ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ད་ཤ་བྷཱུ་མི་བྱཱ་ཁྱ་ན་བྱཱ་ཁྱ་ན

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๖ · หน้า 82b

གནས་པའི་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་ཡིན་ནོ། །མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་བསྟན་ནས། དེའི་འབྲས་བུ་ནི་རྣམ་པ་བདུན་དུ་བསྟན་ཏེ། ཇི་ལྟ་ཞེ་ན། གཉེན་པོ་དང་ནི་མི་མཐུན་པའི། །ཕྱོགས་ཉམས་པ་དང་སྒྲུབ་པ་དང་། །གནས་པ་དང་ནི་ཏིང་འཛིན་དང་། །བསམ་

པ་དག་ནི་ཐོབ་པ་དང་། །ནུས་པའི་སྒོ་ནས་འབྲས་བུ་འདི། །རྣམ་པ་བདུན་དུ་རྣམས་ཤེས་བྱ། །གཉེན་པོའི་ཁྱད་པར་ཐོབ་པ་དང་། །མི་མཐུན་པ་ཡི་ཕྱོགས་ཉམས་པ། །ཞེས་བྱ་བ་རྣམ་པ་གཉིས་སུ་བྱ་བའི་ཕྱིར་དང་། སྒྲུབ་པའི་ཁྱད་པར་ཐོབ་པ་དང་། གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་

རྣམ་པ་གཉིས་སུ་བྱས་པའི་ཕྱིར། འབྲས་བུ་རྣམ་པ་བདུན་དུ་འགྱུར་རོ། །རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །དེ་ཡང་ཁྱད་པར་འཕགས་པར་བཤད། །ས་དྲུག་པ་ལ་མི་གནས་པའི་ལམ་གྱི་ཁྱད་པར་ཐོབ་པ་གང་ཡིན་པ་དེ་ས་ལྔ་པས་ཆོས་ཁྱད་དུ་འཕགས་པའི་ཕྱིར་འབྲས་བུ་གང་ཡིན་པ་དེ་ཡང་

ཆེས་ཁྱད་པར་དུ་འཕགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཞེས་བྱ་བའི་ཐ་ཚིག་གོ། །གཉེན་པོ་ཇི་ལྟར་རིགས་པར་ནི། །རྣམ་པར་ཐར་པའི་སྒོ་སྒོམ་པའོ། །ཇི་ལྟ་བུ་ཞེ་ན། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་

རྣམ་པ་གསུམ་གྱིས་ཞེས་བྱ་བ་སྟེ། དེ་ལ་གང་ཟག་ལ་བདག་མེད་པ་རྣམ་པར་གཞག་པ་དང་། ཆོས་ལ་བདག་མེད་པ་རྣམ་པར་གཞག་པ་དང་། དེ་གཉི་གའི་བྱ་བ་མེད་པས་བྱེད་པ་པོ་མེད་པར་མཐོང་བས་སོ། །དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་ཅིང་ཞེས་གང་

གསུངས་པ་ནི་ཇི་སྐད་བཤད་པའི་རྣམ་པར་རོ། །ཇི་ལྟ་ཞེ་ན། བདག་མེད་པ་དང་། སྲོག་མེད་པ་དང་གང་ཟག་མེད་པར་གང་ཟག་ལ་བདག་མེད་པར་མཐོང་ཞེས་བྱ་བའི་ཐ་ཚིག་སྟེ། །གསུམ་བཤད་པ་ནི་གདུལ་བའི་དབང་གིས་གང་ཟག་གི་རྣམ་གྲངས་ཤེས་པར་བྱ་བའི་ཕྱིར་རོ། །གང་ཟག་དེ་ནི་རྟག་

པ་དང་མི་རྟག་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་བདག་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་དང་། ཀུན་བརྟགས་པའི་

เล่ม ๑๑๖ · หน้า 83a

ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་མེད་པ་ཡིན་ཏེ། བདག་ཀྱང་ངོ་བོ་ཉིད་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ལ། ངོ་བོ་ཉིད་ཀྱང་བདག་གི་རྣམ་གྲངས་ཡིན་པའི་ཕྱིར་བརྒྱ་བྱིན་དང་དབང་པོ་བཞིན་ནོ། །བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པར་སོ་སོར་རྟོག་པའི་

ཚེ་ཞེས་བྱ་བ་ནི་དེ་གཉི་གའི་བྱ་བ་མེད་པས་ཏེ། གང་ཟག་ལ་བརྟེན་པའམ་ཆོས་ལ་བརྟེན་པའོ། །བྱེད་པ་པོ་ལ་བརྟེན་པ་དང་། ལས་ལ་བརྟེན་པ་དེ་ཉིད་བྱ་བ་ཡིན་ཏེ། དེ་ཡང་དེ་གཉིས་མེད་པའི་ཕྱིར་མེད་དོ། །བྱེད་པ་པོ་མེད་པ་ཞེས་བྱ་བ་ནི་གང་ཟག་མེད་པའི་ཕྱིར་དང་། ཆོས་རྣམས་ཀྱང་གཡོ་བ་

མེད་པའི་ཕྱིར་བྱ་བ་མེད་པ་སྟེ། གཡོ་བ་མེད་པ་ཉིད་ནི་སྐད་ཅིག་མ་ཡིན་པས་སྐྱེ་བའི་དུས་མ་གཏོགས་པར་བྱ་བའི་དུས་ན་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པ་གསུམ་པོ་སོ་སོར་རྟོག་ནུས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །

མཚན་མ་མེད་པ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏོ། །ཇི་ལྟ་ཞེ་ན། དེ་སྲིད་པའི་ཡན་ལག་དེ་དག་གི་རང་བཞིན་འགགས་ཤིང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པའོ། །མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་ནི་སྲིད་པའི་ཡན་ལག་རྣམས་ཀྱི་རང་བཞིན་འགགས་པ་

ཡིན་པར་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། མཚན་མ་མེད་པའི་རྣམ་པར་ཐར་པ་ནི་རྒྱུ་མཚན་ཡིན་ལ་དེ་ཅུང་ཟད་ཉམས་པ་ནི་ཡིད་ཙམ་ཉམས་པ་སྟེ། ཡིད་ཙམ་སྐྱུར་བ་བཞིན་ནོ། །སེམས་ཅན་གྱི་དོན་དུ་མཚན་མ་ཀུན་དུ་སྤྱོད་པའི་ཕྱིར་གཏན་དུ་སྤངས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་

མཐུན་པའི་ཕྱོགས་དེ་ཡིད་ཙམ་ཉམས་པ་ནི་ཀུན་ནས་ཉོན་མོངས་པར་མི་བྱེད་པའི་ཕྱིར། སྲིད་པའི་ཡན་ལག་རྣམས་ཀྱི་ཉོན་མོངས་པའི་རང་བཞིན་གང་ཡིན་པ་དེ་འགགས་པ་ཡིན་གྱི། སེམས་ཅན་གྱི་དོན་དུ་སྲིད་པའི་ཡན་ལག་རྣམས་ཀུན་དུ་སྟོན་པའི་ཕྱིར་སྲིད་པའི་ཡན་ལག་རྣམས་ཉིད་འགག་པར་འགྱུར་

བ་ནི་མ་ཡིན་ཏེ། དེ་ལྟར་ན་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་ནི་སྲིད་པའི་ཡན་ལག་རྣམས་ཀྱི་རང་བཞིན་འགགས་པ་ཡིན་པར་ཤེས་པར་བྱའོ། །རྣམ་པར་ཐར་པ་ཤིན་ཏུ་ཉེ་བར་གནས་པ་ཞེས་བྱ་བ་ནི་གཉེན་པོ་རྙེད་པ་སྟེ། སངས་རྒྱས་ཀྱི་བར་དུ་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་

เล่ม ๑๑๖ · หน้า 83b

རྗེས་སུ་འཇུག་པའི་ཕྱིར་མཚན་མ་མེད་པའི་གཉེན་པོ་ཐོབ་པ་ཡིན་ཏེ། དེ་ལྟ་བས་ན་གཉེན་པོ་རྙེད་པ་ཡིན་ནོ། །ཆོས་ཀྱི་མཚན་མ་གང་ཡང་མི་སྐྱེ་བ་སྟེ་ཞེས་བྱ་བ་ནི་མཚན་མ་ཀུན་དུ་མི་འབྱུང་བའོ། །དེའི་ཕྱིར་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པའི་ཡན་ལག་གི་

རང་བཞིན་འགགས་པ་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་པ་འདི་དག་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྨོན་པ་མེད་པ་ཡང་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏོ། །ཇི་ལྟ་ཞེ་ན། དེ་དེ་ལྟར་སྟོང་པ་ཉིད་མཚན་མ་མེད་པ་ལ་ཞུགས་པ་ཞེས་བྱ་བ་ནི་གནས་ཏེ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་

བརྟེན་ནས་སྨོན་པ་མེད་པ་འགྲུབ་པའི་ཕྱིར་རོ། །འདོད་པ་གང་ཡང་མི་སྐྱེ་ཞེས་བྱ་བ་ནི་རང་བཞིན་ཏེ། སྨོན་པ་མེད་པ་ནི་འདོད་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་ཞེས་བྱ་བ་ནི་ཁྱད་པར་ཏེ། ཉན་ཐོས་ཀྱི་སྨོན་པ་

མེད་པའི་རང་བཞིན་ཡང་མངོན་པར་འདོད་པ་མེད་པ་ཡིན་མོད་ཀྱི་དེ་ནི་སེམས་ཅན་སྨིན་པར་བྱ་བའི་མངོན་པར་འདོད་པ་སྤངས་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྨོན་པ་མེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་མངོན་པར་འདོད་པས་ཁྱད་དུ་འཕགས་པ་ཡིན་ནོ། །དེ་ལྟར་དེའི་སྨོན་

པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་པ་གསུམ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་གཉེན་པོའི་ཁྱད་པར་ཐོབ་པའི་སྒོ་ནས་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་འབྲས་བུའི་ཁྱད་པར་ནི་དེ་ལྟར་ཤེས་པར་བྱའོ། །དེ་ལ། མི་མཐུན་

ཕྱོགས་ཉམས་འདུ་ཤེས་གསུམ། །རྣམ་པར་བཤིག་པ་ཡིན་ཞེས་བྱ། །གང་དུ་ཞེ་ན། ས་ནི་ལྔ་པ་བཞི་པ་དང་། །དེ་བཞིན་དུ་ནི་ས་དྲུག་པར། །འདུ་ཤེས་གསུམ་པོ་རིམ་གྱིས་ནི། །སྤངས་རྣམ་གསུམ་དུ་ཤེས་པར་བྱ། །ཇི་ལྟ་ཞེ་ན། དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་སྒོམ་པ་ནས་ལྔ་པ་ལ་སེམས་ཀྱི་

བསམ་པ་མཉམ་པ་ཉིད་དག་གིས་བདག་དང་གཞན་གྱི་འདུ་ཤེས་དང་བྲལ་བའོ། །བཞི་པ་ལ་ལྷག་པར་གཡོ་བ་ལ་སོགས་པ་དང་བྲལ་བར་བྱེད་པ་པོ་དང་ཚོར་བ་པོའི་འདུ་ཤེས་དང་བྲལ་ལོ། །དྲུག་པ་འདི་ལ་ནི་མཉམ་པ་ཉིད་རྣམས་ཀྱིས་ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་ཏེ། དེ་ལྟ་བུ་ནི་མི་མཐུན་པའི་ཕྱོགས་

เล่ม ๑๑๖ · หน้า 84a

ཉམས་པའི་ཁྱད་པར་ཡིན་ནོ། །སྒྲུབ་པའི་ཁྱད་པར་གོ་ཆ་དང་། །སྐྱེས་བུའི་བྱེད་པའི་སྒོ་དག་ནས། །རྣམ་གཉིས་ཡན་ལག་རབ་ཏུ་བསྟན། །སྦྱོར་བ་སྙིང་རྗེ་ལྷག་པ་ཡིན། །སྙིང་རྗེ་ལྷག་པ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་དེ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་གྲུབ་པ་རྣམས་ཡོངས་སུ་གྲུབ་

པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ་དེ་བས་ཀྱང་ཤས་ཆེར་ཤིན་ཏུ་བརྩོན་པར་བྱེད་དོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་རྣམས་ནི་ཉོན་མོངས་ལས། །ཐར་བྱའི་ཕྱིར་དང་དེ་བཞིན་དུ། །སྐྱེ་ཚོགས་གཏན་དུ་སྤང་བྱའི་ཕྱིར། །གོ་ཆའི་སྒྲུབ་པ་ཉིད་ཡིན་ནོ། །ཉོན་མོངས་པའི་འཆིང་བ་ཀུན་ནས་

སྦྱོར་བ་དང་། ཚོགས་རྣམས་རྣམ་པར་གཅོད་པ་ནི་སྤོང་བའོ། །དེ་སེམས་ཅན་གྱི་དོན་བྱེད་པས་ཁྱད་པར་ཅན་ཉིད་དེ། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དེ་ལ་སྦྱོར་བའོ། །ཇི་ལྟ་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། ཀུན་དུ་སྦྱོར་བ་ལས་ནི་འདུས་བྱས་འབྱུང་ངོ་། །བྲལ་བ་ལས་ནི་འདུས་བྱས་

མི་འབྱུང་ངོ་ཞེས་བྱ་བ་ནས་དེ་བཞིན་དུ་འདུ་བྱེད་རྣམས་ཤིན་ཏུ་ཞི་བ་འཐོབ་པ་ཡང་མི་བྱའོ་སྙམ་མོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །སྐྱེས་བུ་བྱེད་པའི་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་སུན་འབྱིན་པ་སྦྱོར་བའི་ལམ་དང་། སྤོང་བའི་ལམ་མོ། །ཉེས་པ་མང་པོའི་རྐྱེན་ཆགས་པར་

སོ་སོར་རྟོག་པ་ནི་ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་ཞེས་གསུངས་པ་གང་ཡིན་པའོ། །རང་དང་སྤྱིའི་མཚན་ཉིད་རང་བཞིན་གྱིས་མེད་པར་སོ་སོར་རྟོག་པ་ནི་མདོ་ལས་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པར་སོ་སོར་རྟོག་པ་ན་ཞེས་

གསུངས་པ་གང་ཡིན་པ་དེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་རང་དང་སྤྱིའི་མཚན་ཉིད་མེད་པར་སྟོན་པར་བྱེད་དོ། །དེ་ལ་གནས་པའི་ཁྱད་པར་ནི་ཡེ་ཤེས་དང་སྙིང་རྗེའི་ཁྱད་པར་དང་ལྡན་པས་མི་གནས་པའི་ལམ་ཉིད་ཡིན་ནོ། །གནས་པ། དེ་ཡི་ཁྱད་པར་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་

པར་བྱ། །ཤེས་རབ་ཉིད་དུ་སྣང་བའི་ཕྱིར། །ཆགས་པ་མེད་པའི་ཡེ་ཤེས་སྒོ། །ཇི་ལྟ་ཞེ་ན། མདོ་ལས་སྙིང་རྗེ་ཆེན་པོར་མངོན་པར་བསྒྲུབ་པ་དང་། སེམས་ཅན་གྱི་ཚོགས་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་

เล่ม ๑๑๖ · หน้า 84b

གནས་པས་སྣང་བའི་ཚུལ་གྱིས་མངོན་སུམ་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་ཡི། །ཡེ་ཤེས་ཆགས་པ་མེད་ཅེས་བརྗོད། །ཤེས་རབ་གྲུབ་པ་མེད་པའི་ཕྱིར། །སྣང་བའི་ཚུལ་ཤེས་ཡོངས་སུ་བསྒྲགས། །གཞན་ཡང་། འཁོར་བ་དང་ནི་མྱ་ངན་འདས། །མཉམ་

པ་ཉིད་དུ་རྟོགས་པའི་ཕྱིར། །མི་འགྲོགས་ཤིང་ནི་མི་གནས་ཏེ། །དེའི་ཚོགས་ནི་ཡོངས་སུ་མ་རྫོགས་པའི་ཕྱིར། ཚོགས་ཡོངས་སུ་མ་རྫོགས་པ་ནི། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་ཞེས་བྱ་བ་ནས།

དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་ལ་ཡང་མི་གནས་ཏེ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །བཅུ་ཚན་ལྷག་མ་གསུམ་དག་གི། །ཏིང་འཛིན་བསམ་པར་ནུས་པ་དག །གྲངས་བཞིན་དུ་ནི་ཤེས་བྱ་སྟེ། །མདོར་ན་འདི་ནི་བསྡུས་པ་ཡིན། །དེའི་འཁོར་ཏིང་ངེ་འཛིན་

རྣམས་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྒྱུ་བཞིས་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། གང་ཟག་ལ་བདག་མེད་པ་ལ་དམིགས་པ་ནི་འཇུག་པ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ལ་བདག་མེད་པ་ལ་དམིགས་པ་ལ་ནི་ངོ་བོ་ཉིད་ཅེས་

གསུངས་པ་གང་ཡིན་པའོ། །དེ་ལ་འཛིན་པ་སྟོང་པ་ཉིད་ལ་དམིགས་པ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །དེའི་གནས་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པ་ནི་མཚུངས་པར་

ལྡན་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ་རྒྱུ་དང་པོའོ། །བག་ཡོད་པ་ཡོངས་སུ་འཛིན་པས་གཞི་རྣམ་པར་གཞག་སྟེ། རྣམ་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པས་སོ། །ཇི་ལྟ་ཞེ་ན། ཤིན་ཏུ་བསྒོམས་པའི་ཕྱིར་བསྒོམ་པ་ཆོག་མི་ཤེས་པས་ན་བག་མེད་པར་མི་འགྱུར་བའི་ཕྱིར་ཏེ་རྒྱུ་

གཉིས་པ་ཡིན་ནོ། །ཁྱད་ཞུགས་པ་ཐོབ་པས་ནི་བདུན་པ་རྣམ་པར་གཞག་སྟེ་མངོན་པར་སྒྲུབ་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། ཡོན་ཏན་རྣམས་ཁྱད་ཞུགས་པ་ཐོབ་པར་སྒྲུབ་པས་སོ། །རྒྱུ་ཉིད་ཀྱིས་ནི་ལྷག་མ་རྣམས་ཏེ་ཇི་ལྟ་ཞེ་ན། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་རྒྱུར་

เล่ม ๑๑๖ · หน้า 85a

གྱུར་པས་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། རྣམ་པར་རྟོག་པ་ནི་སྒྲིབ་པ་ཡིན་པས་རྣམ་པར་མི་རྟོག་པའི་སྒོ་ནས་ཀུན་བརྟགས་པའི་ཆོས་ཀྱི་སྟོང་པ་ཉིད་རྟོགས་པའི་ཕྱིར་སྒྲིབ་པ་དང་བྲལ་བར་འགྱུར་བས་སོ། །སེམས་ཅན་

ཡོངས་སུ་སྨིན་པར་བྱེད་པའི་རྒྱུར་གྱུར་པས་ནི་ལྟ་བ་དང་བཅས་པ་སྟོང་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། སྟོང་པ་ཉིད་བསྒོམས་པ་ན་སྙིང་རྗེ་དང་བྲལ་བའི་ཕྱིར་ཉན་ཐོས་བཞིན་དུ་སེམས་ཅན་ལ་མི་ལྟ་བར་བསྒོམ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སེམས་ཅན་གྱི་དོན་གྱི་བསམ་པ་

ཁོ་ནས་བསྒོམ་མོ། །བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་རྒྱུར་གྱུར་པས་ནི་བྲལ་བ་དང་མ་བྲལ་བ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་ཞེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། ཉོན་མོངས་པ་རྣམས་དང་བྲལ་བ་ནི་བྲལ་བ་སྟེ། སློབ་དཔོན་གྱིས་ཀུན་ནས་

ཉོན་མོངས་པ་དང་མི་ལྡན་པ་ཞེས་སྨྲས་པ་གང་ཡིན་པའོ། །སྲིད་པ་དང་མ་བྲལ་བ་ནི་མ་བྲལ་བ་སྟེ། སྲིད་པའི་མཚན་ཉིད་དང་མི་ལྡན་པ་མ་ཡིན་པ་ཞེས་སྨྲས་པ་གང་ཡིན་པའོ། །འདི་ནི་རྒྱུ་བཞི་པ་ཡིན་ཏེ། འདི་དག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་རྣམ་པར་གཞག་པར་ཤེས་པར་བྱའོ། །

དེ་ལ་མི་ཕྱེད་པའི་བསམ་པ་ཉིད་ཇི་ལྟ་ཞེ་ན། བརྟན་པའི་ཕྱིར་ཏེ། བརྟན་པ་ཉིད་ནི་འཇིགས་པ་མེད་པའི་ཕྱིར་རོ། །དེ་ཡང་དོན་དགུར་རིག་པར་བྱ་སྟེ། ཇི་ལྟ་ཞེ་ན། དམིགས་པ་ལ་མོས་པས་ངེས་པའི་བསམ་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན། དམིགས་པ་ནི་དེ་བཞིན་ཉིད་ཁོ་ན་ཡིན་

གྱི་གཞན་ནི་མ་ཡིན་ནོ་ཞེས། དེ་ལྟར་ལྷག་པར་མོས་པས་ངེས་པའི་ཕྱིར་ངེས་པའི་བསམ་པ་ཉིད་ཡིན་ནོ། །འཁྲུལ་པ་ལ་མི་མཇེད་པ་ནི། དགེ་བའི་བསམ་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། གསེར་བཟང་པོ་བཞིན་ཏེ། དོན་ཟབ་ཅིང་རྒྱ་ཆེ་བ་ལ་ངེས་པ་དག་དང་། སེམས་ཅན་ལོག་

པར་སྒྲུབ་པ་དག་གིས་འགྱུར་བ་མེད་དོ། །གསང་བའི་གནས་ལ་མི་སྐྲག་པ་ཟབ་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་གསང་བ་ལ་སོགས་པ་ཟབ་མོ་དག་མཐོང་ན་སྐྲག་པར་མི་འགྱུར་བའོ། །ཐེག་པ་ལས་མི་གཡོ་བ་ནི་ཕྱིར་མི་ལྡོག་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། དེ་བྱང་ཆུབ་

เล่ม ๑๑๖ · หน้า 85b

ཆེན་པོ་ལ་སེམས་པས་མི་དགེ་བའི་གྲོགས་པོ་དག་གིས་མི་བཟློགས་པས་ན་ཐེག་པ་ལས་མི་གཡོ་བ་ཡིན་ནོ། །བརྩོན་འགྲུས་རྩོམ་པ་ནི་རྒྱུན་མི་གཅོད་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་འཇུག་ཅིང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་ནི་བར་

སྐབས་སུ་བརྩོན་འགྲུས་ལྷོད་པ་དང་འདོར་བར་མི་འགྱུར་བའོ། །སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བ་ནི་དྲི་མ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་སྟེ། དྲི་མ་གཉིས་དང་བྲལ་བས་བསམ་པ་དྲི་མ་མེད་པ་ཉིད་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པ་ནི་མཐའ་ཡས་པའི་བསམ་

པ་ཞེས་བྱ་བ་སྟེ། བསམ་པ་མཐའ་ཡས་པ་ཉིད་ནི་སེམས་ཅན་གྱི་ཁམས་སྒོ་ང་དང་མངལ་ནས་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ཇི་སྙེད་པ་ཐམས་ཅད་ཐེག་པ་གསུམ་ལ་དགོད་པར་བྱའོ་སྙམ་པའོ། །རྣམ་པར་ཐར་པ་མཆོག་འདོད་པ་ནི་ཡེ་ཤེས་ལ་མངོན་པར་འདོད་པའི་བསམ་པ་ཉིད་

ཅེས་བྱ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་འདོད་ན་ཐར་པ་མཆོག་དོན་དུ་གཉེར་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་ནི་ཐབས་དང་ཤེས་རབ་དང་ལྡན་པའི་བསམ་པ་ཉིད་ཅེས་བྱའོ། །རྒྱུ་གཉིས་ཀྱིས་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བར་བརྩོན་

པར་མི་འགྱུར་ཏེ། སྙིང་རྗེ་ནི་སེམས་ཅན་གྱི་དོན་བྱ་བའི་ཐབས་ཡིན་ན་སྙིང་རྗེ་ཆེན་པོ་དང་བྲལ་བ་དང་། ཤེས་རབ་ཀྱི་ཁམས་དང་དབང་པོ་དང་། བག་ལ་ཉལ་བ་ལ་སོགས་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ནས་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པ་ཡིན་ན། ཤེས་རབ་དང་བྲལ་བའོ། །དེ་

གཉིས་དང་མཚུངས་པར་ལྡན་པ་ནི་རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དེའི་བྱང་ཆུབ་སེམས་དཔའི་བསམ་པ་དེ་དག་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་སོང་བ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་ཕྱིན་པ་ཐོབ་པས་

གནས་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་རིང་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །ཕས་ཀྱི་རྒོལ་བ་ཚར་བཅོད་པའི་ནུས་པ་ནི་ཕས་ཀྱི་རྒོལ་བ་མུ་སྟེགས་ཅན་ཐམས་ཅད་ཀྱི་བརྩོན་འགྲུས་ཕྱིར་མི་ལྡོག་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔས་དེ་དག་ཉིད་ཚར་གཅོད་ནུས་པའི་ཕྱིར་རོ། །ཐེ་ཚོམ་གཅོད་

เล่ม ๑๑๖ · หน้า 86a

པའི་ནུས་པའི་ཡེ་ཤེས་ཀྱི། ས་ཡུལ་གང་ཡང་རུང་བ་དེ་ལ་ཡང་དག་པར་ཞུགས་པ་ནི་ཐེ་ཚོམ་ཐམས་ཅད་གཅོད་པས་སོ། །ཐེག་པ་ལས་མི་གཡོ་བའི་ནུས་པ་ཇི་ལྟ་བུ་ཞེ་ན། སྐྱོན་དུ་མཐོང་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ལོག་པའི་ཕྱིར་ཐེག་པ་ཆེན་པོ་

ལས་མི་གཡོ་བ་སྟེ། ཐེག་པ་ཆེན་པོ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །གསང་བའི་གནས་ལ་མོས་པའི་ནུས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པ་གསང་བའི་བྱེ་བྲག་གིས་ཤེས་པར་བྱ་བར་མངོན་དུ་ཕྱོགས་པ་ན་གཅིག་ཏུ་ངེས་པ་ཡིན་ཏེ། གསང་བའི་གནས་

དག་ཡིན་ནོ་ཞེས་མོས་པའི་ཕྱིར་རོ། །རྣམ་པར་མི་འཐོར་བའི་ནུས་པ་ཅིའི་ཕྱིར་ཞེ་ན། བདུད་ཕྱིར་རྒོལ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་དུ་འབྱུང་བ་རྣམས་ཀྱིས་དབྲོག་པར་མི་ནུས་པས་ན་དེ་དག་གིས་རྣམ་པར་མི་འཐོར་བའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་དབང་

དུ་བྱས་ནས་གཉེན་པོ་བརྟན་པའི་ནུས་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བའི་དེ་བཞིན་ཉིད་ལ་ཤིན་ཏུ་རྣམ་པར་གནས་པ་ན་ཀུན་བརྟགས་པའི་ཆོས་ལ་མངོན་པར་ཞེན་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་པར་མི་འགྱུར་བ་གཉེན་པོ་

བརྟན་པ་ཡིན་ནོ། །གཉེན་པོ་ཤིན་ཏུ་རྒྱས་པའི་ནུས་པ་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་མངོན་དུ་བྱེད་པ་ན་དེ་དག་ཡོངས་སུ་བསྒོམ་པའི་ཕྱིར་གཉེན་པོ་ཤིན་ཏུ་རྒྱས་ཤིང་ཆེན་པོ་ཉིད་དུ་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་

གྱི་དོན་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་རྣམ་པར་བརྟགས་པ་དག་དང་མཚུངས་པར་ལྡན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ནུས་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྟོབས་དང་མི་འཇིགས་པ་ལ་

སོགས་པ་གང་དག་ཡིན་པ་དེ་དག་མངོན་པར་སྒྲུབ་ཅིང་དེ་དག་དང་འབྲེལ་བ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ནུས་པ་ཡིན་ནོ། །ནུས་པའི་ཁྱད་པར་གྱིས་ཡོངས་སུ་བསྡུས་པའི་ཆོས་དེ་དག་ལ་མཐུན་པ་ནི་དེ་དག་དང་མཐུན་པར་གནས་པའོ། །དོན་གྱི་གཟུངས་ཐོབ་པར་ཡོངས་སུ་སྟོན་ཏོ་ཞེས་བྱ་བ་

เล่ม ๑๑๖ · หน้า 86b

ནི་ཡི་གེའི་གཟུངས་མ་ཡིན་པའོ། །ལྷག་མཐོང་དང་ཞི་གནས་ཀྱི་སྣང་བ་ནི་རྒྱུ་མཚན་ཡིན་ཏེ། དེ་ལ་རབ་ཏུ་བརྩོན་པ་དེས་འཐོབ་བོ། །དེའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་ཞེས་བྱ་བ་ནི་སྒྲུབ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་ཏེ། སྒྲུབ་པའི་དོན་ལ་རིག་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་

མཛོད་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་དང་ཤེས་རབ་དག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་ཏེ། ཐབས་སྙིང་རྗེས་ནི་མྱ་ངན་ལས་འདས་པ་ལ་

མི་གནས་ལ་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་གནས་པས་སོ། །ཡུལ་གྱི་ཆ་དཔག་ཏུ་ཡོད་པ་ནི་འོད་ཀྱི་དཀྱིལ་འཁོར་རོ། །ཡུལ་གྱི་ཆ་དཔག་ཏུ་མེད་པའི་འོད་ཡིན་པའི་ཕྱིར་རོ། །ཀུན་དུ་འཛིན་པ་དང་། ཡོངས་སུ་སྐེམས་པ་དང་། ཡོངས་སུ་འཇོག་པ་དང་། གཡོ་བར་བྱེད་པ་དག་གིས་ཞེས་བྱ་

བའི་ཐ་ཚིག་སྟེ། རླུང་གི་དཀྱིལ་འཁོར་བཞིས་ཞེས་གསུངས་པ་གང་ཡིན་པའོ། །བདུད་ཀྱི་ལམ་རྣམས་ཀྱི་སྤྱོད་པ་ནི་འཇུག་པ་དག་སྟེ། བཤད་པ་ལ། བདུད་བཞིའི་ལམ་གྱི་སྤྱོད་པ་ངན་པ་དག་གིས་ཞེས་བྱ་བ་ནི་ཞེས་བཤད་པ་གང་ཡིན་པའོ། །སྔ་མའི་ཚུལ་གྱིས་ཞེས་བྱ་བ་ནི་ས་དང་པོར་བསྟན་པ་ཞེས་བྱ་བའི་

ཐ་ཚིག་གོ། །ས་བདུན་པ་ཡི་འབྲེལ་པ་ནི། །ས་བདུན་པ་ནི་རྒྱུ་ལྔ་ཡིས། །རྣམ་པར་གཞག་པར་འདོད་པ་སྟེ། །འདུ་མི་བྱེད་ལ་དགའ་བ་ཡི། །གཉེན་པོ་རྣམ་གཞག་དང་པོ་ཡིན། །དེ་ཡི་རྣམ་གཡེང་སྤོང་བ་ཡིས། །གཞག་པ་གཉིས་པར་འདོད་པ་ཡིན། །ཟུང་དུ་འབྲེལ་བའི་ལམ་ཐོབ་ནས། །

གསུམ་པ་མངོན་པར་བརྗོད་པ་ཡིན། །སྔ་ཕྱི་ཡི་ནི་ཁྱད་པར་གྱིས། །གཞག་པ་བཞི་པར་འདོད་པ་ཡིན། །དེ་ཡི་འབྲས་བུ་རྣམ་གཞག་པས། །གཞག་པ་ལྔ་པར་བརྗོད་པ་ཡིན། །དང་པོ་འདུ་བྱེད་མེད་དགའ་བའི། །གཉེན་པོ་ཐབས་དང་ཤེས་པ་ལས། །ཡང་དག་འབྱུང་བའི་ལམ་གཞན་རྩོམ། །

ཁྱད་པར་ལྡན་པ་བཅུ་པོ་ཡིན། །ཅིའི་ཕྱིར་ཞེ་ན། གང་ཕྱིར་བྱང་ཆུབ་སེམས་དཔའ་འདི། །མཚན་མེད་པ་ཡི་ཡུལ་ཅན་གྱི། །ཤེས་རབ་ཕལ་ཆེར་མངོན་བྱེད་པས། །འཇུག་ཕྱིར་མངོན་དུ་མི་བྱེད་ལ། །ཕྱིར་ཞིང་བློ་དགའ་འཇུག་པ་ལ། །ཇི་ལྟར་ཡང་ནི་མ་ཡིན་པ། །དེའི་ཕྱིར་དེ་ཡི་གཉེན་

เล่ม ๑๑๖ · หน้า 87a

པོར་ནི། །ལམ་སྒོམ་རྣམ་པ་བཅུ་ཡིན་ནོ། །ཇི་ལྟ་ཞེ་ན། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཡིན་པ་དེ་མངོན་དུ་གྱུར་པས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་རྩོམ་པ་མེད་པ་ཉིད་ལ་སེམས་དགའ་བ་

ཡིན་གྱི་མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་ཞེས་བྱ་བར་རྣམ་པར་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལ་མངོན་པར་འདུ་མི་བྱེད་པ་ལས་བསླང་སྟེ། །མངོན་པར་འདུ་བྱེད་ཅིང་འབྱུང་

བའི་ལམ་མངོན་པར་མཐོ་བ་ཞེས་བྱ་བ་ལ་འཇུག་པར་སྟོན་པ་ཡིན་ནོ། །ཐབས་ནི་སྙིང་རྗེ་སྟེ། དེས་སེམས་ཅན་རྣམས་ལ་ལྟའོ། །དེའི་ཕྱིར་ཆོས་ལ་བདག་མེད་པའི་ཡེ་ཤེས་སེམས་ཅན་ལ་ལྟ་བ་དང་བཅས་པའོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་མངོན་པར་མཐོ་བའི་ལམ་

གཉེན་པོས་ཡོངས་སུ་ཟིན་པ་སྟེ། དེ་ཉིད་ལམ་གཞན་ཡིན་ནོ། །དེ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཞན་ལས་ཁྱད་པར་དུ་འཕགས་ཞེས་བྱ་བ་ནི་དང་པོ་ནི་གཉེན་པོ་མེད་པའི་ཕྱིར་ལ། ཅིག་ཤོས་ནི་སྲིད་པ་ལ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འདི་ནི་ཡོན་ཏན་རྣམ་

པ་བཞིས་ཁྱད་པར་དུ་འཕགས་པ་སྟེ། ལོངས་སྤྱོད་དང་ལུས་ཀྱི་ཁྱད་པར་གྱི་རྒྱུ་ཉིད་ལ་ཇི་ལྟར་འདོད་པ་ཞེས་བྱ་བ་ནི་བསམ་པའི་དབང་གིས་སོ། །ཇི་སྲིད་འདོད་པ་ཞེས་བྱ་བ་ནི་དུས་ལ་ལྟོས་པ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པར་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་ངོ་བོ་སྣ་ཚོགས་ཐོབ་པའི་རྒྱུ་ཡང་

དག་པར་སྒྲུབ་པའི་ཕྱིར་རྒྱུ་དང་པོ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཆེན་པོ་སྩོགས་པ་ཡང་སྩོགས་པ་ཡིན་ཞེས་གང་གསུངས་པའོ། །བདག་ལ་སོགས་པ་ལ་མངོན་པར་ཞེན་ནས་ཚད་མེད་པ་སྒོམ་པ་ནི་ཉེས་པར་སྦྱོང་བའོ། །དེ་ལས་ཀུན་དུ་བསྲུང་བའི་རྒྱུ་ནི་ཆོས་བདག་མེད་པ་ལ་འཇུག་པ་རྟོགས་པའོ། །

དེས་ན་དེ་ལྟར་ཁྱད་པར་ཐོབ་པ་ཚད་མེད་པ་བསྒོམས་པས་སེམས་ཅན་རྣམས་ལ་ལོག་པ་མི་སྒྲུབ་སྟེ། ཚད་མེད་པ་བཞི་མངོན་པར་སྒྲུབ་པ་ཡང་མི་གཏོང་བ་ཡིན་ཞེས་གསུངས་པ་གང་ཡིན་པ་སྟེ་རྒྱུ་གཉིས་པའོ། །དགེ་བའི་རྩ་བ་རྣམས་ཀུན་དུ་བསྲུང་བའི་རྒྱུ་ནི་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པ་ཡིན་

เล่ม ๑๑๖ · หน้า 87b

ཏེ། དེས་ན་དགེ་བའི་རྩ་བ་རྣམས་ཁྱད་པར་དུ་འགྱུར་བའི་རྒྱུ་གང་དག་ཡིན་པ་དེ་དག་ལེགས་པར་འཕེལ་བར་བྱེད་དོ། །ཇི་ལྟ་ཞེ་ན། བསོད་ནམས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་ཚོགས་གང་དག་ཡིན་པ་དེ་དག་མངོན་པར་འདུ་བྱེད་པ་ནི་གང་དག་གིས་དེ་དག་མངོན་པར་འདུ་བྱེད་པའོ། །དེ་དག་ཀྱང་ཕ་

རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་དག་ལེགས་པར་བྱེད་པས་ཡོངས་སུ་རྫོགས་པར་བྱེད་པས་སོ། །དེའི་ཁྱད་པར་འཐོབ་པའི་རྒྱུ་འཕེལ་བའི་ཕྱིར་ཞེས་བྱ་བ་ལ་དེའི་ཞེས་བྱ་བའི་སྒྲ་ནི་འདིར་ལོངས་སྤྱོད་དང་ལུས་ཀྱི་ཁྱད་པར་དང་སྦྱར་ཏེ། དེ་ཐོབ་པར་བྱ་བའི་རྒྱུའོ། །དེ་འཕེལ་བའི་ཕྱིར་ཏེ་ཆོས་གང་ལ་

ཡང་མངོན་པར་ཞེན་པ་མེད་པ་ཡིན་ཞེས་གང་གསུངས་པ་སྟེ་གསུམ་པའོ། །རྒྱུ་རྣམ་བདུན་པོ་གང་ཡིན་པ། །རྒྱུ་བཞི་པར་ནི་འདོད་པ་ཡིན། །སེམས་ཅན་རྣམས་ལ་ཕན་འདོགས་རྒྱུ། །སྒོ་བདུན་དག་ནས་བརྗོད་པ་ཡིན། །ཇི་ལྟ་ཞེ་ན། གཙོ་དང་རྗེས་མཐུན་བྱེད་པ་ཡིས། །བསམ་བཞིན་

སྲིད་པ་འཛིན་པ་ཡིན། །གཙོ་བོ་དང་མཐུན་པར་བྱེད་པས། གཙོ་བོ་དམ་པས་སེམས་ཅན་གཞན་གདུལ་བའི་ཕྱིར་གཙོ་བོར་གྱུར་ཅིང་དེ་བྱེད་དོ་ཞེས་བྱ་སྟེ། ཁམས་གསུམ་པའི་རྒྱན་རྣམ་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པའོ། །རྒྱན་ཞེས་བྱ་བའི་སྒྲ་

འདི་ནི། ཁམས་གསུམ་པའི་རྒྱན་ཞེས་བྱ་བར་རིམ་པ་བཞིན་དུ་སྦྱར་བར་བྱ་བ་ཡིན་ནོ། །ཉོན་མོངས་རྣམས་ནི་སྤོང་བའི་ཕྱིར། །གཉེན་པོ་ཉེ་བར་སྟོན་པའོ། །དེ་ནི་ཉོན་མོངས་པ་སྤང་བའི་ཕྱིར་གཉེན་པོ་ཉེ་བར་སྟོན་ཏེ། འདི་ལྟར་བདག་ཉིད་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་འགགས་པས་

ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བས་སོ། །ཀུན་ནས་དཀྲིས་པ་ནི་ཉོན་མོངས་པ་ཀུན་དུ་འབྱུང་བ་སྟེ། དེ་མེད་པས་ཞི་བའོ། །བག་ལ་ཉལ་ནི། ཉོན་མོངས་པའི་ས་བོན་ཏེ། དེ་མེད་པས་ཉེ་བར་ཞི་བའོ། །འདི་གཉི་ག་ཡང་ཉོན་མོངས་པ་དང་འབར་བ་ཐམས་ཅད་དང་འབྲེལ་བས་ཞེས་བྱ་བས་བསྟན་ཏེ། འབར་བ་ནི་

ཉོན་མོངས་པའི་བག་ལ་ཉལ་ཡིན་ནོ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་དང་འབར་བ་རབ་ཏུ་ཞི་བར་བྱ་བ་མངོན་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་འབྱུང་བ་ལ་རབ་ཏུ་ཞི་བར་བྱ་བ་ནི་ཆོས་བསྟན་པ་ཡིན་ཏེ། འདིས་ཉོན་མོངས་པ་

เล่ม ๑๑๖ · หน้า 88a

རྣམས་རབ་ཏུ་ཞི་བར་འགྱུར་བས་སོ། །གནོད་པ་རབ་ཏུ་ཞི་བར་བྱེད་པ་ནི་ས་ལྔ་པ་ལས་གནོད་པ་རྣམ་པ་བཞི་པོ་དོན་དང་བྱ་བ་བརྗེད་པའི་གནོད་པ་དང་། ལྟ་བ་ངན་པ་དང་། བློ་ཆུང་བའི་གནོད་པ་དང་། ཡོངས་སུ་བླངས་པའི་ནོར་མ་སྦས་པའི་གནོད་པ་དང་། འདུ་བ་དང་

འགོད་པ་ལ་རྨོངས་པའི་གནོད་པ་བཤད་པ་གང་ཡིན་པ་སྟེ། ལས་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གང་གསུངས་པའོ། །ལས་བྱ་བ་ནི་བྱེད་པའོ། །རྣམ་པར་ཕྱེ་བ་ནི་ཐ་དད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཚད་མེད་དེ་

ཐབས་དུ་མ་མངོན་པར་བསྒྲུབ་པའི་ཕྱིར་རོ། །ཡང་ན་དེ་ཉིད་ཚད་མེད་པ་ཡིན་ཏེ་རྣམ་པ་མང་བའི་ཕྱིར་རོ། །དེ་ལ་བསམ་པ་ནི་དེ་སྒྲུབ་པར་སེམས་པ་སྟེ། དེའི་ཕྱིར་ལས་བྱ་བ་ལས་སུ་བྱ་བ་དེ་མངོན་པར་སྒྲུབ་བོ། །ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སངས་རྒྱས་ཀྱི་ཞིང་རྣམས་སུ་སེམས་

ཅན་རྣམས་འདུ་བ་ཉེ་བར་སྒྲུབ་པ་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམས་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གང་གསུངས་པ་སྟེ། འདིར་ཡང་རྒྱན་ཞེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ནོ། །བསོད་ནམས་འཕེལ་བར་བྱེད་པ་ཇི་ལྟ་བུ་ཞེ་ན། དད་པ་དང་ལྷན་ཅིག་པས་གཟུགས་ཀྱི་སྐུ་ལྟ་བ་

དང་། ཆོས་མཉན་པ་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་བསྙེན་པས་བསྙེན་བཀུར་བྱ་བ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པ་རབ་ཏུ་དབུལ་བ་མཆོད་པ་སྦྱར་བ་རྣམས་ཀྱིས་ཏེ། གཟུགས་དང་མཚན་དང་དཔེ་བྱད་བཟང་པོའི་རྒྱན་རྣམ་པར་སྒྲུབ་

ཅེས་གསུངས་པ་གང་ཡིན་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཇི་ལྟ་བུ་ཞེ་ན། དབྱངས་དང་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བས་རྣམ་པར་དག་པའི་རྒྱན་མངོན་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པོ་ཞེས་གསུངས་པ་གང་ཡིན་པ་སྟེ། དབྱངས་རྣམས་དང་། དེ་བཞིན་གཤེགས་པའི་

གསང་བ་ལས་བསྟན་པ་ལྟ་བུ་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བ་ནི་རྣམ་པ་ཐ་དད་པ་སྟེ། དེས་རྣམ་པར་དག་པའི་ཕྱིར་རོ། །བྱང་ཆུབ་གསུམ་གྱི་རྒྱན་ནི་དེ་དང་མཐུན་པར་སྟོན་པ་སྟེ། འདི་དག་གིས་བྱང་ཆུབ་གསུམ་པོ་བརྒྱན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་མངོན་པར་སྒྲུབ་པོ། །

เล่ม ๑๑๖ · หน้า 88b

དྲིས་པ་ལུང་སྟོན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་སེམས་ཅན་གྱི་བསམ་པ་བརྗོད་པའི་ཕྱིར། བསྐལ་པ་བགྲངས་པའི་མཚན་ཉིད་ཐ་དད་པ་ཤེས་པ་ལ་ཡང་འཇུག་པ་ཡིན་ཞེས་འབྱུང་བའི་ཕྱིར་ཏེ། བསྐལ་པ་བགྲངས་པ་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཐ་དད་པ་གང་གིས་ཤེས་པར་འགྱུར་བ་དེ་

དག་ལ་ཡང་འཇུག་ཅིང་རྟོག་པར་བྱེད་དོ། །ཇི་ལྟ་ཞེ་ན། སེམས་ཅན་གྱི་བསམ་པ་བརྗོད་པའི་ཕྱིར་ཏེ། རབ་ཏུ་བརྗོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་སེམས་ཅན་ལ་ཕན་འདོགས་པའི་རྒྱུ་རྣམ་པ་བདུན་པོ་འདི་ནི་རྒྱུ་བཞི་པ་ཡིན་ནོ། །དེ་དག་གཉེན་པོ་དང་བཅས་པ། །ལམ་ནི་བཅུ་པོ་རྣམས་

ཡིན་ཏེ། །སྟོང་པ་ཉིད་བསྒོམ་ལ་སོགས་པ། །གཉེན་པོ་ཡིན་པར་ཤེས་པར་བྱ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ། བསོད་ནམས་ཀྱི་ཚོགས་ཆེན་པོ་ཡང་སྩོགས་པར་བྱེད་པ་འདི་ནི་ཤིན་ཏུ་ཡ་མཚན་ཆེ་སྟེ། ཇི་ལྟ་ཞེ་ན། སྟོང་པ་

ཉིད་ཀྱིས་ནི་ཆོས་ཀྱི་ཡང་མི་དམིགས། མཚན་མ་མེད་པ་ནི་མཚན་མ་མེད། སྨོན་པ་མེད་པས་ནི་མི་སྨོན་པ་ཡིན་ན། ཚོགས་སྩོགས་པར་བྱེད་ཅེས་བྱ་བ་ངོ་མཚར་ཆེའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །དེ་ཡོངས་སུ་འཛིན་པ་ནི་མངོན་པར་འདུ་བྱེད་པ་ལ་དགའ་བ་བཟློག་

པའི་ཕྱིར་ཏེ། མངོན་པར་འདུ་བྱེད་པ་མེད་པ་ལ་དགའ་བ་བཟློག་པ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་

སེམས་དགའ་བ་ཡིན་གྱི། མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་ནི་མ་ཡིན་པ་མཁྱེན་ནས། དེ་ལ་དགའ་བ་བཟློག་པའི་ཕྱིར་མངོན་པར་མཐོ་བའི་ལམ་བསྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་བརྩོན་པས་དེ་མངོན་པར་འདུ་བྱེད་

པ་ལ་དགའ་བར་གྱུར་ན་མི་རུང་ཞེས་མངོན་པར་མཐོ་བའི་ལམ་མངོན་པར་འདུ་བྱེད་པ་ལ་དགའ་བ་བཟློག་པའི་ཕྱིར་གཉེན་པོ་ཡོངས་སུ་འཛིན་པ་རྣམ་པ་བཅུ་བསྟན་པ་མཛད་དོ། །སྣང་བར་གྱུར་པ་དེ་དག་མངོན་པར་བསྒྲུབས་པས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡུལ་དུ་གྱུར་པ་རྣམས་ཡང་དང་

เล่ม ๑๑๖ · หน้า 89a

ཡང་མངོན་སུམ་དུ་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡི་མི་མཐུན་ཕྱོགས་ཀྱི་ནི། །གཉེན་པོ་གཞན་རྣམས་གཉིས་སུ་བརྗོད། །ཚད་མེད་རྣམ་པ་དག་གིས་ནི། །གཉེན་པོ་སྒོམ་པ་གང་ཡིན་དང་། །འདུ་བྱེད་མེད་ཅིང་བརྩལ་མེད་པར། །འབྱུང་བའི་ལམ་ལ་སྦྱོར་

བའོ། །དེ་ཡི་རྣམ་པར་གཡེང་བ་ནི། །དེ་ཡི་རྣམ་པར་གཡེང་བ་སྟེ། །ལམ་གཞན་རྩོམ་པའི་ཁྱད་པར་གྱི། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྒོམ་རྣམ་འདི་དག་སྟེ། གང་དག་གི་དོན་བྱེད་པ་དང་། །གནས་གང་ཡིན་དང་གང་གིས་དང་། །ཇི་ལྟར་གང་དུའི་བྱེ་བྲག་གིས། །མདོར་ན་

སྒོམ་པའི་རྣམ་པ་ནི། །བཅུ་པོ་འདི་དག་རབ་ཏུ་བསྒྲགས། །གང་དག་གི་དོན་བྱེད་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་ལ་ཡང་འཇུག་ལ་ཞེས་གསུངས་པ་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་

པར་མཛད་པ་དང་། འདུལ་བའི་ཕྲིན་ལས་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་བརྩོན་པ་མི་གཏང་བར་བྱ་བའི་ཕྱིར་ཐབས་གང་གིས་བྱ་བ་དེ་ཚིག་གཉིས་པས་བསྟན་ཏེ། གཉི་ག་བྱ་བ་གཅིག་པའི་ཕྱིར་རྣམ་པ་གཅིག་ཉིད་ཡིན་ནོ། །འོག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་

བྱའོ། །གནས་གང་ཡིན་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་ལ་ཡང་འཇུག་ལ་ཞེས་བྱ་བ་ཡིན་ཏེ་དེས་འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་རྣམ་པར་དག་པར་བྱེད་པ་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་སོ། །ཇི་ལྟ་ཞེ་ན། ཆོས་

ཐ་དད་པ་ཚད་མེད་པ་ལ་ཡང་འཇུག་པ་ནི་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཐ་དད་པས་ཆོས་བསྟན་པ་ལ་ཐ་དད་པ་ཉིད་ཐབས་ཡིན་པའོ། །ཡེ་ཤེས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ལས་སྣ་ཚོགས་པ་

ཤེས་པར་ནུས་པ་ཉིད་དོ། །བསྐལ་པ་བགྲངས་པ་ཚད་མེད་པ་རྟོགས་པ་ལ་འཇུག་ལ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་ཀྱི་དུས་ཀྱི་ཚད་ཉིད་ཤེས་པར་ནུས་པར་བྱ་བའི་ཕྱིར་རོ། །ཇི་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་སོ། །ཇི་ལྟ་ཞེ་ན་སེམས་འདྲ་བར་འཇུག་པ་ནི་ཇི་

เล่ม ๑๑๖ · หน้า 89b

ལྟར་དཀོན་མཆོག་བརྩེགས་པ་ལས་དགེ་སློང་ལྔ་བརྒྱའི་སེམས་དང་མཐུན་པར་དགེ་སློང་གཉིས་སྤྲུལ་པར་འབྱུང་བ་ལྟ་བུའོ། །ལུས་འདྲ་བར་འཇུག་པ་ནི་བྲམ་ཟེ་ལ་སོགས་པས་གདུལ་བར་བྱ་བ་དེ་ལྟ་བུའི་ལུས་ཀུན་དུ་སྟོན་པའི་ཕྱིར་རོ། །དེ་དག་ལ་མོས་པ་བཟློག་པ་ནི་དེ་གཉི་ག་མཐུན་པར་འཇུག་

པས་ལྷ་ལ་མོས་པ་གང་ཡིན་པ་དེ་དག་ཟློག་པར་བྱེད་ཅིང་སེལ་བར་བྱེད་པའོ། །སྔོན་གྱི་བསམ་པ་ལས་བྱུང་བ་ནི་སྔོན་གྱི་ཚེ་རབས་གཞན་ན་གོམས་པ་དེའི་རྒྱུས་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་རྣམས་སུ་འགྱུར་རོ། །དེ་དག་ལ་ཅི་རིགས་པ་ནི་གང་ལ་ཆོས་གང་ཞིག་འཚམ་པ་དེ་སྟོན་པ་སྟེ།

སེམས་ཅན་གྱི་བསམ་པས་དབང་པོ་ཚད་མེད་པ་ལ་འང་འཇུག་ཅེས་གང་གསུངས་པ་སྟེ། བསམ་པས་དང་པོ་ཐ་དད་པ་ཉིད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གསུང་བརྗོད་པས་སེམས་ཅན་གཞན་ཚིམ་པར་མཛད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་རིམ་པ་འདིས་སེམས་ཅན་རྣམས་ལ་

ཕན་གདགས་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་གཉེན་པོའི་གདམས་ངག་རྗེས་སུ་སྟོན་པ་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཐ་དད་པ་ཚད་མེད་པ་ལ་ཡང་འཇུག་ལ་ཞེས་གསུངས་པ་གང་ཡིན་པ་སྟེ། དེ་དང་མཐུན་པའི་གཉེན་པོ་རྣམ་པར་སྦྱར་བའི་

ཕྱིར་རོ། །ཡེ་ཤེས་རབ་འབྱམ་ཚད་མེད་པ་རྗེས་སུ་རྟོགས་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་དེས་གཉེན་པོ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རོ། །གང་དུ་ཞེས་བྱ་བ་ནི་ཐེག་པ་གསུམ་ལ་སྟེ་རྣམ་པ་གསུམ་གྱིས་ལམ་བསྟན་པ་ལ་འཇུག་པ་ལ་མོས་པ་ཡིན་པས་སེམས་ཅན་ཚད་མེད་

པ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་གཟུང་བའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་སྒྲུབ་པ་འགྲུབ་པ་ལ་ཡང་འཇུག་ལ་ཞེས་བྱ་བ་ནི་དེར་ཚོགས་བསྩགས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཟབ་མོའི་སྒོར་འཇུག་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་

དེས་དེ་དག་གི་རང་སངས་རྒྱས་ཀྱི་ཐེག་པ་བསྒྲུབས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་དེས་དེ་དག་ཁྱད་པར་དུ་གཟུང་ནུས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ལ་འཇུག་པ་བསྟན་པ་ཚད་མེད་

เล่ม ๑๑๖ · หน้า 90a

པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་དེས་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཡང་དག་པར་འབྱུང་བ་ལ་གཟུད་པའི་ཕྱིར་རོ། །ལྷུན་གྲུབ་རྟོག་པ་མེད་པ་ཡིས། །ལམ་ནི་ཡོངས་སུ་རྫོགས་འགྱུར་བ། །མངོན་པར་འདུ་བྱེད་མེད་

ལམ་གྱི། །སྦྱོར་བ་ཡིན་པར་ཡོངས་སུ་བསྟན། །ངོ་བོ་ཉིད་དང་བྱེ་བྲག་ལ་རྣམ་པར་རྟོག་པ་མེད་པར་ཞེས་བྱ་བ་ནི། རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པར་དཔྱོད་ལྡན་པ། །དེ་ཡི་རྣམ་གཡེང་སྤང་བའི་ཕྱིར། །ལམ་གཞན་དག་ལ་མི་

གཡོ་བའི། །རབ་ཏུ་གནས་པ་ཐོབ་པར་འགྱུར། །དེའི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་གཞན་རྩོམ་པའི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། མི་གཡོ་བའི་ཚུལ་གྱིས་ཤིན་ཏུ་གནས་པ་ཡིན་ནོ་ཞེས་གང་གསུངས་པའོ། །ཟུང་དུ་འབྲེལ་

བ་རྒྱུ་བཞི་ཡིས། །རྣམ་པར་གཞག་པར་འདོད་པ་སྟེ། །ལམ་ནི་ཅིག་ཅར་འབྱུང་འགྱུར་ཞིང་། །དེ་ཡང་རྒྱུན་ཆགས་འབྱུང་བ་དང་། །མོས་པ་རྣམ་པར་དག་པ་དང་། །དོན་ཆེན་བྱེད་པ་གང་ཡིན་གྱི། །བྱང་ཆུབ་ཕྱོགས་ནི་རབ་དབྱེ་བ། །རྒྱུ་བཞི་པ་ནི་ཡིན་པར་འདོད། །དེ་ལ་སྐད་ཅིག་གཅིག་འབྱུང་

བ། །ཅིག་ཅར་འབྱུང་བ་ཡིན་པར་འདོད། །ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ་དུ་བྱེད་པའི་ཕྱིར་ཏེ། དེ་སྐད་ཅིག་གཅིག་ལ་ཡང་མངོན་པར་སྒྲུབ་ཅིང་མི་ལྡང་སྟེ་ཞེས་གསུངས་པ་གང་ཡིན་པའོ། །སྤྱོད་ལམ་ཀུན་དུ་འབྱུང་བའི་ཕྱིར། །བར་ཆད་མེད་པར་འབྱུང་བར་བཤད། །དེ་འགྲོའམ་

ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །སྒྲིབ་པ་ཡང་དག་སྤང་བའི་ཕྱིར། །མོས་པ་རྣམ་པར་དག་འགྱུར་ཏེ། །གང་ཕྱིར་སྒྲིབ་ལས་རྣམ་དག་པས། །སྒྲིབ་པ་མེད་པར་བཤད་པ་ཡིན། །སྒྲིབ་པ་མེད་པས་སྤྱོད་ལམ་ཐམས་ཅད་ལ་གནས་ཤིང་ཞེས་གསུངས་པ་གང་ཡིན་པའོ། །

ཡེ་ཤེས་ཚད་མེད་དེ་དག་ལ། །བཀྲ་བར་བྱེད་པ་རྣམ་གནས་པ། །འདུ་ཤེས་སེམས་འདུན་བྱེད་པའི་ཕྱིར། །དེ་ནི་ཡིད་ལ་བྱེད་པ་ཡིན། །འདུ་ཤེས་ཡིད་ལ་བྱེད་པ་དེ་ལྟ་བུ་དག་དང་མི་འབྲལ་བ་ཡིན་ཞེས་གསུངས་པ་གང་ཡིན་པའོ། །ཡེ་ཤེས་ཚད་མེད་པ་དེ་དག་ལ་ཞེས་བྱ་བ་ནི་སེམས་ཅན་

เล่ม ๑๑๖ · หน้า 90b

གྱི་ཁམས་ཚད་མེད་པ་ལ་ཡང་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་རྣམས་ལའོ། །བཀྲ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་གསལ་བར་འཛིན་པ་ལ་སོགས་པས་མཚན་མ་ཡང་དག་པར་རྟོགས་པའི་ཕྱིར་འདུས་ཞེས་སོ། །མངོན་དུ་ཉིད་འདུན་པ་སྟེ་དེ་བྱེད་པའི་ཕྱིར་ཡིད་ལ་བྱེད་པའོ། །

སེམས་ཀུན་ལ་ནི་ཡོད་པའི་ཕྱིར། །ཕ་རོལ་ཕྱིན་ཞེས་བྱ་བ་ཡི། །ཆོས་བཅུ་ཡང་དག་འགྲུབ་པ་ནི། །དོན་ཆེན་ཉིད་དུ་ཤེས་པར་བྱ། །དེའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་སྒྲུབ་པ་ཡང་དག་པར་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་

པ་གང་ཡིན་པའོ། །འདི་ནི་མདོ་ཉིད་ལས་ལེགས་པར་བཀྲོལ་ཟིན་པའི་ཕྱིར་རྣམ་པར་མ་ཕྱེ་བའོ། །གཞི་ནི་སློབ་དཔོན་ཉིད་ཀྱིས་རྣམ་པར་ཕྱེ་བར་ཟད་དོ། །རྒྱུ་བཞི་དག་གིས་བྱང་ཆུབ་ཀྱི། །ཕྱོགས་མཐུན་རྣམ་པར་གཞག་པར་འདོད། །ཐེག་པ་ཆེན་པོའི་སྐབས་ཀྱིས་ན། །ཕ་རོལ་ཕྱིན་པ་

བཅུར་གཞག་གོ། །སེམས་ཅན་སྨིན་བྱེད་སྐབས་ཀྱིས་ན། །དེ་སྡུད་བྱེད་པ་ཡང་དག་གཞག །ཉོན་མོངས་སྒྲིབ་པ་དག་བྱའི་ཕྱིར། །གནས་ལ་སོགས་པ་ཡང་དག་གཞན། །གང་ལ་གནས་ཏེ་གང་སྒོམ་ཞིང་། །སྒོ་གང་དག་གིས་དག་འགྱུར་བའོ། །གནས་དག་ནི་ཤེས་རབ་དང་བདེན་པ་

དང་། ཉོན་མོངས་པ་སྤང་བ་དང་། སྡུག་བསྔལ་ཉེ་བར་ཞི་བའི་གནས་རྣམས་ཏེ། ཤེས་རབ་ཀྱིས་བདེན་པ་རྣམས་ལ་ཉོན་མོངས་པ་རྣམས་ཀྱང་སྤང་ལ་སྡུག་བསྔལ་ཡང་ཉེ་བར་ཞི་བར་བྱེད་དོ། །དེ་ལྟ་བས་ན་འདིས་ནི་བདེན་པ་བཞི་བསྟན་པ་ཡིན་ནོ། །ཤེས་རབ་ཀྱིས་ནི་ལམ་གྱི་བདེན་པ་

བསྟན་ཏོ། །སྤངས་པ་དང་ཉེ་བར་ཞི་བ་དག་གིས་ནི་འགོག་པའོ། །ཉོན་མོངས་པ་དང་། སྡུག་བསྔལ་དག་ནི་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་སྟེ། བདེན་པ་གནས་སུ་གྱུར་པ་དེ་དག་ལ་གནས་ཏེའོ། །གང་ཞིག་བསྒོམས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །

སྒོ་གང་གིས་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་གིས་སོ། །ཤེས་བྱའི་སྒྲིབ་པ་དག་བྱའི་ཕྱིར། །བྱང་ཆུབ་ཡན་ལག་རྣམ་གཞག་གོ། །རྒྱུ་བཞི་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། མདོར་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་

เล่ม ๑๑๖ · หน้า 91a

སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །སྔ་ཕྱི་དག་གི་ས་དག་ལས། །བདུན་པ་ཡི་ནི་ཁྱད་པར་གཉིས། །ཁྱད་ཞུགས་དམན་པས་ས་ཡི་ནི། །ལྟོས་པ་རྣམ་པ་གཉིས་སུ་གཞག །འདི་ས་འོག་མ་དག་པས་ནི་ཁྱད་

ཞུགས་པ་ཡིན་ལ། གོང་མ་དག་པས་ནི་དམན་པ་ཡིན་ནོ། །ཁྱད་ཞུགས་པ་ཇི་ལྟ་བུ་ཞེ་ན། སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། སྦྱོར་བ་ལས་བྱུང་བའི་སྤྱོད་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ལམ་མོ། །དེ་ནི་ས་འདི་ལ་མངོན་པར་མཐོ་བའི་ལམ་གཉེན་པོ་དང་

བཅས་པ་མངོན་པར་སྒྲུབ་པའི་ལམ་ཡོངས་སུ་རྫོགས་པ་ཡིན་ནོ། །ཡེ་ཤེས་ནི་ཇི་སྐད་དུ་བསྟན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ངེས་པར་རྟོག་པ་ཉིད་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཞེས་བྱ་བ་ནི་གང་གི་ཕྱིར་སྤྱོད་པ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་

དང་ཡེ་ཤེས་དང་མངོན་པར་ཤེས་པ་སྤྱོད་པ་གནོན་པས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེད་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་སྨོས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེད་པར་བྱེད་མངོན་པར་སྒྲུབ་པར་བྱེད་པ་ན་བྱང་ཆུབ་ཀྱི་

ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ནི་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །ཡེ་ཤེས་མངོན་པར་སྦྱོར་བ་རྣམས། །འབད་དང་བཅས་པས་ཡོངས་བསགས་ཕྱིར། །གོང་མའི་ས་ལས་

ལྟོས་ནས་ནི། །དམན་པར་རྣམ་པར་གཞག་པ་ཡིན། །གོང་མ་རྣམས་ན་ནི་འབད་པ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཕྱིར་ནི་ཀུན་ཉོན་མོངས། །གང་ཕྱིར་རྩོལ་བཅས་འཇུག་ཡིན་གྱི། །འདི་ལ་ཉོན་མོངས་སྤྱད་བྱས་པའི། །ཀུན་ནས་ཉོན་མོངས་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་ཡིན་ཏེ།

ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ནས་གཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །དེ་ཙམ་གྱིས་ས་བདུན་པོ་རྣམས་ལ་ཉོན་མོངས་པའི་སྤྱོད་པ་ལས་ཤིན་ཏུ་འདས་ཞེས་ནི་མི་བྱའོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་

เล่ม ๑๑๖ · หน้า 91b

ནི་རྣམ་པར་རྟོག་པས་རབ་ཏུ་བསྐྱེད་པ་ཡིན་པའི་ཕྱིར་ལ་རྣམ་པར་རྟོག་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་པས་དེའི་ཕྱིར་མི་བརྗོད་དོ། །རྣམ་པར་སྨིན་ཞེས་བྱ་བ་ཡི། །ལམ་མ་ཐོབ་ཕྱིར་ཀུན་ཉོན་མོངས། །སྤངས་པའི་ཕྱིར་ན་དཔེ་དང་འདྲ། །འཁོར་ལོས་སྒྱུར་བའི་ལུས་

བཞིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ལྷའི་གླང་པོ་རིན་པོ་ཆེ་ལ་ཞོན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །དེ་ཉིད་ཕྱིར་དེ་ཉོན་མོངས་མེད། །མ་ཡིན་ཉོན་མོངས་བཅས་མིན་ཏེ། །རྣམ་པར་སྨིན་ལམ་མ་ཐོབ་ཕྱིར། །ཉོན་མོངས་

པ་ནི་མི་འབྱུང་ཕྱིར། །གོང་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་ཐོབ་པའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བརྗོད་པར་བྱ་སྟེ། ལྷག་པར་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །ས་སྔ་ཕྱི་ལས་ཁྱད་

པར་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ལས་དག་ཏིང་འཛིན་ཐོབ་པ་དང་། །ས་ལས་ཡང་དག་འདས་པ་དང་། །གནས་པ་ཁྱད་པར་ཅན་གྱུར་པ། །ཐོབ་པའི་ཕྱིར་ན་རྒྱུ་བཞི་ཡིས། །ལམ་ནི་ཟུང་དུ་འབྲེལ་བ་ཡི། །འབྲས་བུ་རྗོད་པར་བྱེད་པ་ཡིན། །ལས་རྣམས་དག་པ་གང་

ཡིན་པ། །དེ་ཡང་རྣམ་པ་བཞིར་ཤེས་བྱ། །དེ་ལ། དང་པོ་ལྷག་བསམ་རྣམ་དག་པས། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། །ཚུལ་ཁྲིམས་རྣམས་ནི་རྣམ་དག་ཡིན། །འདི་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལྷག་པའི་བསམ་པ་ཡོངས་

སུ་དག་པས་ལུས་ཀྱི་ལས་དང་ཞེས་བྱ་བ་ལ་སོགས་པ་ནས། རྟག་པར་རྒྱུན་དུ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ས་གཉིས་པ་ཁོ་ན་ལ་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་ནམ་ཞེ་ན། བདེན་གྱི་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ནི་

ས་འདི་ལ་ཡོངས་སུ་དག་པ་ཡིན་ནོ། །ས་ལྔ་པ་ལས་བསྟན་པ་ཡི། །འཇིག་རྟེན་ཤེས་པ་རྣམ་དག་ཕྱིར། །འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པ་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་པ་བཟོའི་གནས་དང་ལས་ཀྱི་གནས་གང་དག་ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །བསམ་དང་

เล่ม ๑๑๖ · หน้า 92a

སྦྱོར་བ་བསྟན་པ་ཡི། །ལུས་ནི་ཁྱད་པར་འཕགས་པའི་ཕྱིར། །ལུས་ཀྱི་ཁྱད་པར་འཐོབ་པ་སྟེ། །སློབ་དཔོན་ཉིད་དུ་གྲགས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །བསམ་གཏན་ལ་སོགས་ཁྱད་པར་གྱི། །མཐུ་སྟོབ་ཁྱད་པར་འཕགས་པའི་ཕྱིར། །ནུས་པའི་

ཁྱད་པར་འཐོབ་པ་ཡིན་ཏེ། བསམ་གཏན་རྣམས་དང་ཏིང་ངེ་འཛིན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་བས་ཀྱང་ཤས་ཆེར་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་པོ་ཞེས་བྱ་བའི་བར་གསུངས་པ་གང་ཡིན་པའོ། །ཏིང་ངེ་འཛིན་ཁྱད་པར་འཕགས་པ་རྣམས་འཐོབ་པ་

རྣམ་པ་བཅུར་བཤད་དོ། །རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དོན་ལས་བརྩམས་པའོ། །ཏིང་ངེ་འཛིན་གང་ལ་རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་དཔྱད་པ་ཡོད་པ་དེ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་དོན་ཏེ། ཆོས་ཀྱི་དབྱིངས་དང་། དེའི་རྟེན་གང་ལ་རྣམ་

པར་རྟོག་པ་མེད་པ་དེ་དང་རྣམ་པར་རྟོག་པའི་དོན་ལས་བརྩམས་པའོ། །ཚིག་གཅིག་ལ་དོན་གྱི་ཁྱད་པར་དུ་མར་འབྱེད་པ་རྣམ་པར་བརྟགས་པ་ནི་དོན་དུ་མར་མངོན་པར་བརྗོད་པ་ཉིད་དེ། ཁྱད་པར་གྱི་བློ་གྲོས་ཞེས་གང་གསུངས་པའོ། །ཁྱད་པར་ནི་བྱེ་བྲག་སྟེ། དེ་ལ་བློ་གྲོས་སེམས་པ་ཡོད་པས་

ཞེས་བྱ་བའི་དོན་ཏོ། །དོན་གཅིག་ལ་རྣམ་གྲངས་དུ་མ་དག་གིས་སྟོན་པ་དེ་ལས་བརྩམས་ནས་རབ་ཏུ་ཕྱེ་བའི་དོན་གྱི་མཛོད་ཅེས་གསུངས་པ་གང་ཡིན་པ་སྟེ་དོན་གྱི་མཛོད་བཞི་ནི་སྒྲའོ། དེ་ལས་ཉན་པ་པོ་རྣམས་ཀྱིས་དོན་འདྲེན་ཅིང་སྒྲུབ་པར་བྱེད་པས་ན་འདིའི་ངོ་བོ་དུ་མ་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །

རིག་པ་ཐམས་ཅད་ཀྱི་གནས་ནི་རྒྱུ་ཉིད་དེ་དེ་ཤེས་པའོ། །རྣམ་པ་གཅིག་ཏུ་དེ་ཉིད་ཤེས་པ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པ་ཞེས་གསུངས་པ་གང་ཡིན་པ་སྟེ། ཏིང་ངེ་འཛིན་གང་ལ་དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པ་ཡོད་པ་དེ་ལ་སྙོམས་པར་

འཇུག་གོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གང་རྩ་བ་ཤིན་ཏུ་གནས་པས་བརྟན་པ་ཡོད་པ་སྟེ། ཇི་ལྟ་ཞེ་ན། དེ་བཞིན་ཉིད་ལ་དམིགས་པས་རྩ་བ་བརྟན་པའི་ཕྱིར་རོ། །ཚིག་ལྷག་མ་བཞི་ནི་སྒྲིབ་པ་རྣམ་པ་བཞི་རྣམ་པར་སྦྱོང་བ་ལས་རིག་པར་བྱ་སྟེ། ཡེ་ཤེས་དང་མངོན་པར་ཤེས་

เล่ม ๑๑๖ · หน้า 92b

པའི་སྒོ་ནི་རྒྱུ་སྟེ་སྒོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་འདི་ནི་ཡོན་ཏན་ཁྱད་པར་ཅན་རྣམས་ལ་སྒྲིབ་པ་གང་ཡིན་པ་དེ་རྣམ་པར་སྦྱོང་བར་བྱེད་དོ། །ཏིང་ངེ་འཛིན་གང་ལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡོངས་སུ་སྦྱོང་བར་བྱེད་པ་ཡོད་པ་དེ་ལ་ཡང་

སྙོམས་པར་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས་ལ་སྒྲིབ་པ་གང་ཡིན་པ་དེ་རྣམ་པར་སྦྱོང་བར་བྱེད་དོ། །ཏིང་ངེ་འཛིན་གང་ལ་དེ་བཞིན་གཤེགས་པ་ལ་ཕན་ཡོན་རབ་ཏུ་བརྗོད་པ་ཡོད་པ་དེ་ལ་ཡང་སྙོམས་པར་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་ཟབ་པ་དང་། རྒྱ་

ཆེ་བ་རྣམས་ཡང་དག་པར་སྒྲུབ་པ་ལ་ཞུམ་པ་མེད་པ་ཡིན་ནོ། །དགེ་བའི་རྩ་བ་སྣ་ཚོགས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་བདག་ཉིད་ཀྱི་དོན་སྣ་ཚོགས་ཀྱི་མཛོད་སྟོན་པར་བྱེད་པ་སྟེ། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་སྒོ། སྒོ་མོ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་ཡང་

སྙོམས་པར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་བསྒོམས་པའི་སྟོབས་ཀྱིས་མི་གནས་པའི་ལམ་ལ་སྒྲིབ་པ་གང་ཡིན་པ་དེའི་གཉེན་པོ་ཡང་བྱེད་དེ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དེ་དག་ཅེས་གསུངས་པ་གང་ཡིན་པའོ། །སྙིང་རྗེའི་སྟོབས་

དང་ཞེས་བྱ་བ་ནི་སྙིང་བརྩེ་བ་དང་སྙིང་རྗེའི་སྟོབས་ཀྱིས་ཞེས་གསུངས་པ་གང་ཡིན་པའོ། །ཞི་གནས་དང་ལྷག་མཐོང་གི་ལམ་སྒྲུབ་པ་ནི་རྩོལ་བ་མེད་པར་འབྱུང་བ་ཉིད་ཀྱིས་རྣམ་པར་སྨིན་པར་གྱུར་པའི་ཕྱིར་རོ། །མཚན་མ་མེད་པར་མཚུངས་པ་ལ། །སེམས་ཅན་ཀུན་གྱི་དབང་གིས་ན། །ལས་

ཀྱི་བྱེ་བྲག་དག་གིས་ཡང་། །ཁྱད་པར་རབ་ཏུ་བསྟན་པ་ཡིན། །སྦྱོར་བ་ཡོངས་སུ་རྫོགས་པའི་ཕྱིར། །ས་བདུན་པ་ནི་ཡོངས་སྦྱངས་དང་། །སྣང་བ་དག་གིས་སྔ་མ་ཡིན། །ས་རྣམས་ལ་ནི་ཁྱད་ཞུགས་ཏེ། །ཤིན་ཏུ་ཡོངས་སུ་སྦྱངས་པ་མི་སྐྱེ་བའི་ཆོས་ལ་བཟོད་པར་སྣང་བར་གྱུར་པ་ཞེས་

གསུངས་པ་གང་ཡིན་པའོ། །བློ་ལྡན་སྦྱོར་བ་མཐར་ཐུག་པའི། །ཡིད་ལ་བྱེད་པ་ཐོབ་པའི་ཕྱིར། །རང་གི་ཡུལ་ནི་ཤེས་པ་ལ། །གནས་པ་ཡིན་ཞེས་མངོན་པར་བརྗོད། །ཚད་མེད་ཅེས་ནི་རབ་བརྗོད་ན། །མང་བ་ཉིད་དུ་ངེས་པར་འཛིན། །མཐུ་དག་གི་ནི་སྒོ་ནས་ཀྱང་། །ཚད་

เล่ม ๑๑๖ · หน้า 93a

མེད་ཅེས་ནི་ཡང་དག་བསྟན། །ཇི་ལྟ་ཞེ་ན། སྔོན་གྱི་ལས་ལས་ཁྱད་པར་དུ། །ཟབ་ཅིང་རྣམ་པར་དབེན་པ་དང་། །རབ་ཏུ་རྒྱུ་བ་མེད་པའི་ལས། །དེ་ཡིས་ཐོབ་པ་ཡིན་ཞེས་བཤད། །རིང་དུ་སོང་ཕྱིར་ཟབ་པ་ཡིན། །ཉོན་མོངས་སྤངས་ཕྱིར་དབེན་པ་ཡིན། །འོག་མའི་ས་ལ་མི་རྒྱུ་

ཕྱིར། །རྒྱུ་བ་མེད་ཅེས་བཤད་པ་ཡིན། །ཡང་དག་མཐའ་ལ་གནས་གྱུར་ཅིང་། །འགོག་པ་མངོན་སུམ་མི་བྱེད་པ། །གང་ཡིན་འདི་ནི་གནས་པ་ཡི། །ཁྱད་པར་དུ་ནི་འདོད་པ་ཉིད། སྙོམས་པར་འཇུག་པས་གནས་པ་ཡི། །ཁྱད་པར་རབ་ཏུ་བསྟན་ནས་ནི། །རྒྱུ་བའི་སྦྱོར་བའི་ཁྱད་པར་ནི། །རྣམ་

པ་བརྒྱད་དག་ཡང་བཤད་དོ། །བསོད་ནམས་མངོན་པར་འདུ་བྱེད་པའི་སྦྱོར་བ་ནི་འཁོར་བའི་སྒོ་ཡང་སྟོན་ལ་ཞེས་བྱ་བ་ཡིན་ཏེ། འདིའི་གཉེན་པོ་ནི་འདིའི་བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ཞེས་བྱ་བ་ཡང་ཡིན་ནོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཚིག་གཉིས་པ་ནི་གཉེན་པོ་འཛིན་

པ་ཡིན་པར་ཤེས་པར་བྱའོ། །ཕུང་པོ་ཡོངས་སུ་འཛིན་པའི་སྦྱོར་བ་ནི་འཁོར་མང་པོས་ཀུན་ནས་བསྐོར་བར་ཡང་སྣང་ལ་ཞེས་བྱ་བ་ཡིན་ཏེ། ཕུང་པོ་ནི་ཕུང་པོ་རྣམས་སོ། །དེ་ཡོངས་སུ་གཟུང་བའི་སྦྱོར་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་

འཁོར་མང་པོ་ཉིད་དོ། །སྨོན་ལམ་གྱི་སྟོབས་ཀྱིས་ཁམས་གསུམ་པར་ཀུན་དུ་སྐྱེ་སྟེ། དེ་ཉིད་ཀྱི་ཕྱིར་བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་སྦྱོར་བ་ཞེས་བྱ་བའོ། །ཐབས་ཐབས་ཀྱིས་ཀྱང་རབ་ཏུ་འབར་ཏེ་ཞེས་བྱ་བ་ནི་བུ་ལ་སོགས་པ་ཀུན་དུ་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ནི་རིགས་

ཀྱི་རྒྱུད་ལ་སྦྱོར་བ་ཡིན་ཏེ། སེམས་ཅན་རྣམས་ཐེག་པ་གསུམ་ལ་དགོད་པར་བྱ་བའི་ཕྱིར་རོ། །མ་བོར་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་འཇུག་ལ་ཉན་ཐོས་ལ་སོགས་པའི་ས་ལ་བརྟེན་ནས་ཀྱང་འགྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་འཇུག་པར་བྱེད་པའི་སྦྱོར་བ་ཡིན་ཏེ། དེ་དག་གིས་

གདུལ་བར་བྱ་བ་རྣམས་ལ་དེ་ལྟར་ཀུན་དུ་བསྟན་པས་ཐེག་པ་གཉིས་ལ་འཇུག་པའི་ཕྱིར་རོ། །བདུད་ཀྱི་ཡུལ་ནི་ཟས་དང་ཉལ་བ་དག་ཡིན་ཏེ། དེ་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྟོན་པ་ལ་སྦྱོར་བ་ཡིན་ཏེ། དེ་གཉིས་ནི་ཡུལ་སྟོན་པར་བྱེད་པའི་ཕྱིར་རོ། །བདུད་ཀྱི་སྤྱོད་ཡུལ་ཡང་སྟོན་

เล่ม ๑๑๖ · หน้า 93b

པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་འཆི་འཕོའི་སྦྱོར་བ་ཡིན་ཏེ། ན་བ་དང་རྒ་བ་དང་འཆི་བ་ཀུན་དུ་བསྟན་པས་འཆི་འཕོ་བའི་ཕྱིར་རོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་ཉེ་བར་འགྲོ་བ་ན་སྐལ་བ་མཉམ་པར་ཉེ་བར་འགྲོ་བས་ལྟ་བ་ངན་པ་བཟློག་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ནི་ལྟ་བ་

ངན་པ་ལ་ཆགས་པ་ལས་རྣམ་པར་བཟློག་པའི་སྦྱོར་བ་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་མཐུན་པར་འགྲོ་བ་ནི་འཇིག་རྟེན་པའི་བཟོའི་གནས་ཀྱི་ལམ་ལ་སོགས་པ་མངོན་པར་བསྒྲུབ་པས། སྔར་བཤད་པའི་གནོད་པ་རྣམ་པ་བཞི་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་

ནི་གནོད་པ་ལས་རྣམ་པར་བཟློག་པའི་སྦྱོར་བ་ཡིན་ནོ། །ལྷ་ལ་སོགས་པ་ཐམས་ཅད་ཀྱི་ལུས་གང་དག་ཡིན་པ་དེ་དག་ལས་ལྷག་པའི་ལུས་ཡོངས་སུ་འཛིན་པས་རྣམ་པར་བཟློག་པས་སེམས་ཅན་རྣམས་མི་དགའ་བ་དང་བྲལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ནི་ཆགས་པ་རྣམ་པར་བཟློག་པའི་སྦྱོར་བ་

ཡིན་ནོ། །དེ་འཛིན་པའི་མཆོག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྟན་པ་ཡང་དག་པར་འཛིན་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ས་འདི་ནི་སེམས་ཅན་ལ་ཕན་འདོགས་པ་དང་ཆོས་ཀྱི་བཟོད་པས་རབ་ཏུ་ཕྱེ་བར་རིག་པར་བྱ་ཞེས་བྱ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདི་ཡན་ཆད་མངོན་པར་འདུ་

བྱེད་པའི་སྦྱོར་བ་མེད་པས་ན་སྦྱོར་བའི་མཐར་ཕྱིན་པར་འགྲོ་བའོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བའི་ལམ་ཡོངས་སུ་རྫོགས་པས་དགེ་བའི་རྩ་བ་རྣམས་ཤིན་ཏུ་འོད་གསལ་བ་ཞེས་བྱ་བའོ། །ཉི་མའི་འོད་ཀྱི་དཔེས་ནི་ཟླ་བའི་འོད་ཀྱི་དཔེས་བསྟན་པས་སྔ་མའི་ཡེ་ཤེས་པས་འདི་རྒྱ་ཆེ་བའི་ཕྱིར་ཁྱད་པར་བསྟན་པ་

ཡིན་ནོ། །ཇི་ལྟ་ཞེ་ན། ཉི་མའི་འོད་ཀྱིས་དེའི་འོད་ཟིལ་གྱིས་གནོན་པ་མཐོང་བའི་ཕྱིར་རོ། །ལྷག་མ་ནི་སྔ་མའི་ཚུལ་བཞིན་དུ་སྦྱར་བར་བྱའོ། །རྒྱུ་ནི་རྣམ་པ་བདུན་དག་གིས། །ས་བརྒྱད་པ་ནི་གཞག་པར་འདོད། །ས་རྣམས་དག་ནི་བསྡུ་བ་དང་། །རྣམ་དག་བཟོད་པ་ཐོབ་པ་དང་། །རྣམ་དག་

གནས་པ་ཐོབ་པ་དང་། །ཞིང་ནི་རྣམ་པར་དག་པ་དང་། །དབང་ཐོབ་པ་ཞེས་བྱ་བ་དང་། །ཆེ་བ་ཉིད་ཀྱི་ཁྱད་པར་དང་། །ངེས་ཚིག་དབྱེ་བ་ཞེས་བྱ་བ། །རྒྱུ་ནི་བདུན་པར་འདོད་པ་སྟེ། །ས་བརྒྱད་པ་ཡི་བསྡུ་བའི་ཚུལ། །འདི་ཡིན་པར་ནི་རབ་ཏུ་བསྟན། །ཡོངས་སུ་སྦྱང་བར་བྱ་བའི་ས་དག་ནི་བདུན་ཏེ།

เล่ม ๑๑๖ · หน้า 94a

དེ་དག་ཏུ་སྦྱོར་བའི་སྤྱོད་པ་ཡོངས་སུ་སྦྱང་བར་བྱ་བ་ལེགས་པར་བྱེད་པའི་ཕྱིར་རོ། །དེ་དག་བསྡུ་བ་ནི་མདོར་བསྡུས་ཏེ་བསྙད་པའོ། །སྨྲས་པ། དེ་དག་རྣམས་ཀྱི་བསྡུ་བ་ནི། །རྒྱུ་གཉིས་དག་གིས་བརྗོད་བྱ་སྟེ། །སྤྱིར་ནི་བསྡུ་བར་བྱ་བ་དང་། །སོ་སོ་རེ་རེ་ནས་བསྡུ་བའོ། །རྒྱུ་ནི་

རྣམ་པ་གསུམ་དག་གིས། །སྤྱིར་བསྡུ་བར་ནི་འདོད་པ་ཡིན། །སོ་སོ་ནས་ནི་རྣམ་བདུན་ཏེ། །འདི་ནི་བསྡུས་པར་གཞག་པ་ཡིན། །རྣམ་པར་འབྱེད་པ་ལེགས་པར་བྱས། །ཞེས་བྱ་བ་ལ་རྣམ་པར་འབྱེད་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་སྟེ། དེ་འདི་དག་ཏུ་ལེགས་པར་བྱས་

པའི་ཕྱིར་ས་བདུན་པོ་དག་ཡིན་པར་སྟོན་ཏོ། །གལ་ཏེ་དེ་ལྟ་ན། འོ་ན་དང་པོ་ཁོ་ན་ལ་དེ་རྟོགས་ན་གཉིས་པ་ལ་སོགས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། གོང་ནས་གོང་དུ་རབ་ཏུ་རྟོགས་པ་ཞེས་བྱ་བ་སྨྲས་ཏེ། ཁྱད་པར་དང་ཁྱད་པར་དུ་རབ་ཏུ་རྟོགས་པ་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །

ཐབས་དང་ཤེས་རབ་ཀྱིས་ལམ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ལ་ཐབས་ནི་སྙིང་རྗེ་ཆེན་པོའོ། །ཤེས་རབ་ནི་ཆོས་ལ་བདག་མེད་པའི་ཡུལ་ཅན་ཏེ། དེ་གཉིས་ཀྱིས་ལམ་ཤིན་ཏུ་ཡོངས་སུ་སྦྱངས་པའོ། །དེ་ཉིད་ཀྱི་ཕྱིར་མི་གནས་པའི་ལམ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་སྨྲས་སོ། །ཚོགས་ཤིན་ཏུ་

བསྩགས་པ་ཞེས་བྱ་བ་ནི་ས་བདུན་པོ་དེ་དག་ཉིད་ལ་ཚོགས་ཤིན་ཏུ་རབ་ཏུ་བསྩགས་པའི་ཕྱིར་སྦྱོར་བས་བསྡུས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་སྨྲས་པ་གང་ཡིན་པ་སྟེ། སྤྱིར་བསྡུ་བ་ནི་དེ་ལྟ་བུ་ཡིན་ནོ། །སྨོན་ལམ་ཤིན་ཏུ་བཏབ་པ་ཞེས། །བྱ་བ་ལ་སོགས་རྣམས་ཀྱི་ཚིག །ལྷག་མ་བརྒྱ་

པོ་དག་ཁོ་ནས། །སོ་སོ་ནས་ནི་བསྡུ་བ་ཡིན། །སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པ་ཞེས་བྱ་བ་ནི་ས་དང་པོ་བསྡུ་བ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ས་གཉིས་པ་སྟེ། །དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་དམན་པ་བོར་

ཏེ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་ལ་བསམ་པ་ཆེས་བརྟན་པར་བྱིན་གྱིས་རློབ་པར་མཛད་དོ། །རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་ས་གསུམ་པ་སྟེ། ཇི་ལྟ་ཞེ་ན། འདོད་ཆགས་དང་བྲལ་བ་ལས་མི་ཉམས་པའི་བསམ་གཏན་ལ་སོགས་པ་ཐོབ་པའི་ཕྱིར་རོ། །དེ་བཞིན་

เล่ม ๑๑๖ · หน้า 94b

གཤེགས་པའི་སྟོབས་ལ་སོགས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ས་བཞི་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་གཞག་པའི་ཆོས་ལུང་གི་ཆོས་ཇི་ལྟར་རྟོགས་པ་བཞིན་དུ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་རྟོགས་པ་སྟོན་པར་བྱེད་དེ་གཉི་ག་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཞུགས་པ་ཉིད་ཀྱིས་དེ་དང་མཚུངས་

པར་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ནི་སངས་རྒྱས་ཀྱི་ཆོས་འཐོབ་པའི་རྒྱུ་སྟེ། དེ་ཐོབ་པའི་ཕྱིར་དེ་ཡིད་ལ་བྱེད་པ་དང་ལྡན་པ་ཡིན་ནོ། །ལྷག་པའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་ས་ལྔ་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་དག་

པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཇི་སྐད་བཤད་པ་དག་གིས་ལྷག་པའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཞེས་བྱ་བ་ནི་ས་དྲུག་པ་སྟེ། ཇི་ལྟ་ཞེ་ན། རིམ་བཞིན་དུ་སྙིང་རྗེ་ཆེན་པོས་ནི་བསོད་

ནམས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དཔྱོད་པས་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཉིད་དོ། །སྙིང་རྗེ་དང་བྱམས་པ་ཆེན་པོ་དག་གིས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མི་གཏོང་བ་ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་ཞེས་

བྱ་བ་ནི་ས་བདུན་པ་བསྡུ་བ་ཡིན་ཏེ། ཇི་ལྟ་ཞེ་ན། །རིམ་བཞིན་དུ་ལམ་གཞན་རྩོམ་པའི་ཁྱད་པར་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མི་གཏོང་བ་ཉིད་ལ། སེམས་ཅན་གྱི་ཁམས་ཚད་མེད་པ་ལ་སོགས་པ་ལ་འཇུག་པ་རྣམས་ཀྱིས་ནི་ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་ཉིད་དུ་རིག་པར་བྱ་

སྟེ། འདིར་བསྡུ་བ་ནི་ཚིག་གཉིས་ཀྱིས་བསྟན་པ་ཡིན་ནོ། །ཡོངས་སུ་སྦྱང་བ་བྱ་བའི་ས་ལ་ཚུལ་བཞིན་དུ། རྩོལ་བཅས་ཡེ་ཤེས་ལ་བརྟེན་ནས། །བསྡུས་དང་རྒྱས་པའི་སྒོ་ནས་ནི། །ས་བདུན་རྣམ་པར་སྦྱང་བྱས་ནས། །མི་སྐྱེ་བ་ཡིས་རབ་ཕྱེ་བའི། །བཟོད་པ་རྣམ་པར་དག་པ་འཐོབ། །

དེའི་རྣམ་པར་དག་པ་ཉིད་ནི་ལྷུན་གྱིས་གྲུབ་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཆོས་རྣམས་གཟོད་མ་ནས་མ་སྐྱེས་པ་ཉིད་ནི་ད་གཟོད་འབྱུང་བ་མ་ཡིན་གྱི། འོན་ཀྱང་ཆོས་འདི་དག་ནི་རྣམ་པར་གནས་པ་ཁོ་ནའོ། །གང་ལ་ཞེ་ན། རྣམ་པར་བྱང་བའི་ཕྱོགས་ལའོ། །དེའི་ཕྱིར་འདི་ནི་སྔ་ནས་ཡོད་པའི་

เล่ม ๑๑๖ · หน้า 95a

གཉེན་པོར་བརྗོད་དོ། །གསར་དུ་ཡོད་པ་དེའི་གཉེན་པོར་མ་སྐྱེས་པ་ཉིད་ཅེས་བྱ་སྟེ། སྔོན་མེད་པ་ལས་དབྱུང་བ་ནི་མ་ཡིན་གྱི། འོན་ཀྱང་འདི་དག་སྔ་ནས་རྣམ་པར་གནས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་ཡོད་པ་དེའི་གཉེན་པོར་མཚན་ཉིད་

མེད་པ་ཉིད་ཅེས་བྱ་བ་སྟེ། གང་གིས་འདི་དག་མཚོན་པར་འགྱུར་བའི་མཚན་ཉིད་དེ་དག་མེད་དོ། །ཕྱི་མའི་མཐར་ཡོད་པ་དེའི་གཉེན་པོར་བྱུང་བ་མེད་པ་ཉིད་ཅེས་བྱ་བ་སྟེ། བྱུང་བ་ནི་ཕྱི་མའི་མཐར་ཡོད་པ་ཡིན་གྱི་མ་བྱུང་བ་ནི་མ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཕྱོགས་ལ་ནི་དེ་ལྟ་བུ་ཡིན་ནོ། །

ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སྔོན་གྱི་མཐའ་ན་ཡོད་པ་དེའི་གཉེན་པོར་འཇིག་པ་མེད་པ་ཉིད་ཅེས་བྱ་བ་སྟེ། བྱུང་བ་ནི་གདོན་མི་ཟ་བར་འཇིག་གི་མ་བྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པ་ཡོད་པ་དེའི་གཉེན་པོར་ཐུག་པ་མེད་པ་ཉིད་ཅེས་བྱ་བ་སྟེ། ཐུག་པ་

ནི་རྫོགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ལ་ཀུན་ནས་ཉོན་མོངས་པ་ཉིད་ཡོད་པ་གང་ཡིན་པ་དེའི་གཉེན་པོར་འཇུག་པ་མེད་པ་ཉིད་ཅེས་བྱ་བ་སྟེ། འཇུག་པ་ནི་ཀུན་ནས་ཉོན་མོངས་པར་འགྱུར་གྱི་མི་འཇུག་པ་ནི་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཁོ་ནས་སྐྱེ་བ་མེད། །ཆོས་ལ་བདག་མེད་

ཅེས་བྱ་བ། །བདག་མེད་ངོ་བོ་ཉིད་ཀྱི་ཕྱིར། །དངོས་པོ་མེད་པ་ཞེས་བྱ་བ། །རང་བཞིན་གྱིས་སྐྱེ་བ་མེད་པ་ཡིན་ནོ། །གཉིས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པོ་མེད་པའི་ཕྱིར་རོ། །དངོས་པོའི་མཚན་ཉིད་ཀྱང་མ་ཡིན་ལ། གཉིས་པོ་མེད་པ་ཡོད་པའི་ཕྱིར་དངོས་པོ་མེད་

པའི་མཚན་ཉིད་ཀྱང་མ་ཡིན་པ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་རྣམ་བྱང་དག །འཕེལ་འབྲི་མེད་པའི་ངོ་བོ་ཡིས། །དུས་གསུམ་དུ་ནི་མཉམ་པ་ཉིད། །དེ་ལ་གྲངས་ཀྱི་བྱེ་བྲག་མེད། །འདི་ནི་གྲངས་ཀྱི་བྱེ་བྲག་མི་སྐྱེ་བ་སྟེ། ཐོག་མ་

དང་དབུས་དང་ཐ་མ་མཉམ་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ལས་རྣམས་ཀྱི་ནི་བྱེ་བྲག་གང་། །རྣམ་པ་མང་པོར་ཡོངས་བརྟགས་པ། །དེ་བཞིན་ཉིད་དང་མཉམ་མཐོང་ཕྱིར། །དེ་ཡི་བྱེ་བྲག་མ་སྐྱེས་པ། །ལས་ཀྱི་བྱེ་བྲག་མི་སྐྱེ་སྟེ། །དེ་བཞིན་ཉིད་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་

เล่ม ๑๑๖ · หน้า 95b

རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ་ཞེས་གསུངས་པ་གང་ཡིན་པའོ། །དེ་ལྟར་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་མི་སྐྱེ་བ་རྣམ་པ་བཞི་ལ་འཇུག་པ་ཡིན་ནོ། །བཟོད་པའི་དམིགས་པ་རབ་བརྟན་ནས། །རྣམ་པར་རྟོག་པའི་འདུ་ཤེས་དང་། །བྲལ་བས་འཇུག་པར་རབ་

ཏུ་སྟོན། །འདིར་རྣམ་པར་སྨིན་པ་ནི་སེམས་སོ། །རློམ་སེམས་ནི་ཡིད་དོ། །ཡུལ་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་སྟེ། །དེ་དག་གིས་བསྡུས་པ་དག་གོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དེ་དག་དང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཐམས་ཅད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་

པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་བ་ཞེས་གསུངས་པ་གང་ཡིན་པའོ། །རྣམ་པར་རྟོག་པ་དང་བྲལ་བ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་འདུ་ཤེས་སྨོས་པ་ནི་འདུ་ཤེས་ཁྱད་པར་ཅན་ཤེས་པར་བྱ་བའི་ཕྱིར་ཏེ། འདི་ལ་མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་གཞན་ནི་

ཡོད་དོ་ཞེས་འདུ་ཤེས་གཞན་བརྗོད་པ་ཡིན་ནོ། །ཐོགས་པ་མེད་པ་ཞེས་བྱ་བ་ལ་ཐོགས་པ་ནི་རྩོལ་བའོ། །དེ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པར་རྒྱུ་བའོ། །ནམ་མཁའ་འདྲ་ཞེས་བྱ་བ་ནི་ཁྱབ་པས་སོ། །བླ་གབ་མེད་པའི་རང་བཞིན་དུ་ཞུགས་པས་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཞུགས་པའི་ཕྱིར་ཏེ། དེ་བཞིན་

ཉིད་ནི་སྒྲིབ་པ་མེད་པ་ཉིད་ཀྱིས་བླ་གབ་མེད་པ་ཡིན་ནོ། །ཟབ་མོ་ཐོབ་ཕྱིར་ཁྱད་པར་དུ། །འཕགས་པའི་གནས་པ་ཐོབ་པ་སྟེ། །བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་རྗེས་སུ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པའོ། །དེའི་ཟབ་པ་ཉིད་ནི་མདོ་ལས་འབྱུང་བའི་སྒོ་ནས་རྣམ་པ་བདུན་དུ་

ཤེས་པར་བྱ་སྟེ། །རིང་བའི་ཡེ་ཤེས་ཐ་མི་དད། །དེ་བཞིན་མཚན་མ་བྲལ་བ་དང་། །ཚད་མེད་པ་དང་མི་འཕྲོགས་དང་། །ཉེས་པ་སྤངས་ཕྱིར་དབེན་པ་དང་། །གཉེན་པོ་ལ་ནི་མངོན་ཕྱོགས་ཕྱིར། །དབེན་པ་མངོན་དུ་གྱུར་པའོ། །རིང་བའི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། མངོན་པར་འདུ་བྱེད་

པ་དང་བཅས་པའི་ས་བཟློག་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་འཇུག་པ་ཟབ་པ་ཉིད་ཀྱིས་རིང་བ་ཡིན་ནོ། །ཐ་མི་དད་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ས་དག་པ་པ་རྣམས་དང་། ཐུན་མོང་བའི་ཟབ་པ་ཉིད་ཀྱི་ཕྱིར་རོ། །ཡུལ་ཟབ་པ་ཉིད་ཇི་ལྟ་བུ་ཞེ་ན། གཟུང་བ་དང་འཛིན་པར་སྣང་བ་མེད་པར་གྱུར་པས་དེ་བཞིན་

เล่ม ๑๑๖ · หน้า 96a

ཉིད་ལ་བྱ་སྟེ། མཚན་མ་ཐམས་ཅད་དང་བྲལ་བ་ཞེས་གསུངས་པ་གང་ཡིན་པའོ། །དེ་ཉིད་འདུ་ཤེས་ཀྱི་འཛིན་པ་ངན་པ་ཐམས་ཅད་ལས་ཕྱིར་བཟློག་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དགག་པའི་ཕྱིར་འཛིན་པ་ངན་པ་སྨོས་སོ། །ཚད་མེད་པ་ཇི་ལྟ་བུ་ཞེ་ན། བདག་དང་གཞན་

གྱི་དོན་ལ་ཞུགས་པས་སྒྲུབ་པ་ཟབ་པ་ཉིད་ཀྱི་ཕྱིར་རོ། །མི་འཕྲོགས་པ་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པའི་ཕྱིར་ཟིལ་གྱིས་མི་གནོན་པ་ཟབ་པ་ཉིད་དོ། །དབེན་པ་ནི་མི་མཐུན་པའི་ཕྱོགས་བསྲབས་པ་ཟབ་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ལས་དབེན་པ་མངོན་དུ་གྱུར་པ་ནི་གཉེན་

པོ་ལ་མངོན་དུ་ཕྱོགས་པ་ཟབ་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་བཞིན་ཉིད་ནི་ཐམས་ཅད་ལས་དབེན་པའི་ཕྱིར་རོ། །དེ་ལྟར་ན་མདོ་ལས་ཇི་སྐད་འབྱུང་བའི་སྒོ་ནས་གནས་པ་ཟབ་མོ་ཉིད་རྣམ་པ་བདུན་ནོ། །གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་གནས་སེམས་ཡིད་ཀྱི་རྣམ་

པར་ཤེས་པ་མེད་པའི་ཕྱིར་རོ། །འབད་པ་དང་བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་འབད་པ་ཐམས་ཅད་དང་བྲལ་ཏེ་ཞེས་བྱ་སྟེ། ཇི་སྐད་དུ་མདོ་ལས་འབྱུང་བ་བཞིན་ནོ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་པ་ཇི་ལྟ་བུ་ཞེ་ན། རྩོལ་བ་

དེའི་གཉེན་པོ་ཐོབ་པའི་ཕྱིར་རོ། །ད་ནི་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་པ་དེ་སྟོན་པར་བྱེད་དོ། །ལྷུན་གྱིས་གྲུབ་པ་ཉིད་རྩོལ་བ་མེད་པ་ཡིན་ཏེ། ལུས་དང་ངག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་གནས་པ་ཉིད་

ཀྱིས་ནི། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ། རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ཤིན་ཏུ་གནས་པའི་ཕྱིར། རྣམ་པར་སྨིན་པ་ལ་གནས་པ་ཉིད་དོ། །དཔེར་ན་གཉིད་ཀྱིས་ལོག་པ་ལས་སད་པ་ལ་འདུ་ཤེས་ཡོད་པ་དེ་བཞིན་དུ་གནས་པ་

དེ་ལ་ཡང་སྙོམས་པར་འཇུག་པ་ལས་བཟློག་པའི་འདུ་ཤེས་ཡོད་དོ། །བཟློག་པ་འདི་གང་ཞིག་ཡིན་ཞེ་ན། ཞི་བ་ཉིད་ལ་གནས་པ་ལ། །འདུ་ཤེས་ཡོད་དུ་ཟིན་ཀྱང་ནི། །ཡང་དག་ཤེས་པའི་དབང་གིས་ན། །མཚན་མ་རྣམས་ནི་འཇིག་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ།

เล่ม ๑๑๖ · หน้า 96b

དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཞེས་བྱ་བ་ནས་བཟུང་སྟེ། འབད་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་ཏེ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་འབད་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །རྣམ་པར་དག་པའི་

དབང་དུ་བྱས་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཀུན་དུ་སྤྱོད་པ་སྣང་བར་མི་འགྱུར་ཏེ། དེའི་གཉིས་སུ་ཀུན་དུ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྣང་བར་མི་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །ཡུལ་ལ་ཡོངས་སུ་སྤྱོད་པའི་དབང་དུ་བྱས་ནས་མཚན་མ་ཀུན་དུ་སྤྱོད་པ་སྣང་

བར་མི་འགྱུར་ཏེ། མཚན་མ་ཀུན་དུ་སྤྱོད་པ་ཐམས་ཅད་དུ་མི་སྣང་བར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །ཚངས་པའི་འཇིག་རྟེན་སྐྱེ་བ་དང་། །འདྲ་བའི་དཔེ་ནི་གང་ཡིན་པ། །དེ་ནི་འོག་མའི་ས་པ་ཡི། །ཀུན་ནས་ཉོན་མོངས་རིང་གྱུར་འདོད། །དེ་ལ་འཇུག་པའི་ཕྱོགས་ལ་ནི། །

སེམས་ལ་སོགས་པའི་ཀུན་དུ་འབྱུང་བ་མེད་པའི་ཕྱིར་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཀུན་དུ་འབྱུང་བ་ཡང་ཀུན་དུ་མི་འབྱུང་སྟེ་ཞེས་འབྱུང་བའི་ཕྱིར་རོ། །ལྡོག་པའི་ཕྱོགས་ལ་ནི་སངས་རྒྱས་ལ་སོགས་པ་ལ་ཀུན་དུ་འབྱུང་བ་མེད་པ་སྟེ། སངས་རྒྱས་ལ་ཀུན་དུ་འབྱུང་བའམ་

ཞེས་བྱ་བ་ནས་བཟུང་སྟེ། རྒྱུན་དུ་ཞུགས་པ་ལ་ཀུན་དུ་འབྱུང་བ་ཐམས་ཅད་ཀྱང་ཀུན་དུ་མི་འབྱུང་ན་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །དེ་ལ་ཐེག་པ་ཆེན་པོའི་བྱེ་བྲག་གིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་ཀྱི་ཡན་ལག་ལ་ཀུན་དུ་འབྱུང་བ་རྣམས་སོ། །ཉན་ཐོས་ཀྱི་ཐེག་

པའི་བྱེ་བྲག་གིས་ནི་མྱ་ངན་ལས་འདས་པ་དང་། ཉན་ཐོས་ལ་སོགས་པ་ལ་ཀུན་དུ་འབྱུང་བའོ། །ཐེག་པ་ཆེན་པོ་ལ་ཡང་གང་ཟག་གི་བྱེ་བྲག་གིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཀུན་དུ་འབྱུང་བ་དག་གོ། །ཆོས་ཀྱི་བྱེ་བྲག་གིས་ནི་བྱང་ཆུབ་ལ་ཀུན་དུ་འབྱུང་བའོ། །ཉན་ཐོས་ཀྱི་

ཐེག་པ་ལ་ཡང་མི་སློབ་པ་དང་། སྨོན་པའི་བྱེ་བྲག་དང་ཆོས་ཀྱི་བྱེ་བྲག་གིས་མྱ་ངན་ལས་འདས་པ་ལ་ཀུན་དུ་འབྱུང་བ་སྟེ། མི་སློབ་པའི་བྱེ་བྲག་གིས་ནི་དགྲ་བཅོམ་པ་ལ་ཀུན་དུ་འབྱུང་བའོ། །སློབ་པའི་བྱེ་བྲག་གིས་ནི་ཕྱིར་མི་འོང་བ་ལ་སོགས་པ་ལ་ཀུན་དུ་འབྱུང་བའོ། །དེ་ཡི་འོག་ཏུ་གནས་སྐབས་

เล่ม ๑๑๖ · หน้า 97a

དེར། །ཀུན་མཁྱེན་ཐུགས་རྗེའི་བདག་ཉིད་རྣམས། །དང་པོར་དེ་བཞིན་གཤེགས་པ་ཡི། །ཡེ་ཤེས་ཉེ་བར་སྒྲུབ་མཛད་ནས། །ཅི་ཞིག་མཛད་ཅེ་ན། སེམས་ཅན་ལ་ནི་བྱམས་མཛད་ནས། །གནས་པ་ཙམ་ལ་མངོན་དགའ་བ། །བཟློག་པར་དཀའ་བ་བཟློག་མཛད་དེ། །འདི་ལ་

བྱས་པ་བསྔགས་པ་དང་། །མ་བྱས་པ་ལ་བསྐུལ་བ་དང་། །དེ་ལ་གནས་པ་མི་འདོར་བས། །སངས་རྒྱས་ཆོས་རྣམས་མ་ཐོབ་པ། །ནུས་པ་ཉིད་ཀྱི་དབང་མཛད་ནས། །ཡང་དང་ཡང་རྒྱུ་སྣ་ཚོགས་ཀྱིས། །ཞི་བའི་དབྱིངས་ནི་དེ་དག་ལས། །རྣམ་པར་བསྐྱོད་ནས་སེམས་ཅན་

གྱི། །དོན་སྤྱད་དག་ལ་སྦྱོར་བར་མཛད། །ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པས། མངོན་པར་དགའ་བ་གང་ཡིན་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་དེ་བཟློག་པར་མཛད་དོ། །ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་བསྒྲུབས་པས་ཏེ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་

བར་སྒྲུབ་པ་མཛད་དེ་ཞེས་གསུངས་པ་གང་ཡིན་པའོ། །བྱས་པ་བསྔགས་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་བྱས་པ་བསྔགས་པར་མཛད་པ་སྟེ། ཡོན་ཏན་ཐོབ་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །མི་བྱེད་པ་ལ་བསྐུལ་

བ་ཞེས་བྱ་བ་ལ་མི་བྱེད་པ་ནི་ཡོན་ཏན་མ་ཐོབ་པ་རྣམས་མངོན་སུམ་དུ་མི་བྱེད་པ་སྟེ། དེ་ལ་གང་ངེད་ཀྱི་སྟོབས་བཅུ་ལ་སོགས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག་ཅེས་བསྐུལ་བ་མཛད་དོ། །བཟོད་པའི་སྒོ་འདི་

ཉིད་ཀྱང་མ་དོར་ཅིག་ཅེས་བྱ་བ་འདིས་ནི་མི་དོར་བས་དེ་ནུས་པ་ཉིད་དུ་སྟོན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བས་དོན་ཆེ་བ་ཉིད་ཅེས་བྱ་བ་སེམས་ཅན་ཇི་ལྟ་བུ་དག་ཅིག་གི་ཞེ་ན། ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ཀྱིའོ། །ཇི་ལྟ་ཞེ་ན། འདི་དག་ལ་སོམས་ཤིག་ཅེས་བྱ་བ་ལ་སོགས་པས་

བསྟན་ཏེ། ཀུན་ནས་དཀྲིས་པར་གྱུར་པ་རྣམས་ནི་མ་ཞི་བ་དག་གོ། །བག་ལ་ཉལ་དུ་གྱུར་པ་རྣམས་ནི་རབ་ཏུ་མ་ཞི་བ་དག་གོ། །ཁྱིམ་པ་རྣམས་ནི་ཉོན་མོངས་པ་སྣ་ཚོགས་ཀུན་དུ་འབྱུང་བ་དག་གོ། །རབ་ཏུ་བྱུང་བ་རྣམས་ནི་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་གཡེན་སྤྱོ་བ་དག་གོ། །སྨོན་ལམ་

เล่ม ๑๑๖ · หน้า 97b

གྱི་འབྲས་བུ་མེད་པ་ནི་སྔོན་གྱི་སྨོན་ལམ་དྲན་པར་གྱིས་ཤིག་ཅེས་གསུངས་པ་གང་ཡིན་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་འབྲས་བུ་མེད་པ་ནི་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་ཞེས་གསུངས་པ་གང་ཡིན་པའོ། །ཡེ་ཤེས་ཀྱི་ཚོགས་འབྲས་བུ་མེད་པ་ནི་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་

པ་གང་ཡིན་པའོ། །ཐུན་མོང་མ་ཡིན་པའི་དོན་དུ་དུབ་པ་འབྲས་བུ་མེད་པ་ནི་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་བོ་ཞེས་འབྱུང་བའི་ཕྱིར་

རོ། །འདི་སྐད་དུ་ཐུན་མོང་མ་ཡིན་པའི་དོན་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་སྟེ། སངས་རྒྱས་ཀྱི་ཡུལ་ལོ། །དེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཡུན་རིང་པོ་ནས་དཀའ་བ་སྤྱོད་པ་གོམས་པ་ལ་སོགས་པ་བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་འབྲས་བུ་མེད་པར་འགྱུར་རོ། །

ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱིས་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་ལ་སོགས་པས་ཀྱང་ཐོབ་སྟེ། དེ་ལྟ་བས་ན་འདི་ཐོབ་པས་ཆོག་པར་འཛིན་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། འདི་ཐམས་ཅད་ནི་ཡང་དག་པར་གཟེངས་བསྟོད་པ་ཡིན་ནོ། །སེམས་

ཅན་གྱི་དོན་མཛད་པའི་དབང་དུ་བྱས་ནས། སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ལུས་ཚད་མེད་པ་ལ་སོགས་པས་སྒྲུབ་པར་ནུས་པ་ཉིད་དུ་ཡོངས་སུ་སྟོན་པར་བྱེད་དེ། །གནས་གང་གིས་ཞེས་བྱ་བ་ནི། ལུས་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཀུན་རྫོབ་དང་

དོན་དམ་པའི་ཡེ་ཤེས་གང་གིས་ཞེས་བྱ་བ་ནི་ཡེ་ཤེས་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཞིང་ཡོངས་སུ་དག་པ་གང་གིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །གདུལ་བྱའི་སྤྱོད་པ་མཁྱེན་པ་གང་གིས་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་ཉིད་ཅེས་

བྱ་བ་ཡིན་ནོ། །གང་གིས་བསྡུས་ཏེ་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །གཞན་དག་ནི་ཚིག་གཉིས་བཟློག་སྟེ་ཡང་འདོན་ཏོ། །བཤད་པ་གང་གིས་ཞེས་བྱ་བ་ནི་སྒྲ་སྐད་ཀྱི་ཡན་ལག་ཚད་མེད་པ་ཉིད་ཅེས་བྱ་བ་ཡིན་ཏེ། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་མངོན་པར་སྒྲུབ་

เล่ม ๑๑๖ · หน้า 98a

པ་སྐྱེད་ཅིག་ཅེས་འབྱུང་བའི་ཕྱིར་རོ། །སྒོ་ཐ་དད་པ་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་ཆོས་སྣང་བའི་སྒོ་འདི་འདྲ་བ་མཐའ་ཡས་པར་གྱུར་ཏེ་ཞེས་བྱ་བ་ཡིན་ནོ། །མཛད་པ་ཐ་དད་པ་ནི་མཛད་པ་མཐའ་ཡས་ཤིང་ཞེས་བྱ་བ་ཡིན་ནོ། །གོང་ནས་གོང་དུ་བརྟེན་པ་ཐ་དད་པ་ནི་འབྲེལ་

བ་མཐའ་ཡས་པ་ཞེས་བྱ་བ་ཡིན་ཏེ། དེ་དག་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྐྱེད་ཅེས་འབྱུང་བའི་ཕྱིར་རོ། །ཚེགས་ཆུང་བ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཁྱོད་ཀྱིས་ངེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཉིད་ལ་ལྟོས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་རབ་ཏུ་དབྱེ་བ་ཇི་ལྟར་མཐོང་

བ་ལྟ་བར་སྦྱོར་བའོ། །སེམས་ཅན་ཚད་མེད་པ་ཉིད་ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་རབ་ཏུ་དབྱེ་བའོ། །ཆོས་རྣམ་པར་དབྱེ་བ་ཚད་མེད་པ་ཉིད་ཅེས་བྱ་བ་ནི་ཆོས་རབ་ཏུ་དབྱེ་བ་སྟེ། དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཚེགས་ཆུང་བ་

ཉིད་ཅེ་ན། བལྟ་བ་ཙམ་ཞིག་བྱ་བར་ཟད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་ཅེ་ན། །དེའི་དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ཉེ་བར་སྒྲུབ་པའི་དགོས་པ་ཡིན་ཏེ། །ཡེ་ཤེས་ཚད་མེད་པ་ཉེ་བར་སྒྲུབ་པའི་རྒྱུ་ཡིན་ནོ། །གནས་པ་

དེ་ཉིད་ཀྱི་ཁྱད་པར་ཡོངས་སུ་བསྟན་པ་ཡིན་ནོ། །གྲངས་དང་ཆ་ལ་སོགས་པ་བཤད་པ་ནི་མཚམས་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ནི་གྲངས་ཅི་ཞེ་ན། ཆ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པའོ། །མཚམས་སྦྱར་བ་ནི་མཐུན་པར་སྦྱར་བ་སྟེ། གཞུང་གི་སྒོ་ནས་ཐ་དད་པར་འཇུག་པའི་ཚིག་རྣམས་

དོན་གྱི་སྒོ་ནས་གཅིག་ཏུ་བྱེད་པའོ། །ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསམ་པ་མི་ཟད་པ་ཉིད་ལས། མ་བྱས་པའི་ཕྱིར་བཅོས་མ་མ་ཡིན་པའོ་ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལུས་གང་ལ་གནས་པ་ནི། ལུས་རྣམ་པར་དབྱེ་བ་ཚད་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་

པའི་སྟོབས་ཡང་དག་པར་འགྲུབ་ཅེས་བྱ་བ་ཡིན་ནོ། །བཤད་པ་གང་གིས་ནི་སྒྲ་སྐད་མངོན་པར་སྒྲུབ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །ཡེ་ཤེས་ལ་རྟོན་པ་གང་གིས་ནི་ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་ཡོངས་སུ་འཛིན་པ་གང་གིས་ནི་སྐྱེ་བ་མངོན་པར་སྒྲུབ་

เล่ม ๑๑๖ · หน้า 98b

པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །ཞིང་གང་དུ་ནི་ཞིང་ཡོངས་སུ་དག་པ་ཚད་མེད་པ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་གང་ཡོངས་སུ་སྨིན་པར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །སངས་

རྒྱས་ལ་མཆོད་པ་དང་། །རིམ་གྲོ་བྱ་བ་ཚད་མེད་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །ཆོས་ཀྱི་ཚུལ་ཁོང་དུ་ཆུད་པ་བར་མེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་དུ་བྱས་པ་སྟེ། དེ་ལྟ་བུ་ནི་ཚོགས་བསགས་པའི་དབང་དུ་བྱས་པ་ཡིན་ནོ། །མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་

སྟོབས་བསྐྱེད་པ་ཚད་མེད་པ་དང་། འཁོར་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་ཚད་མེད་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་སྒྲིབ་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སྒྲིབ་པ་སྦྱོང་བ་སྟེ། དེ་ལྟ་བུ་ནི་སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་པ་ཡིན་ནོ། །བཅུ་ཚན་འདི་ཐམས་ཅད་དུ་ཡང་ཚད་མེད་

པའི་སྐབས་ཀྱིས་ན། །ལུས་དང་ངག་དང་ཡིད་ཀྱི་ལས། །ཚད་མེད་པ་དང་ལྡན་པར་བཤད། །མི་གཡོ་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྩོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གྲུ་ཆེན་དཔེ་དང་ཆོས་མཐུན་པར། །མངོན་ཤེས་མྱུར་བའི་རྒྱུ་ཉིད་ཀྱི། །ཁྱད་པར་ཡོངས་སུ་བསྟན་

པའི་ཕྱིར། །ལྷུན་གྱིས་གྲུབ་པར་འབྱུང་བ་ཉིད། །གནས་པའི་ཁྱད་པར་ཐོབ་པ་ནི་དེ་ལྟ་བུ་ཡིན་ནོ། །སངས་རྒྱས་ཞིང་རྣམ་དག་རྣམས་ཀྱི། །རྒྱུ་ནི་རྣམ་པ་གསུམ་དུ་འདོད། །དབང་རྣམས་ཐོབ་པར་བྱ་བའི་ཕྱིར། །རྣམ་པ་གསུམ་གྱི་སྦྱོར་གང་ཡིན། །ཇི་ལྟ་ཞེ་ན། སྣོད་རྣམས་ལ་ནི་དབང་བ་

ཡི། །སྦྱོར་བ་དང་པོ་ཡིན་པར་བཤད། །སེམས་ཅན་འཇིག་རྟེན་དབང་བ་ཡི། །གཉིས་པ་ཡིན་པར་མངོན་པར་བརྗོད། །ཡེ་ཤེས་རྫོགས་པར་བྱང་ཆུབ་ལ། །དབང་བའི་གསུམ་པ་ཡིན་པར་བཤད། །དེ་ལ་སྣོད་ཀྱི་འཇིག་རྟེན་ལ། །དབང་བ་རྣམ་པ་ལྔར་བཤད་དེ། །གང་འདོད་པ་དང་ཅི་འདྲ་དང་། །

དུས་ནི་ཇི་སྲིད་འདོད་པ་ཡང་། །དེ་ཉིད་དེ་འདྲ་ཉིད་དང་ནི། །དུས་དེ་སྲིད་དུ་སྟོན་པ་དང་། །བསྡུས་དང་རྒྱས་པ་ཇི་ལྟ་བུར། །འདོད་པ་བཞིན་དུ་རབ་བྱེད་དང་། །ཇི་སྙེད་འདོད་པ་དེ་སྙེད་ནི། །བློ་དང་ལྡན་པར་སྟོན་པའོ། །དེ་ལ་འཇིག་རྟེན་ཁམས་རྣམས་ཀྱི། །འབྱུང་བ་ལ་སོགས་མཐོང་བ་དང་། །དེ་ནི་

เล่ม ๑๑๖ · หน้า 99a

རྣམ་པ་དང་པོ་ཡི། །སྦྱོར་བ་ཡིན་པར་བཤད་པ་ཡིན། །དེ་ལ་སྣོད་ཀྱི་འཇིག་རྟེན་ལ་དབང་བ་རྣམ་པ་ལྔར་བཤད་པ་དེའི་རྣམ་པ་དང་པོ་སྟེ། གང་འདོད་པ་དེ་ཀུན་དུ་སྟོན་པའམ་མི་སྣང་བར་བྱེད་པ་ཞེས་བྱ་བའི་རྣམ་པ་དེའི་སྦྱོར་བའོ། །འཇིག་རྟེན་གྱི་ཁམས་འབྱུང་བ་ལ་

ཡང་རྣམ་པར་དཔྱོད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་འདི་ནི་སྦྱོར་བ་ཡིན་ཏེ། སྦྱོར་བ་འདིས་གང་འདོད་པ་དེ་ཀུན་དུ་སྟོན་པའམ་མི་སྣང་བར་བྱེད་པ་ཞེས་བྱ་བ་འདི་འགྲུབ་པོ། །ལ་སོགས་པ་ནི་རྣམ་ཤེས་པ། །གཉིས་པ་ཡིན་ཞེས་བརྗོད་པ་ཡིན། །རྣམ་པ་གཉིས་པ་སྟེ། ཅི་འདྲ་བ་

འདོད་པ་དེ་འདྲ་བ་སྟོན་པ་ཞེས་བྱ་བ་འདིའི་སྦྱར་བ་ཡིན་ནོ། །ཇི་ལྟ་ཞེ་ན། ལ་སོགས་པ་གང་གིས་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །ལ་སྩོགས་པ་གང་གིས་འཇིག་རྟེན་འཆགས་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །དུས་ཇི་སྲིད་དུ་འཇིག་ལ་སོགས། །གསུམ་

པའི་ཡིན་པར་མངོན་པར་བརྗོད། །གསུམ་པ་སྟེ་དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྟོན་པ་ཞེས་བྱ་བ་དེའི་འོ། །ཇི་ལྟ་ཞེ་ན། དུས་ཇི་སྲིད་དུ་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། དེ་བཞིན་དུ་འཇིག་རྟེན་ཆགས་ནས་དུས་ཇི་སྲིད་ཅིག་ཏུ་གནས་པ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་

འབྱུང་བའི་ཕྱིར་རོ། །ས་ལ་སོགས་པ་ཆུང་ལ་སོགས། །ཡོངས་ཤེས་འདོད་པ་གང་ཡིན་ནས། །མི་ཡི་ལུས་ཀྱི་བར་དུ་ནི། །བཞི་པའི་སྦྱོར་བ་ཡིན་པར་འདོད། །བཞི་པ་སྟེ། བསྡུས་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ཅེས་བྱ་བ་འདིའོ། །ཇི་ལྟ་ཞེ་ན། དེ་སའི་ཁམས་ཆུང་བ་ཡང་རབ་ཏུ་

ཤེས་སོ་ཞེས་བྱ་བ་ནས། དེ་བཞིན་དུ་མིའི་ལུས་ཀྱི་གནས་ཀྱི་རྡུལ་བྱེ་བྲག་གི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །འདོད་པའི་ཁམས་ལ་སོགས་པ་ལ། །འཇིག་ལ་སོགས་པར་མཐོང་བ་ནས། །ཞིང་ལས་མི་གཡོའི་བར་གང་ཡིན། །འདི་

ནི་ལྔ་པའི་སྦྱོར་བ་ཡིན། །རྣམ་པ་ལྔ་པ་སྟེ། ཇི་སྙེད་འདོད་པ་དེ་སྙེད་སྟོན་པར་བྱེད་བྱ་བ་འདིའི་སྦྱོར་བ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་ཤེས་པ་ལ་ཞུགས་པ་དེ་འདོད་པའི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་

เล่ม ๑๑๖ · หน้า 99b

པ་རྣམས་དང་འཁོར་གྱི་དཀྱིལ་འཁོར་རྣམས་ན་ཡང་སྣང་བར་འགྱུར་བ་ཡིན་ནོ། ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆུང་བ་ནི་མཉམ་པར་མ་བཞག་པའི་ས་པའི་རྣམ་པར་ཤེས་པའི་ཡུལ་ཏེ། །སའི་ཁམས་ཆུང་བ་ཡང་ཞེས་འབྱུང་བའི་ཕྱིར་རོ། །ཆེན་པོར་གྱུར་པ་ནི་མཉམ་པར་གཞག་པའི་རྣམ་པར་

སྨིན་པའི་རྣམ་པར་ཤེས་པའི་ཡུལ་ཏེ། །རྒྱ་ཆེན་པོར་གྱུར་པ་ཡང་ཞེས་གསུངས་པ་གང་ཡིན་པའོ། །ཚད་མེད་པ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། །ཚད་མེད་པ་དང་ཞེས་གསུངས་པ་གང་ཡིན་པའོ། །ལུས་རགས་པ་དང་ཕྲ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་སེམས་ཅན་

རྣམས་ཀྱི་ལུས་ཏེ། །ལུས་རགས་པ་དང་ལུས་ཕྲ་བ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་པ་གང་ཡིན་པ་སྟེ། །གོ་རིམས་བཞིན་ནོ། །འདི་ཉིད་རང་དང་སྤྱིའི་མཚན་ཉིད་རྣམ་པར་དབྱེ་བའི་སྒོ་ནས་ལུས་རྣམ་པར་ཕྱེ་བ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་ན་མཚན་ཉིད་ཀྱིས་ཤེས་ན་རང་དང་སྤྱིའི་མཚན་ཉིད་

རྣམ་པར་དབྱེ་བའི་སྒོ་ནས་ཏེ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལུས་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ་དང་ལུས་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པ་ནི་རིགས་གཞན་དང་རང་གི་རིགས་ཀྱི་བྱེ་བྲག་གིས་རིག་པར་བྱའོ། །འཁོར་གྱི་དཀྱིལ་འཁོར་ན་སེམས་ཅན་ཅི་འདྲ་བ་དག་ཅིག་འཁོད་པ་

དེ་འདྲ་བ་དེ་ལྟ་བུའི་ལུས་སྟོན་པའོ། །རེ་ཞིག་སྣོད་ཀྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་ནི་དེ་ལྟ་བུ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེ་འགུགས་པ་ལ་དབང་བ་སྟེ་དེའི་སྦྱོར་བ་ནི། དེ་དག་དང་མཐུན་པའི་ལུས་དང་སེམས་སྟོན་པའོ། །ཇི་ལྟ་ཞེ་ན། དེ་

སེམས་ཅན་རྣམས་ཀྱི་ལུས་རྣམ་པར་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པའི་སྐུ་དང་ཁ་དོག་དང་གཟུགས་རྣམ་པར་དབྱེ་བ་ཀུན་དུ་སྟོན་ཏོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་ནི་དེ་ལྟ་བུ་ཡིན་ནོ། །ཡེ་ཤེས་མངོན་པར་

རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེ་ལ་དོན་དམ་ཡེ་ཤེས་དང་། །ཀུན་རྫོབ་ཤེས་པར་འདོད་པ་གང་། །ཡེ་ཤེས་མངོན་རྫོགས་བྱང་ཆུབ་ལ། །དབང་བའི་སྦྱོར་བ་ཉིད་ཡིན་ནོ། །དོན་དམ་ཡེ་ཤེས་གང་ཡིན་པ། །ལུས་སུ་རྣམ་རྟོག་བྲལ་བ་དང་། །མཚན་ཉིད་ནི་གཟུགས་

เล่ม ๑๑๖ · หน้า 100a

ཀྱི་ལུས་ཀྱིས་མངོན་པར་གསལ་བར་བྱེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གཟུགས་ཀྱི་གོ་འབྱེད་པའི་མཚན་ཉིད་ཡིན་པས་གཟུགས་ཀྱིས་དེ་མངོན་པའི་ཕྱིར་རོ། །འདི་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་

དབང་བའི་སྦྱོར་བ་གསུམ་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟར་རབ་ཏུ་སྦྱོར་བ་ན། །གནོད་པ་རྣམས་ཀྱི་གཉེན་པོ་ནི། །རྣམ་བཅུ་རྣམ་པར་གནས་པའི་ཕྱིར། །དབང་ནི་རྣམ་པ་བཅུ་ཐོབ་པོ། །འཆི་བའི་གནོད་པ་དེའི་གཉེན་པོར་འདི་ལྟར་ཚེ་ལ་དབང་བ་འཐོབ་

པོ་ཞེས་གསུངས་སོ། །ཇི་ལྟ་ཞེ་ན། དབང་དེ་ཉིད་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གཉིས་རབ་ཏུ་རྣམ་པར་འབྱེད་དེ། དེ་བཞིན་དུ་གཞན་ལ་ཡང་གཉིས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཡན་ལག་ཉིད་ཡིན་པར་ཤེས་པར་བྱའོ། །ཀུན་ནས་ཉོན་

མོངས་པའི་གནོད་པའི་གཉེན་པོར་སེམས་ལ་དབང་འཐོབ་བོ། །ལྷག་མ་ནི་སྦྱར་སླ་བ་ཉིད་པས་རྣམ་པར་མི་དབྱེའོ། །ཡེ་ཤེས་ཀྱིས་ནི་ཆེ་བ་ཉིད། །འདིར་ནི་མི་གནས་ལམ་ཉིད་ཡིན། །དོན་རྣམ་གསུམ་ནི་སྨོས་པའི་ཕྱིར། །དེ་ཉིད་ཡེ་ཤེས་བསམ་མི་ཁྱབ། །ཇི་ལྟ་ཞེ་ན། ཡེ་ཤེས་

བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཞེས་བྱ་བ་ནི་དགོད་པའི་ཚིག་གོ། །ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ནི་བསྒོམ་པ་ཁྱད་ཞུགས་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡེ་ཤེས་ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་ཤེས་བྱ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡེ་ཤེས་མི་འཕྲོགས་པ་ཞེས་བྱ་བ་ནི་མི་

མཐུན་པའི་ཕྱོགས་བསྩལ་བ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ལས་རྣམས་ཁ་ན་མ་ཐོ་མེད། །ཀུན་དུ་འབྱུང་ལ་སོགས་མཚན་ཉིད། །རྒྱུ་བཞི་དག་དང་ལྡན་པའི་ཕྱིར། །ལས་ཀྱི་ཆེ་བ་ཉིད་དུ་འདོད། །ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་

དུ་འབྱུང་བ་རབ་ཏུ་འབྱུང་ཞེས་བྱ་བ་ནི་ལས་ཀྱི་ཆེ་བ་ཉིད་དོ། །ཀུན་དུ་འབྱུང་བར་བྱེད་པ་དང་། །ཀུན་དུ་འབྱུང་བའི་དུས་ན་ཞེས་བྱ་བ་ནི། །ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་འབྱུང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབང་བྱེད་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་

เล่ม ๑๑๖ · หน้า 100b

པའི་ལམ་གྱིས་སོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ལམ་གྱིས་སོ། །བདག་དང་གཞན་གྱི་སྦྱོར་བའི་རྒྱུ་གཉིས་ཀྱིས་ཞེས་བྱ་བ་ལ་སྨོན་ལམ་གྱིས་ཤིན་ཏུ་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་བདག་གི་རྒྱུས་སོ། །དེ་བཞིན་

གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་གཞན་པའི་སྦྱོར་བའི་རྒྱུས་སོ། །སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་བྱ་བས་བྱ་བ་སྒྲུབ་པ་སྟེ་དེ་ལྟར་ན་ཁ་ན་མ་ཐོ་བ་ཤིན་ཏུ་མེད་

པ་ཉིད་རྒྱུ་བཞིས་ཡོངས་སུ་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཀུན་དུ་འབྱུང་བ་ཐམས་ཅད་དང་བྲལ་བའི་ཕྱིར་བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམ་པར་ཉམས་པའོ། །ལམ་དང་མི་འབྲལ་བའི་ཕྱིར་ལྷག་པའི་བསམ་པའི་སྟོབས་ལ་ཤིན་ཏུ་

གནས་པ་ཡིན་ཞེས་བྱ་བ་ནི་གཉེན་པོ་བརྟན་པའོ། །སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་བྱམས་པ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཏེ། དེ་ལྟ་བུ་ནི་སེམས་ཅན་ལ་ལྟ་བ་རྣམ་པ་གཉིས་

སོ། །བརྗེད་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་གཟུངས་ཀྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་བརྗེད་པ་མེད་པ་ཉིད་ཀྱི་ཡོན་ཏན་ནོ། །གཟུངས་ནི་ཡི་གེའི་གཟུངས་དང་། དོན་གྱི་གཟུངས་ཏེ་དེ་ལ་ཤིན་ཏུ་གནས་པའོ། །བརྗེད་པར་མི་འགྱུར་བས་ན་བརྗེད་པ་མེད་པ་ཉིད་ཀྱི་ཡོན་ཏན་ནོ། །སྤོབས་

པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ནོ། །ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པས་རྣམ་པར་དབྱེ་བ་ལ་མཁས་པའི་ཕྱིར་རོ། །དེ་ལྟར་ན་ཆོས་སྟོན་པ་ལ་སྤོབས་པ་མི་འདོར་བའི་ཕྱིར་སྤོབས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཏེ། ངག་ཕུན་སུམ་ཚོགས་

པའི་ཡོན་ཏན་ནོ། །མངོན་པར་ཤེས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སྤྱོད་པ་རྣམས་ཀྱི་རྣམ་པར་དབྱེ་བ་ཐ་དད་པ་ཉིད་ལ་མཁས་པའི་ཕྱིར་ཏེ། སེམས་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའི་བྱ་བ་

เล่ม ๑๑๖ · หน้า 101a

ཐམས་ཅད་མི་གཏོང་བའི་ཕྱིར་སྨོན་ལམ་གྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཏེ། རྒྱུའི་ཡོན་ཏན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ན་ཕ་རོལ་ཏུ་ཕྱིན་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་པས་སྦྱོར་བའི་ཡོན་ཏན་ནོ། །རྣམ་པ་ཐམས་ཅད་ཀུན་དུ་

མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་གང་ཡིན་པ་དེ་ལ་ཤིན་ཏུ་གནས་པ་ཡིན་པས་ཉེ་བར་སྒྲུབ་པའི་ཡོན་ཏན་ནོ། །བྱ་བ་ཐམས་ཅད་ཀྱང་ཀུན་དུ་སྟོན་ལ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉོན་མོངས་པས་ཐེག་པ་རྣམས་ཀྱི་བྱ་བ་ཇི་ལྟ་བུ་

ཀུན་དུ་སྤྱད་པ་དང་། ཀུན་དུ་སྤྱོད་པ་ལྟར་བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ན་བཞིན་དུ་ཀུན་དུ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ས་འོག་མ་པའི་མངོན་པར་འདུ་བྱེད་པའི་གཉེན་པོར་མི་གཡོ་བ་ཡིན་ཏེ་མི་འཕྲོགས་པའི་ཕྱིར་རོ། །ཐེག་པ་དམན་པར་སྨོན་ལམ་འདེབས་པ་དང་། བདུད་

ཀྱི་ལས་དང་ཉོན་མོངས་པ་ཀུན་དུ་འབྱུང་བའི་གཉེན་པོར་མི་ལྡོག་པ་ཡིན་ཏེ། ཡེ་ཤེས་མི་བཟློག་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བའི་ཉོན་མོངས་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཉེ་བའི་ཉོན་མོངས་པའི་གཉེན་པོའོ། །ཟབ་པ་ཉིད་ནི་རྙེད་པར་དཀའ་བའོ། །སྤྱོད་པ་རྣམ་པར་དག་པ་ནི་གཞོན་ནུའི་

སའོ། །གནས་པ་རྣམ་པར་དག་པ་ནི་སྐྱེ་བའི་སའོ། །འཇིག་རྟེན་པའི་འདུས་བྱས་རྣམ་པར་དག་པའི་ཁྱད་པར་ནི་ཡོངས་སུ་གྲུབ་པའི་སའོ། །འཇིག་རྟེན་ལས་འདས་པའི་དེ་བཞིན་མཉམ་པ་ཉིད་ཐོབ་པ་དང་། རྣམ་པ་གཉིས་སུ་རབ་ཏུ་བསྟན། །འདིས་ནི་ཉན་ཐོས་དང་རང་སངས་

རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་དོན་དམ་པའི་ཡེ་ཤེས་བཤད་པ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་ལུས་མཉམ་པ་ཉིད་ཐོབ་པས་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་ལུས་ལ་སོགས་ཤེས་པ། །ཀུན་རྫོབ་ཤེས་པར་འདོད་པ་ཡིན། །ཇི་ལྟ་

ཞེ་ན། དེ་སེམས་ཅན་གྱི་ལུས་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་བཅུ་ཚན་འདིས་བསྟན་ཏོ། །ཤེས་བྱ་རྣམ་གསུམ་རྣམ་གཞག་པས། །དེ་ནི་རྣམ་པ་བཅུར་དབྱེའོ། །སེམས་ཅན་གྱི་ལུས་ཀྱང་རབ་ཏུ་ཤེས་སོ། །ཞིང་གི་ལུས་དང་ཞེས་བྱ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་།

เล่ม ๑๑๖ · หน้า 101b

ལས་རྣམ་པར་སྨིན་པའི་ལུས་དང་ཞེས་བྱ་བ་དེ་སྐྱེ་བའི་རྒྱུའི་ལས་ཀྱིས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་ཐེག་པ་གསུམ་རྣམ་པར་གཞག་པའི་ཕྱིར། རྣམ་པར་བྱང་

བའི་ཕྱོགས་ནི་ཚིག་བཞིས་བསྟན་ཏོ། །ཐེག་པ་གསུམ་པོ་དེ་ཡང་ཡེ་ཤེས་ཀྱི་ལུས་དང་ཞེས་བྱ་བ་ཡེ་ཤེས་གང་དང་། ཆོས་ཀྱི་ལུས་དང་ཞེས་འབྱུང་བའི་ཕྱིར་ཆོས་གང་གིས་རབ་ཏུ་ཕྱེ་བའོ། །ནམ་མཁའི་ལུས་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གཉི་ག་མ་ཡིན་པའི་ཕྱོགས་སོ། །སྣོད་ཀྱི་

འཇིག་རྟེན་ལ་དབང་བ་ནས། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་བར་གྱི་དབང་དེ་དང་། དེ་ལ་བྱ་བ་སྒྲུབ་པའི་སྦྱོར་བ་མཚུངས་པ་ཉིད་ཡོངས་སུ་བསྟན་ཏེ། །འབྲས་བུ་སྒྲུབ་པའི་སྦྱོར་བ་མཚུངས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་ལུས་རྣམས་ལ་ལས་ཀྱི་

ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་ལས་ཀྱི་ལུས་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་རྣམ་པར་སྨིན་པའི་ལུས་ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་ཉོན་མོངས་པའི་ལུས་ཉིད་ཅེས་བྱ་བ་ཡིན་ཞེས་

བྱ་བའོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་བྱེ་བྲག་ནི་གཟུགས་ཀྱི་ལུས་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆུང་ངུ་ཉིད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་གོ། །རྒྱ་ཆེན་པོར་གྱུར་པ་ཉིད་ཅེས་བྱ་བ་ནི་སྟོང་གཉིས་པའི་བྱེ་བྲག་གོ། །ཚད་མེད་པ་ཉིད་ཅེས་

བྱ་བ་ནི་སྟོང་གསུམ་གྱི་བྱེ་བྲག་གོ། །ཀུན་ནས་ཉོན་མོངས་པ་ཉིད་དང་རྣམ་པར་དག་པ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་གོ། །རྣམ་པར་དབྱེ་བ་སྨོས་པ་ནི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་དབྱེ་བ་བཤད་པ་ཡིན་ནོ། །

བརྡ་སྨོས་པ་ནི་བརྡ་ཙམ་ཉིད་དེ་ཐ་སྙད་ཙམ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གང་ཟག་མེད་པས་ཏེ། སློབ་དཔོན་གྱིས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་དང་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་བཞིན་དུ་རྣམ་པར་ཕྱེ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ལ་ཇི་ལྟར་མངོན་

เล่ม ๑๑๖ · หน้า 102a

པར་རྫོགས་པར་བྱང་ཆུབ་པ་སྟོན་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དགའ་ལྡན་དུ་སྐྱེས་པ་ནི་སྨོན་ལམ་གྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །སྤྲུལ་པ་གང་ཡིན་པ་ནི་སྤྲུལ་པའི་སྐུ་ཉིད་

ཅེས་བྱ་བ་ཡིན་ནོ། །རང་གི་སྐུ་གདུང་གི་རིང་བསྲེལ་བྱིན་གྱིས་བརླབས་པ་གང་དག་ཡིན་པ་ནི་བྱིན་གྱི་རླབས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །རྣམ་པར་སྨིན་པའི་སྐུ་གང་ཡིན་པ་ནི་གཟུགས་དང་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །འོད་ཟེར་གང་གིས་ནི་འོད་ཀྱི་སྐུ་ཉིད་ཅེས་

བྱ་བ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྣམ་པར་གྲོལ་བ་ཐུན་མོང་བ་གང་ཡིན་པ་ནི་ཉིད་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །མངོན་པར་མཐོ་བའི་རྒྱུ་ཐུན་མོང་མ་ཡིན་པ་གང་ཡིན་པ་ནི་བསོད་ནམས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་

ཟག་པ་མེད་པའི་ཁམས་གང་ཡིན་པ་ནི་ཆོས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །ཆགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཅེས་བྱ་བ་ཡིན་ནོ། །ཤེས་པའི་ལུས་རྣམས་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་བྱེ་བྲག་ནི་ཤེས་པའི་ལུས་རྣམས་ཀྱི་ཤིན་ཏུ་དཔྱད་པ་ཉིད་

ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་པའི་བྱེ་བྲག་ནི་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པ་ཉིད་ཅེས་བྱ་བ་ཡིན་ནོ། །འབྲས་བུ་དང་ཞུགས་པའི་བྱེ་བྲག་ནི་འབྲས་བུ་དང་སྦྱོར་བས་བསྡུས་པ་ཉིད་ཅེས་བྱ་བ་ཡིན་ནོ། །འཇིག་རྟེན་པ་ལ་སོགས་པའི་བྱེ་བྲག་

ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པར་དབྱེ་བ་ཉིད་ཅེས་བྱ་བ་ནས་དེ་བཞིན་དུ་སློབ་པ་དང་མི་སློབ་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་ལུས་རྣམས་ལ་ཆོས་ཉིད་གཅིག་པས་བརྗོད་

པ་ནི་ཆོས་ཀྱི་ལུས་རྣམས་ཀྱི་མཉམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཇི་སྐད་ཐོས་པ་བཞིན་དུ་འཛིན་པ་ནི་མི་འཁྲུགས་པ་ཉིད་ཅེས་བྱ་བ་ཡིན་ནོ། །གདུལ་བྱ་རྣམས་ཀྱི་དབང་པོ་ལ་སོགས་པའི་གནས་སྐབས་དང་མཐུན་པའི་འདུ་ཤེས་དང་འཆད་པ་རྣམ་པར་གཞག་པའི་གནས་སྐབས་དང་

เล่ม ๑๑๖ · หน้า 102b

བརྡ་ཀུན་རྫོབ་ཏུ་རྣམ་པར་གཞག་པ་ཉིད་ཅེས་བྱ་བ་ཡིན་ནོ། །དབང་པོ་དང་བཅས་པ་དང་དབང་པོ་མེད་པའི་མཚན་ཉིད་རྣམ་པར་གཞག་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཆོས་རྣམ་པར་གཞག་པ་ཉིད་ཅེས་བྱ་བ་ཡིན་ནོ། །མཆོག་གི་མཚན་ཉིད་རྣམ་པར་གཞག་པ་

རབ་ཏུ་ཤེས་པ་སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་རྣམ་པར་གཞག་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །ནམ་མཁའི་ལུས་རྣམས་ལ་མཐའ་ཡས་པའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ནམ་མཁའི་ལུས་རྣམས་ཀྱི་ཚད་མེད་པ་ཉིད་ཀྱང་

རབ་ཏུ་ཤེས་སོ་ཞེས་བྱ་བ་ཡིན་ནོ། །ཁྱབ་པའི་མཚན་ཉིད་ནི་ཐམས་ཅད་དུ་སོང་བ་ཉིད་ཅེས་བྱ་བ་ཡིན་ནོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་མཚན་ཉིད་ནི་ལུས་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །འདུས་མ་བྱས་པའི་མཚན་ཉིད་ནི་ནོར་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །རང་གི་

འདུས་བྱས་རྣམ་པར་དག་པའི་ཁྱད་པར་ནི་ཡོངས་ཀྱི་མཐར་ཐུག་པའི་སའོ། །དེ་གཉི་གའི་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་བཤད་མ་ཐག་པའི་འབྲས་བུ་འདུས་མ་བྱས་དང་བྲལ་བ་ཞེས་བྱ་བ་གང་ཡིན་པ་དེ་རྣམ་པར་དག་པའི་ཁྱད་པར་ཏེ་མྱ་ངན་ལས་འདས་པའི་སའོ། །ཁྱད་པར་ནི་མི་

གནས་པ་ཉིད་ཡིན་པས་སློབ་དཔོན་ཉིད་ཀྱིས་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ས་དྲུག་པ་ལ་ཁྱད་ཞུགས་པ་ནི་བརྟན་པའི་ས་ཞེས་བྱ་སྟེ། ས་དྲུག་པ་ལ་བྱང་ཆུབ་སེམས་དཔའ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྔོན་དུ་གྱུར་པས་མངོན་པར་འདུ་

བྱེད་པ་མེད་པ་ལ་མངོན་པར་དགའ་བ་ཐོབ་པ་གང་ཡིན་པ་དེ་ས་བདུན་པ་ལ་འཇུག་པའི་ཚེ་སྤོང་བས་དེ་འཁྲུགས་པ་ཡིན་ནོ། །འདིའི་མཚན་མ་མེད་པ་ཀུན་དུ་འབྱུང་བ་གང་ཡིན་པ་དེ་ནི་དེ་ལྟར་ས་དགུ་པ་ལ་འཇུག་པས་སྤངས་ཏེ་འཁྲུགས་པ་མ་ཡིན་གྱི། འོན་ཀྱང་མཚན་མ་མེད་པ་ཀུན་དུ་འབྱུང་བ་མ་སྤངས་

པ་ཁོ་ནར་ས་དགུ་པ་ཐོབ་པའི་ཕྱིར་རོ། །བདུན་པ་ཡང་འབད་པ་དང་བཅས་པ་ཡིན་ནོ། །འདི་ནི་སྔོན་གྱི་མཐའ་མངོན་པར་བསྒྲུབས་པས་ལྷུན་གྱིས་གྲུབ་པའི་ས་ཞེས་བྱ་སྟེ། ས་འདི་ལ་ནི་སྔོན་མངོན་པར་བསྒྲུབས་ཟིན་པ་ཉིད་པས་ཐམས་ཅད་ལྷུན་གྱིས་གྲུབ་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སའི་

เล่ม ๑๑๖ · หน้า 103a

ཁྱད་པར་ནི་དེ་ལྟ་བུ་ཡིན་ནོ། །གང་ཟག་གིས་ནི་བྱས་པ་ཡི། །ངེས་ཚིག་བློ་དང་ལྡན་པ་དེ། །དོན་གང་གིས་ནི་མི་གཡོ་བའི། །ས་འཐོབ་བསྟན་པས་དེ་བཤད་དོ། །གཅིག་ཏུ་མི་གཡོ་ཉིད་དང་ནི། །གཅིག་ཏུ་ཉིད་ལས་མི་གཡོ་དང་། །རྒྱུ་གཉིས་དག་གིས་ངེས་པའི་ཚིག །

རྣམ་པར་གཞག་པར་བཤད་པ་ཡིན། །མི་གཡོ་བ་རྣམ་པ་འདི་གཉི་ག་ཡང་སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སོང་བའི་རྒྱུར་འགྱུར་རོ། །ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སོང་བ་ཞེས་འབྱུང་བའི་ཕྱིར་རོ། །ཡོན་ཏན་ཡོངས་སུ་འཛིན་པ་སངས་རྒྱས་ཀྱི་ཡོན་ཏན་ཤིན་ཏུ་སྣང་བར་གྱུར་པ་ཞེས་

འབྱུང་བའི་ཕྱིར་རོ། །སྒྲུབ་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ལམ་དང་སྤྱོད་པའི་སྤྱད་པའི་རྗེས་སུ་སོང་བ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་བ་ནི་སངས་རྒྱས་ཀྱི་ཡུལ་མངོན་དུ་གྱུར་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གཅིག་ཏུ་མི་གཡོ་བ། །རྟག་ཏུ་དེ་བཞིན་གཤེགས་རྣམས་ཀྱིས། །ལེགས་པར་

བྱིན་བརླབས་ལས་ཤེས་བྱ། །ཡོན་ཏན་ལྔ་པོའི་དབང་དུ་བྱས། །རྟག་པར་རྒྱུན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །མཆོད་པའི་ཡོན་ཏན་ནི་བརྒྱ་བྱིན་ལ་སོགས་པས་བསྡུ་བའི་ཕྱིར་རོ། །ཀུན་དུ་བསྲུང་བའི་ཡོན་ཏན་ནི་

ལག་ན་རྡོ་རྗེ་རྣམས་ཕྱི་བཞིན་འབྲང་བའི་ཕྱིར་རོ། །རྟེན་གྱི་ཡོན་ཏན་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་བཏང་བའི་ཕྱིར་རོ། །ཞིང་ཡོངས་སུ་དག་པའི་ཡོན་ཏན་ནི་ཞིང་གི་ལུས་རྣམས་ཀྱི་རྣམ་པར་དབྱེ་བ་ཚད་མེད་པ་མངོན་པར་བསྒྲུབ་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་

ཡོན་ཏན་ནི་དེ་ཡང་རྣམ་པ་ལྔས་རབ་ཏུ་དབྱེ་སྟེ། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ནི་ལུས་ཐམས་ཅད་མངོན་པར་འགྲུབ་པའི་སྤྱོད་པའི་སྟོབས་གང་ཡིན་པ་དེ་དང་ལྡན་པའི་ཕྱིར་རོ། །དབང་པོ་དང་བསམ་པ་དང་བག་ལ་ཉལ་ཤེས་པར་ནུས་པ་ནི་མངོན་པར་ཤེས་པ་ཆེན་པོའི་རྣམ་

པར་སྨིན་པ་ཡོངས་སུ་གྲུབ་པས་སོ། །ཆོས་ཀྱི་ཚུལ་ལ་གཟུད་པའི་ཕྱིར་ཆོས་མཐའ་ཡས་པ་རྣམས་འཛིན་ནུས་པ་ནི་ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་བྱེད་པའི་ཕྱིར་རོ། །ལེན་པར་ནུས་པ་ནི་ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ནོད་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །སྟོན་པའི་

เล่ม ๑๑๖ · หน้า 103b

ནུས་པ་ནི་འགྲོ་བ་ཇི་ལྟར་སྨིན་པ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལ་ཐེག་ཆེན་ལ་ཞུགས་པས། །གཅིག་པ་ཉིད་ལས་མི་གཡོ་བ། །དཀྱིལ་འཁོར་དོན་ནི་མི་ཕྱེད་དོན། །རྣམ་པ་དགུ་ཡིས་རབ་ཏུ་བསྟན། །ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་

པ་ཞེས་འབྱུང་བའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ཡེ་ཤེས་མི་ཕྱེད་པ་ཡིན་ནོ། །རྟག་པར་རྒྱུན་དུ་ཤེས་རབ་ཀྱི་སྣང་བའི་འོད་ཟེར་རབ་ཏུ་གཏོང་བ་ཞེས་བྱ་བ་ནི་བཤད་པ་མི་ཕྱེད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆགས་པ་

མེད་པའི་ལམ་དུ་ཞུགས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་མི་ཕྱེད་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ལས་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ནི་ཞིང་ཡོངས་སུ་དག་པ་མི་ཕྱེད་པ་ཡིན་ནོ། །ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་འཇུག་

པ་མི་ཕྱེད་པ་ཡིན་ནོ། །རང་གི་སེམས་བསྐྱེད་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་མི་ཕྱེད་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཤིན་ཏུ་རྟོགས་པའི་ཡེ་ཤེས་ཅན་ཞེས་བྱ་བ་ནི་དྲི་བ་ལན་འདེབས་པར་ནུས་པ་མི་ཕྱེད་པ་ཡིན་ནོ། །བདུད་ཀྱི་ལམ་ཐམས་ཅད་ཀྱི་འཇུག་པ་

དང་ལྡོག་པ་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་མི་ཕྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡུལ་དང་སྤྱོད་ཡུལ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་མི་ཕྱེད་པའོ། །དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་

བཀུར་བྱེད་ཅིང་ཞེས་བྱ་བ་ནི་ལམ་ཆེས་ཁྱད་པར་དུ་འཕགས་པ་མ་ཉན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པའི་དགོས་པ་བསྟན་པའོ། །དཔེར་ན་གསེར་གྱི་ས་ལེ་སྦྲམ་ཟིན་པར་བྱས་ཏེ། འཛམ་བུ་གླིང་གི་བདག་པོའི་མགུལ་

ལམ་མགོ་ལ་བཏགས་ན་རྟེན་ཁྱད་པར་དུ་འཕགས་པའི་ཕྱིར་ཟིལ་གྱིས་མི་ནོན་པར་འགྱུར་བ་དེ་བཞིན་དུ་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱང་ཟིལ་གྱིས་མི་ནོན་པར་འགྱུར་རོ། །ས་འདི་རྒྱུ་ནི་བཞི་དག་གིས། །རྣམ་པར་གཞག་པར་འདོད་པ་སྟེ། །སྨྲ་བ་

เล่ม ๑๑๖ · หน้า 104a

པོ་ཡི་རྩོལ་བ་རྣམས། །ཕུན་ཚོགས་གཞག་པ་དང་པོ་ཡིན། །གཉིས་པ་བཤད་པའི་དབང་བྱས་ནས། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན། །སྤྱོད་པ་ལ་འཇུག་གསུམ་པ་སྟེ། །བཞི་པ་བཤད་པ་རྣམས་ཀྱི་ཕྱིར། །བརྒྱད་པ་ལ་ནི་ཡེ་ཤེས་ཀྱི། །ལས་མངོན་

བསྒྲུབས་པས་ཞིང་སྦྱང་བ། །བསྒྲུབས་ནས་ས་ནི་དགུ་པ་ལ། །སེམས་ཅན་དོན་བྱ་རྣམས་ལ་སྦྱོང་། །གཞན་གྱི་དོན་ནི་གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པའི་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པའོ། །ཇི་ལྟ་ཞེ་ན། དེ་ལྟར་ཡེ་ཤེས་ཚད་མེད་པས་རྣམ་པར་དཔྱད་པའི་བློས་

ཡང་རྣམ་པར་ཐར་པ་ཞི་བ་གོང་མ་རྣམས་ཤེས་པར་བྱེད་ཅེས་བྱ་བ་འབྱུང་བའི་ཕྱིར་རོ། །བདག་གི་དོན་ནི་སངས་རྒྱས་ཀྱི་ཡེ་ཤེས་མཐོང་བའི་དབང་དུ་བྱས་པ་སྟེ། ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་གོང་མ་མ་རྫོགས་པ་ལ་རྣམ་པར་སྤྱོད་ཅེས་འབྱུང་བའི་ཕྱིར་རོ། །གཅིག་གིས་ན་དེ་ལྟ་

བུ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་བ་རྗེས་སུ་འཇུག་པར་བྱ་བ་འཇུག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་དག་གི་དབང་དུ་བྱས་པའོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཉིད་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི། ཚུལ་བཞིན་མ་ཡིན་པ་སེམས་པ་ལ་སྦྱོར་

བའི་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པའོ། །གཟུངས་དང་ཏིང་ངེ་འཛིན་རབ་ཏུ་རྣམ་པར་འབྱེད་པ་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་མི་ཤེས་པ་དག་ཆོས་ཀྱི་ཚུལ་བསྟན་པས་ཤེས་པར་བྱ་བ་རྣམས་ཀྱི་དབང་དུ་བྱས་པའོ། །མངོན་པར་ཤེས་པ་རྒྱ་ཆེན་པོ་མངོན་པར་སྒྲུབ་ཅེས་བྱ་བ་ནི། སྐྱབས་ངན་

པར་ཞུགས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། མངོན་པར་ཤེས་པ་རྣམས་ཀྱིས་དད་པར་བྱས་ནས། སྐྱབས་ངན་པ་ལས་ཟློག་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་ཤེས་པར་བྱེད་ཅེས་བྱ་བ་ནི། མཐོ་རིས་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། ཞིང་ཁོ་ན་ལ་དེ་ལྟ་བུའི་

ཡོངས་སུ་དག་པ་ཀུན་དུ་བསྟན་ནས་མཐོ་རིས་ལ་མོས་པ་ཟློག་པར་བྱེད་དོ། །ལྔ་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མི་འཕྲོགས་པ་ཡོངས་སུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་བཞིན་གཤེགས་པའི་

เล่ม ๑๑๖ · หน้า 104b

ཆོས་ཀྱི་འཁོར་ལོ་བསྐོར་བ་ཁྱུ་མཆོག་ཏུ་གྱུར་པའི་རྗེས་སུ་འཇུག་ཅེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་འཐོབ་པ་མི་འདོར་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། སེམས་ཅན་ལ་ལྟ་བ་དང་བཅས་པས་སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་འཐོབ་པ་

དང་། མི་འདོར་བར་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཀུན་དུ་སྟོན་པར་བྱེད་དོ། །གསུམ་གྱིས་ནི་དེ་ལྟ་བུ་ཡིན་ནོ། །ཡེ་ཤེས་ཤེས་བྱ་རྣམ་བྱང་སྩོགས། །གོང་མ་གོང་མའི་ཁྱད་པར་གྱིས། །རྣམ་པ་བཅུར་ནི་རབ་བསྟན་ནས། །བཤད་པ་ཡིན་པར་རྣམ་ཤེས་བྱ། །དགེ་བ་

དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་མངོན་པར་འདུ་བྱ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་དང་། གཉི་ག་མ་ཡིན་པའི་ཆོས་རྣམས་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡིན་ནོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་

ཆོས་མངོན་པར་འདུ་བྱ་བ་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཏུ་རབ་ཏུ་ཤེས་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་མངོན་པར་འདུ་བྱེད་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་བྱ་བ་ནི་ཟག་པ་མེད་པ་རྣམས་ཀྱང་འཇིག་

རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ཏུ་རབ་ཏུ་ཤེས་སོ། །བསམ་གྱིས་མི་ཁྱབ་པ་དང་བསམ་གྱིས་མི་ཁྱབ་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་བྱ་བ་དེ་དེ་རྣམས་ཀྱང་བསམ་དུ་ཡོད་པ་དང་བསམ་གྱིས་མི་ལང་བ་དག་ཏུ་རབ་ཏུ་ཤེས་པའོ། །ངེས་པ་དང་མ་ངེས་པའི་ཆོས་མངོན་པར་འདུ་

བྱ་བ་ཞེས་བྱ་བ་ནི་བསམ་དུ་ཡོད་པ་རྣམས་ཀྱང་ངེས་པ་དང་མ་ངེས་པ་དག་ཏུ་རབ་ཏུ་ཤེས་པའོ། །ངེས་པ་དང་མ་ངེས་པ་དེ་རྣམས་ཀྱང་ཐེག་པ་གསུམ་པོ་དག་ལ་རབ་ཏུ་ཤེས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདུས་བྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་དང་། འདུས་མ་བྱས་ཀྱི་ཆོས་

མངོན་པར་འདུ་བྱ་བ་ཡང་ཞེས་བྱ་བ་ནི་ཐེག་པ་གསུམ་པའི་ཆོས་དེ་དག་ཀྱང་ལམ་དང་གནས་གྱུར་པས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་དག་ཏུ་རབ་ཏུ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཐིབས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་

เล่ม ๑๑๖ · หน้า 105a

འདིས་ནི་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པའི་རྟེན་སེམས་བསྟན་ཏོ། །ཉོན་མོངས་པའི་རྒྱུ་བ་ཐིབས་པོ་ཞེས་བྱ་བ་ནི་སེམས་ལ་བརྟེན་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་ཏོ། །ལས་ཀྱི་རྒྱུ་བ་ཐིབས་པོ་ཞེས་བྱ་བ་འདིས་ནི་སེམས་ལ་

བརྟེན་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྟན་ཏོ། །སྐྱེ་བའི་ཀུན་ནས་ཉོན་མོངས་ལས། །བརྩམས་ཏེ་དབང་སོགས་རིམ་པ་ཡིས། །ཀུན་ནས་ཉོན་མོངས་རྣམ་བྱང་བར། །ངེས་དང་མ་ངེས་གནས་སྐབས་ཡིན། །མོས་པ་ལ་སོགས་པ་ནི་དབང་པོ་ལ་སོགས་པ་དང་མཐུན་པའི་ཕྱིར་ཞེས་

བྱ་བ་ནི་དབང་པོའི་རྒྱུའི་ཐིབས་པོ་དང་ཞེས་བྱ་བ་ནས་བཟུང་སྟེ། ཕུང་པོ་གསུམ་དུ་རྣམ་པར་གནས་པའི་རྒྱུ་བ་ཐིབས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པས་དབང་པོ་དག་ཅི་འདྲ་བར་

འགྱུར་བ། མོས་པ་རྣམས་ཀྱང་དེ་ཁོ་ན་འདྲ་བར་འགྱུར་ཏེ། ཁམས་ལ་སོགས་པ་ནས། ཕུང་པོ་གསུམ་དུ་རྣམ་པར་གནས་པ་ལ་ཐུག་པའི་བར་དུ་ཡང་དེ་དང་འདྲ་བར་བརྗོད་དོ། །མང་པོ་གང་ཡིན་པ་དེ་ནི་ཐིབས་པོ་ཡིན་ནོ། །ཤེས་པར་མི་ནུས་པའི་དོན་ནི་གཏིང་

དཔག་དཀའ་བའི་ཕྱིར་རོ། །སེམས་ཅན་རྒྱུ་བ་ཐིབས་པོ་ཞེས་བྱ་བ་ནི་དེ་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་ཐ་དད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་རྣམ་པ་སྣ་ཚོགས་པ་ཉིད་ཅེས་བྱ་བ་ནི་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་སོ། །སེམས་

སྐད་ཅིག་གཅིག་ཏུ་འགྱུར་བ་དང་འཇིག་པ་དང་མི་འཇིག་པ་ཉིད་ཅེས་བྱ་བ་ནི་འགྱུར་བའི་མཚན་ཉིད་ཀྱིས་སོ། །སེམས་ལུས་མེད་པ་ཉིད་ཅེས་དོན་དམ་པའི་མཚན་ཉིད་ཀྱིས་སོ། །སེམས་མཐའ་ཡས་ཤིང་ཐམས་ཅད་དུ་མང་བ་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་སོ། །སེམས་

འོད་གསལ་བ་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་མཚན་ཉིད་ཀྱིས་སོ། །སེམས་ཀུན་ནས་ཉོན་མོངས་པ་དང་བཅས་པ་དང་ཉོན་མོངས་པ་མེད་པ་ཉིད་ཅེས་བྱ་བ་ནི་ཀུན་ནས་དཀྲིས་པ་དང་བཅས་པ་དང་ཀུན་ནས་དཀྲིས་པ་མེད་པའི་མཚན་ཉིད་ཀྱིས་

เล่ม ๑๑๖ · หน้า 105b

སོ། །སེམས་བཅིངས་པ་དང་རྣམ་པར་ཐར་པ་ཉིད་ཅེས་བྱ་བ་ནི་བག་ལ་ཉལ་དང་བཅས་པ་དང་། བག་ལ་ཉལ་བ་མེད་པའི་མཚན་ཉིད་ཀྱིས་སོ། །རྒྱུའི་མཚན་ཉིད་ཀྱིས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྐྱེ་བ་ནི་སེམས་སྒྱུ་མ་ལྟ་བུར་རྣམ་པར་བསྒྲུབ་པ་ཉིད་ཅེས་

འབྱུང་བའི་ཕྱིར་རོ། །དེ་མ་ཡིན་པའི་སེམས་ཅན་རྣམས་རང་གི་ལས་དག་གིས་སྐྱེ་བ་ནི་སེམས་འགྲོ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །རིང་དུ་སོང་བ་ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་སྲིད་པའི་རྩེ་མོའི་བར་དུ་རྗེས་སུ་འབྲེལ་པའི་ཕྱིར་ཏེ། ཉོན་

མོངས་པ་རྣམས་རིང་དུ་སོང་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཤེས་པར་དཀའ་བ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་ལ་སྦྱོར་བ་མཐའ་ཡས་པ་ཚད་མི་རྟོགས་པ་རྣམས་མངོན་དུ་འགྱུར་བའི་ཕྱིར་ཏེ། སྦྱོར་བ་མཐའ་ཡས་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཉོན་མོངས་

པ་དང་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་བྱེད་པ་ཇི་ལྟར་ཞེས་བྱ་བ་ནི་གཅིག་གི་གྲོགས་སུ་གཅིག་གྱུར་པས་གཅིག་གིས་གཅིག་བསྐྱེད་པ་ནི་ལྷན་ཅིག་སྐྱེས་ཤིང་མི་འབྲལ་བ་ཉིད་ཅེས་འབྱུང་བའི་ཕྱིར་ཏེ། ཉོན་མོངས་པ་དང་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་

མོངས་པ་རྣམས་གཅིག་གི་གྲོགས་སུ་གཅིག་གྱུར་པར་འཇུག་པ་ན་ཕན་ཚུན་སྐྱེད་པར་བྱེད་པ་དག་ཡིན་ནོ། །དེ་ཡོད་ན་ཞེས་བྱ་བ་ནི་བག་ལ་ཉལ་ཡོད་ནའོ། །དེ་ལས་མི་འགྲོལ་བའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་ལས་མི་འགྲོལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བག་ལ་ཉལ་དང་ཀུན་

ནས་དཀྲིས་པ་དོན་གཅིག་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །གང་བཅིངས་པ་ཞེས་བྱ་བ་ནི་སེམས་ཏེ་སེམས་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གལ་ཏེ་སེམས་དེ་བར་སྐབས་སུ་ཉོན་མོངས་པ་རྣམས་ཀྱིས་མ་བཅིངས་ན་ཐར་བའི་

སྐབས་ཡོད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་མཚུངས་པར་ལྡན་པ་མ་ཡིན་པ་སྨོས་སོ། །ལུས་ཀྱི་འགྲོ་བས་ནི་སྐྱེ་བའི་མཚམས་སྦྱོར་བར་འགྲོ་བས་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཁམས་ཀྱི་དབྱེ་བ་ནི་ཁམས་གསུམ་པ་རྣམ་

เล่ม ๑๑๖ · หน้า 106a

པར་ཕྱེ་བ་ཉིད་ཅེས་བྱ་བ་ཡིན་ནོ། །སྲེད་པ་དང་མ་རིག་པ་དང་ལྟ་བའི་ཟུག་རྔུ་ཁ་ན་མ་ཐོ་བ་ཆེན་པོ་ཉིད་ཅེས་བྱ་བ་ནི་རྒྱུས་ཏེ་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་འཆད་པ་ཞེས་བྱ་བ་ལ་

ཕྱོགས་གསུམ་པོ་འདོད་པས་ལོངས་སྤྱོད་པའི་ཕྱོགས་དེའི་གཞི་ནི་སྲིད་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །སྡོམ་པ་མེད་པའི་ཕྱོགས་དེའི་གཞི་ནི་མ་རིག་པའོ། །མུ་སྟེགས་ཅན་གྱི་ཕྱོགས་དེའི་གཞི་ནི་ལྟ་བ་དང་ང་རྒྱལ་ཏེ་གཞི་འདི་རྒྱུན་མི་འཆད་པའི་ཕྱིར་རོ། །ཕྱོགས་གསུམ་པོ་དག་ལ་

ཐར་པའི་བར་དུ་གཅོད་པའི་ལས་ཀྱི་རྒྱུ་ཡིན་པའི་ཕྱིར་དང་ལུས་དང་ངག་དང་ཡིད་ཀྱི་ལས་འཁོར་བ་དང་མཐུན་པ་ཚད་མེད་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་བྱེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །འགྲོ་བའི་རྒྱུ་ཉིད་རབ་ཏུ་དབྱེ་བས་ནི། དེ་ལས་དེ་དགེ་བ་

དང་མི་དགེ་བ་དང་ལུང་དུ་མི་སྟོན་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ་ཞེས་འབྱུང་བའི་ཕྱིར་ཏེ། དགེ་བ་དང་མི་དགེ་བ་དག་ནི་བདེ་འགྲོ་དང་ངན་འགྲོའི་རྒྱུ་ཉིད་ཡིན་པའི་ཕྱིར་འགྲོ་བའི་རྒྱུ་ཉིད་ཡིན་ནོ། །བསམས་པ་ནི་ལུས་ངག་གི་ལས་དག་སྟེ། དེ་གཉིས་ཀྱིས་སེམས་

པ་རྣམ་པར་རིག་པར་བྱེད་པའི་ཕྱིར་རོ། །སེམས་པ་ནི་ཡིད་ཀྱི་ལས་སོ། །དེ་ཡང་རྣམ་པར་རིག་བྱེད་བཞིན་དུ་རྣམ་པར་རིག་པར་མི་བྱེད་པས་ན་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དུ་གསུངས་པ་གང་ཡིན་པའོ། །སེམས་དང་སེམས་

པ་ལྷན་ཅིག་སྐྱེས་ནས་སེམས་ཉིད་བགོས་ཏེ་སེམས་དང་ཐ་མི་དད་པར་གྱུར་པའི་འབྲས་བུ་མངོན་དུ་འགྲུབ་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་སེམས་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཞེས་བྱའོ། །རང་གི་ངང་གིས་རྒྱུ་མེད་པར་སྐད་ཅིག་ལ་སྐྱེས་མ་ཐག་ཏུ་འཇིག་ཅིང་རྣམ་པར་འཇིག་ཅིང་འཕེལ་བ་

དང་མངོན་པར་འཕེལ་བར་འབྱུང་བ་དང་། མངོན་པར་འདུས་བྱས་པས་འབད་པས་བསྒྲུབ་པར་བྱ་བའི་ལས་ཏེ། ཇི་ལྟ་ཞེ་ན། རྒྱུས་རྒྱུའི་དངོས་པོས་སོ། །དེའི་ཕྱིར་འཇིག་པ་དང་འཕེལ་བའི་ཕྱིར་འབྲས་བུ་ལ་སོགས་པ་དང་མི་སྩོགས་པའི་རབ་ཏུ་དབྱེ་བ་ཡིན་ཏེ། རྒྱུ་རང་གི་ངང་གིས་སྐད་ཅིག་

เล่ม ๑๑๖ · หน้า 106b

ཏུ་འཇིག་ཅིང་འཕེལ་བ་འབྲས་བུ་ཆུད་མི་ཟ་ཞིང་མཚམས་སྦྱོར་བ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཚུལ་འདི་ཉིད་ཀྱིས་འབྲས་བུ་ཆུད་མི་ཟ་བར་འབྱིན་པར་ཡང་ཤེས་པར་བྱའོ། །ལན་གྲངས་གཞན་དང་སྐྱེས་ནས་མྱོང་བར་འགྱུར་བ་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཉིས་པའོ། །འབྲས་བུ་མ་

སྨིན་པ་དང་སྨིན་ཟིན་པས་རབ་ཏུ་དབྱེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་དང་། རྣམ་པར་སྨིན་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ཏེ། མ་སྨིན་པ་ནི་རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་ལ་སྨིན་ཟིན་པ་ནི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །མིང་མཐུན་པའི་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བ་ནི་གཉི་

ག་མ་ཡིན་པ་ནག་པོ་ཡང་མ་ཡིན་དཀར་པོ་ཡང་མ་ཡིན་པ་དང་གཉི་གའི་ཆ་འདྲེན་པའི་ལས་ཡང་དག་པར་ལེན་པ་རབ་ཏུ་དབྱེ་བ་སྟེ་ནག་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་པ་གང་ཡིན་པའོ། །ལས་ནག་པོ་དང་དཀར་པོ་དག་ནི་ཕྱོགས་དུ་མ་ལས་རབ་ཏུ་རྣམ་པར་ཕྱེ་ཟིན་པའི་ཕྱིར་ཏེ། དེ་

གཉི་ག་ཡང་དག་པར་ལེན་པས་སོ། །མདོའི་དོན་ནི་ཐ་དད་པ་ཞེས་བྱ་བ་ནི་བྲལ་བའོ། །སྣ་ཚོགས་ནི་འདྲེན་མ་ཉིད་དེ། དེ་གཉིས་ཁོ་ན་དང་ཞེས་བྱ་བ་ཡིན་ནོ། །རྐྱེན་རབ་ཏུ་དབྱེ་བ་ནི། ལས་ཀྱི་ཞིང་བདག་པོའི་རྐྱེན་ཁོ་ན་ཉིད་ཀྱང་ཡིན་ལ་རྒྱུའི་རྐྱེན་ཉིད་ཀྱང་ཡིན་པར་ཤེས་པར་བྱ་བ་སྟེ། ལས་ཀྱི་ཞིང་

ཚད་མེད་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཁོར་ཟུག་ཏུ་མ་ཡིན་པ་ནི་རེས་འགའ་བའོ། །ཁོར་ཟུག་ནི་གཉུག་མའོ། །དེ་གཉིས་རབ་ཏུ་དབྱེ་བ་སྟེ། འཕགས་པ་དང་འཇིག་རྟེན་པར་རབ་ཏུ་རྣམ་པར་ཕྱེ་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །གནས་སྐབས་གསུམ་ནི་ཚེ་འདི་དང་

སྐྱེས་པ་དང་ལན་གྲངས་གཞན་ལ་ཞེས་བྱ་བའོ། །དེར་ངེས་པ་དང་མ་ངེས་པ་སྟེ། ཚེ་འདི་དང་སྐྱེས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཐེག་པ་རྣམ་པ་གསུམ་ལ་ངེས་པ་དང་མ་ངེས་པ་ཉིད་ནི་ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང་མ་ངེས་པ་

ཞེས་གསུངས་པ་གང་ཡིན་པ་སྟེ། ཐེག་པ་མ་ཡིན་པར་ངེས་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་སོ། །དེ་ལྟར་ན་ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བས་ལས་རྣམས་ཀྱི་རྒྱུ་བ་ཐིབས་པོ་ཡང་དག་པར་བསྟན་པ་ཡིན་ཏེ། སྨྲས་པ། ཚེ་འདིའི་འབྲས་བུ་ཅན་དང་ནི། །དེ་བཞིན་ཚེ་རབས་

เล่ม ๑๑๖ · หน้า 107a

གཞན་འབྲས་དང་། །ལན་གྲངས་གཞན་གྱི་འབྲས་ཙམ་ལས། །འབྲས་བུ་གནས་སྐབས་ངེས་པ་ཡིན། །བཤད་པའི་སྣོད་རབ་ཏུ་དབྱེ་བས་ནི་དབང་པོ་ཐ་མ་དང་འབྲིང་དང་རབ་ཉིད་ཀྱང་ཞེས་འབྱུང་བའི་ཕྱིར་ཏེ། དབང་པོ་དང་འཚམ་པར་བཤད་པ་འཇུག་པས་སོ། །སྔ་མ་འབོགས་པ་ཉིད་ཅེས་བྱ་བ་ནི་དེ་ལ་དབང་

པོ་སྦྱོང་བ་ན་དབང་པོ་སྔ་མ་འབོགས་པ་ཉིད་ཁྱད་པར་དུ་འཕགས་པ་ཉིད་དུ་འཕོ་སྟེ། འདི་ལྟར་དད་པས་རྗེས་སུ་འབྲང་བ་སྦྱངས་ན་ལམ་གཞན་ལ་མཐོང་བས་ཐོབ་པར་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་དབང་པོ་གཞན་ཡང་སྦྱངས་ན་མཆོག་ཏུ་འགྱུར་བའི་ཕྱིར་སྔ་མ་འབོགས་པ་ཉིད་

དུ་རིག་པར་བྱ་སྟེ། དེ་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཞེས་བྱ་བའི་སྒྲ་རྣམ་པར་བཀྲོལ་བ་ཡིན་ནོ། །སྔ་མ་རྣམས་ལས་ཕྱི་མ་རྣམས་དམའ་བ་དང་ཁྱད་པར་དུ་འཕགས་པ་ཉིད་དང་ཞེས་བྱ་བ་ལ་དེ་ལ་དམའ་བ་ཉིད་ནི་དཔེར་ན་ཆོས་ཀྱིས་རྗེས་སུ་འབྲང་བས་དད་པས་མོས་པ་དང་དུས་ཀྱིས་

རྣམ་པར་གྲོལ་བ་ལྟ་བུའོ། །ཁྱད་པར་དུ་འཕགས་པ་ཉིད་ནི་དེ་ཉིད་དང་དད་པས་རྗེས་སུ་འབྲང་བ་བས་མཐོང་བས་འཐོབ་པ་དང་། དུས་དང་མི་སྦྱོར་བས་རྣམ་པར་གྲོལ་བ་དག་ལྟ་བུ་སྟེ། གཅིག་པས་ནི་རྟོགས་པས་ཁྱད་པར་དུ་འཕགས་ལ་ཅིག་ཤོས་པས་ནི་དབང་པོ་དང་རྟོགས་

པས་ཁྱད་པར་དུ་འཕགས་སོ། །འདི་ནི་ཐ་དད་པ་ཞེས་བྱ་བའི་སྒྲ་འབྲེལ་བ་ཡིན་ཏེ་གཅིག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་ཐ་དད་པ་ནི་སོ་སོ་བ་ཁོ་ན་ཡིན་ནོ། །མཚུངས་པ་ཉིད་ནི་དད་པས་རྗེས་སུ་འབྲང་བ་བས་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བ་དག་དབང་པོའི་སྒོ་ནས་མཚུངས་ཀྱི་རྟོགས་

པས་མ་ཡིན་པ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་བས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བས་རྣམ་པར་གྲོལ་བ་དག་སྔ་མ་བཞིན་པ་ལྟ་བུ་སྟེ། དེ་ཉིད་ཀྱི་ཕྱིར་སྔ་ཕྱི་ལམ་ཐ་དད་པ་མ་ཡིན་པ་ཁོ་ནས་ཐ་དད་པ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་སྒྲ་རྣམ་པར་བཤད་པ་ཡིན་ནོ། །ཐེག་པ་གསུམ་གྱི་

རིགས་རབ་ཏུ་དབྱེ་བ་ནི། རྒྱ་ཆེན་པོ་དང་འབྲིང་དང་ཐ་མ་ཉིད་ཅེས་བྱ་བ་ཡིན་ནོ། །ཡིད་དང་བདེ་བ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཉིད་ནི་ཉོན་མོངས་པ་མངོན་དུ་གྱུར་པ་ཉིད་དོ། །ཉོན་མོངས་པ་བག་ལ་ཉལ་བ་ཉིད་ནི་ས་བོན་གྱི་ངོ་བོར་གནས་པ་ཉིད་དེ་ཉོན་

เล่ม ๑๑๖ · หน้า 107b

མོངས་པ་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང་མ་ངེས་པ་དང་ཡོངས་སུ་སྨིན་པར་ངེས་པ་དང་མ་ངེས་པ་ཉིད་ཅེས་བྱ་བ་ནི་བཤད་པ་ཉིད་ལས་གསལ་བར་ཟད་དོ། །རྟེན་འབྱུང་བ་ནི་སྐྱེ་མཆེད་དྲུག་པོ་དག་ཕན་ཚུན་འབྲེལ་བར་

རྗེས་སུ་འབྲང་བའོ། །མྱུར་དུ་འཇིག་པ་ནི་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །དམིགས་པ་ལ་འབྱུང་བ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པ་མཚན་མར་འཛིན་པ་སྟེ་དབང་པོའི་དྲ་བའི་རྗེས་སུ་འབྲང་བ་དང་མྱུར་དུ་འཇིག་པ་དང་། མཚན་མར་འཛིན་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ལམ་

གྱི་དབང་གིས་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་དོན་ཞེས་བྱ་བ་ལ་ལམ་སྨོས་པས་ནི་ཀུན་ཤེས་པ་ལ་སོགས་པའི་དབང་པོ་གསུམ་སྟོན་པར་བྱེད་དེ། དབང་པོའི་དབང་གིས་མི་རྫི་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཕྱིར་ལྡོག་པ་ནི་ས་གང་ལས་ཕྱིར་ལྡོག་པའི་སྲིད་པའོ། །ཕྱིར་

མི་ལྡོག་པ་ནི་གང་ལས་འགལ་བའི་རྐྱེན་རྣམས་ཀྱིས་ཀྱང་མི་བཟློགས་པ་སྟེ། དབང་པོ་བཟློག་ཏུ་རུང་བ་དང་། བཟློག་ཏུ་མི་རུང་བ་རབ་ཏུ་རྣམ་པར་དབྱེ་བ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །སྦྱོར་བ་ལས་བྱུང་བ་ནི་དད་པ་ལ་སོགས་པའོ། །རྣམ་པར་སྨིན་པ་ནི་མིག་ལ་སོགས་པའོ། །དེ་གཉིས་

སྨོས་པ་ནི་རིང་དུ་སོང་བ་དང་ལྷན་ཅིག་སྐྱེས་པ་རྣམ་པ་སྣ་ཚོགས་ཐ་དད་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །བག་ལ་ཉལ་ནི་རྗེས་སུ་འབྲང་བའི་དོན་དུ་རིག་པར་བྱ་ཞེས་བྱ་བ་ནི་རིམས་ཉིན་བཞི་པ་བཞིན་ཏེ། བསམ་པ་དང་ལྷན་ཅིག་སྐྱེས་པ་དང་སེམས་དང་ལྷན་ཅིག་སྐྱེས་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་

བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གང་གསུངས་པ་སྟེ། སྦྱོར་བ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་རྗེས་སུ་འབྲང་བའི་ཕྱིར་རོ། །གང་དུ་རྗེས་སུ་འབྲང་ཞེ་ན། རྣམ་པར་སྨིན་པའི་སེམས་ལ་སྟེ། སེམས་དང་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པར་དབྱེ་བ་ཞེས་

གསུངས་པ་གང་ཡིན་པའོ། །བག་ལ་ཉལ་རྣམ་པར་སྨིན་པའི་སེམས་གང་དང་མཚུངས་པར་ལྡན་པ་དེ་ནི་བསྒོ་བར་བྱ་བ་ཡིན་པའི་ཕྱིར་ལ། རྣམ་པར་སྨིན་པའི་སེམས་གང་དང་མཚུངས་པར་ལྡན་པ་མ་ཡིན་པ་དེ་ནི་བསྒོ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོ་ན་གོ་ཇི་ལྟར་དེ་ལ་རྗེས་སུ་འབྲང་

เล่ม ๑๑๖ · หน้า 108a

ཞེ་ན་དེས་བྱས་པའི་ལས་རྗེས་སུ་འབྲང་བའི་ཕྱིར་རོ། །བར་ཆད་མེད་པར་རྣམ་པ་སྣ་ཚོགས་ཡུན་རིང་པོ་ནས་རྗེས་སུ་འབྲང་བ་ནི་རིང་ནས་རྗེས་སུ་ཞུགས་པ་ཞེས་འབྱུང་བའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་མ་བསྩལ་བ་ཉིད་དེ་མ་བཏོན་པ་དང་། དེ་ལ་ཡང་རྗེས་སུ་

འབྲང་བའི་ཕྱིར་བསམ་གཏན་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་མཇེད་པ་ཉིད་དེ་འདི་གཉིས་ཀྱིས་ན་དབང་པོ་ཉིད་དུ་རྗེས་སུ་འབྲང་བ་ཡིན་ནོ། །ཁམས་གསུམ་པའི་མཚམས་སྦྱོར་བས་ཤིན་ཏུ་སྦྲེལ་བར་བྱེད་པ་ཉིད་དང་། ཐོག་མ་མེད་པའི་དུས་ནས་སེམས་བཅིངས་པར་ཀུན་དུ་འབྱུང་བ་ཉིད་དང་སྐྱེ་

མཆེད་ཀྱི་སྒོ་ནས་རྣམ་པར་རིག་པ་འབྱུང་བ་ཉིད་ཅེས་བྱ་བ་ཚིག་གསུམ་གྱིས་ནི་གོ་རིམས་བཞིན་དུ་ཁམས་དང་སེམས་དང་ཡུལ་ཐམས་ཅད་དུ་སོང་བས་རྗེས་སུ་འབྲང་བ་བསྟན་ཏོ། །གཉེན་པོ་ཡོད་པའི་དོན་ཡིན་པ་ནི་གཉེན་པོ་ཐོབ་པ་རྫས་སུ་གྱུར་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། བག་ལ་ཉལ་

ནི་རྣམ་པར་རྟོག་པས་ཀུན་ནས་བསླང་བའི་ཕྱིར་རོ། །ཕྲ་བ་རྗེས་སུ་འབྲང་བ་ལ་སྐྱེ་མཆེད་དྲུག་ལ་ཞེས་བྱ་བ་ནི་དེའི་འབྲས་བུ་རྣམ་པར་ཤེས་པ་རྣམས་ལ་བྱའོ། །ཉོན་མོངས་པའི་བདག་ཉིད་བག་ལ་ཉལ་གྱི་བདག་ཉིད་དུ་མི་ཕྲད་ལ་ཀུན་ནས་དཀྲིས་པའི་བདག་ཉིད་དུ་ནི་མ་ཕྲད་པ་སྟེ་ཉོན་མོངས་བག་ལ་

ཉལ་གྱི་བདག་ཉིད་དང་ཀུན་ནས་དཀྲིས་པའི་བདག་ཉིད་དུ་གནས་པའི་ཕྱིར་ཏེ། ས་དང་སྐྱེ་མཆེད་དང་ཕྲད་པ་དང་མ་ཕྲད་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །འཇིག་རྟེན་ལས་འདས་པ་མ་ཡིན་པའི་ལམ་གྱིས་སྤངས་པར་བྱ་བ་མ་ཡིན་པ་ནི་གཞན་མ་ཡིན་པ་འཕགས་པའི་ལམ་གྱིས་

གསལ་བ་ཞེས་གསུངས་པ་གང་ཡིན་པ་སྟེ། གཞན་མ་ཡིན་པ་ནི་འཕགས་པའི་ལམ་མོ། །སྐྱེ་བའི་རྒྱུ་བ་ཐིབས་པོས་རབ་ཏུ་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་བར་ཟད་པའི་ཕྱིར་ཤེས་པར་སླའོ། །འབྲས་བུ་འབྱིན་པར་ཉེ་བར་གནས་པ་དང་ཉེ་བར་མི་གནས་པའི་བྱེ་བྲག་ཅེས་བྱ་བ་ལ། བག་ཆགས་

ནི་ས་བོན་ནོ། །བག་ཆགས་གང་དག་འབྲས་བུ་འབྱིན་པར་ཀུན་དུ་འབྱུང་བ་དེ་དག་ནི་ཉེ་བར་བཏགས་པ་མ་ཡིན་པའོ། །ཇི་ལྟ་ཞེ་ན། འདི་ལྟར་དེ་དག་ནི་འབྲས་བུ་དངོས་སུ་མངོན་པར་བསྒྲུབ་པའི་ཕྱིར་ཉེ་བར་བཏགས་པ་མ་ཡིན་ཏེ་དངོས་སུ་ས་བོན་ཉིད་ཡིན་ཞིང་བག་ཆགས་ཉིད་ཡིན་ནོ། །གང་

เล่ม ๑๑๖ · หน้า 108b

དག་འབྲས་བུ་འབྱིན་པར་ཉེ་བར་མི་གནས་པ་དེ་དག་ནི་བཏགས་པའི་བག་ཆགས་ཉིད་ཡིན་པས་ས་བོན་ཚིག་པ་བཞིན་དུ་ཉེ་བར་བཏགས་པ་ཡིན་ཏེ། བག་ཆགས་རྣམས་ཀྱི་ཉེ་བར་གཏགས་པ་དང་ཉེ་བར་བཏགས་པ་མ་ཡིན་པ་ཉིད་དུ་གསུངས་པ་གང་ཡིན་པའོ། །འགྲོ་བའི་བག་ཆགས་ཀྱི་བྱེ་བྲག་

གིས་ཞེས་བྱ་བ་ནི་འགྲོ་བ་གང་དང་ཉོན་མོངས་པའི་བག་ཆགས་གང་དུ་འབྲེལ་བ་དེས་བསྒོས་པ་ཉིད་ཅེས་དེ་སྟོན་པར་བྱེད་དོ། །སེམས་ཅན་དང་བསྟན་པའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་གང་སྨྲས་པ་ནི་སེམས་ཅན་ཇི་ལྟ་བུར་གྱུར་པ་དག་དང་འགྲོགས་པའི་རྒྱུས་སྤྱོད་པ་སྤྱད་པ་དེས་བསྒོས་

པ་ཉིད་ཅེས་བྱ་བ་ཡིན་ནོ། །བཟོའི་ལས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་འདི་སྐད་དུ། ལས་ནི་འདིར་བཟོའི་ལས་ཡིན་གྱི་དགེ་བ་ལ་སོགས་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ཡང་འདིར་དེ་བསླབ་པའི་ཕྱིར་ཡོངས་སུ་དུབ་པ་ཡིན་གྱི་འདོད་ཆགས་ལ་སོགས་

པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། ལས་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་གོམས་པར་བྱས་པས་བསྒོས་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ལས་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ནི་དགེ་བ་ལ་སོགས་པའི་ལས་མཇུག་ཐོགས་སུ་སྟོན་པ་ཡིན་ནོ། །བར་

མ་དོའི་སྲིད་པའི་བག་ཆགས་ཀྱི་བྱེ་བྲག་གིས་ནི་བར་མ་དོ་ན་ཡོད་པའི་སྲིད་པ་དེས་ཡང་སྲིད་པར་འགྲོ་བ་སྟེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །འབྲས་བུ་འབྱིན་པའི་རིམ་གྱི་བྱེ་བྲག་གིས་ཞེས་བྱ་བ་ནི་གོམས་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱའོ། །འཇིག་

རྟེན་པའི་ངེས་པར་འབྱུང་བའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་མི་འཆད་པ་སྟེ། ཇི་ལྟ་ཞེ་ན། བག་ཆགས་རིང་དུ་སོང་བའི་ཕྱིར་རོ། །དུས་རེ་ཞིག་རྣམ་པར་མནན་པའི་ཕྱིར་ཉོན་མོངས་པ་འགྲིབ་པར་བྱེད་པ་ནི་མ་ཡིན་ཏེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །ཆོས་འདི་

པ་རྣམས་ཀྱི་ཐར་པའི་ཚོགས་གྱི་བག་ཆགས་ནི་རྫས་སུ་གྱུར་པ་སྟེ། ཐར་པ་ཡང་དག་པ་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་ནི་དེ་ལྟ་མ་ཡིན་པས་རྫས་སུ་མ་གྱུར་པ་ཞེས་བྱའོ། །ཐེག་པའི་བག་ཆགས་ཀྱི་བྱེ་བྲག་གིས་ནི་མདོ་ལས་ཇི་སྐད་འབྱུང་བར་ཟད་པའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด