འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๘ · หน้า 199b
ངོ་བོ་ཉིད་རྣམ་པར་འབྱེད་པ་ནི། ཐེག་པ་ཆེ་ཆུང་གི་བསྟན་བཅོས་ཀུན་ལས་དད་པ་ལ་སོགས་པའི་ཆོས་ལྔའི་བདག་ཉིད་དོ་ཞེས་བཤད་དོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དྲན་པ་དང་། ཆོས་རྣམ་པར་འབྱེད་
པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བསྟན་བཅོས་བྱེ་བྲག་བཤད་པ་ཆེན་པོ་ལས། དེ་ཁོ་ན་ཉིད་ཀྱི་བྱང་ཆུབ་ཀྱི་གྲོགས་སུ་གྱུར་པའི་ཕྱིར་བྱང་
ཆུབ་ཀྱི་ཡན་ལག་ཅེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་དོན་ཅི་ཡིན་ཞེ་ན། རྟོགས་པར་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའམ། བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཁ་ཅིག་ནི་འདི་སྐད་དུ་རྟོགས་པར་ནུས་པའི་
ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ་ཞེའོ། །གལ་ཏེ་དེ་ལྟ་ན་གཅིག་ནི་ཡིན་ལ་དྲུག་ནི་མ་ཡིན་ཞེ་ན་སྨྲས་པ། དྲུག་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཀྱི་རྗེས་སུ་གཞོལ་བས་གཙོ་བོའི་དབང་དུ་མཛད་ནས། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའམ། ཡང་ཁ་ཅིག་
ན་རེ། བྱང་ཆུབ་ཀྱི་ཡན་ལག་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ་ཞེའོ། །གལ་ཏེ་དེ་ལྟ་ན་དྲུག་ནི་ཡིན་ལ་གཅིག་ནི་མ་ཡིན་ནོ་ཞེ་ན། སྨྲས་པ་ཆོས་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱང་ཡིན་ལ་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་ནོ། །གཞན་དྲུག་པོ་དག་ནི་བྱང་ཆུབ་ཀྱི་
ཡན་ལག་ཡིན་གྱི་བྱང་ཆུབ་ནི་མ་ཡིན་ཏེ། ཇི་ལྟར་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་པ་བཞིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཀྱང་། བྱེ་བྲག་ཏུ་བཤད་པ་
ཆེན་པོ་ལས་བསྟན་པ་དང་དོན་མཐུན་པར་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མི་སློབ་པའི་དེ་ཁོ་ནའི་བྱང་ཆུབ་ཏུ་དངོས་པོ་འདི་བདུན་གྱིས་ཕྱིན་པར་ནུས་པའི་ཕྱིར་ཡན་ལག་ཅེས་བྱའོ། །གཞན་ཡང་དེ་ཉིད་ལས་བསྒོམ་
เล่ม ๑๑๘ · หน้า 200a
པའི་ལམ་གྱི་ནུས་པ་ཡིན་པའི་ཕྱིར་བྱང་ཆུབ་ཅེས་བྱའོ། །མཐོང་བའི་ལམ་གྱི་ནུས་པ་ཡིན་པའི་ཕྱིར་ཡན་ལག་ཅེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡན་ལག་འདི་བྱང་ཆུབ་ཀྱི་
གྲོགས་སུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ་ཞེས་བཤད་དེ། དེས་ནི་བྱང་ཆུབ་ཀྱི་ཡན་ལག་ནི་མཐོང་བའི་ལམ་གྱི་གནས་སྐབས་ལ་གནས་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ཡང་དག་པ་ཉིད་དུ་སྐྱོན་མེད་པར་ཞུགས་པའི་གང་
ཟག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་ཀྱི་ཡན་ལག་འབྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ་ཞེས་བསྟན་ཏོ། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ནི་ཐེག་པ་ཆེ་ཆུང་གི་བསྟན་པ་རྣམས་ལས། ཤེས་རབ་དང་། བརྩོན་འགྲུས་དང་། དྲན་
པ་དང་། ཏིང་ངེ་འཛིན་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་ཀྱི་བདག་ཉིད་དོ་ཞེས་བཤད་དོ། །ཡང་ཁ་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་ཐོབ་པ་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པའི་གཉེན་པོ་དང་། མི་མཐུན་པའི་ཕྱོགས་ཐོབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྒོམ་པ་ཐོབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་སྐྱེ་བ་ཐོབ་པ་དང་། འཕགས་པའི་ལམ་ཡན་ལག་
བརྒྱད་པའི་སྐྱེས་པ་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་ཐོབ་པའི་སླད་དུ། ཤེས་པ་བརྡ་སྤྲོད་པར་བགྱིད་དོ་ཞེས་བྱ་བ་འདི་ནི་གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་དོ། །
དེ་ལ་གཉེན་པོ་ནི་ཡང་དག་པའི་ལམ་བརྒྱད་དོ། །མི་མཐུན་པའི་ཕྱོགས་ནི་ལོག་པ་བརྒྱད་དེ། གཞན་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་
เล่ม ๑๑๘ · หน้า 200b
དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ལམ་གྱི་ཡན་ལག་ཅེས་བྱ་བའི་དོན་ཅི་ཞེ་ན།
ཡོངས་སུ་ཚོལ་ཞིང་གཞོལ་བའི་ཕྱིར་ལམ་གྱི་ཡན་ལག་ཅེས་བྱའོ། །ལམ་གྱི་ཡན་ལག་བྱེད་པའི་ཕྱིར་ལམ་གྱི་ཡན་ལག་ཅེས་བྱའོ། །ཁ་ཅིག་འདི་སྐད་དུ་འདིས་ཡོངས་སུ་ཚོལ་ཞིང་གཞོལ་བའི་ཕྱིར་ལམ་གྱི་ཡན་ལག་ཅེས་བྱའོ་ཞེས་ཟེར་ཏེ། །གལ་ཏེ་དེ་ལྟ་ན་
གཅིག་ནི་ཡིན་ལ་བདུན་ནི་མ་ཡིན་ནོ་ཞེ་ན། སྨྲས་པ་བདུན་ནི་ལམ་གྱི་ཡན་ལག་ཡིན་ཏེ། ལམ་གྱི་རྗེས་སུ་འབྲང་བས་གཙོ་བོའི་དབང་དུ་མཛད་ནས། ལམ་གྱི་ཡན་ལག་ཅེས་བསྟན་ཏོ། །ཡང་ཁ་ཅིག་ན་རེ་ལམ་གྱི་ཡན་ལག་ཡིན་པའི་ཕྱིར་ལམ་གྱི་ཡན་ལག་ཅེས་
བཤད་དོ། །གལ་ཏེ་དེ་ལྟ་ན་བདུན་ནི་ཡིན་ལ་གཅིག་ནི་མ་ཡིན་ནོ་ཞེ་ན། སྨྲས་པ། ཡང་དག་པའི་ལྟ་བ་ནི་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་ནོ། །གཞན་ནི་ལམ་གྱི་ཡན་ལག་ཡིན་གྱི་ལམ་ནི་མ་ཡིན་ཏེ། ཇི་ལྟར་ཆོས་རྣམ་པར་འབྱེད་པ་ནི་བྱང་
ཆུབ་ཀྱང་ཡིན། བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་ལ། གཞན་དྲུག་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་གྱི། བྱང་ཆུབ་ནི་མ་ཡིན་པ་བཞིན་ནོ་ཞེའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཆོས་འདི་ནི་བདེ་བ་དང་། ཕུན་སུམ་ཚོགས་
པ་ཡིན་པས། མྱ་ངན་ལས་འདས་པ་འདུས་མ་བྱས་ཀྱི་གྲོང་ཁྱེར་དུ་འཇུག་པར་ནུས་པའི་ཕྱིར་ཆོས་འདི་གང་སྤྱོད་པ་དེ་ནི་ལམ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་ཞེ་ན། སྨྲས་པ།
འཕགས་པ་སློབ་པ་བཞི་མཐོང་བ་རྣམས་ཡན་ལག་བརྒྱད་ཀྱིས་ཡང་དག་པར་འདུས་པའི་ལམ་གྱིས་ཉོན་མོངས་པ། ཐམས་ཅད་མ་ལུས་པར་སྤང་བར་བྱ་བ་དང་། རྣམ་པར་གྲོལ་བ་མཐར་ཕྱིན་པར་མངོན་དུ་བྱེད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་
เล่ม ๑๑๘ · หน้า 201a
ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ནི་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཛོད་ཀྱི་བསྟན་བཅོས་ལས་ནི་ཆོས་དྲུག་གིས་ངོ་བོ་ཉིད་བྱེད་དེ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་ཚུལ་ཁྲིམས་
སུ་མཚུངས་པའི་ཕྱིར་རོ་ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་ཆོས་བདུན་གྱི་བདག་ཉིད་དེ། ལུས་དང་ངག་གི་ལས་གཉིས་ནི་མི་འབྲལ་བའི་ཕྱིར་ཞེས་ཟེར་ཏེ། བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་
བཤད་པ་ཆེན་པོ་ལས་ནི་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ནི་དྲུག་གོ་ཞེས་ཟེར། ཁ་ཅིག་ནི་བདུན་ནོ་ཞེས་ཟེར་ཏེ། དོན་ནི་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་ནོ། །ཁ་ཅིག་ནི་བརྒྱད་དོ་ཞེས་ཟེར་ཏེ། ཡང་དག་པའི་འཚོ་བ་ནི་ཡང་དག་
པའི་ངག་དང་། ལས་ཀྱི་མཐའ་མ་ཡིན་པའི་ཕྱིར་རོ་ཞེའོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ལམ་གྱི་ཡན་ལག་གི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་
དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། །ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། ཆོས་བརྒྱད་པོ་འདི་དག་ནི་ལས་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱའོ་ཞེས་བཤད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ལམ་
གྱི་ཡན་ལག་བརྒྱད་གནས་སྐབས་གང་ལ་བརྟེན་ནས་བསྟན་ཞེ་ན། སྨྲས་པ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་སྦྱར་ན། བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མཐོང་བའི་ལམ་གྱི་གནས་སྐབས་ལ་ནི་ཡང་དག་པའི་ལམ་བརྒྱད་རྣམ་པར་གཞག་གོ། །བསྒོམ་པའི་
གནས་སྐབས་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམ་པར་གཞག་གོ་ཞེའོ། །ཁ་ཅིག་ན་རེ། མཐོང་བའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །བསྒོམ་པའི་ལམ་ནི་ལམ་གྱི་ཡན་ལག་བརྒྱད་པ་ཞེས་བྱའོ་ཞེའོ། །དཔྱད་པ་དག་གི་ཡང་དག་པའི་དོན་ནི་བཤད་པ་སྔ་མ་ཡང་
เล่ม ๑๑๘ · หน้า 201b
དག་པ་ཡིན་ནོ་ཞེས་བཤད་དོ། །མཛོད་ཀྱི་བསྟན་བཅོས་ཀྱང་བཤད་པ་རྣམ་པ་གཉིས་ཡོད་དེ། བཤད་པ་གཅིག་ནི་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་དང་མཐུན་ནོ། །གཅིག་ནི་འདི་སྐད་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་བའི་ལམ་གྱི་གནས་སྐབས་སུ་ཡོད་དོ། །འཕགས་
པའི་ལམ་ཡན་ལག་བརྒྱད་ནི་མཐོང་བ་དང་། བསྒོམ་པའི་གཉི་ག་ལ་ཡོད་དོ་ཞེའོ། །འདིར་ཐེག་པ་ཆེན་པོའི་བསྟན་བཅོས་དང་སྦྱར་ན། འཕགས་པ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་རྣམ་པ་གཉིས་ཡོད་དེ། ཕལ་ཆེར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་
པོ་ལས་བསྟན་པ་དང་མཐུན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། དབུས་མཐའ་རྣམ་པར་འབྱེད་པ་ལས། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་བའི་ལམ་ལའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་བསྒོམ་པའི་ལམ་ལའོ་ཞེས་
བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་བའི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་ལས། ཡང་དག་པའི་ལྟ་བ་ནི་མཐོང་བ་དང་བསྒོམ་པ་གཉིས་ཀར་གཏོགས་སོ། །གཞན་བདུན་ནི་བསྒོམ་པ་ཁོ་ནའོ་
ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་བའི་ལམ་ལའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ལས། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་ནི་བསྒོམ་པའི་ལམ་ཁོ་ནར་རྣམ་པར་
གཞག་གོ་ཞེས་བཤད་དེ། གཞན་གྱི་བཤད་པ་ནི་མེད་དོ། །འཕགས་པའི་ལམ་གྱི་དོན་རྒྱར་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་བདག་གིས་དེ་དག་མཐོང་ནས་འདི་སྙམ་བགྱིད་དེ། ཚེ་
དང་ལྡན་པ་འདི་དག་ནི་དམིགས་པ་དང་བཅས་པའི་མངོན་པར་རྟོགས་པ་ལ་གནས་ཤིང་སོ་སོ་ནས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ཀྱིས་ཆོས་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་པས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་བདག་ཉིད་ཀྱི་བསམ་པ་གང་ཡིན་པ་ཉིད་སྨོས་
เล่ม ๑๑๘ · หน้า 202a
པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བདག་ཉིད་ཀྱི་བསམ་པ་མདོར་བསྟན་པ་དང་། བདག་ཉིད་ཀྱི་བསམ་པ་བཟླས་ཏེ་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པ་བརྗོད་པ་སྟེ། འདི་ནི་དང་པོ་བདག་ཉིད་ཀྱི་བསམ་
པ་མདོར་བསྟན་པའོ། །ཚེ་དང་ལྡན་པ་འདི་དག་ཐམས་ཅད་ནི་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་པའི་སླད་དུ། དོན་དམ་པའི་བདེན་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མ་འཚལ་བ་ཤ་སྟག་ལགས་སོ་སྙམ་བགྱིད་པས་ཞེས་བྱ་བ་ནི་
གཉིས་པ་བདག་ཉིད་ཀྱི་བསམ་པ་བཟླས་ཏེ་གསོལ་བའོ། །དེའི་སླད་དུ་བཅོམ་ལྡན་འདས་ནི་ངོ་མཚར་རྨད་དུ་གྱུར་པ་དེ་བཞིན་དུ་བཅོམ་ལྡན་འདས་ནི་ལེགས་པར་གསུངས་པ་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གསུམ་པ་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་བསྔགས་པ་
བརྗོད་པ་ཡིན་ཏེ། འདི་ཡང་རྣམ་པ་གསུམ་མོ། །འདི་ལྟ་སྟེ། ལེགས་པར་གསུངས་པ་ཡིན་པར་མདོ་ཙམ་དུ་བསྔགས་པ་དང་། བསྔགས་པར་བྱ་བའི་བསྟན་པ་སྨོས་པ་དང་། གཞན་དག་གི་སྤྱོད་ཡུལ་མ་ཡིན་པར་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་
འདས་ཀྱིས་ཇི་སྐད་དུ། དོན་དམ་པའི་མཚན་ཉིད་ནི་ཕྲ་བ་མཆོག་ཏུ་ཕྲ་བ། ཟབ་པ་མཆོག་ཏུ་ཟབ་པ་རྟོགས་པར་དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ། ཐམས་ཅད་རོ་གཅིག་པའི་མཚན་ཉིད་དོ་ཞེས་གསུངས་པ་ཞེས་བྱ་བ་ནི། གཉིས་པ་བསྔགས་པར་བྱ་བའི་བསྟན་
པ་སྨོས་པ་སྟེ། ཕྲ་བ་ལ་སོགས་པའི་ཚིག་གི་དོན་ནི་སྔར་གོང་དུ་བཤད་པ་བཞིན་ནོ། །བཅོམ་ལྡན་འདས་འཕགས་པའི་བསྟན་པ་ཉིད་ལ་ཞུགས་པའི་དགེ་སློང་གིས་ཀྱང་དོན་དམ་པའི་བདེན་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཤིན་ཏུ་རྟོགས་པར་དཀའ་བ་ལགས་ན།
འདི་ལས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི། གསུམ་པ་གཞན་དག་གི་སྤྱོད་ཡུལ་མ་ཡིན་པར་བསྟན་པའོ། །འདི་ལྟ་སྟེ། ཐེག་པ་གཉིས་དང་། མུ་སྟེགས་རྣམས་ཀྱིས་རོ་གཅིག་པའི་མཚན་ཉིད་ཁོང་དུ་མ་ཆུད་པ་གང་ཡིན་པ་དེ་
เล่ม ๑๑๘ · หน้า 202b
དག་ཐམས་ཅད་ནི་འདིར་མངོན་པའི་ང་རྒྱལ་བསྐྱེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ།། །།བམ་པོ་བཅོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་འདི་མན་ཆད་ནི། གསུམ་པ་བཅོམ་ལྡན་འདས་ཀྱིས་
ཡང་དག་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །སྔར་བཤད་པ་རྣམས་བདེན་པ་ཉིད་དུ་བསྟན་པ་དང་། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་མན་ཆད་ཀྱིས་ཤིན་ཏུ་ཕྲ་བ་ལས་བརྩམས་ནས་རྒྱ་ཆེར་རྣམ་པར་བཤད་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གང་བསམས་པའི་དངོས་པོ་དེ་དག་བདེན་པ་ཉིད་དུ་བསྟན་པ་དང་།
གང་བསྔགས་པར་བྱ་བ་དེ་བདེན་པ་ཉིད་དུ་གྱུར་པར་བསྟན་པའོ། །འདི་ནི་དང་པོ་གང་བསམས་པའི་དངོས་པོ་དེ་དག་བདེན་པ་ཉིད་དུ་བསྟན་པ་སྟེ། མངོན་པར་རྟོགས་པ་གཅིག་ཁོ་ན་མ་ཡིན་པས་དེའི་ཕྱིར་ཚིག་ཟློས་བུར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་གསུངས་པ་
ཡིན་ནོ། །རབ་འབྱོར་ངས་ནི་ཕྲ་བ་མཆོག་ཏུ་ཕྲ་བ་ཟབ་པ་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཀྱི་དོན་དམ་པའི་བདེན་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་མངོན་པར་རྫོགས་པར་སངས་
རྒྱས་ནས་ཀྱང་། གཞན་དག་ལ་བསྙད་ཅིང་རབ་ཏུ་བསྟན། རྣམ་པར་བཤད། གདགས་པར་བྱས། གསལ་བར་བྱས་སོ་ཞེས་བྱ་བ་ནི་གཉིས་པ་གང་བསྔགས་པར་བྱ་བ་དེ་བདེན་པ་ཉིད་དུ་གྱུར་པར་བསྟན་པ་སྟེ། ཁྱོད་ཀྱིས་ཇི་སྐད་དུ་བསྔགས་པ་བརྗོད་པ་བཞིན་དུ།
ཤིན་ཏུ་ཕྲ་བ་ལ་སོགས་པ་རོ་གཅིག་པའི་དོན་དམ་པའི་བདག་ཉིད་ཀྱང་ཐུགས་སུ་ཆུད་པར་གྱུར་པ་ཡིན་ལ། གཞན་དག་ལ་ཡང་གོ་བར་མཛད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བཤད་པའི་རྣམ་གྲངས་གཞན་དུ་ན་སྔ་མ་ནི་བདག་དང་གཞན་སད་པར་མཛད་པ་སྤྱིར་
བསྔགས་པའོ། །ཕྱི་མ་ནི་བདག་དང་གཞན་སད་པར་མཛད་པ་རྣམ་པར་ཕྱེ་སྟེ་བསྔགས་པ་སྟེ། བདག་དང་གཞན་སད་པར་མཛད་པའི་བསྔགས་པ་བརྗོད་པའི་ཕྱིར་ཚིག་ཟློས་བུར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་
เล่ม ๑๑๘ · หน้า 203a
པས་ནི་གཉིས་པ་ཤིན་ཏུ་ཕྲ་བ་ལས་བརྩམས་ནས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་། རྒྱ་ཆེར་རྣམ་པར་བཤད་པ་དང་གཉིས་བསྟན་ཏེ། འདི་ནི་དང་པོ་བརྟག་པའོ། །རབ་འབྱོར་ངས་ནི་ཕུང་པོ་ཐམས་ཅད་ལ་རྣམ་པར་དག་
པའི་དམིགས་པ་གང་ཡིན་པའི་དོན་དམ་པའི་བདེན་པ་ཡིན་པར་ཡོངས་སུ་བསྟན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྒྱ་ཆེར་རྣམ་པར་བཤད་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཆོས་དང་། དཔེ་དང་། དཔེ་དང་དོན་དུ་སྦྱར་བའོ། །ཆོས་ཀྱང་རྣམ་པ་གསུམ་དུ་དབྱེ་སྟེ།
རྣམ་པར་དག་པའི་དམིགས་པ་ལས་བརྩམས་ནས་རོ་གཅིག་གི་མཚན་ཉིད་བསྟན་པ་དང་། རབ་འབྱོར་དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་མན་ཆད་ཀྱིས་ཁྱབ་པའི་དོན་རྣམ་པ་གསུམ་ལས་བརྩམས་ནས་རོ་གཅིག་པའི་མཚན་ཉིད་བསྟན་པ་དང་། རབ་འབྱོར་ཇི་
ལྟར་ཕུང་པོ་དེ་དག་གིས་ཞེས་བྱ་བ་མན་ཆད་ཀྱིས་སྐྱོན་རྣམ་པ་གསུམ་དང་བྲལ་བར་རོ་གཅིག་པའི་མཚན་ཉིད་རྣམ་པར་བཤད་པའོ། །དེ་ལ་དང་པོ་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།
རྣམ་པར་དག་པའི་དམིགས་པའི་དབང་དུ་མཛད་ནས། དོན་དམ་པའི་བདེན་པ་བསྟན་པ་དང་། རྣམ་པར་དག་པའི་དམིགས་པ་དེ་ཡང་ཞེས་བྱ་བ་མན་ཆད་རྣམ་པར་དག་པའི་དམིགས་པས་རོ་གཅིག་པའི་མཚན་ཉིད་བསྟན་པའོ། །རྣམ་པར་དག་པའི་དམིགས་པའི་
དབང་དུ་མཛད་ནས། དོན་དམ་པའི་བདེན་པ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕུང་པོའི་རྣམ་པར་དག་པའི་དམིགས་པ་དོན་དམ་པའི་བདེན་པ་བསྟན་པ་དང་། ཟླས་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དག་པའི་དམིགས་པས་དོན་དམ་པའི་བདེན་པ་བསྟན་པ་
སྟེ། འདི་ནི་དང་པོའོ། །དེ་ལ་ཕུང་པོ་ཐམས་ཅད་ཅེས་བྱ་བ་ལ། ཕུང་པོ་ནི་ལྔ་སྟེ། གཅིག་ཁོ་ན་མ་ཡིན་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །ཡང་ན་ཟག་པ་དང་ཟག་པ་མེད་པ་ལ་སོགས་པ་གཅིག་ཁོ་ན་མ་ཡིན་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །དེ་ནི་འདི་
เล่ม ๑๑๘ · หน้า 203b
སྐད་དུ་ཕུང་པོ་ལ་སོགས་པ་ལ་དོན་དམ་པའི་བདེན་པ་ཡོད་དེ། དེ་ནི་རྣམ་པར་དག་པའི་དམིགས་པ་ཞེས་ཀྱང་བྱ་སྟེ། ཡུལ་འདི་ལ་དམིགས་པའི་དབང་གིས་སེམས་རྣམ་པར་དག་པ་ཡང་ཐོབ་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་
པའི་ཚིག་ལེའུར་བྱས་པ་ལས། རྣམ་པར་དག་པའི་དམིགས་པ་ནི། །རྟག་ཏུ་རྣམ་པར་འགྱུར་བ་མེད། །དགེ་དང་བདེ་བའི་ངོ་བོ་ཉིད། །ཐམས་ཅད་མངོན་པར་འགྲུབ་པར་འགྱུར། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དོན་དམ་པའི་བདེན་པ་ནི་གཅིག་པ་དང་
ཐ་དད་པ་ཉིད་དང་བྲལ་བའི་ཕྱིར་རྣམ་པར་དག་པའི་དམིགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་ལ་དམིགས་པའི་དབང་གིས་སེམས་རྣམ་པར་དག་པ་འཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །
མདོ་ལས་སྔར་གོང་དུ་ཚིག་འདི་ལྟ་བུ་གསུངས་པ་མེད་ན། ཅིའི་ཕྱིར་ཡོངས་སུ་བསྟན་ཞེས་གསུངས། མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། མདོ་སྡེ་ཚད་མེད་པ་རྣམས་ལས་དེ་བཞིན་ཉིད་གསུངས་སོ། །ངས་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་།
ཟས་དང་། བདེན་པ་དང་། ཁམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་ཐམས་ཅད་ལ། རྣམ་པར་དག་པའི་དམིགས་པ་གང་
ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་ཟླས་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དག་པ་དམིགས་པ་དོན་དམ་པའི་བདེན་པ་ཡིན་པར་རྣམ་པར་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་བདེན་པའི་དོན་གྱིས་ཆོས་
རྣམས་ལ་ཁྱབ་པའི་ཕྱིར་རོ། །རྣམ་པར་དག་པའི་དམིགས་པ་དེ་ཡང་། ཕུང་པོ་ཐམས་ཅད་ལ་རོ་གཅིག་པའི་མཚན་ཉིད་དང་ཐ་དད་པ་མེད་པའི་མཚན་ཉིད་ཡིན་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་དག་པའི་དམིགས་པའི་དབང་དུ་མཛད་ནས། རོ་གཅིག་
เล่ม ๑๑๘ · หน้า 204a
པའི་མཚན་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕུང་པོ་རྣམས་ལས་བརྩམས་ནས་རོ་གཅིག་པའི་མཚན་ཉིད་བསྟན་པ་དང་། ཟླས་སྐྱེ་མཆེད་ལ་སོགས་པའི་རོ་གཅིག་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ནི་དང་པོ་ཕུང་
པོ་རྣམས་ཀྱི་རྣམ་པར་དག་པའི་དམིགས་པ་ལས་བརྩམས་ནས། རོ་གཅིག་པའི་མཚན་ཉིད་བསྟན་པ་སྟེ། ཕུང་པོ་རྣམས་ཀྱི་རྣམ་པར་དག་པའི་དམིགས་པ་ཐ་དད་པ་མེད་པའི་མཚན་ཉིད་དང་། ཐ་དད་པ་མེད་པའི་དོན་གང་ཡིན་པ་དེ་ཉིད་རོ་གཅིག་པའི་མཚན་ཉིད་ཡིན་པའི་
ཕྱིར་རོ། །ཕུང་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་ཐམས་ཅད་ནས། ལམ་གྱི་ཡན་ལག་གི་བར་ཐམས་ཅད་ལ་ཡང་རོ་གཅིག་པའི་མཚན་ཉིད་དང་། ཐ་དད་པ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་ཟླས་སྐྱེ་མཆེད་ལ་སོགས་པའི་རོ་གཅིག་པའི་མཚན་ཉིད་རྣམ་པར་
བཤད་པའོ། །དེའི་ཕྱིར་རབ་འབྱོར་རིགས་པ་དེས་ན་དོན་དམ་པའི་བདེན་པ་ནི་ཐམས་ཅད་རོ་གཅིག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དོན་དམ་པའི་བདེན་པ་རོ་གཅིག་པ་ཡིན་པར་བཤད་པའི་མཇུག་བསྡུ་བ་སྟེ། འདི་ལྟར་སྔར་གོང་དུ་ཕུང་
པོ་ལ་སོགས་པའི་ཆོས་ཀྱི་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་དང་། དོན་དམ་པའི་བདེན་པའི་མཚན་ཉིད་ཐ་དད་པ་མེད་པའི་རིགས་པ་དེས་ན་དོན་དམ་པའི་བདེན་པའི་མཚན་ཉིད་ནི་ཐམས་ཅད་དུ་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་དགེ་
སློང་རྣལ་འབྱོར་པ་ནི་ཕུང་པོ་གཅིག་གི་དེ་བཞིན་ཉིད་དང་། དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་རབ་ཏུ་རྟོགས་ནས། ཡང་དེ་ཉིད་ལས་གཞན་པའི་ཕུང་པོ་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟས་དང་བདེན་པ་དང་། ཁམས་དང་། དྲན་པ་
ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་རྣམས་ཀྱིས་སོ་སོ་ལ་དེ་བཞིན་ཉིད་དང་། དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་ཡོངས་སུ་ཚོལ་བར་
เล่ม ๑๑๘ · หน้า 204b
མི་བྱེད་ཀྱི་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཀུན་དུ་ཁྱབ་པའི་དོན་རྣམ་པ་གསུམ་ལས་བརྩམས་ནས། རོ་གཅིག་པའི་མཚན་ཉིད་བསྟན་པ་ཡིན་ཏེ། དེ་ལ་ཀུན་དུ་ཁྱབ་པའི་དོན་རྣམ་པ་གསུམ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་། དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་དོ། །
གསུམ་པོ་འདི་དག་ཕུང་པོ་ལ་སོགས་པའི་ཆོས་ལ་ཁྱབ་པའི་ཕྱིར་གསུམ་པོ་འདི་དག་ལ་རོ་གཅིག་པ་ཞེས་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་རྣམ་པར་
བཤད་པ་དང་། མཐུན་པའི་རྣམ་པར་བཤད་པ་སྟེ། འདི་ནི་དང་པོའོ། འདི་ལྟར་དོན་དམ་པའི་བདེན་པ་ནི་དོན་རྣམ་པ་སྣ་ཚོགས་དང་ལྡན་པས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི་མིང་བཅུ་གཉིས་གསུངས་ཏེ། འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་
དང་། ཆོས་ཉིད་དང་། ཡང་དག་པ་ཉིད་དང་། རྣམ་པར་མི་འགྱུར་བ་ཉིད་དང་། མཉམ་པ་ཉིད་དང་། སྐྱོན་མེད་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཆོས་གནས་པ་ཉིད་དང་། ཡང་དག་པའི་མཐའ་དང་། ནམ་མཁའི་ཁམས་དང་། བསམ་གྱིས་མི་ཁྱབ་
པའི་དབྱིངས་སོ། །དེ་བཞིན་དུ་བསྟན་པ་གཞན་དག་ལས་འབྱུང་བ་ནི་འདིར་བརྗོད་ཀྱིས་མི་རྫོགས་སོ། །འདིར་རེ་ཞིག་དོན་རྣམ་པ་གསུམ་ལས་བརྩམས་ནས་རོ་གཅིག་པའི་མཚན་ཉིད་བསྟན་པ་ཡིན་ཏེ། དེ་ལ་དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པར་རིག་པ་
ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ཇི་སྐད་དུ། དེ་བཞིན་ཞེས་བྱ་བ་ནི་ཡང་དག་པ་ཉིད་དེ་མི་བདེན་པ་མ་ཡིན་པར་བསྟན་ཏོ། །ཉིད་ཅེས་བྱ་བ་ནི་རྟག་པ་ཉིད་དེ། རྣམ་པར་འགྱུར་བ་མེད་པར་རབ་ཏུ་བསྟན་ཏོ། །འདི་ལྟར་ཡང་དག་པ་ཉིད་དེ། གནས་སྐབས་ཐམས་ཅད་དུ་
རྟག་པར་དེ་ཁོ་ན་བཞིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བ་སྟེ། འདི་ནི་རྣམ་པར་འགྱུར་བ་མེད་པ་ཡང་དག་པའི་དོན་ཏོ་ཞེས་བཤད་པ་ལྟ་བུའོ། །སྔར་གོང་དུ་ཡང་དག་པའི་དོན་དམ་པའི་བདེན་པ་ནི་ཐ་སྙད་དང་བྲལ་བའོ་ཞེས་མ་བསྟན་ཏམ་ཞེ་ན། ཅིའི་ཕྱིར་འདིར་དེ་བཞིན་
เล่ม ๑๑๘ · หน้า 205a
ཉིད་ཅེས་བརྗོད་ཅེ་ན། རྒོལ་བ་འདིའི་ལན་ནི་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ཇི་སྐད་དུ། དེ་བཞིན་ཉིད་ཀྱང་བཏགས་པ་ཙམ་གྱི་མིང་ཡིན་ཏེ། མེད་པར་འདོད་པ་དགག་པའི་ཕྱིར་ནི་ཡོད་དོ་ཞེས་བཤད་ལ། ཡོད་པ་ཉིད་དུ་འཛིན་པ་དགག་
པའི་ཕྱིར་ནི་སྟོང་པ་ཉིད་དོ་ཞེས་བཤད་དོ། །ཡང་དག་པ་མ་ཡིན་པ་སྒྱུ་མ་ཉིད་དུ་འཛིན་པར་མ་གྱུར་ཅིག་སྙམ་པའི་ཕྱིར་ནི་ཡང་དག་པ་ཞེས་བསྟན་པ་ཡིན་ནོ། །དོན་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ནི་དེ་བཞིན་ཉིད་ཅེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །དེ་ལ་དོན་དམ་པ་ཞེས་བྱ་བ་
ལ་དམ་པ་ནི་འདི་ལྟ་སྟེ། ཡེ་ཤེས་དམ་པའོ། །དོན་ནི་ཡུལ་གྱི་དོན་ཏོ། །འདི་ལྟར་དེ་བཞིན་ཉིད་འདི་ཡེ་ཤེས་དམ་པ་རྣམ་པ་གཉིས་ཀྱིས་དམིགས་པར་བྱ་བའི་ཡུལ་གྱི་དོན་དུ་གྱུར་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། དོན་དམ་པའི་
བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ་ཞེས་བཤད་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་ཉིད་རྣམ་པ་བདུན་ལ་དོན་དམ་པའི་བདེན་པ་ཞེས་བྱ་ཞེ་ན། སྨྲས་པ། ཡེ་ཤེས་དམ་པ་གཉིས་ཀྱིས་དམིགས་པར་གྱུར་པའི་ཕྱིར་རོ། །དེ་ཡང་འདི་ལྟ་སྟེ། འཇིག་རྟེན་
ལས་འདས་པའི་ཡེ་ཤེས་དང་། རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་སོ། །དོན་དམ་པ་འདི་སྤྲོས་པ་མེད་པའི་ཕྱིར་ཡེ་ཤེས་གཞན་གྱི་ཡུལ་མ་ཡིན་ནོ། །དེ་ལས་གཞན་པའི་དོན་རྣམས་ནི་བདེན་པ་གཉིས་བསྟན་པ་དག་ལས་འབྱུང་བ་བཞིན་ནོ། །དེ་ལ་ཆོས་བདག་
མེད་པ་ཉིད་ཅེས་བྱ་བ་ནི། བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། ཇི་སྐད་དུ་བདག་མེད་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བརྟགས་པའི་མཚན་ཉིད་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་མཚན་ཉིད་
དེ་མ་ཡིན་པ་དེས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་བདག་གི་མཚན་ཉིད་མེད་པའི་ཕྱིར། བདག་མེད་པའི་མཚན་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །སྟོང་པ་དང་བདག་མེད་པ་ལ་བྱེ་
เล่ม ๑๑๘ · หน้า 205b
བྲག་ཅི་ཡོད་ཅེ་ན། སྨྲས་པ། བསྟན་པ་རྣམས་ལ་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཛོད་ཀྱི་བསྟན་བཅོས་དང་སྦྱར་ན། བཤད་པ་མི་མཐུན་པ་རྣམ་པ་བཞི་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་བདག་གིར་ལྟ་བ་དང་། མི་མཐུན་པའི་ཕྱིར་སྟོང་པའོ། །བདག་ཏུ་ལྟ་བ་
དང་མི་མཐུན་པའི་ཕྱིར་བདག་མ་ཡིན་པའོ། །གཞན་ཡང་དེ་ཉིད་ལས་ནད་ཀྱི་སྐྱེས་བུ་དང་བྲལ་བའི་ཕྱིར་སྟོང་པའོ། །རང་དབང་མེད་པའི་ཕྱིར་བདག་མ་ཡིན་པའོ། །གཞན་ཡང་དེ་ཉིད་ལས། འདི་ལ་བདག་མེད་པའི་ཕྱིར་སྟོང་པའོ། །བདག་ཉིད་ཀྱིས་བདག་མ་ཡིན་པའི་
ཕྱིར་བདག་མ་ཡིན་པའོ། །གཞན་ཡང་དེ་ཉིད་ལས། བདག་གིར་ལྟ་བའི་གཉེན་པོའི་ཕྱིར་སྟོང་པའི་རྣམ་པ་སྒོམ་མོ། །བདག་ཏུ་ལྟ་བའི་གཉེན་པོའི་ཕྱིར་བདག་མ་ཡིན་པའི་རྣམ་པ་བསྒོམ་མོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་བཤད་པ་རྣམ་པ་
གཉིས་ཡོད་དེ། མཛོད་ཀྱི་བསྟན་བཅོས་ལས་འབྱུང་བའི་དངོས་པོ་གཉིས་དང་མཐུན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས། དབང་བྱེད་པའི་བདག་པོ་མེད་པའི་ཕྱིར་སྟོང་པའོ། །བདག་གི་མཚན་ཉིད་དང་མི་མཐུན་པའི་ཕྱིར་བདག་མ་ཡིན་པའོ། །གཞན་
ཡང་དེ་ཉིད་ལས་བདག་གིར་ལྟ་བའི་གཉེན་པོའི་ཕྱིར་སྟོང་པའི་རྣམ་པ་བསྒོམ་མོ། །བདག་ཏུ་ལྟ་བའི་གཉེན་པོའི་ཕྱིར་བདག་མ་ཡིན་པའི་རྣམ་པ་བསྒོམ་མོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་རྫས་སུ་མི་མཐོང་བ་ནི་སྟོང་པ་ཞེས་
བྱའོ། །བདག་མི་མཐོང་བ་ནི་བདག་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། སྟོང་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ལ་གང་མེད་པ་དེ་ནི་རིགས་པ་དེས་སྟོང་པར་ཡང་དག་པ་རྗེས་སུ་མཐོང་བ་སྟེ། འདི་ལ་
ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་རིགས་པ་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོད་པར་ཤེས་པ་ནི་སྟོང་པ་ཉིད་ལ་ཤིན་ཏུ་ཞུགས་པ་ཞེས་བྱའོ། །གང་ན་ཅི་ཞིག་མེད་ཅེ་ན། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྟག་པ་དང་། བརྟན་པ་དང་།
เล่ม ๑๑๘ · หน้า 206a
ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་བདག་དང་། བདག་གི་ལ་སོགས་པ་ཡོད་པ་མ་ཡིན་པ་སྟེ། རིགས་པ་དེས་དེ་དག་ཀུན་སྟོང་པའོ། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་ལ་བདག་མེད་པ་ཉིད་དེ། དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་
ཉིད་ཡོད་པ་ནི་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་ཆོས་ཀྱི་ཕྱག་རྒྱའི་མདོ་ལས་ཇི་སྐད་དུ། རྣལ་འབྱོར་པ་རྣམས་ཀྱིས་གཟུགས་མི་རྟག་པ་དང་། སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལ་མི་རྟག་པ་ནི་འདི་ལྟ་སྟེ།
གཟུགས་ངོ་བོ་ཉིད་ཀྱིས་མི་རྟག་པའོ། །སྟོང་པ་ནི་ཇི་ལྟར་བུམ་པའི་ནང་ན་ཆུ་མེད་པས། བུམ་པ་སྟོང་པ་ཞེས་བྱ་བ་དེ་བཞིན་དུ། ཕུང་པོ་ལྔ་པོ་དག་ལ་ཤེས་པའི་བདག་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ཀྱི་ནང་
ནས་འཕགས་པའི་སྤྱོད་པ་བསྟན་པའི་ལེའུ་ལས། སྤྱོད་པ་ནི་རྣམ་པ་གཉིས་ཡོད་དེ། སྟོང་པའི་སྤྱོད་པ་དང་། བདག་མེད་པའི་སྤྱོད་པའོ། །ཕུང་པོ་ལྔ་པོ་དག་ལ་སེམས་ཅན་མི་དམིགས་པ་ནི་སྟོང་པའི་སྤྱོད་པ་ཞེས་བྱའོ། །ཕུང་པོ་ལྔ་པོ་མེད་པ་ཉིད་དུ་མཐོང་བ་ནི་བདག་མེད་པའི་
སྤྱོད་པ་ཞེས་བྱ་བའོ་ཞེས་འབྱུང་ངོ་། །དེ་བཞིན་ཉིད་དང་། དོན་དམ་པའི་དེ་ཁོ་ནའི་རྗེས་སུ་འབྲང་ཞིང་གཉིས་སུ་མེད་པའི་ཤེས་པས་གནས་བྱས་པའི་ཕྱིར། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོན་དམ་པའི་བདེན་པ་ལ་ངེས་པར་རྟོགས་པས། མངོན་པར་རྟོགས་པར་
བྱེད་དེ་ཞེས་བྱ་བ་ནི་གཉིས་པ་མཐུན་པའི་རྣམ་པར་བཤད་པས་རོ་གཅིག་པའི་མཚན་ཉིད་བསྟན་པའོ། །མདོའི་ཚིག་འདི་རྣམ་པར་བཤད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ། འདི་ཁོ་ན་ཞེས་བྱ་བ་ནི། ཐམས་ཅད་ཀྱང་ཕུང་པོ་གཅིག་ཁོ་ནའོ་ཞེས་ཐ་དད་
པའི་དགག་པ་བསྟན་པའི་ཕྱིར་གཉིས་པ་ཁོ་ན་ཞེས་གསུངས་ཏེ། ཕུང་པོ་གཞན་ལ་སོགས་པ་དགག་པ་ཡིན་ནོ། །འདི་ཞེས་བྱ་བས་ནི་ཕུང་པོ་འདི་གཅིག་ཁོ་ནའོ་ཞེས་བསྟན་པའོ་ཞེས་ཟེར་ཏེ་དེ་ནི་འདི་སྐད་དུ་ཕུང་པོ་འདི་གཅིག་ཁོ་ནའི་དེ་བཞིན་ཉིད་དང་། དོན་དམ་
เล่ม ๑๑๘ · หน้า 206b
པ་དང་། ཡོད་པ་དང་། མེད་པ་གཉིས་སུ་མེད་པའི་ཆོས་བདག་མེད་པའི་ཡུལ་རྣམ་པ་གསུམ་པོ་དག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་བྱས་པའི་ཕྱིར། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་དེ་དག་ཐམས་ཅད་ལ་རོ་གཅིག་པའི་མཚན་ཉིད་དུ་ངེས་པར་རྟོགས་
པས། མངོན་པར་རྟོགས་པར་བྱེད་པས་དེའི་ཕྱིར་དེ་བཞིན་ཉིད་ནི་རོ་གཅིག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །ཁ་ཅིག་ན་རེ་གཉིས་སུ་མེད་པའི་ཤེས་པ་ཞེས་བྱ་བ་ནི་གང་ཟག་དང་། ཆོས་གཉིས་བདག་མེད་པའི་ཤེས་པ་སྟེ། གཞན་
ནི་སྔ་མ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་རྣལ་འབྱོར་པ་དག་འདི་ལྟར་རྣམ་པར་མི་རྟོག་པའི་ཤེས་པ་རྣམ་པ་གསུམ་གྱིས་གནས་བྱས་པའི་ཕྱིར། ཤེས་པ་འདི་དག་གིས་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ལ་ངེས་པར་རྟོགས་པས་མངོན་པར་རྟོགས་པར་བྱེད་དོ། །
གཞན་ནི་དང་པོ་བཞིན་དུ་བཤད་པར་བྱའོ། །ཡང་ན་གཞན་ནི་སྔ་མ་བཞིན་ནོ་ཞེའོ། །གོང་མ་དེ་དག་ཀྱང་མདོར་བསྡུ་ན། བཤད་པ་རྣམ་པ་གསུམ་དུ་འགྱུར་ཏེ། ཁ་ཅིག་ནི་ཆོས་འདི་འབའ་ཞིག་རོ་གཅིག་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་ཟེར་ཏེ། འདི་ལ་བཤད་
པ་རྣམ་པ་གསུམ་ཡོད་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཁ་ཅིག་ནི་ཕུང་པོ་གཅིག་པོ་འདི་འབའ་ཞིག་དེ་བཞིན་ཉིད་ཡིན་ནོ་ཞེས་ཟེར་ཏེ། འདི་ལ་བཤད་པ་རྣམ་པ་གསུམ་ཡོད་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །འདི་ལྟར་གོང་དུ་བསྟན་པ་དེ་དག་
ཀྱང་བཤད་པ་རྣམ་པ་དགུར་འགྱུར་ཏེ། ཡང་ན་དེ་བཞིན་ཉིད་ཙམ་གང་ཡིན་པ་དེ་ནི་ཕུང་པོ་གཅིག་ཡིན་ནོ་ཞེས་ཟེར་ཏེ། འདི་ལ་བཤད་པ་རྣམ་པ་གསུམ་ཡོད་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལྟར་བཤད་པ་ཡོད་ཀྱང་ཚིག་བདེན་པ་མ་ཡིན་པས་བཤད་
པའི་དོན་མདོར་བསྡུ་ན། མདོའི་ཚིག་སྔ་མ་ནི་ཆོས་གཞན་ལ་དོན་དམ་པ་ཡིན་པར་ཡོངས་སུ་ཚོལ་བའི་ཕྱིར་མི་མཐུན་པའི་རྣམ་པར་བཤད་པ་ཞེས་བྱའོ། །མདོའི་ཚིག་འདི་ནི་ཕུང་པོ་གཅིག་ཁོ་ན་ཡོངས་སུ་ཚོལ་བར་སྒྲུབ་པས། རྗེས་སུ་མཐུན་པའི་རྣམ་པར་
เล่ม ๑๑๘ · หน้า 207a
བཤད་པ་ཞེས་བྱའོ་ཞེས་སྟོན་ཏོ། །སློབ་དཔོན་ཡང་དག་བདེན་པས་མདོའི་ཚིག་འདི་གཉིས་ཀྱི་བཤད་པ་བྱས་པ་ལས། མདོའི་ཚིག་སྔ་མ་ནི་ཡུལ་རྣམ་པ་གསུམ་པ་རྟོགས་པར་བཤད་པའོ། །མདོའི་ཚིག་ཕྱི་མ་ནི་ངེས་པར་རྟོགས་པས་མངོན་པར་
རྟོགས་པར་བྱེད་པར་བཤད་པ་ཡིན་ནོ་ཞེས་འབྱུང་ངོ་། །འདི་གསུམ་ཐ་དད་པ་ཡང་ཐེག་པ་ཆུང་ངུའི་བསྟན་པ་དང་སྦྱར་ན། ཟག་པ་མེད་པའི་དབང་པོ་གསུམ་ལ་བྱེ་བྲག་ཡོད་པའི་ཕྱིར་ཏེ། འདི་ནི་མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་གནས་སྐབས་ཀྱི་བྱེ་བྲག་གི་
ཕྱིར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། ས་རེ་རེ་ལ་ཡང་འཇུག་པ་དང་། གནས་པ་དང་། འབྱུང་བའི་ཆོས་ཡོད་པས་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །དེའི་ཕྱིར་རབ་འབྱོར་རིགས་པ་དེས་ཀྱང་དོན་དམ་པའི་བདེན་པ་ནི་ཐམས་ཅད་དུ་རོ་གཅིག་པའི་
མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །རབ་འབྱོར་ཇི་ལྟར་ཕུང་པོ་དེ་དག་ཕན་ཚུན་ཐ་དད་པའི་མཚན་ཉིད་དུ་གྱུར་པ་དང་། ཇི་ལྟར་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟས་དང་། བདེན་པ་དང་།
ཁམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དེ་དག་ཕན་ཚུན་ཐ་དད་པའི་མཚན་ཉིད་དུ་གྱུར་པ་དེ་བཞིན་དུ་ཞེས་བྱ་བ་འདི་མན་ཆད་ནི་
གསུམ་པ་སྐྱོན་རྣམ་པ་གསུམ་དང་བྲལ་བས་རོ་གཅིག་པའི་མཚན་ཉིད་རྣམ་པར་བཤད་པ་སྟོན་ཏོ། །འདི་ལྟར་དེ་བཞིན་ཉིད་ལ་སོགས་པ་རྒྱུ་ལ་སོགས་པའི་སྐྱོན་རྣམ་པ་གསུམ་དང་བྲལ་བའི་ཕྱིར་རོ་གཅིག་པ་ཉིད་དུ་འགྲུབ་པ་ཡིན་ནོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་
ཏེ། རྣམ་པར་བཤད་པ་དང་། འཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕུང་པོ་ལ་སོགས་པ་ཕན་ཚུན་ཐ་དད་པའི་མཚན་ཉིད་བསྟན་པ་དང་། དེ་བཞིན་ཉིད་ཐ་དད་པའི་མཚན་ཉིད་མེད་པར་རྣམ་པར་འབྱེད་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་
เล่ม ๑๑๘ · หน้า 207b
འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། ཕུང་པོ་རྣམས་ཕན་ཚུན་ཐ་དད་པའི་མཚན་ཉིད་བསྟན་པ་དང་། ཟླས་སྐྱེ་མཆེད་ལ་སོགས་པ་ཕན་ཚུན་ཐ་དད་པའི་མཚན་ཉིད་བསྟན་ཏོ། །འདི་ལྟར་ཕུང་པོ་ལ་སོགས་པའི་མཚན་ཉིད་ཐ་དད་པའི་ཕྱིར་སྐྱོན་རྣམ་པ་གསུམ་ཡོད་པར་གྱུར་པ་
ཡིན་ཏེ། རྒྱུ་དང་བཅས་པ་ལས་འབྱུང་བའི་ཕྱིར་དང་། འདུས་བྱས་ཀྱི་མཚན་ཉིད་རྣམ་པར་འགྱུར་བ་ཅན་དུ་འགྱུར་བའི་ཕྱིར་དང་། དོན་དམ་པ་མ་ཡིན་པ་ཞིག་ཡང་བཙལ་བ་དང་། མཐར་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་།
དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་ཀྱང་། ཐ་དད་པའི་མཚན་ཉིད་ཡིན་པར་གྱུར་ན་ནི། དེས་ན་དེ་བཞིན་ཉིད་དང་། དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་ཀྱང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ། །གལ་ཏེ་རྒྱུ་ལས་བྱུང་བ་ཉིད་ཡིན་
ན་ནི་འདུས་བྱས་ཡིན་པར་འགྱུར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་མ་ཡིན་པར་འགྱུར་རོ། །དོན་དམ་པ་ཡིན་ན་ནི་དོན་དམ་པའི་བདེན་པ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ་ཞེས་བྱ་བ་མན་ཆད་ནི་གཉིས་པ་དེ་བཞིན་ཉིད་ལ་ཐ་དད་པའི་མཚན་ཉིད་མེད་པར་རྣམ་
པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་ལ་སྐྱོན་རྣམ་པ་གསུམ་ཡོད་པར་བསྟན་པ་དང་། རབ་འབྱོར་ཞེས་བྱ་བ་མན་ཆད་ཀྱིས་མཐུན་པའི་རྣམ་པར་བཤད་པས་དོན་དམ་པ་སྐྱོན་རྣམ་པ་གསུམ་དང་བྲལ་བར་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་
གཉིས་སུ་དབྱེ་སྟེ། ཐ་དད་པའི་མཚན་ཉིད་སྨོས་པ་དང་། སྐྱོན་རྣམ་པ་གསུམ་བསྟན་པའོ། །སྐྱོན་རྣམ་པ་གསུམ་ནི་གང་དུ་བསྟན་པ་བཞིན་ནོ། །ཡང་ན་སྐྱོན་རྣམ་པ་ལྔ་སྟེ། རྒྱུ་དང་བཅས་པ་དང་། རྒྱུ་ལས་བྱུང་བ་དང་། འདུས་བྱས་སུ་གྱུར་པ་དང་། དོན་དམ་པ་མ་ཡིན་
པ་དང་། དོན་དམ་པ་གཞན་ཡོངས་སུ་ཚོལ་བའོ། །མདོའི་ཚིག་འདི་དང་སྦྱར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ནི་རྒྱུ་ལས་བྱུང་བའི་ཕྱིར་འདུས་བྱས་ཀྱིས་བསྡུས་པས་དོན་དམ་པའི་བདེན་པ་མ་ཡིན་པར་སྟོན་ཏེ། དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ལ་སོགས་
เล่ม ๑๑๘ · หน้า 208a
པའི་འགྲེལ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་རྟག་པ་ཡིན་ཏེ། ཇི་ཙམ་དུ་སྐྱེ་བ་དང་བཅས་པ་དག་ནི་ངེས་པར་འཇིག་པར་འགྱུར་རོ་ཞེས་མགོ་གཅིག་ཏུ་བསྟན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཁ་ཅིག་ནི་རྟག་པ་ཡིན་ནོ་ཞེས་ཟེར་རོ། །དོན་གཞན་ནི་འོག་
ནས་རྒྱ་ཆེར་རྣམ་པར་འབྱེད་དོ། །རབ་འབྱོར་གང་གི་ཕྱིར་དེ་བཞིན་ཉིད་དང་། དོན་དམ་པ་དང་། ཆོས་བདག་མེད་པ་ཉིད་རྒྱུ་དང་བཅས་པ་ཞེས་མི་བྱ་བས། རྒྱུ་ལས་བྱུང་བ་མ་ཡིན་པ་དང་། འདུས་བྱས་ཀྱང་མ་ཡིན་པས་དོན་དམ་པ་ཡིན་པ་དང་། དོན་དམ་པ་འདི་ཐོབ་ནས། དོན་
དམ་པའི་བདེན་པ་གཞན་ཡོངས་སུ་བཙལ་མི་དགོས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྗེས་སུ་མཐུན་པའི་རྣམ་པར་བཤད་པས་དོན་དམ་པ་སྐྱོན་རྣམ་པ་གསུམ་དང་བྲལ་བར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་སྐྱོན་རྣམ་པ་གསུམ་དང་བྲལ་བར་ཡང་དག་
པར་བཤད་པ་དང་། རྟག་པ་རྟག་པའི་འདུ་ཤེས་བྱ་བ་མན་ཆད་ཀྱིས་ཡང་རིགས་པས་བསྒྲུབ་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཐ་དད་པར་འགྱུར་བ་ལ་སྐྱོན་རྣམ་པ་གསུམ་ཡོད་པའི་ཕྱིར་དོན་དམ་པ་ནི་རོ་གཅིག་པའི་མཚན་ཉིད་སྐྱོན་རྣམ་པ་གསུམ་དང་བྲལ་བ་ཡིན་པར་ཤེས་པར་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་རྣམ་པར་གཞག་པ་རྣམ་པར་གནས་པ་ནི་ཡོད་པ་ཁོ་ནའོ་ཞེས་བྱ་བ་ནི་
གཉིས་པ་ཡང་རིགས་པས་བསྒྲུབ་པ་ཡིན་ཏེ། འདི་ཡང་དོན་དམ་པ་རོ་གཅིག་པའི་དེ་བཞིན་ཉིད་དེ་རྟག་པ་དང་། ཐེར་ཟུག་གི་དུས་སུ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་ཆོས་ཀྱི་དབྱིངས་ལ་རྣམ་པར་གནས་
ཤིང་། ཡང་རྣམ་པར་འགྱུར་བ་དང་། མཚན་མ་སྣ་ཚོགས་མེད་པར་གྱུར་པའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་ཐེར་ཟུག་དང་། རྟག་པ་ཞེས་བྱ་བ་ནས། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་ཅེས་བྱ་བའི་བར་དུ་འབྱུང་སྟེ། སློབ་དཔོན་ཡང་དག་
เล่ม ๑๑๘ · หน้า 208b
བདེན་པའི་འགྲེལ་པ་ལས། ལམ་གྱི་མདུན་རོལ་གྱི་གནས་སྐབས་ན་ཡང་། སྔ་ནས་རང་བཞིན་གྱིས་ཡོད་པའི་ཕྱིར་ཐེར་ཟུག་ཅེས་བྱ་སྟེ་སངས་རྒྱས་འཇིག་རྟེན་དུ་བྱུང་ནས་གདོད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ལམ་གྱི་བར་དང་། ཐ་མའི་གནས་སྐབས་ན་ཡང་དོན་གྱི་ཚུལ་
འདི་འགག་པ་མེད་པའི་ཕྱིར་རྟག་པ་ཞེས་བརྗོད་དེ། སངས་རྒྱས་འཇིག་རྟེན་དུ་བྱུང་བའི་འོག་ཏུ་ཡང་དོན་གྱི་ཚུལ་ལ་ཟད་པ་མེད་པའི་ཕྱིར་རོ། །ཆོས་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་གནས་པ་སྟེ། ལམ་གྱི་མདུན་རོལ་གྱི་གནས་སྐབས་ན་
བྱང་ཆུབ་ཀྱི་སེམས་ཀྱི་གཞི་བྱེད་པས། སེམས་ཅན་རྣམས་འདིའི་དབང་གིས་སེམས་བསྐྱེད་པ་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་འདྲེན་ཅིང་འབྱུང་བར་བྱེད་པ་སྟེ། ལམ་གྱི་གནས་སྐབས་བར་མ་རྣམས་སུ་དབྱིངས་ནི་སྤྱོད་པ་རྣམས་ཀྱི་
གཞི་བྱེད་དེ། སྤྱོད་པ་ཚད་མེད་པ་རྣམས་འདྲེན་ཅིང་འབྱུང་བར་བྱེད་པའི་ཕྱིར་རོ། །ཆོས་གནས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སའི་གནས་སྐབས་སུ་ཕྱིན་པ་ཐོབ་པ་སྟེ། ལམ་གྱི་ཐ་མའི་གནས་སྐབས་མྱ་ངན་ལས་འདས་པར་ཕྱིན་ནས་ཆོས་ཀྱི་ངོ་བོ་ཉིད་རྟག་པར་གནས་
པའི་ཕྱིར་རོ་ཞེས་འབྱུང་ངོ་། །མདོ་འདི་ལས་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་གི་དུས་སུ་ཞེས་གསུངས་པ་ནི་རོ་གཅིག་པའི་དེ་བཞིན་ཉིད་གཟོད་མ་ནས་སྔར་ཡང་གཅིག་པ་ཉིད་མ་ཡིན་པས། རྟག་པ་རྟག་པའི་དུས་ཞེས་བྱའོ། །ཕྱིས་ཀྱང་གཅིག་པ་ཉིད་མ་ཡིན་
པས། ཐེར་ཟུག་ཐེར་ཟུག་གི་དུས་ཞེས་བྱ་སྟེ། དུས་འདི་ལྟ་བུ་རྣམས་སུ་ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་ལ་རྣམ་པར་གནས་པའོ། །ཆོས་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་ལ་རྣམ་པར་གནས་པ་འདི་ཡང་དོན་རྣམ་པ་གཉིས་ཡོད་དེ། །དཔེ་གཞན་གཉིས་དང་སྦྱར་ན་རྣམ་པ་
གསུམ་དུ་དབྱེ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་རྣམ་པར་གཞག་པ་དང་། གནས་པ་ཉིད་རྣམ་པར་གཞག་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི་གཉིས་སུ་ཕྱེ་ནས་བསྟན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་
เล่ม ๑๑๘ · หน้า 209a
རྣམ་པར་གཞག་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་གཞག་པ་ཞེས་འབྱུང་ངོ་། །དེ་ལ་རྣམ་པ་ལྔར་གཞག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་རྣམ་པར་གཞག་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་ཏེ།
འདི་ལྟ་སྟེ། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པའོ། །དེ་ལ་རྣམ་པར་གནས་པ་ཞེས་བྱ་བ་ནི་ཆོས་གནས་པ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ཐོག་མ་མེད་པའི་དུས་ནས་གྲགས་པའི་རིགས་པ་གང་ཡིན་པ་
དེ་ནི་ཆོས་ཉིད་དོ། །ཇི་ལྟར་གྲགས་པ་དེ་ཕྱིན་ཅི་མ་ལོག་པའི་རིགས་པའི་ཚིག་དང་ཡི་གེ་རྣམས་ཀྱི་རྣམ་པར་གཞག་པ་དེ་ནི་ཆོས་གནས་པའོ། །ཆོས་གནས་པ་དེའི་རྒྱུ་ཆོས་ཉིད་དེ་ཡིན་པས་ན། །དེའི་ཕྱིར་དེ་ལ་དབྱིངས་ཞེས་བྱ་བ་འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་
པའི་ས་ལས་ནི་རྟེན་ཅང་འབྲེལ་བར་འབྱུང་བ་དེ་སྨོས་པས། དོན་གྱི་ངོ་བོ་ཉིད་དག་བསྟན་ཏོ། །ཡང་ན་བསྟན་བཅོས་དེ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ལ་ཚིག་འདི་གསུམ་ཡོད་པར་བསྟན་པ་ཡིན་གྱི། དོན་གྱི་ངོ་བོ་ཉིད་བསྟན་པ་ནི་མ་ཡིན་ཏེ། འོན་ཀྱང་
ཚིག་གསུམ་བཤད་པའི་དོན་ལ་བྱེ་བྲག་ཏུ་གྱུར་པ་ནི་མེད་དོ། །དེའི་ཕྱིར་རབ་འབྱོར་རིགས་པ་དེས་ཀྱང་། དོན་དམ་པའི་བདེན་པ་ནི་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། །
བརྡ་ཕྲད་པར་ཟད་དོ། །རབ་འབྱོར་དཔེར་ན་རྣམ་པ་སྣ་ཚོགས་རྣམ་པ་གཅིག་མ་ཡིན་པ་ཐ་དད་པའི་མཚན་ཉིད་ཀྱི་གཟུགས་ལ་ནམ་མཁའ་ནི་མཚན་མ་མེད་པ། རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་
ཉིད་དོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དཔེས་བསྟན་པའོ། །རྣམ་པ་སྣ་ཚོགས་རྣམ་པ་གཅིག་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ཡང་རྣམ་པ་གསུམ་སྟེ། དང་པོ་ནི་འབྱུང་བ་ཆེན་པོ་དང་། རྒྱུར་བྱས་པའི་མཚན་ཉིད་དོ། །
เล่ม ๑๑๘ · หน้า 209b
གཉིས་པ་ནི་བསྟན་བཅོས་ཡོད་པ་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་པ་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་དང་བཅས་པ་ལྟ་བ་གསུམ་བྱེ་བྲག་ཏུ་གྱུར་པའི་མཚན་ཉིད་དང་། གསུམ་པ་ནི་རྣམ་པར་འགྱུར་ཞང་འཇིག་པ་འདི་ལྟ་
སྟེ། སྔ་མའི་རྣམ་པ་གཉིས་པོ་དེ་དག་རྣམ་པར་འགྱུར་ཞིང་འཇིག་པ་དང་བཅས་པས་རྣམ་པར་འགྱུར་ཞིང་འཇིག་པའི་མཚན་ཉིད་ཅེས་བྱ་སྟེ། རྣམ་པ་འདི་གསུམ་དང་ལྡན་པའི་ཕྱིར་རྣམ་པ་སྣ་ཚོགས་རྣམ་པ་གཅིག་མ་ཡིན་པ་ཞེས་གསུངས་སོ། །ཡང་ན་ཐ་དད་པའི་
མཚན་ཉིད་ཅེས་ཀྱང་བྱའོ། །ནམ་མཁའ་ལ་རྒྱུར་བྱས་པའི་མཚན་མ་གཞན་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཞེས་བྱ་སྟེ། རྣམ་པར་
རྟོག་པ་ནི་བྱེ་བྲག་གི་མིང་གི་རྣམ་གྲངས་སོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་བྱེ་བྲག་མེད་པའི་ཕྱིར་རྣམ་པར་འགྱུར་ཞིང་འཇིག་པ་ཡང་མེད་པས་འགྱུར་བ་མེད་པ་ཞེས་བྱ་སྟེ། མཚན་ཉིད་འདི་གསུམ་དང་ལྡན་པས་རོ་གཅིག་པའི་མཚན་ཉིད་ཅེས་བྱའོ་ཞེས་འབྱུང་ངོ་། །
དེ་བཞིན་དུ་ངོ་བོ་ཉིད་ཐ་དད་པ་དང་། མཚན་ཉིད་ཐ་དད་པའི་ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དུ་གྱུར་པ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བའོ། །དེ་ལ་ངོ་བོ་ཉིད་དང་། མཚན་ཉིད་
ཐ་དད་པ་ཞེས་བྱ་བ་ནི་རང་གི་མཚན་ཉིད་བྱེ་བྲག་ཏུ་གྱུར་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་རང་གི་མཚན་ཉིད་དང་། བྱེ་བྲག་ཏུ་གྱུར་པ་ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ་ཆོས་ཐམས་ཅད་ནི་མཚན་ཉིད་གཉིས་དང་ལྡན་ཏེ་རང་གི་ངོ་བོ་ཉིད་དང་
བྱེ་བྲག་ཏུ་གྱུར་པའོ། །དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་རོ་གཅིག་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་དཔེར་ན་ནམ་མཁའ་ནི་གཟུགས་སུ་གྱུར་པ་སྣ་ཚོགས་གི་རྣམ་པ་
เล่ม ๑๑๘ · หน้า 210a
ཐམས་ཅད་ལ་ཀུན་ན་ཡོད་ཀྱང་། དེས་བརྗོད་པར་བྱ་བ་ཡང་མ་ཡིན། སྣ་ཚོགས་ཀྱང་མ་ཡིན་ཏེ། རོ་གཅིག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་། ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ནས་
ཡོད་ཀྱང་དེས་བརྗོད་པར་བྱ་བ་ཡང་མ་ཡིན་སྣ་ཚོགས་ཀྱིས་ཀྱང་མ་ཡིན་ཏེ། །རོ་གཅིག་གོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་འཇུག་པར་མཚུངས་པའི་ཕྱིར་རོ་གཅིག་པ་
ཞེས་བྱའོ། །གཞན་ཡང་ཀུན་ཏུ་བརྟགས་པས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་ལ་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་རོ་གཅིག་པ་ཞེས་བྱའོ་ཞེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་བྱ་བ་
འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་མདོར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིགས་སུ་བཅད་པས་བསྟན་པའི་གླེང་བསླང་བ་དང་། ཚིགས་སུ་བཅད་པ་གཉིས་སྨོས་ནས་མདོར་བསྟན་པ་སྟེ། འདི་ནི་དང་པོའོ། །ཐམས་ཅད་རོ་གཅིག་
མཚན་ཉིད་དོན་དམ་འདི། །སངས་རྒྱས་རྣམས་ཀྱིས་ཐ་དད་མེད་པར་གསུངས། །གང་ཞིག་དེ་ལ་ཐ་དད་རྣམ་རྟོག་པ། །དེ་ནི་ངེས་རྨོངས་མངོན་པའི་ང་རྒྱལ་ཅན། །ཞེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པ་ཉིད་སྨོས་ནས་མདོར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།
ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་སངས་རྒྱས་ཀྱིས་མཚུངས་པར་གསུངས་པས་རོ་གཅིག་པའི་མཚན་ཉིད་ཀྱི་བསྔགས་པ་བརྗོད་པའོ། །ཕྱི་མའི་ཚིག་གཉིས་ཀྱིས་ནི་རྨོངས་པ་དག་ཐ་དད་པར་འཛིན་པ་རྣམ་པར་འབྱེད་ཅིང་། དོན་ཉིད་ཤིན་ཏུ་ཟབ་པར་བསྟན་པ་ཡིན་ནོ། །
དེ་ལ་ཚིགས་སུ་བཅད་པའི་ཕྱེད་དང་པོའི་རྐང་པ་དང་པོ་གཅིག་གིས་ནི་རོ་གཅིག་པའི་མཚན་ཉིད་ཕུང་པོ་ལ་སོགས་པ་ཀུན་ལ་ཁྱབ་པར་བསྟན་ཏོ། །འོག་མས་ནི་དོན་དམ་པའི་མཚན་ཉིད་དེ། སངས་རྒྱས་རྣམས་ཀྱིས་མཚུངས་པར་གསུངས་པ་ཡིན་པར་བསྟན་ཏོ། །ཡང་ན་དོན་
เล่ม ๑๑๘ · หน้า 210b
དམ་འདི། སངས་རྒྱས་རྣམས་ཀྱིས་ཐ་དད་མེད་པར་གསུངས། །ཞེས་བྱ་བ་ལ། ཐ་དད་མེད་པ་ཉིད་ནི་རོ་གཅིག་པའི་དོན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིགས་སུ་བཅད་པ་ཕྱེད་འོག་མའི་དང་པོས་ནི་ཐ་དད་པར་བརྟགས་པ་རབ་ཏུ་དབྱེ་བ་བསྟན་ཏོ། །ཚིག་ཐ་མས་ནི་
བརྟགས་པའི་གནས་བསྟན་ཏོ། །ཚིགས་སུ་བཅད་པ་འདི་ཡང་ཚིག་ངེས་པར་འགྲེལ་པའི་མདོ་དང་སྦྱར་ན། དེ་ལས་ཚིགས་སུ་བཅད་པ་གཅིག་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་ཚིག་རྐྱང་པ་ཡང་འབྱུང་སྟེ། དེ་དཔེ་ངེས་པ་མ་ཡིན་
པས་དེའི་ཕྱིར་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་འདི་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཚིགས་སུ་བཅད་པ་ཕྱི་མ་དེ་མི་འབྱུང་ངོ་། །གཞན་ཡང་མཇུག་ཏུ་མངོན་པར་བསྟོད་དོ་ཞེས་འབྱུང་བའི་ཚིག་དེ་ཡང་། སློབ་དཔོན་ཡང་དག་བདེན་
པའི་བརྗེད་བྱང་ལས། ཚིག་ཕྱི་མ་འདི་དག་ནི་བསྟན་པ་གནས་པར་གཏོགས་པ་ཡིན་ནོ་ཞེས་བཤད་པས་ལེའུ་འདི་ཉིད་ཀྱི་ནང་དུ་གཏོགས་པ་ཡང་མ་ཡིན་ལ། མཇུག་གི་བསྟན་པ་གནས་པར་གཏོགས་པའི་ཚིག་འདིར་གཞག་པ་ཡིན་པས་དེ་སྐད་བཤད་པ་འདི་ཡང་
མདོ་སྡེ་འདི་དང་རྗེས་སུ་མཐུན་པ་མ་ཡིན་ཏེ། མདོ་སྡེའི་མཇུག་གི་ཚིག་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་ཐ་མར་འབྱུང་བའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པས་ཆོས་གསུངས་པ། །ཐམས་
ཅད་རོ་གཅིག་མཚན་ཉིད་དེ། །དོན་དམ་པ་ལ་གུད་ན་མེད། །ཐ་དད་མཐོང་བའི་ང་རྒྱལ་ཡིན། །ཞེས་འབྱུང་ངོ་། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་ཚིགས་སུ་བཅད་པ་གཉིས་འབྱུང་སྟེ། དེའི་ཕྱིར་དེ་ལས། ཆོས་ཀྱི་མཚན་ཉིད་རོ་གཅིག་པས། །སངས་
རྒྱས་རྣམས་ཀྱིས་མཉམ་ཉིད་གསུངས། །གང་ཞིག་དེ་ལ་ཐ་དད་འཛིན། །དེ་ནི་མངོན་པའི་ང་རྒྱལ་ཅན། །འཁོར་བའི་རྒྱུ་དང་མི་མཐུན་པ། །ཤིན་ཏུ་ཕྲ་བས་མཐོང་བར་དཀའ། །འདོད་ཆགས་གཏི་མུག་བསྒྲིབས་པའི་ཕྱིར། །ལྟ་བ་ཅན་གྱིས་རྟོགས་མི་ནུས། །ཞེས་
เล่ม ๑๑๘ · หน้า 211a
འབྱུང་ངོ་། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས། སེམས་དང་ཡིད་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། །།བམ་པོ་བཅུ་དགུ་པ། ལེའུ་འདི་གཅིག་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཀྱིས་
བསྟན་ཏེ། ལེའུ་འདི་ཉིད་ཀྱི་མིང་རྣམ་པར་བཤད་པ་དང་། མདོའི་ཚིག་འདི་ཡང་རྣམ་པར་བཤད་པའོ། །དེ་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་མཚན་ཉིད་ཅེས་བྱ་བ་ནི་སེམས་དང་ཡིད་དང་། རྣམ་པར་ཤེས་པའི་མིང་ལ་ཡང་སྤྱི་དང་བྱེ་བྲག་ཡོད་དེ། བསྟན་བཅོས་
རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དོན་ཐ་དད་པ་རྣམ་པ་གསུམ་གསུངས་ཏེ། བསགས་པས་ན་སེམས་སོ། །སེམས་པས་ན་ཡིད་དོ། །རྣམ་པར་རིག་པས་ན་རྣམ་པར་
ཤེས་པ་སྟེ། །འདི་ནི་དོན་ཐ་དད་པ་རྣམ་པ་གསུམ་མོ། །འདི་ལྟར་དོན་རྣམ་པ་གསུམ་པོ་འདི་དག་རྣམ་པར་ཤེས་པ་བརྒྱད་ཅུར་ཡང་བསྡུ་བ་ཡིན་མོད་ཀྱི། གཙོ་བོའི་རྗེས་སུ་བྱ་སྟེ་བསྟན་ན་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཞེས་བྱ་སྟེ། ཆོས་རྣམས་ཀྱི་ས་བོན་བསགས་ནས་ཆོས་རྣམས་འབྱུང་བ་བྱེད་པའི་
ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། རྣམ་པར་ཤེས་པ་བརྒྱད་ལ་དམིགས་ཤིང་རྟག་པར་ངེས་པར་སེམས་པས་བདག་ལ་སོགས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །གཞན་དྲུག་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཡུལ་ཐ་དད་པ་དྲུག་པོ་དག་ལ་རགས་པར་
གཡོ་བ་དང་། བར་དུ་ཆོད་པའི་རྣམ་པར་རིག་པས་འཇུག་པའི་ཕྱིར་རོ། །དེ་ལ་མཚན་ཉིད་ཅེས་བྱ་བ་ནི། ངོ་བོ་ཉིད་ཀྱི་མཚན་ཉིད་དམ་ཡང་ན་དབྱིབས་ཀྱི་མཚན་ཉིད་དོ། །ལེའུ་ཉིད་ཀྱི་དོན་ནི་སྔར་བཤད་པ་བཞིན་ནོ། །སྒོ་རྣམ་པ་གཉིས་ཡོད་ཀྱང་ལེའུ་འདིའི་གཞུང་
གིས་སྤྱིའི་མིང་གི་དོན་རྣམ་པ་གསུམ་སྟོན་པས། འདིར་གཙོ་བོའི་དབང་དུ་མཛད་ནས་དེའི་ཕྱིར་བརྒྱད་པ་བསྟན་པ་ཡིན་ན། །ཡང་ན་འདིར་བྱེ་བྲག་གི་མིང་གི་དོན་རྣམ་པ་གསུམ་བསྟན་པར་བྱ་སྟེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། བཤད་པ་ནི་སྔ་མ་བཟང་སྟེ།
เล่ม ๑๑๘ · หน้า 211b
དེའི་ཕྱིར་སེམས་དང་། ཡིད་དང་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ལེའུ་ཞེས་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཡངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་སེམས་དང་ཡིད་
དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ་ཞེས་བྱ་བ་འདི་མན་ཆད་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་ལས་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་སོ་ཞེས་བསྟན་པ་ལས། དེ་ཡན་ཆད་དུ་དོན་དམ་པའི་བདེན་པ་བཤད་ཟིན་
ནས། ད་འདི་མན་ཆད་ནི་ཀུན་རྫོབ་ཀྱི་བདེན་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཚིག་རྐྱང་པས་རྒྱལ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ། །རྒྱལ་ཆེར་རྣམ་པར་བཤད་པ་ཡང་། རྣམ་པ་གཉིས་སུ་དབྱེ་སྟེ།
ཞུ་བ་གསོལ་པ་དང་། ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཏེ། །ཞུ་བ་གསོལ་བའི་བསྟན་པ་ཉིད་སྨོས་པ་དང་། བསྟན་པ་ལས་བརྩམས་ནས་ཞུ་བ་གསོལ་ཏེ། འདི་ནི་དང་པོའོ། །དེ་ལ་བྱང་ཆུབ་སེམས་དཔའ་བློ་
གྲོས་ཡངས་པ་ཞེས་བྱ་བ་ནི། བློ་གྲོས་ལས་མིང་དུ་བཏགས་པ་ཡིན་ཏེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བློ་གྲོས་ཡངས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་བཤད་པས། ཆོས་བཤད་པའི་གང་ཟག་གི་ནང་ན་བྱང་ཆུབ་སེམས་དཔའ་གཞན་
དག་བློ་གྲོས་ཡངས་པའི་ཡོན་ཏན་འདི་ལྟ་བུ་དང་མི་ལྡན་པའི་བྱང་ཆུབ་སེམས་དཔའ་འདི་བློ་གྲོས་ཡངས་པའི་ཆོས་ཀྱི་སྒོ་མོ་ལས་མིང་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་འབྱུང་ངོ་། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་རྫོགས་
པ་དང་། ཤིན་ཏུ་རྟོགས་པའི་ཕྱིར་བློ་གྲོས་ཡངས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། རབ་ཏུ་བྱུང་བ་དང་། ཁྱིམ་པ་རྣམས་ཀྱི་གཙུག་ལག་དང་འབྲེལ་པའི་གཏམ་རྣམ་པ་སྣ་ཚོགས་མི་ཤེས་པ་གང་ཡང་
เล่ม ๑๑๘ · หน้า 212a
མེད་པས་བློ་གྲོས་ཡངས་པ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཤེས་རབ་དེ་ཉིད་ཚད་མེད་པ་དང་། མཐའ་ཡས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཤེས་རབ་ཡངས་པ་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ལྟར་
བཅོམ་ལྡན་འདས་ཀྱིས་སེམས་དང་། ཡིད་དང་རྣམ་པར་ཤེས་པའི་གསང་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པས་སོ། །སེམས་དང་ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པའི་བྱང་ཆུབ་
སེམས་དཔའ་ཞེས་བགྱི་ན། ཇི་ཙམ་གྱིས་ན་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བགྱི་ལགས་དེ་བཞིན་གཤེགས་པས་ཇི་ཙམ་གྱིས་ན། དེ་དག་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་
མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ལས་བརྩམས་ནས་ཞུ་བ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གང་ཞུ་བ་ཉིད་སྨོས་པ་དང་། ཇི་ཙམ་གྱིས་ན་
ཞེས་བྱ་བ་མན་ཆད་ཀྱིས་གང་ཞུ་བ་ཉིད་ཀྱི་ཚིག་སྨོས་པའོ། །ཞུ་བ་འདི་གསོལ་བ་ཡང་དགོངས་པ་རྣམ་པ་གཉིས་ཡོད་དེ། དེ་ལ་དང་པོ་ཅི་ཙམ་གྱིས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བགྱི་ལགས་ཞེས་
བྱ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཞུས་པ་སྟེ། དེ་ནི་བསྟན་པ་ལས་གསུངས་པའི་དོན་ཏོ། །གཉིས་པ་དེ་བཞིན་གཤེགས་པས་ཇི་ཙམ་གྱིས་ན་དེ་དག་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་
ལགས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་ལས་བརྩམས་ནས་བསྟན་པ་ཉེ་བར་འདོགས་པར་མཛད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ལ་ཉེ་བར་འདོགས་པ་ཞེས་བྱ་བ་ནི། རྣམ་པར་བཤད་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་
เล่ม ๑๑๘ · หน้า 212b
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་པའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་
ཏེ། ཞུ་བ་གསོལ་བ་ལ་བསྔགས་ཤིང་བཤད་པར་སྣང་བ་དང་། བློ་གྲོས་ཡངས་པ་འདི་ལྟར་ཤེས་པར་བྱ་སྟེ་ཞེས་བྱ་བ་མན་ཆད་ཀྱིས་ཞུས་པ་བཞིན་དུ་ལན་ཡང་དག་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་ལ་བསྔགས་པ་དང་། བཤད་པར་
བཀས་གནང་བའོ། །ཞུ་བ་གསོལ་བ་ལ་བསྔགས་པ་ཡང་གཉིས་སུ་དབྱེ་སྟེ། སྤྱི་དང་བྱེ་བྲག་གོ། །འདི་ནི་དང་པོ་སྤྱི་བསྟན་པ་སྟེ། གང་ཞུས་པའི་དོན་དེ་ཤིན་ཏུ་ཟབ་ཅིང་ཕན་པ་རྒྱ་ཆེ་བས་དེའི་ཕྱིར་ཚིག་ཟློས་བུར་ལེགས་སོ་ལེགས་སོ་ཞེས་གསུངས་པ་ཡིན་
ནོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ལེགས་སོ་ཞེས་བྱ་བ་ནི་བཤད་པར་བྱ་བའི་ཆོས་དེ་དག་ལ་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལེགས་སོ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་བསྔགས་པ་བརྗོད་པའི་
ཕྱིར་རོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཡོན་ཏན་གྱི་སྙན་པ་བརྗོད་པའོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་ཚིག་ཡིད་ཆེས་སུ་རུང་བས། དེ་བཞིན་གཤེགས་པ་ལ་ཞུ་བ་
གསོལ་པས། འཁོར་མང་པོའི་ཐེ་ཚོམ་གཅོད་ཅིང་ཕན་ཡོན་ཆེ་བའི་ཕྱིར་ལེགས་སོ་ཞེས་གསུངས་སོ་ཞེས་བཤད་དོ། །འཕགས་པ་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས་ཀྱང་ཉོན་མོངས་པ་ཡོད་བཞིན་དུ་མ་གོས་མ་ཆགས་པ་གང་ཡིན་པ་དེ་ནི་ལེགས་པ་ཞེས་བྱའོ་ཞེས་
གསུངས་སོ། །བློ་གྲོས་ཡངས་པ་ཁྱོད་ཀྱིས་འདིར་དེ་བཞིན་གཤེགས་པ་ལ་དོན་ཟབ་མོ་འདི་ལྟ་བུ་འདྲི་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་བྱེ་བྲག་ཏུ་བསྔགས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་དོན་ཟབ་མོ་ཞུས་པ་ལ་བསྔགས་པ་ཞུ་བ་གསོལ་བ་ལ་ཕན་ཡོན་ཡོད་
เล่ม ๑๑๘ · หน้า 213a
པར་བསྔགས་པ་སྟེ་འདི་ནི་དང་པོའོ། །ཁྱོད་སྐྱེ་བོ་ཚད་མེད་པ་དག་ལ་ཕན་པ་དང་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་དོན་དང་། ཕན་པ་དང་བདེ་བ་དང་ཐོབ་པར་བྱ་བའི་ཕྱིར། འདི་ཉིད་འདྲི་བར་
སེམས་སམ་ཞེས་བྱ་བས་ནི་གཉིས་པ་ཞུ་བ་གསོལ་བ་ལ་ཕན་ཡོན་ཡོད་པར་བསྔགས་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཕན་ཡོན་གྱི་སྤྱི་བསྟན་པ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་ཞེས་བྱ་བ་མན་ཆད་ཀྱིས་ཕན་ཡོན་གྱི་བྱེ་བྲག་བསྟན་པའོ། །དེ་དག་ལ་ཕན་པ་དང་། བདེ་
བ་ཞེས་བྱ་བ་ནི་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཇི་སྐད་དུ་ད་ལྟར་ཕན་འདོགས་པ་ནི་བདེ་བའོ། །མ་འོངས་པ་ན་ཕན་འདོགས་པ་ནི་ཕན་པའོ། །འཇིག་རྟེན་པ་ནི་བདེ་བ་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་ནི་ཕན་པ་ཞེས་བྱའོ། །སྡིག་པ་དང་བྲལ་
བ་ནི་བདེ་བ་ཞེས་བྱའོ། །དགེ་བ་སྡུད་པ་ནི་ཕན་པ་ཞེས་བྱའོ། །བསོད་ནམས་ནི་བདེ་བ་ཞེས་བྱའོ། །ཡེ་ཤེས་ནི་ཕན་པ་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་རྣམ་པ་ལྔར་བསྟན་པ་
ཡིན་ཏེ་དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་གྱ་ནོམ་པ་དག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་རྣམ་པར་འཇོག་པ་སྟེ། དགེ་བའི་རྒྱུ་བསྒྲུབ་ཏུ་གཞུག་པ་གང་ཡིན་པ་དེ་ནི་ཕན་པ་ཞེས་བྱའོ། །བདེ་
བའི་འབྲས་བུ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་བདེ་བ་ཞེས་བྱའོ། །གཞན་ཡང་སྡིག་པ་དང་བྲལ་བར་བྱེད་པ་ནི་ཕན་པ་ཞེས་བྱའོ། །དགེ་བ་སྡུད་པར་བྱེད་པ་ནི་བདེ་བ་ཞེས་བྱའོ། །གཞན་ཡང་སྡུག་བསྔལ་ལས་འདྲེན་པ་གང་ཡིན་པ་དེ་ནི་ཕན་པ་ཞེས་བྱའོ། །དགེ་བ་སྦྱིན་པ་གང་
ཡིན་པ་དེ་ནི་བདེ་བ་ཞེས་བྱའོ། །ཚེ་འདི་དང་ཕྱི་མ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་ངོ་། །འཇིག་རྟེན་ལ་སྙིང་བརྩེ་བ་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་རྣམ་པ་གཉིས་ཡོད་པར་བསྟན་པའོ། །
เล่ม ๑๑๘ · หน้า 213b
དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་འཇིག་རྟེན་དེ་གང་གི་ལུས་མངོན་པར་འགྲུབ་པར་བྱེད་པའི་ཆོས་སོ། །ལྷ་དང་མི་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལས་གྲུབ་པའི་གང་ཟག་སྟེ། ཕུང་པོ་ལྔ་ལས་ཐ་སྙད་དུ་བཏགས་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས། འཇིག་རྟེན་ནི་རྣམ་པ་གསུམ་སྟེ། སྣོད་ཀྱི་འཇིག་རྟེན་དང་། ཕུང་པོ་ལྔའི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་ནོ་ཞེས་བཤད་དོ། །འདིར་ནི་བསྟན་པའི་ཕན་འདོགས་པ་རྣམ་པར་འབྱེད་པས་དེའི་ཕྱིར་ཕུང་པོ་ལྔའི་སེམས་ཅན་འབའ་ཞིག་བསྟན་
པའམ་ཡང་ན་ཕན་གདགས་པར་བྱ་བའི་སེམས་ཅན་རྣམས་ནི་འཇིག་རྟེན་ཞེས་བྱ་སྟེ། འཁོར་གྱི་ནང་ནས་གོ་ཞིང་ཁོང་དུ་ཆུད་པའི་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི་ལྷ་དང་མི་ལ་སོགས་པ་ཞེས་བྱའོ། །ཚིགས་སུ་བཅད་པ་ལས། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་
མ་གསུངས་སམ་ཞེ་ན། ཅིའི་ཕྱིར་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་ཞེས་བྱ་བ་ལ་སོགས་པ་གསུངས། སྨྲས་པ། བསྟན་པ་གསུངས་པའི་དགོངས་པ་ནི་དོན་མང་སྟེ། འདི་ལྟར་གལ་ཏེ་སྡིག་པ་ལས་བྲལ་ཞིང་དགེ་བ་ལ་གཟུད་པར་མཛད་ན་ནི། རིགས་པ་ཡོད་པ་དང་།
རིགས་པ་མེད་པ་ཡང་སྡུད་པར་མཛད་ལ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུད་པར་མཛད་ན་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། །རིགས་མ་ངེས་པའི་ཆེད་ཁོ་ནར་གསུངས་པར་མཛད་པས་སོ། །ཁྱོད་ཀྱིས་ལེགས་པར་ཉོན་ཅིག་དང་།
ངས་ཁྱོད་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བའི་དོན་བཤད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བཤད་པར་བཀས་གནང་བའོ། །དེ་ལ་ལེགས་པར་ཉོན་ཅིག་ཅེས་བྱ་བ་ནི་སློབ་དཔོན་ཡོན་ཏན་བྱིན་གྱིས་འགྲེལ་པ་ལས། ལེགས་པར་ཉོན་ཅིག་ཅེས་བྱ་བ་ནི་དམིགས་
པ་ལ་སེམས་རྩེ་གཅིག་པའོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ལེགས་པར་ཉོན་ཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། མཚན་ཉིད་ཀྱི་ཆོས་འདི་ལྟ་བུ་ངེས་པར་ཉོན་ཅིག་ཅེས་བསྐུལ་བའོ་ཞེས་བཤད་དོ། །བློ་གྲོས་ཡངས་པ་འདི་ལྟར་ཤེས་པར་
เล่ม ๑๑๘ · หน้า 214a
བྱ་སྟེ། འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་ཅན་གྱི་རིགས་དེ་དང་དེ་དག་ཏུ་གཏོགས་པ་ཡང་ན་སྒོ་ང་ལས་སྐྱེས་པའི་སྐྱེ་གནས་སམ། ཡང་ན་མངལ་ནས་སྐྱེས་པའམ། ཡང་ན་དྲོད་གཤེར་ལས་སྐྱེས་པའམ། ཡང་ན་རྫུས་
ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་ཀྱི་ཡན་ལག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུ་བ་གསོལ་བ་བཞིན་དུ་ལན་ཡང་དག་པར་གསུངས་པ་སྟོན་ཏེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་འདི་ཉིད་རྣམ་པར་ཤེས་པ་བརྒྱད་ཡིན་པས་དེའི་ཕྱིར་འདིར་སྔར་རྣམ་པར་ཤེས་
པ་བརྒྱད་ཀྱི་བྱེ་བྲག་བསྟན་ནས། དེའི་འོག་ཏུ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་བྱེ་བྲག་གི་མཚན་ཉིད་ཡང་དག་པར་བཤད་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན་དོན་རྣམ་པ་དྲུག་གིས་བསྟན་ཏེ། གྲངས་ཀྱི་རྣམ་པ་མང་ཉུང་བསྟན་པ་དང་། ངེས་ཚིག་རྣམ་པར་
བཤད་པ་དང་། ངོ་བོ་ཉིད་བསྟན་པ་དང་། གནས་དང་དབང་པོ་བསྟན་པ་དང་། དམིགས་པའི་ཡུལ་བསྟན་པ་དང་། སེམས་ལས་བྱུང་བ་དུ་མ་དང་མཚུངས་པར་བསྟན་པའོ། །དེ་ལ་གྲངས་ཀྱི་རྣམ་པ་མང་ཉུང་བསྟན་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་རྣམས་ལས་རྣམ་པར་
ཤེས་པ་ནི་དྲུག་ཁོ་ན་ཞེས་འབྱུང་གི །བདུན་དང་བརྒྱད་ཅེས་ནི་མི་སྟོན་ཏེ། ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བཤད་པ་རྣམ་པ་གཉིས་ཡོད་དེ་དེ་ལ་དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས། རྣམ་པར་ཤེས་པ་
ནི་དྲུག་ཁོ་ནའོ་ཞེས་བཤད་དེ། དེའི་ཕྱིར་སློབ་དཔོན་བྷ་བྱས་མཛད་པའི་བསྟན་བཅོས་དབུ་མའི་སྙིང་པོའི་ནང་ནས། དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ལེའུ་ལས། རྣམ་པར་ཤེས་པ་དྲུག་ལས་གུད་ན་གཞན་ཀུན་གཞི་རྣམ་པར་ཤེས་པ་མེད་དེ། མིག་
ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གིས་མ་བསྡུས་པའི་ཕྱིར། ནམ་མཁའི་མེ་ཏོག་དང་མཚུངས་སོ་ཞེས་བཤད་པས། དེའི་ཕྱིར་དེ་དག་གི་གཞུང་གིས་རྣམ་པར་ཤེས་པ་དྲུག་ཁོ་ན་རྣམ་པར་གཞག་པར་རིག་པར་བྱའོ། །གཉིས་པ་འཕགས་པ་བྱམས་པའི་གཞུང་
เล่ม ๑๑๘ · หน้า 214b
གིས་ནི། འཕགས་པ་གསེར་འོད་དམ་པའི་མདོ་ལ་སོགས་པ་ལ་བརྟེན་ནས། རྣམ་པར་ཤེས་པ་བརྒྱད་ཚང་བར་རྣམ་པར་འཇོག་པས་གཞུང་འདི་ལ་བརྟེན་ནས་རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་རྣམ་པ་གསུམ་དུ་བཤད་དེ། དང་པོ་ནི་སློབ་དཔོན་བོ་དྷེ་ལེའུ་ཅིས་བསྟན་བཅོས་
རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་བརྟེན་ནས། སེམས་རྣམ་པ་གཉིས་རྣམ་པར་འཇོག་གོ། །དེ་ལ་དང་པོ་ནི་ཆོས་ཉིད་ཀྱི་སེམས་ཏེ། དེ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ཀྱི་སེམས་ཀྱི་ངོ་བོ་ཉིད་ལ་སེམས་ཞེས་བྱ་ཡང་དམིགས་པ་ཅན་ནི་མ་ཡིན་ནོ། །གཉིས་
པ་ནི་མཚུངས་པར་ལྡན་པའི་སེམས་ཏེ། དད་པ་དང་འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པའོ་ཞེས་བཤད་དེ། དེ་ནི་འདི་སྐད་དུ། རྣམ་པར་རིག་པ་ཙམ་གྱི་ཡིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་
ཡིན་པའི་ཕྱིར། ཡིད་དང་རྣམ་པར་ཤེས་པ་ཞེས་བཤད་ཀྱང་འགལ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ནི་སློབ་དཔོན་ཡང་དག་བདེན་པས་རྣམ་པར་ངེས་པའི་མཛོད་ཅེས་བྱ་བའི་བསྟན་བཅོས་ལས་བརྟེན་ནས་རྣམ་པར་ཤེས་པ་རྣམ་པ་དགུའི་དོན་རྣམ་པར་
འཇོག་སྟེ། རྣམ་པར་ཤེས་པ་རྣམ་པ་དགུའི་ལེའུ་ལས་བསྟན་པ་བཞིན་ནོ། །དེ་ལ་རྣམ་པར་ཤེས་པ་དགུ་ཞེས་བྱ་བ་ཡང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་ཕལ་ཆེར་བསྟན་བཅོས་གཞན་དག་ལས་བཤད་པ་དང་ཡང་མཐུན་ནོ། །བདུན་པ་ནི་ལེན་པའི་རྣམ་པར་
ཤེས་པ་སྟེ། བརྒྱད་པ་ལ་བདག་དང་བདག་གིར་འཛིན་པས། ཉོན་མོངས་པ་ཁོ་ནའི་སྒྲིབ་པ་དང་ལྡན་གྱི། ཆོས་ཀྱི་འཛིན་པ་ནི་མེད་དེ། ངེས་པར་སངས་རྒྱས་སུ་མི་འགྲུབ་བོ། །བརྒྱད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདི་ཡང་རྣམ་པ་གསུམ་མོ། །ཁ་ཅིག་ན་རེ་དང་པོ་ངོ་བོ་
ཉིད་ཀྱི་ཀུན་གཞི་ནི། སངས་རྒྱས་སུ་འགྲུབ་པའི་དོན་དང་ལྡན་པའོ། །གཉིས་པ་རྣམ་པར་སྨིན་པའི་ཀུན་གཞི་ནི། ཁམས་བཅོ་བརྒྱད་པོ་དག་ལ་དམིགས་པ་སྟེ། དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། དབང་པོ་དོན་
เล่ม ๑๑๘ · หน้า 215a
དང་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ལས། །དེ་དང་འདྲ་བར་སྐྱེ་ཞེས་བྱུང་བས་བསྟན་བཅོས་འདི་དག་ལ་སོགས་པ་ལ་བརྟེན་ནས། བརྒྱད་པ་ཁམས་བཅོ་བརྒྱད་ལ་དམིགས་པར་བྱེད་དོ་ཞེས་བཤད་དོ། །གསུམ་པ་ཀུན་ནས་ཉོན་
མོངས་པའི་ཀུན་གཞི་ནི་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་ནས་ང་རྒྱལ་རྣམ་པ་བཞི་འབྱུང་སྟེ། དེ་ནི་ཆོས་སུ་འཛིན་གྱི། གང་ཟག་ཏུ་འཛིན་པ་ནི་མ་ཡིན་ནོ་ཞེས་སློབ་དཔོན་བློ་བརྟེན་གྱི་གཞུང་ལ་བརྟེན་ནས་དེ་སྐད་དུ་འཆད་དོ། །དགུ་པ་ནི་དྲི་མ་མེད་པའི་རྣམ་པར་ཤེས་པ་སྟེ། དེ་
བཞིན་ཉིད་ཀྱི་བདག་ཉིད་དོ། །དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་ལ་དོན་གཉིས་དང་ལྡན་པས། དང་པོ་ནི་དམིགས་པར་བྱ་བའི་ཡུལ་ཏེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་དམིགས་པར་བྱེད་པའི་དོན་ཏེ། དེ་ནི་
དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། གཟོད་མ་ནས་རིག་པ་ཞེས་ཀྱང་བྱ་སྟེ། ཞིབ་ཏུ་རྣམ་པར་ཤེས་པ་དགུ་བསྟན་པ་དང་། བསྟན་བཅོས་རྣམ་པར་ངེས་པའི་མཛོད་ཀྱི་ནང་ནས་རྣམ་པར་ཤེས་པ་དགུ་བསྟན་པའི་ལེའུ་ལས་འབྱུང་བ་བཞིན་ནོ་ཞེའོ། །གསུམ་
པ་ནི་སློབ་དཔོན་ཧྱན་ཙང་གིས། འཕགས་པ་ལང་ཀར་གཤེགས་པའི་མདོ་ལ་སོགས་པ་དང་། སློབ་དཔོན་ཆོས་སྐྱོང་གི་གཞུང་ལ་བརྟེན་ནས་རྣམ་པར་ཤེས་པ་བརྒྱད་ཁོ་ན་རྣམ་པར་འཇོག་གི །དགུ་ཞེས་ནི་མི་འཆད་དེ། སློབ་དཔོན་བྷ་བྱའི་གཞུང་གཞིག་པའི་ཕྱིར།
འདི་སྐད་དུ་ཚད་མ་རྣམ་པར་གཞག་པ་དེ་ཉིད་ལ་རང་གི་ལུང་དང་འགལ་བའི་སྐྱོན་ཡོད་དེ། འདི་ལྟར་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་ཀུན་ལས་བརྒྱད་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་
ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ལེའུ་ཆེན་པོ་ལ་སོགས་པ་ལས། རྣམ་པར་ཤེས་པ་ནི་དྲུག་ཁོ་ནའོ་ཞེས་གསུངས། སློབ་དཔོན་ཆོས་སྐྱོང་གིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བརྡ་སྤྲད་དེ་བཤད་པ་ལས་ཇི་སྐད་དུ། མདོ་དག་
เล่ม ๑๑๘ · หน้า 215b
ལས་རྣམ་པར་ཤེས་པ་ནི་དྲུག་གོ་ཞེས་གསུངས་པ་དེ་ནི་རྗེས་སུ་འགྱུར་བའི་དོན་གྱི་སྒོ་ཡིན་ནོ། །ཡང་ན་རྟེན་དུ་གྱུར་པའི་དབང་པོ་དྲུག་གི་རྗེས་སུ་རྣམ་པ་དྲུག་གོ་ཞེས་པ་ཡིན་ཏེ། རྣམ་པར་ཤེས་པའི་རྣམ་པའི་བྱེ་བྲག་ནི་ཡང་དག་པར་ན་རྣམ་པ་བརྒྱད་ཡོད་དོ། །ཅི་སློབ་
དཔོན་ཀླུ་སྒྲུབ་ཀྱིས་རྣམ་པ་དྲུག་ཁོ་ནའོ་ཞེས་རྣམ་པར་གཞག་གམ་ཞེ་ན། སྨྲས་པ། ཡང་དག་པར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་བདུན་པ་དང་བརྒྱད་པ་ཡང་ཡོད་པར་ཡིད་ཆེས་མོད་ཀྱི། རབ་ཏུ་དགའ་བའི་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་ཕྱིར་བསྟན་བཅོས་དེ་
དག་ལས། རྣམ་པར་ཤེས་པ་ནི་དྲུག་གོ་ཞེས་བསྟན་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོའི་མདོ་ལ་སོགས་པའི་དགོངས་པ་བསྟན་པའི་ཕྱིར་འགལ་བ་མེད་དོ། །སློབ་དཔོན་ཡང་དག་བདེན་པས་རྣམ་པར་ཤེས་པ་ནི་དགུའོ་ཞེས་བཤད་པ་
ཡང་། བར་དང་རི་རབ་ཀྱི་སྡེ་སྣོད་གསུམ་པོ་དེ་དག་ལ་སྐྱོན་མང་དུ་ཡོད་དེ། དེ་ལ་རེ་ཞིག་རྣམ་པར་ཤེས་པ་བདུན་པ་བསྟན་པ་ལ་སྐྱོན་རྣམ་པ་གཉིས་ཡོད་དེ། དང་པོ་ལེན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པའི་མིང་གི་རྣམ་གྲངས་ཡིན་གྱི། བདུན་པ་མ་ཡིན་
པས་དེའི་ཕྱིར་མདོ་འདི་ཉིད་ལ་སོགས་པ་ལས། རྣམ་པར་ཤེས་པ་བརྒྱད་པ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་གསུངས་སོ། །གཉིས་པ་ནི་དོན་འགལ་བ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་དང་ལྡན་ནོ་ཞེས་བཤད་པ་ཉིད་མདོ་སྡེ་ཉིད་འགལ་ཏེ། ས་བརྒྱད་
པ་ཡན་ཆད་ལ་ཉོན་མོངས་པ་ཅན་གྱི་ཡིད་ཡོད་དོ་ཞེས་བསྟན་པས་སོ། །སངས་རྒྱས་སུ་མི་འགྲུབ་བོ་ཞེས་བསྟན་པ་ཡང་བསྟན་བཅོས་མདོ་སྡེའི་རྒྱན་ལ་སོགས་པ་ལས། རྣམ་པར་ཤེས་པ་བརྒྱད་གནས་གྱུར་པས། ཡེ་ཤེས་བཞི་མངོན་པར་འགྲུབ་བོ་ཞེས་
བཤད་པའི་དོན་དང་འགལ་བར་གྱུར་པས། ཀུན་གཞི་རྣམ་པར་ཤེས་པ་ཆོས་སུ་འཛིན་པ་སྐྱེད་པར་བྱེད་པ་དང་ཁམས་བཅོ་བརྒྱད་ལ་དམིགས་པར་བྱེད་དོ་ཞེས་བསྟན་པ་དེ་དག་ཀྱང་རིགས་པ་མ་ཡིན་ནོ། །གཞན་ཡང་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་
เล่ม ๑๑๘ · หน้า 216a
ལེའུར་བྱས་པ་གསར་འགྱུར་ལས། རྣམ་ཤེས་དོན་དང་སེམས་ཅན་དང་། །བདག་དང་རྣམ་རིག་ལྟ་བུར་སྣང་། །ཡུལ་འདི་ངེས་པར་ཡོད་མ་ཡིན། །ཡུལ་མེད་ཕྱིར་ནི་རྣམ་ཤེས་མེད། །ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་དེ་ལ་དོན་
ལྟ་བུར་སྣང་བ་འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོར་སྣང་བ་གང་ཡིན་པའོ། །སེམས་ཅན་ལྟ་བུར་སྣང་བ་ནི་འདི་ལྟ་སྟེ། བདག་དང་གཞན་གྱི་ཡུལ་ལྟ་བུར་དབང་པོ་ལྔའི་ངོ་བོར་སྣང་བ་གང་ཡིན་པའོ། །བདག་ལྟ་བུར་སྣང་བ་ནི་འདི་ལྟ་སྟེ། ཉོན་
མོངས་པ་ཅན་གྱི་ཡིད་བདག་ཏུ་རྨོངས་པ་ལ་སོགས་པ་དང་། རྟག་པར་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པར་རིག་པ་ལྟ་བུར་སྣང་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་གཞན་དྲུག་པོ་དག་མཚན་ཉིད་རྣམ་པར་རིག་པ་རགས་པའི་ཕྱིར་རོ་ཞེས་བཤད་དེ།
ཞིབ་ཏུ་དེ་ཉིད་ལས་བསྟན་པ་ཡིན་ནོ། །དེའི་ཕྱིར་བརྒྱད་པ་ནི་སེམས་པ་ལ་སོགས་པ་ལ་མི་དམིགས་པར་རིག་པར་བྱ་སྟེ། ཞིབ་ཏུ་རྣམ་པར་འབྱེད་པ་ནི། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་བཤད་པ་བཞིན་ནོ། །གཞན་ཡང་སློབ་དཔོན་ཡང་
དག་བདེན་པས་དྲི་མ་མེད་པའི་རྣམ་པར་ཤེས་པ་ནི་བདག་ཉིད་ལ་དམིགས་པར་བྱེད་དོ་ཞེས་བཤད་པ་ཡང་། ལུང་གི་ཁུངས་ཀྱང་གཏན་ཚིགས་ཡིད་བརྟན་དུ་རུང་བ་ཡང་མེད་ལ། གཞན་ཡང་བསྟན་བཅོས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་ལས། བསྟན་
པ་དག་དང་ཡང་འགལ་བར་འགྱུར་ཏེ་དེ་ཉིད་ལས། དེ་བཞིན་གཤེགས་པའི་དྲི་མེད་རྣམ་ཤེས་ནི། །ཤིན་ཏུ་དག་ཅིང་ཟག་མེད་དབྱིངས་ཡིན་པས། །སྒྲིབ་པ་ཐམས་ཅད་ལས་ནི་རྣམ་པར་གྲོལ། །མེ་ལོང་ལྟ་བུའི་ཡེ་ཤེས་མཚུངས་པར་ལྡན། །ཞེས་འབྱུང་བ་ནི་
མདོ་སྡེ་ལས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ལ་དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། རྣམ་པར་བྱང་བའི་ཕྱོགས་ཀྱི་ཀུན་གཞི་རྣམ་པར་ཤེས་པའོ། །གཞན་ཡང་རྣམ་པར་ངེས་པའི་མཛོད་ཀྱི་བསྟན་བཅོས་ཞེས་བྱ་བ་འདི་ཉིད་རྣལ་འབྱོར་སྤྱོད་པའི་ས་
เล่ม ๑๑๘ · หน้า 216b
ཡིན་ཏེ། བསྟན་བཅོས་དེ་ཉིད་ལས་རྣམ་པར་ཤེས་པ་དགུའི་ལེའུ་ཞེས་བྱ་བ་མེད་དོ་ཞེས་བཤད་དོ། །དེ་ལ་ངེས་ཚིག་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ། །དེ་ཡང་རྣམ་པར་ཤེས་པ་བརྒྱད་ཅེས་བྱ་བ་ནི་སྤྱིའི་མིང་སྟེ། བརྒྱད་ཅེས་བྱ་བ་ནི་
གྲངས་སྨོས་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་རིག་པའོ། །སྤྱིའི་ངོ་བོ་ཉིད་དང་མཚན་ཉིད་ཀྱིས་ནི། རྣམ་པར་ཤེས་པ་དྲུག་ལས་རྣམ་པར་འབྱེད་དེ། རྣམ་པར་བཤད་པ་རྣམ་པ་དྲུག་ལས་འདི་ནི་གྲངས་དང་བཅས་པའི་རྣམ་པར་བཤད་པའོ། །དེ་ལ་བྱེ་བྲག་
གི་མིང་ནི། མིང་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པོ་རྣམས་ཏེ། ཐམས་ཅད་ཀྱང་བདག་པོའི་དབང་དུ་མཛད་ནས་རྣམ་པར་བཤད་པའོ། །འདི་ལྟ་སྟེ། མིག་ལ་བརྟེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་ཡིད་ལ་
བརྟེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །བདུན་པ་ཉོན་མོངས་པ་ཅན་གྱི་ཡིད་ནི། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། རྟག་ཏུ་ངེས་པར་སེམས་པ་རྣམ་པར་ཤེས་པ་གཞན་དག་ལས་ཀྱང་ཁྱད་པར་དུ་གྱུར་པའི་ཕྱིར་རོ་ཞེས་
བཤད་དེ། བཤད་པ་འདི་དང་སྦྱར་ན། ཡིད་ཉིད་རྣམ་པར་ཤེས་པ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་སྟེ། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །བརྒྱད་པ་ཀུན་གཞི་རྣམ་པར་ཤེས་པ་ནི་སྦེད་པར་བྱེད་པ་དང་། སྦ་བར་
བྱ་བ་དང་སྦས་པ་འཛིན་པའི་དོན་དང་ལྡན་པའི་ཕྱིར། གོ་རིམས་བཞིན་དུ་འབྲས་བུ་རྒྱུ་ལ་སྦས་པ་དང་། རྒྱུ་འབྲས་བུ་ལ་སྦས་པ་དང་། ཡུལ་འཛིན་པ་ལ་སྦས་པ་སྟེ། ཞིབ་ཏུ་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཐེག་པ་ཆེན་པོ་བསྡུས་
པ་ལས་བསྟན་པ་བཞིན་ནོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་རེ་ཞིག་དོན་རྣམ་པ་གཉིས་ལ་བརྟེན་ནས་བསྟན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་དང་། ཆོས་རྣམ་པ་གསུམ་ལ་བརྟེན་ནས་བསྟན་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་རྣམ་པ་གསུམ་ལ་བརྟེན་ནས་
เล่ม ๑๑๘ · หน้า 217a
རྣམ་པར་ཤེས་པ་བརྒྱད་རྣམ་པར་དབྱེ་ན་ཐམས་ཅད་ཀྱང་ངོ་བོ་ཉིད་གསུམ་དུ་བསྡུས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་གཅིག་ཏུ་བསྡུས་ནས་དེ་ཁོ་ན་ལ་ཕྱགས་པ་ནི་དེ་བཞིན་ཉིད་ཡིན་པའི་ཕྱིར་དང་། རྒྱུ་དང་རྐྱེན་ལ་
ལྟོས་ནས་འབྱུང་བས་ཐམས་ཅད་ཀྱང་གཞན་གྱི་དབང་ཡིན་པའི་ཕྱིར། ཇི་ཙམ་དུ་བརྟགས་པའི་སེམས་ཀྱི་རྗེས་སུ་ཡོད་པ་དག་ནི། ཀུན་བརྟགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། རྣམ་
པར་ཤེས་པའི་ངོ་བོ་ཉིད་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡང་དག་པ་མ་ཡིན་པ་ནི་འདི་ལྟ་སྟེ། ཀུན་དུ་བརྟགས་པའོ། །ཡང་དག་པ་ནི་འདི་ལྟ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །གཞན་ཡང་ངོ་བོ་ཉིད་རྣམ་པ་གཉིས་ཏེ། ཀུན་རྫོབ་ནི་འདི་ལྟ་སྟེ། གཞན་གྱི་
དབང་གི་ངོ་བོ་ཉིད་དོ། །དོན་དམ་པ་ནི་འདི་ལྟ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །ཆོས་རྣམ་པ་གསུམ་ལ་བརྟེན་ནས་ངོ་བོ་ཉིད་བསྟན་པ་ཡང་ཕུང་པོ་ལྔ་ལས་རྣམ་པར་ཤེས་པ་བརྒྱད་པོ་དག་ནི་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཕུང་པོའི་བདག་ཉིད་དོ། །སྐྱེ་མཆེད་བཅུ་གཉིས་ལས་ནི་ཐམས་
ཅད་ཀྱང་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ཏེ། ཐམས་ཅད་ལ་ཡང་དེ་མ་ཐག་པའི་འགག་པ་ལ་བརྟེན་པའི་དོན་ཡོད་པའི་ཕྱིར་རོ། །ཁམས་བཅོ་བརྒྱད་ལས་སྔ་མའི་རྣམ་པར་ཤེས་པ་ལྔ་པོ་དག་ནི་ཐམས་ཅད་ཀྱང་རང་གི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་ཁམས་ཀྱི་
ཕྱོགས་གཅིག་གི་བདག་ཉིད་བྱེད་དོ། །དྲུག་པ་དང་བདུན་པ་དང་། བརྒྱད་པོའི་རྣམ་པར་ཤེས་པ་གསུམ་པོ་དག་ནི་ཐམས་ཅད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་ཁམས་ཀྱི་ཕྱོགས་གཅིག་གི་ངོ་བོ་ཉིད་བྱེད་དོ། །དེ་ལ་གནས་རྣམ་པར་དབྱེ་བ་ཡང་རྣམ་པར་ཤེས་
པ་བརྒྱད་པོ་དག་གི་གནས་ནི་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་ཡོད་དེ་དེ་ལ་དང་པོ་རྒྱུའི་རྐྱེན་གྱི་གནས་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་བརྒྱད་པོ་དག་མངོན་དུ་བསྐྱེད་པའི་ས་བོན་རྣམས་ཏེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་དང་པོའི་རྒྱུའི་
เล่ม ๑๑๘ · หน้า 217b
རྐྱེན་གྱི་གནས་ནི་འདི་ལྟ་སྟེ། རང་གི་ས་བོན་འདུས་བྱས་ཀྱི་ཆོས་རྣམས་ཏེ། ཐམས་ཅད་ཀྱང་གནས་འདི་ལ་ལྟོས་ནས་རང་གི་རྒྱུའི་རྐྱེན་དང་བྲལ་ན། ངེས་པར་མི་སྐྱེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གཉིས་པ་གོ་འབྱེད་པའི་གནས་ནི་འདི་ལྟ་སྟེ། སྐད་ཅིག་
མ་སྔ་མ་རང་གི་རྣམ་པ་འགགས་པའོ། །རྣམ་པར་ཤེས་པ་བརྒྱད་པོ་དག་ཕན་ཚུན་ལྟོས་པའི་སྐད་ཅིག་མ་སྔ་མ་ནི་གོ་འབྱེད་པའི་གནས་བྱེད་པས། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་གནས་ནི་འདི་ལྟ་སྟེ། སྔར་
འགགས་མ་ཐག་པའི་ཡིད་དེ། སེམས་དང་སེམས་ལས་འབྱུང་བ་རྣམས་གནས་འདི་ལ་ལྟོས་པས་གོ་འབྱེད་པའི་གནས་དང་བྲལ་ན་ངེས་པར་མི་འཇུག་པའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་ནི་ལྷན་ཅིག་པའི་གནས་ཏེ། ལྷན་ཅིག་པའི་གནས་དེ་ཡང་
རྣམ་པར་ཤེས་པ་རྣམས་ཀྱིས་མི་མཚུངས་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དེ་དག་རེ་རེ་ལ་ཡང་གནས་བཞི་བཞི་ཡོད་དེ། དེ་ལ་ཡུལ་མཚུངས་པའི་དབང་པོ་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་པོ་དག་ཕན་ཚུན་ལྟོས་པའི་རང་གི་རྣམ་
པར་ཤེས་པའོ། །རྣམ་པར་རྟོག་པའི་དབང་པོ་ནི་འདི་ལྟ་སྟེ། ཤེས་པ་ལྔ་པོ་དག་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་དམིགས་པར་མཚུངས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་པོ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དོ། །རྩ་བའི་
གནས་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། དེས་ན་རྣམ་པར་ཤེས་པ་ལྔ་པོ་དག་གི་ལྷན་ཅིག་པའི་གནས་ནི་ངེས་པར་རྣམ་པ་བཞི་ཡོད་དེ། འདི་ལྟར་དབང་པོ་གཟུགས་
ཅན་ལྔ་དང་། རྣམ་པ་དྲུག་དང་། བདུན་དང་། བརྒྱད་པོ་དེ་དག་ལས་གང་ཡང་རུང་བ་ལས་གཅིག་མ་ཚང་ན་ངེས་པར་མི་འཇུག་པའི་ཕྱིར་དང་། ཡུལ་མཚུངས་པའི་དང་། རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་།
เล่ม ๑๑๘ · หน้า 218a
རྩ་བའི་གནས་ཐ་དད་པའི་ཕྱིར་རོ་ཞེས་བཤད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་པའི་གནས་ནི་རྣམ་པ་གཉིས་ཁོ་ན་སྟེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་པའི་
གནས་ནི་གཉིས་ཁོ་ནའོ། །འདི་ལྟ་སྟེ། རྣམ་པར་ཤེས་པ་བདུན་དང་། བརྒྱད་པ་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ངེས་པར་མི་འཇུག་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལྷན་ཅིག་པའི་གནས་ནི་གཅིག་ཁོ་ན་སྟེ། དེའི་ཕྱིར་རྣམ་པར་
རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལྷན་ཅིག་པའི་གནས་ནི་གཅིག་ཁོ་ན་སྟེ། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ངེས་པར་མི་འཇུག་པའི་ཕྱིར་རོ་ཞེས་བཤད་དོ། །ཀུན་གཞི་རྣམ་པར་ཤེས་པའི་ལྷན་ཅིག་པའི་གནས་ཀྱང་གཅིག་
ཁོ་ན་སྟེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། ཀུན་གཞི་རྣམ་པར་ཤེས་པའི་ལྷན་ཅིག་པའི་གནས་ཀྱང་གཅིག་ཁོ་ནའོ། །དེ་ཡང་འདི་ལྟ་སྟེ་ཉོན་མོངས་པ་ཅན་གྱི་ཡིད་དོ། །གལ་ཏེ་རྣམ་པར་ཤེས་པ་དེ་མེད་ན། ངེས་པར་མི་འཇུག་
པའི་ཕྱིར་རོ་ཞེས་བཤད་དེ་བསྟན་བཅོས་དག་ལས་ཀུན་གཞི་རྣམ་པར་ཤེས་པ་ནི་རྟག་པར་ཉོན་མོངས་པ་ཅན་གྱི་ཡིད་དང་ལྷན་ཅིག་འཇུག་གོ་ཞེས་བཤད་པའི་ཕྱིར་རོ། །རྣམ་པར་ཤེས་པ་བརྒྱད་ཅར་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་གནས་པར་ནི་བྱེ་
བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། །དེ་ལ་དམིགས་པར་བྱ་བའི་ཡུལ་བསྟན་པ་ནི། སྒོ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་ཡོད་དེ། རྣམ་པར་ཤེས་པ་ལྔ་དག་གིས་དམིགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དམིགས་
པ་དང་། ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་བསྟན་པའོ། །ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་ལྔ་པོ་དག་ནི། ཡུལ་རྣམ་པ་ལྔ་ལས་རེ་རེ་ཁོ་ན་ལ་དམིགས་པར་བྱེད་དེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་
เล่ม ๑๑๘ · หน้า 218b
ནས་ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་ལ་དམིགས་པའི་བར་དུ་སྟེ། འདི་ནི་མངོན་སུམ་གྱི་ཚད་མ་ཁོ་ནའོ། །ཟག་པ་མེད་པའི་གནས་སྐབས་གང་ཡིན་པ་དེ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་སློབ་དཔོན་གཉིས་ཀྱི་བཤད་པ་འབྱུང་སྟེ། དེའི་ཕྱིར་
ལས་བྱ་བ་གྲུབ་པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྣམ་པ་ནི་ཁ་ཅིག་ན་རེ་མངོན་སུམ་གྱི་ཚད་མ་རྣམ་པ་ལྔ་ཁོ་ན་ལ་དམིགས་པར་བྱེད་དེ། བསྟན་བཅོས་མདོ་སྡེ་རྒྱན་ལས། དེ་བཞིན་གཤེགས་པའི་དབང་པོ་ལྔ་པོ་དག་ནི་ཐམས་ཅད་ཀྱང་ཡུལ་ལྔ་པོ་དག་
ལ་འཇུག་པའི་ཕྱིར་རོ་ཞེས་བཤད་པས་སོ་ཞེའོ། །ཁ་ཅིག་ན་རེ་དུས་གསུམ་གྱི་ཆོས་རྣམས་ལ་ཁྱད་པར་དམིགས་པར་མཛད་དེ། །འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་བྱ་བ་སྒྲུབ་པའི་ཡེ་ཤེས་ཐུགས་སྤྲུལ་པའི་ཕྲིན་ལས་རྣམ་པ་གསུམ་བསྐྱེད་པས་
སེམས་ཅན་རྣམས་སེམས་ཀྱི་སྤྱོད་པ་ཐ་དད་པ་གཏན་ལ་དབབ་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དོན་རྣམས་སོ་སོར་མྱོང་བར་མཛད་དོ་ཞེས་གསུངས་པས་སོ་ཞེའོ་ཞེས་འབྱུང་ངོ་། །ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཁམས་བཅོ་བརྒྱད་
པོ་ཀུན་ལ་དམིགས་པར་བྱེད་དེ། བསྟན་བཅོས་ཀུན་ལས་ཀྱང་མཐུན་པར་དེ་སྐད་བཤད་དོ། །གནས་གྱུར་པའི་དུས་སུ་ཡང་ཆོས་རྣམས་ཀུན་ལ་དམིགས་པར་བྱེད་དེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་སོ་སོར་རྟོག་པའི་ཡེ་ཤེས་དང་མཚུངས་
པར་ལྡན་པའི་སེམས་ཀྱི་རྣམ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀྱི་དང་། སྤྱིའི་མཚན་ཉིད་ལ་ཐོགས་པ་མེད་པར་དམིགས་པར་མཛད་དོ་ཞེས་བཤད་དོ། །ཟག་པ་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི། ཀུན་གཞི་རྣམ་པར་ཤེས་པའི་ལྟེ་བའི་རྣམ་པ་ལ་
དམིགས་ཤིང་བདག་དང་ཆོས་སུ་འཛིན་པར་བྱེད་དེ། བསྟན་བཅོས་ཀུན་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སྦྱར་ན། བཤད་པ་མི་མཐུན་པ་གསུམ་ཡོད་དེ། དེའི་ཕྱིར་དེ་ཉིད་ལས།
เล่ม ๑๑๘ · หน้า 219a
མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྣམ་པ་དེ་ཡང་ཁ་ཅིག་ན་རེ་བརྒྱད་པ་ཡོངས་སུ་དག་པའི་རྣམ་པར་རིག་པ་ལ་དམིགས་པར་མཛད་དེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པར་བྱེད་པ་
བཞིན་ཡིན་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་དེ་བཞིན་ཉིད་ཀྱི་ཡུལ་ཁོ་ན་ལ་དམིགས་པར་མཛད་དེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་དམིགས་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཡུལ་ཀུན་ལ་དམིགས་པར་མཛད་དེ། འཕགས་པ་
སངས་རྒྱས་ཀྱི་སའི་མདོ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་མཉམ་པ་ཉིད་རྣམ་པ་བཅུས་ཁོང་དུ་ཆུད་དོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་མདོ་སྡེའི་རྒྱན་ལས། སེམས་ཅན་རྣམས་ཀྱི་བདག་དང་གཞན་མཉམ་པ་ཉིད་ལ་དམིགས་ཤིང་གཞན་དག་
གི་མོས་པ་བཞིན་དུ་སངས་རྒྱས་ཀྱི་གཟུགས་བརྙན་ཚད་མེད་པར་སྟོན་པར་མཛད་དོ་ཞེས་བསྟན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཟག་པ་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་ནི་བསྟན་བཅོས་རྣམས་ལས་བཤད་པ་མི་མཐུན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་
པའི་ས་ལས་ནི་རྣམ་པ་གཉིས་སོ་ཞེས་བཤད་དོ། །དེའི་ཕྱིར་དེ་ལས་མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པའི་ཕྱིར་དང་། ཕྱི་རོལ་གྱི་སྣོད་ཀྱི་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་
པར་རིག་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ནི་ཡུལ་རྣམ་པ་གསུམ་ལ་དམིགས་སོ་ཞེས་བཤད་དེ། འདི་ལྟ་སྟེ། ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་དང་། ཟག་པ་དང་བཅས་པའི་ས་བོན་དང་། དབང་པོ་དང་
བཅས་པའི་ཡུལ་ལའོ། །གཞན་ཡང་དེ་ཉིད་ལས་ཡུལ་རྣམ་པ་བཞི་ལ་དམིགས་སོ་ཞེས་བཤད་དོ། །སྔ་མ་གསུམ་གྱི་སྟེང་དུ་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་ཡང་དག་པའི་གཟུགས་ཀྱིས་བསྣན་པའི་ཕྱིར་རོ། །མདོར་བསྡུ་ན་རྣམ་པར་ཤེས་པ་འདིའི་
เล่ม ๑๑๘ · หน้า 219b
དམིགས་པའི་ཡུལ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པའི་ས་བོན་དང་གཟུགས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་ཡང་དག་པའི་གཟུགས་སོ། །ཅིའི་ཕྱིར་རྣམ་པར་ཤེས་པ་འདི་སེམས་ལ་སོགས་པ་ལ་དམིགས་པར་མི་བྱེད་ཅེ་ན། བསྟན་
བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་དམིགས་པ་ལ་ནི་གདོན་མི་ཟ་བར་ཡང་དག་པའི་ནུས་པ་ཡོད་པས། གལ་ཏེ་སེམས་ལ་སོགས་པ་ལ་ཡང་དམིགས་པར་བྱེད་ན་ནི། ཡང་དག་པའི་ནུས་པ་མེད་པར་འགྱུར་ཏེ།
རྒྱུ་མཚན་གྱི་རྣམ་པའི་སེམས་ལ་སོགས་པས་དམིགས་པར་མི་ནུས་པའི་ཕྱིར་རོ། །འདུས་མ་བྱས་ལ་སོགས་པ་ལ་དམིགས་ན་ཡང་། ཡང་དག་པའི་ནུས་པ་མེད་པར་འགྱུར་བས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི། སེམས་ལ་སོགས་པ་ལ་
དམིགས་པར་མི་བྱེད་དོ་ཞེས་བཤད་དོ། །ཟག་པ་མེད་པའི་ཀུན་གཞི་རྣམ་པར་ཤེས་པ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་སློབ་དཔོན་གཉིས་ཀྱིས་བཤད་པ་འབྱུང་སྟེ། དེའི་ཕྱིར་དེ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་
སེམས་ཀྱི་རྣམ་པ་ཡང་ཁ་ཅིག་ནི་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་པས། རྣམ་པར་མི་རྟོག་པ་ཡིན་གྱི། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་རྣམ་པའི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཤེས་པར་མི་ནུས་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སེམས་ཀྱི་རྣམ་པ་འདི་ནི་ཆོས་
ཐམས་ཅད་ལ་དམིགས་པར་བྱེད་དེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཡུལ་ཐམས་ཅད་ལ་དམིགས་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་དང་། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་
ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐྱེ་མཆེད་དང་། དེའི་ཡུལ་ལ་རྣམ་པར་ཤེས་པའི་གཟུགས་བརྙན་དག་སྣང་ངོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་འདི་ནི་ངེས་པར་ཟག་པ་མེད་པའི་ས་བོན་དང་། སྐུ་དང་ཞིང་ལ་སོགས་པའི་གཟུགས་བརྙན་
เล่ม ๑๑๘ · หน้า 220a
ལ་དམིགས་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །རྣམ་པར་ཤེས་པ་བརྒྱད་པོ་དེ་དག་ཡུལ་བཏགས་པའམ། རྫས་སུ་ཡོད་པའམ། འདུས་བྱས་སམ། འདུས་མ་བྱས་སམ་དུས་གསུམ་ལ་སོགས་པ་གང་ལ་དམིགས་པར་བྱེད་ཅེས་བྱ་བའི་བྱེ་བྲག་ནི་བསྟན་བཅོས་རྣམ་པར་
རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་སེམས་ལས་བྱུང་བ་དུ་དང་མཚུངས་པར་ལྡན་པའི་བསྟན་པ་ཡང་། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་དེ་ཡང་དག་པའི་དོན་དང་
སྦྱར་ན་སེམས་ལས་བྱུང་བའི་ཆོས་ལྔ་བཅུ་རྩ་གཅིག་ལས་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་ལྔ་པོ་དག་ནི་སེམས་ལས་བྱུང་བའི་ཆོས་སུམ་བཅུ་རྩ་བཞི་དང་མཚུངས་པར་ལྡན་ནོ། །འདི་ལྟ་སྟེ། ལྔ་ཀུན་དུ་འགྲོ་བ་དང་། ལྔ་ཡུལ་སོ་སོར་ངེས་པ་དང་། བཅུ་
གཅིག་དགེ་བ་དང་། རྩ་བའི་ཉོན་མོངས་པ་ལས་གསུམ་པོ་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉེ་བའི་ཉོན་མོངས་པ་ལས་བཅུ་པོ་འདི་ལྟ་སྟེ། འབྲིང་ལས་གཉིས་དང་། ཆེན་པོ་ལས་བརྒྱད་དོ། །དགེ་བ་བཅུ་གཅིག་པོ་དེ་
དག་ལ་སློབ་དཔོན་གཉིས་ཀྱིས་བཤད་པའི་དོན་ཡོད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཁ་ཅིག་ན་རེ་རྣམ་པར་ཤེས་པ་ལྔ་པོ་དག་ནི་ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བ་རྣམ་པ་བཅུ་པོ་ཁོ་ན་དང་ལྡན་ཏེ། ཤིན་ཏུ་སྦྱངས་པ་མེད་
པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་རྣམ་པར་ཤེས་པ་ལྔ་པོ་དག་ལ་ཡང་ཤིན་ཏུ་སྦྱངས་པ་ཡོད་དེ། ཏིང་ངེ་འཛིན་གྱིས་བསྐྱེད་པའི་དགེ་བ་ལ་ཡང་ཟོ་མདོག་བདེ་བ་ཡོད་པའི་ཕྱིར་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་དང་ལྷན་ཅིག་པ་ལ་ཡང་ངེས་པར་ཤིན་ཏུ་
སྦྱངས་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་འབྱུང་སྟེ་སེམས་ལས་བྱུང་བ་གཞན་མེད་པར་བཤད་པ་ནི་བསྟན་བཅོས་དག་ལས་རྒྱ་ཆེར་བསྟན་པ་བཞིན་དུ་རིག་པར་བྱའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་
เล่ม ๑๑๘ · หน้า 220b
དང་མཚུངས་པར་ལྡན་ཏེ། བསྟན་བཅོས་ཀུན་ལས་ཀྱང་མཐུན་པར་སྟོན་པས་ཐ་དད་པའི་དོན་མེད་དོ། །ཟག་པ་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་ཡང་དག་པའི་དོན་ལས། སེམས་ལས་བྱུང་བ་བཅོ་བརྒྱད་ཁོ་ན་དང་
མཚུངས་པར་ལྡན་ནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་འདི་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ནི་བཅོ་བརྒྱད་དེ། འདི་ལྟ་སྟེ། སྔ་མའི་ཆོས་དགུ་དང་། ཉེ་བའི་ཉོན་མོངས་པ་ལས་བརྒྱད་དང་།
ཡུལ་སོ་སོར་ངེས་པ་ལས་ཤེས་རབ་པོ་ཞེས་འབྱུང་ངོ་། །དེ་ལ་སྔ་མའི་ཆོས་དགུ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྔ་ཀུན་དུ་འགྲོ་བ་དང་ཉོན་མོངས་པ་བཞི་པོ་དག་གོ། །ཉོན་མོངས་པ་བཞི་པོ་ནི་འདི་ལྟ་སྟེ། བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་
བ་དང་། བདག་ལ་སྲེད་པའོ་ཞེས་འབྱུང་སྟེ། སེམས་ལས་བྱུང་བ་གཞན་མེད་པར་བཤད་པ་ཡང་བསྟན་བཅོས་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཟག་པ་མེད་པའི་རྣམ་པར་ཤེས་པ་བརྒྱད་པ་ནི། སེམས་ལས་བྱུང་བ་ཉི་ཤུ་རྩ་གཅིག་དང་མཚུངས་པར་ལྡན་
ཏེ། འདི་ལྟ་སྟེ། ཀུན་དུ་འགྲོ་བ་ལྔ་དང་ཡུལ་སོ་སོར་ངེས་པ་ལྔ་དང་དགེ་བ་བཅུ་གཅིག་གོ། །དེ་ལ་བྱེ་བྲག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་རྒྱུའི་གནས་སྐབས་ཀྱི་ཚེ་རྟོག་དཔྱོད་དང་མཚུངས་པར་ལྡན་པ་སྟེ་སྨན་དང་ནད་ལ་སོགས་པ་དག་ལ་དབང་དུ་མ་གྱུར་པའི་ཕྱིར་རོ། །
སངས་རྒྱས་ཀྱི་སར་བྱོན་པའི་ཚེ་ནི་རྟོག་པ་དང་དཔྱོད་པ་མི་མངའ་སྟེ་རྟོག་པ་མི་མངའ་བར་ཡང་མཛད་པའི་དངོས་པོ་རྣམས་འགྲུབ་པའི་ཕྱིར་རོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་དག་ལས་འབྱུང་བ་བཞིན་ནོ། །སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་
དོན་ནི་རྒྱ་ཆེར་མཚན་ཉིད་བསྟན་པ་གཞན་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། དེའི་ཚིག་གི་དོན་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བའི་དོན་བསྟན་པ་དང་བློ་གྲོས་ཡངས་པ་དེ་ལྟར་ཞེས་བྱ་བ་
เล่ม ๑๑๘ · หน้า 221a
མན་ཆད་ཀྱིས་གསང་བ་ལ་མཁས་པ་རྣམ་པར་འབྱེད་ཅིང་སྔར་ཞུས་པ་རྣམ་པ་གཉིས་ཀྱི་ལན་སྟོན་པར་མཛད་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཀུན་གཞི་རྣམ་པར་ཤེས་པའི་མིང་གི་རྣམ་གྲངས་མང་པོའི་བྱེ་བྲག་བསྟན་པ་དང་།
བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་མན་ཆད་ཀྱིས་རྣམ་པར་ཤེས་པ་རྣམས་ལྷན་ཅིག་འཇུག་པའི་བྱེ་བྲག་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་བཞིས་བསྟན་ཏེ། རྣམ་པར་ཤེས་པའི་ས་བོན་བསྟན་པ་དང་། ལེན་པའི་རྣམ་པར་ཤེས་པ་རྣམ་
པར་འབྱེད་པ་དང་། ཀུན་གཞི་རྣམ་པར་ཤེས་པ་བསྟན་པ་དང་། སེམས་ཀྱི་མིང་བསྟན་པའོ། །འདི་ནི་དང་པོ་རྣམ་པར་ཤེས་པ་ས་བོན་བཤད་པ་ཡིན་ཏེ། དེ་ལ་ས་བོན་ཐམས་ཅད་ཅེས་བྱ་བ་ནི་བག་ཆགས་རྣམ་པ་གསུམ་ཉིད་དེ། དེ་ནི་འདི་སྐད་དུ་འདི་ལྟར་ཀུན་
གཞི་རྣམ་པར་ཤེས་པས་བག་ཆགས་རྣམ་པ་གསུམ་ཡོངས་སུ་བཟུང་བའི་དབང་གིས་ཉིང་མཚམས་སྦྱོར་བ་རྒྱུན་མི་འཆད་པར་གྱུར་ཏོ་ཞེས་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གཞན་ཡང་འཁོར་བའི་ཉིང་མཚམས་སྦྱོར་
བ་ནི། བག་ཆགས་རྣམས་ལས་གྱུར་པ་ཡིན་ཏེ། བག་ཆགས་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་མོ། །འདི་ལྟ་སྟེ། མངོན་པར་བརྗོད་པའི་བག་ཆགས་དང་། བདག་ཏུ་འཛིན་པའི་བག་ཆགས་དང་། སྲིད་པའི་ཡན་ལག་གི་བག་ཆགས་སོ་ཞེས་
བསྟན་པ་ཡིན་ནོ། །ས་བོན་པའི་རྣམ་པར་ཤེས་པ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་རྣམ་པར་ཤེས་པས་ཡོངས་སུ་གཟུང་བའི་ས་བོན་ལ་ས་བོན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །གཉིས་པ་ནི་ས་བོན་ཡོངས་སུ་འཛིན་པའི་རྣམ་པར་ཤེས་པ་ལ་ས་བོན་པའི་རྣམ་པར་
ཤེས་པ་ཞེས་བྱ་སྟེ། དེ་ལྟར་རྣམ་པ་གཉིས་ཡོད་མོད་ཀྱི་འདིར་ནི་ས་བོན་ཡོངས་སུ་འཛིན་པའི་རྣམ་པར་ཤེས་པ་ཡང་དག་པར་སྟོན་ཏེ། ལུས་ཀྱི་ཡན་ལག་འབྱུང་བ་ལ་གནས་པ་དང་། ས་བོན་ཡོངས་སུ་འཛིན་པའི་ཕྱིར་དང་། དེས་ཡོངས་སུ་གཟུང་བའི་ས་
เล่ม ๑๑๘ · หน้า 221b
བོན་ནི་བག་ཆགས་རྣམ་པ་གསུམ་ཡིན་པའི་ཕྱིར་རོ། །འདིར་བག་ཆགས་རྣམ་པ་གསུམ་པོ་དེ་འདིར་མདོ་ཙམ་དུ་བཤད་པར་བྱ་སྟེ། བག་ཆགས་རྣམ་པ་གསུམ་པོ་དེ་ཡང་སྒོ་རྣམ་པ་བཞིས་རྣམ་པར་དབྱེ་བར་བྱ་སྟེ། ངེས་ཚིག་རྣམ་པར་བཤད་པ་དང་། ངོ་བོ་ཉིད་
བསྟན་པ་དང་། འབྲས་བུ་བསྐྱེད་པའི་བྱེ་བྲག་བསྟན་པ་དང་། རྐྱེན་རྣམ་པ་བཞིས་རྣམ་པར་དབྱེ་བའོ། །དེ་ལ་དང་པོ་ངེས་ཚིག་རྣམ་པར་བཤད་པ་ཡིད་སྤྱི་དང་བྱེ་བྲག་གིས་བསྟན་ཏེ། དེ་ལ་བག་ཆགས་རྣམ་པ་གསུམ་ཞེས་བྱ་བ་ནི་སྤྱིའི་མིང་ངོ་། །གསུམ་ཞེས་བྱ་བ་
ནི་གྲངས་སྨོས་པའོ། །བག་ཆགས་ཞེས་བྱ་བ་ནི་མངོན་པར་བརྗོད་པ་ལ་བག་ཆགས་ཞེས་བྱའོ། །བརྒྱད་པ་ལ་ཡོད་པའི་ས་བོན་གྱི་བག་ཆགས་ཆ་ཡིན་པའི་ཕྱིར་བག་ཆགས་ཞེས་བྱ་སྟེ། འདི་རྣམ་པར་བཤད་པ་དྲུག་ལས་གྲངས་དང་བཅས་པའི་རྣམ་པར་
བཤད་པའོ། །དེ་ལ་བྱེ་བྲག་གི་མིང་ནི་བསྟན་བཅོས་རྣམ་པར་བཤད་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། བག་ཆགས་རྣམས་ཀྱང་མདོར་བསྡུ་ན་རྣམ་པ་གསུམ་མོ། །དེ་ལ་མངོན་པར་བརྗོད་པའི་བག་ཆགས་ནི་འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་སོ་
སོ་ཐ་དད་པའི་ཉེ་བའི་ས་བོན་ནོ། །མངོན་པར་བརྗོད་པ་ཡང་རྣམ་པ་གཉིས་ཏེ། དོན་མཚོན་པའི་མངོན་པར་བརྗོད་པ་ནི་དོན་བརྗོད་པའི་སྒྲའི་བྱེ་བྲག་གོ། །ཡུལ་མཚོན་པའི་མངོན་པར་བརྗོད་པ་ནི་ཡུལ་ཁོང་དུ་ཆུད་པར་བྱེད་པའི་སེམས་དང་སེམས་ལས་
བྱུང་བའི་ཆོས་རྣམས་སོ། །བདག་ཏུ་འཛིན་པའི་བག་ཆགས་ནི་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པས་བདག་དང་བདག་གིར་བཟུང་བའི་ས་བོན་ནོ། །བདག་ཏུ་འཛིན་པ་ཡང་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་བདག་ཏུ་འཛིན་པ་ནི་བསྒོམ་པས་
སྤང་བར་བྱ་བའི་བདག་དང་བདག་གིར་འཛིན་པའོ། །ཀུན་དུ་བརྟགས་པའི་བདག་ཏུ་འཛིན་པ་ནི་མཐོང་བས་སྤང་བར་བྱ་བའི་བདག་དང་བདག་གིར་འཛིན་པ་སྟེ། བདག་ཏུ་འཛིན་པ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒོས་པ་ལས་མངོན་པར་འགྲུབ་པའི་ས་བོན་གྱིས་
เล่ม ๑๑๘ · หน้า 222a
སེམས་ཅན་རྣམས་བདག་དང་གཞན་ཞེས་བྱེ་བྲག་ཏུ་བྱེད་པའོ། །སྲེད་པའི་ཡན་ལག་གི་བག་ཆགས་ནི་འདི་ལྟ་སྟེ། ཁམས་གསུམ་པའི་རྣམ་པར་སྨིན་པ་འདྲེན་པའི་ལས་ཀྱི་ས་བོན་ནོ། །སྲིད་པའི་ཡན་ལག་ཀྱང་རྣམ་པ་གཉིས་
ཏེ། ཟག་པ་དང་བཅས་པའི་དགེ་བ་ནི་འབྲས་བུ་ཡིད་དུ་འོང་བ་འདྲེན་པའི་ལས་གང་ཡིན་པའོ། །མི་དགེ་བ་ནི་འབྲས་བུ་ཡིད་དུ་འོང་བ་མ་ཡིན་པ་འདྲེན་པའི་ལས་གང་ཡིན་པའོ་ཞེས་བཤད་པ་ལྟ་བུ་སྟེ། བག་ཆགས་རྣམ་པ་གསུམ་གྱི་མཚན་ཉིད་བསྟན་
བཅོས་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བག་ཆགས་རྣམ་པ་གསུམ་ཆར་ཡང་བདག་པོའི་དབང་དུ་བྱས་ནས་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ཡིན་པའི་ཕྱིར་དང་། དེ་བཞིན་དུ་སྲིད་པའི་ཡན་
ལག་གི་བག་ཆགས་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་སྔར་བཤད་པ་བཞིན་དུ་མངོན་པར་བརྗོད་པ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་གང་ཡིན་པ་དེ་ནི་མངོན་པར་བརྗོད་པའི་བག་ཆགས་ཞེས་བྱའོ། །བདག་ཏུ་འཛིན་
པ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་གང་ཡིན་པ་དེ་ནི་བདག་ཏུ་འཛིན་པའི་བག་ཆགས་ཞེས་བྱའོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་གི་བག་ཆགས་ཞེས་བྱ་སྟེ། ས་
བོན་ནི་དེ་ལྟར་རྣམ་པར་རྟོག་པ་ཡིན་པས་ས་བོན་ཁོ་ནར་ཟད་ཀྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །ཆོས་རྣམ་པ་གསུམ་གྱི་ངོ་བོ་ཉིད་བསྟན་ན་མངོན་པར་བརྗོད་པའི་བག་ཆགས་ནི་ཕུང་པོ་ལྔའི་སྒོ་ནས་ཕྱོགས་གཅིག་གི་ས་བོན་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དེ། ཟག་པ་མེད་
པའི་ས་བོན་གྱིས་བསྐྱེད་པ་མ་གཏོགས་པར་ཐམས་ཅད་ཀྱང་ཕུང་པོར་བསྡུས་པར་མཚུངས་པའི་ཕྱིར་རོ། །སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་ཀྱང་ཕྱོགས་གཅིག་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་ས་བོན་དང་། ཁམས་བཅོ་བརྒྱད་ཀྱི་ས་བོན་གྱི་ངོ་བོ་ཉིད་དེ། ཟག་པ་མེད་པའི་ས་བོན་
เล่ม ๑๑๘ · หน้า 222b
མ་གཏོགས་པ་ནི་ཕུང་པོ་བཞིན་དུ་རིག་པར་བྱའོ། །བདག་ཏུ་འཛིན་པའི་བག་ཆགས་ཀྱང་། ཕུང་པོ་ལྔའི་སྒོ་ནས་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་བསྡུས་སོ། །སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་ཀྱང་། ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཀྱི་
ཕྱོགས་གཅིག་གི་ངོ་བོ་ཉིད་དོ། །སྲེད་པའི་ཡན་ལག་གི་བག་ཆགས་ནི་ཕུང་པོ་ལྔའི་སྒོ་ནས་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀྱི་ངོ་བོ་ཉིད་དེ། གཟུགས་ཀྱི་ཕུང་པོ་ཡིན་པའི་ཕྱིར་དང་། ཡིད་ཀྱི་སེམས་པའི་ལས་ཀྱི་ས་བོན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་
པའི་ཕྱིར་རོ། །སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་ནི་གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གི་ངོ་བོ་ཉིད་དོ། །ཆོས་ཀྱི་རྣམ་གྲངས་ཀྱི་ངོ་བོ་
ཉིད་བསྟན་ནས་མངོན་པར་བརྗོད་པའི་བག་ཆགས་ནི་ཆོས་བརྒྱའི་སྒོ་ནས་ཆོས་བརྒྱའི་ས་བོན་གྱི་ངོ་བོ་ཉིད་ཀྱི་གཟུགས་བརྙན་བྱེད་དེ། ཆོས་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བསྒོས་པའི་ས་བོན་ཡིན་པའི་ཕྱིར་རོ། །བདག་ཏུ་འཛིན་པའི་བག་ཆགས་ནི་
ཡུལ་སོ་སོར་ངེས་པ་ལས་ཤེས་རབ་དང་། ཉོན་མོངས་པ་བཅུ་ལས་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉིད་དོ། །སྲིད་པའི་ཡན་ལག་གི་བག་ཆགས་ནི་གཟུགས་རྣམ་པ་བཅུ་གཅིག་ལས་གཟུགས་དང་སྒྲའི་ཆོས་གཉིས་དང་། སེམས་ལས་བྱུང་བའི་ལས་སེམས་
པའི་ངོ་བོ་ཉིད་དེ། ངག་དང་སེམས་པའི་ལས་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་བསྐྱེད་པའི་ཕྱིར་བྱེ་བྲག་བསྟན་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་སྤྱིར་ཆོས་རྣམས་ལས་བརྩམས་ནས་འབྲས་
བུ་སྐྱེད་པར་བསྟན་པ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་བཞིན་དུ་རྣམ་པར་རིག་པ་རྣམ་པ་བཅུ་གཅིག་ལས་བརྩམས་ནས། འབྲས་བུ་བསྐྱེད་པ་རྣམ་པར་འབྱེད་པའོ། །དེ་ལ་སྤྱིར་ཆོས་རྣམས་ལས་བརྩམས་ནས་འབྲས་བུ་སྐྱེད་པར་བསྟན་
เล่ม ๑๑๘ · หน้า 223a
པ་ཡང་མངོན་པར་བརྗོད་པའི་བག་ཆགས་ནི་སྤྱིར་ཆོས་བརྒྱད་པོ་དག་སྐྱེད་པར་བྱེད་དེ། དེ་ལ་བྱེ་བྲག་ཡོད་པ་ཡང་ཆོས་དགུ་བཅུ་རྩ་བཞི་པོ་དེ་དག་གི་ངོ་བོ་ཉིད་དང་། གཟུགས་བརྙན་ཐམས་ཅད་ནི་མངོན་པར་བརྗོད་པས་བསྐྱེད་པ་ཡིན་ནོ། །འདུས་མ་
བྱས་རྣམ་པ་དྲུག་གི་ངོ་བོ་ཉིད་དང་། གཟུགས་བརྙན་ནི་མི་མཚུངས་པས་ངོ་བོ་ཉིད་རྣམ་པ་དྲུག་གི་ས་བོན་ལས་བྱུང་བ་མ་ཡིན་ཏེ། ཡོངས་སུ་གྲུབ་པའི་འདུས་མ་བྱས་ནི་མི་སྐྱེ་བའི་དོན་ཡིན་པའི་ཕྱིར་རོ། །གཟུགས་བརྙན་རྣམ་པ་དྲུག་ནི་མངོན་པར་བརྗོད་པ་ལས་
བྱུང་བ་ཡིན་ཏེ། གཞན་གྱི་དབང་གི་འདུས་མ་བྱས་ནི་ཡང་དག་པར་ན་འདུས་བྱས་ཡིན་ཏེ། རྒྱུ་ལ་བརྟེན་ནས་སྐྱེས་པའི་ཕྱིར། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་མངོན་པར་བརྗོད་པའི་བག་ཆགས་ནི་འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་སོ་སོ་ཐ་དད་
པའི་ཉེ་བའི་ས་བོན་ནོ་ཞེས་བསྟན་པ་ཡིན་ནོ། །འདུས་བྱས་ཀྱི་ཆོས་ལས་རྫས་སུ་ཡོད་པའི་ཆོས་ནི་བདག་ཉིད་ཡོད་པས་ས་བོན་ལས་སྐྱེ་ཞེས་བྱར་རུང་ན་མཚུངས་པར་ལྡན་པ་མ་ཡིན་པ་ལས་བདག་ཉིད་ཡང་དག་པ་མེད་ན། ཇི་ལྟར་རྒྱུ་ལས་བྱུང་ཞེས་བརྗོད་ཅེ་ན། ཡང་
དག་པའི་དོན་དུ་ན་བཏགས་པའི་ཆོས་རྣམས་ཀྱི་ས་བོན་ལས་མི་སྐྱེ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བཏགས་པའི་ཆོས་ནི་མེད་པ་དང་འདྲ་སྟེ། རྒྱུ་དང་རྐྱེན་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། བཏགས་པའི་ཆོས་རྒྱུ་དང་རྐྱེན་མ་ཡིན་
པའི་དོན་གྱིས་ན་བཏགས་པའི་ཆོས་རྣམས་ནི་བསྐྱེད་པར་བྱ་བ་ཡང་མ་ཡིན་ཏེ། འོན་ཀྱང་བརྟགས་པ་ནི་རྫས་སུ་ཡོད་པའི་རྗེས་སུ་བཏགས་པའི་ས་བོན་ཞེས་བཤད་དེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། མིང་
དང་རྒྱུ་མཚན་དང་རྣམ་པར་རྟོག་པའི་བག་ཆགས་རྣམ་པ་གསུམ་ཞེས་བསྟན་པ་ཡིན་ནོ། །བདག་ཏུ་ལྟ་བའི་བག་ཆགས་ཀྱིས་ནི་བདག་དང་གཞན་གྱི་ལུས་ཀྱི་ཆོས་བརྒྱའི་བྱེ་བྲག་ཐ་དད་པ་སྐྱེད་པར་བྱེད་དོ། །སྲིད་པའི་ཡན་ལག་གི་བག་ཆགས་ཀྱིས་ནི་ཆོས་
เล่ม ๑๑๘ · หน้า 223b
བརྒྱའི་བདེ་འགྲོ་དང་ངན་འགྲོའི་ལས་སྐྱེད་པར་བྱེད་དེ། སྔར་བསྟན་པའི་འདུས་མ་བྱས་དང་བཏགས་པའི་ཆོས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་རྣམ་པར་རིག་པ་རྣམ་པ་བཅུ་གཅིག་ལས་བརྩམས་ནས་འབྲས་བུ་བསྐྱེད་པ་རྣམ་པར་འབྱེད་པ་ནི་བསྟན་བཅོས་
ཐེག་པ་ཆེན་པོ་བསྟན་པ་ལས་ཇི་སྐད་དུ། དེ་ལ་ལུས་དང་། ལུས་ཅན་དང་། ཟ་བ་པོའི་རྣམ་པར་རིག་པ་གང་ཡིན་པ་དང་། དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་གང་ཡིན་པ་དང་། དེ་ལ་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་གང་ཡིན་པ་དང་། དུས་ཀྱི་
རྣམ་པར་རིག་པ་དང་། གྲངས་ཀྱི་རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པ་གང་ཡིན་པ་དང་། ཐ་སྙད་ཀྱི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །བདག་དང་གཞན་གྱི་རྣམ་པར་རིག་པའི་བྱེ་
བྲག་གང་ཡིན་པ་དེ་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་
ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་རྐྱེན་བཞིས་རྣམ་པར་དབྱེ་བ་ཡང་མངོན་པར་བརྗོད་པའི་བག་ཆགས་ནི་རྒྱུའི་རྐྱེན་ཡང་དག་པ་ཡིན་ལ་བག་ཆགས་གཞན་གཉིས་ནི་བདག་པོའི་རྐྱེན་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་གང་ཡིན་པ་དང་། དུས་ཀྱི་
རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མངོན་པར་བརྗོད་པ་གཉིས་ཀྱིས་ཡོངས་སུ་བསྒོས་པ་ལས་གྲུབ་པའི་ས་བོན་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་ཆོས་རྣམས་ཀྱི་སོ་སོའི་རྒྱུ་རྐྱེན་བྱེད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། བདག་ཏུ་འཛིན་པ་
དང་སྲིད་པའི་ཡན་ལག་གི་བག་ཆགས་ནི་འབྲས་བུ་བྱེ་བྲག་ཐ་དད་པ་རྣམས་ལ་བདག་པོའི་རྐྱེན་བྱེད་པར་རིག་པར་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་བམ་པོ་བརྒྱད་པའི་འགྲེལ་པ་ལས་བསྟན་པ་
เล่ม ๑๑๘ · หน้า 224a
བཞིན་ནོ། །ས་བོན་པའི་རྣམ་པར་ཤེས་པ་དེ་ཉིད་བསྟན་པ་ལ་རྣམ་པ་གཉིས་སུ་དབྱེ་སྟེ། སེམས་ཅན་གྱི་ཕུང་པོ་ལས་བརྩམས་ནས་ལུས་ཀྱི་ཡན་ལག་འབྱུང་བ་བསྟན་པ་དང་། དེར་ཞེས་བྱ་བ་མན་ཆད་ཀྱིས་ས་བོན་པའི་རྣམ་པར་ཤེས་པ་ལས་བརྩམས་
ནས་སྐྱེ་བ་ལན་པའི་བྱེ་བྲག་རྒྱ་ཆེར་རྣམ་པར་འབྱེད་པའོ། །འདི་ནི་དང་པོ་སྟེ། དེ་ལ་འགྲོ་བ་དྲུག་ཅེས་བྱ་བ་ནི་འོག་ནས་མདོ་ལས་ཇི་སྐད་དུ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། ལྷ་མ་ཡིན་དང་། མི་ཞེས་གསུངས་
པ་ལྟ་བུའོ། །འགྲོ་བ་དྲུག་པོ་འདི་ཡང་སོ་སོའི་གཞུང་གིས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བ་དག་ནི་འགྲོ་བ་ལྔ་ཁོ་ནའོ་ཞེས་རྣམ་པར་འཇོག་སྟེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མདོ་སྡེ་ལས་ཇི་སྐད་དུ་འགྲོ་བ་ལྔ་
ཞེས་གསུངས་པ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མིའོ་ཞེས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་སྡེ་པ་གཞན་ཁ་ཅིག་ལྷ་མ་ཡིན་ནི་འགྲོ་བ་དྲུག་པའོ་ཞེས་རྣམ་པར་འཇོག་སྟེ། དེ་དག་དེ་སྐད་དུ་སྨྲ་
བར་མི་བྱ་སྟེ། མདོ་སྡེ་ལས་ནི་འགྲོ་བ་ནི་ལྔ་ཁོ་ནའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་ལྷ་མ་ཡིན་འགྲོ་བ་གང་གིས་བསྡུས་ཤེ་ན་སྨྲས་པ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་པ་གཉིས་
འབྱུང་སྟེ། ཁ་ཅིག་ནི་ལྷའི་འགྲོ་བས་བསྡུས་སོ་ཞེས་བཤད་དེ། དཔྱད་པ་དག་གི་ཡང་དག་པའི་དོན་ལས་ནི་ཡི་དགས་ཀྱི་འགྲོ་བས་བསྡུས་སོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་མཛོད་ཀྱི་བསྟན་བཅོས་ལས་ཀྱང་ཕལ་ཆེར་བྱེ་བྲག་ཏུ་
བཤད་པ་ཆེན་པོ་ལས་བསྟན་པ་དང་མཐུན་པར་འབྱུང་ངོ་། །མདོ་སྡེ་པ་དག་ཀྱང་འགྲོ་བ་ལྔ་ཁོ་ནའོ་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་ལས་ནི་རྣམ་པ་དྲུག་གོ་འདི་ལྟ་སྟེ། འགྲོ་བ་ལྔ་པོ་དག་གི་ལས་དང་མ་ངེས་པའི་ལས་སོ་ཞེས་འབྱུང་
เล่ม ๑๑๘ · หน้า 224b
བ་ཡིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། ལ་ལར་ནི་ལྔ་ཁོ་ནའོ་ཞེས་གསུངས་ཏེ་འཕགས་པ་སངས་རྒྱས་ཀྱི་སའི་མདོ་དང་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་སོགས་པ་ལས་བསྟན་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་ལྷ་མ་ཡིན་འགྲོ་བ་གང་གིས་
བསྡུས་ཤེ་ན་སྨྲས་པ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ལྷ་མ་ཡིན་རྣམས་ཀྱི་རིས་ཀྱི་རྣམ་པ་ནི་ངེས་པ་མེད་དེ། རེས་འགའ་ནི་ལྷ་དང་། རེས་འགའ་ནི་ཡི་དགས་དང་། རེས་འགའ་ནི་དུད་འགྲོའི་འགྲོ་བས་བསྡུས་པར་གསུངས་པའི་ཕྱིར། འདིར་
ངེས་པར་མ་བསྟན་ཏོ་ཞེས་འབྱུང་ངོ་། །ལ་ལར་ནི་དྲུག་གོ་ཞེས་གསུངས་ཏེ། མདོ་སྡེ་འདི་ཉིད་དང་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ལས། ཇི་སྐད་བསྟན་པ་ལྟ་བུའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་སྔར་གཞག་པ་ནི་ཡང་དག་པའི་དོན་
ཡིན་ཏེ། དེའི་ཕྱིར་དེ་ལས་ལྷ་མ་ཡིན་རྣམས་ཀྱང་ལྷའི་འགྲོ་བས་བསྡུས་པ་ཁོ་ནར་བལྟ་བར་བྱའོ། །འོན་ཀྱང་དེ་དག་ནི་སྒྱུ་ཅན་འདྲིད་པའི་བསམ་པ་དང་ལྡན་པ་སྒྱུ་གཡོའི་ཤས་ཆེ་བ་ཡིན་ཏེ། དེ་བས་ན་འདི་ལྟ་སྟེ། ལྷ་རྣམས་བཞིན་དུ་དཀར་པོའི་ཆོས་རྣམས་ཀྱི་སྣོད་དུ་མ་
གྱུར་པ་ཡིན་ཏེ། དེའི་ཕྱིར་ཆེད་འགའ་མདོ་གཞན་དག་ལས་འགྲོ་བ་ཐ་དད་པའི་བསྟན་པས་བསྟན་ཏོ་ཞེས་འབྱུང་བས་ཡང་དག་པར་ན་ལྷའི་འགྲོ་བ་ཡིན་ནོ། །གཞན་ཡང་དེ་ཉིད་ལས། དེ་ལྟར་འཇིག་རྟེན་གནས་པ་ཆགས་ན། འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་རྣམས་
དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་དང་། ལྷ་རྣམས་དང་། མི་རྣམས་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན་ནི་དྲུག་ཏུ་གཞག་པ་ཡང་དག་པའི་དོན་ཡིན་པར་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས།
ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པུཎྜ་རཱི་ཀ་ལས་འགྲོ་བ་དྲུག་གི་སེམས་ཅན་ཡོད་པར་གསུངས་པས་དོན་གྱིས་དགོངས་པ་རྣམས་བརྟགས་ན་འགྲོ་བ་དྲུག་ཡོད་དོ། །གཞན་ཡང་དགེ་བ་དང་མི་དགེ་བ་རྣམ་པར་དབྱེ་བས་ཀྱང་འགྲོ་བ་དྲུག་ཡོད་དེ། དགེ་བ་ལ་ཡང་
เล่ม ๑๑๘ · หน้า 225a
རབ་དང་། འབྲིང་དང་ཐ་མ་ཡོད་པའི་ཕྱིར། བདེ་འགྲོ་གསུམ་པོ་ལྷ་དང་མི་དང་ལྷ་མ་ཡིན་ཡོད། མི་དགེ་བ་ཡང་རབ་དང་འབྲིང་དང་ཐ་མ་ཡོད་པར་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་འགྲོ་བ་ཡོད་དོ་ཞེས་འབྱུང་སྟེ།
རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ལྔ་ཁོ་ནའོ་ཞེས་གསལ་བར་གསུངས་པ་མེད་དེ། འགྲོ་བ་ལྔ་ཡོད་པར་བཤད་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་དག་འགྲོ་བ་ལྔ་ཡོད་དོ་ཞེས་བསྟན་པ་བཞིན་ནོ། །གཞན་ཡང་འགྲོ་བ་ནི་དྲུག་ཡོད་པ་ཡིན་པར་རིགས་ཏེ། དེ་ཅིའི་
ཕྱིར་ཞེ་ན། ངན་སོང་གསུམ་ནི་གཅིག་ཏུ་སྡིག་པ་བྱས་པའི་གནས་ཡིན་པས་གང་གིས་དགེ་བ་ནི་ཆེར་བྱས་ལ། སྡིག་པ་ཆུང་ངུ་བྱས་པ་གང་ཡིན་པ་དེ་ནི་ལྷ་མ་ཡིན་ཞེས་བྱ་བས་སྐྱེ་གནས་ཐ་དད་པའི་རིགས་ཏེ། དེའི་ཕྱིར་འགྲོ་བ་དྲུག་ཅེས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །གཤིན་
རྗེ་འགྲོ་བ་གང་གིས་བསྡུས་ཤེ་ན། སྨྲས་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཡི་དགས་ཀྱི་འགྲོ་བས་བསྡུས་སོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་བསྟན་བཅོས་གདགས་པ་བྱས་པ་ལས། ཇི་ལྟར་ད་ལྟར་གྱི་ཡི་དགས་ཀྱི་འཇིག་རྟེན་འདིའི་རྒྱལ་
པོའི་མིང་གཤིན་རྗེ་ཞེས་བྱ་བ་བཞིན་ནོ་ཞེས་བཤད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་གཤིན་རྗེའི་ཁམས་ཡོད་དེ་དེ་ནི་ཡི་དགས་ཐམས་ཅད་ཀྱི་གནས་ཀྱི་རྩ་བ་ཡིན་ཏེ། དེ་ལས་གྱེས་ནས་གཞན་ན་
གནས་པ་ཡང་ཡོད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་སེམས་ཅན་དམྱལ་བའི་འགྲོ་བས་བསྡུས་པར་བཤད་དེ། དེའི་ཕྱིར་དེ་ལས་སེམས་ཅན་གང་ཡང་རུང་བ་ཞིག་བདག་པོར་འགྱུར་བའི་ལས་ཀུན་ནས་ཉོན་མོངས་པ་ཅན་གྱིས་སེམས་ཅན་དམྱལ་བ་
རྣམས་ན་གཤིན་རྗེའི་རྒྱལ་པོར་སྐྱེ་བར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་སྒོ་ང་དང་། མངལ་དང་དྲོད་གཤེར་དང་། རྫུས་ཏེ་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་རྣམ་པ་བཞི་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། འདི་ལྟ་སྟེ།
เล่ม ๑๑๘ · หน้า 225b
སེམས་ཅན་གང་དག་སྒོ་ངའི་སྦུབས་མངོན་པར་བརྟོལ་ནས་འབྱུང་བ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་ལ་སོགས་པའོ། །མངལ་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་
ཅན་གང་དག་ཤ་མོས་ཀུན་ནས་གཡོགས་ཤིང་ཤ་མོ་བརྟོལ་ནས་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། བོང་བུ་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་དྲོད་
གཤེར་གང་ཡང་རུང་བ་ལ་བརྟེན་ནས་སྐྱེ་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་བུ་དང་། གྲོག་སྦུར་དང་། ཕྱེ་མ་ལེབ་དང་། ཤིང་སྲིན་ལ་སོགས་པའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་ལས་ཀྱི་དབང་གིས་སྐྱེ་མཆེད་དྲུག་
ཚང་བར་སྐྱེ་བའམ། སྐྱེ་མཆེད་དྲུག་ལས་གང་ཡང་རུང་བ་མ་ཚང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་རྣམས་དང་། ལྷ་རྣམས་དང་། དུད་འགྲོ་དང་། ཡི་དགས་དང་། མི་རྣམས་ལས་ཁ་ཅིག་གོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་
པ་ནི་བསྟན་བཅོས་གཞུང་བསྟན་པ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སྔར་འགྲོ་བ་དྲུག་བཤད་ཟིན་ན། ཅིའི་ཕྱིར་ཡང་སྐྱེ་བ་རྣམ་པ་བཞི་བསྟན་ཞེ་ན། སྨྲས་པ།
མཛོད་ཀྱི་བསྟན་བཅོས་ལས། བསྟན་བཅོས་གདགས་པ་བྱས་པ་ལས་འདི་སྐད་དུ། སྐྱེ་བ་རྣམ་པ་བཞིས་ནི་འདི་སྐད་དུ་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་ནི་སྐྱེ་བ་རྣམ་པ་བཞི་བསྡུས་པ་མ་ཡིན་ནོ། །གང་དག་མ་བསྡུས་ཤེ་ན། འདི་ལྟ་སྟེ། སྲིད་པ་བར་མ་
དག་གོ་ཞེས་བསྟན་ཏོ་ཞེས་འབྱུང་བས་རིགས་པ་དེས་ན་ལྷ་ལ་སོགས་པའི་འགྲོ་བ་དྲུག་གི་སྐྱེ་བ་རིལ་མ་བསྡུས་པས་དེའི་ཕྱིར་སྒོ་ང་ལ་སོགས་པའི་སྐྱེ་བ་བཞི་པོ་དག་ཡང་དག་པར་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཡང་འགྲོ་བ་དྲུག་བསྟན་ཞེ་ན། སྨྲས་པ།
เล่ม ๑๑๘ · หน้า 226a
དགེ་བ་དང་སྡིག་པ་སྐྱེས་པ་ལེན་པའི་བྱེ་བྲག་རབ་ཏུ་བསྟན་པའི་ཕྱིར་འགྲོ་བ་དྲུག་ཏུ་བསྟན་པའོ། །གལ་ཏེ་དེ་ལྟ་ན་ནི་ཅིའི་ཕྱིར་ཁམས་མ་བསྟན་ཞེ་ན་སྨྲས་པ། ཁམས་ནི་སེམས་ཅན་མ་ཡིན་པར་ཡང་གཏོགས་པས་དེའི་ཕྱིར་འདིར་མ་བསྟན་ཏོ། །
སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དེ། འགྲོ་བ་དྲུག་དང་། སྐྱེ་བ་རྣམ་པ་བཞིའི་དོན་ནི་མཚན་ཉིད་བསྟན་པ་གཞན་དག་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །མདོའི་ཚིག་འདི་རྣམ་པར་བཤད་པ་ཡང་རྣམ་པ་
གཉིས་ཡོད་དེ། ཁ་ཅིག་ན་རེ། འགྲོ་བ་དྲུག་གི་འཁོར་བ་འདི་ནས་སེམས་ཅན་གང་དང་གང་དག་ཅེས་བྱ་བས་ནི་ལུས་སྤངས་པ་རྣམས་བསྟན་ཏོ། །སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་གཏོགས་པ་ཞེས་བྱ་བས་ནི་ལུས་ལེན་པ་རྣམ་པར་འབྱེད་པ་ཡིན་ནོ། །ལུས་ལེན་པ་
དེ་ཡང་རིས་རྣམ་པ་གཉིས་ཏེ། འགྲོ་བ་དྲུག་གི་ལུས་དང་། སྐྱེ་བ་རྣམ་པ་བཞིའི་ལུས་སོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་ལུས་ཀྱི་ཡན་ལག་སྐྱེ་ཞིང་འབྱུང་བར་ནི་བཤད་མ་ཐག་པའི་རིས་རྣམ་པ་གཉིས་ཀྱང་གཏོགས་པར་བསྟན་ཏོ། །ཁ་ཅིག་ན་རེ་ལུས་ལེན་པ་
གང་ཡིན་པ་དེ་དག་ཐམས་ཅད་ནི་སྐྱེ་བ་རྣམ་པ་བཞི་ཡིན་ནོ། །སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་གཏོགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །སྒོ་ང་ལས་སྐྱེས་པའི་སྐྱེ་གནས་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་བ་རྣམ་པ་བཞི་རྣམ་པར་ཕྱེ་ནས་བསྟན་པ་སྟེ། དེའི་ཕྱིར་སློབ་དཔོན་
རྡོ་རྗེ་དྲང་སྲོང་གི་འགྲེལ་པ་ལས། སྒོ་ངའི་སྐྱེ་བའི་སྐྱེ་གནས་ལ་སོགས་པ་ནི་སྐྱེ་བ་ལེན་པའི་བྱེ་བྲག་གོ། །གཟུགས་ཅན་ཞེས་བྱ་བ་ལ་སོགས་པ་ནི་རགས་པ་དང་ཕྲ་བའི་བྱེ་བྲག་གོ་ཞེས་འབྱུང་ངོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་ལུས་ཀྱི་ཡན་ལག་སྐྱེ་ཞིང་
འབྱུང་བ་ཞེས་གསུངས་པ་ནི། སྐྱེ་བ་རྣམ་པ་བཞི་ལས་བརྩམས་ནས་བསྟན་པ་ཡིན་ནོ།། །།བམ་པོ་ཉི་ཤུ་པ། དེར་དང་པོ་ཁོ་ན་ས་བོན་ཐམས་ཅད་པའི་སེམས་དང་། རྣམ་པར་ཤེས་པ་རྣམ་པར་སྨིན་ཅིང་ཕན་ཚུན་འདུས་པ་རྒྱས་ཤིང་འཕེལ་བ་དང་།
เล่ม ๑๑๘ · หน้า 226b
ཡངས་པར་གྱུར་ནས་ཞེས་བྱ་བ་འདི་མན་ཆད་ནི། གཉིས་པ་ས་བོན་རྣམ་པར་ཤེས་པ་ལས་བརྩམས་ནས་སྐྱེ་བ་ལེན་པའི་བྱེ་བྲག་རྒྱ་ཆེར་རྣམ་པར་འབྱེད་དོ། །འདི་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་ལེན་པའི་གནས་སྐབས་ཀྱི་བྱེ་བྲག་བསྟན་པ་དང་། ས་བོན་རྣམ་པར་ཤེས་
པ་ལེན་པ་གཉིས་ལ་བརྟེན་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ཡང་རྣམ་པ་གསུམ་དུ་བསྟན་ཏོ། །འདི་ལྟ་སྟེ། ས་བོན་པའི་རྣམ་པར་ཤེས་པའི་ཡོངས་སུ་སྨིན་པ་བསྟན་པ་དང་། ཕན་ཚུན་འདུས་པ་བསྟན་པ་དང་། རྒྱས་ཤིང་འཕེལ་བ་དང་། ཡངས་
པར་གྱུར་པ་བསྟན་པའོ། །དེར་དང་པོ་ཁོ་ནར་ས་བོན་ཐམས་ཅད་པའི་སེམས་དང་། རྣམ་པར་ཤེས་པ་རྣམ་པར་སྨིན་ཞེས་བྱ་བས་ནི་ས་བོན་པའི་རྣམ་པར་ཤེས་པའི་ཡོངས་སུ་སྨིན་པ་བསྟན་ཏེ། འགྲོ་བ་དེ་དག་ཏུ་སྐྱེ་བ་ལེན་པའི་གནས་སྐབས་སུ་དང་པོ་ཁོ་ནར་སྐྱེས་
པའི་ཉིང་མཚམས་སྦྱོར་བ་ན། ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པའི་སེམས་ཡོངས་སུ་སྨིན་པར་འགྱུར་བའོ། །དང་པོ་ཉིང་མཚམས་སྦྱོར་བ་ན་ས་བོན་པའི་རྣམ་པར་ཤེས་པ་ཡོངས་སུ་སྨིན་པ་ལས་མེར་མེར་པོ་མངོན་པར་འགྲུབ་པ་ནི་ཉིང་མཚམས་སྦྱོར་བ་ཞེས་
བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཕ་མ་གཉིས་ཆགས་པར་གྱུར་ཏེ། འདོད་ཆགས་དྲག་པོའི་སྐབས་སུ་བབ་པ་ན་མཇུག་ཁོ་ནར་ཁུ་བའི་སྐབས་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་གཉི་ག་ལས་ཁུ་བ་དང་ཁྲག་གི་ཐིགས་
པ་གཉིས་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། དེ་གཉི་གའི་ཁུ་བ་དང་། ཁྲག་གི་ཐིགས་པ་དེ་གཉིས་མའི་སྐྱེ་གནས་སུ་འདྲེས་པར་འགྱུར་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ་སྤྲིས་མ་ལྟ་བུར་ཆགས་ནས་འདུས་ཤིང་འདུག་པར་འགྱུར་ཏེ། དེར་
ས་བོན་ཐམས་ཅད་རྣམ་པར་སྨིན་པར་བསྡུས་པ་ལུས་ལན་པར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །ཇི་ལྟར་འཇུག་ཅེ་ན། ཁུ་བ་དང་། ཁྲག་འདུས་ནས་སྤྲིས་མ་ལྟ་བུར་གྱུར་པ་དེ་དང་ལྷན་ཅིག་ཏུ་སྟེ། ཕྱིན་ཅི་ལོག་ཏུ་དམིགས་པ་བར་མ་དོའི་སྲིད་པ་
เล่ม ๑๑๘ · หน้า 227a
དེ་འགགས་པར་འགྱུར་ལ། དེ་འགགས་པ་དེ་དང་དུས་གཅིག་ཏུ་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེའི་མཐུས་དེ་ལས་གཞན་པ་དབང་པོའི་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་། འདྲེས་པ་དེ་དང་མཐུན་པའི་ཁུ་བ་དང་ཁྲག་འདུས་པ་དབང་པོ་དང་བཅས་པ་
གཞན་འབྱུང་བར་འགྱུར་ཏེ། དེའི་དུས་སྐབས་སུ་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །མེར་མེར་པོ་དེའི་དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཀྱང་ལུས་ཀྱི་དབང་པོ་དང་ལྷན་ཅིག་འབྱུང་ངོ་། །དབང་པོའི་
རྟེན་གྱི་འབྱུང་བ་ཆེན་པོ་རྣམས་དང་། དབང་པོ་འབྱུང་བ་ཆེན་པོ་དེ་དག་ཉིད་དང་། ལུས་ཀྱི་དབང་པོ་ཡང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །དེ་ནས་དབང་པོའི་འབྱུང་བ་ཆེན་པོ་དེ་དག་རྒྱུར་བྱས་ནས་མིག་གི་དབང་པོ་ལ་སོགས་པ་རིམ་གྱིས་འགྲུབ་པར་འགྱུར་རོ། །
དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་དེ་དག་རྒྱུར་བྱས་ནས་རིམ་གྱིས་དབང་པོའི་རྟེན་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དབང་པོ་རྣམས་དང་དེ་དག་གི་རྟེན་རྣམས་འབྱུང་བ་ལས་ལུས་ཐམས་ཅད་འགྲུབ་ཅིང་ཐོབ་པར་འགྱུར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། མེར་
མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་དེའི་སྙིང་གི་ཕྱོགས་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་དེ་ནི་ཕྱོགས་གང་ནས་འཆི་འཕོ་བའི་ཕྱོགས་དེ་ཉིད་དུ་ཐོག་མ་ཁོ་ནར་འཇུག་གོ་ཞེས་བསྟན་པ་བཞིན་ནོ། །མཛོད་ཀྱི་བསྟན་བཅོས་
ལས་ཁ་ཅིག་ན་རེ། ཁུ་བ་དང་ཁྲག་ཉིད་དབང་པོའི་རྟེན་དུ་མངོན་པར་འགྲུབ་པར་འགྱུར་ཏེ་འདི་ལྟར་སྔར་དབང་པོ་མེད་དེ་བར་མ་དོའི་སྲིད་པ་དང་ལྷན་ཅིག་འགགས་ནས་ཡང་སྲིད་པ་ཕྱི་མའི་དབང་པོ་བར་ཆད་མེད་པར་ཉིང་མཚམས་སྦྱོར་བས་སོ་ཞེའོ། །སློབ་དཔོན་གཞན་
ཁ་ཅིག་ནི་འབྱུང་བ་ཆེན་པོ་གཞན་འབྱུང་བར་འགྱུར་ཏེ། ཇི་ལྟར་ལས་དང་། ལུས་ལ་བརྟེན་ནས་སྲོག་ཆགས་གཞན་སྐྱེ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། སློབ་དཔོན་སྔ་མའི་འདོད་པ་ལྟར་སྟོན་ཏོ། །བསྟན་
เล่ม ๑๑๘ · หน้า 227b
བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པའི་ལས་ནི་བཤད་པ་ཕྱི་མ་ཡང་དག་པའི་དོན་ཡིན་པར་སྟོན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་ཕན་ཚུན་འདུས་པ་ཞེས་བྱ་བ་ནི་འདི་ལ་བཤད་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དང་པོ་སྐྱེ་བ་ལེན་
པའི་ཚེ། རྣམ་པར་ཤེས་པ་ཉིད་དབང་པོའི་འབྱུང་བ་ཆེན་པོ་ལ་སོགས་པའི་ཕན་ཚུན་འདུས་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པར་ཤེས་པ་ས་བོན་ཐམས་ཅད་དེའི་མཐུས། དེ་ལས་གཞན་པ་དབང་པོའི་འབྱུང་བ་ཆ་ཕྲ་བ་དང་། དེ་དང་
མཐུན་པའི་ཁུ་བ་དང་ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་རྣམ་པར་ཤེས་པ་དང་། མེར་མེར་པོ་ཕན་ཚུན་འདུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས།
མའི་མངལ་དུ་རྣམ་པར་ཤེས་པ་དང་། མེར་མེར་པོ་ཕན་ཚུན་འདུས་པར་གྱུར་ནས་ཞེས་བྱ་བ་ཡིན་ནོ་ཞེའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དམར་པོ་དང་། དཀར་པོ་དེ་དག་དང་། གྲུབ་པ་དང་བདེ་བ་གཅིག་ཏུ་གྱུར་ཅེས་
བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དོན་འདི་དང་མཐུན་པར་འབྱུང་ངོ་། །དེ་ལ་རྒྱས་ཤིང་འཕེལ་བ་དང་ཡངས་པར་གྱུར་ནས་ཞེས་བྱ་བ་ནི་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་སྔ་མའི་ཕན་ཚུན་འདུས་པའི་མཐུས་
མེར་མེར་པོ་ལ་སོགས་པ་རིམ་གྱིས་འཕེལ་བར་གྱུར་པ་ན། དབང་པོའི་འབྱུང་བ་ལ་སོགས་པ་ས་བོན་རྒྱས་ཤིང་འཕེལ་བ་དང་ཡངས་པར་གྱུར་པའོ་ཞེའོ། །ཁ་ཅིག་ནི་འདུས་པའི་དབང་གིས་མིང་དང་། གཟུགས་རིམ་གྱིས་རྒྱས་ཤིང་འཕེལ་བ་དང་། ཡངས་པར་
གྱུར་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མེར་མེར་པོ་དེ་ཡང་ཡར་སྐྱེ་བའི་ཚེ་ནི་མིང་དང་གཟུགས་གཉིས་ཀྱང་དེ་གཉི་ག་ཆེས་རྒྱ་ཆེར་འགྱུར་བས་མཚུངས་སྙམ་དུ་སྐྱེ་བར་འགྱུར་ཏེ། སྐྱེ་བ་དེ་ཡང་ལུས་ཡོངས་སུ་རྫོགས་པར་འགྱུར་གྱི་བར་དུ་སྐྱེ་བར་བྱའོ། །དེ་
เล่ม ๑๑๘ · หน้า 228a
ལ་སའི་ཁམས་རྒྱུར་བྱས་པའི་གཟུགས་སྐྱེ་ཞིང་ཆེས་རྒྱ་ཆེ་བར་འགྱུར་རོ། །ཆུའི་ཁམས་ནི་དེ་ཉིད་སྡུད་པར་བྱེད་དོ། །མེའི་ཁམས་ནི་དེ་ཉིད་སྨིན་པར་བྱེད་དེ། འཛག་པར་མི་འགྱུར་བའི་ཚུལ་བསྟན་པར་བྱེད་དོ། །རླུང་གི་ཁམས་ནི་ཡན་ལག་རྣམ་པར་
འབྱེད་ཅིང་གནས་པར་བྱེད་དོ་ཞེས་འབྱུང་ངོ་ཞེའོ། །དེ་དག་གི་གནས་སྐབས་རྣམ་པར་གཞག་པ་དེ་ཡང་གནས་སྐབས་རྣམ་པ་གཉིས་སུ་འགྱུར་ཏེ། མངལ་ན་གནས་པའི་དུས་བརྒྱད་དང་། སྤྱིའི་མཚན་ཉིད་ཀྱི་དུས་བརྒྱད་དོ། །དེ་ལ་མངལ་ན་གནས་པའི་དུས་བརྒྱད་ནི་
འདི་ལྟ་སྟེ་མེར་མེར་པོ་ལ་སོགས་པའོ། །དེའི་ཕྱིར་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། དེའི་འོག་ཏུ་དབང་པོ་རྣམས་རིམ་གྱིས་སྐྱེ་བར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཇི་སྐད་དུ། ཐོག་མ་ཉིད་དུ་མེར་མེར་འགྱུར། །དེ་ཡི་འོག་ཏུ་ནུར་
ནུར་འགྱུར། །ནུར་ནུར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་རྐང་ལག་འགྱུ། །སྐྲ་སྤུ་སེན་མོ་ལ་སོགས་འབྱུང་། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་མཐར་གྱིས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་
བུའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མངལ་ན་གནས་པ་དེ་ལ་ཡང་དུས་རྣམ་པ་བརྒྱད་ཡོད་དེ། དུས་རྣམ་པ་བརྒྱད་གང་ཞེ་ན། མེར་མེར་པོའི་དུས་དང་། ནུར་ནུར་པོའི་དུས་དང་། ལྟར་ལྟར་པོའི་དུས་དང་། མཁྲང་གྱུར་
པའི་དུས་དང་། རྐང་ལག་འགྱུ་བའི་དུས་དང་། སྐྲ་དང་། བ་སྤུ་དང་། སེན་མོ་འབྱུང་བའི་དུས་དང་། དབང་པོ་དོད་པའི་དུས་དང་། མཚན་དོད་པའི་དུས་སོ། །དེ་ལ་སྤྲིས་མ་ལྟ་བུས་གཡོགས་ལ། ནང་རླན་ཏེ་མེར་མེར་འདུག་པ་ནི་མེར་མེར་པོ་ཞེས་བྱའོ། །
ཕྱི་ནང་བཅས་པར་སྤྲིས་མ་ལྟ་བུར་གྱུར་ཏེ། ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པ་ནི་ནུར་ནུར་པོ་ཞེས་བྱའོ། །ཤར་ནི་གྱུར་ལ་སླ་བ་ནི་ལྟར་ལྟར་པོ་ཞེས་བྱའོ། །སྐ་བར་གྱུར་ཏེ་མནམ་དུ་བཟོད་པ་ནི་མཁྲང་གྱུར་ཞེས་བྱའོ། །དེ་ཉིད་ལས་ཤ་ལྷག་ལྟ་བུར་གྱུར་ཏེ། ཡན་
เล่ม ๑๑๘ · หน้า 228b
ལག་དང་ཉིང་ལག་གི་མཚན་མ་བྱུང་བ་ནི་རྐང་ལག་འགྱུས་པ་ཞེས་བྱའོ། །དེ་སྐྲ་དང་བ་སྤུ་དང་། སེན་མོ་བྱུང་བ་ནི་དེ་ཉིད་ཀྱི་དུས་ཡིན་ནོ། །དེ་ནས་མིག་ལ་སོགས་པའི་དབང་པོ་རྣམས་མངོན་པར་འགྲུབ་པ་ནི་དབང་པོ་དོད་པའི་དུས་ཞེས་བྱའོ། །དེ་ནས་དེའི་གནས་
གསལ་བར་གྱུར་པ་ནི་མཚན་དོད་པའི་དུས་ཞེས་བྱའོ་ཞེས་འབྱུང་ངོ་། །མེར་མེར་པོ་ལ་སོགས་པ་དུས་དེ་དག་ཇི་སྲིད་ཀྱིས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། སྨྲས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མངལ་ན་གནས་པ་དེ་ཡང་། ཞག་བདུན་ཕྲག་སུམ་ཅུ་
རྩ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་ན་བཙའ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་མངལ་དུ་འཇུག་པའི་མདོ་ལས། དེ་ནི་ཟླ་བ་དགུ་འམ། དེ་ལས་འདས་ན་ཤིན་ཏུ་རྫོགས་པར་འགྱུར་
རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་པ་ཡིན་མོད་ཀྱི་ཤིན་ཏུ་རྫོགས་པ་ནི་མ་ཡིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་ནི་རྫོགས་པར་མི་འགྱུར་ཏེ། ཡན་ལག་མ་ཚང་བར་ཡང་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་
བསྟན་བཅོས་རྣམ་པར་དགྲོལ་བའི་ལམ་བསྟན་པ་དང་། མངལ་དུ་འཇུག་པའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་སྤྱིའི་མཚན་ཉིད་ཀྱི་དུས་བརྒྱད་ནི་རྣལ་འབྱོར་སྤྱོད་པའི་སའི་བསྟན་བཅོས་ལས། ཇི་སྐད་དུ། དུས་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མངལ་
ན་གནས་པའི་དུས་དང་། བཙས་པའི་དུས་དང་། བྱིས་པའི་དུས་དང་། གཞོན་ནུའི་དུས་དང་། ལང་ཚོའི་དུས་དང་། དར་ལ་བབ་པའི་དུས་དང་། རྒས་པའི་དུས་དང་། འཁོགས་པའི་དུས་སོ། །དེ་ལ་མངལ་ན་གནས་པའི་དུས་ནི་འདི་ལྟ་སྟེ། མེར་མེར་པོ་
ལ་སོགས་པའོ། །བཙས་པའི་དུས་ནི་འདི་ལྟ་སྟེ། དེ་ཡན་ཆད་ནི་འགོགས་པའི་དུས་མན་ཆད་དོ། །བྱིས་པའི་དུས་ནི་འདི་ལྟ་སྟེ། འགྲོ་བ་དང་། རྩེ་མི་ནུས་པ་མན་ཆད་དོ། །གཞོན་ནུའི་དུས་ནི་འདི་ལྟ་སྟེ། དེ་ནུས་པ་ཡིན་ནོ། །ལང་ཚོའི་དུས་ནི་འདི་ལྟ་
เล่ม ๑๑๘ · หน้า 229a
སྟེ། འདོད་པ་སྤྱོད་པ་ནུས་ནས་ལོ་སུམ་ཅུ་མན་ཆད་དོ། །དར་ལ་བབ་པའི་དུས་ནི་འདི་ལྟ་སྟེ། ལོ་ལྔ་བཅུ་མན་ཆད་དོ། །རྒས་པའི་དུས་ནི་འདི་ལྟ་སྟེ། ལོ་བདུན་ཅུ་མན་ཆད་དོ། །དེ་ཡན་ཆད་ནི་འཁོགས་པའི་དུས་སོ་ཞེས་འབྱུང་ངོ་། །ལེན་པ་
རྣམ་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ས་བོན་པའི་རྣམ་པར་ཤེས་པ་ལེན་པ་རྣམ་པ་གཉིས་ལ་བརྟེན་པར་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། ཁམས་ལ་བརྟེན་ནས་རྣམ་པར་
དབྱེ་བའོ། །འདི་ནི་དང་པོ་སྟེ། དེ་ཡན་ཆད་དུ་དབང་པོ་ལ་སོགས་པ་རྣམ་པར་ཤེས་པ་ལ་བརྟེན་ནས་སྐྱེ་ཞིང་འཕེལ་བར་བསྟན་ནས། འདི་མན་ཆད་རྣམ་པར་ཤེས་པ་དབང་པོ་གཟུགས་ཅན་ལ་སོགས་པ་ལ་བརྟེན་པ་སྟོན་པར་མཛད་དོ། །དབང་པོ་གཟུགས་ཅན་རྟེན་
དང་བཅས་པ་ལེན་པ་དང་། མཚན་མ་དང་། མིང་དང་རྣམ་པར་རྟོག་པ་ལ་ཐ་སྙད་དུ་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་བརྟེན་ཏོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །འདི་ལྟ་སྟེ། སྐྱེ་བ་ལེན་པའི་གནས་སྐབས་སུ་རྣམ་པར་སྨིན་པའི་རྣམ་པར་
ཤེས་པས་ལེན་པ་རྣམ་པ་གཉིས་ལ། ཡུལ་དུ་དམིགས་པར་བྱེད་དེ། དང་པོ་ནི་དབང་པོ་ལྔ་དང་། དེ་དག་གི་གནས་སུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཡང་དག་པར་བརྟེན་པ་ལེན་པ་དང་། གཉིས་པ་ནི་མཚན་མ་དང་། མིང་དང་རྣམ་པར་རྟོག་པའི་ཆོས་
གསུམ་གྱི་བག་ཆགས་ལ་ཡུལ་དུ་དམིགས་པ་ལེན་པར་བྱེད་དོ། །ཟག་པ་མེད་པའི་ས་བོན་ནི་མ་གཏོགས་ཏེ། དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ལེན་པ་འདི་དག་ཀྱང་དམིགས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་
མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པའི་ཕྱིར་དང་། ཕྱི་རོལ་གྱི་སྣོད་ཀྱི་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལ་ནང་གི་ལེན་པ་རྣམ་པར་རིག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด