་བ་དང་ཞེས་བྱ་བ་ནི་སྦྱོར་བ་བརླིང་པོ་ཤས་ཆེ་བའི་ཕྱིར་རོ། །ཡོངས་སུ་དག་པ་དང་ཞེས་བྱ་བ་ནི། ལེ་ལོ་ལ་སོགས་པའི་དྲི་མ་
སྤང་བའི་ཕྱིར་རོ། །ལས་སུ་རུང་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་ལ་ཕན་འདོགས་པའི་མཐུ་རྙེད་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་ཞེས་བྱ་བ་དེ་ནི་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཡང་ཡིན་ལ། དེ་གཞན་དག་
ལ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཡང་ཡིན་ནོ། །ཡང་ན་འདི་ནི་ས་གཉིས་པ་ཡིན་པས་འཇིག་རྟེན་པར་བཤད་དེ། འཇིག་རྟེན་ལས་འདས་པ་ནི་ས་གཉིས་པ་ལ་སོགས་པའི་རང་བཞིན་ནོ། །དེ་ལ་བརྟག་པ་ལ་མཁས་པ་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་
འཇིག་པ་དང་འགྲུབ་པ་ལ་མཁས་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པར་བྱ་སྟེ། སའི་འཇིག་པ་དང་འགྲུབ་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་རོ། །འཐོབ་པ་ལ་མཁས་པ་ནི་འཇུག་པའི་ཐབས་ལ་ཞུགས་པ་དང་། དེའི་ཁྱད་པར་ལ་
མཁས་པ་དག་སྟེ། སའི་རྣམ་པ་དང་རྒྱུ་མཐུན་པ་ལ་མཁས་པ་དང་། ས་ཐོབ་པ་རྣམ་པར་དཔྱོད་པ་ལ་མཁས་པ་དང་། སའི་ཡན་ལག་ཡོངས་སུ་སྦྱངས་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་གོ་རིམས་བཞིན་ནོ། །འཕེལ་བ་ལ་མཁས་པ་ནི་ས་གཞན་དུ་འཕོ་
བ་དང་། གནས་པ་དང་འཕེལ་བ་ལ་མཁས་པ་དག་སྟེ། ས་ནས་སར་འཕར་བ་ལ་མཁས་པ་དང་། ས་དང་ས་ལ་གནས་པ་ལ་མཁས་པ་དང་། ས་དང་སའི་ཁྱད་པར་ཤེས་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་གོ་རིམས་བཞིན་ནོ། །ཡོངས་སུ་མི་ཉམས་པ་ལ་མཁས་པ་ནི་
ཕྱིར་མི་ལྡོག་པ་ལ་མཁས་པ་སྟེ། ས་ཐོབ་ནས་ཕྱིར་མི་ལྡོག་པ་ལ་མཁས་པ་ཞེས་འབྱུང་བའི་ཕྱིར་རོ། །མཐར་ཐུག་པར་འགྲོ་བ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་སའི་མཐར་ཕྱིན་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་པ་ལ་མཁས་པ་སྟེ། བྱང་ཆུབ་སེམས་
เล่ม ๑๑๖ · หน้า 43a
དཔའི་ས་ཐམས་ཅད་ཡོངས་སུ་སྦྱངས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་མནན་པ་ལ་མཁས་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སའི་རྣམ་པ་མངོན་པར་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པས་སྔར་རྣམ་པ་
དང་བཅས་པ་བཤད་པ་རྣམས་ཀྱིས་ས་སྒྲུབ་པ་དང་། མཁས་པ་རྣམ་པ་ལྔ་པོ་བཤད་མ་ཐག་པས་དད་པ་ལ་སོགས་པས་ཡན་ལག་རྣམས་སྒྲུབ་པ་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་དཔེས་བསྟན་པ་ནི་མདོ་ཉིད་ལས་རྣམ་པར་འཆད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་
ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས་བཟུང་སྟེ། ལམ་གྱི་བར་གནས་དང་པོ་ནས་གྱེན་དུ་མ་བསྐྱོད་པར་ཞེས་བྱ་བའི་བར་འདི་ནི་མི་ནོར་བའི་མཁས་པ་ཡིན་ནོ། །དེ་དེ་ལྟར་ཤེས་པར་རྣམ་པར་བརྟགས་པའི་བློ་དང་ཞེས་བྱ་བ་ནས་བཟུང་སྟེ། གྲོང་ཁྱེར་ཆེན་པོར་ཕྱིན་ཞེས་བྱ་བའི་བར་
འདི་ནི་ཉེ་བར་སྟོན་པ་ལ་མཁས་པ་ཡིན་ནོ། །འབྲོག་དགོན་པའི་ཉེས་པ་རྣམས་ཀྱིས་བདག་དང་འདྲོན་པ་རྣམས་ལ་གནོད་པར་མི་འགྱུར་ཞེས་བྱ་བ་འདི་ནི་མཁས་པ་གཉི་གའི་འབྲས་བུ་ཡིན་ནོ། །ཐོག་མ་ཉིད་ནས་སའི་ལམ་གྱི་ཡོན་ཏན་ཞེས་བྱ་བ་ནས་བཟུང་སྟེ། དེ་ལམ་
གྱི་བར་གནས་དང་པོ་ནས་མ་བསྐྱོད་པར་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་མི་ནོར་བའི་མཁས་པ་ཡིན་ནོ། །དེ་དེ་ལྟར་ཡེ་ཤེས་ཀྱིས་རྣམ་པར་བརྟགས་པའི་བློ་དང་ཞེས་བྱ་བ་ནས་བཟུང་སྟེ། བསྒྲལ་ཏེ་ཞེས་བྱ་བའི་བར་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོའི་
བར་དུ་ཕྱིན་པར་བྱེད་ཅེས་བྱ་བའི་བར་འདི་ནི་ཉེ་བར་སྟོན་པ་ལ་མཁས་པ་ཡིན་ནོ། །འཁོར་བའི་འབྲོག་དགོན་པ་རྣམས་ཀྱི་ཉེས་པས་སེམས་ཅན་གྱི་འདྲོན་པ་འམ་བདག་ལ་གནོད་པར་འགྱུར་བར་ཡང་མི་བྱེད་དོ་ཞེས་བྱ་བ་འདི་ན་མཁས་པ་དེ་གཉི་གའི་འབྲས་བུ་ཡིན་ནོ། །ཀྱེ་རྒྱལ་
བའི་སྲས་དག་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡོངས་སུ་མི་སྐྱོ་བར་ས་ཡོངས་སུ་སྦྱང་བར་བྱ་བའི་ཁྱད་པར་ལ་བརྩོན་པར་བྱའོ་ཞེས་བྱ་བ་འདི་ནི་འབྲས་བུ་དེའི་རྒྱུ་ལ་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རང་བཞིན་དང་བཅས་པའི་རིམ་པ་ནི་ཕ་རོལ་ཏུ་ཕྱིན་
เล่ม ๑๑๖ · หน้า 43b
པ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ཏུ་མངོན་པར་འགྲུབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིམ་གྱིས་ས་ལ་སོགས་པ་དོན་དུ་གཉེར་བའི་ཕྱིར་དེ་ཡིད་ལ་བྱེད་པ་ནི་འདོད་པའི་དོན་ཡིད་ལ་བྱེད་པ་དག་ཡིན་ནོ། །ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ལ་བདག་གིས་སྦྱིན་ནོ་སྙམ་པ་ལ་
སོགས་པའི་རྣམ་པ་རྣམས་མེད་པའི་ཕྱིར་རོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཞེས་བྱ་བ་ནི་དུས་ཐུང་ངུ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གསུམ་གསུངས་པ་ཡིན་ནོ། །ཡང་ན་ཉན་པ་པོ་རྣམས་ཀྱི་དབང་དུ་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོས་གོ་བར་བྱ་བའི་ཕྱིར་རོ། །སྡིག་པ་དང་བྲལ་བའི་
དབང་དུ་བྱས་ཏེ་ཞེས་བྱ་བ་ནི་སྡིག་པ་དང་འབྲལ་བར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྤྱན་ལྔ་ནི། དེ་ན་འཕགས་དང་ཤེས་རབ་སྤྱན། །ལྷ་དང་དེ་བཞིན་ཤ་ཡི་སྤྱན། །བྱང་ཆུབ་ཀྱང་ནི་འཐོབ་འགྱུར་ཞིང་། །སངས་རྒྱས་རྣམས་དང་མཚུངས་པར་འགྱུར། །ཞེས་བྱ་བ་སྟེ་འདིའི་
དོན་ནི་ས་བཅུ་པ་ལས་འཆད་པར་འགྱུར་རོ། །རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་རྒྱུ་དང་འབྲས་བུའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་སྟེ། ལུས་དང་མཚན་ཉིད་དག་ནི་རང་བཞིན་བརྗོད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་མོས་པས་སྤྱོད་པའི་ས་པའི་འབྲས་བུ་ས་དང་པོ་ཡིན་ལ། ས་དང་པོའི་འབྲས་
བུ་ས་གཉིས་པ་ཡིན་པ་དེ་བཞིན་དུ་ས་བཅུ་པའི་འབྲས་བུ་སངས་རྒྱས་ཀྱི་ས་ཡིན་ཏེ། རྒྱུ་དེ་ལས་གྲུབ་པའི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱིས་ཀྱང་མགོ་རིའི་རྩེ་མོའི་མདོ་ལས་སེམས་དང་པོ་བསྐྱེད་པ་ནི་སྤྱོད་པ་དང་འབྲེལ་བའི་རྒྱུ་ཡིན་པར་བལྟ་བར་བྱའོ། །སྤྱོད་པ་དང་འབྲེལ་བ་ནི་ཕྱིར་མི་ལྡོག་
པའི་རྒྱུ་ཡིན་པར་རིག་པར་བྱའོ། །ཕྱིར་མི་ལྡོག་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱུ་ཡིན་པར་བལྟ་བར་བྱའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་སོ། །ཡང་ན་རྒྱུའི་ལུས་ནི་འབྲས་བུས་རྟོགས་པས་ན་རྒྱུའི་ལུས་དང་
འབྲས་བུའི་མཚན་ཉིད་ཅེས་བྱ་བ་ནི། རྒྱུའི་རང་བཞིན་འབྲས་བུས་ཤེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱིས་ནི་འབྲས་བུ་ཁོ་ན་ཡིན་གྱི་རྒྱུ་ནི་མ་ཡིན་ཏེ། དེ་ལས་ལྷག་པའི་ས་གཞན་མེད་པའི་ཕྱིར་དང་། སངས་རྒྱས་ཀྱི་ས་ལ་གོང་ནས་གོང་དུ་མཆོག་ཏུ་
เล่ม ๑๑๖ · หน้า 44a
འགྱུར་བ་མེད་པའི་ཕྱིར་རོ། །དང་པོའི་ས་ལ་སྦྱང་བྱས་ནས། །རྣམ་པར་དག་པ་མཐོང་བ་ནི། །ས་གཉིས་དོན་དུ་གཉེར་བྱེད་དེ། །དེ་ཐོབ་བྱ་ཕྱིར་རབ་ཏུ་སྦྱོར། །བསམ་པ་ཤིན་ཏུ་རྣམ་དག་པ། །དེ་ལྟར་རབ་ཏུ་སྦྱོར་བ་ན། །དེ་ཚེ་འཆལ་པའི་ཚུལ་ཁྲིམས་
ཀྱི། །དྲི་སྤངས་པ་ནི་རྒྱ་ཆེན་འཐོབ། །དྲི་མ་མེད་པའི་བསམ་པ་ཡིས། །ས་གཉིས་རྒྱ་ཆེན་འཐོབ་པ་ནི། །ཡོན་ཏན་རྣམ་པ་བཞི་བརྟེན་ནས། །རང་བཞིན་ཚུལ་ཁྲིམས་འཐོབ་པར་འགྱུར། །ཚུལ་ཁྲིམས་ཡོངས་སུ་དག་བྱའི་ཕྱིར། །ཡོན་ཏན་དག་ནི་བཞིར་འདོད་དེ། །གཞན་ལས་ཡང་
དག་གནོད་པ་དང་། །བསམ་པ་རྣམ་པར་དག་ཉིད་དང་། །འདས་ནས་སོར་ཆུད་བྱེད་པ་དང་། །མ་འདས་པ་ལ་གུས་པའོ། །མཁས་པས་ཡོན་ཏན་འདི་རྣམས་ཀྱི། །བྱ་བ་དག་ནི་བཞིར་བཤད་དེ། །གཞན་ལ་ལྟོས་ནས་ཁྲེལ་ཡོད་དང་། །བདག་ལ་ལྟོས་ནས་ངོ་ཚར་འདོད། །སེམས་
ལ་འགྱོད་པ་མེད་པ་དང་། །ཚུལ་ཁྲིམས་གསུམ་ནི་མི་འདྲའ་བའོ། །ས་དང་པོའི་གླེང་གཞི་དང་། སྙོམས་པར་འཇུག་པ་དང་། བྱིན་གྱི་རླབས་དང་། ལྡང་བ་དང་། བསྟན་པ་དང་། བསྐུལ་བ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ས་གཉིས་པ་ལ་སོགས་པ་འདི་དག་གི་ཡང་ཡིན་པར་ཤེས་པར་བྱ་སྟེ།
འདི་ལྟར་གླེང་གཞི་ནི་གནས་དང་གདུལ་བ་རྣམས་ཡིན་ལ། འདི་དག་བཤད་པའི་ཕྱིར་གནས་གཞན་དང་། གདུལ་བ་གཞན་དག་ཀྱང་མ་ཡིན་ནོ། །འདི་དག་བཤད་པའི་ཕྱིར་རྡོ་རྗེའི་སྙིང་པོ་སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པ་ཡང་མ་ཡིན་ནོ། །སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བྱིན་གྱིས་རློབ་པར་མཛད་པ་ཡང་མ་ཡིན་ནོ། །སྙོམས་པར་མ་ཞུགས་པས་ལྡང་བ་ཡང་ག་ལ་ཡོད། འདི་དག་གི་བསྟན་པ་ཡང་མིང་ཙམ་གྱིས་དོན་བཤད་པ་བྱས་པ་ཉིད་དེ། །ས་འདི་དག་བཤད་པའི་ཕྱིར་རྣམ་པར་གྲོལ་བའི་ཟླ་བ་ལ་སོགས་
པས་ཡང་སྐུལ་བར་ཡང་མི་བྱེད་དོ། །ས་གཉིས་པའི་བཤད་པ་དང་ཁྱད་པར་ཞེས་བྱ་བ་འདི་གཉིས་བརྗོད་པར་བྱ་སྟེ། བཤད་པའི་དབང་དུ་བྱས་ནས། མངོན་པར་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འབྱུང་བར་བྱེད་པ་རྣམ་པར་དག་པ་ནི་རྒྱུ་རྣམ་པར་
เล่ม ๑๑๖ · หน้า 44b
དག་པ་སྟེ། དེ་དག་ཀྱང་སེམས་ཀྱི་བསམ་པ་བཅུ་པོ་དག་གོ། །སོ་སོར་བརྟགས་པའི་བྱ་བ་མེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པ་ཇི་ལྟར་འགྲོ་བར་བྱ་བ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བཞིན་དུ་འགྲོ་བའི་ཕྱིར་དེ་བཞིན་དུ་བསྒྲུབ་པའི་ཕྱིར་བསྟན་པའི་ཕྱིར། ཚུལ་ཁྲིམས་ལ་
སོགས་པ་དེ་སྒྲུབ་ན། འདོད་ཆགས་ལ་སོགས་པས་གནོད་པ་ན་སོ་སོར་བརྟགས་པ་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་ཟིལ་གྱིས་མནན་ནས་བསྟན་པ་མ་ཡིན་པའི་ཕྱིར་སོ་སོར་བརྟགས་པའི་བྱ་བ་མེད་པ་ཞེས་བྱ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་ལ་རང་གི་ཚུལ་ཁྲིམས་འཇུག་གོ་ཞེས་བྱ་
བའི་ཐ་ཚིག་གོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཁྱད་ཞུགས་པར་ཤེས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་རྣམ་པ་གསུམ་པོ་འདི་
མདོར་བསྡུས་ནས་བཤད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡིས། །བྱང་ཆུབ་ལམ་ནི་ཁྱད་པར་བྱེད། །དང་པོ་སྤོང་བའི་ཚུལ་ཁྲིམས་ཏེ། །གཉིས་པ་དགེ་བ་སྡུད་པ་ཡིན། །གསུམ་པ་སེམས་ཅན་བྱ་བའི་སྟེ། །དོན་རྣམ་གསུམ་
ནི་བསྒྲུབ་པ་ཡིན། འདི་ལ། དང་པོ་ཡང་དག་ལེན་པའི་རྒྱུ། །གཉིས་པ་དགེ་བའི་ཕ་རོལ་བྱེད། །གསུམ་པ་སེམས་ཅན་རྣམས་ཀྱི་རྒྱུད། །ཕ་རོལ་བྱེད་པར་ཡང་དག་བཤད། །ཇི་ལྟ་ཞེ་ན། སྦྱོར་དང་བསམ་པ་ཕུན་ཚོགས་དང་། །མི་མཐུན་ཕྱོགས་རྣམས་ཉམས་པའི་ཕྱིར། །རང་
བཞིན་ཚུལ་ཁྲིམས་གང་ཡིན་པ། །ད་ནི་ལས་ལམ་མཚན་ཉིད་ཡིན། །དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་དག་གིས་མདོར་བསྡུ་ན་རྣམ་པ་བཞི་དང་ལྡན་པའི་ཕུན་སུམ་ཚོགས་པ་གཉིས་ཤིག་བསྟན་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་
པའོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། བདེ་བར་སྦྱོར་བ་དང་། ཕན་པར་སྦྱོར་བའོ། །དེ་ལ་སྲོག་གཅོད་པ་སྤོང་བ་ནས་བཟུང་སྟེ། ཚིག་རྩུབ་པོ་སྤོང་བའི་བར་ནི། བདེ་བར་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །ཚིག་འཁྱལ་པ་སྤོང་བ་ནི་ཕན་པར་སྦྱོར་
เล่ม ๑๑๖ · หน้า 45a
བའོ། །བསམ་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཏེ། བདེ་བའི་བསམ་པ་དང་ཕན་པའི་བསམ་པའོ། །དེ་ལ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དག་ནི་བདེ་བའི་བསམ་པའོ། །ཡང་དག་པའི་ལྟ་བ་ནི་ཕན་པའི་བསམ་པའོ། །འདིའི་
དོན་བསྡུས་པ་ནི། གང་ད་ལྟར་བྱུང་བ་ན་ཕན་འདོགས་པར་བྱེད་པ་ནི་བདེ་བ་ཡིན་ལ། གང་ཚེ་ཕྱི་མ་ལ་ཕན་འདོགས་པར་བྱེད་པ་དེ་ནི་ཕན་པ་ཡིན་པས་འདི་ལྟ་སྟེ། བདེ་བར་སྦྱོར་བ་དང་། ཕན་པར་སྦྱོར་བ་དང་། བདེ་བའི་བསམ་པ་དང་། ཕན་པའི་བསམ་པ་འདི་ཙམ་དུ་
ཟད་དོ། །དེ་ལྟ་བས་ན་སྦྱོར་བ་དང་། བསམ་པ་ཕུན་སུམ་ཚོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་ལས་བརྩམས་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྣམ་པར་གཞག་པར་ཤེས་པར་བྱའོ། །མི་མཐུན་པའི་ཕྱོགས་རྣམས་ཉམས་པའི་ཕྱིར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སེམས་ཅན་
གྱི་དོན་བྱ་བར་ཁས་བླངས་པའི་བྱང་ཆུབ་སེམས་དཔས་ཆོས་གཉིས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་དགོས་ཏེ། སེམས་ཅན་རྣམས་ལ་གནོད་པར་བྱེད་པ་གང་ཡིན་པ་དང་། སེམས་ཅན་རྣམས་ཕན་པའི་བགེགས་བྱེད་པ་གང་ཡིན་པའོ། །དེ་ལ་གནོད་
པ་ནི་རྣམ་པ་བདུན་ཏེ། སྲོག་ལ་གནོད་པ་དང་། ལོངས་སྤྱོད་ལ་གནོད་པ་དང་། ཆུང་མ་ལ་གནོད་པ་དང་། ཡང་དག་པའི་དོན་ལ་གནོད་པ་དང་། མཛའ་བཤེས་ལ་གནོད་པ་དང་། སྙན་པ་ལ་གནོད་པ་དང་། བྱ་བ་ལ་གནོད་པའོ། །དེ་ལ་སྲོག་གཅོད་པ་ནི། སྲོག་
ལ་གནོད་པར་བྱེད་པ་ཡིན་པ་ནས་ཚིག་འཁྱལ་པ་ནི་བྱ་བ་ལ་གནོད་པ་བྱེད་པའི་བར་དུ་ཡིན་ནོ། །ཕན་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པར་བྱེད་དོ། །སྦྱིན་པ་དེ་ཡང་རྣམ་པར་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ་
དེ་ལ་བརྣབ་སེམས་ནི། ཟང་ཟིང་གི་སྦྱིན་པའི་བགེགས་བྱེད་པ་ཡིན་ནོ། །གནོད་སེམས་ནི་མི་འཇིག་པ་སྦྱིན་པའི་བགེགས་བྱེད་པ་ཡིན་ནོ། །ལོག་པར་ལྟ་བ་ནི་ཆོས་ཀྱི་སྦྱིན་པའི་བགེགས་བྱེད་པ་ཡིན་ནོ། །མི་མཐུན་པ་འདི་དག་གི་གཉེན་པོར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་
เล่ม ๑๑๖ · หน้า 45b
རྣམ་པར་གཞག་སྟེ། ཇི་ལྟ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་པ་ངེས་པ་ཡིན་ཞེས་བྱ་བའོ། །སྤོང་བ་ཁྱད་པར་ཅན་ཡང་འཐོབ་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ས་སྔ་མའི་སྤོང་བ་བས་སྤོང་བ་ཁྱད་ཆེན་འཐོབ་
པར་ཡོངས་སུ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པར་བྱེད་པའི་དངོས་པོ་ནི་དབྱུག་པ་སྟེ། དབྱིག་པ་སྤངས་པ་ཞེས་བྱ་བ་གང་ཡིན་པའོ། །དབྱུག་པ་སྨོས་པ་ནི་ཉེ་བར་མཚོན་པའི་ཕྱིར་ཡིན་ཏེ། ཐོ་བ་ལ་སོགས་པ་ཡང་གནོད་པ་བྱེད་པའི་དངོས་པོ་ཡིན་ནོ། །གཅོད་
པའི་དངོས་པོ་ནི་མཚོན་ཆ་སྟེ། མཚོན་ཆ་སྤངས་པ་ཞེས་བྱ་བ་གང་ཡིན་པ་སྟེ་དེས་གཅོད་པར་བྱེད་པའི་ཕྱིར་རོ། །འདིར་ཡང་མཚོན་ཆ་ནི་ཉེ་བར་མཚོན་པ་ཡིན་གྱི། དགྲ་སྟ་ལ་སོགས་པ་ཡང་གཅོད་པའི་དངོས་པོ་ཡིན་ནོ། །འབྱུང་བར་བྱེད་པའི་རྒྱུའི་དབང་དུ་བྱས་ནས་ཁོན་དུ་
འཛིན་པ་སྤངས་ཞེས་བྱ་བ་གསུངས་ཏེ། དེ་ཉིད་ཚིག་གཉིས་ཀྱིས་རྣམ་པར་འབྱེད་དོ། །ལོངས་སྤྱོད་འདོད་པ་ནི་གང་གིས་ན་གཡུལ་ངོར་འཇུག་པ་སྟེ། དེར་ཞུགས་ན་ཕྱི་མ་ལ་ཚེ་རབས་གཞན་དུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཁས་བླངས་པའི་ཕྱིར་བདག་ཡོངས་སུ་
འདོར་བ་ཡིན་པས། འཛེམ་པ་དང་ལྡན་ཞེས་གསུངས་པ་གང་ཡིན་པའོ། །སྲོག་ཆགས་ཀྱི་ཡན་ལག་པགས་པ་ལ་སོགས་པ་འདོད་པ་དང་། དཔེར་ན་དེ་ཆེད་མི་ཆེ་ཡང་ལིངས་ཙམ་འདེབས་པ་དོན་དུ་གཉེར་བ་རྣམས་ཀྱིས་དེ་བསད་པར་མངོན་པར་དགའ་བའི་འདོད་པ་སྟེ།
སྙིང་རྗེ་ལ་ཞུགས་པ་ཞེས་གསུངས་པ་གང་ཡིན་པའོ། །ཕན་པ་དང་སྙིང་བརྩེ་བའི་དུས་རེ་ཞིག་པ་དང་། ཡུན་དུ་བདེ་བར་བྱེད་པ་སྟེ་མཐོ་རིས་དང་ཐར་པའི་རྒྱུད་ཡང་དག་པར་ལེན་དུ་འཇུག་པའི་ཕྱིར་རོ། །བྱམས་པའི་སེམས་ནི་སེམས་ཅན་དེ་དག་གི་རྒྱུ་བདེ་འགྲོ་དང་མྱ་ངན་ལས་འདས་
པའི་རྒྱུ་དེ་གཉིས་ཀྱི་འབྲས་བུ་གང་ཡིན་པ་དེ་ཐོབ་པར་སྨོན་པའི་ཕྱིར་རོ། །སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཞེས་བྱ་བ་ལ། འདིར་སྲོག་ཆགས་སྨོས་པས་ནི་སེམས་ཅན་རྣམས་ཐེར་ཟུག་པ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་དོ། །སྲོག་གི་དབང་པོ་དང་ལྡན་པས་ཚེ་ཇི་སྲིད་ཀྱི་བར་དུ་
เล่ม ๑๑๖ · หน้า 46a
གནས་པའི་ཕྱིར་རོ། །འབྱུང་པོ་སྨོས་པས་ནི་ཆད་པ་མ་ཡིན་པ་ཉིད་སྟོན་པར་བྱེད་དེ་ཤི་བ་རྣམས་ཀྱང་ལས་དང་ཉོན་མོངས་པའི་དབང་གིས་ཡང་འབྱུང་བའི་ཕྱིར་རོ། །ཆུང་བ་ནི་ཀུན་ཏུ་རྟོག་པ་ཙམ་གྱིས་ཀྱང་ཞེས་བྱ་བ་འདིས་སྟོན་ཏོ། །ཆེ་བ་ནི་ལུས་ཀྱིས་རྣམ་པར་ཐོ་
འཚམས་པ་ཞེས་བྱ་བ་འདིས་སྟོན་ཏོ། །ཐུན་མོང་རྣམས་ལ་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་བཟུང་བ་རྣམས་ལའོ། །ཐུན་མོང་མ་ཡིན་པ་དག་ལ་ཞེས་བྱ་བ་ནི་གཞན་གྱི་ཆུང་མ་ཞེས་བྱ་བ་འདིས་སྟོན་ཏོ། །ཕ་མ་དང་འབྲེལ་བ་ཞེས་བྱ་བ་ནི། རིགས་ཤེས་པས་སྨོས་པས་སྟོན་ཏོ། །
གཞན་སྦྱིན་པར་བྱས་པ་ཞེས་བྱ་བ་ནི་མཚན་སྨོས་པས་སྟོན་ཏོ། །ངེས་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་སྨོས་པས་སྟོན་ཏོ། །རབ་ཏུ་བྱུང་བ་དག་དང་། བུ་ཁུལ་ཞོ་ན་འདུག་པ་དག་དང་། བུ་ཆགས་པ་དག་ཅེས་བྱ་བ་འདི་དག་ཀྱང་ཆོས་ཀྱིས་བསྲུངས་པའི་ནང་དུ་འདུས་ཏེ། སེམས་ཅན་
ལ་གནོད་པ་བྱེད་པའི་ཕྱིར་རོ། །གནས་མ་ཡིན་པར་འགྲོ་བ་ནི་མཆོད་རྟེན་དང་བླ་མའི་གནས་དག་དང་། ཡན་ལག་མ་ཡིན་པའི་རྣམ་པར་རིག་བྱེད་དེ། སྨྲས་པ། གང་ཞིག་རང་གི་ཆུང་མ་ཡིན་ཡང་ངེས་བཅས་བུ་ཆགས་མི་འགྲོ་ཞིང་། །བུ་ལ་ནུ་ཞོ་ལྷུད་ཚེ་མ་ཡིན་ཡན་ལག་མ་
ཡིན་མི་འགྲོ་བ། །བུད་མེད་འགྲོགས་ནའང་ཆགས་དང་རྨོངས་པར་གཞན་གྱིས་ཡོངས་བཟུང་མི་བསྟན་པ། །སྨོས་ཅི་དགོས་པ་དབང་པོ་ལེགས་བསྡམས་རྒྱགས་པ་དབང་གྱུར་ཤེས་པར་བྱ། །གཞི་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་གཞི་ནི་རྒྱུ་ཡིན་ནོ། །བརྫུན་དུ་སྨྲ་བའི་གཞི་ནི་
གཞན་བསླུ་བའི་བསམ་པའོ། །དེ་སྤང་བ་ནི་གཞི་སྤོང་བ་སྟེ་དེ་ཡང་བདེན་པར་སྨྲ་བས་འགྱུར་རོ། །བདེན་པར་སྨྲ་བ་དེ་ཉིད་ནི་གཞན་བསླུ་བའི་བསམ་པའི་གཉེན་པོ་ཡིན་ནོ། །དེ་ཡང་དེའི་རྒྱུ་ཡིན་ཏེ། དེ་ལ་བརྟེན་ནས་དེ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གཞི་དང་ཁྱད་པར་མེད་པའི་ཕྱིར་
རོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་གཉེན་པོས་སྤོང་བ་ཉིད་ཀྱིས་རྒྱུ་སྤོང་བར་བཤད་པ་ཡིན་ནོ། །དབྱེན་མི་བྱེད་པ་ཉིད་རྣམ་པར་ཐོ་མི་འཚམས་པ་སྟེ། གང་གིས་ན་གཞན་དག་ལ་ཕན་པ་མ་ཡིན་པའི་དབྱེན་མི་བྱེད་པའོ། །དབྱེན་བྱས་ན་ཐོ་འཚམས་པར་འགྱུར་རོ། །ལེན་པ་ཞེས་
เล่ม ๑๑๖ · หน้า 46b
བྱ་བ་ནི་ཐོས་ནས་ཞེས་བྱ་བ་འདིས་སྟོན་ཏོ། །བརྗོད་པ་ནི་རབ་ཏུ་སྟོན་པ་སྟེ། སྙོད་པ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་ལ་སྔོན་མ་བྱེ་བ་ཞེས་བྱ་བ་ནི་འདུམ་པ་རྣམས་མི་འབྱེད་ཅེས་བྱ་བ་འདིས་བསྟན་ཏོ། །སྔོན་བྱེ་བ་ལ་ཞེས་བྱ་བ་ནི་བྱེ་བ་རྣམས་ལ་མི་སྣོན་ཏེ་ཞེས་བྱ་བ་འདིས་བསྟན་ཏོ། །འདུམ་པ་
ལ་མི་དགའ་བ་ནི་མི་འདུམ་པ་ལ་མི་དགའ་ཞེས་འབྱུང་བའི་ཕྱིར་རོ། །མི་འདུམ་པ་ལ་མངོན་པར་དགའ་བ་ནི་འདུམ་པ་ལ་མོས་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་དབྱེན་གྱི་ཚིག་ཆུང་བ་ནི་བདེན་ནམ་ཞེས་འབྱུང་བའི་ཕྱིར་རོ། །ཆེ་བ་ནི་བརྫུན་གྱིས་དབྱེན་གྱི་ཚིག་སྨྲ་བ་སྟེ། བརྫུན་ཡང་རུང་
ཞེས་འབྱུང་བའི་ཕྱིར་རོ། །བརྗོད་པའི་མཚམས་སྦྱར་བ་ཞེས་བྱ་བ་ནི་ཚིག་སྔ་མའི་དོན་ཚིག་ཕྱི་མས་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཧ་ཅང་གནོད་པར་བྱེད་པས་ན་ཞེར་འདེབས་པ་སྟེ། ཤིན་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ངོར་བརྗོད་པ་ཞེས་བྱ་བ་ནི།
མངོན་སུམ་དུ་མི་འདོད་པ་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ངོར་མི་བརྗོད་པ་ཞེས་བྱ་བ་ནི་ལྐོག་ན་མི་འདོད་པའི་ཚིག་གི་རྣམ་པ་རྒྱུན་མི་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ། །གྲོང་མིའི་ཚིག་ཅེས་བྱ་བ་ནི་སྐྱེ་བོ་མ་རབས་ཀྱི་རྐྱེན་ཉིད་ཡིན་པས་ཚོགས་པས་དབྱུང་མི་བཟོད་པ་ཞེས་བྱ་བའི་ཐ་ཚིག་
གོ། །སྐྱེ་བོ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་ནས་རྟག་ཏུ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྫུན་པ་ནི་སྐྱེ་རེ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲོ་ཞིང་རྔམ་པ་ཞེས་བྱུང་བ་ནི་ཁྲོ་བ་ཉིད་རྔམ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཁྲོ་བ་ལས་བྱུང་བ་དང་། ཁྲོ་བ་དང་འབྲེལ་པའི་རྔམ་
པ་དེ་ལས་བྱུང་བའོ། །ཡང་ན་གནོད་པ་བྱེད་པའི་རྒྱུ་མཚན་ནི་ཁྲོ་བ་ཡིན་ལ། ཕྲག་དོག་ནི་རྔམ་པ་སྟེ། འདིས་ནི་ཚུལ་ཁྲིམས་འདྲལ་བའི་རྒྱུ་མཚན་བརྗོད་པའི་ཕྱིར་བརྫུན་པ་ཉིད་རྣམ་པར་བཀྲོལ་བ་ཡིན་ནོ། །རྣར་མི་སྙན་པ་ཉིད་ཀྱང་ཚིག་གཉིས་ཀྱིས་བཤད་དེ། ཁོན་མ་བྱུང་བ་
འབྱིན་པས་ཐོས་པའི་དུས་ན། སྙིང་སྣད་པའི་ཕྱིར་སྙིང་ན་བ་དང་དྲན་པའི་དུས་ན་སེམས་སྣད་པའི་ཕྱིར་ཡིད་གདུང་བར་བྱེད་པའོ། །དེ་ཡང་ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་མི་སྙན་པ་དང་། ཡིད་དུ་མི་འོང་བས་ཏེ། ཚིག་འདི་གཉིས་ནི་དུས་འདི་གཉིས་ཁོ་ན་ན་རྒྱུའི་ངོ་བོར་
เล่ม ๑๑๖ · หน้า 47a
གནས་པ་ཡིན་ནོ། །དགའ་བ་སྐྱེས་པ་མེད་པར་བྱེད་པའི་ཕྱིར་རང་གི་སེམས་ཀྱི་རྒྱུད་དང་གཞན་གྱི་སེམས་ཀྱི་རྒྱུད་མ་རུང་བར་བྱེད་པ་ཡིན་ནོ། །འཇམ་པ་ཞེས་བྱ་བ་ནི། བཤད་པར་བྱ་བ་ཡིན་ནོ། །ཇི་ལྟར་འཇམ་ཞེ་ན། འདི་ལྟར་མཉན་པ་སྟེ། གྱ་ཚོམ་མ་ཡིན་པའོ། །
ཡིད་དུ་འོང་བ་ནི་མངོན་པར་འདོད་པར་བྱའོ། །མཉེན་པ་ཚིག་གཞན་གྱིས་བརྗོད་པར་བྱ་སྟེ། བརྫུན་མ་ཡིན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཏུ་གཏོགས་པ་སྟེ། དེ་ལ་དམིགས་པ་ཉིད་ཀྱིས་སྡོམ་པའི་རྒྱུན་མི་འཆད་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་མངོན་པར་འདོད་པར་
བྱའོ། །ཞེས་བཤད་པ་གང་ཡིན་པ་དེ་ཡང་རྣར་སྙན་པ་དང་། སྙིང་ལ་འབབ་པ་ཞེས་བྱ་བ་ནི་གཉིས་ཀྱིས་བཤད་དེ། བདེ་བ་དང་ཕན་པ་ཡིད་དུ་འོང་བ་དག་གི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མངོན་པར་མཐོ་བའི་བདེ་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་མཐུན་པས་ན་གྲོང་ཁྱེར་
བའོ། །མཛའ་བ་ལ་སོགས་པ་ཐ་དད་པས་ཐ་དད་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཐོས་པ་དང་དྲན་པའི་དུས་ན་འདོད་པའི་ཕྱིར་སྐྱེ་བོ་མང་པོ་ལ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་སྟེ་གོ་རིམས་བཞིན་ནོ། །དེ་ལྟར་གྱུར་པ་དེ་ནི་ཁོ་ན་མ་བྱུང་བ་མི་འབྱིན་པའི་དོན་དུ་མཆོག་ཏུ་
དགའ་བ་བསྐྱེད་པའི་ཕྱིར་ཡིད་དགའ་བར་བྱེད་པའོ། །ཏིང་ངེ་འཛིན་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་དེ་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ནང་གི་རེག་བྱའི་ཁྱད་པར་གྱིས་ཏིང་ངེ་འཛིན་སྐྱེ་བ་དང་མཐུན་པའི་རྟེན་དུ་བྱེད་པའི་ཕྱིར་རོ། །ཡིད་ཚིམ་པར་བྱེད་པ་སྟེ། དགའ་བ་སྔོན་མ་སྐྱེས་པ་
སྐྱེད་པ་བདག་དང་གཞན་ཡང་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་ན་རང་གི་སེམས་ཀྱི་རྒྱུད་དང་གཞན་གྱི་སེམས་ཀྱི་རྒྱུད་དང་བར་བྱེད་པའོ། །བསྟན་བཅོས་འདི་ལས་ཕན་ཚུན་སྨྲར་དབང་ཞེས་ཏེ། དུས་མ་ཡིན་པ་ཉིད་དུ་གླིང་བར་མི་བྱེད་ཀྱི་འོན་ཀྱང་གང་གི་ཚེ་མི་དགེ་བ་རྣམས་
ལས་བཟློག་སྟེ། དགེ་བ་ལ་སྦྱོར་བར་ནུས་པ་དེའི་ཚེ་སྨྲ་བའི་ཕྱིར་དུས་སུ་སྨྲ་བའོ། །དེར་ཕྱིན་ཅི་མ་ལོག་པ་སྟེ་མངོན་པར་ཞེན་པའམ། ཁྲོས་ན་གཞན་དུ་སྨྲ་བས་ན་ཡང་དག་པར་སྨྲ་བའོ། །གདམས་ངག་ལ་སྦྱོར་བའི་ཚེ་བརྗོད་པར་བྱ་བ་དང་། ཚིག་གཉི་ག་བརྗོད་པས་དོན་སྨྲ་
เล่ม ๑๑๖ · หน้า 47b
བ་དང་ཆོས་སྨྲ་བའོ། །རིགས་པ་སྨྲ་བ་ནི་རིགས་པས་སྨྲ་བའོ། །ལུང་སྨྲ་བ་ནི་འདུལ་བ་སྨྲ་བའོ། །སྡུད་པར་འགྱུར་བ་ཞེས་བྱ་བ་ནི་གཟོབ་པ་ཞེས་འབྱུང་བའི་ཕྱིར་ཏེ། གཟོབ་པར་བྱེད་གཏོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ནི་ཞིག་ལྡན་བཅས་ཞེས་འདོན་ཏེ། དེ་དག་
གི་ལྟར་ན་དོན་ནི་འདི་ཡིན་ཏེ། ཞིག་ལྡན་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཞིག་པ་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཡང་ན་འདིའི་འདི་ལ་རྫས་མེད་པས་ན་རྫས་མེད་དེ་འདིའི་འདི་ལ་ཡོངས་སུ་འཛིན་པ་ཐམས་
ཅད་ཅེས་བྱ་བའི་ཐ་ཚིག་གོ། །མཉན་པར་འོས་པའི་སྤྱོད་ལམ་གྱིས་གནས་པ་རྣམས་ལ་ཞེས་བྱ་བ་ནི་མདོ་ལས་དུས་སུ་ཞེས་འབྱུང་བའི་ཕྱིར་རོ། །གླེང་བསླང་བ་དང་བཅས་པ་ཞེས་བྱ་བ་ནི་མདོ་ལས་རྨེང་དང་བཅས་པ་ཞེས་འབྱུང་བའི་ཕྱིར་དང་། བྱུང་བ་དང་བཅས་
གླེང་གཞི་དང་བཅས་ཞེས་འབྱུང་བའི་ཕྱིར་རོ། །ཆུང་བ་ཞེས་བྱ་བ་ནི་བཞད་གད་དུ་བྱ་བ་ཞེས་འབྱུང་བའི་ཕྱིར་རོ། །ཆེ་བ་ནི་ཚིག་གིས་རྣམ་པར་གཡེང་བ་ཞེས་བྱ་བ་ཡིན་ནོ། །བདག་གིར་བྱས་པས་ཡོངས་སུ་གཟུང་བའི་དངོས་པོ་ནི་གཞན་གྱི་ནོར་ཞེས་འབྱུང་བའི་ཕྱིར་རོ། །སྤྱོད་
པས་ཡོངས་སུ་གཟུང་བའི་དངོས་པོ་ནི་གཞན་གྱི་འདོད་པ་ཞེས་འབྱུང་བའི་ཕྱིར་རོ། །དངོས་པོ་དེ་ཡང་རང་བཞིན་ཅི་ཞེ་ན། གོ་རིམས་བཞིན་དུ་ཟོང་དང་། ཡོངས་སུ་སྤྱད་པ་སྟེ་གཞན་གྱི་རྫས་དང་ཡོ་བྱད་ཅེས་འབྱུང་བའི་ཕྱིར་རོ། །བརྣབ་སེམས་མེད་པའི་རང་བཞིན་ནི་མདོ་ལས་
བརྣབ་སེམས་མི་སྐྱེད་ཅེས་འབྱུང་བའི་ཕྱིར་རོ། །བརྣབ་སེམས་རྣམ་པ་གསུམ་གྱི་གཉེན་པོ་ཞེས་བྱ་བ་དེ་ལ་ཁ་ཅིག་དངོས་པོ་གྱ་ནོམ་པ་འགའ་ཡང་མཐོང་ནས་སྒོ་གསུམ་ནས་བརྣབ་སེམས་བསྐྱེད་དེ་དེ་བསླངས་ཏེ་བླང་ངོ་སྙམ་པ་དང་། གཞན་དག་མི་སློང་སྟེ་འོན་ཀྱང་ཀྱེ་མ་
དེ་ནམ་ཞིག་བདག་གིར་འགྱུར་སྙམ་དུ་དེ་ཐོབ་པར་སྨོན་པ་དང་། གཞན་དག་འདི་ཕྲོགས་ཏེ་བླང་སྙམ་དུ་སེམས་པའོ། །འདི་གསུམ་སེལ་བར་རིམ་བཞིན་དུ་འདོད་པར་མི་བྱེད་མི་སྨོན་ཆགས་པའི་སེམས་མི་སྐྱེད་དོ་ཞེས་གསུངས་སོ། །གནོད་སེམས་མེད་པ་ཡང་ཡིན་ཏེ་ཞེས་བྱ་བ་
เล่ม ๑๑๖ · หน้า 48a
ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཞེས་བྱ་བ་ཡིན་ནོ། །གནོད་སེམས་མེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོས་སེམས་ཅན་རྣམ་པ་ལྔ་ལ་ཡོངས་སུ་བསྟན་ཏོ། །ཇི་ལྟ་ཞེ་ན། གནོད་པ་བྱེད་པ་རྣམས་ལ་ནི་ཕན་པའི་སེམས་ཞེས་འབྱུང་བའི་ཕྱིར་
རོ། །ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་ནི་སྙིང་རྗེ་བའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ཞིང་སློང་བ་རྣམས་ལ་ནི་བདེ་བའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །བདེ་བ་ལ་ཕྲག་དོག་བྱེད་པའི་དངོས་པོ་རྣམས་ལ་ནི་འཇམ་པའི་སེམས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་
ཡོངས་སུ་གཟུང་བ་རྣམས་ལ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་འདོགས་པའི་སེམས་ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་ཕན་འདོགས་པའི་སེམས་བསྐྱེད་ཅེ་ན། རྩོལ་བ་ཤིན་ཏུ་མང་པོས་སྒྱིད་ལུག་པའི་དངོས་པོ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། དེ་དག་གིས་བྱང་ཆུབ་ཀྱི་
སེམས་བསྐྱེད་པ་དེས་སེམས་ཅན་རྣམས་བདག་གིར་བྱས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཅན་དེ་དག་གི་དོན་དུ་དཀའ་བ་སྤྱད་པ་མང་པོ་ཡུན་རིང་པོར་ཁས་བླངས་པས་རྩོལ་བ་ཤིན་ཏུ་མང་པོས་སྒྱིད་ལུག་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་རྣམ་པ་དྲུག་ནི་ཁྲོ་བ་ལ་སོགས་
པའོ། །དེ་ལ་བྱམས་པའི་སེམས་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་གྲངས་བཞིན་དུ་ཡང་མ་ཡིན་ལ་ཚོལ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱེ་བྲག་མེད་པར་ཤེས་པར་བྱ་བའི་ཞེས་བྱ་བ་སྨྲས་ཏེ། འདི་སྐད་དུ་སེམས་རེ་རེ་ལ་མི་མཐུན་པའི་ཕྱོགས་དྲུག་དྲུག་གོ་ཞེས་
བཤད་པ་ཡིན་ནོ། །གང་གིས་ཁོན་མ་བྱུང་བ་འབྱིན་པ་ཞེས་བྱ་བས་ནི་ཁྲོ་བས་སོ། །གང་གིས་འབྱུང་བའི་རྗེས་སུ་འབྲང་བའམ། འཕེལ་བར་བྱེད་པ་ནི་ཁོན་དུ་འཛིན་པས་སོ། །གང་གིས་དགེ་བའི་ལོ་ཏོག་ཅེས་བྱ་བ་ནི་ཕྱིའི་ཞིང་ཚ་སྒོ་ཅན་དང་ཆོས་མཐུན་པར་ཐབས་སོ། །
གང་གིས་མི་དགེ་བ་མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་ཡང་འཕེལ་བར་བྱེད་ཅེས་བྱ་བ་ནི་དྲི་མས་སོ། །གང་གིས་མི་སྡུག་པ་མི་དགའ་བ་མི་མཐུན་པ་སྐྱེད་ཅིང་སྐྱེས་པ་འཕེལ་བར་བྱེད་པ་ནི་གནོད་སེམས་ཀྱིས་སོ། །གང་གིས་སྡུག་པ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་ཡང་འཕེལ་
เล่ม ๑๑๖ · หน้า 48b
བར་བྱེད་པ་ནི་ཁོང་ཁྲོ་བས་སོ། །དེ་དག་ནི་མི་དགེ་བ་རབ་འབྱམ་གྱིས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བ་དག་ཡིན་ནོ་ཞེས་རྗོད་པར་བྱེད་པའོ། །དེ་ལ་ཐེག་པ་གཞན་ལ་ལྟ་བའི་གཉེན་པོར་ཡང་དག་པའི་ལམ་ལ་གནས་ཞེས་བྱ་བ་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་
བཤད་ཟིན་པ་ཉིད་དོ། །བདག་གི་མཆོག་ཏུ་འཛིན་པའི་གཉེན་པོར་ལྟ་བ་དྲང་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གླང་པོ་འཚོ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་བདག་ལ་བཙན་དུ་བྱས་ན་སྙེམས་པར་བྱེད། ཚིག་གི་དོན་རྣམ་པར་འགོད་པར་བྱེད་པ་ནི་མ་ཡིན་གྱི། འོན་
ཀྱང་བླ་མས་ལུང་ཇི་ལྟར་བྱིན་པ་དེ་བཞིན་དུ་ལམ་དྲང་པོས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །འཆབ་པའི་ལྟ་བ་ནི་གཉེན་པོ་མེད་ཅེས་བྱ་བ་ཡིན་ཏེ། གཡོས་རང་གི་ཉེས་པ་འཆབ་པའི་ཕྱིར་རོ། །བརྫུན་དུ་བརྗོད་པར་ལྟ་བའི་གཉེན་པོར་སྒྱུ་མེད་པ་ཞེས་བྱ་བ་ཡིན་ཏེ། སྒྱུས་
སྤྱོད་ལམ་ལ་སོགས་པས་སྦྱིན་བདག་ལ་སོགས་པ་ལ་ཡང་དག་པ་མ་ཡིན་པའི་ཡོན་ཏན་རབ་ཏུ་སྟོན་པའི་ཕྱིར་རོ། །འཇིག་རྟེན་པའི་ལྟ་བའི་གཉེན་པོར་སངས་རྒྱས་ལ་སོགས་པ་ལ་བསམ་པ་ངེས་པ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་མུ་སྟེགས་དང་བྲམ་ཟེ་ལ་སོགས་པ་དག་ལ་
རྟེན་གྱི་སངས་རྒྱས་ལ་སོགས་པ་དག་ལ་གཅིག་ཁོ་ནར་དད་པ་མ་རྙེད་པས་དེ་དག་ལ་མི་འཇུག་པའི་ཕྱིར་རོ། །འདི་ལྟ་སྟེ་རྣམ་པ་ཐམས་ཅད་དང་སྐྱོན་མེད་པས་ནི་དེ་ལྟར་མཆོག་ཏུ་བྱུང་བའི་ཚུལ་ཁྲིམས་དང་རང་བཞིན་གྱི་ཚུལ་ཁྲིམས་ཡོངས་སུ་བསྟན་པ་ཡིན་ཏེ་གོ་རིམས་བཞིན་
ནོ། །ཡང་ན་ཚུལ་ཁྲིམས་གཉིས་ཀ་གཉི་གར་ཡོངས་སུ་བསྟན་པར་ཤེས་པར་བྱའོ། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དགེ་བའི་ཆོས་དག་ཇི་སྙེད་པ། །དེ་དག་ཀུན་ཏུ་སྡུད་པའི་ཕྱིར། །ཚུལ་ཁྲིམས་གཉིས་པ་ཡང་དག་བཤད། །ཉེས་པར་སྤྱད་པ་འགྲོ་བའི་དོན་གྱིས་
ངན་སོང་གདགས་ཏེ་དགེ་བ་མེད་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་གནས་ལུས་མངོན་པར་འགྲུབ་པའི་དོན་གྱིས་ངན་འགྲོ་གདགས་ཏེ་འགྲོ་བ་ངན་པའི་ཕྱིར་རོ། །སྡུག་བསྔལ་སྣ་ཚོགས་སུ་རྟག་ཏུ་ལྟུང་བའི་དོན་གྱིས་རྣམ་པར་ལྟུང་བ་གདགས་ཏེ། སྡུག་བསྔལ་སྣ་
เล่ม ๑๑๖ · หน้า 49a
ཚོགས་སུ་རྒྱུན་མི་འཆད་པར་ལྟུང་བའི་ཕྱིར་རོ། །གྲངས་སུ་ནི་བཅུ་ཞེས་བྱ་བའོ། །ཁ་ན་མ་ཐོ་བ་ནི་མི་དགེ་བ་ཞེས་སྨོས་པས་སྟོན་ཏོ། །འབྲས་བུ་ཐོབ་པར་བྱེད་པ་ནི་ལས་ཀྱི་ལམ་ཉིད་ཀྱིས་སྟོན་ཏོ། །དེ་དག་ནི་ལས་ཀྱང་ཡིན་ལ། ངན་འགྲོ་འབྲས་བུར་གྱུར་པ་རྣམས་
ཀྱི་ལམ་ཡང་ཡིན་པས་སོ། །ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཚིག་འདི་ལ་བསླབ་པ་ལེན་པ་ལྟ་བུའི་ཡང་དག་པར་ལེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པའོ་ཞེས་བྱ་བ་སྨྲས་ཏེ། ཡང་དག་པར་བླང་བ་ནི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་རྒྱང་
འཕེན་པའོ། །མི་འདྲ་བའི་རྒྱུར་སྨྲ་བ་ནི་དབང་ཕྱུག་ལ་སོགས་པར་སྨྲ་བ་སྟེ། འབྲས་བུ་མི་རྟག་པའི་རྒྱུ་རྟག་པ་ནི་མི་མཚུངས་པའི་ཕྱིར་མི་འདྲ་བ་ཡིན་ནོ། །རྣམ་པ་འདི་གཉི་ག་ཡང་ལས་ཀྱི་ལམ་རྣམས་རྒྱུའི་དངོས་པོར་བརྗོད་པས་བསྩལ་ཏོ། །ལོག་པར་སྒྲུབ་པ་ལ་གནས་པ་རྣམས་
བདག་ཉིད་དེ་འདྲ་བས་ཞེས་བྱ་བ་ནི་ལོག་པར་སྒྲུབ་པ་ལ་གནས་པ་ཁོ་ནས་དབྲལ་བ་དེ་དང་འབྲལ་བ་ལོག་པར་སྒྲུབ་པ་དང་དབྲལ་བ་སྟེ། མི་དགེ་བ་རྣམས་ལས་བཟློག་ནས་དགེ་བ་ལ་སྦྱོར་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མི་མཐུན་པའི་ཕྱོགས་དང་གཉེན་པོར་གྱུར་པ་
ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ནི་མི་དགེ་བའི་ལས་ཀྱི་ལམ་རྣམས་སོ། །གཉེན་པོ་ནི་དགེ་བ་རྣམས་ཏེ། དེ་དག་འབྲས་བུ་ངན་འགྲོ་དང་བདེ་འགྲོ་དང་བཅས་པའོ། །འདིས་ནི་མདོའི་ཚིག་དེ་འདི་ལྟར་རྣམ་པར་དཔྱོད་དེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ལས་ཀྱི་
ལམ་གོང་ནས་གོང་དུ་རྣམ་པར་དག་པ་ཞེས་བྱ་བ་འདིས་ཀྱང་དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་མདོའི་དུམ་བུ་ཐེག་པ་གསུམ་རྗོད་པར་བྱེད་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པའི་བདེན་པའི་སྐབས་ཀྱིས་
འདིར་མི་དགེ་བ་ལྟོས་ནས་བདེན་པ་རྣམ་པར་བཤད་པ་ཡིན་པར་རིག་པར་བྱའོ། །མདོ་ལས་དེ་དག་ཤེས་རབ་ཀྱི་བདེན་པའི་རྣམ་པར་བསྒོམས་ན་ཉན་ཐོས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །མི་དགེ་བ་རྣམས་ནི་རང་གི་ངོ་བོ་སྤོང་གི་དགེ་བ་རྣམས་ནི་དེ་ལྟ་མ་
เล่ม ๑๑๖ · หน้า 49b
ཡིན་ནོ་ཞེས་བསྟན་པའི་ཕྱིར། བག་ལ་ཉལ་སྤངས་པ་ནི། དེ་འགོག་པ་ཞེས་བྱ་བ་སྨོས་ཏེ་དགེ་བ་རྣམས་ཀྱིས་ནི་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤོང་བ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བར་ཤེས་པར་བྱ་སྟེ། མ་འོངས་པའི་སྡུག་
བསྔལ་ལ་བརྟགས་ནས་སྙིང་བརྩེ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་བར་གྱུར་པ་རྣམས་ལ་ནི་སྙིང་རྗེ་བར་ཤེས་པར་བྱའོ། །སེམས་ཅན་གྱི་སྡུག་བསྔལ་དག་གིས་གནོད་པར་འགྱུར་བས་ན་སྙིང་རྗེ་སྟེ། སེམས་ཅན་གྱི་སྡུག་བསྔལ་སྐྱེས་པ་སེམས་ཅན་བཞིན་དུ་མི་བདེ་བར་འགྱུར་ཞེས་བྱ་བའི་ཐ་
ཚིག་གོ །སྨྲས་པ། སྙིང་རྗེའི་གངས་ནི་གཅེར་བ་ལ། །གཞན་གྱི་སྡུག་བསྔལ་ཉི་ཚོགས་ཀྱིས། །གདུངས་ཏེ་སྙིང་ལ་བཞུ་བ་ན། །མཁས་མིག་གཉིས་ནས་འཛག་པ་འདྲ། །དེའི་གང་དུ་ཞེས་བྱ་བ་ལ་སོགས་པ་ལ་སྤོང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཅེས་ཡོངས་སུ་སྦྱངས་པས་ཞེས་བྱ་བ་འདིས་སྟོན་ཏེ། འདི་ཉིད་ཤེས་བྱ་ཐམས་
ཅད་ཤེས་པ་ལ་དབང་བས་རྣམ་པ་ཐམས་ཅད་ཡོངས་སུ་སྦྱངས་པར་རིག་པར་བྱ་བས་རྣམ་པར་ཕྱེ་བ་ཡིན་ནོ། །དབང་བྱེད་པ་ནི་སྟོབས་བཅུའི་སྟོབས་ཞེས་བྱ་བ་འདིས་སྟོན་ཏེ། དེ་ཉིད་བདུད་ཕྱིར་རྒོལ་བ་སེལ་བའི་སྐབས་ཡིན་པ་སྟོབས་སྨོན་པ་ཞེས་བྱ་བས་བསྟན་ཏོ། །ཐེག་པ་གཉིས་
ཡོངས་སུ་སྤོང་བ་དང་མཁས་པ་འདི་གཉི་ག་ཡང་ཐེག་པ་དམན་པ་དག་སེལ་བར་བྱེད་པའི་སྐབས་ཡིན་པས་སངས་རྒྱས་ཀྱི་ཆོས་སྨོས་ཞེས་བྱ་བས་བསྟན་ཏོ། །ཆོག་མི་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལྟ་བས་ན་བདག་གིས་ཞེས་བྱ་བ་འདིས་བསྟན་ཏོ། །སྡུག་
བསྔལ་མ་ལུས་ཞི་བྱའི་ཕྱིར། །སེམས་ཅན་བྱ་བ་ཇི་སྙེད་པ། །བྱང་ཆུབ་སེམས་དཔའ་དེ་ཡི་ནི། །ངང་ཚུལ་ཡིན་ཕྱིར་གསུམ་པ་བརྗོད། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་
ནི། གནས་སྐབས་ཀྱི་བྱེ་བྲག་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཡོངས་སུ་ཤེས་པས་ན་ཡོངས་སུ་ཤེས་པའོ། །མི་དགེ་བ་རྣམས་ཀྱི་ཆེན་པོ་ལ་སོགས་པའི་གནས་སྐབས་ཐ་དད་པས་འབྲས་བུ་ཡང་དེ་བཞིན་དུ་ཐ་དད་པའི་ཕྱིར་གནས་སྐབས་ཀྱི་བྱེ་བྲག་ཡིན་ནོ། །དེ་ལྟར་ན་
เล่ม ๑๑๖ · หน้า 50a
སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི་རེ་རེ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རེ་རེ་ཞེས་བྱ་བ་ནི་ལས་ཀྱི་ལམ་རེ་རེ་ཡིན་པའོ། །མཐའ་དག་གི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འབྲས་བུ་སྡུག་བསྔལ་གང་ཡིན་པའོ། །གང་དུ་ཞེ་ན།
ངན་སོང་རྣམས་སུ་སྟེ་ཆེ་བ་དང་ཚད་མེད་པ་ཞེས་བྱ་བ་དང་གོ་རིམས་བཞིན་ནོ། །དེ་ལྟར་ན་ལས་ཀྱི་ལམ་ལ་ལྟོས་ནས་རེ་རེ་དང་མཐའ་དག་ཅེས་བྱ་བ་སྨོས་ཀྱི། །ངན་སོང་གི་ཁྱད་པར་དུ་བྱ་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་ལ་ལ་ནི་འགའ་ཞིག་བྱེད། ལ་ལ་ནི་ཐམས་ཅད་བྱེད་
པའི་ཕྱིར་རོ། །དེ་ལྟར་ན་གཞུང་འདི་ཙམ་གྱིས་ནི་སྡུག་བསྔལ་ཡོངས་སུ་ཤེས་པའི་ཕྱིར་ཡོངས་སུ་ཤེས་པར་བཤད་པ་ཡིན་ནོ། །ཚེ་ཐུང་བ་དང་ནད་མང་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དེ་དང་འདྲ་བ་རྗེས་སུ་རྒྱུན་ཆད་པའི་ཕྱིར་ཏེ། སྲོག་གཅོད་པས་ཚེ་ཐུང་བར་འགྱུར་ལ།
དེ་དང་བྲལ་བས་སྡུག་བསྔལ་བསྐྱེད་པའི་ཕྱིར་ནད་མང་བར་འགྱུར་རོ། །དེ་བཞིན་དུ་འོག་མ་རྣམས་ཀྱི་ཡང་ཤེས་པར་བྱའོ། །དེ་ནས་གལ་ཏེ་ཞེས་སྨོས་པ་ནི་མཇུག་ཐོགས་ཀྱི་རྒྱུ་ཡིན་པས་ཁྱད་པར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་ནས་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་མཇུག་ཐོགས་ལ་འབྱུང་
བས་གང་གི་ཚེ་ངན་སོང་རྣམས་ཀྱི་མཇུག་ཐོགས་སུ་མི་དག་གི་ནང་དུ་སྐྱེས་ན་ཞེས་བྱ་བ་འདི་ཤེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་དང་། གལ་ཏེ་ཞེས་བྱ་བ་དང་། བརྒྱ་ལ་ཞེས་བྱ་བ་དང་། ནི་ཞེས་བྱ་བ་ནི་རྒྱུར་སྟོན་པ་སྟེ། དཔེར་ན་གང་གི་ཕྱིར་བློན་པོ་རྣམས་ཀྱིས་ཀྱང་མཆོད་པ་
དེའི་ཕྱིར་མཐུ་དང་ལྡན་ནོ་ཞེས་བྱ་བ་དང་། གལ་ཏེ་བཅོས་ལ། བརྒྱ་ལ་ཀུན་ནས་བྱས་ནས་ཁོ་བོའི་བྱ་བ་ཡིན་ནོ་ཞེས་བྱ་བ་དང་། དེ་ནི་སྐྱེས་བུ་དམ་པ་ཞེས་བྱ་བ་ལྟ་བུའོ། །འདི་ཡང་གལ་ཏེ་ཞེས་བྱ་བའི་ཚིག་གི་ཕྲད་ནི་རྒྱུའི་དོན་དུ་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན་གང་གི་ཕྱིར་སེམས་ཅན་
དག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་གིས་སྲོག་ཆགས་རྣམས་ལ་ཤིན་ཏུ་གནོད་པར་བྱེད་པ་དེའི་ཕྱིར་འདི་དག་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་མི་འདོད་པ་གཉིས་གཉིས་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱའོ། །སྨོན་ལམ་ནི་འདོད་པ་སྟེ། ཆོས་ཀྱི་ཀུན་དགའ་
เล่ม ๑๑๖ · หน้า 50b
བ་ལ་དགའ་བས་དགའ་བར་གནས་པར་བྱའོ་ཞེས་བྱ་བ་འདིས་སྟོན་ཏོ། །སྒྲུབ་པ་ནི་བྱེད་པ་སྟེ། དགེ་བའི་ལས་ཀྱི་ལམ་རྣམས་ལ་བདག་ཉིད་ཀྱང་གནས་ལ་གཞན་དག་ཀྱང་འཇོག་པའོ། །སེམས་བསྐྱེད་པ་ཐ་མ་གཉིས་ནི་སློབ་དཔོན་གྱི་སེམས་ཉིད་དང་། སྟོན་པའི་སེམས་ཉིད་དོ། །
སེམས་སྔ་མ་རྣམས་ནི་ཡུལ་སོ་སོར་ངེས་པ་ཅན་ཡིན་ལ། འདི་གཉིས་ནི་སེམས་ཅན་ཐམས་ཅད་ལ་ཡིན་པས་དེ་དག་ཉིད་ལ་ཞེས་བྱ་བ་སྨོས་སོ། །དེ་ལ་ལྟོས་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཞེས་བྱ་བ་ནི་འདི་སྐད་དུ་སེམས་ཅན་རྣམས་ལ་ལྟོས་ནས། བརྟེན་ནས།
དམིགས་ནས། བདག་གིས་བླ་ན་མེད་པའི་བྱང་ཆུབ་རྟོགས་ཏེ། དེའི་ཕྱིར་སེམས་འདི་དག་ནི་བླ་ན་མེད་པའི་ལམ་སྟོན་པར་བྱེད་པ་ཡིན་པས་སློབ་དཔོན་དུ་གྱུར་པའོ་ཞེས་དེ་དག་སེམས་སྐྱེད་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་
པ་རྒྱུ་ཡིན་པའི་ཕྱིར་དེ་དག་ལ་སྟོན་པའི་སེམས་ཉིད་སྐྱེད་པར་བྱེད་དོ། །ཕྱིན་ཅི་ལོག་གི་དབང་དུ་བྱས་ནས་ཞེས་བྱ་བ་ནི་བདག་ལ་སོགས་པར་ཕྱིན་ཅི་ལོག་པའི་དབང་གིས་དེའི་སྟོབས་ཀྱིས་སེམས་ཅན་དེ་དག་འདོད་པ་དང་སྲིད་པ་དང་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་ཡིན་ཞེས་
བྱ་བའི་ཐ་ཚིག་གོ། །དེ་ལ་འདོད་པ་ཚོལ་བར་གྱུར་པ་དག་ཁོ་ན་ཐུན་མོང་མ་ཡིན་པ་དང་། ཆོག་མི་ཤེས་པ་དང་སྩོག་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའི་བྱེ་བྲག་གིས་རྣམ་པ་གསུམ་དང་། ཉེས་པར་སྤྱོད་པ་དང་ལེགས་པར་སྤྱོད་པ་དག་གིས་ཚེ་འདི་དང་། ཚེ་རབས་གཞན་ཀུན་ཏུ་
ཚོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་རྣམ་པ་ལྔའོ། །སྲིད་པ་ཚོལ་བར་གྱུར་པ་དག་ཀྱང་འགྲོ་བ་དང་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་དག་ཀྱང་ལོག་པ་དང་ཡང་དག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །སེམས་ཅན་རྣམ་པ་
དགུ་པོ་འདི་དག་ནི་གོ་རིམས་བཞིན་དུ་ཚིག་དང་པོ་མ་གཏོགས་པ་དགུས་སྟོན་ཏོ། །ཚིག་དང་པོས་ནི་ཕྱིན་ཅི་ལོག་བཤད་དོ། །དེ་ཉིད་ཀྱེ་མ་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྟུང་བ་ཞེས་བྱ་བས་སྟོན་ཏོ། །ཕྱིན་ཅི་ལོག་བཞི་ཆར་བསྟན་པ་ཡིན་ནོ། །དེ་དག་ཀྱང་རབ་ཏུ་ཕྱེ་ནས་ཚིག་
เล่ม ๑๑๖ · หน้า 51a
གཉིས་ཀྱིས་བཤད་དེ། བློ་གྲོས་མི་མཉམ་པ་ཞེས་བྱ་བས་ནི་གཉིས་སོ། །ཇི་ལྟ་ཞེ་ན་དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་ནི་བློ་གྲོས་མི་མཉམ་པར་བཤད་དེ། དེ་གཉིས་ཀྱིས་བདག་དང་རྟག་པར་ཕྱིན་ཅི་ལོག་པ་དག་རབ་ཏུ་ཕྱེ་ཞིང་
བསྡུས་སོ། །བསམ་པ་མི་མཉམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་བསྡུས་པ་ཡིན་ནོ། །འདིས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་པ་གཞན་གཉིས་རབ་ཏུ་ཕྱེ་བ་སྟེ། བསམ་པ་མི་མཉམ་པ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་དག་དང་མཐུན་པའི་གཉེན་པོར་
དམ་པའི་ཆོས་ནི་མ་ནོར་བའི་ལམ་ཞེས་བྱ་བ་སྟོན་ཏོ། །གཞན་དག་ན་རེ་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་གཉིས་ནི་ངེས་པར་སེམས་པ་ལས་བྱུང་བའི་ཕྱིར་བློ་གྲོས་མི་མཉམ་པས་རབ་ཏུ་ཕྱེ་བའོ། །བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་ཉིད་ནི་ངེས་པར་
སེམས་པ་མེད་པར་ཡང་འབྱུང་བའི་ཕྱིར་བསམ་པ་མི་མཉམ་པས་རབ་ཏུ་ཕྱེ་བའོ་ཞེས་ཟེར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཡང་དག་པའི་ལྟ་བའི་ལམ་ཞེས་བྱ་བ་འདིས་སྟོན་ཏོ། །ཡང་དག་པའི་ལྟ་བ་འཇིག་རྟེན་ལས་འདས་པ་ཇི་ལྟ་བ་དེ་བཞིན་ཉིད་ལ་ཞེས་བྱ་བ་འདིས་སྟོན་ཏོ། །ད་ནི་
སེམས་ཅན་རྣམ་པ་དགུ་པོ་དེ་དག་ཚིག་དགུ་དང་ཐུན་མོང་མ་ཡིན་པའི་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱེད་དེ། དེ་ལ་མི་འཕྲོད་པ་སྨོས་པ་ནི་མི་མཐུན་པ་ཁྱད་པར་མེད་པར་བསྟན་པ་དེ་སེམས་དང་ངག་གི་བྱེ་བྲག་གིས་མི་མཐུན་པར་འཛིན་པ་དང་རྩོད་པ་
དག་གིས་བསྟན་ཏོ། །རྩོད་པ་ནི་མི་མཐུན་པར་སྨྲ་བ་སྟེ་འཐོབ་པའོ། །གནོད་པར་བྱ་བ་མངོན་པར་འདུ་བྱེད་པས་ཞེས་བྱ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་དག་གིས་སོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བྱམས་པ་ཉེ་བར་སྒྲུབ་པའོ། །ཆོག་མི་ཤེས་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་
བྱ་བ་ལ་སོགས་པ་ལ་གཞན་གྱི་ནོར་ལ་མངོན་པར་འདོད་པ་ཅན་ཞེས་བྱ་བ་ནི་བརྣབ་སེམས་ཀྱིས་སོ། །ཡ་ང་བའི་འཚོ་བས་རྗེས་སུ་སྤྱོད་པ་ཡིན་ཞེས་བྱ་བ་ནི་ལུས་དང་ངག་གཉིས་ཀྱིས་ཏེ། དེ་ལུས་ཀྱིས་ནི་རྐུ་བ་དང་གཞལ་ལུགས་ལ་གཡོ་བྱེད་པ་དག་གིས་སོ། །ངག་གིས་ནི་བརྫུན་
เล่ม ๑๑๖ · หน้า 51b
དུ་སྨྲ་བ་ལ་སོགས་པས་སོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་འཚོ་བ་ཡོངས་སུ་དག་པ་ཉིད་དོ། །སོག་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སོག་འཇོག་བྱེད་པ་ནི་སྩོགས་པ་སྟེ། དེ་ནི་འདོད་ཆགས་ལ་སོགས་པའི་རྐྱེན་ཡིན་ནོ། །དེ་ཉིད་
བཤད་པ་ལ། དེ་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །དེའི་དགྲ་བོ་དེ་ལ་འདོད་པ་རྣམས་ཞེ་སྡང་གིས་སྡང་ངོ་། །དེ་ལ་ཡོན་ཏན་དུ་འཛིན་པ་ནི་གཏི་མུག་གིས་ཏེ། མཐོང་བ་དང་མ་མཐོང་བའི་ཉེས་དམིགས་མ་མཐོང་བའི་ཕྱིར་རོ། །འདི་ཡང་གསུམ་
གྱི་གཞི་དང་ལྡན་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །སོག་འཇོག་དེ་ཉིད་ཡོངས་སུ་སྤྱོད་པའི་ཚེ་ཡུལ་ལ་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྒོ་མང་པོ་སྒོ་སྣ་ཚོགས་ནས་ཀུན་ནས་བསླང་བས་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ལུས་དང་སེམས་ཡོངས་སུ་
གདུང་བ་ཀུན་ནས་གདུང་བ་ནི་ཉེས་པ་གཉིས་པ་སྟེ། ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པ་ཀུན་དུ་འབར་བར་གྱུར་ཞེས་གང་གསུངས་པའོ། །ཚེ་འདི་དང་ཕྱི་མ་ལ་སོགས་པ་དེ་ཉིད་ཀྱི་ཉེས་དམིགས་དེ་མ་མཐོང་བ་རྣམས་ངེས་པར་འབྱུང་བ་མི་ཚོལ་བ་ནི་ཉེས་པ་གསུམ་
པའོ། །ཇི་སྐད་བཤད་པའི་ཉེས་པ་གསུམ་པོ་ཡོངས་སུ་སྤོང་བའི་ཕྱིར་དེ་དག་དང་མཐུན་པའི་གཉེན་པོ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་འཚེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་ཚིག་གསུམ་གྱིས་བསྟན་ཏོ། །འདོད་པ་ཚོལ་བར་གྱུར་པ་རྣམས་ཀྱིས་ཡོངས་སུ་
སྤྱོད་པས་བྱས་པའི་བྱེ་བྲག་རྣམ་པ་གསུམ་བརྗོད་ནས། ད་ནི་གཉིས་པ་ཀུན་དུ་ཚོལ་བས་བྱས་པའི་བྱེ་བྲག་རྣམ་པ་གཉིས་པོ་གཞན་གང་ཡིན་པ་དེ་བཤད་པ་ལ་འཇུག་སྟེ། གཏི་མུག་གི་མུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཏི་མུག་ཉིད་མུན་པ་སྟེ། དེ་ཡང་རབ་རིབ་ལ་
སོགས་པ་ཉིད་ཀྱིས་ཁྱད་པར་བྱེད་དོ། །རབ་རིབ་ལ་སོགས་པ་དང་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་བཤད་པ་ཉིད་ལས་རྒྱུ་གསུམ་བཤད་དོ། །དེ་ཉིད་ལས་རབ་རིབ་ལ་སོགས་པའི་ཁྱད་པར་རྟོགས་པར་བྱའོ། །འདི་ཡང་གཏི་མུག་གི་མུན་པའི་རབ་རིབ་དང་ལིང་ཏོག་དང་མུན་གནག་
เล่ม ๑๑๖ · หน้า 52a
ཅེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །ཇི་སྐད་བཤད་པ་དེའི་རྒྱུ་བརྟས་པ་ནི་འཇུག་པ་ཤས་ཆེ་བ་སྟེ་བག་ལ་ཉལ་ནི་ས་བོན་ནོ། །དེར་གྱུར་པ་གཏི་མུག་དེའི་རྒྱུ་བག་ལ་ཉལ་བརྟས་པར་གྱུར་པ་ཡང་ཉེས་པ་སྟེ། གཏི་མུག་མུན་པའི་ཐིབས་པོར་ཞུགས་
པ་ཞེས་གསུངས་པ་སྟེ། བག་ལ་ཉལ་ས་བོན་དེ་ཉིད་ཐིབས་པོ་ཡིན་པར་བཤད་དོ། །ཟག་པ་མེད་པའི་ཤེས་རབ་ལས་རིང་དུ་གྱུར་པ་ཡང་ཉེས་པའོ་ཞེས་བྱ་བར་སྙེགས་ཏེ། ཉེས་པ་སྔ་མ་གཉིས་ལ་ལྟོས་ནས་འདིར་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །ཇི་ལྟར་རིང་བར་གྱུར་ཞེ་
ན། དེའི་ཚོགས་ལེགས་པར་སྤྱད་པའི་མི་མཐུན་པའི་ཕྱོགས་ལ་བརྟེན་པས་ཞེས་བྱ་བ་སྨོས་ཏེ། མདོ་ལས་ནི། ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །གནོད་པ་ཆེན་པོའི་གནས་ངན་སོང་དུ་འགྲོ་བ་མུན་ནག་ཆེན་པོའི་ནང་དུ་འཇུག་པ་ཞེས་གང་
གསུངས་པའོ། །སྡིག་པ་བྱས་པ་རྣམས་ཀྱི་མཚན་མ་མི་བཟད་པ་གང་དག་ཡིན་པ་དེ་འཆི་བའི་ཚེ་འབྱུང་སྟེ། དེ་མཐོང་བས་འགྱོད་པ་དང་བཅས་ཡིད་མི་བདེ་བ་དང་བཅས་པའི་མཐོང་བས་འཆི་སྟེ་ཡ་ང་བ་མཐོང་བར་སྤགས་པ་ཞེས་གང་གསུངས་པའོ། །ཉེས་པ་བཞི་པོ་
འདི་དག་ནི་ཉེས་པར་སྤྱོད་པས་ཚེ་འདི་ལ་ཚོལ་བ་རྣམས་ཀྱི་ཡིན་པར་བཤད་དེ། དེ་དག་དང་མཐུན་པའི་གཉེན་པོ་ནི་ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །ལེགས་པར་སྤྱོད་པས་ཚེ་རབས་གཞན་ཀུན་ཏུ་ཚོལ་བ་རྣམས་ཀྱི་དབང་དུ་བྱས་ནས་སྨྲས་པ། ལམ་ཡང་བར་
ཞུགས་པ་ཉིད་ཉེས་པ་ཡིན་ནོ། །དེ་ནི་རང་བཞིན་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་རང་བཞིན་ནི་འདིར་འཁོར་བ་འབྲོག་ཡ་ང་བའི་ལམ་ཡིན་པར་བརྗོད་པར་བཞེད་པ་དེ་ཚིག་དང་པོ་ཉིད་ཀྱིས་བསྟན་ཏོ། །བགེགས་ནི་རྣམ་པ་བརྒྱད་དེ་གཡང་ས་ལ་མངོན་དུ་ཕྱོགས་པ་ནི་སེམས་
ཅན་དམྱལ་བ་ལ་སོགས་པའི་གཡང་ས་ལ་མངོན་དུ་ཕྱོགས་པ་ཞེས་གསུངས་པའོ། །རྒྱུའི་ནང་དུ་ཞུགས་པ་ནི། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་ལྟ་བ་ལ་གནས་པའི་ཕྱིར་ཏེ། ལྟ་བ་ངན་པའི་རྒྱུ་ཉམ་ང་བར་ཞུགས་པ་ཞེས་གསུངས་པའོ། །ཐིབས་པོས་ཀུན་ནས་
เล่ม ๑๑๖ · หน้า 52b
གཡོགས་པ་ནི་དེའི་རྒྱུ་སྟེ། བདེ་བར་ལྟ་བ་ཕྱིན་ཅི་ལོག་གི་མཚན་ཉིད་དེའི་རྒྱུ་གཏི་མུག་གི་བག་ལ་ཉལ་གང་ཡིན་པའོ། །དེས་འགེབས་པའི་ཕྱིར་དེ་ཉིད་གཏི་མུག་ཐིབས་པོ་ཡིན་ཏེ། གཏི་མུག་ཐིབས་པོས་ཀུན་ནས་གཡོགས་པ་ནི་ཞེས་གང་གསུངས་པའོ། །གཏི་མུག་ཐིབས་པོ་གང་དང་ལྡན་པ་རྣམས་བརྗོད་དུ་ཟིན་ཀྱང་གང་ལ་ཕྱིན་
ཅི་ལོག་ཏུ་གྱུར་པའི་ཕྱིར་བདེ་བར་ལྟ་བར་བཤད་པའི་སྡུག་བསྔལ་དེའི་སྡུག་བསྔལ་ཉིད་ཀྱི་རང་གི་ངོ་བོ་མི་རྟོགས་ཏེ་དེ་ཉིད་ཀྱི་ཕྱིར་གཏི་མུག་གི་བག་ལ་ཉལ་འདི་ནི་དེའི་རྒྱུ་ཡིན་ནོ། །ལོག་པའི་ལམ་དུ་ཞུགས་པ་ནི་དོན་དམ་པའི་བདེ་བ་ཐར་པའི་ཕྱིར་གདུང་བ་ལྔ་ལ་སོགས་པ་ལམ་ལོག་པར་ཞུགས་པའི་ཕྱིར་ཏེ། ལམ་ལོག་པར་གོལ་
བའི་ལམ་དུ་ཞུགས་པ་ཞེས་གང་གསུངས་པའོ། །ལྡོངས་པར་གྱུར་པ་ནི་འདོད་ཆགས་ཀྱི་ཆགས་པ་དེས་ལྡོངས་པར་གྱུར་པའི་ཕྱིར་ཏེ། ལྡོངས་པར་གྱུར་པ་ཞེས་གང་གསུངས་པའོ། །སྟོན་པ་དང་བྲལ་བ་ནི་མི་ཁོམ་པར་སྐྱེས་པ་དང་། ཁོམ་དུ་ཟིན་ཀྱང་བག་མེད་པའི་ཉེས་པས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་
པའི་ཕྱིར་རོ། །དེའི་བསྟན་པའི་རྗེས་སུ་བྱེད་པས་བསླབ་པ་བསྲུང་བའི་ཕྱིར་སངས་རྒྱས་མཉེས་པ་ཡིན་ན་དེ་གཉིས་ཀྱིས་བསླབ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར་དང་མི་འདྲ་བའི་ཕྱིར་མཉེས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་དགེ་བ་ལ་སྦྱར་བའི་འོས་སུ་གྱུར་པ་མ་ཡིན་པས་སྟོན་པ་བཅོམ་
ལྡན་འདས་དེ་དང་བྲལ་བ་ཡིན་ནོ། །ཡོངས་སུ་འདྲེན་པ་མེད་པ་ཞེས་གང་གསུངས་པའོ། །གང་དུ་འགྲོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་རོ། །ཚངས་པའི་འཇིག་རྟེན་ལ་སོགས་པ་ནི་འཁོར་བ་ཁོ་ན་ཡིན་ནོ། །དེ་ཉིད་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བར་ལྟ་བ་ཞེས་གསུངས་པ་ཡིན་ནོ། །
ཆོམ་པོས་ཟིན་པ་ཡང་ཞེས་བྱ་བ་ནི་བགེགས་བརྒྱད་པ་སྟེ། བགེགས་སྔ་མ་ལ་ལྟོས་ནས་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །བདུད་ཀྱི་ཡུལ་འདོད་པ་རྣམས་ལ་ཀུན་དུ་ཆགས་པའི་བསོད་ནམས་བདག་པ་ཡང་ཟད་པར་འགྱུར་ལ། མ་བྱས་པ་ཡང་མི་སྩོགས་སོ། །དེའི་ཕྱིར་བཅོམ་པ་ཡིན་ཏེ། བདུད་ཀྱི་
ལམ་གྱི་ཆོམ་པོས་ཟིན་པ་ཞེས་གང་གསུངས་པའོ། །འདོད་པ་རྣམས་ཉིད་བདུད་ཀྱི་ལམ་ཡིན་ལ། དགེ་བའི་ནོར་འཕྲོག་པའི་ཕྱིར་ཆོམ་པོ་ཡིན་ནོ། །དེ་ལྟར་རང་བཞིན་དང་བགེགས་ཀྱི་སྒོ་ནས་ཡ་ང་བ་བསྟན་ནས། ཆུད་ཟ་བའི་སྒོ་ནས་སྟོན་ཏེ། ཆུད་ཟ་བ་རྣམ་པ་གསུམ་
เล่ม ๑๑๖ · หน้า 53a
ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །ས་ངན་པ་ལ་གནས་པའི་ཕྱིར་ནི་ཡོངས་སུ་འདྲེན་པ་མཁས་པ་དང་བྲལ་བ་ཞེས་གསུངས་པའོ། །དགྲའི་ས་ན་གནས་པ་ནི་བདུད་ཀྱི་བསམ་པ་ཐིབས་པོར་ཞུགས་ཞེས་གང་གསུངས་པའོ། །ཟིན་གྱི་ས་ལས་རིང་དུ་གྱུར་པ་ནི་སངས་
རྒྱས་ལ་སེམས་པ་ལས་རིང་དུ་གྱུར་པ་ཞེས་གང་གསུངས་པའོ། །དེ་ལྟར་ན་ཕྱི་རོལ་གྱི་རྣམ་པ་དང་ཆོས་མཐུན་པར་རང་བཞིན་དང་། བགེགས་དང་ཆུད་ཟ་བའི་སྒོ་ནས་འཁོར་བ་ཡ་ང་བ་ཉིད་དུ་བསྟན་ཏོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བསྒྲལ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་འཇིགས་པ་མེད་པ་
ལ་དགོད་དོ། །དེ་ལྟར་ཐུན་མོང་མ་ཡིན་པ་དང་། ཆོག་མི་ཤེས་པ་དང་། སོག་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའི་སྒོ་དང་། ཡང་དག་པ་དང་ལོག་པའི་ཚངས་པར་སྤྱོད་པ་གཉིས་ཀྱི་བྱེ་བྲག་གིས་འདོད་པ་ཚོལ་བ་རྣམ་པ་ལྔར་བསྟན་ནས། འགྲོ་བའི་སྒོ་ནས་སྲིད་པ་ཚོལ་བ་བཤད་པ་ལ་འཇུག་སྟེ།
འགྲོ་བའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀླུང་ཆེན་པོར་བྱིང་བ་ཉིད་ཀྱི་ཉེས་པ་སྟེ་ཀླུང་དེའི་རྣམ་པ་ལྔར་བཤད་དེ། ཟབ་པ་ནི་འདོད་པ་ལ་སོགས་པའི་ཆུ་བོར་ཞུགས་པ་ཞེས་གང་གསུངས་པའོ། །འདས་པ་ནི་འཁོར་བ་རྒྱུན་གྱིས་འདས་པ་ཞེས་གང་གསུངས་པའོ། །མིང་ནི་སྲིད་པ་
ཆུ་ཀླུང་དུ་ཞུགས་པ་ཞེས་གང་གསུངས་པའོ། །ཤུགས་དྲག་པ་ནི་ཤུགས་དྲག་པོས་བདས་ཏེ་བྱ་བ་དང་། བལྟ་བའི་མཐུ་མེད་ཅེས་གང་གསུངས་པ་ཚིག་གཉིས་ཀྱིས་བསྟན་ཏོ། །སྔ་མ་འདས་ཞེས་བྱ་བ་ནི་འཇུག་པ་ཙམ་བརྗོད་པ་བཞེད་པ་ཡིན་གྱི། ཤུགས་དྲག་པས་ནི་བདས་པ་ཤིན་ཏུ་
དྲག་པར་སྟོན་ཏོ། །རྒྱས་པ་ཉིད་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་རྒྱུ་བ་ཞེས་གང་གསུངས་པའོ། །ཀླུང་དེ་ལྟ་བུའི་རང་བཞིན་ཡིན་ཡང་གལ་ཏེ་གནོད་པ་ཞིག་མེད་ན་དབུགས་ཕྱིན་པར་འགྱུར་སྲིད་ན། དེ་ཡང་མེད་དེ། གནོད་པ་འབྱུང་བར་བྱེད་པ་ཡང་རྣམ་པ་བཞི་
སྟེ་ཞེས་བཤད་པ་གང་ཡིན་པའོ། །དེ་ལ་ཆུ་སྲིན་གྱིས་ཟིན་པ་ནི་འཇིག་ཚོགས་ལ་ལྟ་བའི་ཆུ་སྲིན་གྱིས་ཟིན་པ་ཞེས་གང་གསུངས་པའོ། །གློང་དུ་ཆུད་པ་ནི་འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ་ཞེས་གང་གསུངས་པའོ། །དཀྱིལ་དུ་ཐོགས་པ་ནི་དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་
เล่ม ๑๑๖ · หน้า 53b
ཐོགས་པ་ཞེས་གང་གསུངས་པའོ། །དགའ་བ་ཅན་ནི་འདིར་ཡིད་བདེ་བ་ཉོན་མོངས་པ་ཅན་ཡིན་གྱི། ཡོངས་སུ་སྤྱོད་པའི་དུས་སུ་བརྗོད་པར་བཞེད་པའི་ཕྱིར་མ་འོངས་པ་དོན་དུ་གཉེར་བ་ནི་མ་ཡིན་ནོ། །གླིང་གི་ཐང་ལ་འཐོན་པ་ནི་ཕ་བོང་ལ་བབ་པ་བཞིན་དུ་ང་རྒྱལ་གྱི་ཕ་བོང་གིས་ཁེངས་པའི་ཕྱིར་ངའོ་
སྙམ་པའི་ང་རྒྱལ་གྱི་ཐང་ལ་འཐོན་པ་ཞེས་གསུངས་པའོ། །དེ་ལྟར་གནོད་དུ་ཟིན་ཀྱང་། གལ་ཏེ་གསོན་ན་ཐ་གི་ན། དེ་ཡང་མེད་པས་ཆུད་ཟ་བ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ལ་དང་པོ་ནི་དཔུང་གཉེན་མེད་པ་ཞེས་བྱ་བའོ། །གཉིས་པ་ནི་སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ་ཞེས་བྱ་
བའོ། །གསུམ་པ་ནི་སྒྲོལ་བ་མཁས་པ་དང་བྲལ་བ་ཞེས་བྱ་བའོ། །ཁམས་ཀྱི་སྒོ་ནས་སྲིད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བཙོན་རར་བཅུག་པའི་ཉེས་པ་ནི་ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་བཙོན་རར་བཅུག་པ་ཞེས་བྱ་བ་འདིས་བསྟན་ཏོ། །བཅུག་པ་དེ་ནི་རྣམ་པ་ལྔར་
བཤད་དེ། དེ་ལ་ནད་མེད་པས་ཕོངས་པ་ནི། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་མང་པོ་ཞེས་བྱ་བའོ། །ལོངས་སྤྱོད་ཀྱིས་ཕོངས་པ་ནི། སྡུག་པ་དང་མི་སྡུག་པར་འབྲེལ་བ་ཞེས་བྱ་བ་སྟེ། ཕུན་སུམ་ཚོགས་པ་ལ་རྒུད་པས་བགེགས་བྱེད་པའི་ཕྱིར་སྡུག་པ་དང་མི་སྡུག་
པ་འབྲེལ་བ་ཞེས་བྱ་བར་རིག་པར་བྱའོ། །ཉེ་དུས་ཕོངས་པ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པའི་རྗེས་སུ་རྒྱུ་བ་ཞེས་བྱ་བའོ། །ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་སྲེད་པའི་སྒྲོག་ཏུ་བཅུག་པ་ཞེས་བྱ་བའོ། །ལྟ་བའི་ཕོངས་པ་ནི་མ་རིག་སའི་ཐིབས་པོས་ཀུན་ནས་ཁེབས་པ་ཞེས་བྱ་བའོ། །དེ་དག་དང་
མཐུན་པའི་གཉེན་པོ་ནི་ཁམས་གསུམ་པས་དབེན་པ་ལ་དགོད་པའོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བདག་ཏུ་མངོན་པར་ཞེན་པ་ཉིད་ཉེས་པ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་འདིས་བསྟན་ཏོ། །དེ་ལ་ཕུང་པོའི་རྟེན་ལས་མི་འཕགས་
པ་ཞེས་བྱ་བ་ནི་ཕུང་པོའི་གཞི་ལས་མི་འཕགས་པའོ། །ལམ་བཟང་པོ་མ་ཡིན་པར་འགྲོ་བས་ན་ཕྱིན་ཅི་ལོག་བཞིས་འགྲོ་བ་ཞེས་བྱའོ། །བདག་ཏུ་དམིགས་ནས་ཞེས་བྱ་བ་ནི་བདག་སེམས་ལ་བཞག་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་
เล่ม ๑๑๖ · หน้า 54a
ཞེས་བྱ་བ་ནི། བདག་དེ་ཉིད་འབའ་ཞིག་ཏུ་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་འདོད་པ་རྣམས་ཞེས་བྱ་བ་ནི་ཐར་པའི་ལམ་དུ་ཞུགས་པ་རྣམས་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ན་གནས་པ་ཞེས་གང་གསུངས་པའོ། །ན་བ་དང་རྒ་བ་དེ་གཉིས་ཀྱི་རྒྱུ་
མཚན་ནམ་གནས་ནི་འདི་ལྟ་སྟེ། འབྱུང་བ་མི་མཉམ་པ་སྟེ་དེ་དང་རྗེས་སུ་འབྲེལ་བའི་ཕྱིར་ཏེ། འབྱུང་བ་ཆེན་པོ་བཞིའི་སྦྲུལ་གྱིས་གཙེས་པ་ཞེས་གང་གསུངས་པའོ། །ཕུང་པོའི་གཤེད་མ་རྗེས་སུ་འབྲང་བས་འཆི་བའི་ཕྱིར་ཕུང་པོའི་གཤེད་མའི་ཆོམ་པོས་བཅོམ་པ་ཞེས་བྱའོ། །སྡུག་བསྔལ་
སྣ་ཚོགས་རྗེས་སུ་འབྲེལ་བ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱ་བ་དེའི་བཤད་པ་ཡིན་ཏེ། དེ་ལས་བྱུང་བ་ཞེས་བྱ་བ་ནི། ན་བ་དང་རྒ་བ་དང་འཆི་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཡོངས་སུ་མི་འགྲོལ་བ་སྟེ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་པ་ཡིན་ཞེས་གང་
གསུངས་པའོ། །དེ་ལྟར་ན་བདག་ཏུ་མངོན་པར་ཞེན་པས་བསམ་པ་མ་རུངས་པར་བྱས་པའི་ཕྱིར་ཉེས་པ་འདི་དག་ལས་ཡོངས་སུ་མི་འགྲོལ་བས་འདི་དག་ཚངས་པར་སྤྱོད་པ་ལོག་པ་ཡིན་ནོ། །ཡང་དག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་ཐེག་པ་དམན་པ་ལ་མོས་པའི་ཉེས་
པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །དམན་པ་ཉིད་ནི་ཞུམ་པ་དང་ཞན་པ་ཉིད་དག་གིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བརྟེན་ནས་སྨོན་ལམ་གྱི་ཉེས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་སེམས་མི་བདོག་པ་ཞེས་གང་གསུངས་
པའོ། །སྒྲུབ་པའི་ཉེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པ་མི་བྱེད་པའི་ཕྱིར་ཏེ། ཐེག་པ་མཆོག་གིས་ངེས་པར་འབྱུང་བ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ཞེས་གང་གསུངས་པའོ། །ཅིའི་ཕྱིར་ཞེས་བྱ་བ་ཅི་སྟེ་ཤས་ཆེ་བར་
གསུངས་ཞེས་བྱ་བ་སྟེ། འདི་སྙེད་ཅིག་ནི་བརྩད་པ་ཡིན་ནོ། །དེ་མ་ཡིན་པ་དག་ལ་ཤས་ཆུང་བའི་ཕྱིར་ཞེས་བྱ་བ་ནི་ལན་ཡིན་ཏེ། འདི་སྐད་དུ་དང་པོ་ལ་ཚུལ་ཁྲིམས་མ་དག་པས་སྦྱིན་པ་མ་དག་མོད་ཀྱི། འོན་ཀྱང་ཕྱི་དང་ནང་བཏང་བའི་ཕྱིར་སྦྱིན་པ་རྣམ་པ་ཐམས་ཅད་གཏོང་བ་ལ་འཇུག་
เล่ม ๑๑๖ · หน้า 54b
པས་ལྷག་པ་ཡིན་ནོ། །ཚུལ་ཁྲིམས་ནི་ས་དང་པོ་ལ་རྣམ་པ་ཐམས་ཅད་ཀྱི་བྱེ་བྲག་གིས་འཇུག་པ་མ་ཡིན་པས་ཤས་ཆུང་བ་ཉིད་དུ་རིག་པར་བྱའོ། །འདིར་ནི་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྟན་པའི་ཕྱིར་ཏེ། ཅི་ཞེ་ན། གསེར་གྱི་ས་ལེ་སྦྲམ་གྱི་དཔེས་
བསྟན་ཞེས་བྱ་བར་སྦྱར་རོ། །འདོད་ཆགས་མུན་པའི་གཉེན་པོར་གྱུར་པ་ཡི། །ཆགས་བྲལ་འོད་བྱེད་ས་ནི་རབ་ཐོབ་ནས། །ཆགས་དང་བཅས་པ་རྣམས་ཀྱི་འདོད་ཆགས་མུན། །རབ་ཞི་བྱ་ཕྱིར་མཐུ་རྣམས་ཞི་འཐོབ་བོ། །བསམ་པ་དྲང་བ་ཉིད་ལ་སོགས་པའོ། །རྣམ་དག་ཐབས་ནི་
སྣ་ཚོགས་རྣམ་མང་གིས། །གཉིས་པ། སྦྱང་བའི་ས་ལ་ཚུལ་ཁྲིམས་རྣམས་སྦྱངས་ནས། །འདོད་ཆགས་བྲལ་བ་ཐོབ་པར་བྱ་ཕྱིར་དེ། །རྒྱུ་རྣམས་བཅུ་ལ་ཡང་དག་བརྟེན་ནས་བརྩོན། །འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་རྒྱུ་རྣམ་པ་བཅུ་ལ་ཡང་དག་པར་བརྟེན་ཏེ། སེམས་
ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པོ་ཞེས་གང་གསུངས་པའོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ནི་སེམས་ཀྱི་བསམ་པ་གང་གིས་འདོད་ཆགས་དང་བྲལ་བར་འགྱུར་བའོ། །དེའི་རྒྱུ་ཡིད་ལ་བྱེད་པ་ནི་གང་དག་མངོན་དུ་བྱས་ན་འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་
འཐོབ་པར་འགྱུར་བ་དེ་དག་ཡིད་ལ་བྱེད་པའོ། །བསམ་གཏན་བཟློག་ནུས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་མཐུའི་འབྲས་བུ་དེ་བཟློག་ནུས་པ་ཉིད་དུ་རིག་པར་བྱ་བའི་བསམ་གཏན་ཉིད་བཟློག་པ་སྟེ། འདོར་བ་དང་འབྲལ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མཇུག་ཐོགས་སུ་
འོག་མར་སྐྱེ་བ་དང་ཡོངས་སུ་མི་ཉམས་པ་གཉིས་ཀྱིས་ཞེས་འབྱུང་བའི་ཕྱིར་ཏེ། བསམ་གཏན་རྣམ་པ་ཐམས་ཅད་དུ་བོར་རམ་བྲལ་ན་ནི་ཡོངས་སུ་ཉམས་པར་མི་རུང་ངོ་། །དེ་ལྟ་བས་ན་འདིར་བསམ་གཏན་གྱི་མཐུ་བཟློག་པར་རིག་པར་བྱའོ། །གལ་ཏེ་འདི་ཡང་ཇི་ལྟར་རུང་ཞེ་ན། འདི་ནི་
བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་སྐད་དུ། །ཐབས་ཆེན་དང་ནི་ལྡན་རྣམས་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་གྱུར། །འཁོར་བ་དང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་བྱ་དཀའ་ཆུང་ཟད་མེད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེར་ཡང་སྐྱེ་ལ་ཀུན་ནས་ཉོན་མོངས་པ་ཡང་མེད་པ་ཉིད་
เล่ม ๑๑๖ · หน้า 55a
དུ་བརྗོད་པར་བྱའོ། །ས་འདི་ལ་ནི་འདོད་ཆགས་དང་བྲལ་བ་ཁོ་ན་འཇུག་པ་ཡང་མ་ཡིན་ལ། ཞུགས་མ་ཐག་ཏུ་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། འདི་ཉིད་ལ་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་དང་། འདོད་ཆགས་དང་བྲལ་བར་སྦྱོར་བ་རྣམ་པར་
གཞག་པའི་ཕྱིར། ས་འདི་ལ་གནས་པ་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཆགས་བྲལ་སྦྱོར་བ་ནས་བཟུང་སྟེ། །ཆགས་བྲལ་ཐོབ་པ་ཡན་ཆད་དུ། །འདོད་ཆགས་བྲལ་བ་ཐོབ་བྱའི་ཕྱིར། །སྦྱོར་བའི་ས་རྣམས་གསུམ་དུ་བཤད། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་ཅེས་
བྱ་བ་ནས་བཟུང་སྟེ་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །ཐེག་པ་དམན་པ་ལས་ཀུན་ཏུ་སྲུང་བར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་དེ་ལ་གང་ལ་བརྟེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལའོ། །དེ་བཞིན་གཤེགས་
པའི་ཡེ་ཤེས་ས་བཅུ་པ་ལ་ཡང་མི་འཐོབ་པ་མ་ཡིན་ནམ། དེ་ཇི་ལྟར་ས་གསུམ་པའི་རྟེན་ཞེས་བྱ་ཞེ་ན། མ་ཐོབ་ཀྱང་དམིགས་པའི་ངོ་བོར་བརྟེན་ནས་ཞེས་བྱ་བ་ཡིན་པས་ཉེས་པ་མེད་དོ། །གང་གི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གྱི་ཕྱིར་རོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་པ་ནི་བརྩོན་འགྲུས་ཀྱིས་
ཏེ། འདི་དག་ནི་བདག་གིས་ཡོངས་སུ་བསྐྱབ་པར་བྱ་བ་ལ་སོགས་པས་བསྟན་ཏོ། །མཐུ་ཉིད་ཡོན་ཏན་ཏེ། དེ་ཡོངས་སུ་འཛིན་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལ་སོགས་པ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །
མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མཚུངས་པ་མེད་པ་ཞེས་བྱ་བ་སྟེ་ཐུན་མོང་མ་ཡིན་པར་མངོན་པར་རྫོགས་པར་བྱང་ཆུབ་པས་ཟླ་མེད་པའི་ཕྱིར་རོ། །དོན་ཆེན་པོ་ཉིད་ཀྱི་ཡོན་ཏན་ཡོངས་སུ་འཛིན་པ་ནི་དཔག་ཏུ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཚད་བཟུང་དུ་
མེད་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་རྙེད་དཀའ་བ་ཉིད་ཅེས་བྱ་བ་ཡིན་ཏེ། མགོ་དང་ལག་པ་དང་རྐང་པ་ལ་སོགས་པ་སྦྱིན་པའི་སྡུག་བསྔལ་ཁས་བླངས་པས་ཐོབ་པར་བྱ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མ་འདྲེས་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྔར་ནི་ཁྱད་པར་
เล่ม ๑๑๖ · หน้า 55b
མེད་པར་མི་མཚུངས་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བཤད་ཀྱི། ད་ནི་དེའི་ཡོན་ཏན་དང་འདྲ་བའི་ཚུལ་གྱིས་ཆ་ཙམ་གྱི་སྒོ་ནས་ཀྱང་བཅོམ་ལྡན་འདས་དང་འདྲ་བ་མེད་དོ་ཞེས་བྱ་བ་ཡིན་པས་ཁྱད་པར་ཡོད་དོ། །རྣམ་པར་དག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་སྡུག་བསྔལ་དང་བྲལ་བ་ནི་གནོད་
པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྡུག་བསྔལ་དང་བྲལ་བ་ནི་འཁྲུག་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པ་ནི་འཇིགས་པ་མེད་པའི་གྲོང་ཁྱེར་དུ་འགྲོ་བ་ཉིད་ཅེས་བྱ་བ་སྟེ་ཚིག་འོག་མ་གཉིས་ནི་དེ་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལ་ཡོངས་སུ་བསྐྱབ་པར་བྱ་ཞེས་བྱ་བ་ནི་གཙོ་བོའི་ཚིག་ཡིན་
ནོ། །གང་ལས་ཡོངས་སུ་བསྐྱབ་པར་བྱ་བ་ནི་གང་ལས་ཏེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ནི་དགྲོལ་བར་བྱ་ཞིང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ནི་ཡོངས་སུ་སྦྱང་བར་བྱ་ལ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ནི་གདོན་པར་བྱའོ། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་ནི་ཇི་ལྟར་
གཞག་པར་བྱ་བ་སྟེ། ཚུལ་ཁྲིམས་ལ་གཞག་པ་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་ལྟོས་ནས་དགོད་པ་ཞེས་བྱ་བ་ཡིན་ནོ། །ཚིག་འདི་གཉིས་ནི་ཡན་ལག་ཡིན་ཏེ། ཚིག་གཞན་གྱིས་བཤད་དོ། །དེ་ལ་ཚུལ་ཁྲིམས་ལ་གཞག་པའི་ཕྱིར་ཡོངས་སུ་ཚིམ་པར་བྱ་བ་དང་། ཡང་དག་པར་གཞག་པར་བྱ་བ་ཞེས་བྱ་བ་
ཚིག་གཉིས་བསྟན་ཏོ། །ཏིང་ངེ་འཛིན་དང་ཤེས་རབ་ལ་ལྟོས་ཏེ་གདུལ་བར་བྱ་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཡིན་ཞེས་བྱ་བ་འདིས་ནི་ཇི་ལྟར་ཡོངས་སུ་སྐྱོབ་པ་པོར་འགྱུར་བ་དེ་བཤད་དོ། །དེའི་ལམ་སྒོམ་པར་བྱེད་ཅེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་
སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྟོན་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱས་ལ་བརྩོན་ཞེས་བྱ་བ་འདིས་བསྟན་ཏོ། །མཐར་ཕྱིན་པ་རྟོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ།
མཐར་ཕྱིན་པ་ནི་སངས་རྒྱས་ཉིད་དོ། །དེ་ཉིད་རྣམ་པར་ཐར་པ་ལ་གནས་པ་ཡིན་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེ་ལ་མ་གཏོགས་པར་གཞན་སེམས་ཅན་གྱི་དོན་གྱི་ཐབས་མེད་དོ་སྙམ་དུ་དེ་ལྟར་ངེས་པ་ནི་མཐར་ཕྱིན་པར་རྟོགས་པའོ། །སངས་རྒྱས་མཐར་ཕྱིན་པ་དེ་ཡང་བྱང་ཆུབ་སེམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด