འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๗ · หน้า 84a

མངོན་དུ་འགྱུར་བ་ཡིན་ཏེ། སྔོན་གོམས་པའི་ཕྱིར་རོ། །གཏོང་བ་པོ་དང་། སྦྱིན་བདག་ཡིན་ནོ། །ཞེས་སེམས་ཅན་ཐམས་ཅད་ལ་ཕངས་ཤིང་སྡུག་པ་ཡིན་ནོ། །འཇིགས་པ་མེད་ཅིང་ཞུམ་པ་མེད་པ་སྟེ། འཁོར་གྱི་ནང་དུ་འགྲོ་བ་ན་སྦྱིན་པའི་བདག་ཉིད་

ཆེ་བའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་མནན་པའོ། །ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚིགས་སུ་བཅད་པའི་སྒྲ་རྒྱ་ཆེར་བརྗོད་པའི་གྲགས་པ་མངོན་པར་འབྱུང་སྟེ། ཕྱོགས་ཐམས་ཅད་ནས་འོངས་པའི་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་སྦྱིན་པས་རབ་ཏུ་བསྒྲགས་

པའི་ཕྱིར་རོ། །རྐང་ལག་འཇམ་ཞིང་གཞོན་ཤ་ཅན་ཡིན་ཏེ། སྦྱིན་པའི་རྒྱུ་མཐུན་པས་སྐྱེས་བུ་ཆེན་པོའི་མཚན་གྱིས་སྤྲས་པའི་ལག་པ་དང་། རྐང་པ་དང་ལྡན་པའི་ཕྱིར་རོ། །རྐང་མཐིལ་མཉམ་ཞིང་རབ་ཏུ་གནས་པ་ཡིན་ཏེ། སྦྱིན་པ་ལ་ཡིད་དམ་བཅས་པ་བརྟན་

པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་དང་མི་འབྲལ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་མི་འབྲལ་བའི་ལེགས་པ་ནི་འདི་བཅུའོ། །ཞེས་བྱ་བ་ནི་འདས་པ་རྣམས་སོ། །དོན་དེ་དག་ཉིད་ཚིགས་སུ་བཅད་

པས་བསྟན་པ་ནི་དོན་ལྷག་པ་མེད་པས་མ་བཤད་དོ། །སྦྱིན་པ་རྣམ་པ་བཞི་ལས་འདི་བསྟན་པ། །མ་ལུས་བསྡུས་པར་འགྱུར་བའི་ངོ་བོ་གཅིག །སྦྱིན་པ་རྣམས་ཀྱི་གཙོ་བོར་འདི་མཐོང་གི །གཞན་དོན་ཞུགས་པ་རྣམས་ལ་ཀུན་ཀྱང་གཙོ། །སྦྱིན་པའི་ཕན་ཡོན་བསྟན་པའི་

ལེའུ་སྟེ་ཉི་ཤུ་རྩ་བདུན་པའི་འགྲེལ་པ་རྫོགས་སོ།། །།སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་བསྟན་པར་བཞེད་ནས། གཞོན་ནུ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕན་ཡོན་ནི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་རྗེས་སུ་བསྐོར་ཅིང་ཞེས་བྱ་བ་ནི། ཡེ་ཤེས་ལ་ཚུལ་

ཁྲིམས་ལ་སོགས་པས་ཡོངས་སུ་འཕེལ་བར་བྱེད་པ་ཞེས་བྱའོ། །ཡོངས་སུ་རྫོགས་པར་བྱེད་པ་ནི། དཀར་པོའི་ཆོས་རྣམས་ཀྱིས་སོ། །སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་པ་ནི་དེ་བཞིན་གཤེགས་པའི་བསླབ་པ་དང་རྗེས་སུ་མཐུན་པ་རྣམས་འཕེལ་བར་བྱེད་པའི་ཕྱིར་རོ། །མཁས་པ་

เล่ม ๑๑๗ · หน้า 84b

རྣམས་ཀྱིས་མ་སྨད་པ་ནི་སྨད་པའི་ལས་མི་བྱེད་པའོ། །དམ་བཅས་པ་ལས་མི་གཡོ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཚུལ་ཁྲིམས་མ་ཉམས་པའོ། །ནན་ཏན་ལ་གནས་པ་ནི་ཐམས་ཅད་ནན་ཏན་གྱིས་སྒྲུབ་པའོ། །འཁོར་བ་ལས་གྲོལ་བ་ནི་འཁོར་བ་ལ་མངོན་པར་མི་ཞེན་པ་ཙམ་

ཡིན་གྱི་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པའི་སེམས་དང་ལྡན་པའོ། །ཀུན་ནས་ལྡང་བ་མེད་པར་གནས་པ་ནི་ཉོན་མོངས་པའི་ཀུན་ནས་ལྡང་བ་མེད་པའོ། །ཏིང་ངེ་འཛིན་རབ་ཏུ་འཐོབ་

པ་ནི་རྣམ་པར་གཡེང་བ་མེད་པའི་ཚུལ་ཁྲིམས་ཀྱིས་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དབུལ་པོ་མ་ཡིན་པར་འགྱུར་བ་ནི་ཆོག་ཤེས་པའི་ནོར་གྱི་དབང་ཕྱུག་གོ། །ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ནོར་བསགས་པས་ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་གནས་པའི་ཕན་ཡོན་ནི་བཅུ་པོ་འདི་དག་གོ། །

ཚིགས་སུ་བཅད་པ་རྣམས་ནི་དོན་ལྷག་པ་མེད་པས་མ་བཤད་དོ། །སངས་རྒྱས་ཡོན་ཏན་ལུས་པ་ཚུལ་ཁྲིམས་རྒྱུས་བྱུང་བས། །ངེས་པར་སངས་རྒྱས་ཉིད་ནི་ཐོབ་འགྱུར་བ། །ཚུལ་ཁྲིམས་མཆོག་ཅེས་སངས་རྒྱས་ཡང་དག་གསུངས། །བརྩོན་འགྲུས་བརྩམས་ལ་རྟག་ཏུ་ལེགས་

པར་སྲུངས། །ཚུལ་ཁྲིམས་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།ཚུལ་ཁྲིམས་ཀྱི་རྗེས་སུ་བཟོད་པའི་ཕན་ཡོན་བསྟན་པའི་ཕྱིར། གཞོན་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེས་མི་འཚིག །མཚོན་གྱིས་མི་འཆི། དུག་

གིས་མི་ཚུགས། ཆུས་མི་འཆི། ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལྷ་རྣམས་དེ་ལ་སྲུང་བར་བྱེད་དེ། བཟོད་པ་དང་ལྡན་པ་དེ་ལ་རྟག་ཏུ་སྲུང་བའོ། །ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པར་འགྱུར་ཏེ། མཚན་རྫོགས་པར་བྱེད་

པའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ངན་འགྲོའི་སྒོ་ཐམས་ཅད་བཅད་པར་འགྱུར་ཏེ། བཟོད་ཐོབ་ངན་སོང་ལྟུང་མི་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་རྙེད་པར་དཀའ་བར་མི་འགྱུར་ཏེ། བཟོད་པ་ནི་ཚངས་པའི་གནས་པའི་ངོ་བོ་ཡིན་པའི་ཕྱིར་

เล่ม ๑๑๗ · หน้า 85a

རོ། །དེ་བདེ་བར་ཉིན་མཚན་འདའ་བར་འགྱུར་ཏེ། སྡུག་བསྔལ་དང་ཕྲད་པར་བྱས་པའི་གནོད་པ་ཐམས་ཅད་བཟོད་པའི་ཕྱིར་རོ། །དེའི་ལུས་ལ་དགའ་བ་དང་བདེ་བ་མི་འདོར་བར་འགྱུར་ཏེ། བཟོད་པ་ནི་བདེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །བཅུ་པོ་འདི་དག་

ནི་བཟོད་པ་ལ་རབ་ཏུ་གནས་པའི་ཕན་ཡོན་ཡིན་ནོ། །ཚིགས་སུ་བཅད་པ་རྣམས་ཀྱི་དོན་ནི་སྔ་མ་བཞིན་ནོ། །རྫོགས་སངས་རྐང་གཉིས་མཆོག་གྱུར་པས། །བཟོད་པ་རྣམ་པ་གསུམ་གསུངས་པས། །སྟོང་ཉིད་ཆོས་ལ་བཟོད་པ་ལས། །གཞན་དག་བཟོད་པར་མི་འགྱུར་རོ། །ཚུལ་ཁྲིམས་

ཀྱི་ལེའུ་ནས་བརྩམས་ནས་ལེའུའི་གྲངས་མེད་དེ་མཐར་ཕན་ཡོན་བཅུ་སྟེ་ཞེས་བྱ་བའི་ལེའུའི་བར་དུའོ། །བརྩོན་འགྲུས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་གསུངས་པ། གཞོན་ནུ་ཕན་ཡོན་ནི་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། བསྙེན་པར་དཀའ་བར་འགྱུར་བ་ནི་བརྩོན་འགྲུས་ཀྱི་སྟོབས་

ཀྱིས་ཡོན་ཏན་ཐམས་ཅད་ཤིན་ཏུ་མཐར་ཐུག་པར་འགྲོ་བ་ཉིད་ཀྱིས་ཟིལ་གྱིས་མནན་པར་སླ་བ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཡོངས་སུ་གཟུང་བ་ཐོབ་པ་ནི་སངས་རྒྱས་རྣམས་ཀྱིས་དགོངས་པའོ། །ལྷས་ཡོངས་སུ་གཟུང་བར་འགྱུར་བ་ནི་སྒྲིབ་པ་ལས་སྲུང་ཞིང་སྦེད་པར་བྱེད་

པའོ། །དེས་ཐོས་པའི་ཆོས་ཡོངས་སུ་མི་ཉམས་པ་ནི་དེ་རྟག་ཏུ་འདོན་པར་བྱེད་པའི་ཕྱིར་རོ། །སྔོན་མ་ཐོས་པའི་ཆོས་རྣམས་ཐོས་པ་ནི་བརྩོན་འགྲུས་ཀྱིས་སྔོན་མ་ཐོས་པའི་ཆོས་ཐོས་པའོ། །ཏིང་ངེ་འཛིན་གྱི་རིགས་འཐོབ་པ་ནི་ཆོས་གཞན་དག་ཀྱང་ཐམས་ཅད་ཏིང་ངེ་འཛིན་གྱི་

རིགས་འཐོབ་པ་སྟེ། མངོན་དུ་ཕྱོགས་པར་འགྱུར་བའོ། །ནད་ཉུང་བར་འགྱུར་བ་ནི་ནད་ཀྱི་གཉེན་པོའི་ཆོས་བསྟན་པའི་ཕྱིར་རོ། །དེའི་ཟས་རྣམས་ཀྱང་བདེ་བར་འཇུ་བར་འགྱུར་བ་ནི་ཁམས་མི་བདེ་བ་མེད་པའི་རྒྱུ་ཆོས་ལ་བརྟེན་པའི་ཕྱིར་རོ། །པདྨ་ལྟ་བུར་འགྱུར་

ཞིང་མངའ་སྟེ་ཀ་མ་ལྟ་བུར་མི་འགྱུར་བ་ཞེས་བྱ་བ་ནི་རིམ་གྱིས་དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་འཁོར་བའི་ཉེས་པའི་འདམ་གྱིས་མ་གོས་པ་ཡིན་གྱི་ལྕགས་མདའ་སྟེ་ཀ་ལྟར་རིམ་གྱིས་ཟད་པ་དང་། སྡུག་བསྔལ་བསྐྱེད་པ་ནི་མ་ཡིན་ནོ། །འདི་དག་ནི་བརྩོན་

เล่ม ๑๑๗ · หน้า 85b

འགྲུས་བརྩམས་པའི་ཕན་ཡོན་ཞེས་བྱའོ། །དོན་དེ་དག་ཉིད་བདེ་བར་རྟོགས་པར་བྱ་བའི་ཕྱིར་ཡང་ཚིགས་སུ་བཅད་པས་གསུངས་པ། བསྙེན་དཀའ་བར་ཡང་རྟག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ། སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱང་བསྐལ་པ་

དཔག་ཏུ་མེད་པར་བརྩོན་འགྲུས་བརྩམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བརྩོན་འགྲུས་བརྩོམས་ལ་རྣལ་འབྱོར་ལ་བརྩོན་པར་བྱའོ། །བདག་གཞན་དོན་ལྡན་བྱང་ཆུབ་སེམས་མཆོག་གི །བརྩོན་འགྲུས་ཀྱིས་ནི་བཟང་པོ་ཀུན་འཐོབ་

ཅིང་། །འཇིག་རྟེན་འདས་པའི་སངས་རྒྱས་ཡོན་ཏན་ཀུན། །བརྩོན་འགྲུས་བརྩམས་པའི་སྦྱོར་བས་ཡང་དག་འགྲུབ། །ད་ནི་བསམ་གཏན་གྱི་ཕན་ཡོན་རབ་ཏུ་བསྟན་པའི་ཕྱིར། གཞོན་ནུ་བསམ་གཏན་ལ་མོས་པའི་ཕན་ཡོན་ནི་བཅུ་སྟེ་ཞེས་བྱ་བ་སོགས་པ་གསུངས་

ཏེ། སྤྱོད་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀུན་དུ་མི་འདའ་བའོ། །སྤྱོད་ཡུལ་ལ་སྤྱོད་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པ་ཉིད་དོ། །ཡོངས་སུ་གདུང་བ་མེད་པར་གནས་པ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་བསམ་

གཏན་གྱི་བདེ་བ་ལ་གནས་པ་ཉིད་དོ། །དབང་པོ་སྦས་པར་འགྱུར་བ་ནི་རྟག་ཏུ་མཉམ་པར་གཞག་པས་སྦས་པ་སྟེ་དབང་པོ་རྣམས་ཡུལ་ལས་ལོག་པར་འགྱུར་བའོ། །དགའ་བ་མྱོང་བ་ནི་བསམ་གཏན་ལས་སྐྱེས་པ་ཡིན་གྱི་ཡུལ་དང་ཡུལ་ཅན་ལས་ནི་མ་ཡིན་ནོ། །འདོད་

པ་ལས་དབེན་པ་ནི་འདོད་པའི་སྲེད་པ་དང་བྲལ་བ་ཉིད་དོ། །བསམ་གཏན་གྱིས་ཚིམ་པ་མེད་པ་ནི་བསམ་གཏན་གྱི་བདེ་བས་ངོམས་པ་མེད་པའོ། །བདུད་ཀྱི་ཡུལ་ལས་ཐར་བ་ནི་རྣམ་པར་རྟོག་པའི་རྣམ་པར་གཡེང་བའི་བདུད་ཀྱིས་མ་གཡོས་པ་ཉིད་དོ། །སངས་རྒྱས་

ཀྱི་ཡུལ་ལ་རབ་ཏུ་གནས་པ་ནི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བཟུང་བའི་བསམ་གཏན་བསྒོམ་པ་ཉིད་དོ། །རྣམ་པར་གྲོལ་བ་རབ་ཏུ་སྨིན་པར་བྱེད་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་གསོ་བའོ། །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་

เล่ม ๑๑๗ · หน้า 86a

བསམ་གཏན་ལ་མོས་པའི་ཕན་ཡོན་ནོ། །ཚིགས་སུ་བཅད་པ་རྣམས་ནི་དོན་ཐ་དད་པ་མེད་པས་མ་བཤད་དོ། །ས་འདིར་བྱང་ཆུབ་སེམས་དཔའ་བསམ་གཏན་མངོན་ལྡན་པ། །དུས་རྣམས་ཀུན་དུ་དགའ་བ་མཆོག་ནི་ཉམས་སུ་མྱོང་། །དཔག་མེད་ཡོན་ཏན་ཡང་དག་

ལྡན་པ་ཡིན། །རྣམ་མང་སངས་རྒྱས་ས་འདིར་མྱུར་དུ་འགྱུར། །ཤེས་རབ་ལ་རྣམ་པར་གནས་པའི་ཕན་ཡོན་བསྟན་པར་བཞེད་ནས། གཞོན་ནུ་ཤེས་རབ་སྤྱོད་པའི་ཕན་ཡོན་ནི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་ཕྱི་དང་ནང་

གི་བདག་ཉིད་ཅན་གྱི་དངོས་པོ་ཡོངས་སུ་གཏོང་བའོ། །སྦྱིན་པས་དག་པར་རློམ་སེམས་མི་བྱེད་པ་ནི་ཤེས་རབ་དང་བྲལ་བའི་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཙམ་ཉིད་ཀྱི་ཕྱིར་རོ། །ཚུལ་ཁྲིམས་མ་རལ་བ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དོ། །ཚུལ་ཁྲིམས་ལ་མི་གནས་པ་ནི་ཆོས་

ཐམས་ཅད་གནས་མེད་པར་ཉམས་སུ་མྱོང་བ་ཉིད་དོ། །བཟོད་པའི་སྟོབས་ལ་གནས་པ་ནི་ཆོས་ཟབ་མོ་བཟོད་པ་ལ་གནས་པ་ནི་སེམས་ཅན་གྱི་འདུ་ཤེས་དང་བྲལ་བས་སེམས་ཅན་གྱི་འདུ་ཤེས་ལ་མི་གནས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ནི་ལུས་དང་ངག་དང་ཡིད་ཀྱི་

བརྩོན་འགྲུས་ཡིད་ལ་བྱེད་པ་མི་དམིགས་པ་ལ་ལེགས་པར་གནས་པའོ། །བསམ་གཏན་ལ་བསམ་གཏན་དུ་བྱེད་པ་ནི་ཐམས་ཅད་ལ་མི་གནས་པའི་རྣལ་འབྱོར་པའོ། །བདུད་རྣམས་ཀྱིས་ཐུབ་པར་དཀའ་བ་ནི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པའི་

ཤེས་རབ་ཀྱིས་རྣམ་པར་འབྱེད་པ་ཉིད་དོ། །ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་བསྒུལ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཕ་རོལ་རྒོལ་བ་ཐམས་ཅད་མི་དམིགས་པར་བྱས་ནས་ལེགས་པར་གནས་པ་ཉིད་དོ། །སྣང་བ་འཐོབ་པར་འགྱུར་ཞེས་བྱ་བ་ནི་འདུ་བྱེད་

འཇུག་པ་ཐམས་ཅད་མི་ཤེས་པའི་མུན་པ་རྣམ་པར་སེལ་བའི་ཤེས་རབ་ཀྱི་སྣང་བ་ཤར་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་ཤེས་རབ་ཐམས་ཅད་དུ་འཇུག་གི །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པར་མི་འགྱུར་བས་དམན་པ་ལ་

เล่ม ๑๑๗ · หน้า 86b

མོས་པའི་སེམས་མི་བསྐྱེད་པའོ། །སངས་རྒྱས་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་འཇུག་པ་ནི་དེ་ལ་མངོན་པར་མོས་པས་རབ་ཏུ་འཇུག་པའོ། །ཚིགས་སུ་བཅད་པའི་དོན་ནི་ཐ་དད་མེད་པས་མ་བཀྲོལ་ལོ། །བྱང་ཆུབ་སེམས་དཔའ་

བག་ཡོད་ལེགས་པའི་ཤེས་རབ་སྣང་བ་གསལ། །ཡེ་ཤེས་སྣང་བ་ལས་འཕྲོས་སྙིང་རྗེས་སེམས་ཅན་ཀུན་གྱི་གཉེན། །དངོས་དང་དངོས་མེད་འབྱུང་དང་འགོག་པ་མ་ལུས་འཁྲུལ་པ་ཙམ། །ཡོངས་སུ་རྟོགས་ནས་བདེ་བར་གཤེགས་པའི་སངས་རྒྱས་ཉིད་དུ་འགྱུར། །ད་ནི་མང་དུ་

ཐོས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར་གཞོན་ནུ་ཕན་ཡོན་ནི་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་དུ་ཉེ་བར་བསྟན་པའི་ཚིག་ཡིན་པར་ཤེས་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཤེས་པར་བྱས་ནས་ཀུན་

ནས་ཉོན་མོངས་པའི་ཕྱོགས་སྤོང་བ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ་ཞེས་ཤེས་ནས་སྤོང་བར་བྱེད་པའོ། །ཐེ་ཚོམ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་ནས་བསྟན་པས་ངེས་པ་བསྐྱེད་ནས་ཐེ་

ཚོམ་སེལ་བར་བྱེད་པའོ། །ལྟ་བ་དྲང་པོར་བྱེད་པ་ཞེས་བྱ་བ་ནི་ལྟ་བ་ངན་པ་དབང་ཕྱུག་ལ་སོགས་པ་རྒྱུར་ལྟ་བ་དང་། མི་མཉམ་པའི་རྒྱུ་གཙོ་བོ་ལ་སོགས་པའི་ལྟ་བ་ལས་བཟློག་ནས་ཡང་དག་པའི་ལྟ་བ་ལ་རབ་ཏུ་འཇོག་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་ལྟ་བ་དྲང་པོར་

བྱེད་དོ། །ལམ་ལོག་པ་སྤོང་བ་ཞེས་བྱ་བ་ནི་གཏི་མུག་ལས་སྐྱེས་པའི་མཆོད་སྦྱིན་ལ་སྲོག་གཅོད་པ་ལ་སོགས་པ་སྤོང་དུ་འཇུག་ཅིང་བདག་ཉིད་ཀྱང་མུ་སྟེགས་ལ་སོགས་པའི་ལམ་ལས་ལྡོག་པར་འགྱུར་བའོ། །ལམ་ལ་རབ་ཏུ་གནས་པ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་

པའི་ཆོས་ལ་ནན་ཏན་བྱེད་པས་སངས་རྒྱས་ཉིད་ཀྱི་ལམ་མོ། །སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་པ་ནི་རྨོངས་པའི་མུན་པ་ཉེ་བར་སེལ་བར་ནུས་པའི་བསྟན་བཅོས་ཐམས་ཅད་ཐོས་པས་གསལ་བར་གྱུར་པའོ། །ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་ནི་ངན་འགྲོར་འགྲོ་བར་བྱེད་པའི་ལས་མི་བྱེད་

เล่ม ๑๑๗ · หน้า 87a

པའི་ཕྱིར་རོ། །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པའི་ཕན་ཡོན་ཡིན་ནོ། །མ་ལུས་དོན་རྣམས་མཛད་པ་ཐུབ་པའི་དབང་པོ་བཞིན། །མང་དུ་ཐོས་ཤིང་ཆོས་རྣམས་རྣམ་འབྱེད་ལ་མཁས་ཤིང་། །མ་ལུས་བསྟན་བཅོས་དོན་རྣམས་འབྱེད་པར་བཟོད་པ་

ཡིས། །ཤིན་ཏུ་དྲི་མ་མེད་པ་སེམས་ཅན་དོན་དུ་བྱས། །ཆོས་ཀྱི་སྦྱིན་པའི་ཕན་ཡོན་ནི་གཞོན་ནུ་ཆོས་སྦྱིན་པའི་ཕན་ཡོན་ནི་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བྱ་བ་མ་ཡིན་པ་སྤོང་བ་ནི་བྱ་བ་མ་ཡིན་པའི་གཉེན་པོའི་ཕྱོགས་ཀྱི་ཆོས་སྟོན་པའི་ཕྱིར་རོ། །བྱ་བ་ལ་འཇུག་

པ་ནི་ཡང་དག་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །སྐྱེས་བུ་དམ་པའི་ཆོས་ལ་འགོད་པ་ནི་བདག་ཉིད་ཀྱང་དེ་ལྟ་བུར་གནས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི་སེམས་རྣམ་པར་དག་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ཞེས་བྱ་བའོ། །བྱང་ཆུབ་

ཀྱི་སྙིང་པོ་ཐོབ་པར་བྱེད་པ་ནི་ཆོས་ཀྱི་སྦྱིན་པས་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་བྱང་ཆུབ་ཀྱི་སྙིང་པོ་ནི་བྱང་ཆུབ་དམ་པ་སྟེ། ཆོས་ཀྱི་སྐུའོ། །ཐོབ་པར་བྱེད་པ་ནི་སྒྲུབ་པར་བྱེད་པའོ། །དངོས་པོ་ཡོངས་སུ་གཏོང་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་

པས་དངོས་པོར་མངོན་པར་ཞེན་པ་ཡོངས་སུ་འདོར་བའོ། །གཞན་དུ་ན་སྐྱེ་བ་མེད་པ་ལ་གཏོང་བ་ཡང་མེད་པའི་ཕྱིར་ཞེས་བྱ་བའོ། །ཉོན་མོངས་པ་ཚར་གཅོད་པ་ནི་ཉོན་མོངས་པ་རྣམས་ནུས་པ་ཐམས་ཅད་དང་བྲལ་བར་བྱེད་པས་ཚར་གཅོད་པར་བྱེད་ཀྱི་བཅིང་བ་

དང་དགག་པས་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སྐལ་བའི་ཤས་སྦྱིན་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་མ་གོད་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་བསྔོ་བའོ། །དེ་ལ་དམིགས་པའི་

བྱམས་པ་བསྒོམ་པ་ནི་སེམས་ཅན་ཐམས་ཅད་ངེས་པར་གཟུང་བའི་ཕྱིར་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྒོམ་པར་བྱེད་ཅིང་མཐོང་བའི་ཆོས་ལ་ནི་བདེ་བ་ཐོབ་པར་འགྱུར་ལ། ཆོས་སྦྱིན་པ་དང་དུས་མཉམ་

เล่ม ๑๑๗ · หน้า 87b

པ་ཉིད་དུ་ནི་དགའ་བ་དང་རབ་ཏུ་དགའ་བ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་བཅུ་པོ་ནི་ཆོས་ཀྱི་སྦྱིན་པའི་ཕན་ཡོན་ནོ། །ཚིགས་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ། །བདེ་བ་དཔག་མེད་འབྱུང་བའི་རྒྱུར་གྱུར་པ། །དམ་ཆོས་སྦྱིན་པ་སངས་རྒྱས་ཀྱིས་རབ་བསྔགས། །ཆོས་ཀྱི་སྦྱིན་

པ་ལས་ལྷག་གཞན་མེད་པས། །དེ་ཕྱིར་ཆོས་ཀྱི་སྦྱིན་པ་རབ་ཏུ་སྦྱིན་པར་བྱ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གཞོན་ནུ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་ནི་འདི་བཅུའོ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་གནས་

པ་ལ་གནས་པ་ནི་སྟོང་པ་ཉིད་ལ་གནས་པ་ཉིད་དེ། སངས་རྒྱས་ཀྱི་གནས་པའོ་ཞེས་བྱས་ནས་སོ། །མི་གནས་པར་བསམ་གཏན་བྱེད་པ་ནི་གནས་ལ་དམིགས་པ་མེད་པ་ཉིད་དོ། །སྐྱེ་བ་ལ་མི་སྨོན་པ་ནི་ཆོས་ཐམས་ཅད་སྟོང་པའི་ཕྱིར་ཁམས་གསུམ་དུ་སྐྱེ་བ་དམིགས་

སུ་མེད་པ་ཉིད་དོ། །ཚུལ་ཁྲིམས་ལ་མཆོག་ཏུ་མི་འཛིན་པ་ནི་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །ཚུལ་ཁྲིམས་ནི་འདིའི་དོན་དུ་ཚུལ་ཁྲིམས་སྲུང་ངོ་ཞེས་གསུམ་ལ་མཆོག་ཏུ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །འཕགས་པ་ལ་མི་སྐུར་བ་ནི་འཕགས་པ་

ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྟོགས་པ་ལ་ནན་ཏན་བྱེད་པ་ཡང་མངོན་པར་མི་ཉམས་པར་མཐོང་བས་སྟོང་པ་ཉིད་ལ་གནས་ན་ཡང་། ཅི་ཡང་མེད་དོ་ཞེས་སྐུར་པ་མི་འདེབས་པའོ། །མི་འགལ་བར་གནས་པ་ནི་ཐམས་ཅད་དུ་ཆོས་འགལ་བ་མ་དམིགས་པ་ཉིད་དོ། །

དངོས་པོ་མི་དམིགས་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་རང་གི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་དོ། །འདུ་བྱེད་ཐམས་ཅད་སྟོང་པའོ་ཞེས་ངེས་པར་རྟོགས་པའི་ཕྱིར་རོ། །དབེན་པར་གྱུར་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་དབེན་པའི་སྟོང་པ་

ཉིད་ཀྱི་ཏིང་ངེ་འཛིན་གྱིས་གནས་པའི་ཕྱིར་རོ། །སངས་རྒྱས་ལ་སྐུར་པ་མི་འདེབས་པ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་དམིགས་པ་མེད་པའི་ལྟ་བ་ཡིན་གྱི་གང་གཞན་དག་ཏུ་གང་ཟག་ལ་སོགས་པ་བསྟན་པ་ནི་དགོངས་པ་ཅན་མ་ཡིན་གྱི་

เล่ม ๑๑๗ · หน้า 88a

བདེན་པ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་ན་དེ་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །དམ་པའི་ཆོས་འཛིན་པ་ནི་ཀློག་པ་དང་ཁ་ཏོན་ལ་སོགས་པས་ལུང་གི་ཆོས་འཛིན་པར་བྱེད་དོ། །རྟོགས་པའི་ཆོས་ནི་མངོན་སུམ་དུ་བྱེད་པས་འཛིན་པ་ཡིན་

པའི་ཕྱིར་སྟོང་པ་ཉིད་སྒོམ་པ་ཁོ་ན་དམ་པའི་ཆོས་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་ཡིན་ནོ། །མ་ལུས་སྟོང་པར་རྣལ་འབྱོར་པས་ཤེས་ཀྱང་། །ལུས་རྣམས་ཐམས་ཅད་རྗེས་སུ་མཐུན་པར་བྱེད། །དཔའ་བོ་ཁམས་གསུམ་དག་ན་མི་འཇིགས་པས། །

འདིར་ནི་བྱང་ཆུབ་རང་བཞིན་སངས་རྒྱས་འགྱུར། །ད་ནི་ནང་དུ་ཡང་དག་འཇོག་གི་ཕན་ཡོན་བསྟན་པར་འདོད་ནས། གཞོན་ནུ་ནང་དུ་ཡང་དག་འཇོག་གི་ཕན་ཡོན་ནི་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་རྙོག་པ་མེད་པ་ནི་སེམས་ཉོན་མོངས་པའི་འདམ་གྱིས་

མ་གོས་པ་ཉིད་དོ། །བག་ཡོད་པར་གནས་པ་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་བག་མེད་པའི་གནས་སྤངས་པ་ཉིད་དོ། །སངས་རྒྱས་རྗེས་སུ་དྲན་པ་ནི་ནང་དུ་ཡང་དག་འཇོག་གི་སངས་རྒྱས་ཀྱི་ཡུལ་མངོན་པར་དྲན་པ་ཉིད་དོ། །ཆོས་ལ་དད་པ་ཉིད་ནི་ལུང་དང་

རྟོགས་པའི་མཚན་ཉིད་ཅན་དག་ལ་ཐམས་ཅད་དུ་སླུ་བ་མེད་པ་ཉིད་དུ་དད་པའོ། །ཡེ་ཤེས་ལ་ནེམ་ནུར་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་དམ་མེད་དམ་བདག་གིས་ཐོབ་བམ་མི་འཐོབ་ཅེས་ཐེ་ཚོམ་ཟ་བ་མེད་པ་ཉིད་དོ། །སངས་རྒྱས་ལ་བྱས་པ་གཟོ་བ་ནི་དེ་བཞིན་

གཤེགས་པས་བསྟན་པའི་ཆོས་རྣམས་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱིས་ཡོན་ཏན་འདི་དག་འབྱུང་ངོ་ཞེས་ཤེས་ནས་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་ལ་སོགས་པ་ལ་རྟག་ཏུ་འཇུག་པ་ཉིད་དོ། །ཆོས་མི་སྤོང་བ་ནི་

ཆོས་བསྟན་པ་ཐོས་ན་སངས་རྒྱས་མཐོང་བ་ཡིན་ནོ། །དེའི་ཕྱིར་ཆོས་སྤང་བར་མི་བྱའོ། །དེ་སྤངས་པས་དཀོན་མཆོག་གསུམ་སྤངས་པ་ཡིན་པས་དེ་ལ་ངན་འགྲོའི་འགྲོ་བ་ལས་འགྲོ་བ་གཞན་ཡོད་པ་མ་ཡིན་ནོ་ཞེས་ཤེས་ནས་སྤོང་བར་མི་བྱེད་པའོ། །ཤིན་ཏུ་བསྡམས་

เล่ม ๑๑๗ · หน้า 88b

པར་གནས་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་བླངས་པ་མ་ཉམས་པ་ཉིད་དོ། །དུལ་བའི་ས་རྗེས་སུ་འཐོབ་པ་ནི་སངས་རྒྱས་ཀྱི་ས་དང་རྗེས་སུ་མཐུན་པའི་ནང་དུ་ཡང་དག་འཇོག་ལ་བརྟེན་པར་འགྱུར་བའོ། །སོ་སོ་ཡང་དག་པར་རིག་པ་བཞི་མངོན་སུམ་དུ་བྱེད་པ་ནི་ཇི་

སྐད་གསུངས་པའི་ཏིང་ངེ་འཛིན་བསྒོམས་པ་ཉིད་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ནང་དུ་ཡང་དག་འཇོག་ལ་མངོན་པར་སྦྱོར་བའི་ཕན་ཡོན་ནི་བཅུ་པོ་འདི་དག་གོ། །ཚིགས་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ། །བདེ་བར་གཤེགས་པའི་

སྲས་ཀྱི་སོ་སོ་རང་རིག་པ། །རྒྱལ་བ་ཀུན་གྱིས་རབ་ཏུ་བསྔགས་པའི་བསམ་གཏན་གྱིས། །རྟག་ཏུ་དེ་ཉིད་ལ་ནི་ཐིམ་པར་གྱུར་དེ་འདིར། །དེས་ན་དེ་ལ་ནང་དུ་ཡང་དག་འཇོག་ཅེས་བྱ། །དགོན་པ་ན་གནས་པའི་ཕན་ཡོན་བསྟན་པའི་ཕྱིར། གཞོན་ནུ་བཅུ་པོ་འདི་དག་ནི་ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། བྱ་བ་ཉུང་བར་གནས་པ་ནི་ཁྱིམ་གྱི་བྱ་བ་མང་པོ་སྤངས་པའི་ཕྱིར་རོ། །འདུ་འཛི་རིང་དུ་སྤོང་བ་ན་མང་པོ་ཚོགས་ནས་བྲེ་མོའི་གཏམ་བྱེད་པ་དབེན་པའི་མི་མཐུན་པའི་ཕྱོགས་སུ་བྱས་ནས་སྤོང་བའོ། །དེ་ལ་རྩོད་པ་མེད་པར་འགྱུར་བ་ནི་ནགས་ན་

རྩོད་པའི་ཟླ་མེད་པའི་ཕྱིར་རོ། །གནོད་པ་མེད་པར་གནས་པ་ནི་གང་ལ་ཡང་མི་བཟོད་པའི་སེམས་ཀྱིས་གནོད་པའི་སེམས་མ་སྐྱེས་པས་གཞན་དུ་ཡང་གནོད་པའི་བསམ་པ་བསྐྱེད་པར་མི་བྱ་བའོ། །ཡང་ན་ནད་ཐམས་ཅད་དང་བྲལ་བའི་ཕྱིར་ནད་ཀྱི་རྗེས་སུ་གནོད་པ་མེད་པར་

འགྱུར་བའོ། །ཟག་པ་འཕེལ་བར་མི་བྱེད་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྒྱུ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་རྒྱུ་མི་བྱེད་པའོ། །རྩོད་པའི་གཞིར་མི་བྱེད་པ་ནི་ལྟུང་བའི་རྒྱུ་ལས་བྱུང་བའི་རྩོད་པ་ཞེས་བྱ་བ་ནི་དགོན་པ་དེ་ན་འདུལ་བ་འཛིན་པ་དང་།

མ་མོ་འཛིན་པ་མེད་པའི་ཕྱིར་མེད་པའོ། །ཤིན་ཏུ་ཞི་བར་སྤྱོད་པ་ནི་ལུས་དང་། ངག་དང་། ཡིད་ཀྱི་གནས་ངན་ལེན་ཉེ་བར་ཞི་བའི་ཕྱིར་དགོན་པ་ན་ཉེ་བར་ཞི་བར་སྤྱོད་པའོ། །ཤིན་ཏུ་བསྡམས་པར་གནས་པ་ནི་སྡོམ་པ་གསུམ་གྱི་ཁོངས་སུ་གཏོགས་པའི་སྡོམ་པ་ཐམས་ཅད་ཀྱིས་བསྡམས་པ་ཉིད་ཀྱི་ཕྱིར་རོ། །

เล่ม ๑๑๗ · หน้า 89a

ཐར་པ་དང་མཐུན་པའི་སེམས་ཀྱི་རྒྱུད་དུ་འགྱུར་བ་ནི་དུས་ཐམས་ཅད་དུ་མྱ་ངན་ལས་འདས་པ་ལ་ཞེན་པའི་སེམས་ཀྱིས་གནས་པ་ཉིད་དོ། །རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ནི་རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བ་ལ་ཞུགས་པའི་ཕྱིར་རོ་ཞེས་བྱའོ། །ཚིགས་

སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ། །སྟོང་ཉིད་དགོན་པའི་དབུས་གནས་པའི། །རྣལ་འབྱོར་མཆོག་གཞོལ་རྣལ་འབྱོར་པ། །རྒ་ཤི་མེད་པའི་སངས་རྒྱས་ཉིད། །རྟག་པའི་གནས་ནི་ཐོབ་པར་འགྱུར། །བསོད་སྙོམས་པར་དམ་བཅའ་བའི་སྦྱངས་པའི་ཡོན་ཏན་གྱི་ཕན་

ཡོན་བསྟན་པའི་ཕྱིར། གཞོན་ནུ་ཕན་ཡོན་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཤེས་ཀྱི་ཁེ་འདོད་པ་མ་ཡིན་པ་ནི་གཉེན་བཤེས་ལ་ཆགས་པ་དང་བྲལ་བ་ཉིད་དོ། །སྙན་པ་འདོད་པ་མ་ཡིན་པ་ནི་གྲགས་པའི་ཆེད་དུ་བསོད་སྙོམས་པར་ཡི་དམ་དུ་ལེན་ཅིང་སྦྱངས་

པའི་ཡོན་ཏན་ལེན་པ་མ་ཡིན་པའོ། །རྙེད་པ་དང་བཀུར་སྟི་འདོད་པ་མ་ཡིན་པ་ནི་གཞན་གྱི་ཁྱིམ་སྤངས་ནས་བསོད་སྙོམས་ཀྱིས་ཆོག་ཤེས་པའོ། །འཕགས་པའི་རིགས་བཞི་ལ་གནས་པ་ནི་བདེན་པ་བཞི་བསྒོམ་པ་དང་ལྡན་པ་ཉིད་དོ། །ཚུལ་འཆོས་པ་དང་ཁ་གསག་

མེད་པར་འགྱུར་བ་ནི་རྙེད་པའི་དོན་དུ་དབང་པོ་ཡང་དག་པར་བསྡམས་པ་དང་། ཚིག་སྙན་པ་བརྗོད་པ་དང་བྲལ་བའོ། །བདག་ལ་མི་སྟོད་པ་ནི་བདག་ནི་བསོད་སྙོམས་ཙམ་གྱིས་ཆོག་པ་ཚུལ་ཁྲིམས་དང་ལྡན་ལ་གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་བ་མེད་པའོ། །གཞན་

ལ་མི་སྨོད་པ་ནི་གཞན་གྱི་སྐྱོན་མི་སྨྲ་བའོ། །རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་གཞན་གྱི་ཁྱིམ་དུ་སྤྱོད་པ་ནི་རུང་བ་དང་གྱ་ནོམ་པའི་བསོད་སྙོམས་སྟེར་བའི་ཁྱིམ་གྱི་རྣམ་པར་རྟོག་པ་སྤངས་ནས་མཉམ་པ་ཉིད་དུ་རྗེས་སུ་འཇུག་པའོ། །ཟང་ཟིང་མེད་པར་ཆོས་

ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ནི་ནོར་ལ་ཞེན་པ་མེད་པ་ཉིད་དོ། །སྦྱངས་པའི་ཡོན་ཏན་ཡོ་བྱད་བ་སྙུངས་པ་ལ་གནས་ཤིང་ཆོས་བསྟན་པ་གཟུང་བར་འགྱུར་བ་ཡིན་ཞེས་བྱ་བ་ནི། འཇིག་རྟེན་པ་རྣམས་མགུ་བའི་ཚུལ་ཁྲིམས་ལ་རབ་ཏུ་གནས་པའི་ཕྱིར་རོ་ཞེས་བྱ་བའི་ཕན་

เล่ม ๑๑๗ · หน้า 89b

ཡོན་ནི་བཅུ་པོ་འདིའོ། །ཚིགས་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ། །གཞོན་ནུ་དེ་ལྟ་བུའི་སྦྱངས་པའི་ཡོན་ཏན་ལ་གནས་པའི་བཤད་མ་ཐག་པའི་དགོན་པ་ལ་གནས་པ་ནི་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར། ཆོས་ཀྱི་གཏེར་རྙེད་པར་འགྱུར། ཡེ་ཤེས་ཀྱི་

གཏེར་རྙེད་པར་འགྱུར། དུས་གསུམ་གྱི་ཤེས་པའི་གཏེར་རྙེད་པར་འགྱུར་རོ། །ཇི་ལྟར་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར་ཞེ་ན་ཞེས་དོན་ངེས་པར་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པ་ལ་སྤྱོད་ཅིང་དགོན་པ་ལ་གནས་ནས་མངོན་པར་ཤེས་

པ་ལྔ་འཐོབ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་ཡུལ་ཏེ་དེ་མི་ལས་འདས་པ་ལྷའི་མིག་རྣམ་པར་དག་པས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་

དཔག་ཏུ་མེད་པ་རྣམས་མཐོང་ངོ་། །དེ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་གཏེར་རྙེད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ན་ཆོས་གང་ཅི་སྟོན་པ་དེ་ཡང་ལྷའི་རྣ་བས་ཐོས་ཏེ། དེའི་ཕྱིར་དེ་ཆོས་

ཉན་པ་དང་མི་འབྲལ་བར་འགྱུར་ཏེ། དེ་ལྟར་ན་ཆོས་ཀྱི་གཏེར་རྙེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་གང་དང་ལྡན་པས་ཆོས་ཐམས་ཅད་འཛིན་ཏེ། ཀུན་བཟུང་ནས་མི་བརྗེད་ཅིང་བསམ་པ་དང་བག་ལ་ཉལ་ཤེས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ།

དེ་ལྟར་ན་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ནོ། །དེ་མངོན་པར་ཤེས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པ་ལ་འཇུག་སྟེ། དེ་ལྟར་ན་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་

བ་ཤེས་པའི་གཏེར་རྙེད་པ་ཡིན་ནོ། །མདོར་བསྡུས་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རབ་ཏུ་འཐོབ་པར་འགྱུར་རོ། །དམ་པའི་ཆོས་ཀྱི་ཡོན་ཏན་མ་ལུས་པ། །ཚིག་གིས་བརྗོད་པ་མི་ནུས་བསམ་པར་དཀའ། །གུས་པས་ཞུགས་པར་གྱུར་ཀྱང་བརྗོད་མི་ནུས། །

เล่ม ๑๑๗ · หน้า 90a

གཞན་གྱི་དོན་དུ་ཞུགས་པས་མི་ལེགས་མིན། །ཕན་ཡོན་བཅུ་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་རབ་ཏུ་བྱུང་བ་ནི་ལེགས་པར་རྟོགས་པའི་རྗེས་སུ་མཐུན་པ་ཡིན་ནོ། །ཞེས་རབ་ཏུ་བསྟན་པའི་ཕྱིར་གཟི་བརྗིད་ཀྱི་ཚོགས་

ཀྱི་རྒྱལ་པོའི་ལེའུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ལྷའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་སྤངས་ཏེ་རབ་ཏུ་བྱུང་ཞེས་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནས་གཞོན་ནུ་བདག་ཉིད་ཡོངས་

སུ་གཏོང་བས་ཀྱང་སེམས་ཅན་དེ་དག་གི་དོན་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གི་དོན་ནི་བཤད་ཟིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བའི་ལེའུ་འདི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བར་འབྲེལ་ཏོ། །འདས་པའི་

བསྐལ་པ་བརྒྱ་མང་རབ་དྲན་ཏེ། །ཞེས་བྱ་བ་ལ་སོགས་པས་ནི་སྔོན་བྱུང་བའི་གཏམ་གསུངས་ཏེ། འདས་པའི་བསྐལ་པ་བརྒྱ་ཕྲག་མང་པོ་ངས་དྲན་ཏེ། དུས་དེའི་ཚེ་དེ་བཞིན་གཤེགས་པ་གཟི་བརྗིད་ཚོགས་ཀྱི་རྒྱལ་པོ་ཞེས་བྱ་བ་དེའི་བསྟན་པ་ལ་མངོན་པར་ཤེས་

པ་དྲུག་དང་ལྡན་པའི་དགེ་སློང་བྱེ་བ་ཕྲག་བཅུ་བྱུང་སྟེ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྦྱངས་པའི་ཡོན་ཏན་གྱིས་ཡང་དག་པར་བརྒྱན་པ། སེམས་ཞི་བའི་དགེ་འདུན་བྱུང་བར་གྱུར་ཏོ། །དེར་གྲོང་ཁྱེར་ནི་བྱེ་བ་བརྒྱ་ཕྲག་བདུན་ཅུ་རྩ་དྲུག་བྱུང་ངོ་། །གྲོང་ཁྱེར་རེ་རེ་ལ་

ཡང་དཔག་ཚད་ལྔ་བརྒྱ་ཡོད་པ་ལ་མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པའི་ལྗོན་ཤིང་མཆོག་གིས་བརྒྱན་ཅིང་ཁྱབ་པ། བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པས་གང་བའི་སྐྱེད་མོས་ཚལ་བརྒྱས་བརྒྱན་པ་ན་ཡང་རྫིང་བུ་པདྨ་དང་། ཨུཏྤ་ལ་དང་། དྲི་ཞིམ་པ་དང་།

དྲི་ཞིམ་ལྡན་པ་ལ་སོགས་པས་བརྒྱན་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་ཡིད་དུ་འོང་བ་ལ་བྱའི་ཚོགས་ཀྱིས་བརྒྱན་པས་སྐྱེད་མོས་ཚལ་ཇི་སྙེད་ཡོད་པ་དེ་སྙེད་དང་མཉམ་པའོ། །དེའི་ཚེ་འཛམ་བུའི་གླིང་འདིར་སའི་བདག་པོ་བརྟེན་པས་བྱིན་ཞེས་བྱ་བ་བུ་ལྔ་

เล่ม ๑๑๗ · หน้า 90b

བརྒྱས་བརྒྱན་པ་ཡིད་རབ་ཏུ་དགའ་བ། ཕས་ཀྱི་རྒོལ་བ་དང་། མུ་གེ་དང་། །བདུད་ལ་སོགས་པའི་གནོད་པ་དང་བྲལ་བས་འཛམ་བུའི་གླིང་དང་། ལྷའི་གནས་ལ་ཁྱད་པར་མེད་པའི་རྒྱལ་སྲིད་ཀྱི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་བར་གྱུར་ཏོ། །ཡང་

དེའི་ཚེ་དེ་བཞིན་གཤེགས་པ་གཟི་བརྗིད་ཚོགས་ཀྱི་རྒྱལ་པོ་ཁྱད་པར་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆེ་བའི་བདག་ཉིད་ཀྱི་ཡོན་ཏན་ངེས་པར་སྟོན་ཅིང་ཆོས་སྟོན་ཏོ། །དོན་དམ་པའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་

སྒྲུབ་པའི་ཕྱིར། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་དྲུག་གི་འཁོར་བར་འབྱུང་བས་ན་སྲིད་པའོ། །དེར་སྐྱེས་པ་ནི་འགྲོ་བའོ། །དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ཇི་ལྟར་རྨི་ལམ་ནི་འགྲོ་བ་སྣ་ཚོགས་སུ་ལྟུང་

བའི་སེམས་ཅན་རྣམས་སྐྱེ་བ་དང་། འགག་པ་དང་། བདེ་བ་དང་། སྡུག་བསྔལ་སོ་སོར་རང་རིག་པ་ཉེ་བར་དམིགས་ན་ཡང་རྨི་ལམ་གྱི་དངོས་པོ་གྲུབ་པ་མེད་པས་སྐྱེ་བ་དང་འཆི་བ་ལ་སོགས་པ་དེ་དག་བདེན་པར་ཡོད་པ་མ་ཡིན་ནོ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །

ཅེས་བྱ་བ་ནི་སྐྱེ་བ་ཡང་མེད་དོ། །མོ་གཤམ་གྱི་བུ་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །མ་སྐྱེས་པ་ལ་འཆི་བ་ཡང་མེད་པ་ཉིད་དོ། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཞེས་བྱ་བ་ནི་གྲངས་ཅན་དག་ནི་སེམས་ཅན་ཞེས་བྱ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་

གཙོ་བོ་ཞེས་བརྗོད་པའོ། །དེ་ཡོངས་སུ་གྱུར་པ་ན་འགྲོ་བ་ཡིན་ནོ་ཞེས་ཟེར་རོ། །མི་རྙེད་ཅེས་བྱ་བ་ནི་ཚད་མས་ངེས་པར་བརྟགས་ན་ཉེ་བར་དམིགས་པར་མི་འགྱུར་བ་སྟེ། ཡོངས་སུ་འགྱུར་བ་མི་རིགས་པ་ཉིད་དོ། །རྟག་ན་ནི་རང་གི་ངོ་བོ་གཞན་དུ་མི་འགྱུར་བ་

ཡིན་པས་ཡོངས་སུ་འགྱུར་བ་ཡང་མ་ཡིན་ནོ། །སྐད་ཅིག་མ་ཡིན་ན་ཡང་སྐད་ཅིག་གཉིས་པར་གནས་པའི་སྐབས་མེད་པས་ཡོངས་སུ་འགྱུར་བ་མེད་ཅེས་བྱའོ། །སྲོག་ནི་ཕྱོགས་ཀྱི་གོས་ཅན་གྱིས་ཡོངས་སུ་བརྟགས་པའི་བདག་སྟེ། དེ་ཡང་ཕུང་པོ་ལྔ་པོ་ལས་གཞན་

เล่ม ๑๑๗ · หน้า 91a

དུ་དམིགས་པར་མི་འགྱུར་རོ། །མིང་ནི་རིག་བྱེད་པ་ལ་སོགས་པས་བརྟགས་པའི་སྐྱེས་བུ་སྟེ་སྲེད་མེད་ཀྱི་བུ་ལ་སོགས་པའོ། །དེ་ཡང་དམིགས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །ཞེས་བྱ་བ་ལ། དབུ་བའི་

གོང་བུ་ནི་སྣང་བ་ཙམ་སྟེ་ངེས་པར་བརྟགས་ན་ཅི་ཡང་མེད་པའོ། །ཕུང་པོ་ལྔ་པོ་ཡང་དབུ་བའི་གོང་བུ་བཞིན་དུ་བདག་ལ་སོགས་པའི་ངོ་བོ་མེད་པ་ཉིད་དོ། །ཆུ་ཤིང་སོ་སོར་ཕྱེ་ན་སྙིང་པོ་ཅི་ཡང་མེད་པ་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྙིང་པོ་ཡོད་

པ་མ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མ་ལྟ་བུ། ནམ་མཁའ་ལྟར་རང་བཞིན་མེད་པ། ཉམས་སུ་མྱོང་བ་རྣམས་ནི་སྤྲིན་ལྟ་བུ། གློག་ལྟ་བུ། ཆུའི་ཟླ་བ་ལྟ་བུ། སྨིག་རྒྱུ་ལྟར་མཐོང་བ་ཉིད་ན་མི་དམིགས་པའི་ངོ་བོ་སྐད་ཅིག་མའི་ངོ་བོ་ཞེས་བྱ་བའོ། །དཔེ་འདི་དག་ནི་གང་

ཟག་ལ་བདག་མེད་པར་སྒྲུབ་པའི་ཕྱིར་བསྟན་ཏེ། འགའ་ཞིག་ལ་གྲགས་པའི་དབང་དུ་བྱས་ནས་ཡིན་ནོ། །བདག་མེད་པ་གཉི་ག་བསྲེས་ནས་བསྟན་པར་བྱ་བའི་ཕྱིར་སྲིད་པ་གསུམ་པོ་རྨི་ལམ་བཞིན་དུ་སྟོང་། མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་འདྲ་ཉིད། །ཅེས་བྱ་བ་ལ། རབ་ཏུ་

སྣང་ཞིང་གསལ་བ་ཡང་རྨི་ལམ་ཉིད་དང་འདྲ་བའི་ཕྱིར་དང་། སྐད་ཅིག་མ་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་རབ་ཏུ་རྟོགས་སོ། །འདིར་གང་ནས་ཀྱང་མ་འོངས་ཤིང་། འདི་ནས་ཀྱང་གར་ཡང་འགྲོ་བ་མེད་པ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་

པར་གྱུར་པའོ། །དེའི་ཕྱིར་མི་དག་འཇིག་རྟེན་འདིར་ཡང་ཤི་ནས་ནི་ཞེས་བྱ་བ་ལ། མི་དག་འཇིག་རྟེན་འདི་ནས་ཤི་བར་གྱུར་པ་ཡང་མེད་ལ། འཇིག་རྟེན་ཕ་རོལ་དུ་འགྲོ་བ་ཡང་མེད་དོ། །འགྲོ་བ་དང་འོང་བ་མེད་པས་རྟག་ཏུ་ཁྱབ་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་ཡིན་པས་ཀྱང་

སྐྱེ་བའི་ཡུལ་དེ་ཉིད་དུ་འཆི་བར་འགྱུར་བས་འགྲོ་བ་མེད་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པར་འགྱུར་རོ་ཞེས་བྱ་བའི་ཐེ་ཚོམ་བཟློག་པའི་ཕྱིར། ལས་བྱས་རྣམས་ནི་ནམ་ཡང་མེད་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་

เล่ม ๑๑๗ · หน้า 91b

བ་དང་མི་དགེ་བའི་ལས་བྱས་པའི་སྐྱེས་བུ་གཉིད་ཀྱིས་ལོག་པའི་ཚེ་མཐོ་རིས་དང་ངན་སོང་ལ་སོགས་པའི་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བར་གྱུར་པ་མཐོང་ཡང་དེ་དག་ཏུ་སོང་བའི་བྱ་བ་མེད་པ་དང་། འདིར་ཤི་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་

ན་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སྐྱེས་བུ་ལ་སོགས་པ་མེད་ཀྱང་ལས་དང་འབྲས་བུ་རྣམ་པར་ཉམས་པ་མེད་དོ་ཞེས་བྱ་བ་ཡིན་པར། འཁོར་བ་ན་ཡང་དཀར་ནག་འབྲས་བུ་

སྟེར། །ཞེས་བྱ་བས་བསྟན་པ་ཡིན་ནོ། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ཞེས་བྱ་བ་ལ། གལ་ཏེ་རྟག་པ་ཡིན་ན་ངོ་བོ་གཅིག་ཏུ་གྱུར་པས་ལས་དང་འབྲས་བུ་ཉམས་སུ་མྱོང་བ་ཡོད་པར་མི་འགྱུར་རོ། །ཆད་པར་གྱུར་ན་ཡང་། ཐམས་ཅད་ཡོད་པ་མ་ཡིན་པས། །

ལས་དང་འབྲས་བུ་ཡོད་པར་མི་འགྱུར་རོ་ཞེས་བྱ་བས་ཁོ་བོ་ཅག་གི་འདོད་པ་ལྟར་ན་ནི་ལས་དང་འབྲས་བུར་འབྲེལ་བ་གྲུབ་པ་ཡིན་གྱི་གཞན་དག་གིས་ཡོངས་སུ་བརྟགས་པའི་སྐྱེས་བུ་རྟག་པ་དང་། ཆད་པར་ལྟ་བ་ངན་པའི་ལམ་དུ་ཞུགས་པ་རྣམས་ལ་ནི་མེད་དོ། །ལས་བསགས་

མེད་ཅིང་གནས་པ་དག་ཀྱང་མེད། །ཅེས་བྱ་བ་ལ། སྔོན་དང་ཕྱི་མ་ཕྲད་པ་མེད་པས་བསགས་པ་ཡོད་པར་མི་འགྱུར་རོ། །སྐད་ཅིག་མ་སོ་སོ་རང་གི་ངོ་བོ་སོ་སོར་འབྱུང་བ་ན་དེ་ཉིད་དུ་གནས་པ་མེད་ན་ཇི་ལྟར་ལས་དང་འབྲས་བུ་ཉམས་སུ་མྱོང་བ་ཡིན་ཞེ་ན། དེ་ཡང་བྱས་ནས་རེག་

པར་མི་འགྱུར་མིན། །ཞེས་བྱ་བ་ལ། གང་གིས་ལས་བྱས་པ་དེས་རེག་པར་མི་འགྱུར་བ་མིན་ཏེ། ཉམས་སུ་མྱོང་བར་མི་འགྱུར་བ་མ་ཡིན་ནོ། །དེ་ལྟ་ན་ཡང་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གཞན་གྱིས་བྱས་པ་མྱོང་བར་འགྱུར་བའང་མེད། །ཅེས་བྱ་

བ་ལ། གཞན་གྱིས་བྱས་པ་གཞན་གྱིས་མྱོང་བ་ཡང་མ་ཡིན་ལ། ལས་གཞན་ཞིག་བྱས་ནས་འབྲས་བུ་གཞན་ཞིག་མྱོང་བ་ཡང་མ་ཡིན་ཏེ། སྲོག་གཅོད་པའི་ལས་བྱས་ནས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཉམས་སུ་མྱོང་ན་ནི་སོ་སོར་ངེས་པའི་ལས་ཀྱི་འབྲས་བུ་ཉམས་པར་ཐལ་བར་

เล่ม ๑๑๗ · หน้า 92a

འགྱུར་རོ། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་མེད། །ཅེས་བྱ་བ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་རྟག་པའི་བདག་འགའ་ཡང་འཕོ་བ་ཡང་མེད་དེ་བདག་ལ་སོགས་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་ནས་འགའ་ཞིག་འདིར་

འོང་བ་ཡང་མེད་དེ་འཕོ་བར་སྨྲ་བ་ཚད་མས་གནོད་པ་ཉིད་ཀྱིས་སུན་ཕྱུང་བའི་ཕྱིར་རོ། །ཐམས་ཅད་ཡོད་པའང་མ་ཡིན་ཏེ། གཞན་གྱིས་ཡོངས་སུ་བརྟགས་པ་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་མི་བདེན་པའི་ཕྱིར། མེད་པའང་མ་ཡིན་ཏེ། སྒྱུ་མ་དང་འདྲ་བའི་སོ་སོར་སྣང་བ་ལ་འཇིག་

རྟེན་གྱི་ཐ་སྙད་འདོགས་པས་མེད་པ་ཡང་མ་ཡིན་ནོ། །ལྟ་བའི་གནས་ཀྱང་མ་ཡིན་ཏེ། དངོས་པོའི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་དོ། །དག་པ་ཡང་མ་ཡིན་ཏེ། སྔོན་མ་དག་པ་ལས་ཕྱིས་དག་པར་འགྱུར་བ་མ་ཡིན་པ་ནི་སེམས་ཅན་གཅིག་ལ་དག་པ་དང་། མ་དག་པ་ནི་ཡོངས་སུ་

བརྟགས་པ་ཙམ་ཡིན་ཞེས་བྱའོ། །དེའི་སྤྱོད་པ་འཇུག་པ་ཙམ་ཡང་མེད་དེ། ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འཇུག་པ་དང་། འཇུག་པ་མེད་པ་ཞི་བ་ནི་འཇུག་པའོ། །གཟོད་ནས་ཞི་བ་ནི་འཇུག་པའི་ངོ་བོ་མེད་པའམ་སྒྲུབ་པར་བྱེད་པའོ། །

སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །ཞེས་བྱ་བ་ལ། སྐྱེ་བ་མེད་པ་ནི་ཞི་བའི་གོ་འཕང་ངོ་། །སྐྱེ་བ་ནི་ཉེས་པ་ཐམས་ཅད་ཀྱི་གནས་ཡིན་པ་ཉིད་དང་། རབ་ཏུ་མ་ཞི་བ་ཉིད་དོ། །དེའི་ཕྱིར་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ཡིན་ནོ། །བདེ་གཤེགས་སྤྱོད་ཡུལ་

ཞེས་བྱ་བ་ནི་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་རབ་ཏུ་ཞི་བ་དང་སྟོང་པ་ཉིད་ངེས་པར་རྟོགས་པས་སངས་རྒྱས་ཀྱི་ཡོན་ཏན་དྲི་མ་མེད་པ་བསྙེངས་པ་མེད་པའི་སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཡེ་ཤེས་བཅུ་ལ་སོགས་པའི་སངས་

རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་རྣམ་པར་དག་པ་རྣམས་འབད་པ་མེད་པར་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་ཡང་འབད་པ་མེད་པ་ཉིད་དུ་འབྱུང་བར་འགྱུར་ཞེས་བྱའོ། །འགྲོ་དང་འཇུག་མེད་མཁས་པའི་

เล่ม ๑๑๗ · หน้า 92b

ཆོས་ཀྱི་འགྲོས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་གར་ཡང་འགྲོ་བ་མེད་པས་མི་འགྲོ་སྟེ་ཞེས་བྱ་བ་དེ་བཞིན་ཉིད་ལ་འགྲོ་བ་དང་། འོང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་འདྲའི་འགྲོ་བ་འགྲོ་མེད་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་འགྲོས་ནི་མཁས་པས་ནན་ཏན་གྱིས་རྟོགས་

པར་བྱ་བ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པར་བྱ་བའོ། །དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་གར་ཡང་མི་འགྲོ་སྟེ། །ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་།

སྟོང་པ་ཉིད་དང་། ཆོས་ཉིད་ཅེས་བྱ་བ་ནི་རྣམ་གྲངས་ཀྱི་སྒྲ་ཞེས་བྱ་བའོ། །ཞི་བ་རབ་ཞི་ཉེ་བར་ཞི་བའི་འགྲོས། །ཞེས་བྱ་བ་ནི་ཞི་བ་ནི་གཟོད་མ་ནས་ཞི་བ་ཉིད་དོ། །རབ་ཞི་ནི་ཐ་མའི་མཐའ་དང་བྲལ་བའི་ཕྱིར་རོ། །ཉེ་བར་ཞི་བ་ནི་དབུས་མེད་པའི་ཕྱིར་རོ། །རྟག་ཏུ་དངོས་པོའི་

རང་བཞིན་རྗེས་སུ་སོང་། །ཞེས་བྱ་བ་ནི་མི་གཡོ་བ་ཤིན་ཏུ་མཐོང་བར་དཀའ་བའི་གནས་ཏེ། བདེ་བར་གཤེགས་པའི་གོ་འཕང་ངོ་། །དེ་ལྟ་བུའི་གནས་དེ་ནི་ཚིག་གིས་བརྗོད་པར་ནུས་པ་མ་ཡིན་ནོ། །དབྱངས་ཀྱིས་བཤད་ཀྱང་དབྱངས་ཀྱི་འཇུག་པ་མེད། །ཅེས་བྱ་བ་ལ། དབྱངས་

ནི་སྒྲའི་ངོ་བོས་སྟོང་པ་ཉིད་ཡིན་པས་གང་ནས་ཀྱང་མི་འོངས་གར་ཡང་མི་འགྲོ། །གར་ཡང་གནས་པ་མེད་པ་སྟེ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆོས་ཉིད་ཀྱི་འགྲོས་ཏེ་འགྲོ་བ་ཁོ་ན་དབྱངས་ཀྱིས་འགྲོ་བ་ཡིན་ནོ། །འགྲོས་ཞེས་བྱ་བའི་སྒྲས་ཀྱང་འགྲོ་བ་བསྟན་པར་མི་ནུས་ཏེ། སྒྲུབ་

པ་པོ་དང་བསྒྲུབ་བྱའི་རང་བཞིན་མེད་པའི་རང་བཞིན་གཅིག་པ་ཉིད་དེ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཀྱི་ངོ་བོ་དང་བྲལ་བ་ངེས་པར་རྟོགས་པ་ནི་ཆོས་ཉིད་ཀྱི་འགྲོས་ཡིན་ནོ་ཞེས་བསྟན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཡིན་ནོ། །རྡུལ་བྲལ་རྣམ་

པར་དག་པ་དོན་དམ་གནས། །སངས་རྒྱས་དེ་ཉིད་ཡོད་ཅེས་མི་གསུང་པ། །དེ་ཉིད་རིག་པ་དེ་ཉིད་མེད་མི་སྨྲ། །ལོང་བར་གྱུར་པའི་མུ་སྟེགས་རྩོད་པར་བྱེད། །ཅེས་བྱ་བ་ལ། རྡུལ་བྲལ་ནི་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བའོ། །རྣམ་པར་དག་པ་ནི་དྲི་

เล่ม ๑๑๗ · หน้า 93a

མའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །ཞི་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །རྟོག་དང་རློམ་སེམས་མེད་པ་རབ་ཞི་གནས། །ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་གཟུགས་རབ་ཏུ་ཞི་བ་དེ་ལ་བརྟག་པ་ཡོད་པ་མ་ཡིན་པས་ཡིད་ཀྱི་རྣམ་པར་རྟོག་པས་ཀྱང་བརྟག་པར་

མི་ནུས་པའོ། །དེ་ལྟ་བུའི་ཆོས་ཟབ་མོ་རྒྱལ་བ་སྟེ། བདུད་ལས་རྒྱལ་བས་སྟོན་པར་མཛད་པ་ཡིན་ནོ། །འདི་ལ་ཡི་གེ་སྤྱོད་པ་ཡོད་མ་ཡིན། །ཞེས་པས་སྟོན་པ་མེད་ན་ཡང་བསྟན་པའི་རྣམ་པའི་སྣང་བ་ཡང་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་རོ། །དེ་བཞིན་དུ། རིན་ཆེན་ཆོས་

རྣམས་རྡུལ་བྲལ་དོན་དམ་སྟོང་། །ཞེས་བྱ་བ་ལ། སྤྲོས་པ་མ་ལུས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ནི་དོན་དམ་པའོ་ཞེས་སངས་རྒྱས་རྣམས་སྟོན་པར་མཛད་དོ། །རྒྱལ་པོ་བརྟན་བྱིན་གྱིས་ནི་དེ་ཚེ་ཐོས། །ཞེས་བྱ་བ་ལ། རང་གི་ཕོ་བྲང་ན་གནས་བཞིན་དུ་ཆོས་བསྟན་པ་དེ་

ཐོས་སོ་ཞེས་བྱ་སྟེ། ཐོས་པ་དང་ལྡན་པའོ། །དེ་ནས་དགའ་བ་དང་། རབ་ཏུ་དགའ་བ་ཐོབ་ནས་འཁོར་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལག་པ་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་

ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །མིའི་བདག་པོའི་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་དམ་པ་འདི་བཤད་དོ། །རང་བཞིན་གྱིས་སྟོང་པ་འདི་ཐོས་ནས་མིའི་བདག་པོ་དེ་ལ་དགའ་བ་མཚུངས་པ་མེད་པ་སྐྱེས་པར་གྱུར་

ཏོ། །འཕགས་པའི་དགའ་བ་ནི་ཟང་ཟིང་མེད་པའི་ཆོས་ཀྱི་དགའ་བའོ། །དེ་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་པས་གླིང་བཞི་ལ་དབང་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་རྩྭ་བཞིན་དུ་སྤངས་ནས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་བྱུང་བར་གྱུར་གྱི་འདོད་པའི་རྒྱུས་ནི་མ་ཡིན་ནོ། །

བསམ་པ་མི་གཡོ་བྱང་ཆུབ་རབ་ངེས་པས། །རྟག་ཏུ་སྟོང་པའི་ཆོས་ལ་རབ་གནས་ཏེ། །སངས་རྒྱས་ས་ཡི་མཐར་ཐུག་རྟོགས་འགྱུར་ཞེས། །བསམ་པ་དག་པས་མི་དབང་རབ་ཏུ་བྱུང་། །འཛམ་བུ་གླིང་པའི་མི་དེ་དག་ཐམས་ཅད་ཀྱང་དེའི་རྗེས་སུ་རབ་ཏུ་བྱུང་བར་གྱུར་ཏོ། །

เล่ม ๑๑๗ · หน้า 93b

དེ་ཚེ་སྟོབས་བཅུའི་ཡོན་ཏན་རྒྱ་ཆེ་སྟེ། །ཞེས་བྱ་བ་ལ། གང་གི་ཚེ་མིའི་བདག་པོ་དང་ལྷན་ཅིག་ཐམས་ཅད་རབ་ཏུ་བྱུང་བར་གྱུར་པས་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མའི་འཁོར་གྱིས་བསྐོར་བར་གྱུར་ཏོ། །དེ་ལྟ་ན་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ཇི་ལྟར་

འགྲུབ་པར་འགྱུར་ཞེས་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། །དེ་ཚེ་མ་རྨོས་མ་བཏབ་རྩི་འཁྲུངས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། མ་རྨོས་ཤིང་མ་བཏབ་པ་ཉིད་དུ་རྩི་ཐམས་ཅད་ལྷའི་བདུད་རྩི་དང་འདྲ་བ་བསོད་ནམས་ལས་བྱུང་བར་གྱུར་ཏོ། །བྱིན་ལེན་བྱེད་པ་དང་གཡོག་དང་བསྙེན་

བཀུར་བ་ཡང་ལྷ་ལ་སོགས་པ་རྣམས་རྟག་ཏུ་ཉེ་བར་གནས་པར་གྱུར་ཏོ། །ཆོས་གོས་གསུམ་ཡང་ལེགས་པར་ཁ་དོག་བསྒྱུར་བ། ལེགས་པར་དྲུབས་པ། ལེགས་པར་བཅགས་པ་རྣམས་ཀྱང་བསོད་ནམས་ལས་བྱུང་ཞིང་གྲུབ་པར་གྱུར་ཏོ། །ཟད་པའི་དུས་ན་སེམས་ཅན་མང་པོ་

དག །ཅེས་བྱ་བ་ལ་སོགས་པ་ལ། ཕྱི་མའི་དུས་ན་མི་མང་པོ་དག་ལོངས་སྤྱོད་ཆུང་ཞིང་དབུལ་བཞིན་དུ་ཁྱིམ་ལ་མངོན་པར་ཞེན་པ་དག་རབ་ཏུ་འབྱུང་བར་མི་ནུས་ལ་དེ་དག་ལ་རྒྱལ་པོའི་ཆད་པས་ཁྲོ་བ་དང་། བརྡེག་པ་དང་། བསྡིགས་པ་དང་། བཅིང་བ་དང་། གནོད་

པ་རྣམ་པ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལྟ་ན་ཡང་འཁོར་བས་སྐྱོ་བར་མི་འགྱུར་ཞིང་བཟའ་བ་ཙམ་ཡང་རྙེད་པར་མི་འགྱུར་ན་ནོར་བསག་ཅིང་འབྱོར་པར་འགྱུར་བ་ལྟ་ག་ལ་ཡོད། ནོར་བསགས་པའི་རྒྱུ་བཟོའི་གནས་ཀྱི་ཆ་ལ་མཁས་པ་ཡང་མ་ཡིན་ནོ། །འདོད་

ཆགས་དང་། ཁོང་ཁྲོ་དང་། འདོད་པས་ཟིལ་གྱིས་མནན་པར་གྱུར་ན་ཡང་བདག་ཀྱང་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་སྨྲ་བར་བྱེད་ཅིང་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པའི་བཙུན་པ་བྱང་ཆུབ་སྤྱོད་པ་སྟོན་ཅེས་སྨྲ་ཞེས་བྱ་བ་ནི་འདི་སྐད་དུ་བཙུན་པ་བྱང་ཆུབ་ཀྱི་སྤྱོད་པ་བདག་

ལ་བསྟན་དུ་གསོལ། བདག་ཉན་པར་འཚལ་ལོ་ཞེས་སྨྲ་བར་བྱེད་ཀྱང་ཆོས་ཐོས་པའི་རྗེས་སུ་འཇུག་པ་ཡང་མ་ཡིན་ལ། གང་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དེ་ལ་ཡང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་ཀྱང་མི་སྐྱེད་དོ། །དེ་དག་ཉིད་ལ་སླར་ཡང་ཁོང་ཁྲོ་རབ་ཏུ་བསྐྱེད་

เล่ม ๑๑๗ · หน้า 94a

ནས་འཁྲུལ་པ་ཚོལ་བར་བྱེད་ཅིང་གཅིག་ཏུ་སྐྱོན་སྨྲ་བ་ལ་གནས་པར་འགྱུར་རོ། །གཞོན་ནུ་ང་ཡི་ཚིག་འདི་ཐོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ངའི་གསུང་འདི་ཐོས་ནས། དེ་དག་དང་ནི་སྟེན་པར་མ་བྱེད་ཅིག །བྱང་ཆུབ་འདོད་པ་རྣམས་ལ་

སྦྱངས་པའི་ཡོན་ཏན་གྱི་བསྔགས་པ་རྗོད་པར་བྱེད་ཀྱང་བདག་ཉིད་ནན་ཏན་ཉམས་སུ་ལེན་པ་ལ་རྗེས་སུ་ཞུགས་པ་ནི་མ་ཡིན་ནོ། །ཚུལ་ཁྲིམས་རྣམ་པར་དག་ཅིང་རྒྱགས་པ་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པ་དང་། བྲལ་བ་ནན་ཏན་སྙིང་པོར་བྱེད་པ་རྣམས་ལ་ནི་བྱང་

ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན། ཏིང་ངེ་འཛིན་འདི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་བཅོམ་ལྡན་འདས་ཡིད་ལ་བྱ་བའོ་ཞེས་བྱ་བར། འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་

ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེར་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ལ། སྤྱོད་ལམ་བཞི་པོ་ཐམས་ཅད་དུ་རྗེས་སུ་དྲན་པར་བྱེད་པ་ནི་ངེས་པ་ཁོ་ན་ཡང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་

གསུངས་པས་དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པའི་ཁྱད་པར་གྱིས་མཆོག་ཏུ་གུས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །ཅེས་བྱ་བ་ནི་ཕྱི་རོལ་གྱི་སྐུ་གཟུགས་ལ་ཕྱག་བྱ་བ་དང་། བལྟ་བ་དང་།

མཆོད་པས་བསོད་ནམས་བསག་པར་བྱ་བའི་ཕྱིར་འབྱོར་པ་ཇི་ལྟ་བ་བཞིན་དུ་གསེར་དང་། དངུལ་དང་། ཟངས་དང་། ས་ལས་བྱས་པ་ཡང་རུང་། མཛེས་པ་མཚན་གྱིས་ལེགས་པར་བརྒྱན་པ། བཟོ་ལེགས་པར་བྱས་པ་མདུན་དུ་བཞུགས་སུ་གསོལ་བ་ལ་གདུགས་དང་། རྒྱལ་

མཚན་དང་། བ་དན་ལ་སོགས་པ་དང་། ཞལ་ཟས་སྣ་ཚོགས་ཀྱི་བཤོས་གཙང་གི་བྱེ་བྲག་གིས་མཆོད་པར་བྱའོ། །དེ་བཞིན་དུ་རས་རིས་ལ་སོགས་པར་གཏོགས་པའི་རི་མོ་ལ་ཡང་མཆོད་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ཞིང་དབེན་པར་གནས་པར་བྱའོ་ཞེས་བསྟན་

เล่ม ๑๑๗ · หน้า 94b

པའི་ཕྱིར་རྟག་ཏུ་ནགས་ཁྲོད་དབེན་པ་བསྟེན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། གྲོང་དང་གྲོང་ཁྱེར་ལ་སོགས་པ་ལ་ཞེན་པ་སྤངས་ནས་ནགས་དང་། རིའི་ཕུག་དང་། སྨན་ལྗོངས་ལ་སོགས་པར་གཅིག་པུ་གཉིས་སུ་མེད་པར་བསེ་རུ་ལྟར་གནས་ལ། ཏིང་ངེ་འཛིན་བསྒོམ་

པ་ལ་མངོན་པར་དགའ་བས་རྟག་ཏུ་མཉམ་པར་གཞག་ན་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། ང་ནི་ཆོས་རྗེ་ཁྱོད་ནི་ང་ཡི་བུ། །ཞེས་བྱ་བ་ལ་ང་ནི་ཆོས་ཀྱི་རྗེ་ཡིན་ཁྱེད་རྣམས་ནི་ངའི་སྲས་ཆོས་ལས་སྐྱེས་པ་ཡིན་ནོ། །དེ་ལྟ་བས་ན་ཏིང་ངེ་འཛིན་ངེས་པར་སྒྲུབ་

པར་འདོད་པས་ངའི་རྗེས་སུ་བསླབ་པར་བྱ་བའི་ཕྱིར་ཞུམ་པ་མེད་པའི་སེམས་ཀྱིས་འབད་པར་བྱ་སྟེ། ཇི་ལྟར་མིའི་བདག་པོ་བརྟན་པས་བྱིན་གྱིས་རྒྱལ་སྲིད་ཀྱི་དབང་ཕྱུག་སྤངས་ནས་རབ་ཏུ་བྱུང་སྟེ། རབ་ཏུ་བྱུང་ནས་ཀྱང་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་སྦྱོར་བར་གྱུར་པ་བཞིན་བྱའོ་

ཞེས་བྱ་བ་ལ། གང་མིའི་བདག་པོ་བརྟན་པས་བྱིན་ཞེས་བྱ་བ་བྱུང་བ་ཐོས་པ་དེ་གཞན་མ་ཡིན་ཏེ། ང་ཉིད་དེའི་ཚེ་དེའི་དུས་ན་མིའི་བདག་པོ་བརྟན་པས་བྱིན་ཞེས་པར་གྱུར་ཏོ། །ངས་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པ་བྱས་སོ། །ཚུལ་ཁྲིམས་བསྲུངས་སོ། །ཏིང་ངེ་

འཛིན་མཆོག་འདི་རྗེས་སུ་ཚོལ་བའི་ཚེ། བུ་དང་། བུ་མོ་དང་། ཆུང་མ་དང་། རྒྱལ་སྲིད་ཀྱི་ལོངས་སྤྱོད་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་མཆོག་ལ་སོགས་པ་ཡང་ཏིང་ངེ་འཛིན་འདིའི་རྒྱུར་ཞུམ་པ་མེད་པའི་སེམས་ཀྱིས་སྦྱིན་པར་

བཏང་ངོ་། །འབྲུ་དང་། ནོར་དང་། རིན་པོ་ཆེ་དང་། བྲན་ཕོ་དང་། བྲན་མོ་དང་། ཡོངས་སུ་སྤྱོད་པའི་གཡོག་རྣམས་ཀྱང་གསོལ་བ་འདེབས་པ་རྣམས་ལ་བྱིན་ནོ། །དེ་བཞིན་དུ་རྒྱན་གྱི་བྱེ་བྲག་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་། གོས་ཀྱི་བྱེ་བྲག་ཤིན་ཏུ་ཕྲ་བ་སྲིན་

བལ་གྱི་འདབ་མ་ལྟར་རེག་ན་འཇམ་ཞིང་བདེ་བ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བའི་ཕྱིར་བཏང་ངོ་། །ང་ཡིས་རྟ་དང་བ་གླང་ཤིང་རྟ་ཚོགས། །ཞེས་བྱ་བ་ལ་སོགས་པ་ལ། ང་ཡིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བཏང་ཞེས་བྱ་བ་ནི་བྱིན་ནོ་ཞེས་ཐམས་ཅད་དུ་བལྟ་བར་

เล่ม ๑๑๗ · หน้า 95a

བྱའོ། །སེམས་ཅན་སྡུག་བསྔལ་གང་དག་ངས་མཐོང་བ་དེ་དག་ངས་ནོར་གྱིས་བདེ་བར་བྱས་སོ། །ངས་སྔོན་སྐྱེད་མོས་ཚལ་ནི་མང་པོ་དག །ཅེས་བྱ་བ་ལ་སོགས་པས་ནི་ཕྱི་རོལ་གྱི་ཉེ་བར་མཁོ་བ་སྦྱིན་པར་གསུངས་ཏེ། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་

བརྒྱན་པའི་སྐྱེད་མོས་ཚལ་དགའ་བའི་ཚལ་དང་འདྲ་བ་བརྒྱ་སྟོང་དག་ཀྱང་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བའི་ཕྱིར་བཏང་ངོ་། །གྲོང་དང་གྲོང་ཁྱེར་ཡུལ་འཁོར་གྲོང་འདབ་ཀྱང་། །ཞེས་བྱ་བ་ལ་སོགས་པས་ནི་དབང་ཕྱུག་གི་

ལོངས་སྤྱོད་བདག་གིར་བྱས་པའི་ལོངས་སྤྱོད་ཀྱི་དངོས་པོ་རྣམས་ཡོངས་སུ་གཏོང་བའི་སྦྱིན་པ་གསུངས་ཏེ། གྲོང་དང་། གྲོང་ཁྱེར་དང་། ཚོང་འདུས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཉེ་བར་མཁོ་བ་ཐམས་ཅད་དང་ལྡན་པ་འབྱོར་པ་ཡང་དག་པས་བརྒྱན་པ་རྣམས་

བྱིན་པས་དེའི་ཚེ་དགའ་བ་དང་བདེ་བ་དཔེ་མེད་པ་རྗེས་སུ་མྱོང་ངོ་། །རི་རབ་ཚད་ཙམ་རིན་ཆེན་སྣ་ཚོགས་རིན་ཐང་མེད་པའི་ས་ཡི་གཏིང་ན་གནས་པ་དང་། རྒྱལ་བའི་ཡོན་ཏན་བཞིན་དུ་འབད་པས་བསགས་པའི་རིན་ཆེན་ཕུང་པོ་དཔག་ཏུ་མེད་པ་དང་། །རབ་ཏུ་གྲགས་པའི་ནོར་བུའི་

ཅོད་པན་རབ་ཏུ་མཛེས་པ་རྣམ་པ་གཞན་དག་ཀྱང་། །སངས་རྒྱས་ཐོབ་ཕྱིར་འགྲོ་བ་མ་ལུས་ཡིད་འཕྲོག་རབ་ཏུ་གྲགས་པའི་སྦྱིན་པར་བྱིན། །རིན་ཆེན་ཕུང་པོ་རི་རབ་མཉམ་པ་ཡང་། །ཆོས་དང་ཏིང་འཛིན་ཐོབ་ཕྱིར་ང་ཡིས་བྱིན། །རྙེད་པར་དཀའ་ཞིང་བཏང་བར་དཀའ་བ་ཡང་། །

བྱང་ཆུབ་ཆེད་དུ་སྔོན་ཆད་ང་ཡིས་བཏང་། །ཤིན་ཏུ་དབུལ་བ་ངས་ནི་ཕྱུག་པོར་བྱས། །ཞེས་བྱ་བ་ལ། དབུལ་པོ་གང་དག་ཕོངས་པར་གྱུར་པ་དེ་དག་ནི་ངས་ཕོངས་པ་མེད་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདེ་བ་དང་ལྡན་པར་བྱས་སོ། །གང་གི་ཚེ་ང་སའི་བདག་པོར་གྱུར་

ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པས་སྡུག་བསྔལ་མགོན་མེད་པ་མཐོང་བར་གྱུར་པ་ནི་ཅིའི་ཕྱིར་འདི་ལྟར་སྡུག་བསྔལ་བར་གྱུར་ཅེས་འདྲི་བར་བྱེད་དོ། །ནོར་མེད་པས་སོ་ཞེས་ཟེར་ན་དེ་དག་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག་ནས་དེ་དག་ལ་རྒྱལ་སྲིད་

เล่ม ๑๑๗ · หน้า 95b

སྦྱིན་པར་བྱེད་དོ། །གཞོན་ནུ་ངས་ནི་ངོ་མཚར་བྱས་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་ང་ཡིས་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཆེད་དུ་སྡུག་བསྔལ་ཉམས་སུ་མྱོང་བ་དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བགྲང་བའི་སྦྱོར་བས་བགྲང་བར་ནུས་པ་མ་ཡིན་ནོ་ཞེས་བསྟན་

ཏོ། །དེ་བཞིན་གཤེགས་པའི་སྤྱོད་པ་ལ་དད་པ་མ་ཐོབ་པ་རྣམས་ཀྱིས་མཐར་ཐུག་པ་མ་རྙེད་ནས་ཐོས་པས་སེམས་མྱོས་ཤིང་མྱོས་པར་འགྱུར་རོ། །གཞོན་ནུ་ཁྱོད་ལ་ཤིན་ཏུ་བསྒོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐུགས་རྗེ་ཅན་ནི་གཞན་མ་ཡིན་པར་

གསུངས་པ་ཡིན་ནོ། །ངས་ཏིང་ངེ་འཛིན་འདི་ཚོལ་བ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་ལ་དགོད་པར་བྱའོ་ཞེས་བྱ་བ་ནས་ཏིང་ངེ་འཛིན་འདི་ཚོལ་བ་ན་སྡུག་བསྔལ་གྱི་ཁྱད་པར་དཔག་ཏུ་མེད་པ་ཉམས་སུ་མྱོང་ངོ་། །གང་གི་ཚེ་ངས་ཏིང་ངེ་འཛིན་འདི་ཐོབ་པར་

གྱུར་པ་ན་ང་ལ་སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེད་པར་གྱུར་ཏོ། །ཡེ་ཤེས་དེས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་ངོ་། །ཆོ་འཕྲུལ་གྱི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་ཁྱད་པར་གྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་བཞུགས་

པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་ཉེ་བར་སོང་ནས་སྤྱི་བོས་ཕྱག་འཚལ་ཏེ། གུས་པ་དང་བཅས་པས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་གལ་ཏེ་བདག་ལ་སྐབས་ཕྱེ་ན་སོམ་ཉི་དཔག་ཏུ་མེད་པ་མཆིས་པས་ཐེ་ཚོམ་འགའ་ཞིག་ཞུའོ། །དྲན་པ་བརྗེད་པ་མེད་པས་ཇི་ལྟར་

ཐོས་པ་བཞིན་དུ་བཟུང་ནས་དེ་བཞིན་དུ་སེམས་ཅན་རྣམས་ལ་བདག་གིས་བསྟན་པར་བགྱིའོ། །ཏིང་ངེ་འཛིན་འདི་ཉིད་ལ་བདག་གིས་གཡོ་བ་མེད་པའི་བློས་འདི་ཉིད་ལ་རབ་ཏུ་གནས་པར་གྱུར་པ་དེ་ལྟར་རབ་ཏུ་གཞག་པར་བགྱིའོ། །གང་གིས་སྔོན་གྱི་དེ་བཞིན་གཤེགས་པ་

དག །ཅེས་བྱ་བ་ལ་སོགས་པ་ལ། གང་དག་སྔོན་དེ་བཞིན་གཤེགས་པ་མ་མཐོང་བ་དང་། མ་ཐོས་པ་དེ་དག་གིས་ཏིང་ངེ་འཛིན་འདི་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་དང་། །དེ་བཞིན་གཤེགས་པའི་ཐད་ནས་ཆོས་བསྟན་པ་མ་ཐོས་པ་བསོད་ནམས་མ་བྱས་པ་དེ་དག་གིས་ཏིང་

เล่ม ๑๑๗ · หน้า 96a

ངེ་འཛིན་འདི་ལ་རབ་ཏུ་དང་བའི་སེམས་བསྐྱེད་པ་དང་། དད་པར་བྱ་བ་དང་། མཉན་པ་དང་མོས་པར་བྱ་བ་སླ་བ་མ་ཡིན་ནོ། །ཡང་གང་དག་སྔོན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་ནས་ཏིང་ངེ་འཛིན་འདི་ཐོས་པ་དེ་དག་ནི་ཆོས་ཟབ་མོ་འདི་ཐོས་པ་ན་མི་སྐྲག་མི་

དངང་། དངང་བར་མི་འགྱུར་ཏེ། དེ་འཇིགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་སྲས་ཐུགས་ལས་སྐྱེས་པ་ཉིད་དེ་དག་གི་དོན་དུ་ངས་ཏིང་ངེ་འཛིན་འདི་བྱ་དཀའ་བ་བརྒྱ་སྟོང་གིས་ཡང་དག་པར་བསྒྲུབས་པ་ཡིན་ནོ། །ཡང་གང་

གིས་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ལན་ཅིག་ཐོས་པ་དེ་ཡང་ངན་སོང་དུ་ལྟུང་བའི་འཇིགས་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་ཕུན་སུམ་ཚོགས་པ་འཐོབ་ཅིང་ཐམས་ཅད་དུ་སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་དང་། ཆོས་ཐོས་པ་དང་མི་འབྲེལ་བའི་སེམས་

ཀྱིས་སངས་རྒྱས་ཁྲག་ཁྲིག་ཤིན་ཏུ་མང་པོ་མཐོང་བ་སྟེ། གང་ཏིང་ངེ་འཛིན་འདི་འཛིན་པ་དེས་མངོན་སུམ་དུ་སངས་རྒྱས་རྣམས་མཐོང་བའོ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་ངའི་རྗེས་

ཐོགས་ཉིད་དུ་ངེས་པར་སངས་རྒྱས་ནས་སེམས་ཅན་མང་པོའི་དོན་གྱིས་ཤིག་ཅེས་ལུང་བསྟན་པ་བཞིན་དུ། བློ་གྲོས་མཐའ་ཡས་དེས་ནི་ང་ལུང་བསྟན། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ལག་ཏུ་ཏིང་ངེ་འཛིན་འདི་ཐོབ་པ་དེ་ཡང་དེ་བཞིན་དུ་རྒྱལ་བ་ཉིད་དུ་གྱུར་ནས་སེམས་ཅན་མ་ལུས་

པའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། སྤོབས་པ་དང་ལྡན་པར་འགྱུར་རོ། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཞེས་བྱ་བ་ལ་ཏིང་ངེ་འཛིན་འདི་འཛིན་པ་དེ་ལ་ཡོན་ཏན་འདི་དག་འཛིན་པར་འགྱུར་ཞིང་། ཡོན་ཏན་གཞན་

ཡང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་མཆོད་པར་འགྱུར། སྲུང་བར་འགྱུར་རོ། །དུག་དང་མེ་དང་མཚོན་དང་ཆུ་ལ་སོགས་པ་རྣམས་ཀྱིས་ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་

เล่ม ๑๑๗ · หน้า 96b

རོ། །ནགས་ཁྲོད་དང་རི་དང་། སྨན་ལྗོངས་དང་། བྲག་ཕུག་དག་ཏུ་གཅིག་པུ་གཉིས་སུ་མེད་པར་འདུག་ན་ཡང་ཏིང་ངེ་འཛིན་གྱི་མཐུས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་རྣམས་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་རོ། །ཡེ་ཤེས་དྲི་མ་མེད་པ་

དཔག་ཏུ་མེད་པ། ཐོགས་པ་མེད་པས་དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་སྒྲོགས་པར་བྱེད་པ་དང་། ཐོགས་པ་མེད་ཅིང་ཉམས་པ་མེད་པས་དཔག་ཏུ་མེད་པའི་ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲོན་མ་འཛིན་ཅིང་འཇིག་རྟེན་མ་ལུས་པའི་མི་

ཤེས་པའི་ལིང་ཏོག་གི་རབ་རིབ་སེལ་བ་ལ་མཁས་པར་འགྱུར་རོ། །ཏིང་ངེ་འཛིན་འདི་འཛིན་པའི་སྟོབས་ཀྱིས་འཇམ་པ་དང་། ཡིད་དུ་འོང་བ་དང་། རྣར་སྙན་པའི་ཚིག་གིས་འཁོར་གྱི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་དགའ་བ་བསྐྱེད་པར་ནུས་པ་ལྟར་བདུད་དང་མུ་

སྟེགས་པ་རྣམས་ཟིལ་གྱིས་གནོན་པའི་སེང་གེའི་སྒྲ་སྒྲོགས་པར་བྱེད་དོ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་དག་སྨན་པ་དཔྱད་མཁན་འདྲ་བར་ཡང་། །ཞེས་བྱ་བ་ནི། ནད་མ་ལུས་པ་གསོ་བ་ལ་མཁས་པའི་སྨན་པ་དཔྱད་

མཁན་ཏེ། སྨན་སྟེར་བའི་དུས་ཚོད་བརྩི་བའི་སྐྱེས་བུའི་གནས་ལྟ་བུའི་དུས་ངེས་པར་བྱེད་པའི་སྨན་པའི་མཆོག་ཏུ་འགྱུར་བའོ། །མང་པོའི་རྟེན་དང་དཔུང་གཉེན་སྐྱབས་སུ་འགྱུར། །ཞེས་བྱ་བ་ལ། ལམ་ཉེ་བར་བརྟེན་པ་ནི་འགྲོ་བའོ། །སྐྱོན་ཐམས་ཅད་ཀྱི་གནོད་པ་དང་བྲལ་

བའི་གནས་སུ་གྱུར་པ་ནི་རྟེན་ནོ། །འཁོར་བས་འཇིགས་ཤིང་སྐྲག་པའི་འཇིགས་པ་སེལ་བས་དཔུང་གཉེན་དང་། སྐྱབས་སུ་འགྱུར་རོ། །སྣང་བར་གྱུར་པ་ནི་མི་ཤེས་པའི་མུན་པ་སེལ་བའོ། །ཐམས་ཅད་དུ་མཚན་མ་ཐམས་ཅད་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར་རྟག་ཏུ་མཉམ་པར་

གཞག་པར་འགྱུར་རོ། །ཐ་མལ་པ་མ་ཡིན་པའི་མིག་ཐོབ་པར་འགྱུར་རོ། །ཡན་ལག་བརྒྱད་ཅུ་དང་ལྡན་པའི་གསུང་གི་དཀྱིལ་འཁོར་གྱིས་བརྒྱན་པའི་ཚངས་པའི་དབྱངས་ཐོབ་པར་འགྱུར་རོ། །ཟས་ལ་ཡིད་ཀྱང་ཆགས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་

เล่ม ๑๑๗ · หน้า 97a

ལ་མངོན་པར་དགའ་བའི་ཕྱིར་ཟས་ལ་ཞེན་པ་ཆེ་བར་མི་འགྱུར་རོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་ལ་སེམས་ཆགས་པར་མི་འགྱུར་རོ། །བདག་ཉིད་ལ་བསྟོད་པ་དང་། གཞན་ལ་མི་སྙན་པར་བརྗོད་པས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་

དང་བྲལ་བར་འགྱུར་རོ། །རྟག་ཏུ་བསམ་གཏན་ལ་དགའ་ཕྲ་བའི་སེམས། །ཞེས་བྱ་བ་ནི་རྟག་ཏུ་བསམ་གཏན་ལ་མངོན་པར་དགའ་བའི་སེམས་ཕྲ་མོ་ཉིད་རྟག་ཏུ་འགྱུར་བའོ། །གཞན་གྱིས་འཁྲུལ་པ་ཚོལ་བར་ཡང་མི་བྱེད་ཅིང་དེ་ལ་ལྟ་བར་ཡང་མི་བྱེད་དེ། བདག་ཉིད་ཀྱིས་ལེགས་པར་

བྱས་པ་དང་ཉེས་པར་བྱས་པ་ལ་ངེས་པར་རྟོགས་པ་ལ་ཞུགས་པའི་ཕྱིར་རོ། །སྤྱོད་པ་ཡོངས་དག་སེམས་ལ་ཉོན་མོངས་མེད། །ཅེས་བྱ་བ་ནི་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་བསྒོམས་པས་བསྒོས་པའི་ཕྱིར་ལུས་དང་། ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ཡིན་ནོ། །སེམས་

སྒྱུ་དང་གཡོ་སྤངས་པ་ཡིན། ཐར་པ་བསྒོམ་པ་དང་མངོན་པར་དགའ་བ་ཡིན། སེར་སྣ་དང་བྲལ་ཞིང་སྦྱིན་པ་ལ་དགའ་བ་ཡིན། ཚུལ་ཁྲིམས་དང་ཡང་དག་པར་ལྡན་པ་ཡིན། བྱད་བཞིན་བཟང་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་འགྱུར་རོ། །ཡན་ལག་

ཐམས་ཅད་ཡོངས་སུ་མཛེས་པས་སྐུ་ལྟ་བས་མི་ངོམས་པར་འགྱུར་རོ། །ཚངས་པ་དང་། དབང་པོ་དང་། དྲག་པོ་ལ་སོགས་པ་རྣམས་ཀྱང་གཡོག་བཞིན་དུ་བཀའ་ཉན་ཞིང་རྗེས་སུ་རྟག་ཏུ་འབྲང་བར་འགྱུར་རོ། །ངན་འགྲོར་ལྟུང་བའི་འཇིགས་པ་མ་ལུས་པ་དང་བྲལ་བ་ཡིན་ནོ། ཟབ་

མོའི་ཆོས་ཐོས་ཤིང་གོམས་པར་བྱས་པའི་བློ་གྲོས་དང་ལྡན་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་མེད་པ་ཡིན་ཞེས་བྱའོ། །གཟུངས་ཐོབ་པ་ཡིན་ནོ། །གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་ཡང་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་འདོད་ཆགས་དང་བྲལ་བའི་དགེ་འདུན་གྱི་

འཁོར་དུ་མས་ཡོངས་སུ་བསྐོར་བ་མཐོང་བར་འགྱུར་བའོ། །རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་འགྲོ་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཅུ་

เล่ม ๑๑๗ · หน้า 97b

ཡང་ཏིང་ངེ་འཛིན་འདི་ཐོབ་ན་འབད་པ་མེད་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དབང་བཅུ་པོ་ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་

ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་རབ་ཏུ་ཐོབ་པར་འགྱུར་རོ། །མི་གང་ཞིག་ཏིང་ངེ་འཛིན་འདི་འཛིན་པ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་བཅོམ་ལྡན་སྙིང་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་དེ་

བཞིན་གཤེགས་པ་ཐུགས་རྗེ་ཅན་དུ་གྱུར་ལ། དེ་བཞིན་གཤེགས་པ་དེ་དག་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གུས་པར་བྱས། བསྙེན་བཀུར་དུ་བྱས། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་ལ། དད་པ་ཅན་གང་

ཞིག་གིས་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་ངོ་ཞེས་ཚིག་ཏུ་རྗོད་པར་བྱེད་ན་རིགས་ཀྱི་བུ་སྔ་མ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་བས་རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བར་ཤེས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཉིད་ཚད་མ་ཡིན་གྱི།

གཞན་ནི་ཚད་མའི་ཡུལ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་བདག་ཉིད་ལས་བྱུང་ཡེ་ཤེས་མེའི། །འོད་ཟེར་དམར་སེར་སྟེང་དུ་འཕྲོས་པར་གྱུར་པ་ཡིས། །སྲིད་པ་གསུམ་པོ་སྐད་ཅིག་ཙམ་གྱིས་ཐལ་བར་བྱས། །གཟི་བརྗིད་ཚོགས་ཀྱི་འོད་ཅེས་སངས་རྒྱས་གསུངས། །གཟི་བརྗིད་

ཚོགས་ཀྱི་རྒྱལ་པོའི་ལེའུ་སྟེ་སུམ་ཅུ་པའི་འགྲེལ་པ་རྫོགས་སོ།། །།ཕན་ཡོན་གྱི་ལེའུ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་ཅི་ནས་བདག་སེམས་ཅན་

ཐམས་ཅད་ཀྱི་སྒྲ་དང་སྐད་ཤེས་པས་ཆོས་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པའི་ཞེས་བྱ་བ་ནི་མངོན་པར་འདོད་པས་སོ། །ཅི་ནས་ཀྱང་བདག་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྟེ་ཐ་མལ་པའི་བརྡའོ། །སྐད་ནི་ཐ་སྙད་ཀྱི་ཁྱད་པར་སྒྲུབ་པར་བྱེད་པའི་ཚིག་གོ། །དབང་པོ་མཆོག་

เล่ม ๑๑๗ · หน้า 98a

དང་མཆོག་མ་ཡིན་པ་རྟོགས་ཤིང་བརྡ་དེ་དང་དེས་ཀུན་རྫོབ་ཏུ་ཐ་སྙད་དུ་བྱེད་དེ། ཆུང་ངུ་དང་འབྲིང་དང་། མཆོག་གི་དབང་བ་དང་། བསམ་པའི་ཁྱད་པར་རིག་ནས་གང་དང་གང་འདོད་པ་དེ་ལ་ཆོས་བསྟན་པའི་ཕྱིར། དེས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་

པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་མཁྱེན་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ནི་ཏིང་ངེ་འཛིན་འདི་ཡིན་ནོ་ཞེས་བསྟན་

པར་འགྱུར་རོ། །ཚིགས་སུ་བཅད་པས་ཕན་ཡོན་རྒྱ་ཆེར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་འདས་པའི་འདྲེན་པ་ཚད་མེད་ནམས་ཀྱང་མཐོང་། །ཞེས་བྱ་བ་ནི་གཞན་དག་ལ་ཏིང་ངེ་འཛིན་ཐོས་པ་མེད་པས་འདས་པའི་

དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དེ་དག་ལ་ཐེ་ཚོམ་ཐམས་ཅད་གཅད་པའི་ཕྱིར། མཐོང་བ་དང་དྲིས་པའི་དགེ་བའི་རྩ་བ་རབ་མཆོག་རབ་ཏུ་གནས་པས་ཏིང་ངེ་འཛིན་འདི་ལ་མོས་ཤིང་འདོད་ན་གཟུང་བར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་

བའི་བར་དུ་བལྟ་བར་བྱའོ། །ལྷ་དང་མི་ཡི་བདེ་བ་གྱ་ནོམ་རྙེད་པར་འགྱུར། །ཞེས་བྱ་བ་ནི་བསོད་ནམས་ཀྱི་མཐུས་ལྷ་དང་མིའི་བདེ་བ་གྱ་ནོམ་པ་ཉོན་མོངས་པས་མ་གོས་པས་མཆོད་པར་ཡང་འགྱུར་རོ། །ལྷ་རྣམས་ཀྱི་དབང་པོ་དང་། མིའི་རྒྱལ་པོ་ཡང་རབ་ཏུ་ཐོབ་པར་འགྱུར་རོ། །

མི་ཟད་པའི་བསམ་གཏན་གྱི་བདེ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །བསྔགས་པ་རྒྱ་ཆེར་ཐོས་ཀྱང་དེ་ནི་དགའ་མི་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་རྗེས་སུ་མ་གོས་པར་བསྟན་པ་ཡིན་ནོ། དགེ་ཞིང་སྙན་པར་སྨྲ་ལ་འཇམ་པའི་ཚིག་དང་ལྡན། །ཞེས་བྱ་བ་ནི་ཐམས་ཅད་

དུ་འཇམ་པའི་ཚིག་དང་ལྡན་པ་དང་། ཁྲོ་གཉེར་མེད་པ་དང་། བཞིན་འཛུམ་པ་དང་ལྡན་པ་དང་། འགྲོགས་ན་བདེ་བ་དང་། ཚུལ་ཁྲིམས་ལེགས་པར་བསྡམས་པ་ཉིད་དོ། །མཛའ་བའི་སེམས་སུ་འགྱུར་བ་ནི་སྙིང་རྗེ་ཆེན་པོའི་བརྩེ་བས་བསྒོས་པའི་རྒྱུད་ཡིན་པའི་ཕྱིར་རོ། །འཐབ་པ་

เล่ม ๑๑๗ · หน้า 98b

དང་། རྩོད་པ་མེད་པའི་གཏམ་བྱེད་པས་ན་སྤྲོས་པ་སྤངས་པ་དང་། བསམ་གཏན་གྱི་བདེ་བས་གནས་པ་དང་། རབ་ཏུ་དགའ་བའི་སེམས་དང་། དེས་ཤིང་མཉེན་པའི་སེམས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པ་དང་། རྟག་ཏུ་མཉམ་

པར་གཞག་པར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་རྟག་ཏུ་གུས་པས་རྗེས་སུ་འབྲང་ཞིང་སྲུང་བ་དང་། སྦེད་པར་བྱེད་དོ། །འགྲོ་བ་མ་ལུས་པའི་ཡིད་འཕྲོག་ཅིང་ཡིད་དུ་འོང་བའི་དབྱངས་དང་ཚངས་པའི་དབྱངས་དང་ལྡན་པར་

འགྱུར་རོ། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །ཞེས་བྱ་བ་ལ་སོགས་པ་ལ། ས་བཅུ་དང་། དབང་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡང་དག་པར་བརྗོད་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །མ་ལུས་མདོ་སྡེའི་ཡོན་ཏན་ཕན་ཡོན་རྣམས། །ཏིང་འཛིན་རྒྱལ་པོའི་རྗེས་སུ་རབ་ཞུགས་པར། །སྔོན་གྱི་རྒྱལ་བ་ཀུན་གྱིས་དབྱངས་སུ་བསྒྲགས། །གཅིག་དང་དུ་མའི་རྣམ་རྟོག་སྣ་ཚོགས་སྤངས། །ཡོན་ཏན་དང་ཕན་ཡོན་བསྟན་

པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའི་འགྲེལ་པ་རྫོགས་སོ།། །།ད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆོས་

ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱ་སྙམ་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་འདོད་པས་མདོར་བསྡུས་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ་ཞེས་བྱ་བ་ནས། གཞན་

དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་ཞེས་བྱ་བའི་བར་ལ། སྟོང་པ་ཉིད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་མཉམ་པ་སྟེ། གཟོད་མ་ནས་ཞི་བ་མ་སྐྱེས་པ་ཞེས་བྱ་བའོ། །སྤྲོས་པ་མེད་པ་ཉིད་ནི་མངོན་པར་རྟོགས་པ་

เล่ม ๑๑๗ · หน้า 99a

ལ་བརྟགས་པས་རྣམ་པར་མ་སྤྲོས་པས་ན་མ་སྤྲོས་པའོ། །མ་སྤྲོས་པ་ནི་ལྷག་པ་མེད་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་ལ། ཏིང་ངེ་འཛིན་ཡོངས་སུ་ཤེས་པ་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཚིགས་སུ་བཅད་པས་ཡོན་ཏན་གྱི་སྒོ་ནས་

རང་བཞིན་བསྟན་པར་བྱ་བའི་ཕྱིར། དེ་ལ་འདོད་ཆགས་ལྡང་བ་མེད་ཅིང་ཞེ་སྡང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་བསྒོམས་པ་དང་ལྡན་པ་དེ་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པ་ཉོན་མོངས་པ་

དང་། ཉེ་བའི་ཉོན་མོངས་པ་རྣམས་དྲན་པའི་སྤྱོད་ཡུལ་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་གནོད་པ་མེད་དོ། །དེ་ནི་བདེ་གཤེགས་ཐུགས་སྲས་བསླབ་པ་ཡོང་མི་འདོར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ནི་ཤིན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པ་བསྒོམ་པ་ལ་བརྟེན་པའི་ཕྱིར་

བདེ་བར་གཤེགས་པའི་བསླབ་པ་ཡོང་མི་འདོར་ཞེས་བྱ་བ་ནམ་ཡང་འདོར་བར་མི་བྱེད་དེ། ཅི་ནས་ཀྱང་འདོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །བུད་མེད་དབང་དུ་ནམ་ཡང་མི་འགྲོ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང་། རབ་ཏུ་དགའ་བ་ཐོབ་པར་ཡང་འགྱུར་རོ། །ཆོས་

ཀྱི་རང་བཞིན་ཚུལ་གྱིས་རིགས་པ་གང་ཤེས་པ། །ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གང་གིས་ཤེས་པ་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོ་ག་ཤེས་པ་སྟེ་མཁས་པ་ཡིན་ནོ། །དེ་དང་དེ་ནི་སངས་རྒྱས་མཐའ་ཡས་མུ་མེད་མཐོང་། །ཞེས་བྱ་བ་ནི་གང་དག་གིས་ཆོས་ཀྱི་རང་བཞིན་

ཇི་ལྟ་བ་བཞིན་དུ་ཤེས་པ་དེས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་ལྷའི་མིག་གིས་མཐོང་བར་འགྱུར་རོ། །གཟུངས་ཀྱི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ། །རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པར་ཡང་འགྱུར་རོ། །ཞེས་བྱ་བ་སྟེ།

ཏིང་ངེ་འཛིན་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ངོ་བོ་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། །དེ་དང་དེ་ནི་སྨན་པ་དཔྱད་ཤེས་བདེ་བ་སྦྱིན་པར་འགྱུར། །ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དེ་ནི་སྨན་པའི་རྒྱལ་པོ་བླ་ན་མེད་པ་སྨན་པའི་མཆོག་ཏུ་འགྱུར་རོ་ཞེས་

เล่ม ๑๑๗ · หน้า 99b

བྱ་སྟེ་མ་རིག་པའི་རྒྱུ་ལས་བྱུང་བའི་ནད་གསོ་བར་བྱེད་པའོ། །འཇིག་ཚོགས་ལ་ལྟ་བའི་ཟུག་རྔུ་འབྱིན་པར་བྱེད་པའོ། །ཉོན་མོངས་པའི་ཚ་བས་གདུངས་པའི་སེམས་ཅན་མཐོང་ནས་ཏིང་ངེ་འཛིན་གྱི་སྨན་ཆེན་པོའི་བཏུང་བ་སྦྱོར་བར་བྱེད་པའོ། །སྡུག་བསྔལ་བ་རྣམས་བདེ་བར་བྱེད་པའོ། །

སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ནས་སྨོན་ལམ་གྱི་སྟོབས་ཀྱིས་འཕངས་པས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཚུལ་ལ་ལེགས་པར་བསླབས་ཤིང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བར་བྱ་བའི་ཆོ་ག་ལ་མཁས་པའི་བསམ་པ་དང་། ལྷག་པའི་བསམ་པ་ཇི་ལྟ་བ་

བཞིན་དུ་རྗེས་སུ་མཐུན་པར་ཆོས་སྟོན་པས་བཏུལ་ནས་སངས་རྒྱས་ཉིད་ལ་རབ་ཏུ་འཇུག་གོ། །ཐམས་ཅད་ལ་ཆགས་པ་མེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ལ་མཁས་པའོ། །འཇིག་རྟེན་པའི་ཐ་སྙད་ཀྱིས་ཐ་སྙད་དུ་བྱེད་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་ཀྱང་མི་གོས་ཏེ། འཇིག་རྟེན་གྱི་ཆོས་

རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དེ་བཟོད་པའི་སྟོབས་ཀྱིས་ཡང་དག་པར་འཕགས་པ་སྟེ། བརྡེག་པ་དང་། བསྡིགས་པ་དང་། ཁུ་ཚུར་དང་། ཐལ་ལྕག་དང་། མཚོན་བརྒྱབ་ཀྱང་སེམས་ཁྲོ་བ་དང་བྲལ་

བ་ཡིན། ཡན་ལག་དང་ཉིང་ལག་བཅད་ཀྱང་བཞིན་འགྱུར་བ་མེད་པ་ཡིན་ཏེ། བཟོད་པར་བྱ་བའི་དངོས་པོ་རྣམས་ཀྱི་རང་བཞིན་ལ་ངེས་པར་བརྟགས་པ་ན་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་རིག་པའི་ཕྱིར་རོ། །བདག་དང་གཞན་དུ་འདུ་ཤེས་པ་དང་བྲལ་བའི་ཕྱིར་རྟག་ཏུ་ལུས་དང་

ངག་དང་ཡིད་རབ་ཏུ་ཞི་བས་གནས་པར་འགྱུར་རོ། །དེ་དང་དེ་དག་ཆོས་ཀྱི་རང་བཞིན་དམ་པ་སྟོན། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དང་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་ནས་རྟོགས་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་ཅིང་སེམས་ཅན་སླུ་

བར་མི་བྱེད་དོ། །ཤེས་རབ་དང་སྙིང་རྗེ་དག་གིས་ཕྱིན་ཅི་མ་ལོག་པར་མངོན་པར་རྟོགས་པ་སྔོན་དུ་འགྲོ་བས་སྨོན་ལམ་ཡོངས་སུ་རྫོགས་ནས་སེམས་ཅན་མ་ལུས་པ་ཉེ་བར་འཛིན་པར་འགྱུར་རོ། །དེ་དེ་རིང་པོར་མི་ཐོགས་བླ་མེད་བྱང་ཆུབ་རེག །ཅེས་བྱ་བ་ལ། བྱང་ཆུབ་སེམས་

เล่ม ๑๑๗ · หน้า 100a

དཔའ་གང་དག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པའི་བསྒོམ་པ་ལ་མངོན་པར་སྦྱོར་བ་དེ་དང་དེ་བྱང་ཆུབ་ལ་རེག་པར་འགྱུར་ཏེ་མངོན་སུམ་དུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ལ་

སེམས་རབ་ཏུ་དང་བས་མཆོག་ཏུ་གྱུར་པའམ། ཆུང་བ་ཡང་རུང་སྦྱིན་པ་སྦྱིན་པར་བྱེད་དོ། །སྦྱིན་པ་དེའི་འབྲས་བུ་ཡང་སངས་རྒྱས་ཉིད་ཀྱི་མཐར་ཐུག་པར་འགྱུར་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །དེ་ནི་མདོ་སྡེ་བྱེ་བ་མཐའ་ཡས་འཆད་པར་བྱེད། །ཅེས་བྱ་ནི་སྤོབས་པ་དཔག་

ཏུ་མེད་པ་དང་། ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ཏེ། དེས་འཆད་པར་བྱེད་པ་ཡིན་ཞེས་བྱའོ། །ཆོས་ཀྱི་རང་བཞིན་ཞི་བ་གང་ཤེས་པ། །ཞེས་བྱ་བ་ལ། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ཡེ་ཤེས་མངོན་པར་འཕགས་པས་རི་རབ་ལྟར་མི་གཡོ་བར་འགྱུར་ཏེ། ཕས་ཀྱི་རྒོལ་བ་

ཐམས་ཅད་ཀྱིས་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ཉེ་བར་བཟུང་ནས་དེ་དག་ལས་རྐང་པ་ཙམ་ཡང་བརྗེད་པར་མི་འགྱུར་རོ། །ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་དང་། བྱམས་པའི་སྦྱིན་བདག་ཏུ་གྱུར་ནས་སེམས་

ཅན་ཐམས་ཅད་ལ་བདེ་བ་སྟེར་བར་བྱེད་དེ། བཟའ་བ་དང་། བཏུང་བ་དང་། གོས་དང་། རིན་པོ་ཆེ་དང་། རྒྱན་དང་། མཛོད་དང་། བང་མཛོད་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་ལ་ལྟོས་པ་མེད་པའི་སེམས་ཀྱིས་ཡོངས་སུ་གཏོང་བར་བྱེད་ཅིང་བསམས་བཞིན་དུ་འཛམ་

བུའི་གླིང་གི་དབང་ཕྱུག་གི་རྒྱལ་པོར་གྱུར་ནས་སེམས་ཅན་ཐམས་ཅད་སྦྱིན་པས་བསྡུས་ནས་ཆོས་ལ་སྦྱོར་བར་བྱེད་དོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་སྟེ། ཚངས་པའི་གནས་བཞི་རྟག་ཏུ་རྗེས་སུ་གོམས་པར་བྱས་པས་མཚན་

མ་མེད་ཅིང་ལྷུན་གྱིས་གྲུབ་པར་གྱུར་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གང་ཡིན་པ་ཡང་ཤེས་པར་འགྱུར་རོ། །དཔའ་བོ་བུ་དང་བུ་མོ་བྲན་དག་གཏོང་བར་བྱེད། །ཅེས་བྱ་བ་ལ་སོགས་པ་ལ། ཡིད་དུ་འོང་བའི་བུ་སྡུག་པ་དང་། བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བྲན་ཕོ་

เล่ม ๑๑๗ · หน้า 100b

གཡོག་གི་ལས་ཐམས་ཅད་ལ་མཁས་པ་དང་། བྲན་མོ་སྒེག་པ་དང་། སྒྲིན་པ་བྱ་བ་རྣམས་ལ་མཁས་ཤིང་ཡིད་དུ་འོང་བ་དང་། ལག་པ་དང་། རྐང་པ་དང་། མིག་ལ་སོགས་པ་དང་། ཡན་ལག་གི་མཆོག་དང་། བདག་ཉིད་ལྟོས་པ་མེད་པའི་སེམས་ཀྱིས་བྱིན་ནོ། །གང་

ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམས་པའི་བློ་ཅན་དེས་ཐམས་ཅད་སྟོང་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ཐམས་ཅད་གཏོང་ངོ་། །དེས་ནི་འདྲེན་པ་རྐང་གཉིས་གཙོ་བོར་མཆོད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ་གང་དག་གིས་ཆོས་ཐམས་ཅད་རང་བཞིན་

གྱིས་སྟོང་པར་རྟོགས་ནས་སྒྲུབ་པ་ཕུན་སུམ་ཚོགས་པར་བྱེད་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྒྲུབ་པའི་མཆོད་པས་མཆོད་པ་ཡིན་ནོ། །ཆོས་ཀྱི་རང་བཞིན་སྟོང་པའི་ཚུལ་དུ་གང་རིག་པ། །དེ་ནི་མཁས་པ་བདེ་བར་གཤེགས་པའི་མཛོད་འཆང་ཡིན། །ཞེས་བྱ་བ་ལ་སོགས་པ་ལ།

དེ་ནི་བདེ་བར་གཤེགས་པའི་ཆོས་ཀྱི་ཕུང་པོའི་མཛོད་འཆང་བ་ཡིན་ཏེ། གཟུགས་རྣམ་པ་བཞི་ལ་རབ་ཏུ་གནས་པ་ནི་རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པར་འགྱུར་རོ། །གང་དག་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སྡེ་འདི་ཟད་པའི་དུས་ཏེ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་སུ་

འཛིན་པ་དེ་དབང་པོ་ཉམས་པར་མི་འགྱུར་རོ། །མི་ཁོམ་པ་བརྒྱད་ཀྱི་ནང་དུ་ཡང་སྐྱེ་བར་མི་འགྱུར་ཏེ། དེ་དག་ནས་ཆོས་ཐོས་པ་མེད་པའི་ཕྱིར། བདེ་འགྲོ་ལྷ་དང་མིར་སྐྱེས་ནས་གཟུགས་བཟང་ཞིང་མཛེས་པ་ལུས་མཚན་གྱིས་བརྒྱན་ཅིང་མངོན་པར་ཤེས་པ་ལྔས་རྩེ་ལ། སངས་རྒྱས་

དཔག་ཏུ་མེད་པ་སྤྲུལ་པར་བྱེད་ཅིང་། །སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སོང་ནས་སངས་རྒྱས་ཀྱི་མཛད་པ་མཛད་ནས། ཡང་ཕྱིར་འོང་བར་བྱེད་དོ། །ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་རྟོགས་ནས་དེ་ལྟ་བུ་ཉིད་དུ་སྟོན་པར་བྱེད་དོ། །དྲན་པ་དང་། བློ་གྲོས་དང་།

རྟོགས་པ་དང་། ཡོངས་སུ་དག་པའི་བློས་ཆོས་ཐམས་ཅད་ལ་དབང་ཐོབ་ཅིང་ཚངས་པའི་གནས་བཞི་ལ་གནས་ནས་ས་བཅུ་དང་། དབང་བཅུ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་སུ་འགྱུར་ཏེ། ཏིང་ངེ་

เล่ม ๑๑๗ · หน้า 101a

འཛིན་བསྒོམས་པའི་སྟོབས་ཐོབ་པའི་ཕྱིར་ཞེས་བྱ་བས་སོ། །ང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཏིང་ངེ་འཛིན་འདི་བསྒོམས་སོ། །མང་དུ་བྱས་སོ། །བརྩོན་འགྲུས་ཉམས་པ་མེད་པ་དང་ལྡན་པའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་མ་འོངས་པའི་དུས་ན་ཁྱོད་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །མདོ་སྡེ་འདི་ལ་ཁྱེད་ཀྱང་ངའི་རྗེས་སུ་སློབས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་མི་དམིགས་པའི་སྦྱོར་བས་ངས་ཇི་ལྟར་ཏིང་ངེ་འཛིན་འདི་ལ་བསླབས་ནས་སེམས་ཅན་མ་

ལུས་པའི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་བསླབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །མདོ་སྡེ་རིན་པོ་ཆེ་འདི་ལ་མི་སློབ་པར་སྤངས་ནས་རྨོངས་པ་རྣམས་མནར་མེད་པར་གཞོལ་བར་འགྱུར་རོ། །དེ་ལྟ་བས་ན་བདག་དང་གཞན་གྱི་དོན་བྱེད་པ་ལ་མཁས་པའི་བློ་གྲོས་

ཅན་གྱིས་བག་ཡོད་པར་བྱས་ལ་དམ་པའི་ཆོས་སྤོང་བའི་སེམས་རྨི་ལམ་དུ་ཡང་བསྐྱེད་པར་མི་བྱའོ། །ཕྱི་མའི་དུས་ན་གང་དག་མདོ་སྡེ་རིན་པོ་ཆེ་འདི་འཛིན་པ་དེ་དག་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །སེམས་ནི་དང་པོར་བྱང་ཆུབ་ལ་ནི་ངེས་བྱས་ནས། །

སྟོང་པ་རྩོལ་བྲལ་དོན་དམ་ཡང་དག་ལྡན་པ་ཡི། །ངོ་བོ་ཉིད་ནི་ཡང་དག་རྟོགས་པར་བྱས་ནས་ཀྱང་། །སྐྱོ་བ་མེད་པས་སྦྱིན་པ་ལ་སོགས་སྤྱོད་པ་སྤྱད། །ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་འགྲེལ་པ་རྫོགས་སོ།། །།མདོ་སྡེ་འཛིན་

པའི་ཕན་ཡོན་གྱི་ལེའུ་བསྟན་པར་བཞེད་ནས་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་ཡོངས་སུ་སྦྱང་བར་འདོད་པས་ཏིང་ངེ་འཛིན་

འདི་མཉན་པར་བྱ། གཟུང་བར་བྱ་ཞེས་བྱ་བ་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞེས་བྱ་བའི་བར་དུའོ། །ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་གང་ཞེ་ན་ཞེས་བྱ་བ་ནི་རང་ཉིད་ཀྱིས་གཞན་གྱི་བསམ་པ་རབ་ཏུ་བསྟན་ནས་ངེས་པར་བསྐྱེད་པའི་

เล่ม ๑๑๗ · หน้า 101b

ཕྱིར་དྲིས་པ་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་ནི་གཟུང་བར་བྱ་བ་མེད་པའི་ཕྱིར་རོ། །མཆོག་ཏུ་མི་འཛིན་པ་ནི་འཛིན་པ་པོར་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ལ་སོགས་

པའི་ཕུང་པོ་ལྔ་པོ་གཟུང་བ་དང་། འཛིན་པ་དང་བྲལ་བས་མི་བདེན་པ་ཉིད་དུ་བསྒྲུབས་ནས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་པོ་རང་བཞིན་མེད་པ་ཉིད་དུ་ཀུན་དུ་རིག་པར་བྱ་བའི་ཕྱིར། །ཚུལ་ཁྲིམས་ཀྱི་ཕུང་པོར་མི་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཚུལ་

ཁྲིམས་སོ། །བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདིའི་དོན་དུ་ཚུལ་ཁྲིམས་སྲུང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་ཕུང་པོར་འགྱུར་རོ། །དེ་བཞིན་དུ་རྒྱུ་བ་མེད་པར་ནི་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ་འགྲོ་བ་དང་འོང་བ་མེད་པའི་

ཕྱིར་རོ། །སྟོང་པ་ཉིད་མཐོང་བ་ནི་ཤེས་རབ་ཀྱི་ཕུང་པོ་སྟེ་བདག་མེད་པར་མཐོང་བའོ། །བདེན་པ་མཐོང་བ་ནི་རྣམ་པར་གྲོལ་བའི་ཕུང་པོ་སྟེ་དེ་བཞིན་ཉིད་མཐོང་བའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། ཐམས་ཅད་དམིགས་སུ་མེད་

པར་མཐོང་བའི་སྦྱོར་བ་དང་། སོ་སོར་བརྟགས་པའི་འགོག་པས་གཉིས་ཀྱི་ངོ་བོ་དང་བྲལ་བར་མཐོང་བའོ་ཞེས་བྱའོ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པ་དེ་ནི་མངོན་པར་ཤེས་པ་སྟེ། གང་དག་མངོན་པར་ཤེས་པ་དེ་དག་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་རྩེ་ཞིང་སེམས་ཅན་ཐམས་ཅད་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ན་ཡང་གང་ལ་ཡང་མངོན་པར་ཞེན་པ་མེད་པ་དེ་ལ་ནི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོས་བྱི་དོར་བྱས་པ་ཡིན་ནོ་ཞེས་བརྗོད་

དོ། །ཚིགས་སུ་བཅད་པས་རྒྱ་ཆེར་རབ་ཏུ་བསྟན་པ་ནི་སྔ་མ་བཞིན་ནོ། །མངོན་ཤེས་ཆེན་པོ་ཡོངས་སྦྱངས་པ། །རྩོད་པ་མེད་པར་བསྟན་པ་སྟེ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རྩོད་པར་བྱེད་པ་མེད་པས་རྩོད་པ་མེད་པའོ། །མངོན་ཤེས་དེའི་སྟེ་མངོན་སུམ་དུ་བྱེད་པའི་ཤེས་

เล่ม ๑๑๗ · หน้า 102a

པ་ནི་ཤེས་རབ་སྟེ། །སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་བསམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །འཛིན་པ་ལ་ནི་གང་གནས་པ། །དེ་ལ་ཡེ་ཤེས་ཡོད་མི་འགྱུར། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཀྱི་ཡེ་

ཤེས་ཏེ། དངོས་པོར་འཛིན་པའི་འཇུག་པ་དེ་ལ་ཐམས་ཅད་དུ་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ། །གང་དག་སྒྲ་ཡིས་བསྟན་པ་ཡི། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །ཅེས་བྱ་བ་ནི་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་དགོས་པ་སྣ་ཚོགས་ཀྱིས་སྒྲ་སྣ་ཚོགས་སུ་སྟོན་པའོ། །

སྒྲ་དེ་ལ་ཡང་གང་ཆགས་པ། །དགོངས་པའི་བཤད་པ་མི་ཤེས་སོ། །ཞེས་བྱ་བ་ལ་སྒྲ་ཙམ་ཐོས་ནས། །ཅི་ལ་དགོངས་ཏེ་བཤད་པ་ཡི། །དགོངས་པ་དག་ནི་མི་ཤེས་པ། །ཞེས་བྱ་བ་ལ་རྣམ་པར་དབྱེ་བའི་ནུས་པ་མེད་བཞིན་དུ་ཆོས་མ་ཡིན་པ་ནི་ཆོས་སུ་བཤད། ཆོས་ནི་ཆོས་མ་

ཡིན་པར་བཤད་པར་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་མངོན་པར་ཤེས་པའི་དགེ་བའི་བཤེས་གཉེན་ལ་མ་བསྟེན་པ་ཉིད་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་མ་བསླབས་པའི་ཕྱིར་རོ། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ཞེས་བྱ་བ་ལ་

སོགས་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ངས་གདུལ་བྱ་སྣ་ཚོགས་ཀྱི་བསམ་པའི་དབང་གིས་སྐད་སྣ་ཚོགས་དང་། ཚིག་དང་། ཡི་གེ་སྣ་ཚོགས་ཀྱིས་ཐེག་པ་གསུམ་ལ་གཞུག་པར་བྱ་བའི་ཕྱིར་མདོ་སྡེ་གང་དག་རབ་ཏུ་བཤད་པ་དེ་དག་ཐམས་ཅད་དོན་གཅིག་པ་སྟེ་སྟོང་པ་ཉིད་

ཀྱི་དོན་ཏོ། །ཀུན་ཀྱང་མྱ་ངན་ལས་འདས་པ་ལ་གཞོལ་བའི་དོན་དཔག་ཏུ་མེད་ཅིང་མཐའ་མེད་པ་ཐམས་ཅད་བརྗོད་པར་ནུས་པ་མ་ཡིན་ཏེ། ཡོངས་སུ་བརྗོད་པ་དང་། མཉན་པ་དང་། བསམ་པ་དང་། བསྒོམ་པའི་འབད་པ་རབ་ཏུ་མང་པོ་ལ་འཇུག་པ་ནི་ཤེས་རབ་ཆུང་བས་ནུས་པ་མ་ཡིན་ནོ་ཞེས་བྱ་བར་ཚིག་གཅིག་རྣམ་པར་བསྒོམ་

ན་ནི། །དེ་དག་ཐམས་ཅད་བསྒོམས་པར་འགྱུར། །ཞེས་བྱ་བ་ལ། གང་གིས་ཀུན་ཏུ་དངོས་པོ་གཅིག་ཉིད་མཐོང་། །དངོས་ཀུན་ངོ་བོ་དེ་ཡིས་ཀུན་ཏུ་མཐོང་། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་

เล่ม ๑๑๗ · หน้า 102b

མ་ཡིན་པས། །ཞེས་བྱ་བས་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་བསྒོམས་ན་དེས་ཐམས་ཅད་བསྒོམས་ཤིང་རྟོགས་པར་འགྱུར་རོ། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་མང་པོ་རབ་ཏུ་བསྟན་པ་ཐམས་ཅད་ཀྱི་དོན་ནི་བདག་

མེད་པ་ཉིད་དོ། །བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་ནི་དོན་མ་ཡིན་པ་ཞེས་གང་གིས་ཤེས་ནས་གང་སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་དེ་ནི་དོན་ལ་མཁས་པ་སྟེ་དོན་ལ་གསལ་བ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་བདག་མེད་པའི་ཚིག་འདི་བསླབས་པར་གྱུར་པ་ལ། སངས་

རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་བྱ་བ་ལ། འདི་ནི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་ཉིད་ཡིན། སངས་རྒྱས་ཀྱི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །གཞན་གྱིས་ནི་རབ་ཏུ་རྙེད་པར་དཀའ་བ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ། །ཞེས་

བྱ་བ་ནི་ཆོས་ཉིད་ཀྱི་ངོ་བོ་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ལས་མི་འདའ་བའོ་ཞེས་གང་ཆོས་ཉིད་འདི་ལས་མི་འདའ་བར་སློབ་པ་དེ་ཆོས་ཉིད་དང་འགལ་བར་ཡང་མི་བྱེད་དེ། གང་གི་ཕྱིར་སྟོང་པ་ཉིད་ནི་གང་དང་ཡང་འགལ་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་རང་བཞིན་

གྱིས་སྟོང་པའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ། །དེ་བཞིན་དུ་ཚིག་ཀུན་ཀྱང་ནི་སངས་རྒྱས་ཀྱི་ཚིག་སྟེ། གང་གི་ཕྱིར་དངོས་པོ་མེད་པའི་ཚིག་བྱང་ཆུབ་དང་རབ་ཏུ་ལྡན་པ་སྟེ་འདུ་བྱེད་རྫས་སུ་མེད་པའི་ཕྱིར་རོ། །ཕྱོགས་བཅུ་དག་ཏུ་བཙལ་ན་ཡང་། །ཞེས་བྱ་བ་ལ་སོགས་

པ་ཡང་ཕྱོགས་བཅུ་པོ་ཐམས་ཅད་དུ་སངས་རྒྱས་ཀྱི་ཚིག་ངོ་བོ་ཉིད་ཀྱིས་མེད་པས་དམིགས་པར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལས་མ་གཏོགས་པའི་དངོས་པོའི་དོན་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་རང་བཞིན་མེད་པ་ཉིད་ནི་སྔར་ཉིད་དུ་རབ་ཏུ་བསྒྲུབས་ཟིན་

ཏོ་ཞེས་བྱ་བ་ཡིན་ནོ། །བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཚིག་འདི་ནི་མ་རྙེད་དོ། །མི་རྙེད་དོ། །རྙེད་པར་མི་འགྱུར་རོ། །ཆོས་ཉིད་ཀྱི་ངོ་བོ་ཉིད་ལ་ནི་དུས་གསུམ་དུ་ཡང་འགྱུར་བ་མེད་པའི་ཕྱིར་རོ། །སངས་རྒྱས་ཚིག་ནི་བླ་ན་མེད། །ཅེས་བྱ་བ་ནི། གང་ན་ལྷག་པར་གྱུར་པ་མེད་

เล่ม ๑๑๗ · หน้า 103a

པ་ནི་བླ་ན་མེད་པའོ། །ཕྲ་བ་ཞེས་བྱ་བ་ནི་ཆོས་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་ན་ཡང་བླ་ན་མེད་པ་ཞེས་བྱ་བའི་ཚིག་གིས་རབ་ཏུ་བསྟན་ཏོ། །ཆོས་ཐམས་ཅད་རྙེད་པ་མེད་པ་ནི་ཐོབ་པ་མེད་པ་སྟེ་རྗེས་སུ་མ་རྙེད་པའོ། །རྙེད་པ་ལ་ཡང་རྙེད་པ་མེད། །ཅེས་བྱ་བ་ནི་མོ་གཤམ་གྱི་བུ་

གཞན་དུ་རྟེན་དང་བརྟེན་པའི་ངོ་བོར་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཆོས་རྣམས་གང་ཤེས་པ། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། རང་བཞིན་གྱིས་སྟོང་པར་ཡང་དག་པར་ཤེས་པ་སྟེ། དེ་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་

རང་བཞིན་ནོ་ཞེས་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་རྟོགས་པར་བྱེད་ཅིང་གནས་ངན་ལེན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་འཐོབ་བོ། །དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ངེས་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་

ནི་སངས་རྒྱས་ཞེས་བྱ་སྟེ། དོན་དམ་པར་རྟོགས་པ་དང་། རྟོགས་བྱ་དང་། རྟོགས་པ་པོ་མི་དམིགས་པའི་ཡེ་ཤེས་ལ་བྱང་ཆུབ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །དངོས་པོ་མེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་

ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ་ཐབས་དང་སྒོ་ཞེས་བརྗོད་དེ། སངས་རྒྱས་ཉིད་དུ་འཇུག་པ་ལ་ཐབས་གཞན་ནི་མེད་དོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ལམ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་ནོ་ཞེས་བྱའོ། །མིག་དང་རྣ་བ་སྣ་དག་དང་། །ཞེས་བྱ་བ་ལ་སོགས་

པ་ལ། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་ནས། རྩོད་པ་མེད་པའི་གནས་ལ་གནས་ཏེ། བློ་གྲོས་ངན་པ་དང་། ཐེ་ཚོམ་དང་། ཡིད་གཉིས་དང་བྲལ་བའི་བྱང་ཆུབ་ལ་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཚིག་དང་ཡི་གེ་སྣ་ཚོགས་ལ་

เล่ม ๑๑๗ · หน้า 103b

མངོན་པར་ཞེན་པ་སྤངས་པའི་ཕྱིར། སངས་རྒྱས་སྒྲས་ནི་གང་བྱས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་ཀྱི་སྒྲ་གང་ཡིན་པ་དེ་སངས་རྒྱས་ཀྱི་སྒྲ་ཡིན་ལ། སངས་རྒྱས་ཀྱི་སྒྲ་གང་ཡིན་པ་དེ་ལ་ཚུལ་ཁྲིམས་ཀྱི་སྒྲ་ཞེས་བྱ་བ་གཉི་གའི་སྒྲ་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ།

མ་སྐྱེས་པའི་མཚན་ཉིད་ཅེས་བྱ་བའོ། །སངས་རྒྱས་ཀྱི་སྒྲ་དང་། ཚུལ་ཁྲིམས་ཀྱི་སྒྲ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྲིད་སྒྲས་བསྡུས་པ་དམན་པ་དང་། འབྲིང་དང་། མཆོག་གིས་བསྡུས་པའི་དབྱེ་བས་ཐ་དད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྒྲ་དང་མཉམ་མོ་ཞེས་བསྟན་ཏོ། །ཇི་ལྟར་

མཉམ་ཞེ་ན། གསུངས་པ། ཡུལ་ན་མི་གནས། མཚམས་ན་མི་གནས། སྐྱེ་བ་མེད་པ། འགག་པ་མེད་པ། སྣ་ཚོགས་མ་ཡིན་པ། ཐ་དད་པ་མ་ཡིན་པ། འདས་པ་མ་ཡིན་པ། ད་ལྟར་བྱུང་བ་མ་ཡིན་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་མ་ཡིན་

པ། ཆོས་ཐམས་ཅད་གཟུང་དུ་མེད་པ། བརྗོད་དུ་མེད་པའོ། །དེ་ལྟར་ན་ཡང་སྒྲས་བསྟན་ཏོ། །སྒྲ་ཡང་མེད། སྒྲས་བསྟན་པ་ཡང་མེད། སྒྲ་སྟོན་པ་པོ་ཡང་མེད་དོ། །སྒྲ་ཐམས་ཅད་སངས་རྒྱས་ཀྱི་སྒྲ་དང་མཉམ་ཞེས་བྱའོ། །དབྱངས་ཀྱིས་བསྟན་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པའི་སེམས་

ཅན་གྱི་ཁམས་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་འགོད་པར་བྱེད་དོ་ཞེས་བྱ་བའོ། །སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་ལ་བཀོད་པ་ཡང་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཕྱིར་རོ། །ཇི་ལྟར་ཉི་མ་ཟླ་བ་དག །

ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆུ་དངས་པའི་སྣོད་དུ་ཉི་མ་འམ་ཟླ་བའི་གཟུགས་བརྙན་གང་ཡང་རུང་བ་མཐོང་བར་འགྱུར་ལ། དེ་དག་འདིར་འོངས་པ་ཡང་མ་ཡིན་ལ། གཟུགས་བརྙན་མི་སྣང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གདུལ་བྱའི་རྒྱུད་ཀྱི་ཆུ་དངས་པ་ལ་སངས་རྒྱས་ཀྱི་ཟླ་བའི་གཟུགས་

བརྙན་སྣང་བར་འགྱུར་ལ། སངས་རྒྱས་དེ་གང་ནས་ཀྱང་བྱོན་པ་མེད་ལ། གར་ཡང་བཞུད་པ་ཡང་མེད། གར་ཡང་གནས་པ་ཡང་མེད་ལ། གདུལ་བྱའི་རྒྱུད་ལ་མི་སྣང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་རྣམས་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པར་གང་གིས་ཤེས་པ་

เล่ม ๑๑๗ · หน้า 104a

དེས་སངས་རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུ་ལུས་དང་ལྡན་པར་མཐོང་བར་མི་འགྱུར་རོ། །གང་གིས་ལུས་མེད་པ་ཆོས་ཉིད་ཀྱི་བདག་ཉིད་དུ་གང་གིས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་བ་ཡིན་ཏེ། གང་གི་ཕྱིར། རྫོགས་སངས་རྒྱས་ཀྱི་

ཆོས་ཀྱི་སྐུ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཤེས་དང་ཤེས་བྱ་ལས་གྲོལ་བའོ། །འདྲེན་པ་དེ་ཡིས་མཐོང་བ་ཡིན། །དེ་ལྟར་སངས་རྒྱས་མཐོང་བར་འགྱུར། །གཞན་དུ་སངས་རྒྱས་མཐོང་མ་ཡིན། །གང་གིས་སངས་རྒྱས་མ་མཐོང་བ། །དེ་ཡིས་ཆོས་ཉིད་

མཐོང་མ་ཡིན། །རྟེན་ཅིང་སོ་སོར་བསྟན་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་སྟོན་པ་ཡིན་ཞེས་བྱའོ། །དགེ་སྦྱོང་ཉིད་ནི་སུ་འདོད་པ། །འཇུག་པ་འདི་ནི་རིག་པར་གྱིས། །ཞེས་བྱ་བ་ནི་གང་ལས་བདག་

གིས་དགེ་སྦྱོང་གི་འབྲས་བུ་འཐོབ་པོ་སྙམ་དུ་ང་རྒྱལ་ཡོད་པ་དེས་ཅི་ཡང་ཐོབ་པ་མེད་དེ། མངོན་པའི་ང་རྒྱལ་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་མེད་པའི་ཕྱིར་རོ། །གང་གིས་ཐོབ་པར་བྱ་བ་དང་། ཐོབ་པ་པོ་མེད་པའི་ཕྱིར་དགེ་སྦྱོང་གི་འབྲས་བུ་མ་ཐོབ་པ་དེ་དག་སྦྱོང་ཞེས་བརྗོད་དོ། །

དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པ་དེ་ནི་དགེ་སྦྱོང་དུ་འགྱུར་ཞིང་དགེ་སྦྱོང་གི་འབྲས་བུ་ཐོབ་ཅེས་བྱའོ། །སུ་དག་བསླབས་པར་མ་གྱུར་པ། །ཟབ་མོའི་ཆོས་འདི་དག་ལ་སྨྲ། །ཞེས་བྱ་བ་ལ། ཇི་ལྟར་ན་འདི་ལྟ་བུའི་ཆོས་ཟབ་མོ་འདི་དག་ལ་སྨྲ་སྟེ། ཚིག་གིས་ཇི་ལྟར་སྒྲུབ་པར་

ནུས། གང་དེ་སྐད་སྨྲ་བས་དེས་བསླབས་པ་མ་ཡིན་ཏེ། གང་གི་ཕྱིར་ཟབ་མོའི་སྒྲས་ཆོས་དེ་ཉིད་ནི་སྒྲུབ་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་དངོས་མེད་དེ། །མེད་པ་ལས་ནི་འདི་དག་བྱུང་། །ཞེས་པ་སྟེ། འདི་ལ་སྦྱིན་པ་པོ་ཡོད་པ་མ་ཡིན་ནོ། །གང་ཡང་ཀུན་ནས་སློང་བ་པོ་དེ་ནི་མི་བདེན་པར་

ཡོངས་སུ་བརྟག་པའོ། །དེ་ཡང་རྣམ་པར་བརྟགས་པ་ན་ནམ་མཁའི་པདྨ་དང་འདྲ་བ་བརྗོད་དུ་མེད་པའོ། །ཕུང་པོ་ལྔའི་མཚན་ཉིད་གང་ཡིན་པ་ཡོངས་སུ་བརྟགས་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་ལྟ་བུ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། ནམ་

เล่ม ๑๑๗ · หน้า 104b

མཁའི་མཚན་ཉིད་དོ། །ནམ་མཁའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་དམིགས་པར་མི་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་

དམིགས་པར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །ཆོས་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་རང་བཞིན་དུ་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་ཆོས་ཀྱི་རང་བཞིན་འདི་ཉིད་ཡིན། །གཟུང་བ་མེད་པ་ནམ་མཁའ་

འདྲ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུར་ནི་ཆོས་བསྟན་ཏེ་ཞེས་བྱ་ནི་བསྟན་བྱ་དང་། སྟོན་པ་པོ་དང་། བསྟན་པ་དང་བྲལ་བ་ཡིན་ན་ཡང་གདུལ་བྱའི་བསམ་པའི་དབང་གིས་བསྟན་ཏོ་ཞེས་རྗོད་པར་བྱེད་དོ། །སུ་དག་ཆོས་ནི་མི་མཐོང་བ། །ཞེས་བྱ་བ་ལ་སོགས་པ་ལ། གང་གིས་

བལྟ་བྱ་དང་། ལྟ་བ་པོ་དང་། ལྟ་བའི་ཆོས་ཐམས་ཅད་རྗེས་སུ་མི་དམིགས་པའི་སྦྱོར་བས་སྲིད་པ་རང་བཞིན་མེད་པར་བསྒོམས་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ལྟ་བུར་ནི་སུ་ཤེས་པ། །ཞེས་བྱ་བ་ལ་སོགས་པ་

ལ། གང་གིས་འདི་ལྟ་བུའི་ཆོས་ཀྱི་རང་བཞིན་མི་དམིགས་པར་ཤེས་པའི་རྣལ་འབྱོར་པ་ནི་ཆོས་རྣམས་ལ་མི་ཆགས་ཏེ་ཞེས་བྱ་བ་མངོན་པར་ཞེན་པར་མི་འགྱུར་རོ། །མ་ཆགས་པར་གྱུར་པས་ཆོས་རྣམས་མིང་ཙམ་དུ་རྟོགས་སོ། །ཆོས་རྣམས་མིང་ཙམ་དུ་ཤེས་པས་སངས་རྒྱས་ཀྱི་

ཆོས་རྣམས་ལ་རློམ་སེམས་མི་བྱེད་དོ། །རློམ་སེམས་མེད་པས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་སྟོང་པ་ཉིད་དུ་རྟོགས་པར་འགྱུར་རོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་སྟོང་པ་ཉིད་དུ་རྟོགས་པས་སྐྱོ་བ་མེད་པའི་ཆོས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་པ་བླ་ན་མེད་པའི་སངས་རྒྱས་ཉིད་

ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་བལྟ་བར་མི་ནུས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དམིགས་པ་དང་བྲལ་བ་གནས་མེད་པ་ཡིན་པའི་ཕྱིར་ནམ་མཁའ་དང་བྱ་རྗེས་

เล่ม ๑๑๗ · หน้า 105a

དང་། སྤྱོད་པ་དང་། བྱང་ཆུབ་འདི་དག་ཐམས་ཅད་རང་བཞིན་མེད་པའོ། །བྱང་ཆུབ་སེམས་དཔའ་ཡང་རང་བཞིན་མེད་པའོ། །རང་བཞིན་མེད་པས་བྱང་ཆུབ་མངོན་པར་སངས་རྒྱས་ནས་སྤྲུལ་པའི་སྐུའི་གཟུགས་སྣ་ཚོགས་བསྟན་ནས་སྒྱུ་མ་ལྟ་བུའི་

སེམས་ཅན་རྣམས་དགའ་བར་བྱེད་དེ། ཇི་ལྟར་སྒྱུ་མ་མཁན་གྱིས་སྔགས་དང་རྫས་ལ་སོགས་པའི་སྦྱོར་བས་གཟུགས་སྣ་ཚོགས་པ་སྟོན་པར་བྱེད་ཀྱང་ཡོད་པ་མ་ཡིན་པ་བཞིན་དུ་སེམས་ཀྱི་སྒྱུ་མ་ལ་ལེགས་པར་བསླབས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲའོ། །སྒྱུ་མ་

ལ་ཡང་སེམས་མེད་ལ་སེམས་ལ་ཡང་སྒྱུ་མ་མེད་དེ། གཉི་ག་ཡང་ཡོངས་སུ་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་ཆོས་རྣམས་སྟོང་པ་ལ། །བྱིས་པའི་བློ་ཡིས་རྣམ་བརྟགས་ནས། །ཞེས་བྱ་བ་ནི་བྱིས་པའི་བློ་ཅན་རྣམས་ཀྱི་རྣམ་པར་རྟོག་པས་བརྟགས་པའི་དགེ་བ་

དང་མི་དགེ་བའི་ལས་ཀྱི་ཞགས་པའི་གཞན་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་གང་ཡིན་པ་རྣམས་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བས་ཉེ་བར་རྒྱས་པའི་འཁོར་བས་འཁོར་བར་འགྱུར་གྱིས་ཡོངས་སུ་

གྲོལ་བར་མི་འགྱུར་རོ། །མི་སྦྱོར་བ་དང་རབ་སྦྱོར་དང་། །ལས་ཀྱི་སྦྱོར་བ་གང་གནས་དང་། །ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་དང་མི་ལྡན་པས་མི་སྦྱོར་བ་སྟེ། ཡང་དག་པར་མ་ཞུགས་པའོ། །ལས་ཀྱི་ལམ་ཙམ་ལ་གཅིག་ཏུ་གཞོལ་བས་ལས་ཀྱི་རྒྱ་མཚོར་ནུབ་ཅིང་ཁྱེར་བ་དེ་དག་

ནི་ཐམས་ཅད་དུ་ལས་མ་ཟད་ཀྱི་བར་དུ་ཡང་དང་ཡང་དེ་དག་ན་སྐྱེ་བར་འགྱུར་ཞིང་འཆི་བར་འགྱུར་ཏེ། དེ་དག་ན་བདུད་ཀྱི་ཕྱོགས་སུ་གནས་པ། བདུད་ཀྱིས་ཟིལ་གྱིས་མནན་པའོ། །ཤེས་རབ་ཆུང་བ་དེ་དག་ཕྱིན་ཅི་ལོག་གི་ལས་ཀྱི་བློས་བསྒོས་པའི་ལས་སྣ་ཚོགས་བྱས་ནས་ལས་དང་རྗེས་སུ་

མཐུན་པར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ནི་ལོང་བར་གྱུར་པ་སྟེ། ལམ་མཐོང་བའི་ཡང་དག་པའི་ལྟ་བ་དང་བྲལ་བའི་ཕྱིར་རོ། །རྨོངས་པས་ཟིལ་གྱིས་མནན་ཅིང་ཁྲོ་བས་ཟིལ་གྱིས་མནན་པས་ཕན་ཚུན་རྡེག་པར་བྱེད་དོ། །ངའི་བུ་ངའི་ནོར་སྙམ་

เล่ม ๑๑๗ · หน้า 105b

དུ་ཞེས་བྱ་བ་ལ་སོགས་པ་ལ། བདག་དང་བདག་གིར་སྒྲོ་བཏགས་ནས་ཡོད་པ་མ་ཡིན་པ་ལ་བརྟགས་པས་འཁོར་བ་འཕེལ་བར་བྱེད་པའི་སོ་སོའི་སྐྱེ་བོ་དེ་དག་འཁོར་བ་ན་འཁོར་རོ། །ལས་ཀྱི་དབང་གིས་སོ་སོ་སོ་སོར་སྐྱེ་བར་འགྱུར་བས་ན་སོ་སོའི་སྐྱེ་བོ་ཞེས་བྱའོ། །ཆོས་རྣམས་མང་པོ་རབ་ཏུ་

འཆད། །ཅེས་བྱ་བ་ལ་སོགས་པ་ལ། ལྟ་བ་སྣ་ཚོགས་ལ་བརྟེན་ནས་ཆོས་སྣ་ཚོགས་རབ་ཏུ་འཆད་ཀྱང་ཆོས་སྟོན་པ་དེ་ཆོས་མ་ཡིན་ལ། དེ་དག་ཆོས་ཀྱི་འདུ་ཤེས་ཀྱིས་འཇུག་པར་འགྱུར་ཞིང་འཁོར་བ་ན་འཁོར་བར་འགྱུར་གྱིས་ནམ་ཡང་གྲོལ་བར་མི་འགྱུར་ཏེ། གྲོལ་བའི་

རྒྱུ་དེ་བཞིན་གཤེགས་པའི་བསྟན་པ་ལ་མ་བརྟེན་པའི་ཕྱིར་རོ། །འདོད་པའི་ཕྱིར་ནི་བྱིས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ནི་འདོད་ཆགས་ཀྱི་རྒྱུ་ཡིན་ཡང་དེ་ལ་ཉེ་བར་བརྟགས་པ་ནི་ནང་ནི་རུལ་ལ་ཕྱི་རོལ་ནས་པགས་པས་གཡོགས་པ་སྡུག་བསྔལ་གྱི་རྒྱུ་ཆེན་

པོ་སྟེ། རུལ་བར་གྱུར་པ་ལ་འདོད་པ་སྟེན་པར་བྱེད་པ་དེ་དག་ནི་འགྲོ་བ་རུལ་བར་འགྲོ་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་འདོད་པ་དང་། །བུད་མེད་བསྟེན་པ་འང་མ་བསྔགས་སོ། །ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ལ་རབ་ཏུ་ཆགས་པ་ནི་བྱང་ཆུབ་ཀྱི་ལམ་བསྒོམ་པ་ལ་

རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། བུད་མེད་ཀྱི་ཞགས་པ་མི་བཟད་པ་ནི་སྡིག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྲུལ་གདུག་པ་བཞིན་དུ་རིང་དུ་སྤོང་བར་བྱེད་ཅིང་བྱང་ཆུབ་ཀྱི་ལམ་སྒོམ་པར་བྱེད་པ་ཉིད་ནི་སངས་རྒྱས་ཉིད་དུ་འགྱུར་ཞེས་བྱ་སྟེ། རྒྱུ་མ་ཚང་བ་མེད་པ་ལ་ནན་ཏན་བྱས་ན་ཕུན་

སུམ་ཚོགས་པའི་འབྲས་བུ་ཐོབ་པར་རིགས་སོ་ཞེས་བྱ་བར་དགོངས་པའོ། །བླ་ན་མེད་པའི་ཡེ་ཤེས་ལེགས་པར་བསྒོམས་པ་དག་ནི། བླ་མེད་སངས་རྒྱས་འགྲུབ་པར་འགྱུར། །ཞེས་བྱ་བའོ། །གསོ་སྦྱོང་དང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རབ་ཏུ་གནས་ནས་གཞན་དག་ཀྱང་དེ་ལ་རབ་ཏུ་སྦྱོར་

བར་བྱེད་ཅིང་དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པའི་དོན་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི། བདུད་རྩིའི་རྔ་ཡང་རབ་ཏུ་བརྡུང་། །ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་བདུད་རྩི་སྦྱིན་པའི་རྔ་བོ་ཆེས་སེམས་ཅན་མ་ལུས་པ་ལ་ཐུན་མོང་དུ་ཆོས་བསྟན་པའི་ཕྱིར། རྔའི་སྒྲས་སྐུལ་

เล่ม ๑๑๗ · หน้า 106a

བར་བྱེད་པའོ། །བདུད་ཀྱི་གནས་ཀྱང་གཡོ་བ་དང་། སྐྲག་པ་དང་། འཇིགས་པ་ཡང་དག་པར་བསྟན་ནས་དབང་དུ་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་བྱེད་པའོ། །གཞན་མུ་སྟེགས་བྱེད་རྣམས་ཀྱང་རྩོད་པས་ཕམ་པར་བྱས་ཤིང་ཟིལ་གྱིས་མནན་ཏེ་རང་གི་

ལྟ་བ་འདོར་དུ་བཅུག་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་འཛུད་པར་བྱེད། ས་ཡང་རབ་ཏུ་གཡོ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྟོན་པ་ལ། མངོན་པར་ཤེས་པ་ལྔ་ངེས་པར་བསྒྲུབས་ནས་རྫུ་འཕྲུལ་གྱིས་རྣམ་པར་རྩེ་ཞིང་འབར་བ་དང་། ཆར་འབེབས་པ་དང་། སྣང་བར་བྱས་ནས་ཞིང་

ཁམས་བྱེ་བ་གཡོ་བར་བྱེད་པ་དང་། བདུད་ཀྱི་དཀྱིལ་འཁོར་པ་རྣམས་སྐྲག་པ་ལ་སོགས་པ་སྟོན་པར་བྱེད་དོ། །དེ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་ཀྱང་འདུལ་བར་བྱེད་དེ་ཞེས་བྱ་བར་སྦྱར་རོ། །དེ་དག་ཞིང་རྣམས་སྤྲུལ་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་ལ། རིན་པོ་ཆེ་སྣ་ཚོགས་

ཀྱི་རང་བཞིན་གྱི་ལྗོན་ཤིང་རྣམས་མེ་ཏོག་དང་འབྲས་བུ་དྲི་ཞིམ་ཞིང་མཛེས་པས་རྣམ་པར་བརྒྱན་པ་རྣམས་དང་སེམས་ཅན་མ་ལུས་པའི་ཡོངས་སུ་སྤྱད་པའི་ཕྱིར་ཕོ་བྲང་དང་། ཁང་པ་བརྩེགས་པ་དང་། མདའ་ཡབ་དང་། གཙང་ཁང་བྱུར་བུ་དང་། གནས་དང་། བཞོན་

པ་དང་། ཁང་པ་ལ་སོགས་པ་རྣམས་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་གང་བ་སྤྲུལ་ནས་སེམས་ཅན་མ་ལུས་པས་ལོངས་སྤྱད་པའི་ཕྱིར་སྦྱིན་པར་བྱེད་དོ། །རྫིང་བུ་ཡིད་དུ་འོང་བ་དག །ཅེས་བྱ་བ་ལ་སོགས་པ་ལ། ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། སྲེད་པ་དང་།

ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་ཤིན་ཏུ་ཡིད་དུ་འོང་ཞིང་ཉམས་དགའ་བ། གང་དག་གིས་ཆུ་དེ་ལས་འཐུངས་པ་དེ་དག་ཕྱིར་མི་ལྡོག་པར་འགྱུར་ཞིང་ངེས་པར་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་པར་འགྱུར་རོ། །དེའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཆོས་ལ་བདག་མེད་པ་ངེས་

པར་རྟོགས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པར་ཞུགས་པ། ཞི་བར་ཞུགས་པ། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེས་བྱའོ། །འཇུག་པ་འདི་ནི་མི་ཤེས་པས། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་དམིགས་པའི་ལྟ་བ་ཅན་བདག་ཉིད་

เล่ม ๑๑๗ · หน้า 106b

ཉམས་ཤིང་གཞན་དག་ཀྱང་ཕུང་བར་བྱེད་པ་དེ་དག་ནི་ཆོས་ཟབ་མོ་ལ་སྐུར་བ་བཏབ་ནས་མནར་མེད་པའི་བར་དུ་འགྲོ་བར་འགྱུར་ཞིང་། དེར་ཡང་ཚོར་བ་དྲག་པོ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །ངས་ནི་དེ་དག་རབ་ཏུ་ཤེས། །ཞེས་བྱ་བ་ལ་སོགས་པ་དང་། བཀོད་པ་དག་ནི་སྤྲུལ་པར་

བྱེད། །ཅེས་བྱ་བ་ལ་སོགས་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཆེ་བའི་བདག་ཉིད་གསུངས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་རྣམས་སུ་གཟུགས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་པར་བྱེད་དོ། །ཆོས་ཆེན་གྱིས་ནི་

གོ་བགོས་ཏེ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྐྱོབ་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་ཆེན་པོ་ནི་ཆོས་ཆེན་པོའོ། །སྙིང་རྗེ་ཆེན་པོའི་གོ་ཆ་དེ་བགོས་ནས་རྡོ་རྗེའི་སྐུ་དཔའ་བོ་ཆེན་པོ་སྟོབས་པོ་ཆེ་ཁམས་གསུམ་གྱི་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པར་བྱེད་པའི་ཆེན་པོ་སྟོང་པ་ཉིད་ཀྱི་

རྡོ་རྗེའི་སྟོབས་ཀྱིས་རབ་ཏུ་འདེབས་པ་ཞེས་བྱ་བའོ། །ཆེན་པོ་སྟོང་པ་ཉིད་ཀྱི་རྡོ་རྗེས་བདུད་དང་མུ་སྟེགས་ལ་སོགས་པའི་སྟོབས་རྣམས་སྣང་བ་མེད་པར་བྱས་པས་ཇི་ལྟར་ཕྱིས་ལྡང་བར་མི་འགྱུར་བ་དེ་ལྟར་བྱེད་དོ། །འོད་ཟེར་བྱེ་བ་སྟོང་ཕྲག་དག །ཅེས་བྱ་བ་ལ་སོགས་

པ་ལ། སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་བདུད་ཀྱི་གནས་མ་ལུས་པ་སྣང་བ་མེད་པར་བྱེད་པའོ། །འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་རྣམ་པར་སྤངས་པ་འདུ་ཤེས་དང་ཀུན་དུ་རྟོག་པ་ཐམས་ཅད་བག་ཆགས་ཀྱིས་

མཚམས་སྦྱོར་བའི་ཉེས་པ་རྣམས་སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཀུན་ནས་བཅོམ་པའི་ཕྱིར་ཞེས་བྱ་བའོ། །དེ་དག་ལ་ནི་སྡིག་ཅན་བདུད། །བར་ཆད་བྱེད་པར་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལ་གནས་པ་ལ་བདུད་སྡིག་ཅན་གྱིས་

ཀྱང་བར་ཆད་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གང་དག་ལྟ་བ་ཐམས་ཅད་ལ་རབ་ཏུ་གནས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དྲེགས་པ་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པའི་དབང་དུ་གྱུར་པ་དེ་དག་ཉིད་བདུད་དང་བདུད་ཀྱིས་

เล่ม ๑๑๗ · หน้า 107a

ཕྱོགས་སུ་ལྷུང་བ་ཞེས་བྱའོ། །དེ་དག་ལ་བར་ཆད་བྱ་བའི་ཕྱིར་བདུད་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་ལམ་དམ་པ་ནས་ཞུགས་པ་རྣམས་ལ་བདུད་བར་ཆད་བྱ་བའི་ཕྱིར་འཇུག་པར་འགྱུར་བས་སྟོང་པ་ཉིད་ཀྱི་རྡོ་རྗེས་དེ་དག་ལ་རབ་ཏུ་དགག་པར་བྱའོ་ཞེས་སྔ་མ་དང་སྦྱར་

རོ། །རྣམ་རིག་ཚིག་དང་བརྡ་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཚིག་དང་བརྡའི་ཐ་སྙད་སྣ་ཚོགས་ཀྱིས་སྒྱུ་མ་དང་སྤྲུལ་པ་བཞིན་དུ་བརྡ་ལ་ཡང་མངོན་པར་ཞེན་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །འདུ་ཤེས་འདི་ནི་སྤང་སྙམ་དུ། །ཞེས་བྱ་བ་ལ། འདུ་ཤེས་ཀྱི་སྤྲོས་པ་ལ་

སྤྱོད་པ་དེ་དག་འདུ་ཤེས་གྲོལ་བར་མི་འགྱུར་རོ། །གང་དག་སུའི་འདུ་ཤེས་ཡིན། སུས་ནི་འདུ་ཤེས་སྐྱེད། སུས་ནི་འདུ་ཤེས་ལ་རེག །སུས་ནི་འདུ་ཤེས་འབྱུང་། གང་གིས་ནི་འདུ་ཤེས་བཀག །ཅེས་བྱ་བ་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པའོ་ཞེས་གང་གིས་ཤེས་པ་དེའི་འདུ་

ཤེས་ཐམས་ཅད་རབ་ཏུ་སྤོང་བར་འགྱུར་རོ། །འདུ་ཤེས་ཀུན་ལས་རྣམ་གྲོལ་བ། །རྒྱལ་བའི་ཆོས་འདི་སྟོན་པའོ། །སྟོང་ཉིད་དེ་ཉིད་བསྒོམས་པ་ཡིས། །ཆོས་ཀྱི་འདུ་ཤེས་ཀྱང་ཡོད་མིན། །གང་ཚེ་རྣམ་ཐར་རེག་པ་ན། །བསམ་པ་ཐམས་ཅད་བསམ་པ་མེད། །ཅེས་བྱ་བ་ལ་

གང་གི་ཚེ་བསམ་པ་ཐམས་ཅད་དང་བྲལ་བར་འགྱུར་བས་རྣམ་པར་ཐར་པ་མངོན་སུམ་དུ་བྱས་པ་དེའི་ཚེ་ལས་དང་པོ་པའི་བསམ་པ་གང་ཡིན་པ་དེ་བསམ་དུ་མེད་པ་ནི་བསམ་པ་བསམ་དུ་མེད་པ་ཞེས་བྱ་སྟེ། རང་བཞིན་མེད་པའོ། །དེའི་ཚེ་བསམ་པ་ཐམས་ཅད་དང་བྲལ་བའི་སངས་

རྒྱས་ནི་བསམ་དུ་མེད་པ་ཞེས་བྱའོ། །དཀར་པོའི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྐད་ཅིག་གཅིག་ལ་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་བསམ་པ་དང་བྲལ་བའོ་ཞེས་བྱ་བ་ནི་

གཅིག་ཏུ་དབེན་པར་གནས་པར་བྱའོ་ཞེས་བྱ་བའི་བསམ་པ་ཡོད་ན་དེ་ཇི་ལྟར་བསམ་པ་དང་བྲལ་བ་ཡིན་ཞེ་ན། བསམ་པ་དག་ནི་མི་སེམས་ན། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་བསམ་པ་ཐམས་ཅད་བྲལ་བའོ་ཞེས་བསམ་པར་བྱ་བ་སེམས་ན་ཡང་འདས་པའི་བསམ་པ་ཉིད་

เล่ม ๑๑๗ · หน้า 107b

འཕེལ་བར་འགྱུར་གྱི། བསམ་པ་སེམས་པ་དེས་སངས་རྒྱས་ཐོབ་པར་མི་འགྱུར་རོ། །ཤི་འཕོས་དུས་བྱས་ཤི་བའི་ཚེ། །གང་གི་བསམ་པ་རབ་འཇུག་པ། །ཞེས་བྱ་བ་ལ། འཕོས་པ་ནི་འདས་པའོ། །ཤི་བ་ནི་སེམས་ཉམས་པའོ། །དུས་བྱས་པ་ནི་མ་འོངས་པར་རོ། །གང་གི་

བསམ་པ་རབ་འཇུག་པ་ནི། བསམ་པའི་རྗེས་སུ་རྣམ་པར་ཤེས་པ་རྟག་ཏུ་འཇུག་པ་སྟེ། བསམ་ལས་དེ་ནི་མི་ཐར་རོ། །བསམ་པ་དེ་ནི་བསམ་པ་ཆེ། །ཞེས་བྱ་བ་ནི་བསམ་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སེམས་པ་ནི་ཆོས་ཀྱི་བསམ་པ་བླ་ན་མེད་པ་སྟེ། མ་སྐྱེས་ཤིང་མ་འགགས་

པ། མཚན་མ་མེད་ཅིང་མཚན་ཉིད་མེད། །ཅེས་བྱ་བ་ནི་དོན་དམ་པའོ། །བསྐལ་པ་བྱེ་བར་བཤད་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་བྱེ་བ་སྟོང་ཕྲག་དུ་མར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་བཤད་ཀྱང་ངོ་བོ་ཉིད་རྣམ་པར་གཞག་པ་བྱས་པ་མ་ཡིན་ཏེ། རྫས་ཀྱི་

རང་བཞིན་མེད་པའི་ཕྱིར་རོ། །མཚན་མ་མེད་པར་བཤད་པ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་ནི་དངོས་པོ་མེད་པའི་སྒྲས་བསྟན་གྱི། དངོས་པོ་མེད་པ་ཉིད་ནི་བསྟན་པར་ནུས་པ་མ་ཡིན་ནོ། །དངོས་པོ་ཀུན་གྱི་དངོས་པོ་ནི་རང་བཞིན་ཏེ། དངོས་པོ་མེད་ཅེས་དེ་

བསྟན་ཏོ། །དེ་ལྟར་དངོས་པོ་རྣམས་རིག་ན། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་དེ་ལྟར་རིག་པར་བྱས་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ཉིད་དངོས་པོ་ཞེས་རབ་ཏུ་བསྟན་ཏེ། དངོས་པོ་ཉིད་དུ་ཀུན་རྫོབ་ཏུ་མཚོན་པར་བྱེད་པའོ། །འཇིག་རྟེན་སངས་

རྒྱས་བདག་འགྱུར་སྙམ། །ཞེས་བྱ་བ་ལ་སོགས་པ་ལ། བདག་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བས་ནི་བདག་ཏུ་མངོན་པར་ཞེན་པ་དང་། བདག་གིར་འཛིན་པ་ལ་སོགས་པ་ཡོངས་སུ་མ་བཏང་བས་དེས་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དེ་ལྟར་ན་ཇི་ལྟར་བྱས་ན་དེ་འཐོབ་ཅེ་

ན། ཆོས་ནི་གང་ལ་འང་སྨོན་མི་བྱེད། །ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་ཅུང་ཟད་ལ་ཡང་སྨོན་པར་མི་བྱེད་དེ། ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ། །ཅི་ཡང་མེད་ཅིང་དམིགས་པ་

เล่ม ๑๑๗ · หน้า 108a

མེད། །དེ་ནི་བྱང་ཆུབ་བརྗོད་པ་ཡིན། །ཞེས་བྱ་བ་ལ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ངེས་པར་གྲུབ་པས་སྟོང་པ་ཉིད་ནི་ཅི་ཡང་མེད་པའོ། །དམིགས་པ་དང་དམིགས་བྱ་དང་བྲལ་བ་ནི་དམིགས་པ་མེད་པའོ། །ཆོས་ཉིད་དང་དེ་བཞིན་ཉིད་ཅེས་བྱ་བ་དེ་དག་ནི་

བྱང་ཆུབ་སྟེ། ཕྱིན་ཅི་མ་ལོག་པའི་དོན་རྟོགས་པ་ནི་བྱང་ཆུབ་ཅེས་བྱ་བའི་སྒྲས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཏུ་ནི་ངེས་ཞུགས་ཞེས། །མང་དུ་དེ་སྐད་སྨྲ་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་མངོན་པར་མི་ཤེས་བཞིན་དུ་སྒྲ་ཙམ་ཉིད་འབའ་ཞིག་གིས་བྱང་ཆུབ་སེམས་

དཔའ་ཞེས་ཟེར་བ་དེའི་སྒྲའི་རང་བཞིན་གང་ཡིན་པ་དེ་ནི་ཤིན་ཏུ་ཟབ་པས་རྟོགས་པར་དཀའ་བའོ། །དེའི་ཕྱིར་སྒྲ་ཙམ་འབའ་ཞིག་ཉིད་དོ་ཞེས་བྱ་བའོ། །མངོན་ཤེས་ཆེ་ལ་མདོ་སྡེ་འདི། །ངེས་པར་བསྟན་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་ཤེས་པ་ཆེན་པོ་བསྒྲུབ་པར་བྱ་བའི་

ཕྱིར་མདོ་སྡེ་འདི་རབ་ཏུ་བསྟན་ཞེས་བྱ་བའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་དང་ལྡན་པས་འབད་པ་མེད་པར་འཇུག་པའི་སྨོན་ལམ་དང་། ཡེ་ཤེས་ཀྱིས་མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་ལ་དབང་ཐོབ་པས་ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་བལྟ་བར་འགྲོ་བ་དང་། འོང་བ་

དང་། འཆི་འཕོ་བ་དང་། སྐྱེ་བ་ལ་སོགས་པ་རབ་ཏུ་སྟོན་པ་ཡང་སེམས་ཙམ་གྱིས་འཇུག་པར་བྱེད་ཅིང་སྟོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའི་ལྷུན་གྱིས་གྲུབ་པར་འཇུག་པའི་རྫུ་འཕྲུལ་གྱི་ཆ་ཙམ་གྱིས་ཀྱང་ཟིལ་གྱིས་

མནན་ནས་ཤེས་པར་ཡང་མི་འགྱུར་རོ་ཞེས་བྱ་བའོ། །ལྷ་རྣམས་ཀྱིས་ཀྱང་དེ་དག་གི །བསམ་པ་ཤེས་པར་མི་ནུས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། འཇིག་རྟེན་པའི་ལྷ་རྣམས་ཀྱིས་ཀྱང་དེའི་ཡེ་ཤེས་ཀྱི་ཁྱད་པར་ཕྲ་བར་འཇུག་པ་རྣམས་

ཤེས་པར་ནུས་པ་མ་ཡིན་ན། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་ཆོ་ག་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །དེ་དག་སྤྱི་ཅེར་མི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ཚེ་ལ་དབང་ཐོབ་པར་གྱུར་པས་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་རོ། །མདོ་སྡེ་བྱེ་བ་

เล่ม ๑๑๗ · หน้า 108b

བརྒྱ་རྣམས་ནི། །ཉིན་དང་མཚན་དུ་དེ་དག་ཚོལ་ཏེ། ཟབ་ཅིང་དཔག་ཏུ་མེད་པའི་མདོ་སྡེ་རྣམས་མཉན་པ་དང་། གཟུང་བ་དང་། བཅང་བ་དང་། གཞན་དག་ལ་ཡང་རབ་ཏུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་མངོན་པར་རྟོགས་པའི་ཏིང་ངེ་འཛིན་བྱེ་བ་བརྒྱ་སྟོང་ཡང་སྟོན་ཏོ། །རྒོལ་བ་

བརྒྱ་སྟོང་ལ་ཡང་ལན་འདེབས་སོ། །ཀུན་ཏུ་རྟོག་པ་ཐམས་ཅད་ཀྱང་སྤོང་ངོ་། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཡེ་ཤེས་ཡོངས་སུ་དག་པ་དང་། རྗེས་སུ་མི་དམིགས་པའི་སྤྱོད་པ་དང་། ཆོས་ཡང་དག་པར་བརྗོད་པ་ལ། དེ་ཡི་ཚིག་ཀྱང་དོན་མེད་མིན། །ཆོས་

བསྟན་པ་ཡང་འབྲས་བུ་ཡོད། །ཅེས་བྱ་བ་ལ་སོགས་པའི་དོན་ནི་རྟོགས་སླའོ། །གང་གིས་རིན་ཆེན་མདོ་འདི་ལས། །ཞེས་བྱ་བ་ནི་གང་དག་མདོ་སྡེ་རིན་པོ་ཆེ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན་པའི་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་མཐོང་ཞེས་བྱའོ། །

མྱུར་དུ་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་བློ་གྲོས་ངན་པ་དང་ཐེ་ཚོམ་ཡོད་པར་མི་འགྱུར་རོ། །དེས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དེ་བཞིན་གཤེགས་པ་ཆོས་སྟོན་པ་མཐོང་ཞིང་གུས་པས་རྒྱལ་བ་ལ་མཆོད་པ་བྱས་པ་ཡིན་ནོ། །གང་དག་གིས་མདོ་སྡེ་རིན་པོ་

ཆེ་འདི་རྣ་བའི་ལམ་དུ་ཐོས་པར་གྱུར་པ་དེས་དེ་བཞིན་གཤེགས་པ་བྱམས་པ་མཐོང་བར་འགྱུར་ཞིང་། མཐོང་ནས་ཆོས་ཟབ་མོ་ཐོས་ནས་ངེས་པར་སངས་རྒྱས་ཉིད་དུ་ལུང་སྟོན་པར་འགྱུར་རོ། །མདོ་སྡེ་འདི་ནི་རབ་སྟོན་ན། །སངས་རྒྱས་རྣམས་ཀྱི་མཛོད་བསྲུངས་ཏེ། །ཞེས་བྱ་བ་ནི་སངས་རྒྱས་

རྣམས་ཀྱི་ཆོས་ཀྱི་མཛོད་བསྲུངས་པར་འགྱུར་རོ། །མདོ་སྡེ་འཛིན་པ་དང་ལེན་པ་དང་། བསྲུང་བ་འདི་ནི་དེ་བཞིན་གཤེགས་པའི་བླ་ན་མེད་པའི་མཆོད་པའོ། །དེ་དག་སྒྲ་ཡང་སྒྲོགས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་འཁོར་གྱི་

དཀྱིལ་འཁོར་དུ་འདུས་ནས་སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པས་དྲི་བ་དཔག་ཏུ་མེད་པ་དྲིས་ནས་སོམ་ཉི་མེད་པས་ཇི་ལྟར་ཐོས་པ་བཞིན་བཟུང་ཞིང་བླངས་ནས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བྱེད་དོ། །སངས་རྒྱས་རྣམས་ཀྱིས་དེ་ལུང་བསྟན། །ཞེས་བྱ་བ་ལ་སོགས་པ་

เล่ม ๑๑๗ · หน้า 109a

ལ། མདོ་སྡེ་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པའི་རྒྱུ་འདི་ཕྱིན་ཅི་མ་ལོག་པར་བསྲུངས་པ་དེ་ནི་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བའོ། །དེ་དག་གཟུགས་ནི་ཕུན་སུམ་ཚོགས། །ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་ཆེན་པོའི་མཚན་

སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པའི་ལུས་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པས་མཛེས་པ་སེམས་ཅན་ཐམས་ཅད་ཡང་དག་པར་དགའ་བར་བྱེད་པའོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར་ཆུ་ལས་

སྐྱེས་པ་དང་། ཐང་ལས་སྐྱེས་པའི་མེ་ཏོག་ཡིད་དུ་འོང་བ་ཁ་དོག་དང་དྲི་དང་ཡང་དག་པར་ལྡན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་སྤྲུལ་པ་དང་། དེ་བཞིན་དུ་སིལ་སྙན་རྣམ་པ་སྣ་ཚོགས་ཡིད་ལས་བྱུང་བ་གྲངས་མེད་པ་སྤྲུལ་ནས་མཆོད་པར་བྱེད་དོ། །ཡོན་ཏན་ཕན་ཡོན་འདི་དག་སྟེ། །

ཞེས་བྱ་བ་ལ་སོགས་པ་ལ། བསྟན་མ་ཐག་པའི་ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་པ་རྣམས་དང་། འཆད་པར་འགྱུར་བ་དེ་ཐམས་ཅད་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་འདི་འཛིན་པ་ཡིན་ནོ་ཞེས་བྱ་བའོ། །བུད་མེད་ཀྱིས་ཀྱང་མདོ་སྡེ་འདི། །ཐོས་ནས་ཚིགས་བཅད་གཅིག་བཟུང་ན། །

ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་མ་ལུས་པའམ། ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཛིན་པར་བྱེད་ན། དེ་བུད་མེད་ཀྱི་ལུས་སྤངས་ནས་སྐྱེས་པའི་ལུས་བསྒྲུབས་ཏེ་ཆོས་སྨྲ་བར་འགྱུར་རོ། །རབ་ཏུ་མཛེས་ཤིང་མཚན་གྱིས་ཡང་དག་པར་བརྒྱན་པའི་ལུས་སུ་འགྱུར་རོ། །མདོ་

སྡེ་མཆོག་རབ་འདི་ཡི་ནི། །ཞེས་བྱ་བ་ལ་སོགས་པ་ལ། མཆོག་རབ་ཀྱི་ཡོན་ཏན་ཡང་མཆོག་རབ་ཉིད་དོ་ཞེས་བྱ་བའི་བར་དུའོ། །ས་བདག་འཁོར་ལོས་སྒྱུར་བར་དེ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་

རབ་ཏུ་དང་བའི་སེམས་ཀྱིས་ཚིགས་སུ་བཅད་པ་བརྒྱ་སྟོང་གིས་དེ་བཞིན་གཤེགས་པ་ལ་བསྟོད་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ཚངས་པར་སྤྱོད་པ་རྣམ་པར་དག་པ་ལ་སྤྱོད་པར་འགྱུར་རོ། །དེ་རྣམ་པར་དག་པས་ཏིང་ངེ་འཛིན་བསྒྲུབས་ཏེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇུག་པ་དང་།

เล่ม ๑๑๗ · หน้า 109b

མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། གཟོད་མ་ནས་ཞི་བའི་ཆོས་རབ་ཏུ་སྟོན་པར་འགྱུར་རོ། །སྣང་བར་གྱུར་པས་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ལ་མཁས་པར་འགྱུར་རོ། །ཏིང་ངེ་འཛིན་འདི་འཛིན་པར་བྱེད་པ་ནི་ཚངས་པར་སྤྱོད་

པས་གཙང་བར་འགྱུར་ཞིང་ཉོན་མོངས་པའི་ཕྱོགས་ཐམས་ཅད་བཀྲུས་པས་དག་པར་འགྱུར་བའི་སེམས་ཀྱི་རྒྱུད་ཀྱིས་གཞན་དག་ཀྱང་རྣམ་པར་དག་པའི་ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་བྱེད་པར་འགྱུར་རོ། །དེ་ཤེས་རབ་རབ་ཏུ་རྣོ་བར་འགྱུར་རོ། །བསྟན་བཅོས་མ་ལུས་པ་ཡོངས་

སུ་ཤེས་པའི་ཐོས་པའི་རྒྱ་མཚོར་འགྱུར་རོ། །དགེ་བའི་ཆོས་རབ་ཏུ་སྟོན་པས་དགེ་བའི་གཏམ་གྱིས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་འདུལ་བ་ལ་མཁས་པར་འགྱུར་རོ། །གང་ཡང་འཇིག་རྟེན་ལ་གྲགས་པའི་ལས་ཀྱི་གནས་ཀྱི་ཁྱད་པར་དང་། བཟོའི་གནས་ཀྱི་ཁྱད་པར་དང་།

གསོ་བ་དང་། སྨན་རྣམས་ཀྱི་རོ་དང་། ནུས་པ་དང་། སྨན་པའི་གནས་ཀྱི་ཁྱད་པར་དེ་དག་ལ་རབ་ཀྱི་མཐར་ཐུག་པར་ཐོབ་པ་དང་། སྙན་དངགས་དང་། བསྟན་བཅོས་དང་། གླུ་དང་། རྡུང་བ་དང་། གར་གྱི་བསྟན་བཅོས་ལ་སོགས་པ་སྣ་ཚོགས་ལ་སློབ་དཔོན་དུ་བཀུར་བར་འགྱུར་

རོ། །འཁོར་དཔག་ཏུ་མེད་པ་དང་། འཁོར་མི་ཕྱེད་པར་འགྱུར། གང་ཅུང་ཟད་སེམས་ལ་གནོད་པ་བྱེད་པ་དང་། ལུས་ལ་གནོད་པ་བྱེད་པའི་ནད་རྣམ་པ་སྣ་ཚོགས་པ་དེ་དག་དེ་ལ་འབྱུང་བར་མི་འགྱུར་ཏེ། ཏིང་ངེ་འཛིན་བསྒོམས་པའི་སེམས་དང་དེ་འགལ་བ་ཡིན་པའི་ཕྱིར་རོ། །བར་སྣང་

མཁའ་ལ་གོས་པ་མེད་པ་ལྟར། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཚད་མེད་པ་ཡིན་པ་དེ་བཞིན་དུ་ཏིང་ངེ་འཛིན་བསྒོམས་པར་གྱུར་པའི་སེམས་ཀྱང་ནམ་མཁའ་བཞིན་དུ་ཤིན་ཏུ་རྣམ་པར་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་

དང་ཚད་མེད་པ་སྟེ། ཚད་ཀྱིས་ཡོངས་སུ་དཔྱད་པར་མི་ནུས་པའི་ཕྱིར་རོ། །ཟླ་བའི་འོད་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཟླ་བ་དང་ཉི་མའི་འོད་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ། །དེ་བཞིན་དུ་སེམས་ཀྱང་མི་ཤེས་པའི་མུན་པ་མ་ལུས་པ་རྣམ་པར་བསལ་ན་རང་བཞིན་

เล่ม ๑๑๗ · หน้า 110a

གྱིས་འོད་གསལ་བར་འགྱུར་རོ། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །ཞེས་ཐམས་ཅད་དུ་བསྟན་པར་བྱའོ། །ཇི་ལྟར་ཚོན་རྩི་ཐོགས་ནས་བར་སྣང་ནམ་མཁའ་ལ། །ཞེས་བྱ་བ་ལ་སོགས་པ་ལ། ཚོན་རྩི་སྣ་ཚོགས་ཀྱི་ཆོ་གས་རས་དང་། རྩིག་

ངོས་ལ་སོགས་པ་ལ་འདྲི་བ་བཞིན་དུ་ནམ་མཁའ་ལ་བྲི་བར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་སེམས་ལ་ཡང་གཉིས་སུ་མེད་པའི་རང་བཞིན་གྱི་ཏིང་ངེ་འཛིན་མ་གཏོགས་པ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ཚོན་སྦྱར་བས་བྲི་བར་ནུས་པ་མ་ཡིན་ནོ། །རླུང་ནི་ཇི་ལྟར་ཕྱོགས་བཞི་དག་ནས་ལངས་པ་

དང་ཞེས་བྱ་བ་ལ་སོགས་པ་ལ། རླུང་ནི་ཕྱོགས་བཞི་ནས་རྒྱས་བསྐོར་ཞིང་ཞགས་པས་བཅིང་དུ་རུང་ཡང་སྲིད་ཀྱི། དེའི་སེམས་ནི་ཤེས་པར་ནུས་པ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་ནུས་པ་མ་ཡིན་ནོ། །ཡོངས་སུ་བརྟགས་པ་ཉེ་བར་བཟུང་ནས་སྣོད་

སྣ་ཚོགས་ཀྱི་ཆུའི་ནང་དུ་བྱུང་བའི་ཆུའི་ཟླ་བ་ནི་གཟུང་བར་ནུས་ཀྱང་སྲིད། གློག་འགྱུ་བ་ལག་པས་བཅང་བར་ནུས་ཀྱང་སྲིད། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་གཅིག་ཏུ་བྱས་ནས་གཟུང་བར་ནུས་ཀྱང་སྲིད་ཀྱི། དེའི་སེམས་ཀྱི་སྤྱོད་པ་ཤེས་པར་མི་ནུས་པ་མ་ཡིན་ནོ་ཞེས་བྱ་བས་ཏིང་ངེ་འཛིན་

ཐོབ་པའི་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པ་ཡིན་ནོ། །དེས་ཏིང་ངེ་འཛིན་དེ་ཐོས་ནས་ཡང་ངན་སོང་གསུམ་དུ་ལས་ཀྱི་དབང་གིས་ལྟུང་བར་མི་འགྱུར་གྱི། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བར་ནི་འགྱུར་རོ། །འདོད་པ་དག་ལ་མི་སྲེད་གཟུགས་ལ་མི་སྲེད་དེ། །ཞེས་

བྱ་བ་ལ་སོགས་པ་ལ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་སྲེད་པ་དང་བྲལ་བས་འདོད་པ་ལ་སོགས་པ་ལ་མི་སྲེད་པའོ། །ཆུང་མ་དང་། བུ་དང་། བུ་མོ་དང་། གཉེན་བཤེས་དང་། འཁོར་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། མུ་ཏིག་ལ་སོགས་

པ་ལ་སྲེད་པ་མེད་པ་ཡིན་ནོ། །སྲེད་པ་ནི་ཚོར་བ་དང་། དོན་དུ་གཉེར་བ་སྟེ། ཤིན་ཏུ་འདོད་པས་དེ་དང་དེར་ཚོལ་བས་ངོམས་པ་མེད་པའི་སེམས་ཞེས་བྱའོ། །དེའི་ཚངས་པར་སྤྱོད་པ་མཐོ་རིས་ཀྱི་ཕྱིར་མ་ཡིན། ལྷའི་དབང་པོ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ཕྱིར་མ་ཡིན་གྱི།

เล่ม ๑๑๗ · หน้า 110b

གཞན་དུ་ན་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་བྱ་བས་སེམས་ཅན་མ་ལུས་པ་བསྒྲལ་བར་དམ་བཅས་པའི་ཕྱིར་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །གླུ་ལའང་མི་སྲེད་ཅེས་བྱ་བ་ལ་སོགས་པ་ལ། གླུ་དང་། གར་དང་། སིལ་སྙན་དང་། རྗེས་སུ་མཐུན་པ་དྲི་དང་།

མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟོན་ཚོལ་བ་ཆེད་དུ་བྱེད་པར་མི་འགྱུར་རོ། །ཏིང་ངེ་འཛིན་ཐོབ་པའི་ཡོན་ཏན་འདི་དག་སྟེ། རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པའི་སྦྱོར་བ་ཡོངས་སུ་སྤོང་བ་ལ་མཁས་

པར་བལྟ་བར་བྱའོ་ཞེས་བྱ་བ་ཡིན་ནོ། །མིག་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་མ་ཞེན་པར་བསྟན་པ་ཡིན་ནོ། །ཁྱིམ་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པས་ནི་ཕྱི་རོལ་གྱི་ཉེ་བར་མཁོ་བ་ལ་མངོན་པར་ཞེན་པ་ཡོངས་སུ་སྤངས་ལ་

ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་སྦྱར་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །སྦྱིན་པ་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པའི་རྣམ་པར་རྟོག་པ་ཡང་ཏིང་ངེ་འཛིན་ཐོབ་པ་ན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སངས་རྒྱས་དག་ལ་མི་སྲེད་ཅེས་

བྱ་བ་ལ་སོགས་པས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཡང་མངོན་པར་ཞེན་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡོད་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པ་ལ། ཡོད་པ་ཉིད་དང་། མེད་པ་ཉིད་དང་། མཐའ་དང་ལྡན་པ་ཉིད་དང་། མཐའ་དང་མི་ལྡན་པ་

ཉིད་དང་། དབུས་ཉིད་ལ་ཞེན་པ་ལ་སོགས་པ་ཡང་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་འདོད་ཆགས་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བྱས་པའི་སེམས་རྣམ་

པར་རྨོངས་པར་བྱེད་པའི་གནོད་པ་ཡོད་པར་མི་འགྱུར་རོ། །ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པས་གནོད་པར་མི་འགྱུར་རོ། །དེས་ཐམས་ཅད་ཡོངས་སུ་བཏང་བ་དང་། འཇིག་རྟེན་ལས་འདས་པའི་སྟོབས་དང་། མཐུ་དང་། བརྩོན་འགྲུས་

เล่ม ๑๑๗ · หน้า 111a

ཐམས་ཅད་ཐོབ་པར་འགྱུར་རོ། །གང་ཚེ་འཇིག་རྟེན་དུ་ཡང་འཁོར་ལོས་སྒྱུར་བ་ཡི་ཞེས་བྱ་བ་ལ་སོགས་པ་ལ། །དེ་བསམས་བཞིན་དུ་གླིང་བཞིའི་དབང་ཕྱུག་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ལྟ་ན་ཡང་ཏིང་ངེ་འཛིན་ཡོངས་སུ་སྒོམ་པར་བྱེད་པ་དང་། རྟག་

ཏུ་སེམས་མཉམ་པར་གཞག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་པ་དང་། འགྲོ་བའི་དོན་བྱེད་པར་འགྱུར་རོ། །སུ་དག་གཙོ་བོར་གྱུར་ཅིང་རིགས་ཆེ་རིན་ཆེན་མཆོག །ཅེས་བྱ་བ་ལ་སོགས་པ་ལ། གང་ཡང་འཛམ་བུའི་གླིང་ན་རིགས་རིན་པོ་ཆེར་བརྩིས་པ་ལོངས་

སྤྱོད་ཆེན་པོ་དེར་སྐྱེས་ནས་རྣམ་པ་སྣ་ཚོགས་པའི་དོན་གཏོང་བས་སེམས་ཅན་རྣམས་རྗེས་སུ་བཟུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པར་འགོད་པར་བྱེད་དོ། །དེ་དག་རིམ་གྱིས་སངས་རྒྱས་རྒྱལ་བ་མཆོག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་། ཚངས་སྤྱོད་མཚུངས་མེད་ཚུལ་

ཁྲིམས་རབ་ཏུ་སྲུང་། །ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་ནས་རྫུ་འཕྲུལ་གྱི་རྐང་པ་རྣམས་གོམས་པ་མཐར་ཐུག་པར་གྱུར་ནས་རྫུ་འཕྲུལ་གྱིས་

མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་དང་། རྗེས་སུ་མཐུན་པར་ཆོས་བསྟན་པས་དབང་དུ་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་བྱེད་དོ། །མངོན་པར་ཤེས་པ་ལྔ་དང་ཡང་དག་པར་ལྡན་པས་འཆི་འཕོ་དང་། སྐྱེ་བ་ལ་སོགས་

པ་ཡོངས་སུ་ཤེས་པ་ནས་ལས་དང་འབྲས་བུ་སོ་སོར་ངེས་པ་ལ་སོགས་པ་རབ་ཏུ་བསྟན་པས་བཏུལ་ནས་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་ལ་འཕྱ་བར་བྱེད་པ་ན། །སེམས་ཅན་འདུ་ཤེས་མི་འཇུག་སྟེ། །ཞེས་བྱ་བ་ནི་དེ་ལ་གང་དག་འཕྱ་བར་བྱེད་པ་ན་སེམས་

ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་འཇུག་པར་མི་འགྱུར་ཏེ། བདག་དང་གཞན་དུ་འདུ་ཤེས་པ་དང་བྲལ་བའི་ཕྱིར་རོ། །སྟོང་པ་ཉིད་ལ་རྣམ་པར་གནས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཐག་པར་བྱེད་དོ། །བྱང་ཆུབ་ཆེན་པོའི་སྙིང་པོ་ལ་ཞུགས་ནས་བདུད་བཞི་ཕམ་པར་བྱེད་

เล่ม ๑๑๗ · หน้า 111b

པ་ཞེས་བྱ་བས་འདུ་ཤེས་ཐམས་ཅད་སྤངས་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །མངོན་པར་བྱང་ཆུབ་པའི་དུས་སུ་ས་མ་ལུས་པ་གཡོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་ཁྱད་པར་ཡང་འབྱུང་ཞེས་བྱ་བའོ། །རྟེན་ཅིང་ཆོས་རྣམས་འབྱུང་བར་འགྱུར། །ཞེས་བྱ་བ་ལ་

སོགས་པ་ལ་དངོས་པོ་གང་དག་རྟེན་ཅིང་འབྱུང་བ་དེ་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀྱི་འགྲོ་བས་འགྲོ་བའོ། །དེའི་འགྲོ་བ་ནི་འགྲོ་བའང་མེད་པ་སྟེ་འགྲོ་བ་པོ་དང་། བགྲོད་བྱ་དང་། འགྲོ་བ་མེད་པའི་ཕྱིར་རོ། །དེ་ནི་འགྲོ་བ་དེར་འགྲོ་སྟེ། །ཞེས་བྱ་བ་ལ་སོགས་

པ་ལ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྟོགས་པ་ལ་འགྲོ་བ་མེད་པས་རྟོགས་པ་མེད་པ་མངོན་པར་བྱང་ཆུབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལས་བཞེངས་ནས་གདུལ་བྱའི་སེམས་ཅན་ཐམས་ཅད་གདུལ་བར་མཛད་ཅིང་སེམས་ཅན་དམིགས་པར་མི་འགྱུར་ཡང་སྤྲུལ་པ་ལྟ་བུར་ཆོས་

རྣམས་རིག་ནས་སྤྲུལ་པས་སྤྲུལ་པའི་སྤྲུལ་པ་ལྟ་བུར་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སྤྲུལ་པ་དེ་དག་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང་དག་ཀྱང་། །ཞིང་རྣམས་

སྟོང་ནས་ལྷགས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ་མཆོད་པའི་ཁྱད་པར་སྟོན་པ་ནི་གོ་སླའོ། །པདྨ་བྱེ་བ་བསམ་མི་ཁྱབ། །འདབ་མ་དག་ནི་གསེར་ལས་བྱས། །ཞེས་བྱ་བ་ལ་སོགས་པ་ལ། ཙན་དན་སྦྲུལ་གྱི་སྙིང་པོ་ཅན་གྱི་ཟེ་བ་ཅན་བཻ་ཌཱུརྱའི་སྡོང་པོ་དང་། རིན་པོ་ཆེའི་ཤེལ་

གྱི་འདབ་མ་དང་། རིན་པོ་ཆེ་དཔལ་གྱི་སྙིང་པོའི་གེ་སར་ཅན་གྱི་དཔག་ཏུ་མེད་པའི་པདྨ་སྤྲུལ་ནས་ཡིད་དུ་འོང་བའི་དྲི་དང་རྡུལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་ཁྱབ་པ་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཇོམས་པའི་ངོ་བོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་

དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་སྒྲ་རྣམས་སྤྲུལ་པའི་པདྨ་དེ་དག་ལས་བྱུང་ནས་དཔག་ཏུ་མེད་པའི་སེམས་ཅན་ཕྱིར་མི་ལྡོག་པ་ལ་འགོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དང་། བྱ་རྣམས་ཀྱང་སྤྲུལ་པར་བྱེད་དོ། །སྐད་སྙན་

เล่ม ๑๑๗ · หน้า 112a

པས་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དང་། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་སྤྲུལ་པར་བྱེད་དོ་ཞེས་བྱ་བའོ། །གོང་མ་བཞིན་དུ་ཞེས་བྱ་བ་ནི་དེ་ལྟ་བུའི་མཆོད་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །དབྱངས་ཀྱི་ཡན་

ལག་རྣམས་འབྱིན་པ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བས་དབྱངས་ཀྱང་བསམ་ཡས་ཏེ། །བྱང་ཆུབ་སེམས་དཔའ་རློམ་སེམས་མེད། །རློམ་སེམས་མེད་པའི་ཆོས་རྣམས་ལ། །བྱང་ཆུབ་སེམས་དཔའ་རྣམ་པར་འབྱམས། །མངོན་ཤེས་ལྔ་པོ་ཤེས་རབ་ཆེ། །ཆོས་

ཀྱི་འཁོར་ལོ་སྐོར་བ་པོ། །མདོ་སྡེ་རིན་ཆེན་འདི་ཡི་བསྔགས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འཛིན་པའི་ཕན་ཡོན་རྒྱ་ཆེར་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེད་པར་བྱེད་པ་དེ་དག་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ལ་

སོགས་པའོ། །ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། །བདེ་བར་གཤེགས་པས་བསྟན་པའི་ཆོས་མཆོག་འདི་སྲུང་བ། །ཞེས་བྱ་བ་ལ་སོགས་པ་ལ། ཕྱི་མའི་དུས་ན་ཏིང་ངེ་འཛིན་གྱི་རྒྱལ་པོ་ཀློག་པ་དང་། འདོན་པ་ལ་སོགས་པས་གང་དག་སྲུང་བར་བྱེད་པ་དེ་དག་

ངའི་བུ་ཆོས་ལས་སྐྱེས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ནོ། །སྣ་ཚོགས་ཆོས་ཀྱི་དེ་ཉིད་ཡངས་པ་སྟོན་པར་བྱེད་པ་མཁས་པའི་གྲགས་པ་དང་ལྡན་པ། །སྙིང་རྗེ་ཆེན་པོ་ལས་སྤྲོས་སེམས་ཀྱི་སངས་རྒྱས་ཉིད་འཕགས་སེམས་ཅན་ཀུན་གྱི་གཉེན་གཅིག་པ། །ཟབ་ཅིང་རྒྱ་

ཆེའི་སྐུ་མངའ་འཇམ་དཔལ་དབྱངས་ཀྱི་ཞབས་ལ་གུས་པས་རབ་འདུད་བག་ཡོད་པ། །དེ་ཡིས་རྒྱལ་བ་མཆོག་གིས་གསུངས་པའི་མདོ་སྡེ་ཟླ་བའི་སྒྲོན་མ་འདི་ནི་བཤད་པར་བྱ། །མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའི་འགྲེལ་པ་རྫོགས་སོ།། །།བརྩོན་

འགྲུས་རབ་ཏུ་འབར་བས་རང་གི་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་ཆོས་ཀྱི་རྣམ་གྲངས་འདི་ལ་རྣལ་འབྱོར་དུ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། མཆོད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด