འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๐ · หน้า 1b
༄༅༅། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ། བམ་པོ་ལྔ་བཅུ་ལྔ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ས་དེ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཀུན་ཏུ་རྨོངས་པ་རྣམ་པ་ཉི་ཤུ་རྩ་གཅིག་ལས་བརྩམས་ནས་
ས་རྣམས་རྣམ་པར་དབྱེ་བ་སྟོན་ཏོ། །དེ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ས་བཅུ་གཅིག་པོ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་
དུ་ཞིག་ནི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལགས་ཞེས་ཞུའོ། །ཀུན་ཏུ་རྨོངས་པ་དང་གནས་ངན་ལེན་དེ་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཚམས་རྣམ་པར་གྲོལ་བའི་མདོ་དང་།
དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །འཕགས་པ་གསེར་འོད་དམ་པའི་
เล่ม ๑๒๐ · หน้า 2a
མདོ་ལས་ཡོངས་སུ་སྦྱོང་བའི་ལེའུ་ལས་ནི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལང་གི་ཚེ་བསྒྱུར་བ་དང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་
པ་ལས་ཀྱང་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་ཅེས་སྟོན་ཏེ། ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་དང་པོ་བརྒྱད་ཀྱིས་ནི་རྣམ་པ་བཞི་ལ་སྦྱོར་བའི་སྐྱེ་ཤི་མངོན་པར་འགྲུབ་པར་བྱེད་དོ། །དེའི་
འོག་མ་དྲུག་གིས་ནི་རྐྱེན་གྱི་སྐྱེ་ཤི་མངོན་པར་འགྲུབ་པར་བྱེད་དོ། །དེའི་འོག་མ་དྲུག་གིས་ནི། སྲིད་པ་དང་བཅས་པའི་སྐྱེ་ཤི་མངོན་པར་འགྲུབ་པར་བྱེད་དོ། །ཕྱི་མ་གཉིས་ཀྱིས་ནི་སྲིད་པ་མེད་པའི་སྐྱེ་ཤི་མངོན་པར་འགྲུབ་པར་
བྱེད་དོ། དེ་ནི་རྣམ་པར་འགྱུར་བའི་རྣམ་པར་སྨིན་པ་ལ་གནས་ངན་ལེན་ཞེས་བྱའོ་ཞེས་བཤད་དོ། །འདིར་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དེ་བརྟགས་ན་སྐྱོན་རྣམ་གསུམ་ཡོད་དེ། དང་པོ་ནི་རྒྱ་གར་གྱི་
ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པའི་དཔེ་ཉིད་ལ་དེ་ལྟར་རྣམ་པར་ཕྱེ་བ་མེད་པས་སོ། །གཉིས་པ་ནི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་ཁུངས་སུ་བསྟན་པ་ཉིད་ལས། སྐྱེ་ཤི་རྣམ་པ་བཞིར་བསྟན་པ་མེད་
เล่ม ๑๒๐ · หน้า 2b
པས་སོ། །གསུམ་པ་ནི་ཤེས་བྱའི་སྒྲིབ་པས་དངོས་པོའི་འཆི་འཕོ་བ་དང་རྣམ་པར་འགྱུར་བའི་འཆི་འཕོ་མངོན་པར་འགྲུབ་པར་མི་འགྱུར་བར་སྟོན་པས་སོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་མདོ་འདི་དག་རྒྱ་ཆེར་སྟོན་པར་འདིར་ནི་དེ་དང་སྦྱར་ནས་མདོ་འདི་ཉིད་ལས་
གསུངས་པའི་ཚིག་དེ་དག་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ས་དེ་དག་ལ་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་བཅུ་གཅིག་ཡོད་དོ་ཞེས་བྱ་བ་འདི་མན་ཆད་
ནི་གཉིས་པ་ནི་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བཤད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་རྨོངས་པ་ལ་སོགས་པ་གསུངས་པའི་དགོངས་པ་བསྟན་པ་སྟེ། འདི་
ནི་དང་པོ་ས་བཅུ་གཅིག་པོ་དག་ལ་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། མི་མཐུན་པའི་ཕྱོགས་གནས་ངན་ལེན་བཅུ་གཅིག་ཡོད་པས་མདོར་བསྟན་པའོ། །འདི་ལྟ་སྟེ་ས་དང་པོ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་དུ་རྨོངས་པ་
དང་། ངན་སོང་གི་ཀུན་ནས་ཉོན་མོངས་པའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །ས་བཅུ་གཅིག་པོ་རེ་རེ་ལ་ཡང་ཀུན་ཏུ་རྨོངས་པ་གཉིས་གཉིས་དང་། གནས་ངན་
ལེན་རེ་རེ་ཡོད་པ་ཉིད་ལ་རྣམ་པ་བཅུ་གཉིས་སུ་དབྱེ་སྟེ། འདི་ནི་ས་དང་པོའི་ཀུན་ཏུ་རྨོངས་པ་གཉིས་དང་། གནས་ངན་ལེན་བསྟན་པའོ། །ཀུན་དུ་རྨོངས་པ་འདི་གཉིས་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བཤད་པ་རྣམ་པ་གཉིས་ཡོད་དེ། །ཁ་ཅིག་ན་རེ་
ཀུན་དུ་རྨོངས་པའི་ཕྱོགས་རྣམས་ནི་མདོར་བསྡུ་ན་ཀུན་ཏུ་རྨོངས་པ་ཞེས་བྱ་སྟེ། འདི་ལྟར་ས་དང་པོའི་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ལ་བདག་ཏུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི། འདིས་སོ་སོའི་སྐྱེ་བོ་ཉིད་ཀྱི་བསྒོམ་པའོ། །ངན་སོང་བའི་ཀུན་ནས་ཉོན་མོངས་པ་ཀུན་ཏུ་
เล่ม ๑๒๐ · หน้า 3a
རྨོངས་པ་གང་ཡིན་པ་དེ་ནི། ངན་སོང་བའི་ལས་རྣམས་དང་འབྲས་བུ་ལ་སོགས་པའོ། །ཀུན་ཏུ་རྨོངས་པའི་ཕྱོགས་རྣམས་ཀྱང་ཀུན་ཏུ་རྨོངས་པ་ཡིན་པར་རིག་པར་བྱ་སྟེ། ཕྱི་མ་རྣམས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །ཁ་ཅིག་ན་རེ་ཀུན་ཏུ་རྨོངས་པ་འབའ་
ཞིག་བསྟན་པ་ཡིན་པས། དེའི་ཕྱིར་ཡང་སྒྲིབ་པ་རྣོན་པོ་དང་། རྟུལ་པོའི་ཕྱོགས་གཉི་གས་ཀུན་དུ་རྨོངས་པ་གཉིས་བསྐྱེད་པ་ཁོ་ནར་བསྟན་ཏོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཞེའོ་ཞེས་འབྱུང་སྟེ། དེ་ལ་སྒྲིབ་པ་རྣོན་པོ་ལྔ་པོ་དག་གིས་ཀུན་ཏུ་རྨོངས་པར་གྱུར་པ་གང་ཡིན་པ་དེ་ནི། གང་
ཟག་དང་ཆོས་མངོན་པར་ཞེན་པ་ཀུན་དུ་རྨོངས་པ་ཞེས་བྱའོ། །ལྟུང་བ་ལྔ་པོ་དག་གིས་ཀུན་ཏུ་རྨོངས་པར་གྱུར་པ་གང་ཡིན་པ་དེ་ནི་ངན་སོང་བའི་ཀུན་ནས་ཉོན་མོངས་པ་ཀུན་ཏུ་རྨོངས་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་རྣོན་པོ་དང་རྟུལ་བ་གཉིས་ཀ་ཀུན་ཏུ་རྨོངས་པ་ཡིན་ན། རྨོངས་པ་གང་
གིས་བསྡུས་ཤེ་ན། སྨྲས་པ། རྗེས་སུ་འབྲང་བའི་དབང་དུ་བྱས་ནས་ནི་ཉོན་མོངས་པ་ཞེས་བསྟན་ལ། དུས་མཚུངས་པའི་དབང་དུ་བྱས་ནས་ནི་ཀུན་དུ་རྨོངས་པ་ཞེས་བསྟན་ཏོ། །སློབ་དཔོན་ཆོས་སྐྱོང་གི་གཞུང་གིས་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་དེ་གང་གི་ངོ་བོ་བྱེད་པར་སྟོན་ཅེ་ན། སྨྲས་པ་སློབ་
དཔོན་ཆོས་སྐྱོང་ཉིད་ཀྱིས་རྣམ་པ་གཉིས་སུ་བཤད་དེ། དང་པོ་ནི་ཡང་དག་པའི་དོན་གྱི་དབང་དུ་བྱས་ཏེ་བརྗོད་ན། སྒྲིབ་པ་གཉིས་ལས་ཀུན་དུ་བརྟགས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་ཐེག་པ་གཉིས་མཐོང་བའི་ལམ་མངོན་དུ་གྱུར་པ་རྣམ་པ་གཅིག་ཁོ་ན་སྤོང་བས་འཕགས་པའི་ངོ་བོ་ཉིད་ཐོབ་པ་ཞེས་
བྱའོ། །བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་མངོན་དུ་གྱུར་པའི་ཚེ་ནི་རྣམ་པ་གཉི་ག་སྤོང་བས། འཕགས་པའི་ངོ་བོ་ཉིད་ཐོབ་པ་ཞེས་བྱའོ་ཞེས་བཤད་དོ། །གཉིས་པ་ནི་ཡང་དག་པ་ཉིད་ཀྱི་མཐོང་བའི་ལམ་མངོན་དུ་གྱུར་པ་ན་སྒྲིབ་པ་དེ་གཉི་གའི་ས་བོན་གདོན་མི་ཟ་བར་གྲུབ་པར་མི་
འགྱུར་ཏེ། དཔེར་ན་སྣང་བ་དང་མུན་པ་ངེས་པར་ཅིག་ཅར་མི་སྐྱེ་བ་དང་། སྲང་མདའི་མཐོ་དམན་དུས་མཚུངས་པ་བཞིན་དུ་ཕན་ཚུན་མི་མཐུན་པའི་ཆོས་རྣམས་ཀྱི་རིགས་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་ངོ་བོ་ཉིད་གཉིས་ཅིག་ཅར་གྲུབ་པའི་ཉེས་པ་མེད་དོ། །བར་ཆད་མེད་པའི་ལམ་གྱི་ཚེ་
เล่ม ๑๒๐ · หน้า 3b
ཉིད་ནི་ཉོན་མོངས་པའི་ས་བོན་མེད་པ་ཡིན་ན་ཡང་། རྣམ་པར་གྲོལ་བའི་ལམ་བསྐྱེད་ཅི་དགོས་ཤེ་ན། ཉོན་མོངས་པ་སྤངས་ནས་འགོག་པ་མངོན་དུ་བྱེད་པའི་དུས་ཀྱི་སེམས་ཐ་དད་པའི་ཕྱིར་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་གྱི་ངོ་བོ་སྤོང་བའི་ཕྱིར་དང་། བར་ཆད་མེད་པའི་ལམ་གྱི་ཚེ་
ཉོན་མོངས་པའི་ས་བོན་མེད་མོད་ཀྱི། འོན་ཀྱང་དེའི་ལས་སུ་མི་རུང་བ་ཉིད་མ་སྤངས་པས། དེ་ཡོངས་སུ་སྤང་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་བསྐྱེད་ནས། དེའི་ཕྱོགས་སོ་སོར་བརྟགས་པའི་འགོག་པའི་འདུས་མ་བྱས་མངོན་དུ་བྱས་པ་ཡིན་ནོ་ཞེས་བཤད་དོ། །ཁ་ཅིག་ན་རེ་ཡང་དག་པའི་
དོན་དུ་ན་སྒྲིབ་པ་གཉིས་ཀ་བསྡུ་བ་ཡིན་ཡང་མདོ་སྡེ་དང་བསྟན་བཅོས་ལ་ནི་ཤེས་བྱའི་སྒྲིབ་པ་ཁོ་ན་ས་བཅུ་ལ་སྒྲིབ་པར་དགོངས་པའི་ཕྱིར། བྱང་ཆུབ་སེམས་དཔས་སྤང་བར་བྱ་བ་ཡིན་ནོ་ཞེའོ། །དེ་ལ་གནས་ངན་ལེན་ཞེས་བྱ་བ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཚམས་
རྣམ་པར་གྲོལ་བའི་མདོ་ལས་ནི་མི་མཐུན་པའི་ཕྱོགས་བཅུ་གཅིག་གི་ཉེས་པ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མི་མཐུན་པའི་ཕྱོགས་བཅུ་གཅིག་ཅེས་འབྱུང་ངོ་། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། གནས་ངན་ལེན་ཞེས་སེམས་གཉིས་ལ་
གནས་ཞེས་འབྱུང་སྟེ། དེ་ལྟར་བསྟན་པ་རྣམས་ལས་ཚིག་ཐ་དད་པར་འབྱུང་ཡང་དོན་ནི་འགལ་བ་མེད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། གནས་ངན་ལེན་གྱི་རྣམ་པར་སྨིན་པ་ཞེས་འབྱུང་བ་ནི་ལོ་ཙཱ་བ་ཡང་དག་བདེན་པས་དེ་ལྟར་བཞག་པ་ཡིན་
གྱི། རྒྱ་གར་གྱི་དཔེ་ཉིད་ལས་དེ་སྐད་འབྱུང་བ་ནི་མ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་རྣམ་པ་གཉིས་སུ་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལ་གནས་ངན་ལེན་ཞེས་བྱ་བ་ནི་རྣམ་པ་དེ་གཉིས་སམ། ཡང་ན་དེ་ཉིད་ལས་འབྱུང་བའི་ལས་སུ་མི་རུང་བ་ཉིད་རབ་ཏུ་
བསྟན་ཏེ། དཔེར་ན་སྙོམས་པར་འཇུག་པ་གཉིས་ལ་ཞུགས་པས་སྡུག་བསྔལ་གྱི་དབང་པོ་སྤངས་སོ་ཞེས་བསྟན་པ། སྡུག་བསྔལ་གྱི་དབང་པོ་ཉིད་སང་པ་དེ་མངོན་དུ་གྱུར་པའི་ས་བོན་མ་ཡིན་ཡང་གནས་ངན་ལེན་ཞེས་བརྗོད་པ་བཞིན་དུ་འདིར་ཡང་དེ་བཞིན་ཏེ། འོག་ནས་གནས་ངན་ལེན་ཞེས་
เล่ม ๑๒๐ · หน้า 4a
འབྱུང་བ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་འབྱུང་ངོ་། །ས་གཉིས་པ་ལ་ཀུན་དུ་རྨོངས་པ་གཉིས་ཡོད་དེ། ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་དུ་རྨོངས་པ་དང་། ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་
ཕྱོགས་སོ་ཞེས་བྱ་བ་ནི་གཉིས་པ་དྲི་མ་མེད་པའི་ས་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སྦྱར་ན། དེ་ལས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ལྟུང་བ་ཕྲ་མོའི་འཁྲུལ་བ་ལ་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་
ཕྱོགས་གཅིག་གང་ཡིན་པའོ། །ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་འཁྲུལ་བའི་ཉེས་པའི་ལས་གསུམ་པོ་དག་གང་ཡིན་པའོ་ཞེའོ། །ཁ་ཅིག་ན་རེ་དེ་ལས་བྱུང་བ་ཁོ་ན་མི་རྟོག་པའི་ལས་ཀྱི་ཀུན་དུ་རྨོངས་པའོ་ཞེས་ཟེར་ཏེ། སྔ་
མའི་དོན་ནི་ཀུན་དུ་རྨོངས་པའི་ཕྱོགས་གཉིས་ཀ་ལ་ཀུན་དུ་རྨོངས་པ་ཞེས་སྟོན་ཏོ། །རྣམ་གྲངས་ཕྱི་མའི་དོན་ནི་གོ་རིམས་བཞིན་དུ་ལས་སློང་བའི་ཀུན་དུ་རྨོངས་པ་དང་། ལས་མི་རྟོག་པའི་ཀུན་དུ་རྨོངས་པ་བསྟན་པ་སྟེ། གོང་དུ་བསྟན་པའི་རྨོངས་པ་དེ་གཉིས་ནི་སྒྲིབ་པ་རྣམ་པ་བཅུ་
ལས་ལོག་པར་སྒྲུབ་པའི་སྒྲིབ་པ་ཉིད་དོ། །ས་གསུམ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྨོངས་པ་དང་། ཐོས་པའི་གཟུགས་ཡོངས་སུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་གསུམ་
པ་འོད་བྱེད་པའི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འདོད་པའི་འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་མཆོག་དང་བསྒོམས་པའི་ཤེས་རབ་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་སྟེ། དེ་སྔོན་འདོད་པའི་འདོད་
ཆགས་དང་ལན་མང་དུ་ལྷན་ཅིག་གནས་པའི་ཕྱིར་འདོད་པའི་འདོད་ཆགས་ཞེས་བྱའོ། །འདིར་ཏིང་ངེ་འཛིན་མཆོག་དང་བསྒོམས་པ་ལས་བྱུང་བ་འཐོབ་པས་དེས་འདོད་པའི་འདོད་ཆགས་སྤངས་ཏེ། ཐོག་མ་མེད་པའི་དུས་ནས་དེའི་རྗེས་སུ་འཇུག་པ་དེ་རྣམ་པར་གནོན་པའི་ཕྱིར་རོ། །ཐོས་
เล่ม ๑๒๐ · หน้า 4b
པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འདིར་གཟུངས་དང་ཐོས་པ་དང་བསམ་པའི་ཤེས་རབ་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཀུན་དུ་རྨོངས་པ་གཉིས་ལ་མི་གནས་པའི་སྒྲིབ་པར་བསྟན་ཏོ། །ས་བཞི་པ་ལ་ཀུན་དུ་རྨོངས་པ་རྣམ་པ་གཉིས་
ཡོད་དེ། སྙོམས་པར་འཇུག་པ་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བཞི་པ་འོད་འཕྲོ་བ་ཅན་གྱི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་སྙོམས་
པར་འཇུག་པ་ལ་སྲེད་པའི་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཏིང་ངེ་འཛིན་ལ་སྲེད་པ་དང་ལྡན་པ་གང་ཡིན་པའོ། །ཆོས་ལ་སྲེད་པའི་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཆོས་ལ་སྲེད་པ་དང་ལྡན་པ་གང་ཡིན་པ་སྟེ། ཤེས་བྱའི་སྒྲིབ་པས་བསྡུས་པའོ། །ཀུན་དུ་རྨོངས་པ་
གཉིས་སྤངས་པའི་ཕྱིར། ཉོན་མོངས་པའི་སྲེད་པས་གཉིས་ཀྱང་ཀུན་དུ་འབྱུང་བར་མི་འགྱུར་རོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་འདི་ནི་སྒྲིབ་པ་བཅུ་ལས་བཞི་པ་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གོ། །
ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་པ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་བསྡུས་ཤིང་མཆོག་ཏུ་དམན་པའི་རྣམ་པ་ཡིན་པའི་ཕྱིར་དང་། ཡིད་ལ་མ་བྱས་པར་ཡང་དམིགས་པའི་ཕྱིར་དང་། མངོན་དུ་སྤྱོད་པ་དང་མི་མཐུན་པའི་ཕྲ་མོ་ཞེས་བྱའོ་ཞེས་བཤད་དོ། །དོན་རྣམ་པ་གསུམ་གྱིས་
ཤིན་ཏུ་ཕྲ་བའི་དོན་བསྟན་པ་ཡིན་པར་རིག་པར་བྱའོ། །དེས་ས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་སྒྲིབ་པར་བྱེད་དེ། ས་བཞི་པར་ཞུགས་པ་ནི་གཏན་དུ་སྤང་བར་བྱེད་དོ། །དེ་སྔོན་ཕལ་ཆེར་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ངང་གིས་བདག་ཏུ་འཛིན་པ་ལ་སོགས་པའི་
བདག་ཉིད་དང་གཅིག་པ་ལྟ་བུར་འབྱུང་བའི་ཕྱིར། ཉོན་མོངས་པའི་མིང་དུ་བསྟན་པ་ཡིན་ནོ། །འདིར་ས་བཞི་པ་ལ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐོབ་པ་དེས་གཏན་སྤོང་བར་བྱེད་པས། བདག་ཏུ་ལྟ་བ་ལ་སོགས་པ་ཡང་ཀུན་ཏུ་འབྱུང་བར་མི་འགྱུར་རོ། །
เล่ม ๑๒๐ · หน้า 5a
ས་དང་པོ་དང་གཉིས་པ་དང་གསུམ་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་བསྒོམ་པ་ནི་འཇིག་རྟེན་དང་མཚུངས་པ་ཡིན་ལ། ས་བཞི་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐོབ་པ་དག་ནི། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར། འཇིག་
ཚོགས་ལ་ལྟ་བ་གཉིས་པོ་དག་གཏན་དུ་བཅོམ་པར་བྱེད་དོ། །འདི་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་ལྡན་པར་ཇི་ལྟར་ཤེས་ཤེ་ན། བདག་ཏུ་ལྟ་བ་ལ་སོགས་པའི་ནི་ཟག་པ་མེད་པའི་ལམ་དང་མི་མཐུན་པ་ཉིད་ཀྱི་ཕྱིར་དང་། ས་བརྒྱད་པ་ཡན་ཆད་ལ་གདོད་ཀུན་ཏུ་
མི་འབྱུང་ལ། ས་བདུན་པ་ཡན་ཆད་ལ་ནི་ཀུན་ཏུ་འབྱུང་ཞིང་ཉོན་མོངས་པའི་གནས་བྱེད་པའི་ཕྱིར་དང་། འདི་ནི་རགས་པ་ཡིན་ལ། དེ་ནི་ཕྲ་བ་ཡིན་ཞིང་རྣམ་པར་གནོན་པ་ལ་སྔ་ཕྱི་ཡོད་པའི་ཕྱིར་དང་། འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ལ། འཇིག་ཚོགས་
ལ་ལྟ་བ་ལ་སོགས་པའི་ཚིག་གིས་ནི་ཐོག་མ་མེད་པའི་དུས་ཀྱི་ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ཡང་བསྡུས་པ་ཡིན་ཏེ། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ནི་ས་གསུམ་པ་དག་ཀྱང་འཕེལ་བར་བྱེད་པས་ས་བཞི་པར་ཞུགས་པའི་
ཚེ་གདོད་ཡོངས་སུ་སྤོང་བར་བྱེད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །ས་ལྔ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད་པས་ཀུན་ཏུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ཕྱོགས་པ་
ཉིད་ཡིད་ལ་བྱེད་པས་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་ལྔ་པ་ཤིན་ཏུ་རྒྱལ་བར་དཀའ་བའི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འདི་ནི་གོ་རིམས་བཞིན་དུ་འཁོར་བ་ལས་ཤིན་ཏུ་སྐྱོ་བ་
དང་། མྱ་ངན་ལས་འདས་པ་ལ་མོས་པའོ། །སྒྲིབ་པ་གསུམ་ལས་འདིས་ནི་ལྔ་པ་ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཉིད་དེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་འཁོར་བ་ལས་ཤིན་ཏུ་སྐྱོ་ཞིང་། མྱ་ངན་ལས་འདས་པ་ལ་མོས་
เล่ม ๑๒๐ · หน้า 5b
པར་བྱེད་པས་ཐེག་པ་འོག་མ་ས་གཉིས་དང་མཚུངས་པར་སྡུག་བསྔལ་གྱིས་སྐྱོ་ཞིང་འགོག་པས་སོ། །དེས་ས་ལྔ་པའི་ཐ་དད་པ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་ལྔ་པར་ཞུགས་པ་ན་གདོད་སྤོང་བར་བྱེད་དོ་ཞེས་བཤད་དེ། ས་ལྔ་པ་ལ་ནི་བདེན་པ་བཞི་བསྒོམས་པས་བདེན་པ་བཞི་པོ་དེ་
དག་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་དང་། འབྲས་བུ་ཐ་དད་པ་མེད་པའི་ལམ་ལ་འཇུག་པར་འགྱུར་བས། དེའི་ཕྱིར་མི་ཕྱོགས་པ་ཉིད་དང་། ཕྱོགས་པ་ཉིད་ཀྱི་ཀུན་ཏུ་རྨོངས་པ་ཉིད་སྤོང་བར་བྱེད་དོ། །ས་དྲུག་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ།
འདུ་བྱེད་རྣམས་ཀྱི་འཇུག་པ་མངོན་དུ་བྱ་བ་ལ་སོ་སོར་རྟོག་པའི་ཀུན་ཏུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དྲུག་པས་མངོན་དུ་གྱུར་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་
པ་ཙམ་དུ་གྲུབ་པ་ལས། འདུ་བྱེད་ཀྱི་འཇུག་པ་མངོན་དུ་བྱ་བ་ལ་སོ་སོར་རྟོག་པའི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདིར་ཀུན་ནས་ཉོན་མོངས་པ་ཡོད་པ་ཉིད་དུ་འཛིན་པ་སྟེ། འདུ་བྱེད་རྣམས་ཀྱི་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱིས་བསྡུས་པའི་ཕྱིར་རོ། །མཚན་མ་མང་པོ་ཀུན་
ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདིར་རྣམ་པར་བྱང་བ་ལ་ཡོད་པ་ཉིད་དུ་འཛིན་པ་སྟེ། རྣམ་པར་བྱང་བའི་མཚན་མ་ལེན་པའི་ཕྱིར། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ནི་མཚན་མ་མེད་པར་བསྒྲིབས་པ་ལ་ལན་མང་དུ་གནས་པར་མི་ནུས་སོ་ཞེས་འབྱུང་སྟེ། དེ་ལ་ཀུན་ཏུ་རྨོངས་པ་
དང་པོས་ནི། སྡུག་བསྔལ་དང་ཀུན་འབྱུང་བ་ལ་འཁོར་བར་འཇུག་པའི་སྒོ་ཉིད་དུ་འཛིན་ཏོ། །ཀུན་ཏུ་རྨོངས་པ་ཕྱི་མས་ནི་འགོག་པ་དང་ལམ་རྣམ་པར་བྱང་བའི་མཚན་ཉིད་ཀྱི་སྒོ་ཉིད་དུ་འཛིན་ཏོ། །སྒྲིབ་པ་བཅུ་ལས་འདི་ནི་དྲུག་པ་མཚན་མ་རགས་པ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཉིད་དེ། ལྷན་ཅིག་
སྐྱེས་པའི་ཕྱོགས་གཅིག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་མ་ཡོད་པ་ཉིད་དུ་འཛིན་པའོ། །དེས་ས་དྲུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་དྲུག་པར་ཞུགས་པ་ན་གདོད་སྤོང་བར་བྱེད་དོ། །ས་བདུན་པ་ལ་
เล่ม ๑๒๐ · หน้า 6a
ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པའི་ཐབས་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བདུན་པ་རིང་དུ་སོང་བའི་སའི་
སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་སྐྱེ་བ་པོ་ཡོད་པ་ཉིད་དུ་འཛིན་པ་སྟེ། འཇུག་པ་ཕྲ་མོའི་མཚན་མ་སྐྱེ་བ་ཉིད་དུ་འཛིན་པའི་ཕྱིར་རོ་ཞེས་བཤད་དེ། འདི་ལྟར་རྐྱེན་རྣམས་ལས་
སྐྱེ་བ་དང་འགག་པའི་འཇུག་པ་ཡོད་པ་ཉིད་དུ་འཛིན་པ་སྟེ། ཡང་དག་པའི་དོན་དུ་ན་འགག་པ་ཞེས་བསྡུས་པ་ཡིན་མོད་ཀྱི། རེ་ཞིག་སྐྱེ་བ་ཁོ་ན་སྨོས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་མཚན་མ་མེད་པ་གཅིག་ཏུ་གཉེར་བའི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་འགག་པ་པོ་ཡོད་པ་ཉིད་
དུ་འཛིན་པ་སྟེ། ལུགས་ལས་བཟློག་པའི་མཚན་མ་ཕྲ་མོ་ཡོད་པ་ཉིད་དུ་འཛིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་ལས་བཟློག་པའི་མཚན་མ་ཡོད་པ་ཉིད་དུ་འཛིན་ཅིང་། གཅིག་ཏུ་མཚན་མ་མེད་པའི་ཡིད་ལ་བྱེད་པ་ཉེ་བར་མི་ནུས་ཀྱང་། སྟོང་པ་ཉིད་ལ་སྤྱོད་པ་
མཆོག་བསྐྱེད་པའོ། །སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་བདུན་པ་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྐྱེ་བ་དང་། འགག་པའི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་སོ། །དེས་ས་
བདུན་པའི་མཚན་མ་མེད་པའི་ཁྱད་པར་དུ་འཕགས་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་བདུན་པར་ཞུགས་པ་ན་གཏན་དུ་སྤོང་བར་བྱེད་དོ། །ས་བརྒྱད་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། མཚན་མ་མེད་པ་ལ་རྩོལ་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་ལ་དབང་བ་ཀུན་དུ་
རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བརྒྱད་པ་མི་གཡོ་བའི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མཚན་མ་མེད་པ་ལ་རྩོལ་བ་ཀུན་དུ་རྨོངས་པ་དང་། མཚན་མ་ལ་དབང་བ་ཀུན་ཏུ་རྨོངས་པ་ཡང་འདིར་
เล่ม ๑๒๐ · หน้า 6b
མཚན་མ་ལ་མི་དབང་བ་ཉིད་ཀྱི་ཕྱིར་དང་། འདིས་ཀྱང་ཞིང་དང་མཚན་མའི་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱིར་དང་། ས་བརྒྱད་པ་ཡན་ཆད་གཅིག་ཏུ་ཟག་པ་མེད་པའི་ལམ་རང་གི་ངང་གིས་སྐྱེ་བའི་ཕྱིར་དང་། ཁམས་གསུམ་པའི་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཤེས་བྱའི་སྒྲིབ་
པ་ཕྲ་མོ་ནི་ཀུན་ཏུ་འབྱུང་སྟེ། སྟོང་པ་སྐྱེས་པའི་ཡེ་ཤེས་ཀྱི་འབྲས་བུ་དེ་དང་མི་མཐུན་པ་མེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ལ་སྟོང་པ་སྐྱེས་པའི་ཡེ་ཤེས་ཀྱི་འབྲས་བུ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྟོང་པ་སྐྱེས་པའི་ཤེས་པས་མངོན་པར་བསྒྲུབས་པ་ཕྱིས་ཐོབ་པའི་ཤེས་པ་དང་འགོག་
པའི་སྙོམས་པར་འཇུག་པའོ། །སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་བརྒྱད་པ་མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གི་མཚན་མ་མེད་པར་བསྒོམ་པ་རང་གི་ངང་གིས་འཇུག་པར་མི་འགྱུར་བའོ། །སྔ་མའི་ས་ལྔ་
པོ་དག་ལ་ནི་མཚན་མ་དང་བཅས་པར་བསྒོམ་པ་ནི་མང་ལ། མཚན་མ་མེད་པར་བསྒོམ་པ་ནི་ཉུང་ངོ་། །ས་དྲུག་པ་ལ་མཚན་མ་དང་བཅས་པར་བསྒོམ་པ་ནི་ཉུང་ལ། མཚན་མ་མེད་པར་བསྒོམ་པ་ནི་མང་ངོ་། །ས་བདུན་པ་ནི་གཅིག་ཏུ་མཚན་མ་མེད་པར་བསྒོམ་པ་རྟག་པར་རྒྱུན་མི་འཆད་མོད་
ཀྱི། འོན་ཀྱང་རྩོལ་བ་དང་བཅས་པ་ཡིན་ཏེ། མཚན་མ་མེད་པ་ལ་རྩོལ་བ་དང་བཅས་པའི་ཕྱིར། རང་གི་ངང་གིས་མཚན་མ་དང་བཅས་ཤིང་སྟོང་པར་མི་ནུས་སོ། །རྩོལ་བ་དང་བཅས་པའི་སྒྲིབ་པ་དེ་ཡང་ས་བརྒྱད་པ་ལ་རྩོལ་བའི་ལམ་མེད་པའི་ཕྱིར། ས་བརྒྱད་པར་ཞུགས་པ་ན་གཏན་སྤོང་བར་བྱེད་དེ། དེ་གཏན་
དུ་སྤོང་བའི་ཕྱིར་དབང་རྣམ་པ་གཉིས་ཀྱང་ཐོབ་པར་འགྱུར་རོ། །ས་དགུ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། ཆོས་བསྟན་པ་དཔག་ཏུ་མེད་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པའི་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང་། སྤོབས་པ་
ལ་དབང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཆོས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་
เล่ม ๑๒๐ · หน้า 7a
དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པའི་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ལ། ཆོས་བསྟན་པ་དང་དཔག་ཏུ་མེད་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་སྟེ། བརྗོད་པར་བྱ་བའི་གཟུངས་ལ་དབང་ཐོབ་
པས་དོན་གཅིག་གི་ནང་དུ་དོན་ཐམས་ཅད་སྟོན་པའི་ཕྱིར་རོ། །ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་སྟེ། རྗོད་པར་བྱེད་པའི་གཟུངས་ལ་དབང་ཐོབ་པས་ཡི་གེ་གཅིག་གི་མིང་དང་། ཚིག་དང་། ཡི་གེའི་
ནང་དུ་མིང་དང་ཚིག་དང་ཡི་གེ་ཐམས་ཅད་སྟོན་པའི་ཕྱིར་རོ། །གོང་ནས་གོང་དུ་ཤེས་རབ་དང་སྤོབས་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། སྒྲ་སྐད་གཅིག་གིས་ཕན་ཚུན་ངེས་ཚིག་རྣམ་པར་བཤད་པའི་གཟུངས་ལ་དབང་ཐོབ་པས་
སྒྲ་སྐད་གཅིག་གི་ནང་དུ་སྒྲ་སྐད་ཐམས་ཅད་སྟོན་པའི་ཕྱིར་རོ། །སྤོབས་པ་ལ་དབང་བ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ལ། སྤོབས་པ་ལ་དབང་བ་ཞེས་པ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དབང་པོ་ལེགས་པར་རྟོགས་ཤིང་ཆོས་བསྟན་པ་ལ་མཁས་པའི་ཕྱིར་རོ། །
ཀུན་ཏུ་རྨོངས་པ་ལ་དབང་རྣམ་པ་བཞི་པོ་དེ་དག་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་དེ་ནི་ས་དགུ་པའི་སྒྲིབ་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་དགུ་པ་གཞན་ལ་ཕན་འདོགས་པ་ལ་མ་མོས་པའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་
ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་ལ་བརྩོན་པར་མ་མོས་ཤིང་རང་གི་དོན་ལ་བརྩོན་པར་མོས་པར་བྱེད་པས་སོ། །དེས་ས་དགུ་པའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒྲིབ་པར་བྱེད། ས་དགུ་པར་ཞུགས་པ་ན་གཏན་དུ་སྤོང་བར་བྱེད་དོ་
ཞེས་འབྱུང་ངོ་། །ས་བཅུ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང་། གསང་བའི་རྗེས་སུ་འཇུག་པ་ཤིན་ཏུ་ཕྲ་མོ་ཁོང་དུ་ཆུད་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བཅུ་པ་
เล่ม ๑๒๐ · หน้า 7b
ཆོས་ཀྱི་སྤྲིན་གྱི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དེ་ལ་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་ནི་བྱ་བའི་དངོས་པོའི་ལས་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ། །གསང་བའི་རྗེས་སུ་འཇུག་པ་ཤིན་ཏུ་ཕྲ་མོ་ཁོང་དུ་
ཆུད་པ་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་དང་། ཡོངས་སུ་སྦ་བར་བྱ་བ་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ། །སྒྲིབ་པ་རྣམ་པ་བཅུ་ལས་ནི་ཆོས་རྣམས་ལ་དབང་དུ་མ་གྱུར་པའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་
གཅིག་གིས་ཆོས་རྣམས་ལ་དབང་ཐོབ་པར་མི་བྱེད་པས་སོ། །དེས་ས་བཅུ་པའི་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་དང་། ཡོངས་སུ་སྦས་པ་ལས་འབྱུང་བའི་བྱ་བའི་དངོས་པོ་དག་ལ་སྒྲིབ་པར་བྱེད་དེ། ས་བཅུ་པར་ཞུགས་པ་ན་གཏན་དུ་སྤོང་ངོ་ཞེས་འབྱུང་ངོ་། །དེ་བཞིན་གཤེགས་པའི་ས་ལ་ཀུན་
ཏུ་རྨོངས་པ་གཉིས་ཡོད་དེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་དང་། ཐོགས་པ་ཕྲ་མོ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བཅུ་གཅིག་པ་དེ་བཞིན་གཤེགས་པའི་སའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་
པ་ཙམ་དུ་གྲུབ་པ་ལས། ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཤེས་བྱའི་སྒྲིབ་པ་ཕྲ་མོ་བསྟན་པ་གང་ཡིན་པའོ། །ཐོགས་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདི་རང་གི་ངང་གིས་འཇུག་པའི་ཉོན་མོངས་པའི་སྒྲིབ་པ་ས་བོན་གང་ཡིན་པ་ཐམས་ཅད་དེ། དེའི་
ཕྱིར་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤངས་ནས་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ཆེན་པོ་དང་། བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །
སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་ལོགས་ཤིག་ཏུ་སྒྲིབ་པ་གཅིག་ཏུ་ཕྱེ་ནས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ས་འདིར་ཆོས་ལ་དབང་ཐོབ་པ་ཡིན་མོད་ཀྱི། འོན་ཀྱང་སྒྲིབ་པ་ལྷག་མ་དང་བཅས་པས་ཤིན་ཏུ་མཐར་ཐུག་པ་ཞེས་མི་བྱ་སྟེ། འདིར་ལྷན་ཅིག་
เล่ม ๑๒๐ · หน้า 8a
སྐྱེས་པའི་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་ལྡན་པ་དང་། རང་གི་ངང་གིས་འཇུག་པའི་ཉོན་མོངས་པའི་སྒྲིབ་པའི་ས་བོན་དང་ལྡན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ན། དེ་དག་ཅིག་ཅར་སྤངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ་ཞེས་བསྟན་པ་ཡིན་ནོ། །
རྒྱ་ཆེར་རྣམ་པར་དབྱེ་བ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་པོ་དེ་དག་གི་ཕྱིར་ས་རྣམ་པར་གཞག་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྨོངས་པ་ལ་སོགས་པ་གསུངས་
པའི་དགོས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྨོངས་པ་ལ་སོགས་པ་གསུངས་པ་ཉིད་ཀྱི་དགོངས་པ་བསྟན་པ་དང་། བྱང་ཆུབ་ཀྱི་འཆིང་བ་རྣམས་དང་བྲལ་བར་སྟོན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་བཅུ་གཅིག་རྣམ་པར་གཞག་པར་བཞེད་པའི་ཕྱིར་ཀུན་ཏུ་རྨོངས་པ་དང་།
གནས་ངན་ལེན་རྣམས་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འཆིང་བ་དེ་དག་དང་མི་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་བྱང་ཆུབ་འཆིང་བ་རྣམས་དང་བྲལ་བར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་
གསུངས་པ་དང་། བྱང་ཆུབ་སེམས་དཔས་བསྔགས་པ་བརྗོད་པའོ། །འདི་ནི་དང་པོ་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་བསྟན་པ་སྟེ། འདི་ལྟར་གྱ་ནོམ་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་སྐབས་སུ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་རྣམས་ཡོངས་
སུ་སྤོང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་ཕན་ཡོན་ཆེ་བ་དང་། འབྲས་བུ་ཡོངས་སུ་གྲུབ་པར་བགྱིད་
པ་ལགས་པས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་བྱང་ཆུབ་སེམས་དཔས་བསྔགས་པ་བརྗོད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་སྟེ། འདི་ནི་དང་པོ་སྤྱིར་བསྔགས་པ་བརྗོད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ཕན་ཡོན་ཆེ་བ་ཡོངས་སུ་གྲུབ་པ་ནི་གཞན་ལ་
เล่ม ๑๒๐ · หน้า 8b
ཕན་འདོགས་པའི་ཡོན་ཏན་ནོ། །གཉིས་པ་འབྲས་བུ་ཆེན་པོ་ཡོངས་སུ་གྲུབ་པ་ནི་བདག་ལ་ཕན་འདོགས་པའི་ཡོན་ཏན་ནོ། །ཡང་ན་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ཕན་ཡོན་ཆེ་བ་ཞེས་བྱ་བའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་འབྲས་བུ་ཆེ་བ་ཞེས་བྱའོ། །ཡང་ན་ཤེས་
བྱའི་སྒྲིབ་པ་སྤངས་པ་གང་ཡིན་པ་དེ་ནི་ཕན་ཡོན་ཆེ་བ་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པ་གང་ཡིན་པ་དེ་ནི་འབྲས་བུ་ཆེ་བ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཀུན་ཏུ་རྨོངས་པའི་དྲ་བ་ཆེན་པོ་རབ་ཏུ་དྲལ་ཞིང་དེ་ལྟར་གནས་ངན་ལེན་གྱི་ཐིབས་པོ་ལས་ཡང་དག་པར་འདས་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་ཐོབ་པར་བགྱིད་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་བྱེ་བྲག་ཏུ་བསྔགས་པ་བརྗོད་པའོ། །མདོའི་ཚིག་འདི་ལ་ཡང་དོན་རྣམ་པ་གསུམ་ཡོད་དེ། ཀུན་ཏུ་རྨོངས་པ་རྣམས་བྲལ་བ་དང་། གནས་ངན་ལེན་ལས་ཡང་དག་པར་འདས་
པ་དང་། བྱང་ཆུབ་མངོན་དུ་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཕན་ཡོན་རྣམ་པ་གསུམ་པོ་འདི་དག་དང་ལྡན་པར་བྱེད་པས་སོ། །ཀུན་ཏུ་རྨོངས་པ་འདི་དག་ནི་སེམས་ཅན་ལ་འགེབས་ཤིང་དཀྲི་བར་བྱེད་པའི་ཕྱིར་དྲ་བ་ལྟ་བུར་བསྟན་ཏོ། །གནས་ངན་ལེན་མང་བས་ཐིབས་པོ་ལྟ་བུར་
བསྟན་ཏོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་བསྟན་པ་ལ་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་བསྟན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་ཀྱི་ཡོན་ཏན་
བརྗོད་པའོ།། །།བམ་པོ་ལྔ་བཅུ་དྲུག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་དེ་དག་ཁྱད་པར་དུ་འཕགས་པ་རྣམ་པ་དུ་དག་གིས་རྣམ་པར་གཞག་ལགས་ཞེས་བྱ་བ་འདི་མན་
ཆད་ནི་བཞི་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱིས་ས་རྣམ་པར་དབྱེ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་སྟེ། འདི་ལྟར་ས་བཅུ་གཅིག་པོ་དེ་དག་རྣམ་པ་དུ་དག་གིས་རྣམ་པར་གཞག་པ་
เล่ม ๑๒๐ · หน้า 9a
ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་
གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། གྲངས་བཞིན་དུ་མིང་དུ་བཀོད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ས་རྣམས་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་
ཡིན་པ་རྣམ་པར་འབྱེད་པ་སྟེ། འདི་ནི་དང་པོའོ། །གྲངས་སྨོས་ནས་ས་བཅུ་གཅིག་པོ་དག་ལ་ཁྱད་དུ་འཕགས་པ་རྣམ་པ་བརྒྱད་ཡོད་པར་ལན་མདོར་གསུངས་པའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་དང་། སེམས་རྣམ་པར་དག་པ་དང་། སྙིང་རྗེ་རྣམ་པར་དག་པ་དང་། ཕ་རོལ་ཏུ་
ཕྱིན་པ་རྣམ་པར་དག་པ་དང་། སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་དང་། སྐྱེ་བ་རྣམ་པར་དག་པ་དང་། མཐུ་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །འཕགས་
པ་མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་བཀོད་པ་ཕལ་ཆེར་མཐུན་ཏེ། དེ་ལ་ལྷག་པའི་བསམ་པ་ཞེས་བྱ་བ་ནི་སྔར་
གོང་དུ་ལྷག་པའི་བསམ་པ་རྣམ་པར་དག་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་རིག་པར་བྱའོ། །སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་བརྒྱད་ལ་སྤྱིར་སེམས་རྣམ་པར་དག་པ་ཞེས་བསྟན་པ་སྟེ། དེའི་ཕྱིར་འཕགས་པའི་གསུང་རབ་རྣམས་ལས་སྤྱིར་སེམས་རྣམ་
པར་དག་པ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་བསམ་གཏན་བཞི་ལ་སེམས་རྣམ་པར་དག་པ་ཞེས་བྱ་བར་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་དང་པོ་ཁོ་ནར་འཕགས་པའི་བདེན་པ་མངོན་པར་རྟོགས་པ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་
เล่ม ๑๒๐ · หน้า 9b
པའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱའོ་ཞེས་བཤད་དོ། །སྙིང་རྗེ་རྣམ་པར་དག་པ་ཞེས་བྱ་བ་ནི་ཚད་མེད་པ་བཞི་ལས་སྙིང་རྗེ་ཚད་མེད་པའོ། །སྙིང་རྗེ་དང་སྙིང་རྗེ་ཆེན་པོ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་མཛོད་ཀྱི་བསྟན་བཅོས་ལས་རྒྱུ་རྣམ་པ་
བརྒྱད་ཀྱིས་ཐ་དད་དོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དང་པོ་ནི་རང་བཞིན་གྱིས་གཏི་མུག་མེད་པ་སྟེ། ཕྱིན་ཅི་ལོག་གི་རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི་རྣམ་པ་སྟེ། སྡུག་བསྔལ་གསུམ་དང་། སྡུག་བསྔལ་གཅིག་གི་རྣམ་པ་ཐ་དད་པའི་ཕྱིར་རོ། །
གསུམ་པ་ནི་དམིགས་པ་སྟེ། ཁམས་གསུམ་དང་། ཁམས་གཅིག་གིས་དམིགས་པ་ཐ་དད་པའི་ཕྱིར་རོ། །བཞི་པ་ནི་ས་ལས་བརྩམས་པ་སྟེ། བསམ་གཏན་བཞི་པ་ནི་ཀུན་ཏུ་གཏོགས་པ་ཡིན་ལ། གཞན་ནི་ཐ་དད་པའི་ཕྱིར་རོ། །ལྔ་པ་ནི་ལུས་ལས་བརྩམས་པ་སྟེ། དེ་བཞིན་གཤེགས་
པའི་སྐུ་ཁོ་ནའི་སྐུ་ནི་ཀུན་ཏུ་ཁྱབ་པ་ཡིན་ལ། ལུས་གཞན་དག་ནི་ཐ་དད་པའི་ཕྱིར་རོ། །དྲུག་པ་ནི་མངོན་དུ་ཐོབ་པ་སྟེ། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ཐ་དད་པའི་ཕྱིར་རོ། །བདུན་པ་ནི་སྐྱོབ་པའི་དངོས་པོ་ཡོངས་སུ་གྲུབ་པ་སྟེ། བསྐྱབ་པར་བྱའོ་སྙམ་པའི་རེ་བ་ཐ་དད་པའི་ཕྱིར་
རོ། །བརྒྱད་པ་ནི་སྙིང་བརྩེ་བ་སྟེ། མཉམ་པ་ཉིད་དུ་སྙིང་བརྩེ་བའི་བྱེ་བྲག་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པར་རིག་པ་དང་རྗེས་སུ་མཐུན་པ་ལས་རྣམ་གྲངས་རྣམ་པ་ལྔས་བྱེ་བྲག་གི་མཚན་ཉིད་སྟོན་ཏོ། །རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་
སྡེ་པའི་བསྟན་བཅོས་དེ་ཁོ་ན་ཉིད་ལས་ནི་དོན་རྣམ་པ་བདུན་གྱིས་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སྙིང་རྗེ་ནི་སྙིང་བརྩེ་བ་ཁོ་ན་ཡིན་ལ། སྙིང་རྗེ་ཆེན་པོ་ནི་བྱ་བའི་དངོས་པོ་བསྒྲུབ་པར་ནུས་པའི་ཕྱིར་སྙིང་རྗེ་ཆེན་
པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་སེམས་ཅན་སྡུག་བསྔལ་བ་དེ་མཐོང་ན། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱིས་བརྩོན་པར་བྱེད་པ་དང་། གཞན་ཡང་བསྐལ་པ་དཔག་ཏུ་མེད་པ་ནས་བསྒོམས་པ་ལས་མངོན་པར་གྲུབ་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་
เล่ม ๑๒๐ · หน้า 10a
བྱའོ། །གཞན་ཡང་ཤེས་རབ་ཀྱི་མིག་གིས་སེམས་ཅན་སྡུག་བསྔལ་བ་མཐོང་ན་གདོན་མི་ཟ་བར་ཡོངས་སུ་བསལ་བར་བྱའོ་སྙམ་དུ་སེམས་བསྐྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གཞན་ཡང་ཕན་འདོགས་པ་མང་བའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །ཐོགས་
པ་མེད་པའི་ཕྱིར་ཡང་སྙིང་རྗེ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་རྗེའི་སེམས་ནི་གཞན་གྱི་ཉེས་པ་རྗེས་སུ་དྲན་པའི་ཕྱིར་ཐོགས་པ་སྐྱེ་བར་འགྱུར་ལ། སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཐོགས་པ་མེད་པ་ཉིད་དུ་རབ་ཏུ་རྟོགས་པས་སོ། །གཞན་ཡང་སྙིང་རྗེ་ལ་ནི་
མ་སྙོམས་པའི་མཐོ་དམན་ཡོད་ཀྱི། འདི་ནི་ཐམས་ཅད་ལ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གཞན་ཡང་བདག་ཉིད་ལ་ཕན་པ་སྤངས་ནས་གཞན་ལ་ཕན་འདོགས་པ་ཡོངས་སུ་གཉེར་བར་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སྙིང་རྗེ་ནི་དེ་ལྟ་བུ་མ་ཡིན་པས་འདི་ནི་
བྱེ་བྲག་གོ་ཞེས་འབྱུང་ངོ་། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བསྟན་བཅོས་མདོ་སྡེ་རྒྱན་ལས་ནི་དོན་རྣམ་པ་དྲུག་གིས་སྙིང་རྗེའི་བྱེ་བྲག་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས། མཉམ་པ་མ་ཡིན་རྟག་པ་མིན། །ཟབ་པ་མ་ཡིན་རྗེས་མཐུན་མིན། །ལམ་ཡང་མ་ཡིན་མི་དམིགས་མིན། །
སྙིང་རྗེ་དྲུག་ནི་དེ་ལྟར་བཟློག། །ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། སྙིང་རྗེ་ཆེན་པོ་མ་ཡིན་པ་རྣམ་པ་དྲུག་གི་བྱེ་བྲག་ལས་བཟློག་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་དྲུག་གི་བྱེ་བྲག་ཡིན་པས་འདི་ལྟ་སྟེ། མཉམ་པ་ཉིད་དང་རྟག་པར་རྒྱུན་དུ་བྱེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་
མཐུན་པ་དང་། ལམ་རྣམ་པར་དག་པ་དང་། མི་དམིགས་པའོ། །དེ་ལ་མཉམ་པ་ཉིད་ཅེས་བྱ་བ་ནི་བདེ་བའི་ཚོར་བ་ལ་སོགས་པ་སེམས་ཅན་གྱི་ཚོར་བ་ཇི་སྙེད་ཡོད་པ་དེ་དག་ནི་སྡུག་བསྔལ་བར་རིག་པར་བྱའོ། །རྟག་པར་རྒྱུན་དུ་ཞེས་བྱ་བ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་
དུ་ཡང་ཟད་པ་མེད་པའི་ཕྱིར་རོ། །ཤིན་ཏུ་ཟབ་པ་ཞེས་བྱ་བ་ནི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་གཞན་ལ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ། །རྗེས་སུ་མཐུན་པའི་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཅི་རིགས་པར་རབ་ཏུ་འདྲེན་པའི་ཕྱིར་རོ། །
เล่ม ๑๒๐ · หน้า 10b
ལམ་རྣམ་པར་དག་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་རྣམས་ཡོངས་སུ་སྤངས་པའི་ཕྱིར་རོ། །མི་དམིགས་པ་ཞེས་བྱ་བ་ནི་མི་སྐྱེ་བའི་བཟོད་པ་ཐོབ་པ་ན་ཆོས་རྣམས་མི་དམིགས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་
ཀྱང་དོན་རྣམ་པ་དྲུག་གིས་དེ་ཉིད་ཀྱི་བྱེ་བྲག་སྟོན་པ་ཡང་། བསྟན་བཅོས་མདོ་སྡེ་རྒྱན་ལས་བསྟན་པ་དང་མི་མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་དང་། མཛོད་ཀྱི་བསྟན་བཅོས་ལས་ནི་
རྐྱེན་རྣམ་པ་བཞིས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཉིད་དུ་ཡོངས་སུ་གྲུབ་པར་སྟོན་གྱི་བྱེ་བྲག་རྣམ་པ་གཉིས་སུ་བཤད་པ་མེད་དོ། །བསྟན་བཅོས་མདོ་སྡེ་རྒྱན་ལས་ཀྱང་རྒྱུ་རྣམ་པ་བཞིས་སྙིང་རྗེ་ཆེན་པོ་ཉིད་དུ་བསྒྲུབས་པས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལ་བསྟན་པ་དང་མི་
མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །སྙིང་རྗེ་ཆེན་པོ་དེ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་མཛོད་ཀྱི་བསྟན་བཅོས་ལས་ནི་བསྟན་བཅོས་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། མདོ་སྡེའི་རྒྱན་ལས་བསྟན་པ་དག་
དང་མཐུན་པར་བྱང་ཆུབ་སེམས་དཔའ་ལ་ཡང་སྙིང་རྗེ་ཆེན་པོ་ཡོད་པར་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་རྒྱུད་ལ་མངའ་བའི་བྱམས་པ་དང་ཐུགས་རྗེ་གང་ཡིན་པ་དེ་ནི་ཆེན་པོ་ཞེས་བྱའོ། །གཞན་
གྱི་སེམས་ཀྱི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ནི་ཆུང་བ་ཞེས་བྱའོ་ཞེས་བཤད་དོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་ལ་སྤྱོད་ཅེས་བསྟན་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ལ་ལྟོས་ན་ནི་ཆུང་བ་
ཡང་ཡིན་ལ། ཐེག་པ་གཉིས་ལ་ལྟོས་ན་ནི་ཆེན་པོ་ཞེས་བྱ་སྟེ། འདི་ནི་བཏགས་པའི་སྙིང་རྗེ་ཆེན་པོའོ། །དེ་བཞིན་གཤེགས་པའི་བྱམས་པ་དང་། ཐུགས་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཡང་དག་པ་མཆོག་ཏུ་ཆེ་བ་ཡིན་པས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་
เล่ม ๑๒๐ · หน้า 11a
ཕྱིན་པ་དྲུག་དང་བཅུ་ལ་སོགས་པ་སྟེ། འོག་ནས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་འཕགས་པ་ས་བཅུའི་མདོའི་འགྲེལ་པ་ལས། མ་ལུས་པ་གསུམ་པོ་སངས་རྒྱས་མཐོང་བ་ལུས་པ་
མེད་པ་དང་། མཆོད་པ་ལ་ལུས་པ་མེད་པ་དང་། རིམ་གྲོ་བྱ་བ་ལུས་པ་མེད་པ་དང་། ས་ཇི་སྐད་བསྟན་པ་ལྟ་བུ་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་མ་ལུས་པ་ནི་རྣམ་པ་གསུམ་སྟེ། སངས་རྒྱས་ཐམས་ཅད་མཐོང་བ་མ་ལུས་པ་དང་མཆོད་
པ་ཐམས་ཅད་མ་ལུས་པ་དང་། རིམ་གྲོ་བྱ་བ་ཐམས་ཅད་མ་ལུས་པའོ། །དེ་ལ་སངས་རྒྱས་མཐོང་བ་མ་ལུས་པ་ཡང་རྣམ་པ་གསུམ་སྟེ། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའི་སངས་རྒྱས་མཐོང་བ་གང་ཡིན་པའོ། །མཆོད་པ་ཡང་རྣམ་པ་གསུམ་སྟེ།
རྙེད་པའི་མཆོད་པ་ནི་ན་བཟའ་དང་། ཞལ་ཟས་ལ་སོགས་པའོ། །བཀུར་སྟིའི་མཆོད་པ་ནི་སྤོས་དང་། མེ་ཏོག་དང་། རྒྱལ་མཚན་ལ་སོགས་པའོ། །སྒྲུབ་པའི་མཆོད་པ་ནི་དད་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྒྲུབ་པའོ། །རིམ་གྲོ་བྱ་བ་ཡང་རྣམ་པ་གསུམ་སྟེ། ཡང་དག་པར་
ཚོལ་བའི་རིམ་གྲོ་བྱ་བ་དང་། བསུ་བསྐྱལ་གྱི་རིམ་གྲོ་བྱ་བ་དང་། སྒྲུབ་པའི་རིམ་གྲོ་བྱ་བའོ་ཞེས་འབྱུང་བ་ཡིན་ནོ། །ཡང་ན་སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་མཆོད་པ་རྣམ་པ་བཅུ་ལ་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་
བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་དང་། མངོན་སུམ་དུ་མཆོད་པ་དང་། མངོན་སུམ་མ་ཡིན་པར་མཆོད་པ་དང་། བདག་གིས་བྱས་པའི་མཆོད་པ་
དང་། གཞན་བྱེད་དུ་བཅུག་པའི་མཆོད་པ་དང་། རྙེད་པ་དང་། བཀུར་སྟིའི་མཆོད་པ་དང་། རྒྱ་ཆེན་པོའི་མཆོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང་། སྒྲུབ་པའི་མཆོད་པའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ་དུ་
เล่ม ๑๒๐ · หน้า 11b
མཆོད་པ་དེ་ནི་དེའི་སྐུ་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཕྱིར་དང་། མཆོད་རྟེན་ནམ། གཙང་ཁང་ཕྱུར་བུའམ། གཙང་ཁང་ངམ། མཆོད་རྟེན་རྙིང་པའམ། མཆོད་རྟེན་གསར་པ་ལ་མཆོད་པ་བྱེད་པ་དེ་ནི་དེའི་མཆོད་རྟེན་ལ་མཆོད་
པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པ་དང་། དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ་བྱེད་པ་ནི་མངོན་སུམ་དུ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་
གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་མཆོད་པ་བྱེད་པ་ན། འདི་ལྟར་ལྷག་པའི་བསམ་པ་དང་ལྡན་པ་དང་། དགའ་བ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་དེ། དེ་བཞིན་གཤེགས་པ་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་འདས་པ་དང་མ་བྱོན་
པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་
གྱུར་པ་འདི་ལ་མཆོད་པ་བྱའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་གྱུར་པ་འདི་ལ་ཡང་མཆོད་པ་བྱའོ། །དེ་མ་ཡིན་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
མཐའ་ཡས་མུ་མེད་པ་དག་ན་མཆོད་རྟེན་དང་། གཙང་ཁང་ཕྱུར་བུ་དང་། གཙང་ཁང་དང་། མཆོད་རྟེན་རྙིང་པ་དང་། མཆོད་རྟེན་གསར་པ་བཞུགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱའོ་སྙམ་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་
པའི་མཆོད་རྟེན་ལ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྤྱིའི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་
เล่ม ๑๒๐ · หน้า 12a
མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་དེ་བཞིན་དུ་སེམས་མངོན་པར་འདུ་བྱ་སྟེ། མཆོད་པ་བྱེད་པ་དེ་ནི་མངོན་སུམ་མ་ཡིན་པ་འབའ་ཞིག་གི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དེ་བཞིན་གཤེགས་པའི་ཕྱིར་བྱང་ཆུབ་སེམས་
དཔས་དེ་བཞིན་གཤེགས་པའི་སྐུའམ། མཆོད་རྟེན་ནམ། གཙང་ཁང་ཕྱུར་བུའམ། གཙང་ཁང་གཅིག་གམ། གཉིས་སམ། མང་པོ་ནས་བྱེ་བ་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དུ་འཇུག་པ་དེ་ཡང་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་མ་ཡིན་པའི་
མཆོད་པ་རྒྱ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ་ཅན་ཚངས་པ་དུ་མའི་བསོད་ནམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ཏེ། དེ་བྱང་ཆུབ་སེམས་དཔའ་བསྐལ་པ་ཆེན་པོ་བསྐལ་པ་དུ་མ་ཡང་ལོག་པར་ལྟུང་བར་མི་འགྱུར་ལ། གཞི་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་
ཚོགས་ཀྱང་ཡོངས་སུ་རྫོགས་པར་མི་བྱེད་པར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དེའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཁོ་ན་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་བལྟ་བར་བྱའོ། །མངོན་སུམ་མ་ཡིན་
པ་འབའ་ཞིག་གི་བསོད་ནམས་ཀྱི་འབྲས་བུ་དེ་བས་རྒྱ་ཆེ་བར་བསྟན་པར་བྱའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྤྱིའི་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་རྒྱ་ཆེ་བར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་
མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱི་རང་གི་ལག་གིས་བྱེད་དེ། སྙོམ་ལས་དང་བག་མེད་པའི་གནས་ལ་བརྟེན་ཏེ་བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་བྱེད་དུ་
མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་འབའ་ཞིག་མི་བྱེད་པར་ཕ་མ་གཉིས་ཀྱང་བྱེད་
เล่ม ๑๒๐ · หน้า 12b
དུ་འཇུག་པ་དང་བུ་དང་ཆུང་མ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ནས་མུ་སྟེགས་ཅན་རབ་ཏུ་བྱུང་བ་རྣམས་ཀྱི་བར་དག་དེ་ལ་དེ་བཞིན་གཤེགས་
པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔས་མཆོད་པ་བྱ་བའི་སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་ཡོད་ལ།
སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གིས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ་བ་བྱས་ནས་བདེ་བར་འགྱུར་རོ་སྙམ་ནས་དངོས་པོ་དེ་བསམས་བཞིན་དུ་གཞན་དག་ཁོ་ན་ལ་སྦྱིན་
པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་ལ། བྱང་ཆུབ་སེམས་དཔའ་ནི་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་འབའ་ཞིག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་
བདག་འབའ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ། །གཞན་འབའ་ཞིག་གིས་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིན་ནོ། །ཐུན་མོང་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་སྟེ་གོང་ན་མེད་པར་རིག་པར་བྱའོ། །
དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོ་སྨན་དང་། ཡོ་བྱད་རྣམས་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་།
ཐལ་མོ་སྦྱོར་བ་དང་། མཆོད་པའི་ལས་བདུག་པའི་སྤོས་རྣམས་དང་། ཕྱེ་མའི་སྤོས་རྣམས་དང་། བྱུག་པའི་སྤོས་རྣམས་དང་། མེ་ཏོག་ཕྲེང་བ་རྣམ་པ་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མེ་རྣམ་པ་སྣ་ཚོགས་འབུལ་བ་དང་། བསྟོད་པ་
เล่ม ๑๒๐ · หน้า 13a
རྣམ་པ་སྣ་ཚོགས་དང་། ཡན་ལག་ལྔས་ཕྱག་བྱ་བ་དང་། གཡས་ཕྱོགས་སུ་བསྐོར་བ་དག་གིས་མཆོད་པ་བྱེད་པ་དང་། དེ་བཞིན་དུ་ཟད་མི་ཤེས་པ་ཅན་གྱི་སྦྱིན་པ་ལ་སོགས་པས་མཆོད་པ་དེ་ནི། བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པའམ། དེ་བཞིན་
གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། བཀུར་སྟིས་མཆོད་པ་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོར་མཆོད་པ་བྱེད་དེ། དངོས་
པོ་མང་པོ་དང་། དངོས་པོ་གྱ་ནོམ་པ་དང་། མངོན་སུམ་དང་། མངོན་སུམ་མ་ཡིན་པ་དང་། བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང་མོས་པ་དྲག་པོས་མཆོད་པ་བྱེད་ལ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱ་བ་བྱེད་དེ། ཁྱད་དུ་གསོད་པའམ། ལེ་ལོས་གཞན་དག་བྱེད་དུ་
འཇུག་པ་མ་ཡིན་པ་དང་། གུས་པས་བྱེད་དེ་མ་གུས་པས་མ་ཡིན་པ་དང་། སེམས་མི་གཡེང་བས་བྱེད་པ་དང་། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང་། སངས་རྒྱས་ལ་མངོན་པར་དད་པའི་རྒྱལ་པོ་ལ་སོགས་པ་སེམས་རྒྱ་ཆེན་པོ་དག་ལས་རྙེད་པ་དང་། བཀུར་སྟིའི་
རྒྱུས་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང་། མི་མཐུན་པའི་དངོས་པོས་མཆོད་པ་བྱེད་དེ། བ་བླས་བྱུག་པ་དང་། མར་ཁུས་བཀྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨརྐའི་མེ་ཏོག་ལ་སོགས་པ་དང་། གཞན་ཡང་ཡོ་བྱད་དུ་རུང་བ་མ་ཡིན་པ་དག་གིས་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་
དཔའི་མཆོད་པ་རྣམ་པ་དྲུག་ཀུན་ནས་ཉོན་མོངས་ཅན་མ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་རང་གི་ཞོ་ཤས་བསྒྲུབས་པ་ཡང་མེད་ལ། གཞན་ཡང་བཙལ་ཏེ་རྙེད་པ་ཡང་མེད། བྱང་ཆུབ་སེམས་དཔའ་ཡོ་བྱད་ལ་དབང་ཐོབ་པ་ཡང་མ་
เล่ม ๑๒๐ · หน้า 13b
ཡིན་ན་ཡང་དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུའི་གླིང་ངམ། གླིང་བཞི་པའམ། སྟོང་ངམ། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན་པོའམ། ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་པ་དག་ན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡོད་པ་དེ་དག་ཐམས་ཅད་
ཀྱང་བྱང་ཆུབ་སེམས་དཔའ་དད་པ་ཅན་གྱི་དགའ་བ་དང་ལྡན་པ་དང་། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱི་ཁྱད་པར་བྱས་ནས་རྗེས་སུ་ཡི་རང་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཚོགས་ཆུང་ངུས་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་ཚད་མེད་པ་བྱང་ཆུབ་ཀྱི་ཚོགས་ཆེན་
པོས་ཡོངས་སུ་བསྡུས་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཉམས་བདེ་བ་དང་། སེམས་དགའ་བས་བརྩོན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་དུ་ཐ་ན་བ་བཞོས་ཙམ་གྱི་བར་དུ་ཡང་། སེམས་ཅན་
སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད་དེ། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་
དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་དང་། ཆོས་དང་དགེ་འདུན་རྗེས་སུ་དྲན་པ་སྒོམ་པར་བྱེད། དེ་བཞིན་དུ་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་ལ་ཡང་ཆོས་
ཐམས་ཅད་ལ་བཟོད་པ་ཆུང་ངུའི་ཤེས་པ་ཕྱོགས་གཅིག་པས་ཀྱང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་བཞིན་ཉིད་ལ་མོས་ཤིང་རྣམ་པར་མི་རྟོག་པ་དང་། མཚན་མ་མེད་པའི་སེམས་ཀྱིས་གནས་པར་བྱེད་ན། དེའི་གོང་དང་དེ་ལས་ལྷག་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་
ཁྲིམས་ཀྱི་སྡོམ་པ་ཡོངས་སུ་སྲུང་བ་དང་། ཞི་གནས་དང་ལྷག་མཐོང་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱེད་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པས་དེ་
เล่ม ๑๒๐ · หน้า 14a
བཞིན་གཤེགས་པ་ལ་མཆོད་པའི་མཆོག་གྱི་ནོམ་པ་གོང་ན་མེད་པ་ཡིན་ཏེ། སྔ་མ་རྙེད་པ་དང་། བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་ལ་ཡང་མཆོད་པ་དེའི་བརྒྱའི་ཆ་དང་། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་
ནི་རྣམ་པ་བཅུ་པོ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་མཆོད་པ་དང་། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བ་ཅི་རིགས་པར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་
བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་དང་། མདོ་སྡེ་རྒྱན་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །
དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་ནི། འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞི་ལ་མདོར་བསྡུ་ན་སེམས་ཅན་ཡོངས་སུ་སྨིན་
པར་བྱེད་པའི་སྤྱོད་པ་ཞེས་བྱའོ། །འཕགས་པའི་གསུང་ལ་བཞུགས་པ་ཡོངས་སུ་གདུལ་བར་བྱ་བའི་སེམས་ཅན་གང་ཡིན་པ་སྟེ། འདི་ལྟར་ཟང་ཟིང་དང་ཆོས་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྡུ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ལ་ཟང་ཟིང་གིས་བསྡུ་བ་ནི་ཡེ་ཤེས་ཀྱི་གྲོགས་བྱས་ནས་ཡོངས་སུ་སྡུད་པ་སྟེ།
ཐབས་ཀྱིས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱིས་བསྡུ་བ་ནི་ཡང་དག་པར་སྡུད་པ་སྟེ། འཇུག་པ་དང་རྗེས་སུ་འཇུག་པའི་ཐབས་ཀྱིས་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་དེ་དག་ཀྱང་བསྡུ་བའི་སྤྱོད་པ་རྣམ་པ་ལྔ་ལ་བརྟེན་ནས་བསྡུ་བའི་དངོས་པོ་ཞེས་བཤད་དེ། དེ་ལ་བསྡུ་བའི་
སྤྱོད་པ་རྣམ་པ་ལྔ་ནི་བརྟེན་ནས་ཡོངས་སུ་བསྡུ་བ་དང་། དགེ་བ་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་ཡོངས་སུ་བསྡུ་བ་དང་། ལེགས་པར་ཡང་དག་པར་རྩོལ་དུ་གཞུག་པའི་ཕྱིར་ཡོངས་སུ་བསྡུ་བ་དང་། ལེགས་པར་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་བསྡུ་བ་དང་། ལེགས་པར་རྣམ་པར་
เล่ม ๑๒๐ · หน้า 14b
གྲོལ་བར་བྱ་བའི་ཕྱིར་ཡོངས་སུ་བསྡུ་བའོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངས་སུ་སྨིན་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ་ཡོངས་སུ་སྨིན་པའི་ངོ་བོ་ཉིད་འདི་ལྟ་སྟེ། དགེ་བའི་ཆོས་ཀྱི་ས་བོན་དང་། དགེ་བའི་ཆོས་ལ་ཀུན་ཏུ་བསྟེན་པའི་ངོ་བོ་ཉིད་གང་ཡིན་པའོ། །དེ་
ལ་ཡོངས་སུ་སྨིན་པའི་གང་ཟག་རྣམས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཐེག་པ་གསུམ་གྱི་རིགས་ཅན་དང་། རིགས་མེད་པའི་གང་ཟག་གང་ཡིན་པའོ། །ཡོངས་སུ་སྨིན་པའི་རྣམ་པའི་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། དབང་པོ་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་།
ཤེས་པ་ཡོངས་སུ་སྨིན་པ་དང་། ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་ཐབས་ནི་རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། ཁམས་བརྟས་པ་ནས། དེ་གཉི་ག་ཡོངས་སུ་སྨིན་པའི་བར་དུའོ། །དེ་ལ་ཡོངས་སུ་སྨིན་པའི་གང་ཟག་ནི་རྣམ་པ་དྲུག་
སྟེ། མོས་པས་སྤྱོད་པའི་ས་པ་སའི་མདུན་རོལ་པ་དང་། ལྷག་པའི་བསམ་པ་དག་པ་སྟེ། ས་དང་པོ་པ་དང་། སྤྱོད་པའི་ས་ལ་གནས་པ་སྟེ། ས་གཉིས་པ་ནས་ས་བདུན་པའི་བར་དང་། ངེས་པའི་ས་ལ་གནས་པ་སྟེ། ས་བརྒྱད་པ་དང་། སྤྱོད་པར་ངེས་པར་གྲུབ་པའི་ས་ལ་གནས་པ་སྟེ། ས་དགུ་པ་དང་།
མཐར་ཐུག་པའི་ས་ལ་གནས་པ་སྟེ། ས་བཅུ་པ་དང་སངས་རྒྱས་ཀྱི་ས་གང་ཡིན་པའོ། །དེ་ཡོངས་སུ་སྨིན་པའི་གང་ཟག་ནི་མཚན་ཉིད་འདི་ལྟ་སྟེ། ཐེག་པ་གསུམ་གྱི་གང་ཟག་ནི་རེ་རེ་ལ་ཡང་རྣམ་པའི་དབྱེ་བ་རྣམ་པ་གསུམ་གསུམ་ཡོད་དེ་ཞེས་བཤད་དོ། །ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །
དེ་ལ་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྐྱེ་བ་རྣམ་པ་སྣ་ཚོགས་ལེན་པ་གང་ཡིན་པ་དེ་ནི་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་
སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གནོད་པ་ཡང་དག་པར་ཞི་བར་བྱེད་པ་དང་། དེ་ཡང་སྐལ་བ་མཉམ་པར་མཐུན་པར་འཇུག་པ་དང་། ཆེན་པོར་སྐྱེ་བ་དང་། བདག་པོར་སྐྱེ་བ་དང་། ཐ་མའི་སྐྱེ་བའོ། །
เล่ม ๑๒๐ · หน้า 15a
དེ་ལ་ཡང་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མུ་གེས་ཕོངས་ཤིང་གནོད་པ་ཆེན་པོ་བྱུང་བའི་དུས་དག་ཏུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་འགྲོ་བ་མཐའ་དག་རང་གི་ཤས་ཚིམ་པར་བྱེད་དོ། །སེམས་ཅན་ནད་མང་བ་
རྣམས་ལ་ནད་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་རིག་སྔགས་འཆང་གྲུབ་པའི་སྨན་ཆེན་པོའི་ལུས་ཡོངས་སུ་འཛིན་པར་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་ཤིན་ཏུ་གནོད་པར་འགྱུར་བའི་སེམས་ཅན་དག་ལ་ནི་ཆོས་བཞིན་དུ་སྙོམས་པར་འཇུག་པ་ཐབས་ལ་མཁས་པས་ཕ་རོལ་གྱི་དམག་
ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར་རོ། །སེམས་ཅན་ཕན་ཚུན་མི་མཐུན་པ་རྣམས་ལ་ནི་སྡུམས་བྱ་བ་དང་། འཁོན་གྱི་བསམ་པ་སྤང་བའི་ཕྱིར། ཚིག་བརྩན་པར་འགྱུར་བ་ལ་སོགས་པའོ། །དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ནི་འདི་ལྟ་
སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི། སྨོན་ལམ་གྱིས་སམ། དབང་ཐོབ་པས་འགྲོ་བ་དྲུག་པོ་དག་གི་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་སྐྱེས་པར་གྱུར་ནས། དེ་དག་དགེ་བ་གང་ཀུན་ཏུ་མི་སྤྱོད་པ་དེ་ནི་ཀུན་ཏུ་སྤྱོད་དོ། །དགེ་བ་ཀུན་ཏུ་སྤྱོད་པར་བྱ་བའི་ཕྱིར། ཡང་ཆོས་སྟོན་པ་གང་ཡིན་པ་དེ་ནི་སྐལ་བ་མཉམ་པར་
མཐུན་པར་འཇུག་པའི་སྐྱེ་བ་ཞེས་བྱའོ། །ཆེན་པོར་སྐྱེ་བའི་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ན་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཚེ་དང་། ཁ་དོག་དང་རིགས་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་བདག་
པོར་སྐྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དང་པོ་ནས་བཟུང་སྟེ། ས་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་འཛམ་བུའི་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང་དུ་གནས་པ་མཆོག་ཐོབ་པ་ཁོ་ནའི་བྱང་
ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་བ་དབང་ཕྱུག་ཆེན་པོའི་བར་དེ་ནི། དེའི་བདག་པོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱི་དབང་གིས་གྲུབ་པ་ཡིན་ནོ། །དེ་ལ་ཐ་མའི་སྐྱེ་བ་ནི་འདི་ལྟ་སྟེ། སྐྱེ་བ་ནི་གང་དུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་མམ།
เล่ม ๑๒๐ · หน้า 15b
རྒྱལ་པོའི་ཕོ་བྲང་དུ་སྐྱེ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་སྐྱོང་བར་མཛད་པ་དེ་ནི་ཐ་མའི་སྐྱེ་བ་ཡིན་ཏེ་ཕྱི་མ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་
དགེ་བ་དང་བཟང་བ་དང་། ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་གང་སུ་དག་ཀྱང་རུང་། སྐྱེ་བ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟད་དེ། འདི་དག་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱིས་པའི་སར་སྐྱེ་བ་ནི་མ་གཏོགས་ཏེ། དེ་ཅིའི་ཕྱིར་
ཞེ་ན། འདི་ལྟར་སྐྱེ་བ་ལྔ་པོ་འདི་དག་གི་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ཡིན་པར་འདོད་པའི་ཕྱིར་རོ། །སྐྱེ་བ་དེ་དག་ནི་བྱང་ཆུབ་ཆེན་པོའི་སའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་རོ་ཞེས་འབྱུང་བ་ཡིན་ཏེ། དེ་ནི་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །
གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱེ་བ་ལེན་པའི་རྒྱུ་དང་རྐྱེན་རྣམ་པ་བཞི་དང་ལྡན་ན་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་རྣམ་པ་བཞི་ནི་འོག་ནས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉེས་པར་སྤྱོད་པ་ཡོངས་སུ་སྤངས་པ་ཡིན་ན་ཇི་ལྟར་གནོད་
པ་ཡང་དག་པར་ཞི་བར་བྱེད་པ་ལ་སོགས་པའི་སྐྱེ་བ་སྲིད་ཅེ་ན། སྨྲས་པ་དང་། སྤྲུལ་པ་ལ་དགོངས་ནས་དེ་སྐད་བཤད་དེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་གི་འཕགས་པའི་ཟག་པ་མ་མཆིས་པའི་ཆོས་དེ་དག་ཡོངས་
སུ་གྲུབ་པར་གྱུར་ཀྱང་ངན་འགྲོའི་སྐྱེ་བ་རྣམས་སུ་སྐྱེ་བ་ལེན་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པས་ངན་འགྲོའི་སྐྱེ་བ་སྤྲུལ་པ་དེ་ཡང་དག་པར་ངན་འགྲོ་ཡིན་ཞིང་དེ་དག་གི་སྡུག་བསྔལ་མྱོང་བར་འགྱུར་རམ། རབ་འབྱོར་
เล่ม ๑๒๐ · หน้า 16a
གྱིས་གསོལ་པ། བདེ་བར་གཤེགས་པ་དེ་མ་ལགས་སོ། །དེ་བཞིན་གཤེགས་པས་ངན་འགྲོར་སྐྱེ་བའི་ལུས་སྟོན་པར་མཛད་ཀྱང་ཡང་དག་པར་ངན་འགྲོའི་སྐྱེ་བ་མ་ལགས་ཤིང་དེ་དག་གི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་
བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་ཏེ། རང་གི་རྣམ་པར་དག་པ་ཟག་པ་མེད་པའི་ཆོས་ཐམས་ཅད་ཡོངས་སུ་གྲུབ་ཀྱང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ཀྱིས་ངན་འགྲོའི་ལུས་ཡང་དག་པར་ལེན་པར་བྱེད་དོ། །ལུས་དེ་ཡང་
དག་པར་བླངས་པས་ཀྱང་། ཅི་རིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོའི་ལུས་རྣམ་པ་སྣ་ཚོགས་ལེན་པར་སྟོན་པར་བྱེད་དེ། དེ་དག་གི་ལུས་ཡང་དག་པར་ལེན་པར་བྱེད་ཀྱང་། ཡང་དག་པར་
དེ་དག་གི་ལུས་ཀྱང་མ་ཡིན་ལ། དེ་དག་གི་ཉེས་པས་ཀྱང་གོས་པར་མི་འགྱུར་རོ་ཞེས་གསུངས་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་ཏེ་ཞེས་གསུངས་པ་དང་། གཞན་ཡང་ཡང་དག་པར་དེ་དག་གི་ལུས་ཀྱང་མ་ཡིན་ནོ་ཞེས་གསུངས་
པའི་ཕྱིར་སྤྲུལ་པ་ཡིན་གྱི་ཡང་དག་པའི་ལུས་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་སྤྲུལ་པའི་ལུས་ཡིན་ན་གོ། །དེ་བཞིན་གཤེགས་པ་དེ་དག་མཚུངས་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་ཀྱི་སྐབས་སུ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་ཞེས་བསྟན་ཅེ་ན། སྨྲས་པ། ངན་སོང་རྣམ་པ་གསུམ་པོ་དེ་དག་ཏུ་དེ་བཞིན་
གཤེགས་པ་དང་ཐ་དད་པ་མེད་ཀྱང་ལྷ་དང་མིའི་གནས་སུ་བྱང་ཆུབ་སེམས་དཔའ་སྐྱེ་བ་ཡང་དག་པར་ལེན་པ་ཡང་ཡོད་པས། དེའི་ཕྱིར་སངས་རྒྱས་ཀྱི་གནས་སྐབས་སུ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་ཞེས་བསྟན་ཏེ། འདི་ལྟར་སྐྱེ་བ་རྣམ་པ་ལྔ་ལས། དང་པོ་གཉིས་ནི་དེ་བཞིན་གཤེགས་པ་དང་མཚུངས་
སོ། །ཕྱི་མ་གསུམ་ནི་དེ་བཞིན་གཤེགས་པ་དང་བྱེ་བྲག་ཡོད་པས་སོ། །དེ་ལ་མཐུ་ཞེས་བྱ་བ་ནི་མཐུ་སྟོབས་ལ་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་མཐུའི་ལེའུ་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་
เล่ม ๑๒๐ · หน้า 16b
ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ། དེ་ལ་འཕགས་པའི་མཐུ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ཅད་གྲུབ་པ་ནི་སེམས་ལས་སུ་རུང་བའི་ཕྱིར་དང་། སེམས་ཤིན་ཏུ་ལེགས་པར་བསྒོམས་པའི་
ཕྱིར་འཕགས་པའི་མཐུ་ཞེས་བྱའོ། །ཆོས་ཀྱི་མཐུ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །དེ་ལ་འདིར་ཆོས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཏེ། འདི་ལྟ་སྟེ། སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ། །
ཆོས་དེ་དག་གི་མཐུ་ཇི་སྙེད་ཡོད་པ་གང་ཡིན་པ་དེ་དག་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །དེ་ལ་ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་ཡིན་པ་དེ་དག་གི་ལྷན་ཅིག་སྐྱེས་
པའི་མཐུ་ཡིན་པར་རིག་པར་བྱའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ཡང་རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་དུ་
གྱུར་པའི་མཐུ་དང་། ཐུན་མོང་མ་ཡིན་པའི་མཐུའོ། །དེ་ལ་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་མཐོང་བ་དང་། ཟག་པ་ཟད་པའི་ཤེས་པ་མངོན་སུམ་དུ་བྱ་བ་ནི་མངོན་པར་ཤེས་
པའི་མཐུ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་མཐུ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། རང་བཞིན་གྱིས་ཚེ་རབས་དགོངས་པ་དང་། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་མ་བརྟགས་པར་ཡང་སྡུག་
བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་བཟད་པ་རྒྱུན་མི་འཆད་པ་རྣམས་བཟོད་ཅིང་ཇི་མི་སྙམ་པ་ལ་སོགས་པའོ། །དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆ་ཕྲ་བ་དང་། རྣམ་པ་དང་། ཁམས་སོ། །འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་
เล่ม ๑๒๐ · หน้า 17a
དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དེ་ལྟ་བུ་ནི་ཆ་ཕྲ་བ་ཞེས་བྱའོ། །མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་
མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་དེ་ནི་རྣམ་པ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ནི་ཁམས་ཞེས་བྱའོ། །ཉན་ཐོས་མངོན་པར་ཤེས་པའི་ཡུལ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དང་། སེམས་
ཅན་གྱི་ཁམས་ཡུལ་དུ་གྱུར་པ་ཡིན་ནོ། །རང་སངས་རྒྱས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུལ་དུ་གྱུར་པ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་མ་ཡིན་
པས་དེའི་ཕྱིར་དེ་དག་གི་མཐུའི་ཡུལ་ནི་འཇིག་རྟེན་གྱི་ཁམས་གཅིག་པུར་ཟད་དོ། །རྣམ་པ་འདི་དག་མ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ལས་གཞན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་
ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དང་མཉམ་པ་མ་ཡིན་ན། ལྷ་དང་། མི་དང་། མུ་སྟེགས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་དང་ལྟ་མཚུངས་རེ་སྐན་ཞེས་བསྟན་པ་ཡིན་ནོ། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་མངོན་
པར་ཤེས་པའི་ལེའུ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པའི་ནང་ནས་མཐུའི་ལེའུ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། གོང་དུ་བསྟན་པ་ལྟ་བུའི་མཐུ་དང་ལྡན་པའི་ཕྱིར་མཐུ་རྣམ་པར་དག་པ་ཞེས་བྱའོ། །རིགས་ཀྱི་བུ་ས་དང་པོ་ལ་
ལྷག་པའི་བསམ་པ་རྣམ་པར་དག་པ་ནས། མཐུ་རྣམ་པར་དག་པའི་བར་གང་ཡིན་པ་དང་། ས་གོང་མ་གོང་མ་རྣམས་དང་། སངས་རྒྱས་ཀྱི་སའི་བར་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པའི་བར་གང་ཡིན་པའི་རྣམ་པར་དག་པ་དེ་དག་ནི་གོང་ནས་གོང་དུ་ཁྱད་
เล่ม ๑๒๐ · หน้า 17b
པར་དུ་འཕགས་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ས་ལ་ནི་སྐྱེ་བ་རྣམ་པར་དག་པ་མ་གཏོགས་སོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ས་རྣམས་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་དབྱེ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ལས་བརྩམས་
ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་དབྱེ་བ་དང་། གཞན་ཡང་ས་དང་པོ་ཞེས་བྱ་བ་མན་ཆད་སྤྱིར་ཡོན་ཏན་གཞན་དག་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་འབྱེད་པ་སྟེ་འདི་ནི་དང་པོའོ། །འདི་ལྟར་ས་དང་པོ་
ནས་ས་བཅུ་པའི་བར་དུ་ས་རེ་རེ་ཡང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་དང་ལྡན་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་རྣམ་པ་བདུན་ཁོ་ན་སྟེ། སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ནི་གནོད་པ་གང་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ལ་སོགས་པ་ལ་དགོངས་ནས་བསྟན་པ་ཡིན་ནོ། །
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་སྐྱེ་བ་ཡང་དག་པར་ལེན་པ་རྣམ་པ་ལྔ་བསྟན་པ་ཡང་། ས་བཅུ་ཁོ་ན་ལ་བསྟན་པ་ཡིན་གྱི། སའི་མདུན་རོལ་དང་། སངས་རྒྱས་ཀྱི་ས་ནི་མ་གཏོགས་པའི་ཕྱིར་རོ། །གཞན་ཡང་ས་བཅུ་པོ་དག་གིས་ནི་རྣམ་པར་སྨིན་པའི་འབྲས་བུ་བསྡུས་པ་
ཡིན་ཏེ། རྒྱལ་པོ་བཅུ་རྣམ་པར་སྨིན་པའི་བདག་ཉིད་དངོས་པོ་དང་བཅས་པ་དང་། རྣམ་པར་འགྱུར་བ་ཡང་གཏོགས་པས་སའི་མདུན་རོལ་གྱིས་ཟག་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བདག་པོའི་རྐྱེན་བྱས་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེའི་བདག་ཉིད་ཀྱི་
ཁྱད་པར་དུ་འཕགས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར། སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་ཀྱང་། དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་བསགས་པ་ལས་བྱུང་བའི་ཕྱིར་ཞེས་གསུངས་པས་སྐྱེ་བ་རྣམ་པར་དག་པ་མ་གཏོགས་སོ། །གཞན་ཡང་ས་དང་པོའི་
ཡོན་ཏན་ཇི་སྙེད་པ་དག་ནི་ས་གོང་མ་རྣམས་ལ་ཡང་མཉམ་པ་ཉིད་དུ་ཡོད་ཀྱང་། རང་གི་སའི་ཡོན་ཏན་གྱི་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་ཡོན་ཏན་གཞན་དག་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་
เล่ม ๑๒๐ · หน้า 18a
འབྱེད་དོ། །འདི་ཡང་རྣམ་པ་གཉིས་ཏེ། ཁྱད་པར་དུ་འཕགས་པ་མ་ཡིན་པ་བསྟན་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པའི་བྱེ་བྲག་བསྟན་པ་སྟེ། འདི་ནི་དང་པོ་ཁྱད་པར་དུ་འཕགས་པ་མ་ཡིན་པ་བསྟན་པའོ། །འདི་ལྟར་ས་དང་པོ་ཡོན་ཏན་ཇི་སྙེད་ཡོད་པ་དག་ནི་ས་
རེ་རེ་ཀུན་ལ་ཡང་ཡོད་དེ། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ས་རྣམས་ཀུན་ལ་ཡོད་ཀྱང་། ས་དང་པོ་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་པ་ཡིན་ལ། གཞན་དགུ་པོ་དག་ནི་ཁྱད་པར་དུ་འཕགས་པ་མ་ཡིན་པ་དང་། ས་གཉིས་པ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་
པ་ཡིན་ལ། གཞན་དགུ་པོ་དག་ལ་ནི་ཁྱད་པར་དུ་འཕགས་པ་མ་ཡིན་པ་ལྟ་བུ་སྟེ། ས་གཞན་རྣམས་ལ་ཡང་འདི་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཅུ་པོའི་ཡོན་ཏན་ཐམས་ཅད་ནི་བླ་ན་ཡོད་པ་ཡིན་ལ། སངས་རྒྱས་ཀྱི་སའི་ཡོན་ཏན་ནི་བླ་ན་མེད་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་
གཉིས་བླ་ན་ཡོད་པ་དང་བླ་ན་མེད་པའི་བྱེ་བྲག་ལས་ས་རྣམ་པར་འབྱེད་པའོ། །ས་བཅུའི་ཡོན་ཏན་དག་ནི་ཡང་གོང་ན་ཁྱད་པར་དུ་འཕགས་པ་དང་བཅས་པའི་ཕྱིར་བླ་ན་ཡོད་པ་ཡིན་ལ། སངས་རྒྱས་ཀྱི་སའི་ཡོན་ཏན་ནི་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །ལེགས་པའི་
ཚུལ་ཁྲིམས་བསྟན་པའི་མདོ་ལས། བླ་ན་མེད་པའི་བྱང་ཆུབ་ནི་བླ་ན་མེད་པའི་རྣམ་པ་བདུན་དང་ལྡན་པའི་ཕྱིར་བླ་ན་མེད་པ་ཞེས་བྱ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་བརྒྱན་པའི་ཕྱིར་དང་། བླ་ན་མེད་པའི་བདག་དང་གཞན་ལ་ཕན་འདོགས་པའི་བདེ་བ་ཡོངས་སུ་འཛིན་པའི་ཕྱིར་དང་། ཕུན་སུམ་
ཚོགས་པ་བླ་ན་མེད་པ་ནི་འདི་ལྟ་སྟེ། སྐུ་ཚེ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པའི་ཕྱིར་དང་། ཡེ་ཤེས་བླ་ན་མེད་པ་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་ནི་འདི་ལྟ་སྟེ།
ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པའི་ཕྱིར་དང་། རྣམ་པར་གྲོལ་བ་བླ་ན་མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྒྲིབ་པ་གཉིས་པོ་དག་བཅོམ་པའི་ཕྱིར་དང་། སྤྱོད་པ་བླ་ན་མེད་པ་ནི་འདི་ལྟ་སྟེ། འཕགས་པའི་སྤྱོད་པ་དང་། ལྷའི་སྤྱོད་པ་དང་། ཚངས་པའི་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །དེ་
เล่ม ๑๒๐ · หน้า 18b
བཞིན་གཤེགས་པ་ནི་བླ་ན་མེད་པའི་སྐུ་ཡིན་པའི་ཕྱིར་སྐྱེས་བུ་ཆེན་པོ་ཞེས་བྱའོ། །ཡོངས་སུ་འཛིན་པ་བླ་ན་མེད་པའི་ཕྱིར་ཐུགས་རྗེ་ཆེན་པོ་ཅན་ཞེས་བྱའོ། །ཕུན་སུམ་ཚོགས་པ་བླ་ན་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡེ་ཤེས་བླ་ན་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །བསམ་
གྱིས་མི་ཁྱབ་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །རྣམ་པར་གྲོལ་བ་བླ་ན་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །སྤྱོད་པ་བླ་ན་མེད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ་ཞེས་གསུངས་ཏེ། དོན་རྣམ་པ་འདི་བདུན་དང་ལྡན་པའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ནི་བླ་ན་མེད་པ་ཞེས་
བྱའོ།། །།བམ་པོ་ལྔ་བཅུ་བདུན་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བ་ནི་སྲིད་པར་སྐྱེ་བ་རྣམས་ཀྱི་ནང་ན་རབ་མཆོག་ཅེས་བགྱི་ལགས་ཞེས་
བྱ་བ་འདི་མན་ཆད་ལྔ་པ་སྐྱེ་བ་ཁྱད་པར་དུ་འཕགས་པ་ལས་བརྩམས་ནས་ས་རྣམས་རབ་ཏུ་དབྱེ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པའོ། །འདི་ནི་དང་པོ་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་པ་དང་། འདི་ལྟར་སྔར་སྐྱེ་བ་ཁྱད་པར་དུ་འཕགས་པ་ཞེས་གསུངས་
པས། དེ་དོན་གང་ལ་དགོངས་པའི་ཕྱིར་ཁྱད་པར་དུ་འཕགས་ཞེས་བགྱི་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་དང་རྐྱེན་རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་
དེ་བཞིན་གཤེགས་པས་ཡང་དག་པར་ལེན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གྲངས་ལན་མདོར་གསུངས་པ་དང་། རྐྱེན་རྣམ་པ་བཞི་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོའོ། །དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པར་བསགས་པ་ལས་བྱུང་བའི་ཕྱིར་དང་།
ཆེད་དུ་ཡིད་ཀྱིས་སོ་སོར་བརྟགས་པའི་སྟོབས་ཀྱིས་ལེན་པ་ཉིད་ཀྱི་ཕྱིར་དང་། སྙིང་བརྩེ་བས་སེམས་ཅན་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་དང་། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་གཞན་གྱིས་ཀུན་ནས་ཉོན་མོངས་པ་རྣམ་པར་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་རྐྱེན་རྣམ་པ་བཞི་
เล่ม ๑๒๐ · หน้า 19a
རྣམ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་བསགས་པ་ལས་བྱུང་བའི་ཕྱིར་ཏེ། འདི་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་པའི་སྟོབས་ཀྱི་སྐྱེ་བ་ལེན་པ་ཞེས་བསྟན་པ་ཉིད་དོ། །གཉིས་པ་ཕྱེད་དུ་
ཡིད་གཉིས་ཀྱིས་སོ་སོར་བརྟགས་པ་ཞེས་བྱ་བ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་པ་སྟེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས། དེ་ལ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་པ་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པའོ་ཞེས་བཤད་དོ། གང་དུ་བསྟན་པ་རྣམ་པ་འདི་གཉིས་ནི་
ཉེ་བའི་རྐྱེན་ཡིན་ནོ། །གསུམ་པ་སྙིང་བརྩེ་བ་ཞེས་བྱ་བ་འདིས་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་སྐྱེ་བ་ཡང་དག་པར་ལེན་པ་ཡིན་པར་བསྟན་ཏེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་
ཕྱིར་འཁོར་བར་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །བཞི་པ་ནི་བདག་ཉིད་ཀུན་ནས་ཉོན་མོངས་པ་ཉིད་ཀྱིས་གཞན་ཀུན་ནས་ཉོན་མོངས་པ་སེལ་བའི་ཕྱིར་ཏེ། འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམས་
སེལ་བར་བྱེད་དེ། གལ་ཏེ་བདག་ཉིད་ཉོན་མོངས་པ་དང་ལྡན་པར་གྱུར་ན་གཞན་གྱི་བསལ་བར་མི་ནུས་པས་དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། བདག་ཉིད་ནད་ལས་བསྐྱབ་པར་ཡང་མི་ནུས་ན་གཞན་རྣམས་ཇི་ལྟར་ཡོངས་སུ་བསྐྱབ་པར་ནུས་ཞེས་གསུངས་པ་ཡིན་ནོ། །
གཞན་ཡང་དེ་ཉིད་ལས་བདག་ཉིད་འཆིང་བ་དང་ལྡན་པས་གཞན་དག་གི་འཆིང་བ་ལས་གྲོལ་བར་བྱེད་པ་ནི་གནས་མེད་དོ། །བདག་ཉིད་འཆིང་བ་མེད་པས་གཞན་འཆིང་བ་ལས་གྲོལ་བར་བྱེད་པ་ནི་གནས་ཡོད་དོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །འདི་ལྟར་ཁྱད་
པར་དུ་འཕགས་པ་ཞེས་གསུངས་པ་དེ་སྐྱེ་བ་གང་ལ་དགོངས་ནས་གསུངས་ཤེ་ན། སྨྲས་པ། གོང་དུ་བསྟན་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ལ་སོགས་པའི་རྣམ་པ་ལྔ་ལ་དགོངས་ནས་གསུངས་པ་ཡིན་པར་བསྟན་ན་ཡང་དོན་དུ་འགལ་བ་མེད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས། བྱང་ཆུབ་
เล่ม ๑๒๐ · หน้า 19b
སེམས་དཔའི་སྐྱེ་བ་ལེན་པ་ནི་མདོར་བསྡུ་ན་རྣམ་པ་བཞིའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྐྱེ་བ་རྣམ་པ་བཞི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ནི། ལས་ཀྱི་སྟོབས་དང་སྨོན་ལམ་སྟོབས། །ཏིང་འཛིན་སྟོབས་དང་མངོན་ཤེས་སྟོབས། །སྟོབས་བཞི་འདི་ལ་བརྟེན་
ནས་ནི། །བྱང་ཆུབ་སེམས་དཔའ་སྐྱེ་བ་ལེན། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དེ་ལ་སྐྱེ་བ་རྣམ་པ་བཞི་ལ་ཡང་ལས་ཀྱི་སྟོབས་ལ་དབང་ཐོབ་པ་ནི་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་ལེན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ནི་འདི་ལྟ་སྟེ། ས་ཆེན་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་
སྨོན་ལམ་གྱི་སྟོབས་ཀྱི་དབང་གིས་གཞན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་བྱོལ་སོང་ལ་སོགས་པའི་སྐྱེ་བ་ལེན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐྱེ་བ་ལེན་པ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་དབང་གིས་གོང་མའི་སྐྱེ་བ་སྤངས་ནས་
འོག་མའི་སྐྱེ་བ་ལེན་པའི་ཕྱིར་རོ། །མངོན་པར་ཤེས་པའི་སྐྱེ་བ་ནི་འདི་ལྟ་སྟེ། མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔས་མངོན་པར་ཤེས་པའི་སྟོབས་ཀྱི་དབང་གིས་དགའ་ལྡན་གྱི་གནས་ལ་སོགས་པར་མཚན་མ་རྣམས་བསྟན་ནས་སྐྱེ་བ་ལེན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །མདོ་འདི་ལས་ནི་དང་པོ་ལས་ཀྱི་
སྟོབས་མ་གཏོགས་པ་སྐྱེ་བ་གཞན་རྣམས་ལས་བརྩམས་ནས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་རྒྱ་ཆེན་པོ་དང་།
སྨོན་ལམ་གྱ་ནོམ་པ་དང་། སྨོན་ལམ་མཆོག་སྤྱོད་པ་ཞེས་བཀའ་སྩལ་ལགས་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་སྨོན་ལམ་རྣམ་པ་གསུམ་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་སྨོན་ལམ་
རྣམ་པ་གསུམ་བསྐྱེད་པའི་རྒྱུ་དང་རྐྱེན་ཞུས་པའོ། །སྨོན་ལམ་རྣམ་པ་གསུམ་པོ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་སེམས་ཅན་རྣམས་ལ་དམིགས་པ་གང་ཡིན་པ་དེ་ནི། སྨོན་ལམ་རྒྱ་ཆེན་པོ་ཞེས་བྱ་སྟེ། དམིགས་པ་རྒྱ་ཆེ་བའི་ཕྱིར་རོ། །གོང་དུ་བྱང་ཆུབ་ཡོངས་སུ་ཚོལ་བ་
เล่ม ๑๒๐ · หน้า 20a
གང་ཡིན་པ་དེ་ནི། སྨོན་ལམ་གྱ་ནོམ་པ་ཞེས་བྱ་སྟེ། གྱ་ནོམ་པར་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་པའི་ཕྱིར་རོ། །རྣམ་པ་གཉིས་པ་འདི་ཉིད་ལས་སྨོན་ལམ་མཆོག་ཅེས་བྱ་སྟེ། ཐེག་པ་གཉིས་ཀྱི་སྨོན་ལམ་དང་། སའི་མདུན་རོལ་པའི་སྨོན་ལམ་ལས་ཡང་དག་པར་འདས་
པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སྨོན་ལམ་རྣམ་པ་གསུམ་པོ་དག་རྐྱེན་རྣམ་པ་བཞི་ལས་བརྩམས་ནས་བསྟན་པ་ཡིན་ཏེ། རྐྱེན་དང་པོ་གཉིས་ཀྱིས་ནི་སྨོན་ལམ་རྒྱ་ཆེན་པོ་བསྟན་ཏོ། །རྐྱེན་གསུམ་པས་ནི་སྨོན་ལམ་གྱ་ནོམ་པ་བསྟན་པའོ། །རྐྱེན་བཞི་པས་ནི་སྨོན་ལམ་རྒྱ་ཆེན་པོ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་
རེ་སྨོན་ལམ་གསུམ་པོ་དག་ངོ་བོ་ཉིད་གཅིག་པ་ཡིན་ཡང་དོན་གྱི་རྗེས་སུ་གསུམ་དུ་བསྟན་པ་ཡིན་ཏེ། དམིགས་པ་རྒྱ་ཆེ་བའི་ཕྱིར་སྨོན་ལམ་རྒྱ་ཆེན་པོ་ཞེས་བྱའོ། །ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་གྱ་ནོམ་པ་དང་མཆོག་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྐྱེན་རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏེ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། རྣམ་པར་ཕྱེ་སྟེ་
བཤད་པ་དང་། རྐྱེན་རྣམ་པ་བཞི་བསྟན་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྐྱེན་རྣམ་པ་བཞིས་ལན་མདོར་གསུངས་པ་ཉིད་ཀྱི་སྨོན་ལམ་རྣམ་པ་གསུམ་བསྐྱེད་པར་བསྟན་པ་ཡིན་གྱི། སྨོན་ལམ་རྣམ་པ་གསུམ་གྱི་བྱེ་བྲག་གི་མཚན་ཉིད་རྣམ་པར་ཕྱེ་སྟེ་བསྟན་པ་ནི་མ་ཡིན་ནོ། །འདི་ལྟར་བྱང་ཆུབ་
སེམས་དཔའ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་མཁས་ཤིང་མྱུར་དུ་ཐོབ་པར་ནུས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྐྱེན་རྣམ་པ་བཞིས་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏོ། །འདི་ནི་དང་པོ་མྱ་ངན་ལས་འདས་པ་ཐོབ་པར་ནུས་པ་བསྟན་པའོ། །མྱུར་དུ་ཐོབ་ནས་
ཀྱང་བདེ་བར་གནས་པ་ཡང་སྤོང་བ་ཞེས་བྱ་བ་ནི་གཉིས་པ་བདེ་བར་གནས་པ་མྱུར་དུ་སྤོང་བར་བསྟན་པ་སྟེ། འདི་ནི་རྟག་པར་སྙིང་རྗེ་ཆེན་པོ་བསྐྱེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བའོ། །རྐྱེན་མེད་ཅིང་ལྟོས་པ་མེད་པར་ཡང་སྨོན་ལམ་ཆེན་པོའི་སེམས་སྐྱེ་བ་ཞེས་བྱ་བ་ནི་རྐྱེན་གསུམ་པ་སྟོན་ཏེ། ལན་དུ་
เล่ม ๑๒๐ · หน้า 20b
ཕན་འདོགས་པ་ལ་མི་དམིགས་ཤིང་། ལན་དུ་ཕན་འདོགས་པ་ལ་མི་ལྟོས་པར་ཡང་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ལན་དུ་ཕན་འདོགས་པའི་ཕྱིར་སེམས་རྒྱ་ཆེན་པོ་བསྐྱེད་པ་མ་ཡིན་ཞེས་གསུངས་སོ། །མཚམས་རྣམ་པར་གྲོལ་བའི་
མདོ་ལས་ནི་དགོས་པ་མེད་ཅིང་བྱ་བ་མེད་པར་ཡང་ཞེས་འབྱུང་ངོ་། །སེམས་ཅན་རྣམས་ལ་ཕན་འདོགས་པའི་ཕྱིར་སྡུག་བསྔལ་མང་པོ་སྣ་ཚོགས་ཡུན་རིང་དུ་གནས་པ་སྟེ། ཞེས་བྱ་བ་ནི་རྐྱེན་རྣམ་པ་བཞི་བསྟན་པ་སྟེ། རྐྱེན་རྣམ་པ་ལྔ་ལས་ནི་འདིར་ནི་འདོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བའམ།
ཡང་ན་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ཉིད་དོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་སྨོན་ལམ་རྒྱ་ཆེན་པོ་དང་། སྨོན་ལམ་གྱ་ནོམ་པ་དང་། སྨོན་ལམ་མཆོག་སྤྱོད་པ་ཞེས་བཤད་དོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་
གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བགྱི་བའི་གཞི་དུ་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་སྒོ་རྣམ་པ་བཅོ་
བརྒྱད་ཡོད་པ་ཉིད་ལས་རྣམ་པ་བཅོ་བརྒྱད་དུ་དབྱེ་སྟེ། བསླབ་པར་བྱ་བའི་རྣམ་གྲངས་མང་ཉུང་བསྟན་པའི་སྒོ་དང་། བསླབ་པ་གསུམ་པོ་དག་བསྡུ་བ་རྣམ་པར་དབྱེ་བའི་སྒོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་བསྡུ་བ་རྣམ་པར་དབྱེ་བའི་སྒོ་དང་། མཚན་ཉིད་རྣམ་པ་ལྔས་ཕ་རོལ་ཏུ་ཕྱིན་པ་དྲུག་བསླབ་པར་
བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གོ་རིམས་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མིང་ཐོབ་པ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པའི་རྣམ་པའི་གྲངས་བསྟན་པའི་སྒོ་དང་། མཚན་ཉིད་རྣམ་པ་ལྔ་པོ་དག་གིས་ལས་རྣམ་པ་ལྔ་རབ་ཏུ་དབྱེ་བའི་སྒོ་དང་། ཤིན་ཏུ་རྒྱ་ཆེ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་དང་འབྲས་བུ་ཟད་མི་ཤེས་པ་ཉིད་དུ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་
เล่ม ๑๒๐ · หน้า 21a
ལ་སྲེད་ཅིང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ལ་མི་སྲེད་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པའི་མཐུའི་རྣམ་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བའི་སྒོ་དང་། སེམས་ཅན་རང་གི་ལས་ཀྱི་ཉེས་པ་ཡིན་པར་བསྟན་པའི་སྒོ་དང་། ཤེས་རབ་ཀྱི་
ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་ཡོངས་སུ་འཛིན་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་བསྟན་པའི་སྒོ་སྟེ། འདི་ནི་དང་པོ་བསླབ་པར་བྱ་བའི་རྣམ་པའི་གྲངས་མང་ཉུང་བསྟན་པའི་སྒོའོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའི་སྒོ་ཉིད་དོ།
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བའི་གཞི་ནི་མདོར་བསྡུ་ན་རྣམ་པ་དྲུག་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་
ཡང་རྣམ་པ་གཉིས་ཏེ། གྲངས་སྨོས་ནས་ལན་དུ་མདོར་གསུངས་པ་དང་། གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ། །འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པ་སྟེ། འདི་ལྟར་བསླབ་པར་བྱ་བའི་གཞི་ནི་མདོར་བསྡུ་ན་རྣམ་པ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་
དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཡང་སྤྱི་དང་བྱེ་བྲག་གི་མིང་གིས་བསྟན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ནི་སྤྱིའི་མིང་ངོ་། །སྦྱིན་པ་
དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་གི་མིང་ངོ་། །ཕ་རོལ་ཏུ་ཕྱིན་པ་དེ་ཡང་བསྟན་པ་རྣམས་ལ་སོ་སོ་ནས་བཤད་པ་མི་མཐུན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་དོན་རྣམ་པ་གསུམ་གྱིས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དུས་དང་རང་བཞིན་རྣམ་པར་དག་པ་དང་། འབྲས་བུ་མཆོག་
ཐོབ་པར་བྱེད་པས་སོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་འདི་ཉིད་ལས་ཆོས་བཅུ་པོ་འདི་དག་ནི་ཤིན་ཏུ་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་པ་དང་། དེ་མ་ཡིན་པ་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པས་རང་བཞིན་རྣམ་
เล่ม ๑๒๐ · หน้า 21b
པར་དག་པའི་ཁྱད་པར་དང་། བྱང་ཆུབ་མཆོག་གི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་དུས་ཀྱི་མཆོག་གིས་ཡང་དག་པར་འགྲུབ་པ་དང་། རང་བཞིན་རྣམ་པར་དག་པའི་མཆོག་གིས་རྣམ་པར་དག་པ་དང་། འབྲས་བུའི་མཆོག་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་འབྱུང་བ་ཡིན་ནོ། །ལེགས་
པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་མཚུངས་པ་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་
བསྟན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། དེ་ལ་དུས་མཚུངས་པ་མེད་པ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གསུམ་གང་ཡིན་པའོ། །སྦྱོར་བ་མཚུངས་པ་མེད་པ་ནི་འདི་ལྟ་སྟེ། བསྒོམ་པ་རྣམ་པ་བཞི་ལ་སོགས་པའོ། །འབྲས་བུ་མཚུངས་པ་མེད་པ་ནི་འདི་ལྟ་སྟེ། སྐུ་གསུམ་པོ་དག་གོ། །བྱང་
ཆུབ་སེམས་དཔའ་ཇི་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པ་དག་ནི་དོན་རྣམ་པ་འདི་བཞི་དང་ལྡན་པའི་ཕྱིར་སྤྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་ཕུལ་དུ་
བྱུང་བའི་དོན་གྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་ངེས་པའི་ཚིག་ཇི་ལྟར་བལྟ་ཞེ་ན། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་
འགྲོ་བས་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་
དོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་ཀྱི་འགྲེལ་པ་ལས་ཀྱང་ཕལ་ཆེར་དེ་སྐད་དུ་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་རྣམ་གྲངས་རྣམ་པ་ལྔས་ཕ་རོལ་ཏུ་ཕྱིན་པ་ཞེས་སྟོན་ཏོ། །དང་པོ་ནི་སྦྱིན་པ་ལ་སོགས་པ་ལས་རབ་ཏུ་ལྡོག་པར་གྱུར་ནས་ཐེག་པ་ཆུང་ངུ་ལ་ཕྱོགས་པར་
เล่ม ๑๒๐ · หน้า 22a
བྱེད་པ་སྟེ། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ། །ལྡོག་པ་མེད་པར་སངས་རྒྱས་ཀྱི་ལམ་བསྒྲུབ་པར་ནུས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གཉིས་པ་ནི་སེར་སྣ་ལ་སོགས་པའི་སྒྲིབ་པ་དྲུག་པོ་གང་ཡིན་པ་དེ་ནི་ཚུ་
རོལ་ཞེས་བྱའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གསུམ་པ་ནི་ཡོད་པ་དང་མེད་པའི་ལྟ་བ་གཉིས་པོ་དག་ནི་ཚུ་རོལ་ཞེས་བྱའོ། །ཡོད་པ་དང་མེད་པར་ལྟ་བ་འཇིག་པར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བཞི་པ་
ནི་ཀུན་ཏུ་སྦྱོར་བའི་འཆིང་བ་དང་བཅས་པས་སྦྱིན་པ་གཏོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ། །ཀུན་ཏུ་སྦྱོར་བའི་འཆིང་བ་མེད་པས་སྦྱིན་པ་གཏོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ལྔ་པ་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་གང་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ། །
མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དོ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་
དང་པོ་ནི་རང་བཞིན་གྱིས་ཁྱད་པར་དུ་འཕགས་པ་སྟེ། འདིས་ནི་བསྟན་པ་བསྟན་ཏོ། །གཉིས་པ་ནི་ཐབས་ཁྱད་པར་དུ་འཕགས་པའོ། །གསུམ་པ་ནི་འབྲས་བུ་ཁྱད་པར་དུ་འཕགས་པའོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡུན་རིང་པོར་རོ། །དོན་རྣམ་པ་གསུམ་དང་ལྡན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་
པ་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་འདི་ལས་ཁྱད་པར་དུ་འཕགས་པར་བྱས་པའི་ཕྱིར་དང་། ཁྱད་པར་དུ་འཕགས་པར་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱོན་པའི་གནས་སུ་གྱུར་པའི་ཕྱིར་རོ། །གཞན་ཡང་ཤེས་བྱའི་
ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ལ་གནས་པའི་ཕྱིར་རོ། །གཞན་ཡང་བདག་དང་གཞན་གྱི་ཤིན་ཏུ་གནོན་པ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། བདག་དང་གཞན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཡོངས་སུ་ཟླ་བར་བྱེད་པའི་ཕྱིར་
เล่ม ๑๒๐ · หน้า 22b
རོ་ཞེས་འབྱུང་ངོ་། །དེ་ལ་བྱེ་བྲག་གི་མིང་བསྟན་པ་ནི་བསྟན་བཅོས་མདོ་སྡེའི་རྒྱན་ལས་དབུལ་བ་རྣམ་པར་སེལ་བའི་ཕྱིར་སྦྱིན་པ་ཞེས་བྱའོ། །བསིལ་བར་བྱེད་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་སྟེ། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་སྤྱོད་ཡུལ་རྣམས་ལས་ཤིན་ཏུ་གདུང་བའི་ཉོན་མོངས་པ་རབ་ཏུ་ཞི་
བར་བྱེད་པའི་ཕྱིར་རོ། །ཁོང་ཁྲོ་འཇོམས་པའི་ཕྱིར་བཟོད་པ་ཞེས་བྱ་སྟེ། ཁོང་ཁྲོ་བཅོམ་ནས་ཟད་པར་བྱེད་པའི་ཕྱིར་རོ། །དགེ་བ་རྣམ་པར་འཇོག་པའི་ཕྱིར་བརྩོན་འགྲུས་ཞེས་བྱ་སྟེ། དགེ་བ་རྣམ་པར་འཇོག་པ་ནི་འདིའི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །སེམས་འཛིན་པར་བྱེད་པའི་ཕྱིར་བསམ་གཏན་
ཞེས་བྱ་སྟེ། ཡིད་ནང་དུ་སྡུད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ཆོས་ཤེས་པའི་ཕྱིར་ཤེས་རབ་ཅེས་བྱ་སྟེ། དོན་དམ་པ་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སེར་སྣ་དང་དབུལ་བ་འཇོམས་པ་དང་། ལོངས་སྤྱོད་ཆེན་པོ་དང་། བསོད་ནམས་ཀྱི་ཚོགས་ཐོབ་
པར་བྱེད་པའི་ཕྱིར་སྦྱིན་པ་ཞེས་བྱའོ། །འཆལ་བའི་ཚུལ་ཁྲིམས་དང་། ངན་འགྲོ་ཞི་བར་བྱེད་པ་དང་། བདེ་འགྲོ་དང་། ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །ཁྲོ་བ་དང་། ཁོན་ཟད་པར་བྱེད་པ་དང་། བདག་དང་གཞན་ལ་བདེ་བ་ལ་གནས་པར་བྱེད་པའི་ཕྱིར་བཟོད་པ་ཞེས་བྱའོ། །
ལེ་ལོ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བར་བྱེད་པ་དང་། དགེ་བའི་ཆོས་ཚད་མེད་པ་རྣམ་པར་སྤེལ་བའི་མཐར་ཕྱིན་པར་བྱེད་པའི་ཕྱིར་བརྩོན་འགྲུས་ཞེས་བྱའོ། །རྣམ་པར་གཡེང་བ་སེལ་བ་དང་། ནང་དུ་སེམས་གནས་པ་སྒྲུབ་པར་བྱེད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །ལྟ་བར་གྱུར་པ་དང་།
འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་དང་། ཡང་དག་པར་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཐ་དད་པ་རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་ཅེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འདི་ལྟར་རྒྱུའི་དུས་སུ་སེར་སྣ་བཅོམ་ནས་སྦྱིན་པ་བཏང་བས་འབྲས་བུའི་
དུས་སུ་དབུལ་བ་ཐམས་ཅད་འཇོམས་པ་དང་། ལོངས་སྤྱོད་ཆེན་པོ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སོགས་པའི་ཕྱིར་སྦྱིན་པ་ཞེས་བྱའོ། །འདི་ལྟར་རྒྱུའི་དུས་སུ་འཆལ་བའི་ཚུལ་ཁྲིམས་རྣམ་པར་ཞི་བར་བྱས་པས་འབྲས་བུའི་དུས་སུ་ངན་འགྲོ་ཞི་བར་བྱེད་པ་དང་། མ་འོངས་པ་ན་བདེ་འགྲོ་ལེན་པ་
เล่ม ๑๒๐ · หน้า 23a
དང་། ད་ལྟར་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ངེས་པའི་ཚིག་ཅི་རིགས་པར་བཤད་པར་བྱའོ། །བདག་དང་གཞན་དེ་དག་བདེ་བ་ལ་གནས་པར་བྱེད་ཅེས་བྱ་བ་ནི་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་ལ་
འཁོན་པའི་ཉེས་པའི་གནོད་པ་མེད་པ་ཉིད་ཀྱིས་གཞན་ལ་སྡུག་བསྔལ་མི་སྐྱེ་བའི་ཕྱིར་བདེ་བ་ཐོབ་པར་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་འདི་ལྟར་རྒྱུའི་དུས་སུ་སེར་སྣ་བཅོམ་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསྐྱེད་པས་འབྲས་བུའི་དུས་སུ་ཡང་དབུལ་བ་འཇོམས་
པ་དང་། ལོངས་སྤྱོད་ཆེན་པོ་ཐོབ་པའི་ཕྱིར་སྦྱིན་པ་ཞེས་བྱ་སྟེ། ངེས་པའི་ཚིག་གཞན་ནི་གོ་སླའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་བསོད་ནམས་ཀྱི་ཚོགས་འབྲས་བུ་གཏོགས་པར་བསྟན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་བསོད་ནམས་ཀྱི་
ཚོགས་རྒྱུར་གཏོགས་པར་བསྟན་ཏེ། གཞན་ནི་མི་མཐུན་པ་མེད་པའོ། །བསྟན་བཅོས་ལག་ན་རིན་པོ་ཆེ་དང་། འཕགས་པ་ཕྲེང་ལྡན་མའི་མདོ་ལས། ངེས་པའི་ཚིག་བསྟན་པ་ནི་ཅུང་ཟད་ཐ་དད་པ་སྟེ། མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་
ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསླབ་པར་བྱ་བའི་གཞི་རྣམ་པ་དྲུག་པོ་དེ་དག་ལས། དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུ་ལགས། དུ་ནི་ལྷག་པའི་སེམས་ཀྱི་བསླབ་པར་བསྡུ་ལགས། དུ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པར་བསྡུ་
ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བསླབ་པ་གསུམ་པོ་དག་བསྡུ་བ་རྣམ་པར་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་
གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པར་རིག་པར་བྱའོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པས་བསྡུས་པས་སོ། །ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པས་བསྡུས་སོ། །ངས་བརྩོན་འགྲུས་ཐམས་
เล่ม ๑๒๐ · หน้า 23b
ཅད་དུ་འགྲོ་བ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་ནི་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟར་ནུས་པའི་རྗེས་སུ་ཚུལ་ཁྲིམས་ཀྱིས་སྔ་མ་གསུམ་བསྡུས་པར་གསུངས་ཏེ། ཚུལ་ཁྲིམས་ཀྱི་ཚོགས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་དང་། ཚུལ་
ཁྲིམས་ཀྱི་འཁོར་དུ་གཏོགས་པའི་ཕྱིར་རོ། །ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། གསུང་རབ་ཀུན་ལས་ཀྱང་དེ་སྐད་དུ་གསུངས་པས་མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བརྩོན་འགྲུས་ནི་གསུམ་ཆར་ཀུན་ལ་ཁྱབ་པ་ཡིན་ཏེ། བསླབ་པ་གསུམ་པོ་དག་སློང་བར་བྱེད་
པའི་ཕྱིར་རོ། །མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། ལྷག་པའི་ཚུལ་ཁྲིམས་ཀྱིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྡུས་སོ། །ལྷག་པའི་སེམས་ཀྱིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་སོ། །ལྷག་པའི་ཤེས་རབ་ཀྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་སོ་ཞེས་གསུངས་ན། ཅིའི་ཕྱིར་མདོ་འདི་དང་ཐ་དད་པར་འགྱུར་ཞེ་ན། སྨྲས་པ། ཕན་ཚུན་བསྡུ་བ་ལ་དོན་མངས་པ་དེའི་ཕྱིར་སྔར་ནི་བསླབ་
པ་གསུམ་བསྟན་ལ། དེའི་འོག་ཏུ་ནི་ཕན་ཚུན་བསྡུ་བའི་བྱེ་བྲག་བསྟན་པར་བྱའོ། །དེ་ལ་བསླབ་པ་གསུམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས། ཇི་སྐད་དུ་ལྷག་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། ས་བཅུ་པོ་དག་གིས་བསྟན་ནས་སློབ་
པར་བྱེད་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཇི་སྙེད་ཡོད་པ་དག་གིས་མི་དགེ་བ་རྣམས་མི་བྱེད་པའི་སེམས་གང་ཡིན་པའོ། །ལྷག་པའི་སེམས་ནི་འདི་ལྟ་སྟེ། སེམས་གང་དུ་གནས་པའམ། སེམས་ལ་བརྟེན་ནས་སློབ་པའི་ཕྱིར་ལྷག་པའི་སེམས་ཞེས་
བྱ་སྟེ། ཏིང་ངེ་འཛིན་རྣམས་གང་ཡིན་པའོ། །ལྷག་པའི་ཤེས་རབ་ནི་འདི་ལྟ་སྟེ། མངོན་དུ་བྱེད་པར་འགྲོ་བའི་ཤེས་རབ་ཡིན་པའི་ཕྱིར་ཏེ། ལྷག་པའི་ཤེས་རབ་ཅེས་བྱ་བ་འམ། ཡང་ན་ཤེས་རབ་ལ་བརྟེན་ནས་སློབ་པར་བྱེད་པའི་ཕྱིར། ལྷག་པའི་ཤེས་རབ་ཅེས་བྱ་སྟེ། དེ་ནི་རྣམ་པར་མི་རྟོག་
เล่ม ๑๒๐ · หน้า 24a
པའི་ཡེ་ཤེས་སོ་ཞེས་བཤད་དོ། །དེ་ལ་ལྷག་པ་ཞེས་བྱ་བ་ནི། མཆོག་དང་དམ་པའི་དོན་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། སངས་རྒྱས་ཀྱི་བསྟན་པ་འདི་ཁོ་ན་ལ་བསླབ་པ་གསུམ་པོ་འདི་ཡོད་ཀྱི། འདི་ལ་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་
ཡིན་པའི་ཕྱིར། འདི་ནི་ལྷག་པའི་དོན་དང་། དབང་དུ་བྱ་བའི་དོན་ཡིན་ནོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསླབ་པ་གསུམ་རྒྱ་ཆེར་རྣམ་པར་བཤད་པ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་དང་ལང་གི་ཚེ་བསྒྱུར་བ་དང་། བསྟན་
བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ལུང་སྣ་ཚོགས་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཕན་ཚུན་གཅིག་གིས་གཅིག་བསྡུ་བའི་བྱེ་
བྲག་བསྟན་པ་ཡང་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། ཚུལ་ཁྲིམས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ཁོ་ན་བསྡུས་སོ། །བསམ་གཏན་གྱིས་ནི་ལྷག་པའི་སེམས་ཁོ་ན་བསྡུས་སོ། །ཤེས་རབ་ཀྱིས་ནི་ལྷག་པའི་ཤེས་རབ་ཁོ་ན་བསྡུས་སོ་ཞེས་འབྱུང་གི །ཕ་རོལ་ཏུ་ཕྱིན་པ་གཞན་
དང་སྦྱར་བ་ནི་མེད་དེ། དེའི་ཕྱིར་མདོ་འདི་ཉིད་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ཚུལ་ཁྲིམས་རྣམ་པ་གསུམ་ཡོད་དེ། ཚུལ་ཁྲིམས་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་དང་། སེམས་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་དང་། ཤེས་རབ་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་སོ། །
དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་ཞེས་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་རྗེས་སུ་འབྲངས་པའི་ཚུལ་ཁྲིམས་ཞེས་བྱའོ། །
ཞེས་གསུངས་ཏེ། འདི་ནི་རང་བཞིན་གྱིས་གཅིག་གིས་གཅིག་བསྡུས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དང་པོ་གསུམ་གྱིས་ནི་ལྷག་པའི་ཚུལ་ཁྲིམས་བསྡུས་ཏེ། ཚུལ་ཁྲིམས་ཀྱི་ཚོགས་དང་། ཚུལ་ཁྲིམས་ཀྱི་རང་
เล่ม ๑๒๐ · หน้า 24b
བཞིན་དང་། ཚུལ་ཁྲིམས་ཀྱི་འཁོར་ཡིན་པའི་ཕྱིར་རོ། །བསམ་གཏན་གྱིས་ནི་ལྷག་པའི་སེམས་བསྡུས་སོ། །ཤེས་རབ་ཀྱིས་ནི་ལྷག་པའི་ཤེས་རབ་བསྡུས་སོ། །བརྩོན་འགྲུས་ཀྱིས་ནི་གསུམ་པོ་ཀུན་ཏུ་འགྲོ་སྟེ། བསླབ་པ་གསུམ་པོ་དག་ནི་སློང་བའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ནི་
ལས་ཀྱིས་གཅིག་གིས་གཅིག་བསྡུས་པའོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ཀྱང་དོན་གྱི་མདོ་འདི་ལས་གསུངས་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། དང་པོ་གསུམ་ནི། རྣམ་པ་གཉིས་དང་གཅིག་དང་གསུམ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་
པ་ལས། དེ་ལ་དང་པོ་གསུམ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་མོ། །རྣམ་པ་གཉིས་ཞེས་བྱ་བ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ནི་ཚོགས་དང་འཁོར་གཉིས་སུ་འགྱུར་བས་ཚུལ་ཁྲིམས་ནི་ཚོགས་ཡིན་ལ། སྦྱིན་པ་དང་བཟོད་པ་ནི་འཁོར་ཡིན་པས་སོ། །དང་པོ་
གཅིག་ཅེས་བྱ་བ་ནི་འདི་ལྟར་དང་པོ་གསུམ་དང་། གཉིས་པ་ནི་བསླབ་པ་གསུམ་ལས་དང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་སོ། །དེ་ལ་ཕྱི་མ་གཉིས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གཉིས་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་གཉིས་ཞེས་བྱ་བ་
ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གཉིས་པོ་དག་ནི་གོ་རིམས་བཞིན་དུ་ལྷག་པའི་སེམས་དང་། ཤེས་རབ་ཀྱི་བསླབ་པ་གཉིས་ཡིན་པས་སོ། །དེ་ལ་གཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ནའོ། །གསུམ་ཞེས་བྱ་བ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་གཅིག་པོ་
འདི་ནི་བསླབ་པ་གསུམ་པོ་ཀུན་ལ་ཁྱབ་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྔ་མ་བཞིས་ནི་ལྷག་པའི་ཚུལ་ཁྲིམས་བསྡུས་སོ། །དྲུག་པས་ནི་ལྷག་པའི་ཤེས་རབ་བསྡུས་སོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། ཕ་རོལ་ཏུ་
ཕྱིན་པ་བཞིའི་ཚོགས་དང་། རང་བཞིན་དང་། འཁོར་དང་། ཀུན་ཏུ་བསྲུང་བ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་
เล่ม ๑๒๐ · หน้า 25a
རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་
པར་བཤད་དེ། འདི་ནི་རབ་ཏུ་ཕྱེ་བའི་རྗེས་སུ་གཅིག་གིས་གཅིག་བསྡུས་པར་བསྟན་པ་ཡིན་ནོ། །བསྟན་བཅོས་དག་ལས་བསྟན་པ་དང་སྦྱར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་རེ་རེས་ཀྱང་ཕན་ཚུན་གཅིག་གིས་གཅིག་སྡུད་པར་སྟོན་པས་བསླབ་པ་གསུམ་པོ་དག་ལས་བསླབ་པ་རེ་རེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་
དག་སྡུད་པར་བྱེད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་ཕན་ཚུན་རྣམ་པར་ངེས་པས་ཇི་ལྟར་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱིན་པའི་སྒྲར་བསྟན་པ་ནས། །ལ་ལར་ནི་ཤེས་རབ་ཀྱི་བར་གྱི་སྒྲར་བསྟན་པ་དེ་ལ་
དགོངས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་སྦྱོར་བ་ནི་འདི་དག་ཐམས་ཅད་ཀྱི་སྤྱོད་པ་ལ་འགྲོ་བ་ལ་དགོངས་པའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདི་ནི་གྲོགས་ཀྱི་སྒོ་ནས་གཅིག་གིས་གཅིག་བསྡུས་པ་བསྟན་ཏོ། །བསྟན་པ་རྣམས་མདོར་བསྡུ་བ་མི་
མཚུངས་པས་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་རྣམ་པ་བཞི་ལས་བརྩམས་ནས། ཕན་ཚུན་བསྡུ་བ་སྟོན་ཏེ། རང་བཞིན་གྱིས་བསྡུ་བ་དང་། གྲོགས་ཀྱིས་བསྡུ་བ་དང་། ལས་ཀྱི་རྗེས་སུ་བསྡུ་བ་དང་། རབ་ཏུ་ཕྱེ་བའི་རྗེས་སུ་བསྡུ་བའོ་ཞེས་བཤད་དེ། དེའི་ཕྱིར་
དེ་ཉིད་ལས། གལ་ཏེ་རང་བཞིན་གྱིས་བསྡུ་བ་ནི་ཚུལ་ཁྲིམས་ཀྱིས་ནི་ཚུལ་ཁྲིམས་ཁོ་ན་བསྡུས་སོ། །བསམ་གཏན་གྱིས་ནི་བསམ་གཏན་ཁོ་ན་བསྡུས་སོ། །ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བརྩམས་ནས་ཕན་ཚུན་བསྡུ་བ་བསྟན་ཏོ། །གྲོགས་དང་བཅས་ན་ཡང་ཕན་ཚུན་བསྡུ་
བ་དང་ལྡན་ནོ། །གལ་ཏེ་ལས་ཀྱི་རྗེས་སུ་བསྡུ་ན་ཚུལ་ཁྲིམས་ཀྱིས་ནི་དང་པོ་གསུམ་བསྡུས་ཏེ། ཚོགས་དང་རང་བཞིན་དང་། འཁོར་གྱི་ངོ་བོ་ཉིད་དོ། །ཏིང་ངེ་འཛིན་གྱིས་ནི་བསམ་གཏན་བསྡུས་སོ། །ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ལས་བརྩམས་ནས་
เล่ม ๑๒๐ · หน้า 25b
བརྩོན་འགྲུས་ནི་གསུམ་པོ་དག་གིས་བསྡུ་བར་བཤད་དེ། གསུམ་པོ་དག་སློང་བར་བྱེད་པའི་ཕྱིར་རོ། །གལ་ཏེ་རབ་ཏུ་ཕྱེ་བའི་རྗེས་སུ་བསྡུ་ན་ཚུལ་ཁྲིམས་ཀྱིས་ནི་སྔ་མ་བཞིན་དུ་བསྡུས་སོ། །སྔ་མ་གསུམ་ནི་སྔར་བསྟན་པ་བཞིན་ཏེ། ཀུན་ཏུ་བསྲུང་བ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་གྱིས་ནི་
བསམ་གཏན་བསྡུས་སོ། །ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་སོ་ཞེས་འབྱུང་བས་སོ། །འཕགས་པའི་གསུང་རབ་དག་ནི་སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་བསླབ་པར་བྱ་བའི་གཞི་རྣམ་པ་དྲུག་པོ་དེ་དག་ལས། དུ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུ་བ་ལགས། དུ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་ལགས་ཞེས་བྱ་བ་འདི་མན་ཆོད་ནི་གསུམ་པ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་སུ་བསྡུ་བ་རྣམ་པར་དབྱེ་བའི་སྒོ་ཞེས་བྱ་བ་
སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པ་གང་ཡིན་པ་དེ་ནི་བསོད་
ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཞེས་བྱའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པས་བསྡུས་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་ཞེས་བྱའོ། །ངས་བརྩོན་འགྲུས་དང་བསམ་གཏན་རྣམ་པ་གཉིས་ནི་ཀུན་ཏུ་འགྲོ་བ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་
པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་གསུམ་ནི་བསོད་ནམས་ཀྱིས་སོ། །ཐ་མ་གཅིག་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་སོ། །ལྷག་མ་གཉིས་ནི་ཚོགས་རྣམ་པ་གཉིས་ཀར་གཏོགས་སོ། །མདོའི་ཚིག་རྣམ་པར་བཤད་པ་ནི་བསྟན་བཅོས་
རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས། དེ་ལ་བསོད་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཞེ་ན། བསོད་ནམས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ནི་
เล่ม ๑๒๐ · หน้า 26a
གཅིག་པུ་སྟེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཕྱོགས་དང་། ཡེ་ཤེས་ཀྱི་ཕྱོགས་སུ་རིག་པར་བྱ་སྟེ། བརྩོན་འགྲུས་ལ་བརྟེན་ནས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་ཡང་དག་པར་
ལེན་ཅིང་བསྲུང་བ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པའམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་སོ། །བརྩོན་འགྲུས་ལ་བརྟེན་ནས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ལ་སྦྱར་བར་བྱེད་དོ། །ཕུང་པོ་ལ་སོགས་པ་ལ་མཁས་
པ་གང་ཡིན་པ་དེ་ནི། ཡེ་ཤེས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་ཞེས་བྱའོ། །བསམ་གཏན་ལ་བརྟེན་ནས་སྦྱིན་པའམ། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་འམ། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པའམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་
བསམ་གཏན་ཡིན་ནོ། །བསམ་གཏན་ལ་བརྟེན་ནས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་ཕུང་པོ་ལ་སོགས་པ་རྣམས་སྣ་ཚོགས་ལ་མཁས་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ལེགས་པའི་ཚུལ་ཁྲིམས་
བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། ལང་གི་ཚེ་བསྒྱུར་བ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་
པ་གཉིས་པོ་འདི་ཡང་སྔར་མདོ་ཙམ་དུ་མིང་གི་དོན་བསྟན་ནས། དེའི་འོག་ཏུ་ཕན་ཚུན་གཅིག་གིས་གཅིག་བསྡུ་བ་བསྟན་པར་བྱའོ། །དེ་ལ་མིང་གི་དོན་ནི་བསོད་ནམས་ཀྱི་འབྲས་བུ་བསྐྱེད་ཅིང་བསོད་ནམས་ཀྱི་རྒྱུ་བྱེད་པས། བསོད་ནམས་ཀྱི་ཚོགས་ཞེས་བྱའོ། །ཡེ་ཤེས་ཀྱི་འབྲས་བུ་བསྐྱེད་ཅིང་
ཡེ་ཤེས་ཀྱི་རྒྱུ་བྱེད་པས་ན། ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ། །དེ་ལ་ཚོགས་ཞེས་བྱ་བ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་མངོན་པར་གྲུབ་པར་བྱེད་པའི་དོན་གྱི་ཕྱིར། ཚོགས་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། བསོད་
เล่ม ๑๒๐ · หน้า 26b
ནམས་དང་ཡེ་ཤེས་འདི་གཉིས་ལ་ནུས་པ་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་ཀྱི་གྲོགས་སུ་གྱུར་པ་དང་། བྱང་ཆུབ་ཀྱི་བདག་ཉིད་མངོན་པར་འགྲུབ་པར་བྱེད་དེ། རྣམ་པ་འདི་གཉིས་ཀྱི་དབང་གིས་མངོན་པར་འགྲུབ་པར་འགྱུར་བའི་ཕྱིར། འདི་གཉིས་ལ་བྱང་ཆུབ་ཀྱི་ཚོགས་ཞེས་
བཤད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ནི་བསགས་པའི་དོན་གྱི་ཕྱིར་ཚོགས་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། དེ་ལ་ཚོགས་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་
བརྩམས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས་ནི་དོན་རྣམ་པ་ལྔས་བསྟན་ཏེ། ཡོངས་སུ་རྫོགས་པའི་དོན་དང་། ཡོངས་སུ་འཛིན་པའི་དོན་དང་། གསོ་བའི་དོན་དང་། རྒྱུའི་དོན་དང་། ཕུན་སུམ་ཚོགས་པའི་དོན་ཏེ། དེའི་ཕྱིར་བསྟན་བཅོས་
དེ་ཉིད་ལས། ཚོགས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་དོན་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་རོ། །གསོ་བའི་དོན་ཡང་ཡིན་ཏེ།
འདིས་བྱང་ཆུབ་ཀྱི་ཆོས་ཡོངས་སུ་གསོ་བར་བྱེད་པའི་ཕྱིར་རོ། །རྒྱུའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་སྐྱེད་པར་བྱེད་པའི་ཕྱིར་རོ། །ཡན་ལག་མང་པོ་ཕུན་སུམ་ཚོགས་པའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་ཚོགས་ཞེས་བྱའོ་
ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་ཕན་ཚུན་གཅིག་གིས་གཅིག་བསྡུ་བར་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་མདོར་བསྡུས་ནས་རྣམ་པ་བརྒྱད་དུ་བསྟན་ཏེ། དང་པོ་ནི་སྔ་མ་གསུམ་ནི་བསོད་ནམས་ཡིན་ལ། ཕྱི་མ་གསུམ་ནི་ཡེ་ཤེས་
ཡིན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཇི་སྐད་དུ། དེ་ལ་བསོད་ནམས་ཀྱི་ཚོགས་ནི་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་སྦྱོར་བ་རྣམ་པ་གསུམ་གང་ཡིན་པའོ། །ཡེ་ཤེས་ཀྱི་ཚོགས་ནི་འདི་ལྟ་སྟེ།
เล่ม ๑๒๐ · หน้า 27a
བརྩོན་འགྲུས་དང་། བསམ་གཏན་དང་། ཐོས་པའི་ཤེས་རབ་ལ་སོགས་པའོ་ཞེས་འབྱུང་བ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་པ་སྒོ་རྣམ་པ་གཉིས་ཡོད་དེ། བསོད་
ནམས་དང་ཡེ་ཤེས་ཀྱི་སྒོའོ། །དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ནི་བསོད་ནམས་ཀྱི་སྒོའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཤེས་པའི་ཤེས་རབ་ནི་ཡེ་ཤེས་ཀྱི་སྒོའོ། །ཤེས་རབ་ཀྱང་བསམ་གཏན་གྱི་རྒྱུ་ལ་ལྟོས་དགོས་ལ། བསམ་གཏན་ཡང་ངེས་
པར་བརྩོན་འགྲུས་ཆེན་པོའི་སྟོབས་ལ་ལྟོས་སོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་ནི་དང་པོ་གཉིས་དང་བཞི་པ་ནི་བསོད་ནམས་ཡིན་ལ། ཕྱི་མ་གཉིས་དང་གསུམ་པ་ནི་ཡེ་ཤེས་ཡིན་ཏེ། དགེ་བསྙེན་གྱི་སྒོམ་པ་བསྟན་པའི་མདོའི་ནང་ནས་བཀོད་པའི་ལེའུ་ལས་ཇི་སྐད་དུ། སྦྱིན་པ་དང་།
ཚུལ་ཁྲིམས་དང་། བརྩོན་འགྲུས་ནི་བསོད་ནམས་ཀྱི་བཀོད་པ་ཞེས་བྱའོ། །བཟོད་པ་དང་། བསམ་གཏན་དང་། ཤེས་རབ་ནི་ཡེ་ཤེས་ཀྱི་བཀོད་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་སྔ་མ་གཉིས་ནི་བསོད་ནམས་ཡིན་ནོ། །ཕྱི་མ་གཅིག་ནི་ཡེ་ཤེས་ཡིན་ནོ། །གསུམ་པ་ནི་
རྣམ་པ་གཉིས་ཀར་གཏོགས་པ་ཡིན་ཏེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཇི་སྐད་དུ། ཚོགས་པ་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུ་བ་ཇི་ལྟ་བུ་ཞེ་ན། ཚིག་ལེའུར་བྱས་པ་ལས། དང་པོ་གཉིས་ནི་བསོད་ནམས་ཚོགས། །དྲུག་པ་དེ་ནི་ཡེ་ཤེས་ཡིན། །གཞན་གསུམ་དག་ནི་ཚོགས་གཉིས་
རྒྱུ། །ལྔ་པོ་ཡང་ནི་ཡེ་ཤེས་ཚོགས། །ཞེས་འབྱུང་བ་ལྟ་བུ་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། སྦྱིན་པ་དང་། ཚུལ་ཁྲིམས་ནི་བསོད་ནམས་ཀྱི་བདག་ཉིད་དོ། །ཤེས་རབ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ། །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གསུམ་ནི་ཚོགས་གཉི་གའི་རྒྱུ་སྟེ།
འདི་ལྟར་གཉི་གའི་བྱེད་པའི་ཕྱིར་རོ། །ལྔ་པོ་དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། འདི་ལྟར་ཡེ་ཤེས་ཀྱིས་བསྔོས་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བཞི་པ་ནི་དང་པོ་གསུམ་ནི་བསོད་ནམས་ཡིན་ནོ། །ཕྱི་མ་གཅིག་ནི་ཡེ་ཤེས་སོ། གཞན་ནི་
เล่ม ๑๒๐ · หน้า 27b
རྣམ་པ་གཉི་གར་གཏོགས་ཏེ། མདོ་འདི་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་
སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། ལང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ལྔ་པ་ནི་དང་པོ་ལྔ་བསོད་ནམས་ཡིན་ལ། ཕྱི་མ་གཅིག་ནི་ཡེ་ཤེས་ཡིན་ཏེ། ག་ཡའི་མདོ་ལས་ཇི་སྐད་དུ་གྲོགས་སུ་གྱུར་པའི་
ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ །སྤོང་བའི་ལམ་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ནི་བསོད་ནམས་བསྐྱེད་པའོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཀྱི་མངོན་པར་ཞེན་པ་རབ་ཏུ་སེལ་བའོ་ཞེས་བསྟན་པ་ལྟ་བུའོ། །དྲུག་པ་ནི་དང་པོ་ལྔ་ནི་བསོད་ནམས་ཡིན་ལ། ཕྱི་མ་གཅིག་ནི་བསོད་ནམས་དང་ཡེ་ཤེས་གཉི་གར་གཏོགས་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་ནང་ནས།
སེང་གེའི་སྒྲ་བསྒྲགས་པའི་ལེའུ་ལས་ཇི་སྐད་དུ། དེ་ལ་བསོད་ནམས་ཀྱིས་བརྒྱན་པ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱིས་བརྒྱན་པ་མ་ཡིན་པ་ནི་འདི་ལྟ་སྟེ། ས་དང་པོ་ནས་ས་
བཅུའི་བར་གྱི་གང་ཡིན་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལ་ས་ཞེས་བྱ་བ་ནི་ཤེས་རབ་ལ་བྱ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཆོས་བདག་མེད་པའི་ཤེས་པའི་གནས་སྐབས་གང་ཡིན་པ་དེ་ནི་ས་ཞེས་བྱའོ་ཞེས་བཤད་
དོ། །བདུན་པ་ནི་སྔ་མ་ལྔ་ནི་བསོད་ནམས་ཡིན་ལ། དྲུག་པ་ནི་ཡེ་ཤེས་ཡིན་ཏེ། བསྟན་བཅོས་མདོ་སྡེའི་རྒྱན་ལས། ཇི་སྐད་དུ། ལྔ་པོ་ཡང་ནི་ཡེ་ཤེས་ཚོགས། །ཞེས་བྱ་བ་ནི་འདི་ལྟར་ཕྱི་མ་ཤེས་རབ་ཀྱི་ས་ཡོངས་སུ་བསྔོས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་ཡེ་ཤེས་
เล่ม ๑๒๐ · หน้า 28a
ཀྱི་ཚོགས་སུ་འགྱུར་རོ་ཞེས་བསྟན་པ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ནི་བསོད་ནམས་ཁོ་ན་མ་ཡིན་གྱི། ཡེ་ཤེས་ཀྱི་ཚོགས་སུ་ཡང་གཏོགས་པ་ཡིན་ཏེ། འདི་ལྟར་ཤེས་རབ་ཀྱིས་ཡོངས་སུ་བསྔོས་པའི་ཕྱིར་རོ། །བརྒྱད་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་
དང་། བསམ་གཏན་ནི་བསོད་ནམས་སོ། །ཤེས་རབ་ནི་ཡེ་ཤེས་སོ། །བཟོད་པ་དང་བརྩོན་འགྲུས་གཉིས་ཀར་གཏོགས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོའི་ནང་ནས་ཤེས་རབ་བསྟན་པའི་ལེའུ་ལས་ཇི་སྐད་དུ། ཇི་ལྟར་ཚོགས་རྣམ་པ་གཉིས་ལ་མཁས་པ་གང་ཡིན་ཞེ་ན། བསོད་
ནམས་དང་ཡེ་ཤེས་ལ་མཁས་པ་གང་ཡིན་པའོ། །བསོད་ནམས་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསྒོམས་པ་གང་ཡིན་པའོ། །ཡེ་ཤེས་གང་ཞེ་ན་འདི་ལྟ་སྟེ། ཤེས་རབ་ཡོངས་སུ་བསྒོམས་པས་འདུས་པའི་ཤེས་པ་གང་ཡིན་པའོ་ཞེས་གསུངས་པ་ལྟ་བུ་སྟེ། ཞིབ་ཏུ་དེ་
ཉིད་ལས་བསྟན་པ་བཞིན་ནོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་སུ་གཏོགས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་རེ་རེ་ཡང་ཕན་ཚུན་གཅིག་གིས་གཅིག་གྲོགས་བྱས་པས་སོ་སོ་ནས་དྲུག་པོ་དག་དང་ལྡན་པའི་ཕྱིར་རོ། །མདོ་སྡེ་དང་བསྟན་བཅོས་
རྣམས་ལས་དབང་པོའི་རྗེས་སུ་རྣམ་པ་སྣ་ཚོགས་མི་མཐུན་པར་བསྟན་པ་ཡིན་ལ་འགལ་བ་མེད་དོ།། །།བམ་པོ་ལྔ་བཅུ་བརྒྱད་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བལྟ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་མཚན་ཉིད་རྣམ་པ་ལྔས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་གསུངས་པས་བསྟན་ཏེ་འདི་ནི་
མཚན་ཉིད་རྣམ་པ་ལྔ་པོ་དག་གིས་བསྒྲུབ་པའི་ཆོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མཚན་ཉིད་རྣམ་པ་ལྔ་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་
เล่ม ๑๒๐ · หน้า 28b
པར་ལན་དུ་གསུངས་པ་སྟོན་ཏེ། འདི་ནི་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བསྒོམ་པའི་ཆོས་རྣམ་པ་ལྔ་སྟེ་ཞེས་འབྱུང་ངོ་། །ཐོག་མ་ཁོ་ནར་བྱང་
ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། དམ་པའི་ཆོས་བསྟན་པ་དག་ལ་ཤིན་ཏུ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའི་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་མཚན་ཉིད་རྣམ་པ་ལྔ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ།
འདི་ནི་དང་པོའི་ཤིན་ཏུ་མོས་པའི་མཚན་ཉིད་བསྟན་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འཕགས་པའི་གསུང་རབ་ཤིན་ཏུ་ཟབ་པ་དག་ལ་མོས་པ་ཞེས་འབྱུང་ངོ་། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྟན་པ་ཤིན་ཏུ་ཟབ་པ་ཞེས་
བྱ་བ་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཤིན་ཏུ་རྒྱས་པའི་ཕྱོགས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ་ཞེས་བསྟན་པ་དང་། མདོ་དག་ལས་ཇི་ཙམ་དུ་ཐེག་པ་ཆེན་པོ་བསྟན་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་
ཕྱིན་པའི་སྡེ་སྣོད་དེ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་དེ་ཉིད་ལས་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་། ཟབ་པར་བསྟན་ཏོ་ཞེས་འབྱུང་ངོ་། །དེའི་འོག་ཏུ་ཆོས་སྤྱོད་པ་རྣམ་པ་བཅུ་དག་ལས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གྱ་ནོམ་པས་
ནན་ཏན་གྱིས་བསྒྲུབས་པ་ཞེས་བྱ་བ་ནི་གཉིས་པ་ཆོས་སྤྱོད་པ་རྣམ་པ་བཅུ་བསྒྲུབ་པའི་མཚན་ཉིད་སྟོན་ཏོ། །ཆོས་སྤྱོད་པ་རྣམ་པ་བཅུ་ནི། གོང་དུ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ་ཁུངས་སུ་བཞག་ནས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མདོའི་
ཚིག་འདི་ལ་བཤད་པ་མི་མཐུན་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཆོས་སྤྱོད་རྣམ་པ་བཅུ་ནི་ཤེས་རབ་རྣམ་པ་གསུམ་ཡིན་པའི་ཕྱིར་ཤེས་རབ་གསུམ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱི་ཆོས་སྤྱོད་པ་རྣམ་པ་བཅུ་བསྒྲུབ་པའི་ཕྱིར་ཏེ། དེའི་ཕྱིར་མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด