འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๗ · หน้า 29a

ཚད་མེད་པ་དེ་བཞིན་གཤེགས་པའི་ཡུལ་དུ་གྱུར་པའོ། །ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ངས་བདོག་པའི་དངོས་པོ་མ་བཏང་བ་ཅི་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་མཐའ་ཡས་པ་བྱ་རྒོད་ཕུང་པོའི་རི་འདི་ལ་བཞུགས་པས་ཏིང་ངེ་འཛིན་འདི་རྒྱ་ཆེར་

གཞན་དག་ལ་བསྟན་ཏོ། །དེ་དག་གི་དྲུང་དུ་ངས་ཀྱང་ཇི་ལྟར་ཐོས་པ་བཞིན་དུ་བསྒོམས་ཤིང་ནན་ཏན་དུ་བྱས་པས་བསྒྲུབས་པ་སྟེ། ནན་ཏན་རྣམ་པ་སྣ་ཚོགས་པས་བསྟན་ཏོ། །ཡོན་ཏན་ལ་རབ་ཏུ་གནས་པ་དང་། རོ་ལ་མ་ཞེན་ཅིང་མི་བརྐམ་པ་དང་། སེར་སྣ་དང་ཕྲག་དོག་ལ་སོགས་

པའི་སྐྱོན་ཐམས་ཅད་དང་བྲལ་བ་དང་། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ལ་ནི་ཏིང་ངེ་འཛིན་འདི་རྙེད་པར་དཀའ་བ་མ་ཡིན་ཏེ། མདོར་ན་མི་གང་ཏིང་ངེ་འཛིན་འདི་འཛིན་པ་དེས་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་དང་ཆོས་ཐམས་ཅད་འཛིན་པར་འགྱུར་རོ་

ཞེས་བྱ་བ་ཡིན་ནོ། །གང་དག་ཏིང་ངེ་འཛིན་འདི་འཛིན་པར་བྱེད་པ་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པས་ཞལ་གྱི་པདྨ་དཔག་ཏུ་མེད་པ་ནས་དཔག་ཏུ་མེད་པའི་ལྗགས་ཀྱི་ཁྱད་པར་གྱིས། གསུང་གི་ཡན་ལག་ཐ་དད་པ་དཔག་ཏུ་མེད་པས་བསྐལ་པ་དཔག་ཏུ་མེད་པར་བརྗོད་ཀྱང་

ཚིགས་སུ་བཅད་པ་གཅིག་ཙམ་བརྗོད་པའི་བསོད་ནམས་ཀྱི་ཆ་ཙམ་ཡང་བསྒྲགས་པར་མི་འགྱུར་རོ། །གང་གི་ཕྱིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཉིད་ལ་ལེགས་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཕྱིར་ཏིང་ངེ་འཛིན་འདི་འཛིན་པའི་ཡོན་ཏན་ནི་དཔག་ཏུ་མེད་པར་ཤེས་པར་བྱའོ། །སྔོན་གྱི་སྦྱོར་བའི་སྐབས་ཀྱིས་ནི། །ཤིན་ཏུ་མཉེས་པར་བྱ་བ་གསུངས། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །དེ་བཞིན་འཇུག་

པར་བྱ་བ་ཡིན། །ཞེས་བྱ་བ་ཡིན་ནོ།། །།སཱ་ལའི་དབང་པོའི་རྒྱལ་པོའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ། །དེ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་ལྡན་པ་ནི་ཏིང་ངེ་འཛིན་ལ་མངོན་པར་ཕྱོགས་པར་འགྱུར་བས། སངས་རྒྱས་རྗེས་སུ་དྲན་པའི་ལེའུ་དེ་ནས་བཅོམ་ལྡན་འདས་

เล่ม ๑๑๗ · หน้า 29b

ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པའི་ཡོན་ཏན་ཡང་དག་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ཡང་དག་པར་བསྟན་པར་འདོད་པ་དང་། དོན་དང་འབྲུ་མི་ཟད་པར་བྱ་བ་སྟེ་ཡོངས་སུ་རྫོགས་པར་འགྱུར་བར་འདོད་

པ་དེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཏིང་ངེ་འཛིན་འདི་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དེ་དག་གང་ཡིན་ཞེ་ན་ཞེས་ཡོན་ཏན་དཔག་ཏུ་མེད་པའི་བདེན་པའི་རང་བཞིན་ངེས་པར་བྱེད་པ་ཞུས་པ་དང་། དགོན་པ་ན་འདུག་ཀྱང་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཐམས་ཅད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་མི་འབྲལ་བར་གོམས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ད་ནི་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་

བྱ་བ་ནི་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཇི་ལྟར་གནས་པ་དེ་དག་དེ་བཞིན་དུ་རྟོགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པའམ་དེ་བཞིན་སྟོན་པར་མཛད་པས་དེ་བཞིན་གཤེགས་པའོ། །

དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་བཅོམ་པས་མཆོད་པར་འོས་པ་འམ། དགྲ་བཅོམ་པ་དང་ལྡན་པས་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ། ཡང་དག་པ་ཕྱིན་ཅི་མ་ལོག་པའོ། །རྫོགས་པ་ནི་ཡོངས་སུ་གང་བ་

སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ཚང་བ་མེད་པ་བརྙེས་པའོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ། དེ་ལ་ཡང་དག་པའི་ལྟ་བ་ནི་རིག་པའོ། །ཡན་ལག་ལྷག་མ་བདུན་ནི་ཞབས་ཞེས་བྱ་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ནི་རིག་པ་

དང་ཞབས་སུ་ལྡན་པ་ཞེས་བྱའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་དོན་གསུམ་གཟུང་བར་བྱ་སྟེ། རབ་ཏུ་གྲུབ་པས་ན་བདེ་བར་གཤེགས་པ་སྟེ། བུ་མོ་གཟུགས་བཟང་མོ་བཞིན་ནོ། །ཕྱིར་མི་ལྡོག་པར་གཤེགས་པས་ན་ཡང་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་

เล่ม ๑๑๗ · หน้า 30a

བྱང་བ་ལྟ་བུའོ། །མ་ལུས་པར་གང་བས་ན་བདེ་བར་གཤེགས་པ་སྟེ། བུམ་པ་གང་བ་བཞིན་ཏེ། དེས་ན་བདེ་བར་གཤེགས་པ་ཞེས་བྱའོ། །འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་དབང་པོ་དང་བསམ་པ་ཇི་ལྟ་བ་བཞིན་སྣོད་དང་སྣོད་མ་ཡིན་པའི་བྱེ་བྲག་གིས་འགྲོ་བ་དྲུག་

ཏུ་སྐྱེས་པའི་འཇིག་རྟེན་རྣམས་ཀྱི་དོན་སྐལ་བ་བཞིན་རིག་པས་ན་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་ལ། སྐྱེས་བུ་གདུག་པ་ཅན་གྱི་དྲེགས་པ་བསལ་ནས་རང་གི་ལམ་ལ་འཇོག་པར་བྱེད་པས་ན་སྐྱེས་བུ་འདུལ་བ་ཞེས་བྱའོ། །དེ་རྣམས་ཁ་

ལོ་སྒྱུར་བ་ནི་གཙོ་བོར་གྱུར་པའོ། །བླ་ན་མེད་པ་ནི་ལྷག་པའི་རང་བཞིན་དུ་གྱུར་པ་སྟེ། དེས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ནི་དེ་བཞིན་གཤེགས་པ་ལས་གཞན་ལ་ཡོད་པ་མ་ཡིན་ནོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་ཞི་བ་དང་། དྲག་པོ་ལ་སོགས་པའི་སེམས་ཅན་རྣམས་ཕྱིན་ཅི་མ་

ལོག་པར་བསྟན་པས་འདུལ་བར་མཛད་པས་སྟོན་པའོ། །ལྷ་ནི་ལྷ་ཆེན་པོ་ལ་སོགས་པའོ། །མི་རྣམས་ནི་སོར་མོའི་ཕྲེང་བ་ལ་སོགས་པའོ། །དེ་ལྟ་བུའི་ཡང་དག་པའི་ཡོན་ཏན་དང་ལྡན་པ་དེ་སུ་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་

གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ་ཞེས་བྱ་བ་ལ། རྒྱུ་དང་འདྲ་བའི་འབྲས་བུ་ནི་རྒྱུ་མཐུན་པ་སྟེ། སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ་བཅོམ་ལྡན་འདས་སོ། །དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བའི་

རང་བཞིན་སྔོན་གྱི་དུས་སུ་བསྐྱེད་པ་རྣམས་མངོན་པར་མི་ཉམས་པའི་འབྲས་བུ་མ་ཚང་བ་མེད་པའི་སྐུ་མཐོང་བ་ལས་རྗེས་སུ་དཔག་པར་བྱ་སྟེ། དགེ་བའི་རྩ་བ་མ་ཚང་བ་མེད་པ་གཅིག་ཏུ་བསྡུས་པར་གྱུར་པ་ནི་བཅོམ་ལྡན་འདས་སོ། །བཟོད་པས་བརྒྱན་པ་ཞེས་བྱ་བ་ནི་རྒྱན་མ་ལུས་པ་ཐམས་ཅད་

ཟིལ་གྱིས་གནོན་པའི་ངོ་བོ་ནི་བཟོད་པ་ཡིན་ནོ། །བརྒྱན་པ་ཞེས་བྱ་བ་ནི་རྫོགས་པར་ཐོབ་པ་སྟེ་ཤིན་ཏུ་རྫོགས་པར་བྱས་པའོ། །བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཞེས་བྱ་བ་ནི་བསོད་ནམས་ཉིད་གཏེར་ཡིན་ཏེ། ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་དག་གི་གཞི་

เล่ม ๑๑๗ · หน้า 30b

ནི་སྐལ་བ་དང་ལྡན་པ་རྣམས་ལ་མངོན་སུམ་དུ་གྱུར་པ་ནི་བཅོམ་ལྡན་འདས་ཡིན་པས་བསོད་ནམས་ཀྱི་གཞི་ཞེས་བྱའོ། །དཔེ་བྱད་བཟང་པོ་རྣམས་ཀྱིས་ཤིན་ཏུ་བརྒྱན་པ་ནི་སྤྲས་ནས་མཛེས་པར་བྱས་པའོ། །མཚན་གྱི་མེ་ཏོག་རྒྱས་པ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལས་སྐྱེས་པའི་

སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བ་ལ་ཉེ་བའི་ཚེ་བརྒྱན་པའོ། །སྤྱོད་ཡུལ་རན་པར་མཐུན་པ་ཞེས་བྱ་བ་ནི་རན་པར་མཐུན་པ་ནི་འདྲ་བའོ། །དེ་མེད་པ་ནི་རན་པར་མཐུན་པའོ། །སྤྱོད་ཡུལ་ནི་ཡུལ་ལོ། །ཡང་ན་སྤྱོད་ལམ་གྱི་ཁྱད་པར་

ཡིད་དུ་འོང་བས་ཐམས་ཅད་དུ་དེ་དང་འདྲ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བ་ལ། ཤིན་ཏུ་གདུག་པའི་སེམས་དང་ལྡན་པ་རྣམས་ཀྱིས་ཀྱང་མཐོང་བའི་སྤྱོད་ཡུལ་དུ་གྱུར་ན་མཐོང་བས་ཡིད་འཕྲོག་པར་བྱེད་པའི་ཕྱིར། ནམ་ཡང་མི་མཐུན་པའི་སེམས་འབྱུང་བར་མི་འགྱུར་

བའོ། །དད་པས་མོས་པ་རྣམས་མངོན་པར་དགའ་བ་ཞེས་བྱ་བ་ནི་གང་ཞིག་དད་པ་ཙམ་གྱིས་མོས་པར་གྱུར་པ་དེ་དག་ཀྱང་དད་པ་རྒྱུན་ཆད་པའི་རྒྱུ་མེད་པའི་ཕྱིར་དེ་ཉིད་ལ་མངོན་པར་དགའ་བར་འགྱུར་རོ། །དེས་ན་དད་པས་མོས་པ་རྣམས་མངོན་པར་དགའ་བ་ཞེས་བྱའོ། །ཤེས་རབ་ཟིལ་གྱིས་

མི་ནོན་པ་ཞེས་བྱ་བ་ནི་བདུད་དང་། མུ་སྟེགས་དང་། ཀུན་ཏུ་རྒྱུ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་རྣམས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །སྟོབས་རྣམས་ལ་བརྫི་བ་མེད་པ་ཞེས་བྱ་

བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ལྷག་པ་མེད་པའི་ཕྱིར། བདུད་ལ་སོགས་པ་སྟོབས་ཆུང་བ་རྣམས་ཀྱིས་བརྫི་བར་མི་ནུས་པའོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་རྗེས་སུ་སྟོན་པའི་ཕྱིར་སྟོན་པ་ཞེས་བྱའོ། །

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པས་བསྐྱེད་པའམ་ཐབས་ལ་མཁས་པའི་རང་བཞིན་ཡིན་པའི་ཕྱིར་ཡབ་སྟེ། ཤེས་རབ་ཕ་རོལ་ཕྱིན་པ་མ། །ཕ་ནི་ཐབས་ལ་མཁས་པ་ཡིན། །ཞེས་བྱ་བ་གསུང་བས་སོ། །འཕགས་པའི་གང་ཟག་

เล่ม ๑๑๗ · หน้า 31a

རྣམས་ཀྱི་རྒྱལ་པོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་བཅས་པའི་བསླབ་པ་བསྲུངས་ཤིང་བསླབས་པས་དགྲ་བཅོམ་པ་ལ་སོགས་པའི་འབྲས་བུ་ཐོབ་ཅིང་དེའི་བཀའ་ལས་འདའ་བར་མི་ནུས་པའི་ཕྱིར་རོ། ལས་དང་པོ་པ་རྣམས་ཀྱི་དེད་དཔོན་ཞེས་བྱ་བ་ལ།

དགེ་བའི་རྩ་བ་བཅུའི་ལམ་བརྒྱགས་བྱིན་ནས་བགྲོད་དཀའ་བའི་ལམ་ལས་གྲོལ་བ་ནི་དེད་དཔོན་གྱི་ལས་ཡིན་པས་དེ་སྒྲུབ་པར་བྱེད་པའོ། །ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པས་ཚད་གཟུང་བར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པ་འམ་དཔག་

ཏུ་མེད་པའི་ཡེ་ཤེས་དང་ལྡན་པས་སོ། །སྤོབས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་རྒོལ་བའི་ལན་གདབ་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གསུང་རྣམ་པར་དག་པ་ཞེས་བྱ་བ་ནི་ཡན་

ལག་དྲུག་ཅུ་དང་ལྡན་པའི་གསུང་གི་དཀྱིལ་འཁོར་རྣམས་རྣམ་པར་དག་པ་ཉིད་དོ། །དབྱངས་སྙན་པ་ཞེས་བྱ་བ་ནི་དབྱངས་སྙན་པ་ངེས་པར་བསྒྲགས་པས་སེམས་ཅན་ཐམས་ཅད་དགའ་བ་བསྐྱེད་ནས་ངོམས་པ་མེད་པར་བྱེད་པའི་ཕྱིར་དབྱངས་སྙན་པ་ཞེས་བྱའོ། །སྐུ་བྱད་ལྟ་བས་ཆོག་མི་

ཤེས་པ་ཞེས་བྱ་བ་ནི་དང་པོར་མཐོང་བ་གང་དུ་བབས་པས་དེ་ལས་གཞན་དུ་བལྟ་བར་མི་འདོད་དེ། བལྟས་ཤིང་བལྟས་ཤིང་དགའ་བ་ནི། །སར་པ་སར་པ་ཡང་ཡང་སྐྱེ། །ཞེས་བསྟན་པ་ལྟ་བུའོ། །སྐུ་མཚུངས་པ་མེད་པ་ཞེས་བྱ་བ་ནི་ཡན་ལག་མ་ལུས་པ་ཡང་དག་པར་རྫོགས་པས་དེའི་ཕྱིར་ཐུབ་

པ་ཉིད་ཀྱི་སྐུ་ནི་མཚུངས་པ་མེད་པ་སྟེ། འདྲ་བ་ཡང་མེད་པའི་སྐུ་ཞེས་བྱ་བའི་དོན་ཏོ། །འདོད་པ་དག་གིས་མ་གོས་པ་ཞེས་བྱ་བ་ལ། འདོད་པའི་ཁམས་ན་གནས་ན་ཡང་འདོད་པའི་ཁམས་དང་འབྲེལ་བའི་སྐྱོན་གྱིས་མ་གོས་པའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་

ཁམས་དང་འབྲེལ་བས་མ་གོས་པ་ཡང་ངོ་། །ཕུང་པོ་དག་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལ་སོགས་པར་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་དང་། སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བའི་ཕྱིར་སྡུག་བསྔལ་ལས་ཀྱང་གྲོལ་བ་ཉིད་དོ། །ཁམས་རྣམས་དང་མི་ལྡན་པ་ཞེས་བྱ་

เล่ม ๑๑๗ · หน้า 31b

བ་ནི་ས་ལ་སོགས་པ་དང་། ཁམས་བཅོ་བརྒྱད་པོ་རྣམས་དང་བྲལ་ཞིང་མ་གོས་པའོ། །སྐྱེད་མཆེད་རྣམས་བསྡམས་པ་ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་རྣམས་རང་བཞིན་གྱིས་མེད་པས་མངོན་པར་ཞེན་པ་རབ་འབྱམས་བསྡུས་པ་སྟེ། རང་གི་ངོ་བོ་མཐར་ཐུག་པར་གྱུར་ཅེས་བྱ་བའི་དོན་

ཏོ། །མདུད་པ་རྣམས་ཤིན་ཏུ་བཅད་པ་ཞེས་བྱ་བ་ལ། འདོད་པ་དང་། མ་རིག་པ་དང་། ལྟ་བའི་མདུད་པའི་འཆིང་བ་རྣམས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་ནན་གྱིས་བཅད་པ་སྟེ། གང་ཞེ་ན་རྣམ་པར་འཆིང་བ་སྟེ། ཐ་དད་པར་བྱས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་གདུང་བ་རྣམས་ལས་

གྲོལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་སྲེག་པར་བྱེད་པས་ཡོངས་སུ་གདུང་བ་ཞེས་བྱ་བ་སྟེ་དགེ་བའི་རྒྱུན་རྣམས་སྲེག་པར་བྱེད་པས་སོ། །དེ་དག་ལས་རྣམ་པར་གྲོལ་བ་ནི་རྣམ་པ་སྣ་ཚོགས་ཀྱིས་སྤངས་པའོ། །སྲེད་པ་ལས་ཡོངས་སུ་གྲོལ་བ་ཞེས་བྱ་བ་ནི་

ཡོངས་སུ་ནི་ཀུན་ནས་སོ། །གྲོལ་བ་ཞེས་བྱ་བ་ནི་འཁོར་བ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་སྲེད་པས་སོ། །ཆུ་བོ་ལས་རྒལ་བ་ཞེས་བྱ་བ་ནི་ཆུ་བོ་ནི་བཞི་སྟེ། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་། ལྟ་བའི་མཚན་ཉིད་ཅན་ནོ། །དེ་དག་ལས་རྒལ་བ་ནི་ཕ་རོལ་གྱི་

འགྲམ་མྱ་ངན་ལས་འདས་པ་ཐོབ་ཅེས་བྱ་བའི་དོན་ཏེ། །ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་མཛད་པ་ལས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཁྱེན་པ་ནི་གཞན་ལ་མེད་པས་སོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་

གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་མི་གནས་པའི་ཚུལ་གྱིས་རབ་ཏུ་གནས་པའོ། །མྱ་ངན་ལས་འདས་པ་ལ་མི་གནས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་

འདས་པ་ལ་མངོན་པར་མི་ཞེན་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་དམིགས་པས་གཅིག་ལ་མངོན་པར་ཞེན་པ་མེད་པ་ཉིད་དོ། །ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཞེས་བྱ་བ་ནི་སངས་རྒྱས་དང་དེ་བཞིན་ཉིད་རྟེན་དང་བརྟེན་པའི་ངོ་བོར་མེད་པས་དེའི་བདག་ཉིད་དུ་གནས་པ་

เล่ม ๑๑๗ · หน้า 32a

ནི་གནས་མེད་པ་ཉིད་གནས་ཡིན་ནོ་ཞེས་བྱས་ནས་སོ། །སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། ཞེས་བྱ་བ་ནི་དེ་རྟོགས་པར་འདོད་པ་རྣམས་རབ་ཏུ་ཞེན་པའི་སེམས་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་བལྟ་བ་སྟེ། མངོན་པར་འདོད་པ་ཞེས་

བྱ་བའི་བར་དུའོ། །གཞོན་དུ་འདི་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་སྟེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཀྱི་ཡོན་ཏན་དེ་དག་དང་ལྡན་པ་ནི་སྤོབས་པ་རྒྱུན་མི་འཆད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་

བསྔགས་པ་ཡང་དག་པར་བསྟན་པ་ན་དོན་དང་ཚིག་ཡོངས་སུ་ཟད་པར་མི་འགྱུར་བ་ནི་ཡོངས་སུ་རྫོགས་པར་མི་འགྱུར་བ་སྟེ། སངས་རྒྱས་ཀྱི་ཡོན་ཏན་གྱི་མཐུ་དཔག་ཏུ་མེད་པའི་ཕྱིར་རོ། །དེའི་གསུང་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཉིད་ཀྱིས་བརྒྱན་པར་གསུང་བར་

འགྱུར་ཏེ། ཆོས་ཉིད་རབ་ཏུ་སྒྲུབ་པ་ལ་ཆེད་དུ་བྱེད་པའི་ཕྱིར་རོ། །ལྷུག་པས་བསྟན་པའི་དོན་དེ་དག་ཉིད་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རབ་ཏུ་བསྟན་པ་ནི་ཇི་ལྟ་ཇི་ལྟར་འཇིག་རྟེན་རྣམས་ལ་ཕན་པ་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་སྟོན་

པར་མཛད་པས། བསྐལ་པ་སྟོང་ཕྲག་མང་པོར་རབ་བཤད་ཀྱང་། །རྒྱལ་བའི་བསྔགས་པ་ཐམས་ཅད་བརྗོད་མི་ལང་། །ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ་སྟེ་བདུད་རྣམས་ལས་རྒྱལ་བའོ། །ཡོན་ཏན་གྱི་བསྔགས་པ་ཐམས་ཅད་བརྗོད་པ་ནི་བསྐལ་པ་སྟོང་ཕྲག་མང་པོར་ཡང་མི་

ནུས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་ཡོན་ཏན་བསྐྱེད་པ་དེ་ནི་བརྗོད་པར་མི་ནུས་པའོ། །ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་དང་། ཡོན་ཏན་བསྐྱེད་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། བུ་མོ་གཟུགས་བཟང་ཤིན་ཏུ་བལྟ་ན་སྡུག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།

རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཐམས་ཅད་དང་ལྡན་པ་ཡང་སྔོན་བཏང་ངོ་། དེ་བཞིན་དུ་ནོར་དང་། འབྲུ་དང་། བྲན་ཕོ་དང་། བྲན་མོ་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་ལ་སོགས་པ་ཡང་བྱིན་ནོ། །གོས་ནི་བགོ་བར་བྱའོ། །དྲི་མཆོག་དྲི་ལྡན་ནི་དབྱར་གྱི་མེ་ཏོག་ཉིད་

เล่ม ๑๑๗ · หน้า 32b

དེ་མ་ལི་ཀའོ། །ཕུལ་བ་ནི་སྦྱིན་པའོ། །མཆོད་རྟེན་ནི་མཆོད་རྟེན་ནོ། །བླ་ན་མེད་པའི་སེམས་ནི་དྲི་མ་མེད་པའི་སེམས་བསྐྱེད་ནས་མཆོད་པར་བྱས་པའོ། །དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །ཆོས་ཀྱི་སྦྱིན་པ་བྱིན་པས་ང་གྲགས་པར་འགྱུར་རོ་སྙམ་པ་

དེ་འདྲ་བའི་སེམས་ནམ་ཡང་མ་སྐྱེས་སོ། །སྡུག་པའི་མཆོག་བྱིན་པ་ལ་བདག་ཉིད་ཀྱིས་སྤྱད་པར་བྱའོ་སྙམ་པའི་སེམས་ཀྱང་ང་ལ་མེད་དེ། འོན་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སྦྱངས་པའི་ཡོན་ཏན་དག་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་

ཆེད་དུའོ། །ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཕྲག་དོག་དང་སེར་སྣ་དང་བྲལ་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ལ་བརྟན་ཏོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེས་བཀང་ནས་

སྦྱིན་པ་བྱིན་པའི་བསོད་ནམས་ལས་ཏིང་ངེ་འཛིན་འདི་སྟོན་པར་བྱེད་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ན་སངས་རྒྱས་ཉིད་དང་ཉེ་བའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་མང་དུ་བསྐྱེད་པར་རིག་པར་བྱའོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཕན་ཡོན་ཡོངས་སུ་བསྒྲགས་

ཀྱང་སངས་རྒྱས་ཉིད་ཀྱང་མཐར་ཐུག་པར་བརྗོད་པར་མི་སྤྱོད་དོ། །དེ་བས་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འདོད་པས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སྡེའི་ཚིགས་སུ་བཅད་པ་ཙམ་གཟུང་བ་ལ་ཡང་བློ་དང་ལྡན་པས་རྟག་ཏུ་འབད་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་

སྡེ་ནན་ཏན་གྱིས་མཉན་པར་བྱའི། ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །ཇི་ལྟར་འདས་པ་ལ་ཐོགས་པ་མེད་པར་མཁྱེན་པ་བཞིན་དུ་མ་འོངས་པ་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་འཇུག་པ་ཡིན་ནོ་ཞེས་བྱ་བར། འཇིག་རྟེན་འདྲེན་པ་མྱ་ངན་འདས། །ཞེས་བྱ་བ་ལ་

སོགས་པ་སྟེ། འཇིག་རྟེན་འདྲེན་པ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ན་དགེ་སློང་སྡོམ་པ་མེད་པ་མང་པོ་དག་མང་དུ་ཐོས་པ་མི་འདོད་པ་དེ་དག་སྒྲ་ཙམ་གྱིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པའི་

เล่ม ๑๑๗ · หน้า 33a

བསྔགས་པ་རྗོད་པར་བྱེད་ཀྱང་དེ་དག་འདོད་པ་ནི་མ་ཡིན་ཏེ། དཔེ་གསུངས་པ། ཇི་ལྟར་སྐྱེས་བུ་ལ་ལ་དག །ཙན་དན་དག་ནི་འདི་འདྲ་སྟེ། །ཞེས་བྱ་བའི་དཔེས་ནི་སྒྲ་ཙམ་པ་འདུག་པར་གསུངས་སོ། །འཚོ་བ་ཙམ་གྱི་ཆེད་དུ་ཚུལ་ཁྲིམས་ལ་སོགས་པ་ལ་

བསྔགས་པ་རྗོད་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར། ཇི་ལྟར་སྐྱེས་བུ་དབུལ་པོ་ལ་ལ་ཞིག །སྐྱེ་བོ་མང་པོས་ཡོངས་བརྙས་གྱུར་པ་སྟེ། །བརྙས་པ་ནི་སྨད་པར་གྱུར་པའོ། །དེ་བཞིན་དུ་ཏིང་ངེ་འཛིན་ལས་ཉམས་པ་ལ་ཡང་བལྟ་བར་བྱའོ། །ཇི་ལྟར་དེ་ཉིད་

ཀྱིས་ཕྱིས་ནོར་གྱི་གཏེར་ཆེན་པོ་སྐྱེ་བོའི་ཚོགས་ཆེན་པོས་འདོད་པར་བྱའི་གཏེར་ཆེན་པོའི་བདག་པོར་གྱུར་ན་སྐྱེ་བོའི་ཚོགས་ཆེན་པོས་རིམ་གྲོ་བྱེད་པར་འགྱུར་རོ། །དེ་བཞིན་དུ་གང་གི་ཚེ་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་པ་དེའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འགྱུར་

རོ། །སངས་རྒྱས་སུ་དག་ཕྱོགས་སུ་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་གསུངས་སོ། །ཟླ་འོད་གཞོན་ནུ་སེམས་དགའ་ནས་ཞུས་པ། སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས། །ཞེས་བྱ་བ་ལ་སོགས་པ་སྟེ། །མ་རུངས་དུས་ན་བདག་གིས་མདོ་

འདི་གཟུང་། །ཞེས་བྱ་བ་ལ། མ་རུངས་པའི་དུས་ངན་པ་ལ་བབ་པའི་ཚེ་བདག་གིས་མདོ་འདི་གཟུང་བར་བྱའོ་ཞེས་བྱའོ། །ཟླ་འོད་གཞོན་ནུ་ཇི་ལྟ་བར་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་མདོ་སྡེ་འཛིན་པ་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །སངས་རྒྱས་རྗེས་དྲན་ངེས་གྲུབ་པས། །ཡེ་ཤེས་དབང་

ཕྱུག་ཆེར་གྱུར་ནས། །སངས་རྒྱས་སྲས་པོ་བརྒྱས་བསྐོར་བ། །འཇིག་རྟེན་ལ་གྲགས་ཀུན་མཁྱེན་གྱུར། །སངས་རྒྱས་རྗེས་སུ་དྲན་པའི་ལེའུ་ཞེས་བྱ་བ་སྟེ་གསུམ་པ་རྫོགས་སོ།། །།དེ་ནི་ཏིང་ངེ་འཛིན་གྱི་ལེའུ་བསྟན་པར་འདོད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་

ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་གསོལ་ཏོ་ཞེས་བྱ་བ་ལ། བདག་བཅོམ་ལྡན་འདས་ལ་ཕྱོགས་འགའ་ཞིག་ཞུའོ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་དུས་གཅིག་ཏུ་ཞུ་བར་མི་ནུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་ཞེས་བྱ་བ་ནི་ཞུ་བའི་སྐབས་ཕྱེ་ནས་

เล่ม ๑๑๗ · หน้า 33b

སོ། །ཞུ་བ་ལུང་བསྟན་པའི་སླད་དུ་ཞེས་བྱ་བ་ནི་ལན་སྩོལ་ན་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་སྐབས་ཕྱེ་ཡིས་ཅི་དང་ཅི་འདོད་པ་དྲིས་ཤིག་ཅེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་ནམ་ཡང་སྐབས་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཅི་

ལགས་ཞེས་རང་གི་འདོད་པ་ཞུས་པའོ། །ཏིང་ངེ་འཛིན་གྱི་རང་གི་ངོ་བོ་གསུངས་པ། ཏིང་ངེ་འཛིན་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ངེས་པར་རྟོགས་པ་ཞེས་བྱ་བ་ལ་སེམས་ངེས་པར་རྟོགས་པ་ནི་ངེས་པར་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་རང་རང་གི་ངོ་བོ་མཐར་ཐུག་པ་མཉམ་

པར་མཐོང་བའི་མཉམ་པ་ཉིད་དང་བློ་མཉམ་པར་རྩེ་གཅིག་ཏུ་གྱུར་པ་དེ་ལ་ཏིང་ངེ་འཛིན་ཞེས་བྱ་སྟེ། གཞན་དག་གོ་བར་བྱ་བའི་ཕྱིར་ཡིན་གྱི། དོན་དམ་པ་ཉིད་དུ་ནི་ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ། མ་སྐྱེས་པ། རྣམ་པར་རྟོག་པ་ཐམས་ཅད་དང་མ་འདྲེས་པ། ཕྱི་དང་ནང་གི་

བདག་ཉིད་ཅན་གྱི་མངོན་པར་ཞེན་པ་དང་བྲལ་བ། འགོག་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་སྒྲུབ་པ་ཐམས་ཅད་དང་བྲལ་བ་ཡང་མ་ཡིན་པ་སྟེ། ཡེ་ཤེས་ཀྱི་རྒྱུན་གཡོ་བ་མེད་པ་ཡང་མེ་རླུང་མེད་པ་ལ་འབར་བའི་རྩེ་མོའི་རྒྱུན་བཞིན་དུ་འཇུག་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་

སྤྲོས་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཞེས་སྟོན་ཏོ། །དེ་ལ་རྣམ་པར་སྤྲོས་པ་ནི་སྔར་བསྟན་ཏོ། །ཏིང་ངེ་འཛིན་འདི་ཐོབ་ན་ཕུང་པོ་དང་། ཉོན་མོངས་པ་དང་། དམ་བཅས་པ་དང་། བརྩོན་འགྲུས་ཀྱི་ཁུང་རྣམས་བོར་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་

མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །སངས་རྒྱས་ཀྱི་ཁྱུ་མཆོག་ནི་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སྤངས་པ་ཉིད་དུ་གྱུར་པ་འདི་ནི་ཏིང་ངེ་འཛིན་འདིའི་སྔོན་དུ་འགྲོ་བའི་རྒྱུ་ཡིན་པས་འདི་དག་དང་། རིགས་པར་རྣལ་འབྱོར་དུ་བྱེད་

པ་ཞེས་བྱ་བ་ནི་རིགས་པ་སྟེ་ཚད་མ་དང་ལྡན་པའི་རྣལ་འབྱོར་གང་ལ་ཡོད་པ་དེ་ནི་རིགས་པར་རྣལ་འབྱོར་དུ་བྱེད་པ་ཞེས་བྱ་སྟེ། དེའི་ངོ་བོ་ནི་རིགས་པར་རྣལ་འབྱོར་དུ་བྱེད་པའོ། །དེ་ལས་བཟློག་པ་ནི་མི་རིགས་པ་རྣམ་པར་སྤང་བའོ། །དགེ་བའི་ཆོས་ལ་འདུན་པ་ནི་མངོན་པར་

เล่ม ๑๑๗ · หน้า 34a

ཞེན་པའོ། །འཁོར་བ་ལས་ཐར་བར་འདོད་པ་ནི་ལྷག་པའི་བསམ་པ་སྒྲུབ་པར་བྱེད་པ་སྟེ། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་དཀར་པོའི་ཆོས་ལ་སྤྲོ་བའོ། །སྐྱེ་བོ་རྣམས་ལ་ཡིད་མི་རྟོན་པ་ནི་འཁོར་བ་སྒྲུབ་པར་བྱེད་པའི་ཆོས་མི་བྱེད་པའོ། །ཕྱི་དང་ནང་གི་

སྐྱེ་མཆེད་ཡིད་ལ་མི་བྱེད་པ་དང་། བདག་ལ་མི་སྟོད་གཞན་ལ་མི་སྨོད་པ་དང་། ཁྱིམ་ལ་ཆགས་པ་སྤོང་བ་དང་། སོ་སོའི་སྐྱེ་བོ་ལ་ཡིད་རྟོན་པ་སྤོང་བ་དང་། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ནས་རྗེས་སུ་མཐུན་པའི་བཟོད་པའི་བར་རྗེས་སུ་མཐུན་པའི་ཆོས་ལ་བཟོད་པའི་ཏིང་ངེ་འཛིན་གྱི་རྒྱུ་

ཡིན་པས་ཏིང་ངེ་འཛིན་ཞེས་བརྗོད་དོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ངས་ནི་བདུད་རྩིའི་སྒོ་ཡང་རབ་ཏུ་ཕྱེ། །ཞེས་བྱ་བ་ལ། ངས་ནི་ཞེས་པ་ནི་བདག་གིས་སོ། །བདུད་རྩི་ནི་མྱ་ངན་ལས་འདས་པ་སྟེ་ཐར་པའོ། །དེ་ལས་གཞན་པའི་མཚན་ཉིད་

ནི་འཆི་བ་སྟེ་དེ་མེད་པའོ། །དེའི་སྒོ་ནི་ཏིང་ངེ་འཛིན་འདི་ཡིན་ནོ། །ཕྱེ་བ་ནི་མ་བསྒྲིབས་པའོ། །ཆོས་ཀྱི་རང་བཞིན་ཅི་འདྲ་དེ་བཞིན་བཤད། །ཆོས་རྣམས་ངོ་བོ་ཇི་ལྟར་གནས་པ་བཞིན་དུའོ། །དེ་བཞིན་དུ་སྐྱེ་བ་མེད་པའི་ཆོས་ཀྱི་རང་བཞིན་ཡང་ངས་བཤད་དོ། །སྐྱེ་བ་དག་ཀྱང་

ཅི་འདྲ་སྟེ་སྒྱུ་མ་ལྟ་བུ་དང་། གཟུགས་བརྙན་ལྟ་བུར་སྐྱེ་བར་འགྱུར་ཞེས་བྱའོ། །མྱ་ངན་འདས་པ་ཕན་ཡོན་བཅས་པར་བཤད་དེ། ཕན་ཡོན་དང་བཅས་པར་བསྟན་པའོ། །དེ་ལྟ་བས་ན་ངས་གང་བསྟན་པའི་ལམ་ནས་འགྲོ་བར་བྱ་སྟེ། སྡིག་པའི་གྲོགས་པོ་སྤངས་པ་དང་། དགེ་བའི་

བཤེས་གཉེན་བསྟེན་པ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་བསྒོམ་པ་དང་། ཡོངས་སུ་དག་པའི་ཚུལ་ཁྲིམས་བསྲུང་བར་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་འཐོབ་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་འཛུད་པ་དང་། སངས་

རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་བཀོད་ནས་མྱུར་དུ་ཏིང་ངེ་འཛིན་འདི་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཏིང་ངེ་འཛིན་འདི་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་སྐུ་བྱད་ཁྱད་པར་ཅན་རྗེས་སུ་དྲན་པ་བསྒོམ་པ་སྔར་བསྟན་པ་

เล่ม ๑๑๗ · หน้า 34b

ཡིན་ནོ། །རྟག་ཏུ་མཉམ་པར་གཞག་པ་ཇི་ལྟ་བ་བཞིན་གྱི་སྤྱོད་ལམ་གྱིས་དེ་ལ་གཏད་པའི་ཡིད་དང་བ་བསྒོམས་ན། དེའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་འགྱུར་རོ། །དེ་དག་གིས་དེ་ལ་དགོངས་པར་ཡང་འགྱུར་རོ། །དེ་བཞིན་

གཤེགས་པ་རྣམས་ཀྱིས་དགོངས་པས་དེ་ནམ་ཡང་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ་ཞེས་ཤེས་ནས་ཡོན་ཏན་དཔག་ཏུ་མེད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། །མི་དེའི་སེམས་ནི་ཤིན་ཏུ་མྱོས་པར་འགྱུར། །ཞེས་བྱ་བ་ལ་སོགས་

པ་ལ། ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་ཐམས་ཅད་མཁྱེན་པའི་ཡོན་ཏན་མཐའ་ཡས་པ་ཤེས་པར་ནུས་པ་མ་ཡིན་པས་མྱོས་པར་འགྱུར་བ་སྟེ། སེམས་རྣམ་པར་གཡེང་བ་ཉིད་འཐོབ་པར་འགྱུར་རོ། །ཕྱོགས་བཅུ་དག་ན་སེམས་ཅན་སུ་ཡང་ནི། །ཞེས་བྱ་བ་ལ་སོགས་

པས་ནི་ཡོན་ཏན་དཔག་ཏུ་མེད་པ་ཉིད་རྗོད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སངས་རྒྱས་ཉིད་འདོད་པས་ཇི་སྐད་གསུངས་པའི་མཚན་ཉིད་ཅན་གྱི་སངས་རྒྱས་རྗེས་སུ་དྲན་པས་བཅོམ་ལྡན་འདས་བསྒོམ་པར་བྱའོ། །འདུས་བྱས་དང་འདུས་

མ་བྱས་མཉམ་པ་ཉིད་དུ་རྟོགས་ནས་མཚན་མ་ཐམས་ཅད་དང་བྲལ་བས་མཚན་མ་མེད་པའི་རྣལ་འབྱོར་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་འཇུག་པར་འགྱུར་རོ། །ཡང་དེ་ནི་ཆོས་ཀྱི་སྐུ་ལ་ཡང་གནས་པར་འགྱུར་རོ། །གང་ཆོས་ཀྱི་སྐུ་ལ་གནས་པ་དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་

ངོ་བོ་ཉིད་དུ་ཤེས་ནས་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་མཐོང་བར་མི་འགྱུར་ཏེ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པས་སོ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་པ། །ཞེས་བྱ་བ་ལ། སྐུའི་རྣམ་པས་ཀྱང་རུང་། དེ་ལས་ལྡོག་པས་ཀྱང་

རུང་། རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པའི་རང་གི་ངོ་བོ་མཐར་ཐུག་པར་འགྱུར་ཞིང་དེ་ལ་གཞོལ་བར་འགྱུར་བའོ། །དེ་བཞིན་དུ་སྐུ་བྱད་དེ་རྣམ་པས་སམ་ཡེ་ཤེས་དཔག་ཏུ་མེད་པ་སྟེ་ཆོས་ཀྱི་སྐུས་ཀྱང་རུང་། ལངས་པ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་ལ་སོགས་པའི་

เล่ม ๑๑๗ · หน้า 35a

སྤྱོད་ལམ་ཐམས་ཅད་དུ་སེམས་རྣམ་པར་གཡེང་བ་མེད་པས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱེད་པ་དེ་དག་གིས་ཀྱང་སྨོན་ལམ་དང་འབད་པའི་སྟོབས་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་འདི་ལ་གནས་པ་ནི་མཚན་མ་དང་འབད་པ་ཐམས་ཅད་

དང་བྲལ་ན་ཡང་དེ་བཞིན་གཤེགས་པ་ཡོན་ཏན་གྱིས་བརྒྱན་པ་ཐམས་ཅད་མཐོང་བར་འགྱུར་རོ། །བདག་དང་གཞན་གྱི་རྣམ་པར་རྟོག་པ་དང་བྲལ་བས་ང་རྒྱལ་ཡང་མི་སྐྱེའོ། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཞེས་བྱ་བ་ལ། གང་གི་ཚེ་ནད་ཆེན་པོས་ན་ཞིང་གནོད་པར་གྱུར་པས་དེ་ལ་

ནི་འཆི་བ་ལ་ཐུག་པའི་སྡུག་བསྔལ་གྱི་ཚོར་བས་ལུས་ལ་ཁྱབ་པར་གྱུར་པ་དེ་ལྟ་ན་ཡང་སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་མི་ཉམས་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཕྱིར་དང་། ཆོས་ཉིད་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པའི་སྟོབས་ཀྱིས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་དང་

ཕན་ཡོན་དཔག་ཏུ་མེད་པ་ཐོས་ནས་སངས་རྒྱས་ཉིད་ལ་འབད་པ་བརྟན་པོས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ངེས་པར་བསྒྲུབ་པའི་ཕྱིར་འབད་པར་བྱའོ། །ངས་ནི་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་། །ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་སྟོན་པ་ཙམ། །ཁྱོད་ཉིད་ཀྱིས་ནི་

མངོན་དུ་བྱས། །ཞེས་བྱ་བར་དགོངས་པའོ། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །ཅེས་བྱ་བ་ལ་སོགས་པ་ལ། ཐོས་པ་ཙམ་གྱིས་ཉོན་མོངས་པ་མ་ལུས་པ་སྤངས་པའི་སངས་རྒྱས་ཉིད་ཐོབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་སྦྱིན་པ་ལ་སོགས་པ་དང་

ལྡན་པའི་ཏིང་ངེ་འཛིན་བསྒོམ་པ་ལ་རྟག་ཏུ་འབད་པར་བྱའོ་ཞེས་དེ་བཞིན་གཤེགས་པས་བསླབ་པ་བསྟན་པ་ཡིན་ནོ། །ཏིང་འཛིན་ཆོས་རྣམས་ཐམས་ཅད་ཀྱི། །སྤྲོས་མེད་བདག་ཉིད་བསྒོམ་པ་ཡིན། །མཉམ་པ་གང་དུ་བློ་མཉམ་པ། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །ཅེས་བྱའོ། །ཏིང་ངེ་

འཛིན་གྱི་ལེའུ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་ཡང་ཞེས་བྱ་བ་ལ་སོགས་པས་ནི་དབྱངས་བྱིན་གྱི་ལེའུ་བསྟན་པས་ཐམས་ཅད་གཏང་བར་བསྟན་པར་བྱ་བའི་ཕྱིར། མགོ་དང་གོས་ལ་མེ་འབར་བ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་ལ། མགོ་དང་གོས་ལ་མེ་འབར་བ་གསོད་པ་ལ་བརྩོན་པའི་

เล่ม ๑๑๗ · หน้า 35b

སྐྱེས་བུ་བཞིན་དུ་ཉེ་དུའི་ཚོགས་ལ་སོགས་པ་སྤང་ཞིང་། རྒྱལ་སྲིད་ཀྱི་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པ་ཡང་སྤངས་ལ་ཁྱིམ་གྱི་གནས་ནས་ཉེ་བར་འབྱུང་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་བཏང་ལ་རབ་ཏུ་འབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞོན་ནུ་སྔོན་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ།

དབྱངས་བྱིན་དཔེར་བྱས་ནས་དེ་དག་ཉིད་གསལ་པོར་སྟོན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་ཏོ། །དེ་བཞིན་གཤེགས་པ་དེའི་ཉན་ཐོས་འདུས་པ་དང་པོ་ནི་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་ལ་ཟག་པ་ཟད་པ་ནི་ཉོན་མོངས་པ་ཟད་པའོ། །ཁུར་

བོར་བ་ནི་ཉོན་མོངས་པ་དང་། ཕུང་པོ་དང་། དམ་བཅའ་བ་དང་། བརྩོན་འགྲུས་ཀྱི་ཁུར་རྣམས་དང་བྲལ་བའོ། །རང་གི་དོན་རྗེས་སུ་ཐོབ་པ་ནི་དེ་བཞིན་གཤེགས་པས་བསྟན་པའི་ལམ་བསྒོམས་པའི་སྟོབས་ཀྱིས་རང་གི་དོན་མངོན་པར་རྟོགས་པ་ཐོབ་པའོ། །སྲིད་པར་སྦྱོར་བ་ཡོངས་

སུ་ཟད་པ་ནི་མ་རིག་པ་ལ་སོགས་པ་སྲིད་པར་སྦྱོར་བ་དགུ་ཡོངས་སུ་ཟད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པའི་བཀས་སེམས་རྣམ་པར་གྲོལ་བ་ནི་གང་གི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའོ། །ཡང་དག་པའི་ལམ་བསྒོམས་པས་

གང་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་ཐམས་ཅད་ལ་དབང་ཐོབ་པ་ནི་གང་དག་གིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བས་རང་གི་སེམས་ལ་དབང་ཐོབ་པས་འདུས་པར་གྱུར་པ་ཞེས་བྱའོ། །དེ་བཞིན་དུ་འདུས་པ་གཉིས་པ་ལ་ནི་བྱེ་བ་ཕྲག་

བདུན་ཅུའོ། །འདུས་པ་གསུམ་པ་ལ་ནི་བྱེ་བ་ཕྲག་དྲུག་ཅུའོ། །བྱང་ཆུབ་སེམས་དཔའ་ཡང་གྲངས་མེད་པ་འདུས་པར་གྱུར་ཏེ། དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ཕུན་སུམ་ཚོགས་པ་ཤིན་ཏུ་ཆེ་བར་བསྟན་པ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་དེའི་ཚེའི་

ཚད་ནི་ལོ་བཞི་ཁྲིར་གྱུར་ཏོ་ཞེས་བྱ་བ་ནི་དུས་ཆེན་པོར་བསྟན་པའོ། །འཛམ་བུའི་གླིང་འདིར་འབྱོར་པ་ནི་ནོར་ཕུན་སུམ་ཚོགས་པའོ། །རྒྱས་པ་ནི་ཤིན་ཏུ་རྒྱ་ཆེ་བས་སོ། །བདེ་བ་ནི་ནད་ལ་སོགས་པ་མེད་པའོ། །ལོ་ལེགས་པ་ནི་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པའོ། །སྐྱེ་བོ་ཐམས་ཅད་ཀྱི་ཡིད་

เล่ม ๑๑๗ · หน้า 36a

ལ་དགའ་བ་ནི་དགའ་བར་བྱ་བའོ། །ཉམས་དགའ་བ་ནི་བདུད་ལ་སོགས་པས་གནོད་པ་མེད་པའོ། །སྐྱེ་བོ་དང་མི་མང་པོས་གང་བ་ཞེས་བྱ་བ་ནི་གནོད་པ་ཅི་ཡང་མེད་པར་བསྟན་པ་ཡིན་ནོ། །དེའི་ཚེ་འཛམ་བུའི་གླིང་འདིར་རྒྱལ་པོ་གཉིས་བྱུང་བར་གྱུར་ཏེ། སྟོབས་བརྟན་དང་། སྟོབས་

ཆེན་ཞེས་བྱ་བས་ཕྱེད་ཕྱེད་ལ་དབང་བྱེད་པར་གྱུར་ཏོ། །དེ་ལ་སྟོབས་ཆེན་དབང་བྱེད་པའི་ཕྱོགས་དེར་དེ་བཞིན་གཤེགས་པ་དབྱངས་བྱིན་བྱུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དབྱངས་བྱིན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ། ཉེ་བར་

མཁོ་བ་ཐམས་ཅད་ལ་རྒྱལ་པོ་འཁོར་དང་བཅས་པ་དེས་བསོད་སྙོམས་ལ་སོགས་པ་ལ་ཇི་ལྟར་བདེ་བར་ལོངས་སྤྱད་པའི་ཕྱིར་སྤྱན་དྲངས་སོ། །དེ་ནས་དེ་བཞིན་གཤེགས་པ་དེས་རྒྱལ་པོ་དེ་འཁོར་དང་བཅས་པ་ལ་ཚུལ་ཁྲིམས་དང་། གོས་སྦྱོང་ལ་སོགས་པའི་རམ་གྱིས་ཤིན་ཏུ་རྣམ་པར་དག་པ་

མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པའི་ཕྱིར་ཆོས་བསྟན་ཏོ་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཡིན་ནོ། །འདི་དག་ཉིད་ཀྱི་དོན་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ་ནི་སྔ་མ་བཞིན་ནོ། །སྦྱིན་པ་རབ་སྦྱིན་གཅིག་ལ་གཅིག་བརྟེན་པ། །ཞེས་བྱ་བ་ལ་སོགས་པ་ལ། ལོངས་

སྤྱོད་ཀྱི་ཕྱིར་སྦྱིན་པ་དེ་ནི་དེ་བཞིན་གཤེགས་པས་མ་བསྔགས་ཏེ། སངས་རྒྱས་ཉིད་ཀྱི་ཕྱིར་བསྒྲུབ་པའི་མཆོད་པ་གཙོར་བྱེད་པས་གང་དག་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་ཆོས་སྟོན་པར་བྱེད་པའི་ཆོས་ཀྱི་སྦྱིན་པ་ཉིད་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཕྱིར་གཙོ་བོ་ཡིན་ནོ། །ཟང་ཟིང་

མེད་པའི་ཆོས་ལ་བརྟེན་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། དོན་ཆེན་འགྱུར་ཞེས་བྱ་བ་ནི་དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཟང་ཟིང་མེད་པའི་ཕྱིར་སེམས་ཀྱིས་ཆོས་སྦྱིན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ནི་མྱུར་བ་ཉིད་དུ་སངས་རྒྱས་ཉིད་

འགྲུབ་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་རོ། །དེ་འདྲ་དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་བྱ་བའོ། །བཟློག་པའི་སྒོ་ནས་དབེན་པ་བསྟེན་པ་གཙོར་བསྟན་པའི་ཕྱིར། འདོད་པ་དག་ལ་རབ་ཏུ་བརྟེན་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་དང་བུ་མོ་ཆུང་མ་དང་ཉེ་དུ་ལ་

เล่ม ๑๑๗ · หน้า 36b

སོགས་པའི་སྲེད་པ་དང་ལྡན་པས་འདོད་པ་ལ་རབ་ཏུ་བརྟེན་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ནི་གནས་མེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱུང་། ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་གང་ཡང་ཁྱིམ་པ་ཉིད་དུ་གྱུར་ནས་བུ་དང་བུ་མོ་དང་

ལྡན་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའམ། མ་འོངས་པ་དང་། ད་ལྟར་ཡང་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་མེད་པའི་གནས་སྐབས་ནི་འགལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །རྒྱལ་སྲིད་ལ་སོགས་པ་སྤངས་ཤིང་ཟག་

པ་དང་བཅས་པའི་ཉོན་མོངས་པ་རབ་ཏུ་སྤངས་ནས་ཉོན་མོངས་པའི་བདུད་ལ་སོགས་པ་ཐམས་ཅད་ལས་ངེས་པར་རྒྱལ་ཏེ་བླ་ན་མེད་པའི་བྱང་ཆུབ་འདུས་མ་བྱས་པ་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །དེ་ལྟ་བས་ན་བཟའ་བ་དང་བཏུང་བ་ལ་སོགས་པ་ཉེ་བར་མཁོ་བའི་མཆོད་པ་

ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་མཉེས་པར་མི་འགྱུར་གྱིས་ཇི་ལྟར་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པ་བསྲུང་བ་ལ་མངོན་པར་སྦྱོར་བས་རྟག་པ་ཉིད་དུ་འདུས་བྱས་ཐམས་ཅད་ལ་རབ་ཏུ་རྟོག་པ་ལ་གཅིག་ཏུ་གཞོལ་བས་དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་ན་སྔ་མ་དེ་བས་བསོད་ནམས་འདི་ཁྱད་

པར་དུ་འཕགས་སོ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་རབ་ཏུ་བྱུང་བའི་བསྔགས་པ་བརྗོད་པའི་གཏམ་རྒྱ་ཆེར་ཐོས་པ་དང་། གང་གི་ཕྱིར་བདག་ཀྱང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་ཞེས་བསམས་ནས། འཁོར་དང་བཅས་

པར་དེ་བཞིན་གཤེགས་པའི་དྲུང་དུ་སོང་སྟེ་ཕྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ་དེ་དགེ་བའི་རྩ་བ་དེས་ངན་འགྲོ་ཐམས་ཅད་དུ་ལོག་པར་ལྟུང་བ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་ལ་བསྙེན་བཀུར་བྱས་སོ། །དེ་དག་ལས་ཏིང་

ངེ་འཛིན་འདི་ཐོས་སོ། །བཟུང་ངོ་། བསྒོམས་སོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡེ་ཤེས་དཔའ་བ་ཞེས་བྱ་བར་གྱུར་ཏོ། །དེས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཏེ། མྱ་ངན་ལས་འདས་པས་

เล่ม ๑๑๗ · หน้า 37a

འདུལ་བའི་སྐྱེ་བོ་གདུལ་བའི་ཕྱིར་སངས་རྒྱས་ཀྱི་མྱ་ངན་ལས་འདས་པས་མྱ་ངན་ལས་འདས་སོ། །རྒྱལ་པོ་སྟོབས་ཆེན་དང་ལྷན་ཅིག་དེ་བཞིན་གཤེགས་པ་དབྱངས་བྱིན་གྱི་དྲུང་དུ་འོངས་པའི་འཁོར་དེ་དག་གིས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་དེ་བཞིན་དུ་རབ་ཏུ་བྱུང་བར་

གྱུར་ཏོ། །རབ་ཏུ་བྱུང་ནས་ཀྱང་ཏིང་ངེ་འཛིན་འདི་རྒྱ་ཆེར་ཐོས་ཤིང་ཀུན་ཆུབ་པར་བྱས་ནས་བསྐལ་པ་འབུམ་ཚང་བ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དཔའ་བརྟན་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་

དུ་སེམས་ཅན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་འདི་དག་གིས་ནི་ཏིང་ངེ་འཛིན་བསྒོམ་པའི་རྗེས་སུ་མཐུན་པ་ནི་རབ་ཏུ་བྱུང་བ་ཉིད་ཡིན་ནོ་ཞེས་དགོས་པ་བསྟན་ཏོ། །ཁྱིམ་དང་ཆུང་མ་ལ་སོགས་པ་ཡོངས་སུ་གཏོང་བ་ཡང་འདིའི་རྒྱུ་ཡིན་ནོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་

པས་ནི་སྔོན་གྱི་སྦྱོར་བའི་ལེའུ་ཚིགས་སུ་བཅད་པས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱའོ། །དགོས་པ་ནི་སྔར་བསྟན་པ་བཞིན་དུ་གཟུང་བར་བྱའོ། །ངས་དྲན་བསམ་གྱིས་མི་ཁྱབ་བསྐལ་པ་ན། །འདས་པའི་དུས་ན་མི་ཡི་གཙོ་བོ་ནི། །ཞེས་བྱ་བ་ལ་སོགས་པས་ནི་སྔོན་གྱི་དུས་ན་ཉམས་སུ་

མྱོང་བ་བསྟན་ཏོ། །བསམ་གྱིས་མི་ཁྱབ་བསྐལ་པ་ཞེས་བྱ་བ་ནི་གྲངས་ལས་འདས་པ་ཉིད་ཀྱི་ཕྱིར་བསམ་པར་མི་ནུས་པའོ། །བསམ་གྱིས་མི་ཁྱབ་པའི་བསྐལ་པ་འདས་པའི་དུས་དེའི་ཚེ་དེ་བཞིན་གཤེགས་པ་དབྱངས་ཀྱིས་བྱིན་ཞེས་བྱ་བ་ལ་སོགས་པས་ནི་ལྷག་པའི་གཞུང་གི་དོན་བསྟན་པ་ཉིད་

ཚིགས་སུ་བཅད་པས་སྟོན་པ་ཡིན་པས་རྟོགས་སླ་བའི་ཕྱིར་མ་བཤད་དོ། །སྔོན་གྱི་སྦྱོར་བའི་ལེའུའི་གཞུང་ན་དོན་གྱིས་རྣམ་བརྒྱན་པ། །ཐུབ་པའི་དབང་པོའི་འགྲོ་བ་རྟོགས་པའི་བྱང་ཆུབ་སེམས་དཔས་བསྟན། །བསྒོམ་པའི་དོན་དུ་སེམས་ཀྱིས་ཐམས་ཅད་གཟུང་བྱས་ནས། །དེའི་ཕྱིར་མ་ལུས་

སེམས་ཀྱིས་དེ་བཞིན་བཟུང་ལ་བསྒོམ། །ཞེས་བྱ་བའོ། །དབྱངས་བྱིན་གྱི་ལེའུ་སྟེ་ལྔ་པའི་འགྲེལ་པ་རྫོགས་སོ།། །།ཇི་སྐད་གསུངས་པའི་ཏིང་ངེ་འཛིན་ངེས་པར་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཏིང་

เล่ม ๑๑๗ · หน้า 37b

ངེ་འཛིན་ཡོངས་སུ་སྦྱོང་བ་གང་ཞེ་ན་ཞེས་བྱ་བས་ནི་ཡོངས་སུ་སྦྱོང་བ་ལ་རྨོངས་པ་བསལ་བའི་ཕྱིར་དྲིས་པའོ། །གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ཐམས་ཅད་སྟོན་པར་རྩོམ་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་ལ་ཞུགས་པའི་སེམས་ཀྱིས་ཞེས་བྱ་བས་ནི་གཞན་གྱི་དོན་ལ་

ཞུགས་པ་ནི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་བཞུགས་པ་འམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་ཞེས་བྱ་བ་ནི་ཐམས་ཅད་དུ་བསམ་པས་རབ་ཏུ་བསྒྱུར་བས་མཆོད་པ་དེ་འགྲུབ་པར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །མཆོད་

པ་བྱ་བ་ལ་བརྩོན་པ་ཡིན་ཏེ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། འདི་ལྟ་སྟེ་ཆོས་གོས་དང་། བསོད་སྙོམས་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་དང་བསྙེན་བཀུར་ལས་བྱུང་བའི་རྩ་བ་དེ་དག་ཀྱང་ཏིང་ངེ་འཛིན་ཐོབ་པར་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་ན་སངས་རྒྱས་ཉིད་ཀྱང་འཐོབ་པར་

འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ནི་འདོད་པ་ཡོངས་སུ་སྤྱོད་པའམ། མཐོ་རིས་ལ་སོགས་པ་ཆོས་ཅུང་ཟད་ཙམ་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་མ་ཡིན་ནོ། །ཆོས་སེམས་པར་འགྱུར་གྱི་གཞན་སེམས་པ་མ་ཡིན་ནོ། །དེ་འདོད་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་མི་

དམིགས་པ་སྟེ། མངོན་པར་ཞེན་པའི་གནས་མ་ཡིན་པའི་ཕྱིར་རོ། །ཡང་དེ་གཟུགས་ཀྱི་སྐུར་ལྟ་ག་ལ་ཞིག་དམིགས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ཆོས་ཉིད་ལ་ནན་ཏན་བྱེད་པ་ནི་དོན་དམ་པའི་མཆོད་པ་སྟེ། དེ་བཞིན་གཤེགས་པ་མི་མཐོང་བ་དང་། བདག་ཉིད་མི་དམིགས་པ་དང་། རྣམ་པར་སྨིན་

པ་གཞན་ལ་མི་རེ་བ་ཞེས་བྱ་བ་འདི་ནི་འཁོར་གསུམ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པའི་མཆོད་པའོ། །མཆོད་པ་འདིས་དེ་བཞིན་གཤེགས་པ་མཆོད་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་སྟེ། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པར་ནི་ངེས་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པས་གསུངས་པ་ནི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །ཡེ་ཤེས་མཐའ་ཡས་པ་ལ་སྤོས་བུལ་བས། །ཞེས་བྱ་བ་ལ་སོགས་པ་ལ།

เล่ม ๑๑๗ · หน้า 38a

ཡེ་ཤེས་མཐའ་ཡས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་དེ་ལ་དྲིས་ཕུལ་བ་ཉིད་ཀྱིས་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པར་འགྱུར་རོ། །འཁོར་གསུམ་ཡོངས་སུ་དག་པའི་དྲིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དེས་ནི་ཡེ་ཤེས་ཀྱི་

རང་བཞིན་རྗེས་སུ་མཐུན་པའི་བཟོད་པ་ཆུང་ངུ་སྐྱེ་བར་འགྱུར་རོ། །བཟོད་པ་ཆེན་པོ་བསྟེན་པའི་མི་དེ་ལ་ནི་མིའི་ཁམ་ཚད་ཙམ་དུ་བཅད་གཏུབས་ཀྱང་ཞེས་བྱ་བ་ནི་ཁམ་ཚད་ཙམ་དུ་བཅད་ཅིང་གཏུབས་ནས་ལུས་དུམ་བུར་བྱས་ཀྱང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ལས་དེའི་སེམས་ལྡོག་པར་མི་འགྱུར་ཏེ། གཅད་བྱ་དང་གཅོད་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་ན་བཟོད་པའི་མིང་དུ་གདགས་ཞེས་བྱ་བས་ནི་བཟོད་པ་ལ་འཇུག་པའི་ཕྱིར་རྒྱུ་གང་གི་བཟོད་པ་ཞེས་བྱ་ཞེས་དྲིས་པ་ཡིན་ནོ། །ཇི་ལྟར་རྗེས་སུ་མཐུན་

པ་ཞེས་ཀྱང་བྱ། །གང་གི་རྒྱུས་ན་ཕྱིར་མི་ལྡོག་ཅེས་བྱ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བརྗོད། །ཅེས་འདྲི་ན། ཆོས་བདག་མེད་པ་ལ་སེམས་ཀྱིས་འདོད་ཅིང་བཟོད་པའི་རྗེས་སུ་མཐུན་པའི་བཟོད་པ་སྟེ། ཐེ་ཚོམ་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་ཆོས་རྟོགས་པ་ལ་རྗེས་སུ་ཕན་པའི་ཕྱིར་

རོ། །དེའི་ཕྱིར་རྗེས་སུ་མཐུན་པའི་བཟོད་པ་ཞེས་བརྗོད་དོ། །དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས་དེ་ཕྱིར་ཟློག་པའི་ཕྱིར་ཚིག་འདི་སྐད་སྨྲའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤིན་ཏུ་རྙེད་པར་དཀའ་ཡིས་དེའི་ཕྱིར་ཉན་ཐོས་

ཉིད་དུ་འབྱུང་བར་གྱིས་ཤིག་ཅེས་སྨྲ་ཡང་དེ་ཕྱིར་ལྡོག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་སྒྲ་ལ་འཇུག་པའི་ཕྱིར། སེམས་ཅན་མི་མཐུན་ལྟ་ལས་རྟོགས་བྱེད་ཅིང་། །ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་སོང་བའི་ལྟ་བ་དྲུག་ཅུ་རྩ་གཉིས་ནི་ལམ་ངན་པ་སྟོན་པའི་ཕྱིར་མི་མཐུན་

པའི་ལྟ་བ་ཞེས་བྱའོ། །དེ་ལས་བཟློག་པའི་ཕྱིར་ཡང་དག་པའི་ལམ་སྟོན་པར་བྱེད་པའི་ཆོས་ཐམས་ཅད་བདག་མེད་པ་སྟོན་པར་བྱེད་པའི་ལྟ་བ་ཞེས་བྱ་བས་སེམས་ཅན་རྣམས་རྟོགས་པར་བྱེད་ཅིང་ཞེས་བྱ་བ་ནི་བསྒྲུབ་ཏུ་འཇུག་པའོ། །མི་འཆི་ཐོབ་པའི་ལམ་ནི་འདི་མིན་ཞེས། །ཞེས་བྱ་ལ། དེ་ལྟ་བུའི་ལྟ་

เล่ม ๑๑๗ · หน้า 38b

བ་ལོག་པར་ལྟུང་བའི་ལམ་ལས་བཟློག་ནས་སེམས་ཅན་རྣམས་བདུད་རྩི་འཐོབ་པའི་ལམ་ལ་འཇོག་པར་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་བཞིན་དུ་རྗེས་སུ་མཐུན་པའི་བཟོད་པ་དང་ལྡན་པའི་ལམ་ལ་རབ་ཏུ་ཞུགས་པ་ཆོས་ཀྱི་རང་བཞིན་བདག་མེད་པར་རྟོགས་པ་ལས་སེམས་

ཅན་དང་སྲོག་ལ་སོགས་པར་ལྟ་བ་རྨི་ལམ་གྱི་ནང་དུ་ཡང་འབྱུང་བར་མི་འགྱུར་རོ། །བདུད་རྣམས་བྱེ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་སངས་རྒྱས་ཀྱི་གཟུགས་སུ་དེ་དག་གི་དྲུང་དུ་འོངས་ནས་སེམས་ཅན་དང་སྲོག་ལ་སོགས་པ་ནི་ཡོད་དོ་ཞེས་སྨྲ་ན་ཡང་དེ་དག་ལ་གཡོ་བ་མེད་པའི་སེམས་ཀྱིས་ལན་འདི་སྐད་

འདེབས་པར་བྱེད་དོ། །ཚད་མ་དང་ལྡན་པའི་ཤེས་པས་བདག་མེད་པ་རྟོགས་པའི་སྟོབས་ཀྱིས་སེམས་ཅན་དང་སྲོག་ལ་སོགས་པ་མེད་པར་ཡང་དག་པར་རྟོགས་སོ་ཞེས་སྨྲའོ། །ཁྱོད་ནི་སངས་རྒྱས་ཀྱང་མ་ཡིན་ཏེ། ལམ་ལོག་པར་སྟོན་པའི་ཕྱིར་སེར་སྐྱ་ལ་སོགས་པ་མུ་སྟེགས་པ་བཞིན་ནོ། །བདུད་

ཉིད་ངའི་སེམས་སླུ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་སུ་འོངས་པ་ཡིན་ནོ་ཞེས་ཟེར་རོ། །ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས། །ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་སོགས་པ་དང་བྲལ་བའི་ཕུང་པོ་ལྔ་སྟོང་པར་ཤེས་སོ། །ཤེས་ནས་ཉོན་མོངས་པ་རྣམས་དང་མི་འགྲོགས་ན་ཅི་ལྟར་ན་འཇིག་རྟེན་པ་ལ་

བྱང་ཆུབ་སེམས་དཔར་གྲགས་ཤེ་ན། ཐ་སྙད་ཙམ་གྱིས་རྣམ་པར་དཔྱོད་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་ཙམ་ཡིན་པས་དོན་གྱིས་སྟོང་ངོ་། །ཐ་སྙད་འདི་དོན་དམ་པ་མ་ཡིན་ཏེ། མྱ་ངན་ལས་འདས་ན་ཡང་འཇིག་རྟེན་གྱི་ཐ་སྙད་དུ་མྱ་ངན་ལས་མ་འདས་པ་བཞིན་དུ་ཐ་སྙད་དུ་བྱེད་དོ་ཞེས་བྱ་

བར་དཔེས་བསྟན་པའི་ཕྱིར། ཇི་ལྟར་སྐྱེས་བུ་དག་གི་བུ་སྐྱེས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་བུ་འགའ་ཞིག་ལ་བུ་ཞིག་སྐྱེས་པ་ལ་ལྷ་སྦྱིན་ལ་སོགས་པར་མིང་བཏགས་པའི་མིང་དེ་ནི་གང་ནས་ཀྱང་འོངས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་མིང་བཏགས་པ་དེ་ཡང་གང་ནས་

ཀྱང་མ་འོངས་ཏེ་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་གང་། ངོ་བོ་ལ་ངེས་པར་བརྟགས་ཤིང་བྱང་ཆུབ་སེམས་དཔའ་སེམས་ཅན་དང་སྲོག་ལ་སོགས་པ་ལ་བརྟགས་པ་ན་དམིགས་པར་མི་འགྱུར་ཏེ། དེ་ཉིད་བྱང་ཆུབ་སེམས་དཔའ་ཡིན་གྱི། གཞན་མ་

เล่ม ๑๑๗ · หน้า 39a

ཡིན་ནོ། །རྒྱ་མཚོའི་དབུས་ནས་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་མཚོ་ཆེན་པོའི་དབུས་སུ་མེ་འབར་བ་འབྱུང་བ་ནི་སྲིད་ཀྱང་བྱང་ཆུབ་སེམས་དཔའ་ནི་ནམ་ཡང་འཇིག་ཚོགས་ལ་ལྟ་བའམ། སྲོག་ལ་སོགས་པར་ལྟ་བ་འབྱུང་བ་མ་ཡིན་ནོ། །འདི་ལ་གང་ཡང་སེམས་ཅན་ནམ། སྐྱེ་

བའམ། འཆི་བའམ། རང་བཞིན་གྱིས་གྲུབ་པ་ནི་མེད་དོ་ཞེས་བསམས་ནས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གང་གིས་རྟོགས་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུར་གྱུར་པའི་ཆོས་རྣམས་ཀྱིས་རང་བཞིན་རྟོགས་པ་ནི་གཞན་ལ་ཡོད་པ་མ་ཡིན་ནོ་ཞེས་

བསྟན་པའི་ཕྱིར། མུ་སྟེགས་ཅན་གྱིས་རྣམ་པར་རིག་མི་ནུས། །ཞེས་བྱ་བ་ལ་སོགས་པ་ལ། འཇིག་ཚོགས་ཀྱི་ལྟ་བ་ལ་མངོན་པར་ཞེན་པའི་མུ་སྟེགས་པ་རྣམས་ཀྱིས་ཤེས་པར་མི་ནུས་པའོ། །མུ་སྟེགས་པ་མ་ཡིན་པ་རྣམས་ལས་ཀྱང་ཁ་ཟས་ལ་སོགས་པ་ལ། ཤིན་ཏུ་བརྐམ་པ་དང་། ཆགས་པ་ཆེ་བ་

དང་། ལྷུང་བཟེད་དང་ཆོས་གོས་ལ་སྲེད་པ་དང་། མི་བརྟན་པ་དང་། ཁེངས་སེམས་ཅན་དང་། སྙོམ་ལས་དང་། གཉིད་ཀྱིས་ཟིལ་གྱིས་མནན་པ་དང་། ལེ་ལོ་ལ་སོགས་པ་མངོན་པར་རྟོགས་པ་དང་། འགལ་བ་ཡིད་ལ་བྱེད་པ་རྣམས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པ་

ཡིན་ནོ། །གང་ལ་སྤྱོད་ཡུལ་དྲན་པ་ཉེ་བར་གཞག །ཅེས་བྱ་བ་ལ་སོགས་པས་ནི་རྟོགས་པ་དང་རྗེས་སུ་མཐུན་པའི་རྒྱུ་བསྟན་ཏེ། དྲན་པ་ནི་ཏིང་ངེ་འཛིན་ནོ། །གཞག་པ་ནི་སེམས་རྣམ་པར་མི་གཡོ་བའོ། །དགའ་བ་ནི་རབ་ཏུ་དགའ་བ་སྟེ་མལ་ལོ། །སྟོང་པ་ཉིད་ཀྱི་གོས་ཀྱིས་གཡོགས་པ་དང་། ཟས་ནི་

བསམ་གཏན་གྱི་བདུད་རྩིའོ། །ཆོས་ཐམས་ཅད་བདག་མེད་པའི་དྲིས་རྗེས་སུ་བྱུགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་ཕྲེང་བའི་རྒྱན་གང་ལ་ཡོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར་བདག་མེད་ཡོན་ཏན་ཆུ་བོའི་གཏེར་གྱུར་པ། །རྫོགས་

པའི་བྱང་ཆུབ་སེམས་ཀྱིས་བརྒྱན་ཅིང་སྟོང་པས་ཁྱབ། །དོན་གྱི་སྙིང་པོ་རྟོག་པ་ནས་བློ་གྲོས་མཐའ་ཡས་སངས་རྒྱས་ཀྱིས། །བསམ་གཏན་ཏིང་འཛིན་ཡོངས་སུ་སྦྱོང་བའི་རྒྱུ་ཡང་གསུངས། །ཏིང་འཛིན་ཡོངས་སུ་སྦྱང་བ་བྱ་བའི་ལེའུའི་བཤད་པ་སྟེ་དྲུག་པ་རྫོགས་སོ།། །།ད་ནི་སྡུག་བསྔལ་

เล่ม ๑๑๗ · หน้า 39b

དང་དུ་ལེན་པ་དང་གཞན་གནོད་པར་བྱ་བ་ལ་ཇི་མི་སྙམ་པ་དང་ཆོས་ལ་ངེས་པར་རྟོགས་པའི་དབྱེ་བས་བཟོད་པ་རྣམ་པ་གསུམ་གྱི་ལེའུ། བཟོད་པ་གསུམ་གྱི་ཡེ་ཤེས་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་བཟོད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་རབ་ཏུ་ཤེས་པར་བྱ་སྟེ་

ཞེས་བྱ་བ་ནི་ཁྱད་པར་ཤེས་པར་བྱ་བའོ། །གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་ལ་སོགས་པས་ནི་བསད་པ་གསུམ་གྱི་ལེའུ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་ལ་འབད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བཟོད་པ་གསུམ་གྱི་རང་གི་ངོ་བོ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ་ནི། སུ་དག་དང་

ཡང་རྩོད་པར་མི་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་ལ། གང་དང་ཡང་རྩོད་པར་མི་བྱེད་ཅེས་བྱ་བ་ནི་འཐབ་ཅིང་རྩོད་པ་སྤངས་ནས་ཆོས་ཉིད་ཀྱི་རྗེས་སུ་འབྲང་བས་ནི་ཐམས་ཅད་བཟོད་པའོ། །འདི་དག་བཟོད་པ་དང་པོར་བསྟན་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པ་དང་པོའི་རང་གི་ངོ་བོ་རྟོགས་པ་ཐོབ་པ་

ཡིན་ནོ་ཞེས་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་དང་པོའི་རབ་ཏུ་དབྱེ་བའི་ཁྱད་པར་བསྟན་པའི་ཕྱིར། ཆོས་རྣམས་ཐམས་ཅད་སྒྱུ་མ་འདྲར་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བཟོད་པའི་མཚན་ཉིད་ཅན་གྱི་བཟོད་པ་མཚན་མ་སྤངས་པ་དེ་ནི་

མདོ་སྡེའི་ཚུལ་ཐམས་ཅད་ལ་ཡང་མཁས་ཤིང་ལེགས་པར་བསླབས་པས་ཐེ་ཚོམ་ཐམས་ཅད་དང་བྲལ་བས་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ལ་དེ་མོས་པར་འགྱུར་རོ། །དེ་ནས་ངེས་པའི་དོན་དང་དྲང་བའི་དོན་གྱི་མདོ་སྡེའི་རྣམ་པར་དབྱེ་བ་ཤེས་པར་

འགྱུར་ཏེ། གང་སྟོང་པ་ཉིད་སྒྲུབ་པར་བྱེད་པ་དེ་ནི་ངེས་པའི་དོན་དེ་བཤད་པ་ལ་ལྟོས་པ་མེད་པའོ། །གང་ཡང་གང་ཟག་ལ་སོགས་པ་སྟོན་པར་བྱེད་པ་ནི་དྲང་བའི་དོན་ཏེ་བཤད་དུ་ཡོད་པའོ། །དེའི་ཕྱིར་མཉམ་པ་ཉིད་མཐོང་བ་རྣམས་ནི་མུ་སྟེགས་པ་དེ་དག་ལ་ཡང་སེམས་སྡང་བ་མི་སྐྱེ་ལ། ཡང་དག་

པ་ལ་ཞུགས་པ་རྣམས་ལ་ཡང་རྗེས་སུ་མི་ཆགས་སོ། །དེ་ནས་གཟུངས་རྣམ་པ་བཞིའི་ངོ་བོ་ཉིད་སྣང་བར་འགྱུར་རོ། །དེ་བདེན་པའི་རྗེས་སུ་འབྲངས་པའི་ཚིག་སྨྲ་བར་འགྱུར་རོ། །ས་ལ་སོགས་པའི་འབྱུང་བ་རྣམས་གཞན་དུ་འགྱུར་ཡང་སྲིད་ཀྱི། འདི་ལྟ་བུའི་བཟོད་པ་དང་ལྡན་པ་ནི་བླ་ན་མེད་པ་ཡང་

เล่ม ๑๑๗ · หน้า 40a

དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་མི་འགྱུར་རོ། །དེ་ལྟར་བཟོད་པ་དང་པོའི་ཁྱད་པར་བསྟན་ནས། ཞི་གནས་སྟོབས་ཀྱིས་བསྐྱོད་པར་མི་འགྱུར་ཞིང་། །ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་གཉིས་པའི་ཁྱད་པར་བསྟན་ཏེ། གང་གི་ཚེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་

གཡོ་བ་མེད་པར་གྱུར་ཅིང་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་འཁྲུག་པ་མེད་པར་གྱུར་པ་ན་དེའི་ཚེ་བཟོད་པ་གཉིས་པའི་ཁྱད་པར་ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །སེམས་ཅན་ཀུན་གྱིས་འཁྲུགས་པར་མི་ནུས་ཏེ། །ཞེས་བྱ་བ་ནི་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའི་བདག་ཉིད་ཅན་དུ་གྱུར་པ་དང་།

རང་དང་གཞན་ཏུ་རྟོག་པ་དང་བྲལ་བའི་ཕྱིར་སྤྱོད་ལམ་རྣམ་པ་བཞི་ཆར་ལ་ཡང་སེམས་གཡོ་བ་མེད་པར་གྱུར་པ་ན་མཉམ་པར་གཞག་པ་ཉིད་ཀྱིས་འགྲེང་ངམ་འདུག་གམ་འགྲོ་འམ་ཉལ་ཡང་རུང་། སྨྲ་ཡང་རུང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་མངོན་པར་ཤེས་པ་ལྔ་བསྒྲུབས་ནས་སངས་རྒྱས་ཀྱི་ཞིང་

མཐའ་ཡས་པ་ན་གནས་པའི་སེམས་ཅན་རྣམས་འདུལ་བའི་ཕྱིར་རྫུ་འཕྲུལ་གྱིས་འགྲོ་ཞིང་དེས་ང་རྒྱལ་ཡང་མི་བྱེད་ལ། དེ་ལས་ཉམས་པར་ཡང་མི་འགྱུར་ཏེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་

ཤེས་དང་ལྡན་པར་གྱུར་ནས། སྒོ་སྣ་ཚོགས་ནས་ཆོས་སྟོན་པར་གྱུར་ཀྱང་དེས་དེ་དག་ཐམས་ཅད་དེ་བཞིན་དུ་འཛིན་ཅིང་གཞན་དག་ལ་ཡང་བསམ་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་འདུ་བར་བྱེད་དོ་ཞེས་བྱ་བ་ནི་བཟོད་པ་གཉིས་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བ་སྟེ། ཡོན་ཏན་ཞེས་བྱ་བའི་

དོན་ཏོ། །བཟོད་པ་གསུམ་པའི་ཁྱད་པར་བསྟན་པའི་ཕྱིར། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་དང་ལྷོ་དང་ནུབ་དང་བྱང་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་

པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་ཞིང་དེ་དག་ལ་ཆོས་ཀྱང་ཉན་ཏོ། །རང་ཉིད་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་སྤྲུལ་ནས་གདུལ་བྱའི་སེམས་ཅན་རྣམས་གཟུད་པའི་ཕྱིར་ཆོས་སྟོན་པར་ཡང་བྱེད་དོ། །དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་མཐོང་ཞིང་སེམས་

เล่ม ๑๑๗ · หน้า 40b

ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་སྤྱོད་ལམ་ལ་ལེགས་པར་སློབ་པའི་ཕྱིར་དེ་བཞིན་དུ་ཐམས་ཅད་སྒྲུབ་པར་བྱེད་དོ། །དེ་དག་ཉིད་བསྟན་པའི་ཕྱིར། འཇིག་རྟེན་ཁམས་

འདིའི་སེམས་ཅན་ཅི་ཡོད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་བརྗོད་ཅིང་བསྟོད་པ་བྱེད་པ་ན་དེས་དེ་དགའ་བའམ་རྗེས་སུ་ཆགས་པ་སྐྱེ་བར་གྱུར་ན་དེ་བཞིན་གཤེགས་པའི་བསླབ་པ་ལ་ལེགས་པར་བསླབས་པ་མ་ཡིན་

ནོ་ཞེས་བརྗོད་པར་བྱའོ། །བསྔགས་པ་མ་ཡིན་པ་བསྒྲགས་པར་གྱུར་པ་ན་གལ་ཏེ་སེམས་ཞུམ་པར་གྱུར་ན་དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་སློབ་པ་མ་ཡིན་ཏེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བཅས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སློབ་པ་མ་ཡིན་ནོ་ཞེས་བྱས་

ནས་སོ། །དེ་བཞིན་དུ་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་རིའི་རྒྱལ་པོ་བཞིན་དུ་སེམས་མི་བསྐྱོད་ཅིང་ཀུན་དུ་རྟོག་པ་ཐམས་ཅད་ཀྱི་རླུང་གིས་མི་གཡོ་བ་ནི་བཟོད་པ་གསུམ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །ད་ནི་བཟོད་པ་གསུམ་གྱི་རྣམ་པས་དབྱེ་བས་བསྟན་

པའི་ཕྱིར། སྒྲ་ཡི་རྗེས་འགྲོ་བཟོད་པ་འདི་བསྟན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ངན་པར་སྨྲ་བ་ལ་སོགས་པའི་ཚིག་གི་ལམ་ལ་བཟོད་པས་ན་སྒྲའི་རྗེས་སུ་འཇུག་པའི་བཟོད་པ་ཞེས་བྱའོ། །ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་ནི་མངོན་པར་རྟོགས་པ་ལ་ཕན་པའི་ཕྱིར་

རྗེས་སུ་མཐུན་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་སྟེ། མངོན་པར་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་ངོ་བོ་ཡང་མངོན་པར་རྟོགས་པའི་རང་བཞིན་ནོ། །བཟོད་པ་གསུམ་པོ་འདི་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་བྱང་ཆུབ་སེམས་

དཔའ་རྣམས་ཀྱིས་ཐོབ་པར་འགྱུར་བའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ལུང་བསྟན་པ་ཐོབ་ནས་བདག་ཅག་ཀྱང་སངས་རྒྱས་སུ་འགྱུར་བར་བྱའོ། །ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་

เล่ม ๑๑๗ · หน้า 41a

འགྱུར་རོ། །དེ་མ་ཐག་ཏུ་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །རབ་ཏུ་དགའ་བའི་སེམས་ཀྱི་ས་ལྷ་ལ་སོགས་པ་ཡང་མེ་ཏོག་སྣ་ཚོགས་ཀྱི་ཆར་ཡང་རབ་ཏུ་འབེབས་སོ། །སེམས་ཅན་དག་གིས་སྤྱོས་བསྡིགས་བརྡེགས་ན་ཡང་། །ཞེས་བྱ་བ་ལ་སོགས་པའི་དོན་ནི་

བཤད་ཟིན་པས་ཡང་བརྗོད་པར་མི་བྱའོ། །གང་ཡང་སེམས་ཅན་རྣམས་མཚོན་ཐོགས་ནས་དེའི་ལུས་དང་ཡན་ལག་དུམ་བུ་དུམ་བུ་མང་དུ་གཏུབས་ཀྱང་སེམས་ཀྱི་རྒྱུད་བྱམས་པ་ཆེན་པོ་བསྒོམས་པའི་ཕྱིར་དེ་དག་ལ་ཁྲོ་བའི་སེམས་སམ། སྡང་བའི་སེམས་སྐྱེ་བར་མི་འགྱུར་གྱི། །བཟློག་ནས་སྙིང་རྗེ་ཆེན་པོ་

ཉིད་ཀྱིས་དེ་དག་ཉིད་གཟུང་བའི་ཕྱིར་འབད་པར་བྱེད་དོ། །དེ་ཕྱིར་བྱང་ཆུབ་མཆོག་རབ་བླ་ན་མེད། །ཅེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཇི་སྐད་དུ་གསུངས་པའི་བཟོད་པ་དག་བསྒོམ་པར་བྱའོ་

ཞེས་བྱ་བ་ཡིན་ནོ། །གང་ཚེ་ཆོས་ལ་བཟོད་པས་སྐྱོན་སྤངས་ནས། །རྣམ་རྟོག་མ་ལུས་ཞི་བ་ལེགས་བསྒོམས་ན། །བདུད་ཀྱི་དགྲ་ཡི་ཚོགས་ཀྱང་དེ་བཞིན་ཞི། །བཟོད་མེད་དྲག་ཚིག་མཚོན་རྣོན་བཟོད་པར་གྱིས། །བཟོད་པ་གསུམ་གྱི་ལེའུ་བསྟན་པ་སྟེ་བདུན་པའི་བཤད་པ་རྫོགས་སོ།། །།

ད་ནི་དངོས་པོ་མེད་པ་ལས་བྱུང་བའི་ལེའུ། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ངོ་བོ་དྲིས་པའོ། །གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པས་ནི་ལན་གྱི་ཚིག་གསུངས་

པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་གང་གིས་དངོས་པོ་རྣམས་ལ་གཅིག་དང་དུ་མའི་རང་བཞིན་གྱིས་ངེས་པར་བརྟགས་པ་ན་ངོ་བོ་ཉིད་ཉེ་བར་དམིགས་པར་མི་འགྱུར་བའོ། །དེའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱའོ། །མཚན་མ་མེད་པ་ཞེས་བྱ་བ་ལ། མཚན་མ་ནི་དངོས་པོའི་རྟགས་

ཏེ། མཚན་མ་དང་། རྟགས་དང་། རྒྱུ་གང་དག་གིས་དེ་འཛིན་པ་ཉིད་དོ། །མོ་གཤམ་གྱི་བུ་བཞིན་དུ་མ་སྐྱེས་པ་ཉིད་ལ་ནི་མཚན་མའི་ངོ་བོ་མེད་པས་མཚན་མ་མེད་པ་ཉིད་དོ། །མཚན་ཉིད་མེད་པ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་གྱི་ཕུང་པོ་ཐམས་ཅད་ཀྱི་མཚན་ཉིད་བསྟན་ལ། བྱ་བ་དེ་ཡང་གཅིག་པའམ།

เล่ม ๑๑๗ · หน้า 41b

ཐ་དད་པའམ། གཉི་གའི་ངོ་བོ་ཡང་མེད་པས་མཚན་ཉིད་དང་མཚན་ཉིད་ཀྱི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པས་དེའི་ཕྱིར་མཚན་ཉིད་མེད་པ་ཞེས་བྱའོ། །མ་སྐྱེས་པ་ཞེས་བྱ་བ་ནི་རང་དང་། གཞན་དང་། གཉི་ག་དང་། རྒྱུ་མེད་པ་ལས་ཀྱང་སྐྱེ་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྐྱེ་

བ་བཀག་པའི་ཕྱིར་མ་སྐྱེས་པའོ། །མ་འགགས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉིད་ཀྱིས་འགག་པ་ཡང་མེད་དོ། །སྐྱེས་པ་ནི་འགག་པར་འགྱུར་གྱིས་མ་སྐྱེས་པའི་མོ་གཤམ་གྱི་བུ་ལ་འཆི་བ་མེད་པ་བཞིན་ནོ། །ཡི་གེ་མེད་པ་ཞེས་བྱ་བ་ནི་མི་འགྱུར་བ་བརྗོད་དུ་མེད་པ་སྟེ། ཡི་གེའི་ངོ་བོ་མ་ཡིན་པས་སྒྲའི་

ཚངས་པར་སྨྲ་བ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་རང་བཞིན་དང་བྲལ་བ་ཉིད་དོ། །དེའི་ཕྱིར་ཡི་གེ་མེད་པའོ། །སྟོང་པ་ཞེས་བྱ་བ་ནི་བསྟན་མ་ཐག་པའི་སྤྲོས་པ་ཐམས་ཅད་ཀྱིས་མ་སྤྲོས་པ་བདག་དང་བདག་གི་རང་གི་ངོ་བོ་དང་བྲལ་བ་སྟོང་པ་ཉིད་དོ། །གཟོད་མ་ནས་ཞི་བ་ཞེས་བྱ་བ་ནི་སྐྱེ་བ་སྔོན་དུ་སོང་བའི་མྱ་

ངན་ལས་འདས་པ་ཡོད་པ་མ་ཡིན་གྱི་གཟོད་མ་ཉིད་ནས་མྱ་ངན་ལས་འདས་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བ་ནི་དག་པར་བྱ་བ་དང་། དག་པར་བྱེད་པ་དང་། དག་པའི་རང་གི་ངོ་བོ་དང་བྲལ་བས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ། །ཅི་ཐམས་ཅད་དུ་ངོ་བོ་མེད་པས་དེ་སྐད་བརྗོད་པར་

བྱའམ་ཞེ་ན། དེ་ནི་མ་ཡིན་ཏེ་ཆོས་ཐམས་ཅད་དེ་བཞིན་དུ་ཡོངས་སུ་ཤེས་པར་བྱའོ། །ཐམས་ཅད་དུ་ཡང་མངོན་པར་ཞེན་པ་ནི་འཆིང་བའི་བདག་ཉིད་ཡིན་པའི་ཕྱིར་འཁོར་བ་ལས་གྲོལ་བར་མི་འགྱུར་རོ། །སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱི་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་ན་ཆོས་

ཐམས་ཅད་དེ་ལྟ་བུར་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་།

ཆོས་ཐམས་ཅད་ལ་འདོད་ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད། གཏི་མུག་པར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་ཤེས་པའི་དགོས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་ཡོད་བཞིན་དུ་འདོད་ཆགས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱུ་གང་གི་ཕྱིར་ཞེས་བསམ་

เล่ม ๑๑๗ · หน้า 42a

པའོ། །ལན་གདབ་པའི་ཕྱིར། དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་རྗེས་སུ་དཔག་པས་སོ། །མ་དམིགས་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་

སོ། །དེ་ལྟར་མ་དམིགས་ཤིང་རྗེས་སུ་མི་མཐོང་བས་ཁམས་གསུམ་ཐམས་ཅད་ལ་ཆགས་པར་མི་འགྱུར་རོ། །ཐམས་ཅད་ལ་མ་ཆགས་པ་ཉིད་ནི་མྱུར་དུ་ཏིང་ངེ་འཛིན་འདི་བསྒྲུབས་ནས་མི་དམིགས་པའི་སྦྱོར་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་

འགྱུར་རོ། །ཚིགས་སུ་བཅད་པས་བཤད་པ། དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པར་བྱར་མེད་དོ། །གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ངེས་པར་འཐོབ་པར་བྱེད་པ་ཉིད་གསུངས་པའོ། །དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བ་ལ་

སོགས་པ་ལ། གཞོན་ནུ་དེ་བཞིན་གཤེགས་པ་དེ་སྐྱེས་མ་ཐག་ཏུ་སྟེང་གི་ནམ་མཁའ་ལ་ཏ་ལ་བདུད་ཙམ་དུ་འཕགས་ནས་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་བྱུང་བའོ་ཞེས་ཚིག་ཏུ་གསུངས་ཏེ། སྒྲ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་བྱུང་བའོ་ཞེས་གོ་བར་

བྱས་སོ། །དེ་བཞིན་གཤེགས་པ་འདི་དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བ་ཞིག་བྱུང་ངོ་ཞེས་བྱ་བ་ནི་རྟོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱུན་མི་འཆད་པར་

བསྟན་ཏོ། །ཏིང་ངེ་འཛིན་འདི་ཐོས་ནས་རབ་ཏུ་དད་པའི་སེམས་ཀྱིས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དང་། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ལེགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གི་དོན་

ཚིགས་སུ་བཅད་པས་བསྟན་པ་ནི་བསྟན་ཟིན་པ་ལས་དོན་ལྷག་པ་ཅི་ཡང་མེད་པས་མ་བཤད་དོ། །དངོས་མེད་ལས་བྱུང་ངོ་བོ་ཉིད། །དངོས་པོའི་ངོ་བོ་རྣམ་བསྒོམས་པས། །བསྒོམས་པའི་སྟོབས་ཀྱིས་བྱུང་གྱུར་པ། །སངས་རྒྱས་དངོས་མེད་ལས་བྱུང་དངོས། །དངོས་པོ་མེད་པ་ལས་བྱུང་བའི་

เล่ม ๑๑๗ · หน้า 42b

ལེའུ་སྟེ་བརྒྱད་པའི་བཤད་པ་རྫོགས་སོ།། །།ད་ནི་ཆོས་ཟབ་མོ་ལ་བཟོད་པའི་ལེའུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། འདི་ལས་བྱུང་ངོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་

ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཐམས་ཅད་བསྐྱེད་པར་མཛད་པ་ཉིད་ཀྱི་ཕྱིར་ཁྱབ་པ་ཉིད་དུ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་འདོད་པས་ཞེས་བྱ་བ་ལ། གང་དག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་མདོ་

སྡེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པ་འདི་གཟུང་བར་བྱ་སྟེ། སེམས་ཅན་ཐམས་ཅད་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཆོས་ཟབ་མོ་བཟོད་པ་ལ་མཁས་པར་བྱའོ། །ཞེས་བྱ་བ་ལ་རང་གི་ངོ་བོ་ཡོངས་སུ་ཤེས་པ་ལ་མཁས་པར་བྱའོ། །གཞོན་ནུ་ཇི་ལྟར་ན་ཆོས་ཟབ་མོ་

བཟོད་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ནི་རང་ཉིད་ཀྱིས་དྲི་བ་སྔོན་དུ་འགྲོ་བས་གོ་བར་མཛད་པ་ཡིན་ནོ། །གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་མ་ནི་སྔགས་དང་སྨན་ལ་སོགས་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་སྣང་བས་སེམས་ཅན་རྣམས་

རྨོངས་པ་སྐྱེད་པར་བྱེད་པའོ། །རྨི་ལམ་ལྟ་བུ་ནི་དགེ་བ་དང་། མི་དགེ་བ་ལ་སོགས་པའི་བག་ཆགས་ཙམ་གྱི་སྟོབས་ཀྱིས་བསྒོས་པས་སྣང་བ་ཙམ་ཉིད་དོ། །སྨིག་རྒྱུ་ལྟ་བུ་ནི་དོན་བྱ་བ་བྱེད་པས་སྟོང་པའི་ཕྱིར་ངོམས་པ་བསྐྱེད་པ་མ་ཡིན་པ་ཉིད་དོ། །བྲག་ཅ་ལྟ་བུ་ནི་བྱེད་པ་པོ་མེད་པའི་སྒྲ་ཙམ་ཐོས་

པའི་སྤྱོད་ཡུལ་དུ་གྱུར་པ་ཉིད་དོ། །མིག་ཡོར་ལྟ་བུ་ནི་ཕྱི་དང་ནང་གི་དོན་གྱིས་སྟོང་པ་སྐྲ་ཤད་ལ་སོགས་པ་སྣང་བ་དང་འདྲ་བ་ཉིད་དོ། །ཆུ་ཟླ་ལྟ་བུ་ནི་སྐྱེས་པ་ཉིད་ན་མི་དམིགས་པ་གནས་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ནི་རང་གི་བག་ཆགས་ཀྱིས་སྤྲུལ་པའི་འཁྱུད་པ་དང་། འཁྱུད་

བྱ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ། །གཟུགས་བརྙན་ལྟ་བུ་ནི་གཟུང་བ་དང་འཛིན་པའི་རང་བཞིན་མེད་པ་ཉིད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །འདི་དག་གི་རྣམ་པར་གཞག་པ་ཡང་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པར་བྱ་སྟེ། སྤྲོས་པ་ཐམས་ཅད་

เล่ม ๑๑๗ · หน้า 43a

དང་བྲལ་བའི་རྣམ་པ་ཅན་གྱི་ཡེ་ཤེས་ལ་ནི་ཤེས་པ་པོ་དང་། ཤེས་བྱ་དང་། ཤེས་པའི་རང་བཞིན་མི་དམིགས་པ་ཉིད་དོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེའི་ཚེ་འདི་ཆོས་ཟབ་མོ་བཟོད་པ་ལ་མཁས་པ་

ཞེས་བྱའོ་ཞེས་བྱ་བ་ལ་ཤིན་ཏུ་ཟབ་པའི་ཆོས་ཉིད་ལ་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆགས་པར་འགྱུར་བ་ལ་མི་ཆགས། དེ་བཞིན་དུ་མི་སྡངས་མི་རྨོངས་པས་སོ། །དེ་ཅིའི་ཕྱིར་ཆགས་པར་འགྱུར་བ་ལ་མི་ཆགས་པར་ཡོད་པའི་དངོས་པོ་ལ་གློ་བུར་དུ་ཇི་ལྟར་འགྱུར་ཞེ་ན།

དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་དེ་མི་དམིགས་ཏེ་ཞེས་བྱ་བ་ལ། གང་ཆགས་པར་འགྱུར་བའི་བདག་ལ་སོགས་པ་དང་། གང་ལ་ཆགས་པར་འགྱུར་བའི་བུད་མེད་ཀྱི་ལུས་ལ་སོགས་པ་དང་། ཆགས་པ་གང་ཡིན་པ་འདོད་ཆགས་ཀྱི་སེམས་ཏེ། བྱེད་པ་པོ་དང་། ལས་

དང་། བྱ་བའི་རང་གི་ངོ་བོ་མི་དམིགས་པ་ཉིད་དོ། །རྗེས་སུ་མི་མཐོང་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །མི་དམིགས་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་འདོད་ཆགས་པ་མེད་པ་དང་། ཞེ་སྡང་བ་མེད་པ་དང་། གཏི་མུག་པ་

མེད་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དེ་ནི་མཉམ་པར་གཞག་པ་ཞེས་བྱ་སྟེ། དམིགས་པའི་རྣམ་པར་གཡེང་བ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་ཆོས་ཉིད་ངེས་པར་རྟོགས་པའི་ཕྱིར་རོ། །རྒལ་བ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདོད་

ཆགས་པ་ལ་སོགས་པ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །སྐམ་སར་ཕྱིན་པ་ཞེས་བྱ་བ་ནི། ཆུ་བོ་བཞིའི་འཇིགས་པ་ལས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པའི་ཕྱིར་རོ། །བདེ་བར་སོན་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་མྱ་ངན་ལས་འདས་པའི་

ལམ་ཐོབ་པའི་ཕྱིར་རོ། །མི་འཇིགས་པ་ཐོབ་པ་ནི་ཡང་འཁོར་བར་ལྟུང་བའི་འཇིགས་པ་དང་བྲལ་བའོ། །ཚུལ་ཁྲིམས་ཅན་ཞེས་བྱ་བ་ནི་ངན་འགྲོ་ཐམས་ཅད་ལས་བཟློག་པའི་བསིལ་བའི་ཏིང་ངེ་འཛིན་གྱི་ཚུལ་ཁྲིམས་ཀྱིས་བརྒྱན་པའི་ཕྱིར་རོ། །ཡེ་ཤེས་ཅན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་

เล่ม ๑๑๗ · หน้า 43b

ཤེས་ཁོང་དུ་ཆུད་པས་ཡེ་ཤེས་ལ་སྦྱོར་བའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་རབ་ཏུ་རྟོགས་པའི་ངོ་བོ་ངེས་པར་འབྱེད་པའི་ཤེས་རབ་འདི་ལ་ཡོད་པས་ཞེས་བྱས་ནས་སོ། །བསོད་ནམས་ཅན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པས་སོ། །རྫུ་འཕྲུལ་ཅན་ཞེས་བྱ་བ་ནི་

མངོན་པར་ཤེས་པ་ལྔས་རྩེ་ཞིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་དག་པར་སྟོན་པའོ། །དྲན་པ་ཅན་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པའོ། །བློ་གྲོས་ཅན་ཞེས་བྱ་བ་ནི་རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའོ། །རྟོགས་པ་ཅན་ཞེས་བྱ་བ་ནི་བསམ་པ་ཅི་ལྟ་བའི་དབང་གིས་བསྒྲུབ་པ་དང་རྗེས་

སུ་མཐུན་པར་རྟོགས་པ་ཁོང་དུ་ཆུད་པར་བྱེད་པ་ཉིད་དོ། །ངོ་ཚ་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དབང་དུ་བྱས་ནས་སྡིག་པའི་ལས་མི་བྱེད་པའོ། །བྲམ་ཟེ་ཞེས་བྱ་བ་ནི་སྡིག་པའི་ཆོས་སྤངས་པས་གང་གི་སྡིག་པ་མ་ལུས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་བཟོད་པའི་ངོ་བོ་ངེས་པར་རྟོགས་པ་

ལ་བྲམ་ཟེ་ཞེས་བྱའོ། །ཁྲུས་བྱས་པ་ནི་ཉོན་མོངས་པ་མ་ལུས་པའི་དྲི་མ་འཁྲུད་པར་བྱེད་པའི་བཟོད་པའི་ཆུའི་ནང་དུ་རྟག་ཏུ་ཞུགས་པའི་ཕྱིར་རོ། །ཕ་རོལ་དུ་སོང་བ་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཐར་ཐུག་པའི་ཕ་རོལ་དུ་སོང་བས་སོ། །རིག་པར་བྱེད་ཅེས་བྱ་བ་ནི་ཇི་སྐད་གསུངས་པའི་རང་བཞིན་རིག་པའི་ཕྱིར་རོ། །

གཙང་སྦྲ་ཅན་ནི་བྱ་བ་མ་ཡིན་པ་ཐམས་ཅད་སྤངས་པ་དང་ལྡན་པའོ། །སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སྐྱོང་བར་བཟོད་པའི་ཕྱིར་རོ། །ཤཱཀྱའི་སྲས་ཞེས་བྱ་བ་ནི་ཤཱཀྱའི་རིགས་སུ་འཁྲུངས་པ་ཤཱཀྱ་ཐུབ་པ་ལས་ཉེ་བར་གདགས་པར་འོས་པའོ། །ཚེར་མ་

དཀྲུགས་པ་ཞེས་བྱ་བ་ནི་བདུད་ལ་སོགས་པ་དང་ཉོན་མོངས་པའི་ཚེར་མ་སྣང་བ་མེད་པར་བྱས་པའོ། །འོབས་དྲལ་བ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པའི་མཚམས་བཅད་པ་ཐག་རིང་དུ་བསལ་བ་བྱས་པའི་ཕྱིར་རོ། །འོབས་ལས་བརྒལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་ས་མཚམས་ལས་རྒལ་བའི་ཕྱིར་རོ། །

ཟུག་རྔུ་ཕྱུང་བ་ཞེས་བྱ་བ་ལ་ཕྱུང་བ་ནི་ཀུན་ནས་སོ། །ཉོན་མོངས་པའི་བག་ཆགས་ནི་ཟུག་རྔུའོ། །ཕྱུང་བ་ནི་ཕྱུང་ནས་བསྐྱུར་བའོ། །ནད་མེད་པ་ནི་ཉོན་མོངས་པའི་གདུག་པའི་རིམས་ནད་ཐམས་ཅད་དང་བྲལ་བའོ། །ཉོན་མོངས་པ་དང་ཐ་དད་དུ་གྱུར་པས་ན་དགེ་སློང་ངོ་། ཀུན་ནས་དཀྲིས་པ་

เล่ม ๑๑๗ · หน้า 44a

མེད་པ་ནི་ཀུན་ནས་དཀྲིས་པ་དང་བྲལ་བའོ། །སྐྱེས་བུ་ཞེས་བྱ་བ་ནི་ཐབས་ཉེ་བར་བསྟན་ནས་སྐྱེས་བུ་བསྒྲུབ་པའི་ཕྱིར་རོ། །སྐྱེས་བུ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་སོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་སྐྱེས་བུ་མཆོག་ཅེས་བྱའོ། །འཇིགས་

པ་ཐམས་ཅད་དང་བྲལ་ཞིང་བདག་མེད་པའི་སེང་གེའི་སྒྲ་སྒྲོགས་པས་ན་སྐྱེས་བུ་སེང་གེའོ། །ཐམས་ཅད་དུ་མཉམ་པར་བཞག་པས་ན་སྐྱེས་བུ་གླང་པོ་ཆེ་སྟེ་གླང་པོ་ལངས་ཀྱང་མཉམ་པར་བཞག་ཅེས་བྱ་བའི་ཚིག་གིས་སོ། །ཤིན་ཏུ་དུལ་བའི་ཕྱིར་དང་། ཉོན་མོངས་པའི་གཡུལ་དུ་འཇིགས་པ་དང་བྲལ་

བས་སྐྱེས་བུ་ཅང་ཤེས་ཞེས་བྱའོ། །ཁུར་ཁྱེར་བ་ནི་ལྕིད་ཁྱེར་བ་སྟེ་སེམས་ཅན་གྱི་དོན་དང་ངེས་པར་ལྡན་པ་ལ་སྐྱེས་བུ་ལྕིད་ཁྱེར་བ་ཞེས་བྱའོ། །བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་དཔའ་བ་ནི་སྐྱེས་བུ་དཔའ་བའོ། །གྲོགས་ལ་ལྟོས་པ་མེད་པར་བདུད་ལ་སོགས་པའི་སྟོབས་འཇོམས་པར་བྱེད་པས་

སྐྱེས་བུ་རྩལ་པོ་ཆེའོ། །ཤིན་ཏུ་དྲི་ཞིམ་ཞིང་ཡིད་དུ་འོང་བའི་མེ་ཏོག་བཞིན་དུ་ཡོན་ཏན་མེ་ཏོག་གི་རང་བཞིན་དུ་གྱུར་པ་ནི་སྐྱེས་བུ་མེ་ཏོག་ཅེས་བྱའོ། །པདྨ་བཞིན་དུ་འཁོར་བའི་འདམ་གྱི་སྐྱོན་གྱིས་མ་གོས་པའི་ཕྱིར་སྐྱེས་བུ་པདྨ་ཞེས་བྱའོ། །དེ་ཉིད་དཀར་པོའི་ཆོས་ཀྱིས་ཡོངས་སུ་གང་བས་པདྨ་ཁ་བྱེ་བས་

སྐྱེས་བུ་པདྨ་དཀར་པོ་ཞེས་བྱའོ། །ཤིན་ཏུ་གདུག་པ་ཅན་གྱི་སེམས་ཅན་རྣམས་འདུལ་བ་མཁྱེན་པའི་ཕྱིར་སྐྱེས་བུ་འདུལ་བ་ཞེས་བྱ་བའོ། །སེམས་ཅན་མ་ལུས་པའི་ཡིད་དུ་འོང་བ་དང་བདུད་རྩིའི་འོད་འཕྲོ་བར་བྱེད་པས་སྐྱེས་བུ་ཟླ་བ་ཞེས་བྱ་བའོ། །མ་སྨད་པའི་ཡོན་ཏན་དང་ལྡན་པས་སྐྱེས་བུ་ཕལ་

པ་མ་ཡིན་པ་ཞེས་བྱའོ། །ཇི་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མས་གོས་པ་མེད་པས་མི་གོས་པ་ཞེས་བྱ་སྟེ། ཆོས་ཟབ་མོ་ལ་བཟོད་པའི་དགེ་བ་ཞེས་བརྗོད་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་དོན་ཉིད་ཡང་

ཚིགས་སུ་བཅད་པས་གསུངས་པ་ནི། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཆགས་པར་འགྱུར་བའི་ཚེ་ནམ་མཁའི་སྟེང་དུ་རླུང་གི་དཀྱིལ་འཁོར་ནས་བརྩམས་ནས་ཇི་སྲིད་དུ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་བར་

เล่ม ๑๑๗ · หน้า 44b

དུ་འཆགས་པར་འགྱུར་རོ། །ནམ་ཞིག་རིམ་གྱིས་འཇིག་པ་ན་གཞན་མེད་ཁང་ལ་སོགས་པ་ཐམས་ཅད་ནམ་མཁའི་མཐར་ཐུག་པར་གྱུར་པས་འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ་ཞེས་གསུངས་པས་འཇིག་རྟེན་འདི་ནམ་མཁར་འགྱུར་རོ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །

ཞེས་བྱ་བ་ལ། ནམ་མཁའི་རང་གི་ངོ་བོ་ཙམ་ལ་ནི་གཞན་དུ་འགྱུར་བ་མེད་ལ། ནམ་མཁའ་ཡང་རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱང་དེ་ལྟར་རྟགས་པར་བྱའོ། །ཚིགས་བཅད་གཉིས་པས་ཀྱང་དོན་འདི་ཉིད་བསྟན་ཞེས་བྱའོ། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །ཞེས་བྱ་བ་

ལ་རང་བཞིན་མེད་པར་སྣང་བ་སྐད་ཅིག་མར་མཐོང་བ་ལས། སྐད་ཅིག་ཏུ་ན་སྤྲིན་གྱི་དཀྱིལ་འཁོར་སྣང་། །ཞེས་བྱ་བ་ལ། གང་ནས་ཀྱང་འོང་བ་མེད་ཅིང་གར་ཡང་འགྲོ་བ་མེད་པའོ། །དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག །ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་

མྱ་ངན་ལས་འདས་ནས་ད་ལྟར་བཞུགས་པ་མ་ཡིན་ན་ཡང་གཟུགས་བརྙན་ནམ་དེ་བཞིན་གཤེགས་པའི་གཟུགས་ཡིད་ལ་བྱས་ན་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་དུ་མཐོང་བ་དེའི་ཕྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའོ་ཞེས་བྱའོ། །ཇི་ལྟར་དབུ་བ་མང་པོ་རྡོས་པ་དག །ཅེས་བྱ་བ་

ལ་སོགས་པས་ནི་ཕུང་པོ་ལྔ་སྙིང་པོ་མེད་པར་སྟོན་ཏོ། །ཆུ་བོས་ཁྱེར་བ་སྐྱེས་བུས་ངེས་མཐོང་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་ཅི་འདི་ལ་སྙིང་པོ་ཡོད་དམ་ཞེས་བརྟགས་ན། དེ་ལ་བརྟགས་ན་སྙིང་པོ་ཡོད་མི་སྣང་། །ཞེས་བྱ་བ་ལ། སྐྱེས་བུ་དེས་དབུ་བའི་གོང་བུ་དེ་ལ་སྙིང་པོ་ཅི་ཡང་མི་སྣང་བ་

ཞེས་བྱ་བ་ལ། སྙིང་པོ་ཅི་ཡང་མི་མཐོང་བ་ཞེས་བྱ་བའི་དོན་ཏེ། གཟུགས་ཀྱི་ཕུང་པོ་ནི་དབུ་བ་ལྟ་བུ་སྟེ། གཟུགས་ཀྱི་ཕུང་པོ་ལ་སྙིང་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆར་པ་ཐིགས་ཆེན་བབས་པ་ན། །ཞེས་བྱ་བ་ལ་སོགས་པ་ནི་ཚོར་བའི་ཕུང་པོས་སྐྱེ་བ་དང་འགག་པ་ཉིད་

སྟོན་པར་བྱེད་དོ། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་། །ཞེས་བྱ་བས་ནི། ཆར་གྱི་རྒྱུན་བབས་ན་ཆུ་བུར་འབྱུང་བར་འགྱུར་རོ། །དེ་ཡང་མི་བརྟན་ཞིང་སྙིང་པོ་ཡོད་པ་མ་ཡིན་པ་བཞིན་དུ་ཚོར་བའི་ཕུང་པོ་རྣམ་པ་གསུམ་དང་། ཆོས་ཐམས་ཅད་ཀྱང་སྐྱེས་མ་ཐག་ཏུ་འགག་ཅིང་ཉམས་

เล่ม ๑๑๗ · หน้า 45a

པའི་རང་བཞིན་ནོ་ཞེས་བྱ་བའོ། །བརྡ་ཙམ་གྱི་ཐ་སྙད་ལ་འཇུག་པར་བྱེད་དོ། །ཞེས་བྱ་བས་འདུ་ཤེས་ཀྱི་ཕུང་པོ་རྫས་སུ་མེད་པར་སྟོན་པའོ། །ཇི་ལྟར་འཕྲིན་ཡིག་གྲོང་གཞན་བསྐུར་བ་ལས། །ཞེས་བྱ་བ་ལ་སོགས་པ་ལ། གྲོང་གཞན་ན་གནས་པ་དག་གིས་འཕྲིན་ཡིག་མཐོང་བ་

ལས་ཇི་ལྟར་བྲིས་པའི་དགེ་བ་དང་མི་དགེ་བའི་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་མཐོང་ཡང་དེ་སྒྲུབ་པར་བྱེད་པའི་སྒྲ་གཞི་དེར་འཕོས་པ་ཡང་མེད་དོ། །དེ་བཞིན་དུ་འཕོ་བ་མེད་བཞིན་དུ་བརྡ་ཙམ་གྱིས་མ་བརྟགས་ན་ཉམས་དགའ་བའི་བྱ་བ་རྣམས་རང་གི་བློའི་རྣམ་པར་འཁྲུལ་པས་འཇུག་པར་འགྱུར་རོ་

ཞེས་བྱ་བ་ཡིན་ནོ། །ཐམས་ཅད་ཀྱང་རང་གི་སེམས་རྣམ་པར་འཁྲུལ་པ་ཙམ་ཡིན་གྱི། ཡང་ཕྱི་རོལ་གྱི་དངོས་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར། ཇི་ལྟར་མི་དག་ཆང་གིས་མྱོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆང་གིས་སེམས་མྱོས་པར་གྱུར་པ་ནི་ཆང་གི་ནུས་པས་བདག་ཉིད་དང་

ས་ཡང་འཁོར་བ་འདྲ་བར་མཐོང་ངོ་། །དེ་བཞིན་དུ་མི་བདེན་པ་ལ་སྒྲོ་བཏགས་པའི་ཆང་གི་དབང་གིས་འཁོར་བའི་འཁོར་ལོར་འགྲོ་བ་དྲུག་པོ་འཁོར་བར་འགྱུར་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འགྲོ་ཞིང་འོངས་པས་འཁོར་བར་སེམས་ཀྱང་དོན་དམ་པ་གང་ཡང་འཁོར་བར་ཡོད་པ་མ་ཡིན་ཏེ། ས་

གཡོ་བ་དང་འཁོར་བར་ཤེས་པ་དང་འདྲའོ། །འདོད་ཆགས་ཀྱང་མི་བདེན་པ་ལ་སྒྲོ་བཏགས་པའི་དབང་གིས་མེད་བཞིན་དུ་སྣང་བར་བསྟན་པའི་ཕྱིར། མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ངམ། འབྲུ་མར་གྱི་སྣོད་དུ་རང་གི་གདོང་ལ་བལྟས་པ་ན་

ཐིག་ལེ་དང་སྐྲ་འཁྱིལ་བས་བརྒྱན་པའི་གཟུགས་བརྙན་དེ་ལ་བདེན་པའི་གདོང་དུ་སྒྲོ་བཏགས་ནས་འདོད་ཆགས་ཀྱི་སྟོབས་ཀྱིས་བུད་མེད་དུ་དམིགས་ནས་འདོད་པ་ལ་ཞེན་པའི་བྱིས་པ་རྒྱུག་པར་བྱེད་ན་ཡང་གདོང་གཟུགས་བརྙན་དུ་འཕོས་པ་ཡང་མེད་ལ་གཟུགས་བརྙན་གདོང་དུ་འཕོས་པ་ཡང་མ་

ཡིན་ནོ། །གཟུགས་བརྙན་དང་འདྲ་བའི་ཆོས་རྣམས་ལ་རང་དང་གཞན་དུ་རྣམ་པར་ཕྱེ་ཞིང་བལྟས་ནས་རང་བཞིན་གྱིས་ཡོད་པ་མ་ཡིན་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་དུ་འབྱུང་ངོ་། །སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་

เล่ม ๑๑๗ · หน้า 45b

གྲོང་ཁྱེར་དང་། གཟུགས་བརྙན་དང་འདྲ་བ་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་ངེས་པར་རྟོག་པར་བྱེད་ན་སྐྱེ་བར་མི་འགྱུར་རོ། །ཡིད་དུ་འོང་བའི་གླུ་དང་སིལ་སྙན་ལ་སོགས་པ་ཡང་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས། །ཞེས་

བྱ་བ་ལ་སོགས་པ་ལ། ཇི་ལྟར་རིའི་གཅོང་རོང་དུ་ཞུགས་པའི་སྐྱེས་བུ་བགད་པ་དང་། ངུས་པ་དང་། གླུ་བླངས་པ་ལ་སོགས་པའི་སྒྲ་བསྒྲགས་པ་ན་དེ་བཞིན་དུ་ཕ་རོལ་གྱི་རི་ལས་ཀྱང་བྲག་ཅའི་སྒྲ་འབྱུང་བར་འགྱུར་བ་དང་བྲག་ཅའི་སྒྲས་སྒྲ་བྱས་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྲག་ཅ་དང་འདྲ་བར་རིག་

པར་བྱས་ལ་དེ་དག་ལ་མངོན་པར་ཞེན་པར་མི་བྱའོ། །རྨི་ལམ་གྱི་ནང་དུ་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་ལ། སད་པ་ན་དམིགས་པར་མི་འགྱུར་རོ། །དེ་ལྟ་ན་ཡང་བྱིས་པའི་བློ་ཅན་རྣམས་རྨི་ལམ་དུ་དམིགས་པ་དེ་ལ་མངོན་པར་ཞེན་པར་འགྱུར་རོ། །བྱིས་པ་ཐམས་ཅད་ཀྱང་དེ་དང་འདྲའོ། །

ལྷའི་དབང་པོ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་ལ་ཡང་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་བུ་དང་ཆུང་མ་ལ་སོགས་པ་བརྫུན་པས་སྒྲོ་བཏགས་

པ་ཉིད་དུ་བསྒྲུབ་པའི་ཕྱིར། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པའི་བདེ་བ་ནམ་ཡང་མ་མྱོང་བའི་གཞོན་ནུ་མ་དེའི་རྨི་ལམ་གྱི་མཐར་མཚན་ཐམས་ཅད་ཀྱིས་བརྒྱན་པ་གཟུགས་བཟང་བའི་བུ་ཞིག་སྐྱེས་པར་མཐོང་ལ། དེ་ཡང་ཡོན་ཏན་གྱི་

ཚོགས་མ་ལུས་པས་བརྒྱན་པའི་ལང་ཚོ་ལ་བབ་པའི་སྐབས་སུ་གྱུར་ལ། དེའི་རྗེས་ལ་ཤི་བར་མཐོང་བས་བུ་སྐྱེས་པས་ནི་དགའ་ཞིང་ཤི་ནས་མ་མཐོང་བས་ནི་མྱ་ངན་དུ་གྱུར་ཀྱང་སྐྱེས་པ་ཡང་མེད་ལ་ཤི་བ་ཡང་མེད་དོ། །སྔོན་དང་ཕྱི་མའི་མཐར་རང་བཞིན་མ་རིག་པའི་འཇིག་རྟེན་རྣམས་ཀྱི་དགའ་བ་

དང་མྱ་ངན་ཡང་གཞོན་ནུ་མས་རྨི་ལམ་དུ་བུ་སྐྱེས་པ་དང་ཤི་བ་མཐོང་བ་དང་འདྲ་བ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་མཚན་མོའི་ཆུ་ཡི་ཟླ་བ་དག །ཅེས་བྱ་བ་ལ་སོགས་པའི་དོན་ཡང་རྟོགས་སླའོ། །ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །ཞེས་བྱ་བ་ལ་སོགས་པ་ལ། སོ་གའི་ཟླ་བ་ཕྱི་མའི་ཉི་མ་ཕྱེད་

เล่ม ๑๑๗ · หน้า 46a

ཀྱི་དུས་ལ་བབ་པ་ན་དྲག་ཅིང་ཚ་བར་འཇུག་པའི་ཉི་མའི་འོད་ཟེར་ཚ་སྒོ་ཅན་གྱི་སའི་ཆ་ལས་བབ་པའི་སྨིག་རྒྱུ་གཡོ་བ་ལ་ཆུའི་ཕུང་པོར་མཐོང་བར་འགྱུར་རོ། །སྐོམ་པས་སེམས་ལ་གནོད་ཅིང་གདུང་བས་ཆུ་བཏུང་བར་འདོད་པས་འདི་ན་ཆུ་མཐོང་ངོ་ཞེས་རབ་ཏུ་རྒྱུག་པར་བྱེད་ཅིང་དེ་

ཇི་ལྟ་ཇི་ལྟར་བརྒྱུག་པ་བཞིན་དུ་སྨིག་རྒྱུ་དེ་ལྟ་དེ་ལྟར་རིང་དུ་འགྲོ་བ་ལྟར་སྣང་བ་ན་དེ་ངལ་བ་དང་སྐོམ་པ་དང་ཚ་བས་གདུངས་པ་མ་ཡིན་པ་ཆུའི་ཐིགས་པ་ཙམ་ཡང་མི་རྙེད་དེ་ཡོད་པ་མ་ཡིན་པའི་ཕྱིར་ཆུ་དེ་ལ་བཏུང་བར་ལྟ་ག་ལ་ནུས། མ་རིག་པ་དང་སྲེད་པས་རྨོངས་པའི་འཇིག་རྟེན་རྣམས་ཀྱང་དེ་བཞིན་དུ་

རྒྱུག་པར་བྱེད་དོ་ཞེས་བྱ་བས་ནི་འདུ་ཤེས་ཀྱི་ཕུང་པོ་རང་བཞིན་མེད་པར་བསྒྲུབ་པ་ཡིན་ནོ། །ད་ནི་འདུ་བྱེད་ཀྱི་ཕུང་པོ་རང་བཞིན་མེད་པ་དང་སྙིང་པོ་མེད་པར་བརྗོད་པའི་ཕྱིར། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆུ་ཤིང་གི་སྡོང་པོ་ལ་སྙིང་པོ་བརྟག་

པར་འདོད་པས་ཤུན་པ་རྣམས་སོ་སོར་བསལ་ནས་ནང་ངམ་ཕྱི་རོལ་གང་ནས་ཀྱང་སྙིང་པོར་གྱུར་པ་ཅི་ཡང་མི་མཐོང་ངོ་། །དེ་བཞིན་དུ་འདུ་བྱེད་དུ་རྟོག་པ་རྣམས་ཕྲ་རབ་ཏུ་རྣམ་པར་ཕྱེ་ནས་བརྟགས་པ་ན་སྙིང་པོར་གྱུར་པའི་ལྷག་མ་ཅི་ཡང་ལུས་པ་མེད་དེ། འདིར་སྙིང་པོར་གྱུར་པ་ནི་ཆོས་ཐམས་ཅད་ཀྱི་

སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་བསྒོམས་པས་གྲོལ་བར་འགྱུར་གྱི་གཟུགས་ལ་སོགས་པ་བསྒོམས་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་བྱ་བ་ལ་སོགས་པ་ལ། མིག་དང་རྣ་བ་དང་། སྣ་དང་། ལྕེ་

དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རང་རང་གི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་འཛིན་པའི་དབང་པོ་དེ་དག་གིས་ཡུལ་ལ་དེ་དག་དམིགས་པ་དེ་ཁོ་ན་ཉིད་ཀྱི་ངོ་བོར་གལ་ཏེ་གྱུར་ན་ནི་སེམས་ཅན་ཐམས་ཅད་ཀྱང་འབད་པ་མེད་པར་གྲོལ་བར་

འགྱུར་རོ་ཞེས་བསྟན་པའི་ཕྱིར། བྱིས་པས་དེ་ཉིད་རིག་གྱུར་ན། །དེ་ཉིད་ཤེས་པས་ཅི་ཞིག་བྱ། །ཞེས་བསྟན་པ་ཡིན་ནོ། །དབང་པོ་དང་དབང་པོའི་དོན་རྣམས་ངོ་བོ་ཉིད་ཀྱིས་བེམས་པོའོ། །དགེ་བ་དང་མི་དགེ་བའི་འབྲས་བུ་སྟེར་བར་མི་ནུས་པར་ལུང་དུ་མ་བསྟན་པ་ཡིན་ནོ། །དེའི་ཕྱིར་དོན་དམ་པའི་རྒྱུ་མ་ཡིན་

เล่ม ๑๑๗ · หน้า 46b

ཏེ། དོན་དམ་པར་དགེ་བ་ནི་ཐར་པའོ་ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་གང་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པའི་མཚན་ཉིད་ཅན་གྱི་འཕགས་པའི་ལམ་སྒོམ་པས་རང་གི་དགོས་པ་གྱིས་ཤིག །གཞན་དུ་ན་ཕྱི་རོལ་གྱི་དོན་ལ་མངོན་པར་

ཞེན་པ་རྣམས་ལ་མྱ་ངན་ལས་འདས་པ་མེད་དོ་ཞེས་བྱ་བའོ། །དོན་དེ་དག་ཉིད་བསྟན་པའི་ཕྱིར། ལུས་ལ་སྔོན་གྱི་མཐའ་མ་རབ་བརྟགས་ན། །ཞེས་བྱ་བ་ལ་སོགས་པ་ལ། གཟོད་མ་ནས་ཞི་བའི་ཕྱིར་སྔོན་གྱི་མཐའ་ཡང་མེད་ལ། སྐྱེ་བ་ཡང་མེད་པ་ལ་ཉམས་པ་ཡང་མེད་པས་ཕྱི་མའི་མཐའ་

ཡང་མེད་དོ། །དེ་དག་གཉི་ག་མེད་པས་དབུས་ཀྱང་ཡོད་པ་མ་ཡིན་པས་དེ་ནི་འདུས་མ་བྱས་ཀྱི་རིགས་ཞེས་བྱའོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་ཀྱི་བསྒོམ་པ་ནི་འཕགས་པའི་གང་ཟག་གོ་ཞེས་བསྟན་པར་བྱ་བའི་ཕྱིར། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །ཞེས་བྱ་བ་ལ། མྱ་ངན་ལས་

འདས་པའི་ཆོས་རྣམས་ངེས་པར་གྲུབ་པ་སྟེ་ཆོས་རྣམས་ཉིད་ཡེ་ནས་མེད་པས་མྱ་ངན་ལས་འདས་པ་ཡོད་པར་ག་ལ་འགྱུར། ཡོད་དང་མེད་ཅེས་བྱ་བར་རྟོགས་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་ནམ་ཡང་ཞི་བར་མི་འགྱུར་རོ། །དེ་ལྟར་སྤྱོད་པའི་སྡུག་བསྔལ་ཞི་མི་འགྱུར། །ཞེས་བྱ་བ་ལ། དེ་ལྟར་

སྤྱོད་པར་བྱེད་ན་ཞེས་བྱ་བའི་དོན་ཏེ། རྒྱུ་མ་ཚང་བ་མེད་པའི་འབྲས་བུ་ཉམས་པར་མི་རིགས་སོ་ཞེས་བྱ་བའི་ཚུལ་གྱིས་སོ། །ཡོད་ཅེས་པ་ནི་མཐའ་གཅིག་མེད་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཡོད་པ་སྔོན་འགྲོ་མེད་པ་སྟེ། །མེད་པའང་ཡོད་པ་སྔོན་འགྲོ་ཡིན། །དེ་ཕྱིར་མེད་ཅེས་མི་བརྗོད་ཅིང་།

ཡོད་པ་ཉིད་དུ་འང་བརྟག་མི་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ། གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ཡོད་པ་དང་། མེད་པ་དང་། གཙང་བ་དང་། མི་གཙང་བ་ལ་སོགས་པར་རྩོད་པར་ཐོབ་པར་གྱུར་པས་ནི་སྡུག་བསྔལ་ཉིད་རྣམ་

པར་འཕེལ་བར་འགྱུར་རོ། །དེ་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས། །ཞེས་བྱ་བ་ལ་སོགས་པ་ལ། རྩོད་པའི་གཞིར་གྱུར་པའི་མཐའ་གཉིས་རྣམ་པར་སྤངས་ནས་དབུས་ལ་མངོན་པར་ཞེན་པ་ཡང་སྤངས་ཏེ། ཆོས་ཟབ་མོ་ལ་བཟོད་པ་ཇི་སྐད་བསྟན་པ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མདོར་

เล่ม ๑๑๗ · หน้า 47a

བསྡུས་པའི་དོན་ཡིན་ནོ། །དྲན་པ་ཉེ་བར་གཞག་པའི་གཏམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། དྲན་པ་ཉེ་བར་གཞག་པའི་གཏམ་བྱས་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ལུས་ཀྱི་མངོན་སུམ་དུ་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་གཏམ་དང་། བདེན་པའི་གཏམ་བྱས་

པ་ཙམ་གྱིས་བསམ་གཏན་དང་བདེན་པ་མཐོང་བར་མི་འགྱུར་རོ་ཞེས་ཐམས་ཅད་དུ་དྲེགས་པའི་ཉོན་མོངས་པའི་སྐྱོན་རྣམས་བཀྲུ་བར་བྱའོ་ཞེས་སློབ་པར་མཛད་པའོ། །ཚུལ་ཁྲིམས་བསྲུང་ཞིང་དེ་ཡིས་སྙེམས་མི་བྱ། །ཆོས་རྣམས་མཉན་ཅིང་དེས་ནི་མི་བསྙེམས་ཏེ། །ཞེས་བྱ་བ་ལ། བདག་ནི་ཚུལ་

ཁྲིམས་དང་ལྡན་པའོ། །བདག་ནི་མང་དུ་ཐོས་པའོ་ཞེས་ཁེངས་པར་མི་བྱའོ་ཞེས་བྱ་བའི་བར་དུའོ། །དྲེགས་པ་སྡུག་བསྔལ་རྩ་བ་ཡིན་པར་བསྟན། །ཞེས་བྱ་བ་ལ། བསྙེམས་ཤིང་ང་རྒྱལ་བྱེད་པ་ནི་སྡུག་བསྔལ་གྱི་རྒྱུ་སྟེ་བྱེད་པ་ཡིན་ནོ། །རྒྱགས་པར་དྲེགས་པས་སྡུག་བསྔལ་རབ་ཏུ་འཕེལ། །ཞེས་

བྱ་བ་ལ། རྒྱགས་པས་དྲེགས་ཤིང་ཁེངས་པར་གྱུར་པ་ནི་སྡུག་བསྔལ་ཉིད་འཕེལ་བར་འགྱུར་ཏེ། སྡུག་བསྔལ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བཟློག་ནས་རྒྱགས་པ་དང་བྲལ་བར་གྱུར་ན་ནི་སྡུག་བསྔལ་ཐམས་ཅད་འགག་པར་འགྱུར་ཏེ། སྡུག་བསྔལ་དང་འགལ་བའི་བདེ་བའི་རང་བཞིན་ཡིན་

པའི་ཕྱིར་རོ། །ཇི་སྙེད་ཆོས་མང་ཡོངས་སུ་ཆུབ་བྱས་ནས། །ཞེས་བྱ་བ་ལ། གལ་ཏེ་མང་དུ་ཐོས་པ་ཡིན་ན་ཡང་ཚུལ་ཁྲིམས་སྲུང་བར་མི་བྱེད་ཅིང་། བདག་ནི་མང་དུ་ཐོས་པ་ཡིན་ནོ་ཞེས་ང་རྒྱལ་བྱེད་ན་ཚུལ་ཁྲིམས་ཉམས་པས་དེ་ངན་འགྲོར་འགྲོ་བ་ལ་ཐོས་པ་མང་པོས་སྐྱོབ་པར་མི་ནུས་སོ། །དེ་

བཞིན་དུ་ཚུལ་ཁྲིམས་ཙམ་གྱིས་མགུ་ཞིང་ཐོས་པ་མང་པོ་ཚོལ་བར་མི་བྱེད་ན་དེ་ཚུལ་ཁྲིམས་ཀྱི་འབྲས་བུ་ཉམས་སུ་མྱོང་ནས་དེ་ཟད་པ་དང་ཡང་ངན་འགྲོར་ལྟུང་ནས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་དང་བཅས་པའི་སྒོམ་པས་ཀྱང་ཉོན་མོངས་པ་ཟད་པར་མི་འགྱུར་རོ་ཞེས་བྱ་བར།

འཇིག་རྟེན་པའི་ཏིང་ངེ་འཛིན་སྒོམ་བྱེད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་འཇིག་རྟེན་པའི་སྒོམ་པས་ཀྱང་། དེ་ཉིད་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །བདག་ཏུ་འདུ་ཤེས་ཅན་ལ། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ཤིང་། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་

เล่ม ๑๑๗ · หน้า 47b

ལྡང་། །དེ་ཉིད་དང་ནི་ཀུན་ཏུ་འབྲེལ་པ་ལས། །ཉོན་མོངས་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་བསྟན་པས་སོ། །དཔེ་བསྟན་པའི་ཕྱིར། ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་བྱ་བ་ལ། ལྷག་སྤྱོད་ནི་ཕྱོགས་ཀྱི་གོས་ཅན་ནོ། །དེ་འདོད་ཆགས་དང་བྲལ་བར་རྫུ་འཕྲུལ་གྱིས་ནམ་

མཁའ་ལ་འགྲོ་བ་མཐོང་ནས་དེ་ལྟ་བུ་འདོད་པའི་བཅོས་མའི་སེམས་ཀྱིས་བསྟན་པ་འདི་ལ་ཞུགས་ནས་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་རྫུ་འཕྲུལ་མངོན་དུ་བྱས་པར་གྱུར་ཏོ། །དེ་རྫུ་འཕྲུལ་ཐོབ་ནས་ཕྱོགས་ཀྱི་གོས་ཅན་གྱི་བསྟན་པ་ལ་ཡང་འདི་ལྟ་བུའི་རྫུ་འཕྲུལ་ཡོད་དོ་ཞེས་ཡང་ཕྱོགས་ཀྱི་འོས་ཅན་དུ་གྱུར་

ནས་ནམ་མཁའ་ལ་སོང་ངོ་། །དེ་ལ་དུས་གཞན་ཞིག་ན་ཁྱོད་ཀྱིས་བསྒོམས་པ་འདི་ནི་ལམ་མ་ཡིན་ནོ་ཞེས་བརྩད་པ་དང་། རྫུ་འཕྲུལ་ལས་ཉམས་ནས་ས་ལ་ལྷུང་སྟེ་དམྱལ་བར་སོང་བར་གྱུར་ཏོ། །དེ་ལྟ་བས་ན་བདག་མེད་པ་བསྒོམས་པ་ལས་གཞན་གྱིས་གྲོལ་བར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་

པའི་ཕྱིར་རོ། །གལ་ཏེ་བདག་མེད་ཆོས་ལ་རབ་རྟོག་ཅིང་། །ཞེས་བྱ་བ་གསུངས་པ་ལ་གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་སྔར་ཅི་སྐད་གསུངས་པ་བཞིན་རྣམ་གྲངས་ཀྱིས་ངེས་པར་བརྟགས་ནས་དམིགས་པ་ཐམས་ཅད་སྤངས་ཏེ། བསྒོམས་པས་ཆོས་ཐམས་ཅད་བདག་མེད་པར་སྒོམ་པ་ཁོ་ན་མྱ་

ངན་ལས་འདས་པ་འཐོབ་པའི་རྒྱུ་ཡིན་གྱི། རྒྱུ་གཞན་ནི་ཡོད་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བས་འཁོར་བ་ལས་འབྲོས་པར་འདོད་ན་ཡང་འགྲོ་བ་ནི་མེད་དོ་ཞེས་ཆོམ་རྐུན་གྱི་དཔེ་བསྟན་པའི་ཚེ། མི་ཞིག་ཆོམ་རྐུན་ཚོགས་ཀྱིས་རབ་གཙེས་ནས། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཆོམ་རྐུན་གྱིས་ཤིན་ཏུ་གཙེས་པས་རང་གི་སྲོག་ཡོངས་སུ་སྐྱོབ་པར་འདོད་པ་དག་འབྲོས་པར་འདོད་པ་ལས་འཇིགས་པས་བྲེད་ཅིང་བརྒྱལ་བའི་རྐང་པས་འབྲོས་པའི་ནུས་པ་མེད་པར་འགྱུར་རོ། །དེ་བཞིན་ཚུལ་ཁྲིམས་ཉམས་པ་རྨོངས་པའི་མི། །ཞེས་བྱ་བ་ལ་སོགས་པས་ནི་

དཔེ་བསྟན་པ་ལ་སྦྱོར་བར་བྱེད་དོ། །ཚུལ་ཁྲིམས་ཉམས་པ་དེས་འབྲོས་པར་མི་ནུས་པ་སྟེ། ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བའི་ཕྱིར་འཁོར་བའི་ཁམས་ལས་བདག་ཉིད་འབྲོས་པར་ནུས་པ་མ་ཡིན་ནོ། །རྒས་པ་དང་འཆི་བ་དང་ནད་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཉོན་མོངས་པའི་དགྲས་ངན་

เล่ม ๑๑๗ · หน้า 48a

འགྲོ་གསུམ་དུ་ལྷུང་བར་བྱེད་དོ། །ཡང་བདག་མེད་པ་ལེགས་པར་བསྒོམས་པར་གྱུར་པ་ཁྲོས་སམ་གཤེས་ཀྱང་བདག་དང་གཞན་གྱི་ཆའི་རྟོག་པ་དང་བྲལ་བའི་ཕྱིར་ཁྲོ་བ་ལ་སོགས་པ་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྟོང་པར་ཤེས་པ་དེ་ལ་འཁྲུག་པ་མེད། །ཅེས་བྱ་བའོ། །

སྟོང་པ་ཉིད་མི་ཤེས་པ་དེ་ལ་ཁྲོས་པ་ལ་སོགས་པ་འབྱུང་ངོ་ཞེས་བསྟན་པའི་ཕྱིར། འགྲོ་མང་ཕུང་པོ་སྟོང་པར་སྟོན་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་གིས་སྒྲོ་བཏགས་པ་ཙམ་གྱིས་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར་རོ། །མི་ཤེས་དེ་དག་གཞན་

གྱིས་བརྒལ་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱིས་བརྒལ་བ་ན་ཁྲོ་བས་ཟིལ་གྱིས་ནོན་ནས་དྲག་ཅིང་རྩུབ་པའི་ཚིག་གི་མཚོན་ཆས་གཞན་ལ་གནོད་པ་བྱེད་པ་ལ་འཇུག་པར་འགྱུར་གྱིས། ཇི་སྐད་གསུངས་པའི་སྟོང་པ་ཉིད་དྲན་པར་མི་འགྱུར་རོ། །དེ་དག་ཉིད་དེ་མ་ཐག་པའི་དཔེས་

བསྟན་པའི་ཕྱིར། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ལྟར། །ཞེས་བྱ་བ་ལ་སོགས་པ་ལ། ཡུན་རིང་པོའི་དུས་སུ་ནད་ཀྱིས་གནོད་ཅིང་ཉམ་ཐག་པར་གྱུར་པའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པ་དག་ནད་གསོ་བའི་ཕྱིར་སྨན་པ་ལ་བསྟེན་པར་འདོད་ནས་བཙལ་བ་ན་ནད་ཀྱི་རྒྱུ་དང་གསོ་བ་ལ་མཁས་པ་

གཞན་ལ་ཕན་པ་བྱེད་པ་ལ་བརྩོན་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྨན་པ་ཡང་དག་པར་རྙེད་ནས་དེས་ཀྱང་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པའི་སྨན་ནད་པ་དེ་ལ་བྱིན་ན་ནད་པ་དེ་ནད་བསལ་བའི་ཕྱིར་བསྟེན་པར་མི་བྱེད་ན་གང་གིས་ཉེས་ཞེས་བྱ་བར། སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ཞེས་བྱ་བ་

ལ། ཇི་ལྟར་རིགས་པའི་སྨན་བསྟེན་ན་ནད་སེལ་བར་ནུས་ཀྱི་མ་བསྟེན་པར་ནི་མ་ཡིན་ནོ། །དེ་ནི་ནད་པ་ཉིད་ཀྱིས་ཉེས་པ་ཡིན་ཏེ། སྨན་མི་བསྟེན་པའི་མཚན་ཉིད་ཅན་གྱིའོ་ཞེས་བྱ་བས་སྐབས་ལ་བབ་པ་དང་སྦྱར་བའི་ཕྱིར། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་

གཤེགས་པའི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་དང་། གཟུགས་མེད་པ་ལ་སོགས་པ་ཐོབ་ནས་སྨན་བསྟེན་པའི་གནས་ལྟ་བུའི་སྒོམ་པ་གང་ཡིན་པ་ལ་སྦྱོར་བར་མི་བྱེད་པ་ནི་སྒོམ་པ་ལ་རྗེས་སུ་སྦྱོར་བ་དང་བྲལ་བའི་མཚན་ཉིད་ཅན་མྱ་ངན་ལས་འདས་

เล่ม ๑๑๗ · หน้า 48b

པའི་ནད་མེད་པ་ཐོབ་པར་མི་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་མེད་པ་སྟོང་བའོ་ཞེས་དོན་དམ་པ་སྒོམ་པ་ལ་སྦྱོར་བར་བྱེད་པ་ནི་སངས་རྒྱས་ཀྱི་སྲས་སུ་འགྱུར་གྱི་མུ་སྟེགས་པས་ཡོངས་སུ་བརྟགས་པའི་ཕྱོགས་གཅིག་སྟོང་པ་ཉིད་ནི་ཡོངས་སུ་སྤོང་བར་བྱེད་དེ། འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་པར།

སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ད་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་རྗེས་སུ་འཛིན་པའི་བརྩེ་བ་ཆེན་པོ་དང་ལྡན་ན་ཡང་བྱིས་པའི་སྐྱེ་བོ་སྤང་བར་བྱ་བའི་རྒྱུ་བསྟན་པའི་ཕྱིར། མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་བྱ་བ་ལ་སོགས་པ་ལ་མཁས་

པ་ནི་བློ་དང་ལྡན་པ་སྟེ། ཇི་སྐད་གསུངས་པའི་གསུང་རབ་ལ་མཁས་པའོ། །བྱིས་པ་ནི་མི་ཤེས་པ་སྟེ། དེ་དང་རྩོད་པར་མི་བྱེད་དེ། བཟློག་ནས་རི་མོར་བྱས་ནས་སྤོང་བ་ནི་བདག་ལ་བརྟེན་ནས་སེམས་གདུག་པ་བསྐྱེད་པས་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བསམ་པའོ། །བྱིས་པའི་སེམས་

ཀྱི་རྒྱུད་རིག་པས་གྲོགས་པོར་ཡང་མི་བྱེད་དོ། །གྲོགས་པོའི་གྲོགས་པོ་ཉིད་ཀྱང་དེས་མི་ཤེས་ཏེ་དགྲ་དང་འདྲ་བར་འགྱུར། །ཞེས་སོ་སོའི་སྐྱེ་བོའི་གྲོགས་ལ་མཁས་པ་རྣམས་ཡིད་རྟོན་པར་མི་བྱེད་དོ། །བྱིས་པ་དང་ནི་བྱིས་པར་མཐུན་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་མཐུན་

པའི་ཕྱིར། ཇི་ལྟར་མི་གཙང་བ་དང་མི་གཙང་བཞིན། །ཞེས་གསུངས་ཏེ། མི་གཙང་བ་དང་མི་གཙང་བ་ཆེན་པོར་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཁས་པ་དག་ནི་མཁས་པའི་སྐྱེ་བོ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་དག་པ་ནི་ཡོངས་སུ་དག་པ་དང་གྲོགས་པོ་ཞེས་བྱ་

བར། མཐུན་བཞིན་འབྱོར་པ་མར་དང་ཉིང་ཁུ་བཞིན། །ཞེས་གསུངས་སོ། །འཁོར་བའི་སྐྱོན་མ་མཐོང་བ་དང་། ལས་དང་རྣམ་པར་སྨིན་པ་སྟོན་པའི་དེ་བཞིན་གཤེགས་པའི་བཀའ་ལ་མ་དད་པའི་ཕྱིར་སློབ་པ་ཉམས་པ་ལ་སོགས་པར་འགྱུར་རོ་ཞེས་བྱ་བར། རབ་ཏུ་རྙེད་དཀའ་མི་ཉིད་ཐོབ་ནས་ནི། །ཞེས་

བྱ་བ་ལ་སོགས་པས་ནི་བསླབ་པ་ལ་མི་གུས་པའི་རྒྱུ་བསྟན་ཏོ། །བཟོ་ཡི་གནས་དག་ལ་ནི་མཁས་མི་འགྱུར། །ཞེས་བྱ་བ་ནི་འཚོ་བའི་དོན་གྱི་བཟོའི་གནས་ལ་སོགས་པ་ལ་མི་མཁས་པའི་ཕྱིར་དབུལ་པོར་གྱུར་ལ། འཚོ་བ་མེད་པས་འཚོ་བའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་

เล่ม ๑๑๗ · หน้า 49a

ནས་དེ་ལྷུང་བཟེད་དང་ཆོས་གོས་ལ་ཆགས་པར་འགྱུར་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་བསླབ་པའི་གནས་ལ་གུས་པར་མི་བྱེད་ཀྱི། བྱ་བ་མ་ཡིན་པ་ལ་སྦྱོར་བ་ལུས་དང་ངག་དང་སེམས་མ་བསྡམས་པས་བརྫུན་པའི་ཚིག་སྨྲ་ཞིང་གཞན་གྱི་སྐྱོན་སྨྲ་བ་ལ་ཞུགས་པ་ཟས་ལ་ལྷག་

པར་ཆགས་པ་ཟས་ལ་ཚོད་ཟིན་པ་མེད་པ་དེ་དག །སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང་། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་དེ་ལྟར་གྱུར་པའི་ཟས་རྙེད་ནས་ཡང་བྱས་པ་མི་ཤེས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་བདག་ཅག་གིས་ཟས་ལ་

སོགས་པ་ཐོབ་བོ་སྙམ་དུ་མི་སེམས་སོ། །དེ་དག་ཁ་ཟས་ཤིན་ཏུ་ཞིམ་པ་དྲི་དང་རོ་དང་ལྡན་པ་དག་མི་རིགས་པའི་སྦྱོར་བ་ཡོངས་སུ་ལོངས་སྤྱོད་པ། དེ་དག་ལ་ནི་ཟས་ཏེ་དུག་ཏུ་འགྱུར། །ཞེས་བྱ་བ་ལ། དེ་གྱ་ནོམ་པ་ཡིན་ན་ཡང་དུག་དང་འདྲེས་པའི་ཞོས་བསྲེས་པའི་ཟས་ཟ་བ་དང་འདྲ་བར་

དགེ་བའི་སྲོག་གི་བར་ཆད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དེ་དག་དུག་གི་དོན་དུ་འགྱུར་བ་ཡིན་ནོ། །ཞེས་བསྟན་པར་གླང་པོ་ཆེ་ཕྲུ་གུའི་དཔེས། བ་ལང་ཕྲུ་གུས་རྩ་བ་མ་བཀྲུས་བཞིན། །ཞེས་གསུངས་ཏེ། ཇི་ལྟར་གླང་པོ་ཆེ་ཕྲུ་གུས་རྩ་བ་མ་བཀྲུས་པ་སྟེ། པདྨའི་རྩ་བ་འདམ་དང་བཅས་པ་ཟོས་

ན་འཆི་བའི་རྒྱུར་འགྱུར་རོ། །དེ་ལྟ་བས་ན་བདག་ལ་ཕན་པ་འདོད་པས་སྡིག་པའི་གྲོགས་པོ་སྤངས་པ་དད་མཐའ་གཅིག་ཏུ་གཞོལ་བ་དང་། སོ་སོའི་སྐྱེ་བོ་དང་འདུ་འཛི་སྤངས་ནས་རྣལ་འབྱོར་དང་རྗེས་སུ་མཐུན་པའི་དགོན་པར་གནས་པར་བྱས་ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་

བཏང་སྙོམས་དང་ལྡན་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཟབ་མོ་ལ་བཟོད་པ་ཡང་སྟོན་ཏོ། །དེ་དག་གིས་ཀྱང་དེ་ལས་ཐོས་ནས་དེ་བཞིན་དུ་བསྒྲུབ་པ་ལ། འཕགས་པའི་ཟང་ཟིང་མེད་པའི་བཟོད་པ་འཐོབ། །ཅེས་བྱ་བ་ལ།

འཕགས་པ་ནི་ཆོས་ཟབ་མོ་མངོན་པར་རྟོགས་པའོ། །ཟང་ཟིང་མེད་པ་ནི་ཉེས་པ་ཐམས་ཅད་དང་བྲལ་བའོ། །ཐོབ་པ་ནི་ལྡན་པ་ཞེས་བྱ་བའོ། །ཟབ་མོའི་ཆོས་ཚུལ་རྟོགས་པས་རྣམ་པར་དག་པའི་བློ། །སྙིང་རྗེས་འགྲོ་བའི་དོན་བྱེད་བཟོད་པ་རྣམས་བསྒོམ་བྱ། །ཤེས་རབ་སྙིང་རྗེའི་ཡོན་ཏན་རང་

เล่ม ๑๑๗ · หน้า 49b

བཞིན་དམ་པ་འཇམ་པའི་མགོན། །དེ་ཉིད་ཀུན་ལ་བློ་རྒྱས་བློ་ཡིས་སངས་རྒྱས་འགྱུར་བར་གྱིས། །ཆོས་ཟབ་མོ་ལ་བཟོད་པའི་ལེའུ་སྟེ་དགུ་པའི་བཤད་པ་རྫོགས་སོ།། །།ད་ནི་གྲོང་ཁྱེར་དུ་གཤེགས་པའི་ལེའུ་ལེའུ་སྔ་མ་རྣམས་མཚམས་སྦྱོར་སྔོན་དུ་འགྲོ་བས་བསྟན་པར་བཞེད་ནས། དེ་ནས་

ཡང་ཞེས་བྱ་བ་ལ་སོགས་པ་ལ། ནན་ཏན་སྙིང་པོར་བྱའོ་ཞེས་བྱ་བ་ནི་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ཉིད་དོ། །ནན་ཏན་ནི་ཉམས་སུ་ལེན་པ་སྟེ། སྒྲུབ་པ་གཙོ་བོར་བྱའོ་ཞེས་བྱ་བའོ། །བསླབ་པར་བྱ་བ་ནི་སློབ་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། གང་གི་ཕྱིར་ནན་

ཏན་ཉེ་བར་སྟོན་ཞེ་ནའོ། །ནན་ཏན་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བས་ཏིང་ངེ་འཛིན་ནི་ཤིན་ཏུ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བཅོམ་

ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བྱས་ནས་ནན་ཏན་གྱིས་ཏིང་ངེ་འཛིན་ལ་འཇུག་པ་ལེགས་པར་བཤད་དོ། །ཞེས་བྱ་བ་ལ་སོགས་པ་ནས། བདག་ཀྱང་ནན་ཏན་སྙིང་པོར་བགྱིད་དོ་ཞེས་བྱ་བའི་བར་དུ་སྟེ། ལུས་དང་སྲོག་ལ་ལྟོས་པ་མེད་པར་བྱས་ནས་ཡང་དག་པར་

རྫོགས་པའི་བྱང་ཆུབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནན་ཏན་གྱིས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་འདྲ་བ་ནི་ཆོས་ཀྱི་སྐུ་སྟེ། སྒྲིབ་པ་ཐམས་ཅད་མི་མངའ་བས་སོ། །

རྡུལ་བྲལ་ནི་ཕྱི་དང་ནང་གི་འདོད་ཆགས་ཀྱི་རྡུལ་དང་བྲལ་བའི་ཕྱིར་རོ། །གཟུགས་བཟང་འཆང་བ་ནི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འཆང་བའི་ཕྱིར་རོ། །ལུས་མི་མངའ་ནི་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །མཚན་མི་མངའ་ནི་མཚན་མའི་མཚན་ཉིད་

མེད་པ་སྟེ། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱི་སྐུའི་མཚན་ཉིད་མེད་པ་ཉིད་དོ། །ཤེས་རབ་སྲས་པོ་ནི་གཟུགས་མེད་པའི་མཚན་ཉིད་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་སྐྱེས་པའི་ཕྱིར་རོ། །ཡང་ན་ནམ་མཁའ་དང་འདྲ་བས་ན་རྡུལ་དང་བྲལ་ལོ། །རྡུལ་

เล่ม ๑๑๗ · หน้า 50a

དང་བྲལ་བ་ནི་གཟུགས་བཟང་འཆང་བ་སྟེ། ཆོས་ཉིད་ཀྱི་གཟུགས་ལ་གཟུགས་ཞེས་བྱས་ནས་སོ། །གང་གི་ཕྱིར་གཟུགས་དང་མཚན་མི་མངའ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་སྟེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་བྱ་

བ་ཡིན་ནོ། །གོམས་པར་བྱེད་པའི་དུས་ལ་ལྟོས་ནས་དེའི་སྲས་པོ་ཉིད་དོ། །དེ་ལྟ་བས་ན་ཐམས་ཅད་དུ་དམན་པ་ལ་མོས་པ་རྣམས་ཀྱིས་གཏིང་དཔག་པར་དཀའ་བའི་ཕྱིར་དང་། ཤིན་ཏུ་ཟབ་པའི་ཡོན་ཏན་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར། ཡོན་ཏན་རྒྱ་མཚོ་རབ་ཟབ་ཅེས་བྱ་བའོ། །དེ་ལྟར་ན་

སེམས་ཅན་གྱི་དོན་བྱ་བ་ཇི་ལྟར་ངེས་པར་འགྲུབ་ཅེས་བྱ་ན། ཐུགས་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་སྐུ་ཡིན་པའི་ཕྱིར་དང་། སྔོན་སྦྱངས་པའི་ནུས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡང་ངེས་པར་འགྱུར་ཞེས་བྱའོ། །དེ་ལྟར་བསྟོད་

ནས་རང་གི་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །ཅེས་པ་སྟེ། ཕྱག་ཞོག་ཅེས་བྱ་བ་ནི་གསོལ་ཅིག་ཅེས་པའོ། །བདག་གི་མགོར་ཏེ་སྤྱི་བོར་རོ། །མཚུངས་མེད་ནི་འདྲ་བ་མེད་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་

གསོལ་བ་བཏབ་པའི་དོན་ཡང་དག་པར་བསྒྲུབ་པོ་ཞེས་བསྟན་པའི་ཕྱིར། ཕྱག་གཡས་པ་ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོར་བཞག་གོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བཞག་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ཟླ་འོད་གཞོན་ནུར་གྱུར་པ་ལ་གཟུགས་ཐམས་ཅད་ངེས་པར་

སྟོན་པའི་ཏིང་ངེ་འཛིན་ཏེ། རྣམ་པ་ཐམས་ཅད་ཀྱི་གཟུགས་ཐམས་ཅད་ཀྱི་སྣང་བ་སྐྱེད་པར་བྱེད་པའོ། །ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་ནི་ཡིད་ཀྱི་བསམ་པ་ཙམ་གྱིས་ཐམས་ཅད་དུ་འགྲོ་ཞིང་འོང་བའི་རྫུ་འཕྲུལ་གྱི་ངོ་བོའོ། །ནམ་མཁའ་མཛོད་ནི་འདོད་པ་ཙམ་གྱིས་འདོད་པའི་དོན་ཐམས་ཅད་

ནམ་མཁའ་ལས་ཡང་དག་པར་འགྲུབ་པའོ། །རྡོ་རྗེ་ལྟ་བུ་ནི་རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་ཕྱེད་པ་ཉིད་དོ། །དཔའ་བར་འགྲོ་བ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ནོན་པའོ། །སྒྲིབ་པ་མེད་པའི་མཐའ་ནི་སྒྲིབ་པ་ཐམས་ཅད་ཀྱི་མཐར་འགྲོ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་

เล่ม ๑๑๗ · หน้า 50b

ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་མཐོང་བའི་ངོ་བོ་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་

བསྐུར་བའོ། །དེ་དག་ལ་སོགས་པ་སྟེ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་མངོན་སུམ་དུ་འགྱུར་རོ། །གཟུངས་ཀྱི་སྒོ་དང་། དགའ་བ་དང་། བདེ་བ་གང་ལྷ་ཡུལ་གྱི་དགའ་བ་དང་བདེ་བ་ཐོབ་པོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱིས་རེག་པའི་མཐུ་ཁྱད་པར་དུ་

འཕགས་པར་རིག་པར་བྱའོ། །དེ་དག་ཉིད་ཀྱི་དོན་ཚིགས་སུ་བཅད་པས་སོ་སོར་བསྟན་པའི་ཕྱིར། དྲ་བས་མཛེས་འབྲེལ་བུམ་པ་ལྕགས་ཀྱུའི་མཚན་མངའ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། བུམ་པ་དང་། ལྕགས་ཀྱུ་དང་། དཔལ་བེའུ་དང་། འཁོར་ལོ་དང་། རྒྱལ་མཚན་དང་། ཉ་དང་། བ་

དན་ལ་སོགས་པའི་མཚན་གྱིས་བརྒྱན་པ། བསྐལ་པ་མི་ཉུང་བ་དཔག་ཏུ་མེད་པར་སྦྱིན་པའི་ཆར་འབེབས་པ་ལ་མཁས་པའི་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་ཟླ་འོད་ཀྱི་མགོ་ལ་བཞག་པར་གྱུར་པས་ཟླ་འོད་གཞོན་ནུ་ལ་དཔེ་མེད་པའི་དགའ་བ་དང་བདེ་བ་དང་ལྡན་པར་གྱུར་པས་བཅོམ་

ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པས་བསྟོད་པ། བླ་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བས་མི་འཇིགས་པ་སྦྱིན་པའོ། །

སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་སྡུག་པ་བཞིན་དུ་བརྩེ་བས་སྦྱིན་པས་ན་སེམས་ཅན་གཉེན་རྩའོ། །རྣམ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་ལ་འཇུག་པས་ན་བདེན་པའི་རྩ་ལ་མངའ་བའོ། །མཉམ་པ་མེད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་མཉམ་པས་མི་མཉམ་མཉམ་

པའོ། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཡིན་པའི་ཕྱིར་ཤིན་ཏུ་ཐུགས་རྗེ་ཅན་ནོ། །དཔའ་བོ་དགྲ་བཞི་རྣམ་པར་བཏུལ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་དགྲ་བཞི་རྣམ་པར་བཏུལ་བ་སྟེ། བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་བ་ཉིད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་

เล่ม ๑๑๗ · หน้า 51a

དོན་དམ་པ་སངས་རྒྱས་ཉིད་མངོན་སུམ་དུ་མཛད་པས་ན་བརྩོན་པའོ། །ཆོས་ཉིད་ཀྱི་སྐུའི་བདག་ཉིད་ཀྱི་ཕྱིར་སྐུ་མཆོག་གོ། ཤིན་ཏུ་ཡངས་པ་ནི་ཤེས་རབ་སྟེ་ནམ་མཁའི་དཀྱིལ་འཁོར་ལས་ཤར་བ་སྙིང་རྗེ་བྱམས་པའི་འོད་ཟེར་སྟོང་དང་ལྡན་པའི་རྒྱལ་བའི་ཉི་མ་མི་ཤེས་

པའི་མུན་པ་སེལ་བའོ། །སྐྱབས་སུ་མཆི་ཞེས་བྱ་བ་ནི་གུས་པར་ཕྱག་འཚལ་ནས་བདག་ལ་སྐྱབས་གཞན་མ་མཆིས་པས་སྐྱབས་སུ་མཆིའོ། །ཞེས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པའོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཞེས་བྱ་བ་ལ། ཐུགས་ཀྱིས་

དགོངས་ལ། སང་བདག་གི་སྡུམ་པར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཤོས་གསོལ་བ་གནང་བར་མཛད་དུ་གསོལ་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བའི་ཚིགས་བཅད་ཀྱིས་ཀྱང་དོན་དེ་ཉིད་བསྟན་ཏོ། །ཐུགས་བརྩེ་བའི་ཕྱིར་

ཞེས་བྱ་བ་ནི་ཐུགས་ཀྱིས་སོ། །གནང་བ་ནི་བདག་གིར་མཛད་པའོ། །དེའི་ཕྱིར་གསུངས་པ་ཅང་མི་གསུང་བར་གྱུར་པས་ཞེས་བྱའོ། །དེ་ནས་ཟླ་འོད་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་རྒྱལ་པོའི་

ཁབ་ནས་བྱ་རྒོད་ཀྱི་ཕུང་པོའི་བར་གྱི་ལམ་ཐམས་ཅད་མཉམ་པར་བྱས་ནས་མེ་ཏོག་སྣ་ཚོགས་དང་། སྤོས་དང་། ན་བཟའ་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། གར་དང་། ཟློས་གར་ལ་སོགས་པ་དང་། རོལ་མོ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དུ་མ་དང་

ལྡན་པས། སྐྱེས་པ་དང་བུད་མེད་རྣམས་ཀྱང་ཡང་དག་པར་བརྒྱན་ཏོ། །ལམ་གྱི་ངོས་གཉིས་སུ་ཡང་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པ་ལྷ་རྫས་ཀྱི་ཏ་ལའི་ཕྲེང་བ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་བཀོད། ནམ་མཁའ་ལ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཤིང་རིན་པོ་

ཆེ་སྣ་ཚོགས་ཀྱི་ཁྱད་པར་མར་མེ་བཞིན་དུ་གསལ་བར་བྱེད་པ་རྣམས་བཙུགས་སོ། །སྔར་བསྟན་པའི་དོན་རྣམས་ཚིགས་སུ་བཅད་པས་རྟོགས་པར་སླ་བའི་ཕྱིར་གསུངས་པ་ནི། ལམ་ནི་སྣ་ཚོགས་ཤིན་ཏུ་ལེགས་པར་བརྒྱན། །ཞེས་བྱ་བ་ལ་སོགས་པ་ལ། ལྷུག་པའི་གཞུང་བཤད་པ་ཡིན་

เล่ม ๑๑๗ · หน้า 51b

པའི་ཕྱིར་ཡང་བཤད་པར་མི་བྱའོ། །དེ་ལྟར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་སོགས་པས་ལམ་བརྒྱན་པས་རྒྱལ་པོའི་ཁབ་གང་ཡིན་པ་དང་། རང་གི་ཁྱིམ་གང་ཡིན་པར་སོང་ནས་རང་གི་ཁྱིམ་དུ་ཞུགས་ནས་དེའི་ནུབ་མོ་མང་ཞིང་བཟང་བ་གྱ་ནོམ་པ་དཔག་ཏུ་མེད་པའི་བཟའ་བ་དང་བཅའ་བ་དང་མྱང་བར་བྱ་བ་

རྣམས་མངོན་པར་བསྒྲུབས་ཤིང་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་ཚོགས་པར་བྱས་ནས་ནང་པར་སྔ་རབ་ཀྱི་དུས་སུ་རྒྱལ་པོའི་ཁབ་ཀྱང་དེ་བཞིན་དུ་བརྒྱན་ནས་དེ་ལ་རང་གི་ཁྱིམ་ཡང་རྒྱན་སྣ་ཚོགས་པ་དུ་མས་བརྒྱན་ཅིང་རིན་པོ་ཆེའི་སྟན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བཏིང་ངོ་། །དེའི་

དབུས་སུ་ལྷ་རྫས་ཀྱི་སེང་གེའི་ཁྲི་ལྷ་དང་མི་ལས་འདས་པ་བཤམས་སོ། །ཨ་ག་རུ་ནག་པོའི་དུད་པས་ནི་བདུགས། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཅིང་རང་གི་ཁྱིམ་སྤྲས་སོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པས་བསྟན་པར་འདོད་ནས། ཟླ་འོད་ཀྱིས་ནི་ཁྱིམ་མཆོག་ཡངས་པ་

ཡང་། །རྒྱ་ཆེར་ཐམས་ཅད་ཤིན་ཏུ་བརྒྱན་པར་བྱས། །ཞེས་བྱ་བ་སོགས་པ་ལ། རབ་ཀྱི་མཐར་ཐུག་པར་བརྒྱན་པར་བྱས་པའོ། །ཁྱིམ་མཆོག་ནི་ཁྱིམ་གྱི་གཙོའོ། །ཟླ་འོད་ཀྱིས་གུས་པས་ཞེས་བྱ་བ་ནི་ལྷག་མའོ། །ལྷ་རྫས་སེང་གེའི་ཁྲི་ནི་དབུས་སུ་བཙུགས་ཞེས་བྱ་བ་ནི་དབུས་སུ་བཀོད་

པའོ། །གང་ལ་འཇིག་རྟེན་སྒྲོན་མ་བཞུགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྟན་བྱེ་བ་སྟོང་ཕྲག་མཐའ་ཡས་པ་བཏིང་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་གྱི་གདན་ཡང་བཤམས་སོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་དྲིས་ཁྱབ་པར་བྱེད་པའི་

ཨ་ག་རུའི་བདུག་པའི་སྣོད་ཀྱང་བཞག་གོ། །མེ་ཏོག་རྣམ་པ་སྣ་ཚོགས་ཀྱང་བཀྲམ་མོ། །གར་བྱེད་གླུ་ལེན་སིལ་སྙན་སྒྲ་དག་གིས། །ཞེས་བྱ་བ་ལ། འདུས་བྱས་པའི་སྒྲའི་སྦྱོར་བས་ནི་མཐོ་རིས་འཐོབ་པར་འགྱུར་རོ་ཞེས་མངོན་པར་ཞེན་པ་སྤང་པའི་ཕྱིར་ཏེ། དོན་ལ་བརྟན་པར་བྱའི་ཡི་གེ་ལ་

བརྟན་པར་ནི་མི་བྱའོ་ཞེས་བྱ་བ་སྟེ། དོན་དང་སྒྲ་ལ་འབྲེལ་བ་གྲུབ་པ་ཅི་ཡང་མེད་པའི་ཕྱིར་གང་སུ་ཡང་རུང་བ་སྒྲ་དེ་དག་གིས་སམ་ལག་པ་ལ་སོགས་པའི་བརྡ་ཡང་རུང་བས་རབ་ཏུ་བསྒྲུབས་པའི་དོན་གྱི་རྗེས་སུ་འབྲང་བར་བྱའོ་ཞེས་རྟོགས་པར་བྱའི་རྨོངས་པ་སྒྲ་ལ་ཞེན་པ་རྣམས་ཀྱིས་ཡོངས་

เล่ม ๑๑๗ · หน้า 52a

སུ་བརྟགས་པའི་འདུས་བྱས་པའི་སྒྲ་ལ་འབད་པ་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གར་དང་གླུ་དང་བརྡུངས་པའི་སྒྲས་ཉེ་བར་མཛེས་པར་བྱས་པའི་ཁང་པའི་མཆོག་ནི་ལྷ་ལ་སོགས་པའི་སེམས་ཀྱང་ངོ་མཚར་དུ་འཛིན་ཅིང་ལྷའི་གཞལ་མེད་ཁང་ཡང་ཟིལ་

གྱིས་མནན་པའི་རྣམ་པར་རྒྱལ་བའི་གནས་པས་ལྷག་པར་ཟླ་འོད་ཀྱི་ཁང་པ་རྣམས་མཐོང་ངོ་། །དེ་ནས་ཟླ་འོད་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞེས་བྱ་བར་སྦྱར་རོ། །ནང་པར་ཤིན་ཏུ་སྔ་བའི་དུས་སུ་གླུ་དང་བརྡུང་བ་ལ་སོགས་པ་དང་བཅས་པར་རང་གི་འཁོར་གྱིས་ཡོངས་སུ་བསྐོར་བའི་

དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱང་ལྷའི་མེ་ཏོག་མནྡ་ར་བས་སྙིམ་པ་བཀང་བའོ། །དེ་དག་ལས་ལ་ལ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་ཞེས་བྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་

པ་ནི་ངེས་པར་སྐྱེ་བ་གཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་དུས་ན་ཉེ་བར་གནས་པའི་གྲངས་ངེས་པ་བསྟན་པར་བྱ་བའི་ཕྱིར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆེན་པོ་ནས་བྱམས་པའི་བར་བྱང་ཆུབ་སེམས་དཔའ་

བཅུ་གཉིས་ནི་སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། རྟ་དང་བ་གླང་དང་ཤིང་རྟ་དུ་མ་ཤིན་ཏུ་བརྒྱན་ཅིང་མ་ཞོན་པར་ཁྲིད་པ་མང་པོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་

དང་། བསྙེན་བཀུར་གྱི་ཕྱིར་ཞོན་པ་མེད་པའི་གཞོན་པའི་ཚོགས་དེ་དག་དང་འདྲེས་ནས་ཚད་མེད་པའི་འཁོར་གྱི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཆུ་དྲོན་ཅན་གྱི་སྒོ་ནས་ཕྱིར་བྱུང་སྟེ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་། བཅོམ་ལྡན་

འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞེས་བྱ་བ་ལ། དཀའ་ཐུབ་ཀྱི་སྟོབས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་སྒོ་དེ་ནི་ཆུ་དྲོན་ཅན་གྱི་སྒོའོ། །ཡང་ཏ་པོ་ཏ་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རིའོ། །དེ་ལ་མངོན་པར་ཕྱོགས་པའི་སྒོ་ནི་ཆུ་དྲོན་ཅན་གྱི་སྒོ་ཞེས་བྱ་བའམ། ཡང་ན་ལྷོ་ཕྱོགས་ཀྱི་སྒོ་ལ་མིང་དུ་

เล่ม ๑๑๗ · หน้า 52b

བཏགས་པའོ། །ཕྱིན་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པའོ། །དེ་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བཏུད་དེ། དུས་ལ་བབ་པར་གསོལ་བའི་ཕྱིར། བཅོམ་ལྡན་འདས་གདུགས་ཚོད་ལ་

བབ་བོ་ཞེས་བྱ་བ་ལ། དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ནི་སྔ་དྲོའི་དུས་ལགས་སོ་ཞེས་བྱ་བ་སྟེ། དུས་ནི་དུས་ཚོད་དོ། །སྦྱར་ལགས་པ་ནི་ངེས་པར་ཀུན་ཟིན་པའོ། །གཙང་བ་ནི་གུས་པར་བཤམས་པའོ། །ད་དེའི་དུས་ལ་བབ་བོ་སྙམ་པའོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་དུས་ལ་

བབ་པ་མཁྱེན་ཏེ། ཐུགས་ལ་དགོངས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པར་བདག་གི་སྡུམ་པར་གདུགས་ཚོད་གསོལ་བའི་དུས་ལ་བབ་བོ་ཞེས་བྱ་བའོ། །དེ་དག་ཐམས་ཅད་ཚིགས་སུ་བཅད་པས་བསྟན་པར་འདོད་ནས། བདག་གིས་གྲོང་ཁྱེར་མཆོག་ཀུན་རྣམ་པར་

བརྒྱན། །ཞེས་བྱ་བ་ལ་སོགས་པ་ལ། གྲོང་ཁྱེར་དང་བདག་གི་ཁྱིམ་ཡང་ལེགས་པར་བརྒྱན། ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་ཚོགས་པར་བཤམས་ཤིང་ལེགས་པར་སྦྱར་ཏེ། གསོལ་བའི་དུས་ལ་བབ་ཀྱི་བཅོམ་ལྡན་འདས་སྲས་དང་བཅས་པ་གྲོང་ཁྱེར་དུ་གཤེགས་སུ་གསོལ།

སྣང་བྱེད་ཉི་མ་མུན་པའི་ཚོགས་སེལ་མཐོར་འཕགས་པས་གདུགས་ཚོད་ཀྱི་དུས་ལ་བབ་ཅིང་ཉེ་བར་གྱུར་ཏོ། །དེའི་ཕྱིར། སྲས་དང་ཐབས་ཅིག་བདག་གི་སྡུམ་པར་གཤེགས་སུ་གསོལ། །ཞེས་བྱ་བ་ནི་ལྷ་ཞེས་བྱ་བའི་དོན་གྱིས་བསྐུལ་བའོ། །དེར་སེམས་ཅན་མང་པོའི་དོན་ཆེན་པོར་

གྱུར་ཏོ། །ཇི་ལྟར་མར་མེ་མཛད་ཀྱིས་ཁྱོད་ལ་ལུང་བསྟན་པ། །དེ་བཞིན་བདག་ཀྱང་འཇིག་རྟེན་མངོན་སུམ་ལུང་སྟོན་ཅིག །བདག་འདིར་ལུང་བསྟན་འཇིག་རྟེན་ཐོས་ནས་ནི། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར་ཞེས་

སེམས་བསྐྱེད་པར་འགྱུར་ཞིང་། རིམ་གྱིས་སེམས་ཅན་གྲོལ་བའི་ཕྱིར་དཔག་ཏུ་མེད་པའི་སྨོན་ལམ་གྱི་གོ་གྱོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། འདི་ན་སྣོད་མིན་སེམས་

เล่ม ๑๑๗ · หน้า 53a

ཅན་གང་ཡང་མེད། །ཅེས་བྱ་བ་ནི་གཡོ་བ་མེད་པའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཞེངས་ཤིག་བཞེངས་ཤིག་ཅེས་བྱ་བ་ནི་ཤིན་ཏུ་རིངས་པས་ལན་གཉིས་ཞུས་པའོ། །ཁྱིམ་དུ་གཤེགས་པའི་དགོངས་པ། ཇི་ལྟར་བདག་གི་སྡུམ་

པར་ཁྱོད་གཤེགས་པ། །དེ་བཞིན་བྱང་ཆུབ་ཤིང་དབང་དྲུང་བདག་མཆི། །ཞེས་བྱ་བ་ལ། ཇི་ལྟར་བདག་གི་སྡུམ་པར་ཁྱོད་གཤེགས་པ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདག་མཆི་བར་བགྱིའོ། །བྱང་ཆུབ་ཀྱི་ཤིང་དྲུང་དེར་བདག་མཆིས་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅིངས་ནས་རྡོ་རྗེའི་གདན་

མི་ཕྱེད་ཅིང་མི་གཡོ་བ་ལ་གནས་ནས་བདུད་བཞི་ལས་ངེས་པར་རྒྱལ་ཏེ་ཁྱོད་ཀྱིས་ཐོབ་པ་བཞིན་དུ་བྱང་ཆུབ་ཐོབ་པར་བགྱིའོ། །ལོངས་ཤིག་ཟླ་འོད་རྒྱལ་བའི་སྲས། །ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱིས་མངོན་པར་འདོད་པ་བསྒྲུབ་པར་བྱའོ་ཞེས་བྱ་བའོ། །ཟན་ལ་དེ་ནི་ཁྱིམ་དུ་

འདོང་། །ཞེས་བྱ་ནི་དེ་སྐད་གསུངས་ནས་དུས་ལ་བབ་སྟེ་གདན་ལས་བཞེངས་ནས་ཤམ་ཐབས་གསོལ། ཆོས་གོས་བགོས། ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ཆུ་དྲོན་ཅན་གྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་

གདུགས་ཚོད་ཀྱི་ཕྱིར་གཤེགས་སོ་ཞེས་བྱ་བར་འབྲེལ་ཏོ། །བྱང་ཆུབ་སེམས་དཔའ་དང་ལྷ་ལ་སོགས་པས་ཡོངས་སུ་བསྐོར་ཏེ་མི་དང་མི་མ་ཡིན་པ་རྣམས་ཀྱིས་ནི་མཆོད་ཅིང་སྟོད་པར་བྱེད་པ་དང་། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་སངས་རྒྱས་ཀྱི་བྱིན་རླབས་ཆེན་པོ་དང་།

སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་ལྡན་པས་རྣམ་པར་མི་རྟོག་པའི་སྤྱོད་ལམ་གྱི་རྫུ་འཕྲུལ་གྱིས་ཆོ་འཕྲུལ་ཉིད་བསྟན་པའི་ཕྱིར་རོ། །འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་གཏོང་ཞེས་བྱ་བ་སྟེ། སྐུ་ལུས་ཀྱི་ཆ་ཤས་ལས་ཞེས་བྱ་བ་ནི་ལྷག་

མའོ། །སིལ་སྙན་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། བ་དན་ལ་སོགས་པའི་མཆོད་པའི་ཁྱད་པར་དང་། ངང་པ་དང་། ཁྲུང་ཁྲུང་དང་། ངུར་བ་ལ་སོགས་པའི་བྱའི་ཚོགས་དཔག་ཏུ་མེད་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་སྐད་རྣམ་པ་སྣ་ཚོགས་པ་སྒྲོགས་ཤིང་ནམ་མཁའི་

เล่ม ๑๑๗ · หน้า 53b

དཀྱིལ་ནས་འཁོར་ཞིང་བསྟོད་པའི་དབྱངས་སྒྲོགས་པར་བྱེད་དོ། །གནོད་སྦྱིན་གྱི་དབང་པོ་གཟུགས་བཟང་དང་། དབང་པོའི་ཏོག་ལ་སོགས་པ་གནོད་སྦྱིན་གྱི་དབང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གིས་ལག་པ་གཉིས་གཏུན་ཤིང་འཛིན་ཅིང་གདུག་པ་ཅན་རྣམས་སྐྲོད་པར་བྱེད་དོ། །

ཕྱོགས་སྣ་ཚོགས་ནས་ལྷགས་པའི་རྒྱལ་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་རྣམས་རྟ་དང་བ་ལང་དང་ཤིང་རྟ་དང་རྐང་ཐང་རྒྱན་གྱིས་ཤིན་ཏུ་བརྒྱན་པ་རྣམས་མ་ཞོན་པར་ཁྲིད་པས་ཡོངས་སུ་བསྐོར་བ་དང་། ཚངས་པ་ཡང་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་མཆོད་པ་དང་། རིམ་

གྲོ་དང་། བསྙེན་བཀུར་བྱེད་ཅིང་འགྲོའོ། །གཡོན་ནས་ནི་ལྷའི་དབང་པོ་འགྲོའོ། །ནམ་མཁའི་ངོས་ཐམས་ཅད་བར་མཚམས་མེད་པར་གང་བའི་ལྷའི་བུ་མཆོད་པ་སྣ་ཚོགས་ཐོགས་པས་ལག་པ་སྦྲེལ་བས། ནམ་མཁའ་གང་བར་གྱུར་ནས་བཅོམ་ལྡན་འདས་ལ་མཆོད་པའི་

ལས་ཀྱི་ཕྱིར་འཁོད་དེ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་རྣམས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ཆུ་དྲོན་ཅན་གྱི་སྒོ་ནས་གཤེགས་སོ། །དེ་ལ་འདི་སྐད་ཅེས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པ་ཉིད་གསལ་པོར་བྱ་བའི་ཕྱིར། སངས་རྒྱས་དེ་བཞིན་གཤེགས་པས་དུས་མཁྱེན་

ནས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དུས་མཁྱེན་ནས་འོད་ཟེར་གྱི་ཆོ་འཕྲུལ་སྣ་ཚོགས་སྟོན་པས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་སྣང་བར་མཛད་ཅིང་གཤེགས་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་གཡོན་ཕྱོགས་ནས་ནི་སྤྱན་རས་གཟིགས་དབང་

ཕྱུག་དང་། མཐུ་ཆེན་ཐོབ་དང་། མཐོང་བ་དོན་ཡོད་དང་། སྤོས་ཀྱི་གླང་པོ་དང་། ལག་ན་རིན་ཆེན་དང་། ལག་བཟངས་དང་། རིན་ཆེན་ཏོག་དང་། འབྱུང་བར་དཀའ་བ་ལ་སོགས་པ་རྣམས་སོ། །གཡས་ཕྱོགས་ནས་ནི་བྱམས་པ་སྔོན་དུ་འགྲོ་བའི་བསྐལ་པ་བཟང་པོ་པ་

རྣམས་སོ། །ཟླ་འོད་ནི་མདུན་ནས་འགྲོ་བར་བྱེད་དོ། །འཇམ་དཔལ་ནི་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གཡོན་ཕྱོགས་དེ་ཉིད་ནས་སོ་ཞེས་བྱ་བས་ནི་ཤེས་རབ་དང་བྱམས་པ་དག་གིས་མངོན་པར་འདོད་པའི་གནས་ཐོབ་པར་བྱ་བ་ཉིད་ཡིན་

เล่ม ๑๑๗ · หน้า 54a

པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱམས་པ་དག་གཡོན་དང་གཡས་ཕྱོགས་སུ་གནས་པར་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་རྗེས་ཐོགས་སུ་ནི་ཉན་ཐོས་ཀྱི་དགེ་འདུན་ནོ། །ཉན་ཐོས་ཀྱི་དགེ་འདུན་གྱི་རྗེས་ཐོགས་སུ་

གཽ་ཏ་མ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ཏེ། བསྟན་མ་ཐག་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཡོངས་སུ་བསྐོར་བ་ནི་ནམ་མཁའ་དྲི་མ་མེད་པའི་དབུས་ན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་སྐར་མའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལྟར་ཉེ་བར་

མཛེས་པར་གྱུར་པས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་ནས་ང་གང་གི་ཚེ་དབང་པོའི་ཕུར་བུའི་སྒོ་ཐེམ་ལ་བཅོམ་ལྡན་འདས་ཀྱི་ཞབས་གཞག་པ་དེའི་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། དེ་དག་ཀྱང་སྔར་བཤད་ཟིན་ཏོ། །དོན་དེ་ཉིད་ཡང་ཚིགས་སུ་བཅད་པས་བསྟན་

པའི་ཕྱིར། གྲོང་ཁྱེར་མཆོག་དེར་འདྲེན་པ་གཤེགས་པ་ན། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་རབ་ཏུ་དགའ་བར་གྱུར་ཏོ། །བཀྲེས་པ་དང་སྐོམ་པ་དང་བྲལ་ལོ། །དབང་པོ་མ་ཚང་བ་རྣམས་ཀྱིས་ནི་དབང་པོ་ཚང་བ་ཐོབ་པར་གྱུར་ཏོ། །ཡི་དགས་རྣམས་ཀྱང་དེ་བཞིན་

གཤེགས་པའི་འོད་ཟེར་གྱིས་རེག་པས་བདེ་བ་ཐོབ་པར་གྱུར་ཏོ། །ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །འོན་ཀྱང་སེམས་ཅན་འགའ་ལ་ཡང་གནོད་པར་གྱུར་པ་མེད་པ་སྟེ། འཚེ་བ་མེད་པའོ། །ནམ་མཁའ་ལ་འགྲོ་བའི་ལྷ་རྣམས་ཀྱང་གདུགས་རྣམ་པ་སྣ་ཚོགས་འཛིན་པར་བྱེད་དོ། །

སིལ་སྙན་བྱེ་བ་བརྒྱ་སྟོང་དུ་མ་དག་ཀྱང་མ་བརྡུངས་པར་ནམ་མཁའི་དཀྱིལ་ནས་རང་སྒྲ་སྙན་པ་སྒྲོགས་སོ། །ལྗོན་ཤིང་སྡོང་པོ་སྟོང་ཕྲག་བརྒྱ་ཡང་དེའི་ཚེ་མེ་ཏོག་རྒྱས་པར་གྱུར་ཅིང་བཅོམ་ལྡན་འདས་ལ་འདུད་པར་གྱུར་ཏོ། །རྟ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། རི་དགས་ཀྱི་བདག་

པོ་རྣམས་ཀྱང་རབ་ཏུ་དགའ་བའི་སེམས་ཀྱིས་སྙན་ཅིང་ཡིད་དུ་འོང་བའི་སྒྲ་སྒྲོགས་སོ། །ཕྱོགས་སྣ་ཚོགས་ནས་འོངས་པའི་ས་བདག་རྒྱལ་པོ་རྣམས་ཀྱང་སྤྱི་བོ་ས་ལ་བཙུགས་ནས་ཕྱག་འཚལ་ཞིང་འདུད་དོ། །ཁ་ཅིག་ནི་མུ་ཏིག་གི་ཕྲེང་བ་དང་། དཔུང་རྒྱན་དང་། རྐང་གདུབ་དང་། ཅོད་

เล่ม ๑๑๗ · หน้า 54b

པན་དང་། གདུ་བུ་དང་། རྣ་ཆ་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམས་འཐོར་བར་བྱེད་དོ། །གང་ཡང་མཆོག་ཏུ་སྡུག་བསྔལ་བར་གྱུར་པའི་སེམས་ཅན་གནོད་པ་རྣམ་པ་སྣ་ཚོགས་ཀྱིས་ཉམ་ཐག་ཅིང་མྱ་ངན་གྱི་ཟུག་རྔུས་ཟུག་པ་དེ་དག་ནི་སྐད་ཅིག་དེ་ཉིད་ལ་བདེ་བ་དང་ལྡན་པར་གྱུར་ཏོ། །ནམ་

མཁའི་དཀྱིལ་ནས་འགྲོ་བའི་བྱའི་ཚོགས་རྣམ་པ་སྣ་ཚོགས་རྣམས་ཀྱང་སྙན་ཅིང་ཡིད་དུ་འོང་བའི་སྒྲ་སྒྲོགས་སོ། །གང་དག་གིས་སྒྲ་སྐད་དེ་ཐོས་པ་དེ་དག་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཞི་བར་གྱུར་ཏེ། ཆོས་ཟབ་མོ་ལ་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་

སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་ལུང་སྟོན་ཏོ། །དེའི་དུས་ན་ཉོན་མོངས་མི་འབྱུང་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཉོན་མོངས་པ་དང་བྲལ་ནས་རབ་ཏུ་དང་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་བྱང་ཆུབ་ཏུ་

སེམས་སྐྱེད་པར་བྱེད་དོ། །བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་སྟོང་ཕྲག་བརྒྱ་སྟོང་དུ་མ་བྱུང་བའི་འོད་ཀྱིས་ཟིལ་གྱིས་མནན་པས་ཉི་མ་ལ་སོགས་པའི་ལྷ་རྣམས་ཀྱི་འོད་ཤེས་པ་མེད་དོ། །མི་གཙང་བ་དང་། དྲི་མ་དང་། ནག་ནོག་སྣང་བ་མེད་པར་གྱུར་ཏེ་ཉོན་མོངས་པའི་དབང་

གིས་མི་གཙང་བ་ལ་སོགས་པ་སྣང་བར་འགྱུར་གྱི། གཞན་དུ་ན་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་པར་སྤངས་པ་ལ་མི་གཙང་བ་ལ་སོགས་པ་སྣང་བའི་སྐབས་ལྟ་ག་ལ་ཡོད། ཟླ་འོད་ཀྱིས་ཐམས་ཅད་ཡོངས་སུ་སྦྱངས་པའི་ཡང་ཕྱིར་རོ། །ལྷ་རྣམས་ཀྱིས་གཏོར་བའི་

མེ་ཏོག་དེ་དག་ནི་སའི་སྟེང་དུ་མེ་ཏོག་བཀྲམ་པར་གྱུར་ཏོ། །མི་རྣམས་ཀྱིས་གཏོར་བ་རྣམས་ནི་ནམ་མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་སྲང་གི་དབུས་ནས་གཤེགས་པའི་ཚེ་སྤྲུལ་པ་སྤྲོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འོག་མིན་གྱི་མཐར་

ཐུག་པའི་ལྷ་རྣམས་མཆོད་པ་སྣ་ཚོགས་ཀྱིས་ལག་པ་འབྲེལ་བ་ཡང་འོངས་སོ། །དེ་བཞིན་དུ་གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲང་སྲོང་རྣམས་ཚར་གཅད་པ་དང་། ཕན་འདོགས་པ་རྣམས་ཀྱང་འདུས་ནས་དེ་བཞིན་གཤེགས་པའི་ཞབས་ལ་

เล่ม ๑๑๗ · หน้า 55a

ཕྱག་འཚལ་བར་བྱེད་དོ། །གྲོང་དང་གྲོང་ཁྱེར་དང་། རི་དང་ནགས་ན་གནས་པ་དང་། ཆུ་ཀླུང་གི་ལྷ་རྣམས་ཀྱང་ལྷགས་སོ། །དེ་ལྟ་བུ་ལ་སོགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཁྱད་པར་དཔག་ཏུ་མེད་པ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་ཤེས་པར་དཀའ་བ་ཞེས་བྱ་བའོ། །

གཙོ་བོའི་ཡོན་ཏན་དྲི་མ་མེད་པར་འཇུག་པའི་མཐུ་རྣམས་ནི། །ནམ་མཁའ་དང་མཉམ་དཔག་མེད་འཇམ་དབྱངས་བློ་ཡི་ཡུལ་གྱུར་པ། །གྲོང་མཆོག་གཤེགས་པའི་སྒོ་ཐེམ་ཞབས་གཞག་ཚེ་ན་བསྟན། །བདག་གི་བློ་ཡིས་དེ་ལ་འཇུག་པར་ཇི་ལྟར་ནུས། །སྐྱེ་དང་འཆི་བ་དང་ལྡན་བེམས་པོ་

ཤིན་ཏུ་སྡུག་བསྔལ་བས། །སྐྱེ་བ་ཀུན་དུ་བདག་ནི་འདི་འདྲ་དང་འབྲེལ་བར། །བདག་གིས་བསོད་ནམས་ས་བོན་འདི་དང་ལྡན་པར་མ་གྱུར་ཅེས། །བཀྲལ་བ་ཡིན་གྱིས་འཇིག་རྟེན་ངོ་མཚར་གྱུར་པ་ཅི་ཡང་མེད། །གྲོང་ཁྱེར་དུ་གཤེགས་པའི་ལེའུ་སྟེ་བཅུ་པའི་བཤད་པ་རྫོགས་སོ།། །།

ད་ནི་མདོ་སྡེ་འཛིན་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་ཟླ་འོད་གཞོན་ནུའི་ཁྱིམ་དུ་གཤེགས་སོ། །གཤེགས་ནས་ཀྱང་གདན་བཤམས་པ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། དགེ་སློང་གི་དགེ་འདུན་ཡང་སོ་སོར་

གར་འོས་པའི་སྟན་ལ་འཁོད་དོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་རང་ཉིད་ཀྱིས་སྔར་འདུས་བྱས་པའི་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས། བདར་ཏེ་ཞེས་བྱ་བ་ནི་ཅི་བཞེད་པ་

རྣམས་ཇི་ལྟར་བདེ་བར་བྱས་ནས་སོ། །བཅོམ་ལྡན་འདས་བཤོས་གསོལ་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས་ཆོས་སྟོན་གྱི་ཡོན་དུ་རས་བཅོས་བུ་ཟུང་བྱེ་བ་སྟོང་ཕྲག་བརྒྱ་རི་བ་ཕུལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རས་ཟུང་རེ་རེའོ། །དགེ་སློང་རྣམས་ལ་ནི་ཆོས་གོས་

གསུམ་གསུམ་ཕུལ་ལོ། །དེ་ནས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པས་བསྟོད་པ། སྐྱེས་པ་མེད་ཅིང་འགག་པ་མེད། །ཅེས་བྱ་བ་ལ་སོགས་པ་ལ། སྐུ་ལུས་མི་མངའ་བ་ནི་ཆོས་ཀྱི་སྐུ་ལ་སྐུ་མེད་པར་བསྟན་ཏོ། །ཅིའི་ཕྱིར་ཞེ་ན།

เล่ม ๑๑๗ · หน้า 55b

སྐྱེས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་འགག་པ་མེད་དོ། །བསམ་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར། བསམ་མི་ཁྱབ་ཅེས་བྱ་སྟེ། ཆོས་ཀྱི་སྐུའི་སྒོ་ནས་བསྟོད་པའོ། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་

སོ། །ཤེས་རབ་ཀྱིས་སྐྱེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ངེས་པར་བྱུང་བའི་ཕྱིར་རོ། །ཐབས་དང་སྟོབས་ཀྱི་རྩལ་ཀྱང་མངའ། །ཞེས་བྱ་བ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་སེམས་ཅན་མ་ལུས་པའི་དོན་བྱེད་པའི་ཕྱིར་དང་། དོན་དམ་པར་ནམ་

མཁའ་དང་འདྲ་བའི་ཐུགས་མངའ་བའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ལ་ཕྱག་འཚལ་བའོ། །དེ་ལྟར་ན་གཙུག་ལག་ཁང་དང་། ཞལ་ཟས་དང་། བཏུང་བ་དང་། ཆོས་སྟོན་པ་ལ་སོགས་པའི་བྱ་བ་རྣམས་ལ་ཇི་ལྟར་འཇུག་ཅེ་ན། དྲན་པ་

ཉེ་བར་གཞག་པ་བཞུགས་པའི་སྤྱོད་ཡུལ་ཏེ། །ཞེས་བྱ་བ་ལ། གང་ལ་དྲན་པ་ཉེ་བར་གཞག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟིམས་མལ་ནི་དགའ་བ་དང་བདེ་བའོ། །བཏུང་བ་ནི་ཏིང་ངེ་འཛིན་ནོ། །བཤོས་ནི་བསམ་གཏན་ནོ། །སྟོང་པ་ཉིད་ནི་དགོན་པ་སྟེ། ཐམས་ཅད་དུ་སྟོང་

པ་ཉིད་ལ་གནས་པའི་ཕྱིར་དགོན་པ་ལ་བརྟེན་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་ཡིན་ན་ཡང་གཟུགས་ཀྱི་སྐུར་ཡང་སྟོན་པའི་ཕྱིར། རྒྱལ་བ་ཐུགས་རྗེ་བསྙེན་པས་ན། །ཞེས་བྱ་བ་ལ་ཐུགས་རྗེའི་གཞན་དབང་དུ་གྱུར་པས་བཤོས་གསོལ་བ་དང་། བཏུང་བ་འཐུང་བ་ལ་སོགས་པར་ཡང་སྟོན་ཏོ། །

ཨེ་མ་སངས་རྒྱས་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པས་ནི་མཆོད་པ་ཙམ་གྱིས་མྱ་ངན་ལས་འདས་པར་གྱུར་པ་ངོ་མཚར་ཆེ་བར་བསྟན་ཏོ། །སངས་རྒྱས་འཁོར་དང་བཅས་པར་བཤོས་གསོལ་བའི། །བསོད་ནམས་བདག་གིས་གང་ནི་བསགས་པ་དེས། །ཇི་ལྟར་ཁྱོད་བཞིན་བདག་

ཀྱང་སངས་རྒྱས་སུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །ཡིད་ཀྱིས་ཞུ་བ་ཞུས་པ་ནི་ངག་གི་བྱ་བ་ལ་ལྟོས་པ་མེད་པར་ཡང་ཚིག་འཇུག་པ་ཡོད་དོ་ཞེས་བསྟན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་མཁས་པས་ཅི་སྤྱད་ན། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཞུགས་ན་ཆོས་རྣམས་ཇི་ལྟ་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด