ตัวบทไม่มีชื่อ — ประโยคแรก: དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๐ · หน้า 256b
ནང་གི་སེམས་གདུངས་པའི་ཕྱིར་ཕྱོགས་བཞིར་ལྟ་ཞིང་སྒྲ་འབྱིན་པའོ། །མདོ་ལས། རྟག་ཏུ་སྐར་ཁུང་དང་མཐངས་དག་ནས་ཀྱང་། །ཞེས་ནས་ཀྱང་ཞེས་པ་ནས། དེ་ལྟར་ཁྱིམ་དེ་མི་བཟད་འཇིགས་འགྱུར་ལ། །ཞེས་པའི་བར་དུ་ནི་བསྡུ་བ་བསྟན་ཏེ། མུ་སྟེགས་ཅན་རྣམས་ཕྱིན་ཅི་ལོག་སྣ་ཚོགས་ཀྱིས་ལོག་
པར་ལྟ་བ་ནི་དཔེར་གནོད་སྦྱིན་ལ་སོགས་པའི་གདོན་ལྟ་བུ་སྟེ། ཡང་དག་པའི་ལྟ་བ་སྤངས་ཤིང་ཤེས་པ་མེད་པས་ལོག་པ་ལ་ཞེན་པ་རྣམས་སྲེད་ཅིང་ཁ་ཟས་ཀྱི་མནར་བ་ལྟ་བུ་སྟེ། སྐྱེ་རྒ་ན་འཆིས་འཇིགས་པ་ལས་ནམ་དུ་ཡང་མི་ཐར་ཞེས་པའོ། །མུ་སྟེགས་ཀྱི་སྤྱོད་པས་ཡང་དག་པའི་ལམ་ལ་ལྟ་བ་ནི་སྐར་
ཁུང་ནས་ནམ་མཁར་ལ་ལྟ་བ་ཙམ་མོ། །མདོ་ལས། ཆེ་ལ་མཐོ་ཞིང་རབ་ཏུ་མི་བརྟེན་ནོ། །ཞེས་པ་ནས། མེ་ལྕེ་སྟོང་སྙེད་ཀུན་ཏུ་འབར་བར་གྱུར། །ཞེས་པའི་བར་དུ་ནི་འདྲེ་གདོན་སྣ་ཚོགས་དང་། ལྟས་སྣ་ཚོགས་གནས་པའི་ས་བསྟན་པ་སྟེ། མི་གཅིག་ཅིག་ནི་ཡོངས་སུ་དབང་འགྱུར་ལ་ཞེས་པ་ནི་
བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་དུ་འཇིག་རྟེན་ལ་གནས་ཤིང་འགྲོ་བ་སྒྲོལ་བའི་དཔེ་སྟེ། མི་དེ་ཁྱིམ་གྱི་ཕྱི་རོལ་ཏུ་བྱུང་ཞེས་པ་ཡང་ཇི་ལྟར་ཁྱིམ་བདག་མེད་པའི་ཁང་པ་བཅོས་ཤིང་ལྟ་བ་མེད་པ་འདྲུམས་ཤིང་ཞིག་པར་གྱུར་པ་བཞིན། བཅོམ་ལྡན་
འདས་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ཀྱི་བདག་པོ་མེད་པས་ཁམས་གསུམ་སྟོངས་ཞེས་པའི་དོན་ཏོ། །མེ་ལྕེ་འབར་ཞེས་པ་ཡང་ཉོན་མོངས་པ་སྣ་ཚོགས་མཆེད་པས་སྐྱེ་རྒ་ན་འཆིའི་བར་དུ་བཞི་མཆེད་ཅེས་པའི་དོན་ཏོ། །མདོ་ལས། འོད་མ་དང་ནི་ཤིང་དག་མེས་ཚིག་སྟེ། །ཞེས་པ་ནས། །
ཀ་བ་དང་ནི་རྩིག་པ་དེ་བཞིན་འབར། །ཞེས་པའི་བར་དུ་ནི་གདུང་མ་ནི་ཚོར་བའི་ཕུང་པོའི་དོན། གྲལ་བུ་ནི་རུས་པའི་དོན་གཟུགས་ཀྱི་ཕུང་པོ་ནི་ཀ་བའི་དོན་ཏེ། སྐྱེ་བ་ལ་སོགས་པ་ཕུང་པོ་ལྔ་ཁྱབ་པའི་ཕྱིར་རྩིག་པའི་དོན་ཏོ། །འཇིག་པ་ནི་འདུ་བྱེད་ཀྱི་ཕུང་པོ་མི་རྟག་པའི་དོན་ཏེ། སྤྱིར་ན་ཕུང་པོ་ལྔ་པོ་འདི་འཇིགས་
སུ་རུང་བ་མི་བརྟན་པ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བས་ནམ་དུ་ཡང་འཇིགས་པར་འགྱུར་ཞེས་པའི་དོན་ཏོ། །ཁང་པའི་ནང་ན་མེ་དང་སྲོག་ཆགས་གནས་པའི་དཔེ་འདི་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། ལུས་དང་སེམས་ཚིག་པར་བྱེད་པས་མེའི་དཔེ་བསྟན། མ་རིག་པ་ལ་སོགས་པས་ཉོན་མོངས་པས་གློ་
เล่ม ๑๒๐ · หน้า 257a
བུར་དུ་བྱུང་བ་ནི་སྲོག་ཆགས་སྣ་ཚོགས་ཀྱིས་འཇིགས་པར་བྱེད་པའི་དཔེ་སྟེ། རྣམ་པར་ཤེས་པ་ནི་ཕུང་པོ་བཞི་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་ཁང་པ་ལྟ་བུར་བལྟའོ། །མདོ་ལས། གནོད་སྦྱིན་ཡི་དགས་འདི་དག་སྒྲ་ཡང་འབྱིན། །ཞེས་པ་ནས། དེ་ན་ཤ་ཟ་མང་པོ་ཕན་
ཚུན་རྒྱུ། །ཞེས་པའི་བར་དུ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ན་ལྟས་ངན་དང་འདྲེ་གདོན་སྣ་ཚོགས་བསྟན་པ་སྟེ། འདོད་པའི་ཁམས་ན་མུ་སྟེགས་ཅན་ཁྱིམ་ནས་བྱུང་བ་དང་ཁྱིམ་ནས་མ་བྱུང་བ་གཉི་ག་ཡང་སྲེད་པའི་ཉོན་མོངས་པས་ལས་དང་འཇིག་རྟེན་གྱི་ཟང་ཟིང་ལ་རྩོད་ཅིང་སྒྲ་འབྱིན་པ་དང་།
ལོག་པར་ལྟ་བའི་ཉོན་མོངས་པས་ལུས་ཚིག་ཅིང་གདུག་པ་སྣ་ཚོགས་ཀྱིས་གཙེས་ཞེས་པའི་དོན་ཏོ། །མདོ་ལས། བསོད་ནམས་མེད་པ་མེ་ཡིས་ཀུན་ཚིག་ནས། །ཞེས་པ་ནས། ཚིག་པར་གྱུར་པ་དག་ལ་ཁྲག་གིས་འཐོར། །ཞེས་པའི་བར་དུ་ནི་གནས་དེ་ན་དག་པའི་བསམ་གཏན་གྱིས་ཉོན་
མོངས་པ་ཆོམས་པའི་ཕྱིར་ཉོན་མོངས་པ་མི་སྐྱེ་མོད་ཀྱི་ཡང་དག་པའི་བསོད་ནམས་ཅན་མ་ཡིན་པས་བསོད་ནམས་ཞན་པ་སྟེ། ཉོན་མོངས་པ་འདོད་ཆགས་དང་གཏི་མུག་དང་། ང་རྒྱལ་དང་ཐེ་ཚོམ་དང་། འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་ཉོན་མོངས་པས་བསྲེགས་པའི་ཕྱིར་ཉོན་མོངས་པ་མ་
སྤངས་པས་གཟུགས་མེད་པའི་ཁམས་ནའང་གནོད་པ་ཡོད་པའི་ཕྱིར་ཕན་ཚུན་སོས་འདེབས་ཞེས་པ་དང་། རང་གི་ལྟ་བ་དམ་པོར་འཛིན་པ་ནི་ཁྲག་གིས་འཐོར་བ་ལྟ་བུའོ། །མདོ་ལས། དེ་ན་དུས་བྱས་ཤི་ལ་སྤྱང་ཀི་དག །ཞེས་པ་ནས། འཇིག་རྟེན་དག་ན་ཕྱོགས་བཞིར་རབ་ཏུ་འཐུལ། །ཞེས་པའི་
བར་དུ་ནི་ཉོན་མོངས་པ་ལས་ཐར་བར་ཚོལ་ཡང་ལྟ་བ་དམ་པོར་འཛིན་པའི་ཕྱིར་མི་འཐོར་བའི་དོན་དུ་བསྟན་པའི་དཔེ་སྟེ། སྤྱང་ཀི་དག་ཅེས་པ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་གཞན་དག་ཀྱང་བསྡུ་བ་སྟེ། གཟུགས་ཀྱི་ཁམས་ན་འདོད་པ་ལ་སོགས་པའི་ཉོན་མོངས་པ་ནི། ཕན་ཚུན་ཟ་བ་འདྲ་
བར་བསྟན། ཉོན་མོངས་པའི་དྲི་ང་བ་ཕྱོགས་བཞིར་འཐུལ་བ་ནི་བསམ་གཏན་བཞི་པ་རྣམས་ཀྱི་ཉོན་མོངས་པའི་དཔེ་བསྟན་ཏོ། །མདོ་ལས། སྲིན་བུ་རྐང་བརྒྱ་པ་དག་འབྲོས་གྱུར་པ། ཞེས་པ་ནས། བཀྲེས་པ་དང་ནི་བསྲེགས་པས་ཤིན་ཏུ་གདུངས། །ཞེས་པའི་བར་དུ་ནི་འདིས་ཀྱང་གཟུགས་མེད་པའི་
เล่ม ๑๒๐ · หน้า 257b
ཁམས་ཀྱི་ཉོན་མོངས་པ་བསྟན་པ་སྟེ། གཟུགས་མེད་པའི་ཁམས་འོག་མ་གསུམ་གྱི་འགོག་པའི་བསམ་གཏན་གྱི་མེས་ཁམས་གོང་མར་རྒྱུ་ཞེས་པའི་དོན་ཏོ། །གྲུལ་བུམ་ཞེས་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་མང་པོ་དམ་དུ་བཟུང་བས་བླ་མ་བླ་མའི་ས་ཚོལ་བར་སེམས་པ་སྟེ། ལྟ་བ་ངན་པའི་ཟན་ཟོས་པས་ཉོན་
མོངས་པ་ཕྱིར་ཞིང་འཕེལ་ཞེས་པའི་དོན་ཏོ། །མེ་ལྕེ་སྟོང་སྙེད་རབ་ཏུ་འབར། །ཞེས་པ་ནི་སྲིད་པའི་རྩེ་མོ་ལ་གནས་པའི་མུ་སྟེགས་ཅན་ཡང་དག་པའི་བསྟན་པའི་ཟས་དང་སྐོམ་གྱིས་གདུངས་པས་ཉོན་མོངས་པའི་མེས་ཚིག་ཅེས་པའི་དོན་ཏོ། །མདོ་ལས། ཁྱིམ་འདིའི་བདག་པོ་མི་དེ་ནི། །སྒོ་ནས་འདུག་ཅིང་ཤིན་
ཏུ་རྣམ་པར་ལྟ། །ཞེས་པ་ནི་འདི་མན་ཆད་ཚིགས་བཅད་རྩ་བ་བཅུ་བཞིས་དྲང་བའི་དོན་བསྟན་པའི་དཔེ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེ་བའི་དཔེ་དང་། ངོ་མཚར་བསྟན་པའི་དཔེ་དང་། སྡུག་བསྔལ་གྱི་ས་ནས་གདོན་པའི་དཔེ་དང་། ཐེག་པ་གསུམ་བཤད་པའི་དཔེ་ལ། འདི་ནི་སྡུག་བསྔལ་བ་
རྣམས་ལ་སྙིང་རྗེ་སྐྱེ་བའི་དཔེ་སྟེ། སྡུག་བསྔལ་བ་བསྟན་པ་ཚིག་གཉིས་ལ་ཡང་ཚིག་གོང་མས་ནི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་བསྟན་པའི་དཔེ། དེའི་འོག་མ་ཚིག་ཕྱེད་དང་གཉིས་ཀྱིས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བར་བྱ་བའི་དོན་བསྟན་པའོ། །སྒོ་ན་འདུག་ཅེས་པ་ནི། སྡོད་པ་དང་འདུག་
ཅེས་པའི་དོན་ཏེ། ཁང་པ་དེའི་ནང་ན་གནས་པའི་བུ་རྣམས་གདོན་པའི་སེམས་ཀྱིས་འདུག་པ་དང་། སྐྱབས་བྱ་བའི་སེམས་ཀྱིས་སྡོད་པ་དང་། དབང་པོ་སྨིན་མ་ཐག་ཏུ་ཕན་གདགས་པར་སེམས་པས་སྡོད་པ་དང་། ཉོན་མོངས་པའི་གནས་ནས་བསླངས་ཏེ། གྲུབ་པའི་གནས་བདེ་བ་ལ་དགོད་པར་
སེམས་པའོ། །མདོ་ལས། དེས་ཐོས་དེ་ན་དེ་ཡིས་བདག་གི་བུ། །ཞེས་པ་ནས། དེ་ལྟར་བ་བདག་ནི་མི་ཤེས་ཕྱིར། །ཞེས་པའི་བར་དུ་དཔེ་འདིས་ནི་སེམས་ཅན་ཉོན་མོངས་པའི་ས་ན་སྡུག་བསྔལ་བ་བསྟན་པ་སྟེ། ཞིབ་ཏུ་ཚིག་ལྷུག་པའི་ནང་དུ་བསྟན་པ་ཡིན་ནོ། །ཐོས་པ་ཞེས་པའི་དུས་གསུམ་གྱི་
དེ་བཞིན་གཤེགས་པས་སེམས་ཅན་སྡུག་བསྔལ་གྱི་ས་ན་གནས་པར་བཤད་པ་ཐོས་པ་དང་། བདག་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་མཐོང་བའོ། །ཐོག་མ་མེད་པའི་དུས་ནས་འཛེམ་པ་དང་། ཁྲེལ་བ་མེད་པས་ཉོན་མོངས་པ་སྣ་ཚོགས་ལ་བག་མེད་པར་སྤྱོད་པ་དེ་ཉིད་བྱིས་པ་མི་
เล่ม ๑๒๐ · หน้า 258a
ཤེས་པའོ། །མདོ་ལས། དེས་ཐོས་དེ་ནས་མྱུར་དུ་དེར་སོང་སྟེ། །ཞེས་པ་ནས། སྡུག་བསྔལ་ཆེན་པོ་དག་ནི་གཅིག་ཕྱིར་གཅིག །ཞེས་པའི་བར་དུ་ནི་སྙིང་རྗེ་སྐྱེ་བར་བསྟན་པ་སྟེ། སེམས་ཅན་འཁོར་བ་ན་གནས་པ་ནི་མེའི་ཁང་པར་ཞུགས་པ་བཞིན་ཏེ། མྱུར་དུ་མི་ཐར་
ཅེས་པའི་དོན་ཏོ། །དེ་ལ་ཁྱིམ་གྱི་ཉེས་པ་དེས་བརྗོད་འདི། །སྡུག་བསྔལ་འདི་དག་མི་བཟད་རིགས་ཀྱི་བུ། །ཞེས་པ་ནི་སྡུག་བསྔལ་འཇིགས་པ་ཆེན་པོ་དང་ལྡན་པར་བསྟན་པ་སྟེ། ཐེག་པ་ཆེན་པོས་བསྐྱེད་ཅིང་གདོན་ཞེས་པའི་དོན་ཏོ། །གཅིག་ཕྱིར་གཅིག་ཅེས་པ་ནི་ཐོག་མ་མེད་པའི་དུས་ནས་གཅིག་
གིས་གཅིག་སྡུད་ཅིང་ཉོན་མོངས་པའི་གནས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་ཤི་བ་རྒྱུན་མི་འཆད་ཅེས་པའི་དོན་ཏོ། །མི་བཟད་ཅེས་པ་ནི་མུ་སྟེགས་ཅན་གྱི་ཁྱིམ་ནས་བྱུང་བ་དང་ཁྱིམ་ན་གནས་པ་གཞན་སླུ་བར་བྱེད་པ་མི་བཟད་ཅེས་པའི་དོན་ཏོ། །མདོ་ལས། སྦྲུལ་དང་གནོད་སྦྱིན་གཏུམ་སེམས་དང་། །ཞེས་པ་ནས།
མེ་མེད་ཟིན་ཀྱང་རབ་ཏུ་འཇིགས། །ཞེས་པའི་བར་དུ་ནི། སྦྲུལ་ནི་ཞེ་སྡང་ངོ་། །གནོད་སྦྱིན་ནི་ལས་ངན་པར་སྤྱོད་པའོ། །གྲུལ་བུམ་ནི་ཚུལ་ཁྲིམས་ངན་པ་ལ་གནས་པའོ། །ཝ་ནི་ཐེ་ཚོམ་དང་སྦྱར་རོ། །ཁྱི་ནི་ང་རྒྱལ་དང་སྦྱར་རོ། །བྱ་རྒོད་ནི་འདོད་ཅིང་བརྐམ་པ་དང་སྦྱར་རོ། །དེ་ལྟ་བུའི་ཉོན་མོངས་པ་སྣ་
ཚོགས་ཀྱིས་གཟིར་ཞེས་པའི་དོན་ཏོ། །མདོ་ལས། །དེ་འདྲའི་སྡུག་བསྔལ་འབའ་ཞིག་སྟེ། །ཞེས་པ་ནས། དེ་ཚེ་དེ་ཡི་ཐབས་བསམས་པ། །ཞེས་པའི་བར་དུ་ནི་ཐུགས་རྗེས་ཕན་འདོགས་པ་ཉིད་དང་སྦྱར་རོ། །མདོ་ལས། བྱིས་པ་དེ་དག་རྩེ་ལ་ཆགས། །ཞེས་པ་ནས། དགའ་བར་ལྷན་ཅིག་ཕྱིར་འཐོན།
ཞེས་པའི་བར་དུ་ནི། འདི་མན་ཆད་ཐེག་པ་རྣམ་གསུམ་དང་སྦྱར་ཏེ། རི་དགས་དང་ར་དང་གླང་གི་བཞོན་པས་ཐེག་པ་རྣམ་པ་གསུམ་དང་སྦྱར་ཏེ་བསྟན་པའོ། །དེ་ལ་ཡང་དང་པོར་བཞོན་པ་བྱིན་པར་ཁས་བླང་བ་དང་། བཞོན་པ་ཁྱིམ་གྱི་ཕྱི་རོལ་ན་ཡོད་པར་བསྟན་པ་དང་། བཞོན་པ་ཉིད་ཅི་དང་ཅི་འདྲ་བར་བསྟན་
པའོ། །བཞོན་པ་ང་ལ་ཡོད་ཅེས་པ་ནི་བཞོན་པ་སྦྱིན་པར་ཁས་བླངས་པའོ། །རི་དགས་དང་ར་དང་གླང་ཞེས་པ་ནི་ཕྱི་རོལ་ན་ཡོད་པ་དང་དངོས་བསྟན་པའོ། །འབྲས་བུ་ནི་རྒྱུའི་སྒོ་ནས་བྱུང་། གཞུང་ཉིད་ནི་བསྟན་པ་ལས་ཕྱི་རོལ་བས་ཕྱི་རོལ་ན་ཡོད་ཅེས་སྨྲས་སོ། །བླ་ན་མེད་པའི་གནས་ཁམས་
เล่ม ๑๒๐ · หน้า 258b
གསུམ་ལས་འདས་པའི་ཕྱིར་ཕྱི་རོལ་ན་ཡོད་ཅེས་བསྟན་ཏོ། །ཁྱེད་ཅག་གི་ཕྱིར་ངས་བྱས་ཞེས་པ་ནི་བཞོན་པའི་དགོས་པ་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་དམ་པ་ནི་འདུས་མ་བྱས་པ་ཡིན་མོད་ཀྱི་ཐེག་པ་ཉིད་འདུས་བྱས་ཡིན་པའི་ཕྱིར་བྱས་ཞེས་སྨྲས་སོ། །མདོ་ལས། བཞོན་པ་དེ་འདྲ་
ཡོད་པར་ཤེས་ནས་སུ། །ཞེས་པ་ནས། སྡུག་བསྔལ་དག་ལས་ཐར་ཏེ་སྟོང་པར་འདུག །ཅེས་པའི་བར་དུ་ནི་གསུང་རབ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་བར་བསྟན་ཏེ། དེ་ཡང་བུ་རྣམས་སྡུག་བསྔལ་གྱི་ས་ནས་འཐོན་པ་དང་ཕ་བདེ་བར་གནས་པ་སྟེ། འདིས་ནི་བུ་རྣམས་སྡུག་བསྔལ་གྱི་ས་ནས་
འཐོན་པ་བསྟན་ཏོ། །སྟོང་པར་འདུག་ཅེས་པ་ནི་སྒྲིབ་པ་གསུམ་དང་བྲལ་བའི་གནས་བསླབ་པ་མེད་པའི་ས་དང་པོ་ལ་གནས་པའོ། །མདོ་ལས། མི་དེས་བྱིས་པ་འཐོན་པ་མཐོང་ནས་སུ། །ཞེས་པ་ནས། ཕ་དེ་བདེ་བར་འདུག་པར་རིག་ནས་སུ། །ཞེས་པའི་བར་དུ་ནི་བུ་རྣམས་ཐོན་ནས་ཕ་བདེ་བར་
གནས་པ་བསྟན་ཏེ། དཔོང་ས་བཞི་མདོར་ཞེས་པ་ནི། བདེན་པ་བཞིའོ། །སེང་གེའི་ཁྲི་ལ་བཞུགས་ཞེས་པ་ནི་མི་འཇིགས་པའི་ས་ལ་གནས་པ་སྟེ། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་ན་སེམས་ཅན་ཐམས་ཅད་སྒྲོལ་བའི་ཐུགས་དམ་དང་བཅས་པས་སེམས་ཅན་འཁོར་བའི་གནས་ནས་ཐོན་པས་
དགོངས་པ་གྲུབ་པའི་ཕྱིར་བདེ་བར་བཞུགས་ཞེས་སྨྲས་སོ། །མདོ་ལས། བུ་རྣམས་དོང་སྟེ་འདི་སྐད་སྨྲས། །ཞེས་པ་ནས། དེ་དག་དུས་དེང་སྩལ་དུ་གསོལ། །ཞེས་པའི་བར་དུ་ནི་དེ་ཡན་ཆད་ནི་དྲང་བའི་དོན་བསྟན་འདི་མན་ཆད་ནི་ངེས་པའི་དོན་བསྟན་ཏེ། བདག་ཅག་སྩོལ་ཞེས་པ་ནི་དབང་པོ་སྨིན་ཞེས་
པའི་དོན་ཏོ། །མདོ་ལས། མི་དེ་མཛོད་ཀྱི་མཐུ་ལྡན་པ། །ཞེས་པ་ནས། གང་ལ་རིན་ཆེན་ཤིང་རྟ་བཅས། །ཅེས་པའི་བར་དུ་ནི་མི་དེ་མཛོད་ཀྱི་མཐུ་དང་ལྡན་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་མཛོད་དང་ལྡན་པའོ། །ཡུལ་འཁོར་ཐམས་ཅད་ཀྱང་མི་ལ་བྱིན་ན་ཡང་མི་ཟད་པའི་ནོར་དང་ལྡན་པ་ཡིན་ན།
བྱིས་པ་རྣམས་ལ་བྱིན་པས་གང་ལ་ཟད་པར་འགྱུར་བ་ནི་ཡོན་ཏན་གྱི་ཆོས་མང་པོ་དང་ལྡན་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པའི་ཕུང་པོ་ལྔ་དང་ལྡན་པའི་སྐུ་སྟེ། ཤིང་རྟ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཆོས་ལ་བྱའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་རྟ་དེ་ཡང་ཁ་ལོ་སྒྱུར་བ་དང་
เล่ม ๑๒๐ · หน้า 259a
དྲིལ་བུ་དང་། གཡེར་ཀ་དང་། གདུགས་དང་། ལྷབ་ལྷུབ་དང་། མུ་ཏིག་གི་དྲ་བ་དང་། གསེར་གྱི་ཕྲེང་བ་དང་། གདིང་བ་འཇམ་པོ་ལ་སོགས་པའི་རྒྱུ་ནི་རྣམ་པར་དཀར་བ་སྒྲིབ་པ་གཉིས་དང་བྲལ་བའི་རྐྱེན་སྤྱོད་པ་དམ་པ་དང་ལྡན་པ་འཚོ་བ་རྣམ་པར་དག་པའི་གདན་ལ་བཞུགས་ཞེས་
པའི་དོན་ཏོ། །གླང་དཀར་པོ་ཚོ་ལ་བཟང་བ་ནི། གཅིག་ཏུ་དཀར་བ། གཅིག་ཏུ་ཚོ་ཞིང་སྟོབས་དང་ལྡན་པ་གཅིག་ཏུ་འབད་པ། གཅིག་ཏུ་མཛེས་པ་དང་ལྡན་ཞེས་པའི་དོན་ཏོ། །མདོ་ལས། སྐྱེས་བུ་དུ་མས་རབ་ཁྲིམ་པ། །སྐྱེས་བུ་དེ་ཡིས་དེ་འདྲ་བྱིན། །ཞེས་པ་ནས། ཕྱོགས་དང་ཕྱོགས་མཚམས་རྩེ་བར་དོང་། །ཞེས་
པའི་བར་དུ་ནི། ཕྱོགས་དང་ཕྱོགས་མཚམས་ཞེས་པ་ནི་ཕྱོགས་བཞིར་སྐྱེ་བ་རྣམ་བཞིས་སྐྱེ་བའི་སེམས་ཅན་གྱི་དོན་ལ་རོལ་པའོ། །རྩེ་ཞེས་པ་ནས་རྫུ་འཕྲུལ་གྱིས་རོལ་པའོ། །མདོ་ལས། དེ་བཞིན་ང་ཡང་ཤཱ་རིའི་བུ། །ཞེས་པ་ནས། སྐྱེ་རྒ་ན་བ་དུ་མ་བརྒྱ། །ཞེས་པའི་བར་དུ་ཚིགས་བཅད་དྲུག་ཅུ་རྩ་ལྔས་
ནི་དཔེ་བསྟན། བཅོ་བརྒྱད་ཀྱིས་ནི་དོན་དང་སྦྱར་བ་བསྟན་ཏེ། དེ་ལ་དང་པོ་ཚིགས་བཅད་བཅུ་གཅིག་གིས་ནི་དྲང་བའི་དོན་བསྟན། ཚིགས་བཅད་བདུན་གྱིས་ནི་ངེས་པའི་དོན་བསྟན། དྲང་བའི་དོན་ལ་ཡང་ཚིགས་བཅད་གསུམ་གྱིས་བསྟན། ཁམས་གསུམ་གྱིས་ནི་ཁམས་གསུམ་ན་སངས་རྒྱས་བཞུགས་
པ་དང་སྦྱར། དེའི་འོག་མ་ཚིགས་བཅད་གསུམ་གྱིས་ནི་འགྲོ་བ་རྣམ་ལྔ་གཡང་ཟ་བའི་གནས་སུ་སྦྱར། དེའི་འོག་མ་ཚིགས་བཅད་ལྔས་ནི་དྲང་བའི་དོན་གྱི་དཔེ་བསྟན་ཏོ། །མདོ་ལས། ཁམས་གསུམ་ནས་ནི་ང་ཐར་ཞིང་། །ཞེས་པ་ནས། མི་ལྡོག་བྱང་ཆུབ་སེམས་དཔའ་ཞེས་པའི་བར་དུ་ནི་དྲང་
བའི་ཐབས་ཀྱི་དཔེ་བསྟན་པ་དང་། སྡུག་བསྔལ་བ་རྣམས་ལ་ཐུགས་རྗེ་སྐྱེ་བ་དང་། དོན་ཆེན་པོ་བསྟན་ཀྱང་མི་དངང་བ་དང་། བདག་ཉིད་ཁམས་གསུམ་གྱི་གནས་ལས་བྱུང་བར་བསྟན་པ་དང་། གནས་དེ་ཉིད་སངས་རྒྱས་ཀྱི་ཡིན་པ་བསྟན་པའོ། །ནགས་ཚལ་དབེན་པའི་གནས་ཞེས་པ་ནི་ཡོན་ཏན་
མང་པོའི་ཚལ་དུ་སྦྱར་རོ། །ཕྱིར་མི་ལྡོག་ཞེས་པ་ནི་ས་དང་པོ་ལ་གནས་པ་ཡན་ཆད་དོ། །དྲུག་ཤེས་པ་ནི་དགྲ་བཅོམ་པའོ། །གསུམ་རིག་པ་ནི་སྔོན་གྱི་གནས་དྲན་པ་དང་། ལྷའི་སྤྱན་དང་། ཟག་པ་ཟད་པར་མཁྱེན་པའོ། །མདོ་ལས། མཁས་པ་རྣམས་ལ་དཔེ་མཆོག་འདི། །ཞེས་པ་ནས། མི་མཆོག་
เล่ม ๑๒๐ · หน้า 259b
ཐབས་མཁས་མ་གཏོགས་སོ། །ཞེས་པའི་བར་དུ་ནི། ཐེག་པ་མཆོག་ཡིན་པར་བསྟོད་ཅིང་བསྔགས་པ་སྟེ། ཐེག་པ་དེ་ཡང་ཚིགས་བཅད་དང་པོ་གཅིག་གིས་ནི་ཐེག་པ་དེ་ཡོན་ཏན་བཞི་དང་ལྡན་པར་བསྟན། དེའི་འོག་མ་གཅིག་གིས་ནི་འཕགས་པ་རྣམས་ཀྱི་བསྔགས་པ་བསྟན། དེའི་འོག་མ་གཅིག་གིས་ནི་ལོངས་
སྤྱོད་དམ་པ་དང་ལྡན་པ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་དགའ་བའི་མཆོག་ཡིན་པར་བསྟན་ཏོ། །དེ་ལ་ཡོན་ཏན་བཞི་ནི་དམ་པ་ཁྱད་པར་ཅན་སྒྲིབ་པ་མེད་པས་རྣམ་པར་དག་པ་དང་། མཆོག་དམ་པ་ཡིན་པ་དང་། བླ་ན་མེད་པ་དང་ཟླ་མེད་པའོ། །ཡངས་པའི་དངོས་པོ་ཕྱག་གི་གནས། །ཞེས་པ་ནི་འཕགས་
ལ་རྣམས་ཀྱི་བསྔགས་པའོ། །འཕགས་པ་རྣམས་དེ་ལྟར་ན་མ་རབས་རྣམས་ལ་ཅི་སྨོས་ཞེས་སྦྱར་རོ། །བསམ་གཏན་དང་སྟོབས་དང་ཏིང་ངེ་འཛིན་ཞེས་པ་ནི་ལོངས་སྤྱོད་ཀྱི་གནས་དམ་པ་ཡིན་པར་བསྟན་པའོ། །ནུབ་དང་ཉིན་པར་ལོ་དང་བསྐལ་པ་འདའ་བར་བྱེད། །ཞེས་པ་ནི། ཐེག་པ་གཅིག་པོ་འདི་ལ་
གནས་པ་ནི་གནས་པའི་དམ་པ་ཡིན་པར་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་རེག་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཡན་ཆད་བསྟན་པ་དང་། གཞུང་དང་སྤྱོད་པ་དང་། འབྲས་བུ་ཐམས་ཅད་ཐེག་པ་ཆེན་པོ་དང་ལྡན་པར་བསྟན་ཏོ། །མི་མཆོག་ཐབས་མཁས་མ་གཏོགས་ཞེས་པ་ནི་དེ་བཞིན་
གཤེགས་པ་ཐབས་མཁས་པ་དང་ལྡན་པས་སེམས་ཅན་རྣམས་རིམ་གྱིས་ཐེག་པ་གཅིག་པོ་ལ་དྲང་ཞིང་གཟུད་པའི་ཕྱིར་ཕྱོགས་བཅུ་གང་དུ་ཡང་ཐབས་ཀྱིས་རོལ་པ་མ་གཏོགས་པར་ཐེག་པ་གཉིས་དང་གསུམ་དུ་མ་བཤད་དོ། །མདོ་ལས། ཁྱོད་ཀྱི་ཕ་ང་ཡི་བུ་ཁྱོད། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་
གང་མང་འདུལ། །ཞེས་པའི་བར་དུ་ནི་འདི་མན་ཆད་མོས་བསྐྱེད་ཅིག་པར་བསྟན་པ་སྟེ། སྔར་ཚིགས་བཅད་བཅུ་བཞིས་དྲང་བ་དང་ངེས་པའི་དོན་ལ་འཇུག་པར་བསྟན། དེའི་འོག་མ་ཚིགས་བཅད་དྲུག་ཅུ་རྩ་དྲུག་གིས་ནི་བསླབ་པར་བྱ་བའི་གནས་བསྟན་ཏོ། །དང་པོ་ལ་ཕ་བུ་ལ་བྱམས་པའི་དཔེས་སྡུག་བསྔལ་ལས་
འདོན་པ་བཞིན་ངེས་པ་དང་དྲང་བའི་དོན་དངོས་སུ་སྟོན་པའོ། །འདི་ལྟར་མྱ་ངན་ལས་འདས་པ་ངས་བསྟན་ཀྱང་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་དོན་སྔར་དྲང་བའི་ཚུལ་གྱིས་བསྟན་དུ་ཟིན་གྱིས་དེ་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་པས། ང་མྱ་ངན་ལས་འདས་པ་ཉིད་བསྟན་པའི་
เล่ม ๑๒๐ · หน้า 260a
ཕྱིར་ངེས་པའི་དོན་བསྟན་ཏོ། ཀུན་ཉོན་ང་ཡི་སངས་རྒྱས་ཚུལ། །ཞེས་པའོ། །ཚུལ་ནི་ཆོས་ཀྱི་སྐུ་ཉིད་དོ། །སྒྲིབ་པ་རྣམ་གཉིས་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་མང་འདུལ། །ཞེས་པ་ནས། ལམ་རྣམས་བསྒོམས་ནས་
ཐར་བར་འགྱུར། །ཞེས་པའི་བར་དུ་ནི་དེ་ལྟར་དྲང་བ་དང་། ངེས་པའི་དོན་བསྟན་པ་ཡང་བདེན་པ་བཞི་དང་སྦྱར་ཏེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དང་པོའི་ཚིགས་བཅད་གཉིས་ཀྱིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན། དེའི་འོག་མ་ཕྱེད་དང་གཉིས་ཀྱིས་ནི་ཀུན་འབྱུང་གི་བདེན་
པ་བསྟན། ཡང་ཕྱེད་དང་གཉིས་ཀྱིས་ནི་འགོག་པའི་བདེན་པ་བསྟན། དེའི་འོག་མ་གཅིག་གིས་ནི་ལམ་གྱི་བདེན་པ་བསྟན་ཏེ། འདོད་ངན་དེ་ལ་ཆགས་པར་གྱུར་པ་ནི་ཕྱི་ནང་གི་ཡུལ་ལ་དགའ་བར་བྱ་བ་དེ་ཐམས་ཅད་སྡུག་བསྔལ་ཉིད་ཡིན་པར་བསྟན་པས་འཇིག་རྟེན་གྱི་བདེན་པ་མ་སྤངས་པར་ཡང་དག་པའི་
བདེན་པ་ཉིད་ལ་གཟུད་པའོ། །གང་རྣམས་མི་ཤེས་སྡུག་བསྔལ་གྱི། །ཞེས་པ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་འབྱུང་ཞེས་པའི་དོན་ཏོ། །སྡུག་བསྔལ་འབྱུང་བ་སྲེད་འདུས་པ། །ཞེས་བྱ་བ་ལ་སོགས་པ་ནི་འགོག་པའི་བདེན་པ་བསྟན་ཏེ། སྡུག་བསྔལ་
སྐྱེ་བར་བྱེད་པའི་རྩ་བ་སྲེད་པ་ཡིན་ན། སྲེད་པ་དེ་ཡང་འགོག་པས་བཙལ་ཞེས་བྱ་བའི་དོན་ཏོ། །གང་གིས་ཐར་ཞེས་པ་ལ་སོགས་པ་ནི་ལམ་གྱི་བདེན་པ་བསྟན་ཏེ། ལམ་བསྒོམས་པས་འགོག་པ་འགྲུབ་ཅེས་པའི་དོན་ཏོ། །མདོ་ལས། ཅི་ཐར་ཞེ་ན་ཤཱ་རིའི་བུ། །ཞེས་པ་ནས། འཇིག་རྟེན་འདིར་སྐྱེ་བདེ་བྱའི་ཕྱིར། །
ཞེས་པ་ནི་དྲང་བ་དང་ངེས་པའི་དོན་གྱི་བདེན་པ་བཞི་བསྟན་པ་ཡང་འདི་མན་ཆད་ཚིག་བཞིས་ནི་དྲིས། ཚིག་བཞིས་ནི་ལན་བཏབ་པ་སྟེ། བདེན་པ་བཞི་དང་ཅི་རིགས་པ་དང་སྦྱར་རོ། །མྱ་ངན་ལས་འདའ་བ་དང་། མ་འདས་པ་ཡང་དྲང་བའི་དོན་གྱི་ཐེག་པ་རྣམ་གཉིས་ལ་བསྟན་པ་དང་། ངེས་པའི་དོན་གྱིས་བླ་
ན་མེད་པའི་ལམ་དང་སྦྱོར་བའོ། །དེ་ལྟར་དགོངས་ཏེ་ཆོས་རྒྱལ་ཞེས་པའང་ངེས་པའི་དོན་ལ་མངོན་སུམ་དུ་གཟུད་པའི་ཕྱིར་འཇིག་རྟེན་ལ་བདེ་བའི་ཕྱིར་ཞེས་པ་དང་སྦྱར་རོ། །ཆོས་རྒྱལ་ཞེས་པ་ནི་སེམས་ཅན་རྣམས་ལ་སོ་སོའི་དབང་པོ་ལ་སྦྱོར་ཞིང་ཆོས་ལ་མངའ་བརྙེས་པའི་ཕྱིར་ཆོས་རྒྱལ་ཞེས་བྱའོ། །མདོ་ལས།
เล่ม ๑๒๐ · หน้า 260b
འདི་ངའི་ཆོས་རྒྱལ་ཤཱ་རིའི་བུ། །ཞེས་པ་ནས། ཁྱོད་ཀྱི་མི་དེ་མི་ལྡོག་གཟུད། །ཅེས་པའི་བར་དུ་དེ་ནི། སྣོད་མ་རྟོགས་པར་ཆོས་མ་གཏོད་ཅིག་པར་བསྟན་པ་སྟེ། ཆོས་ཀྱི་ཕྱག་རྒྱ་ཞེས་པ་ནི། ཐེག་པ་གཅིག་པོའི་གཞུང་དམ་པ་ངེས་པ་ཉིད་ལ་བྱའོ། །རྗེས་སུ་ཡི་རང་ཞེས་པ་ནི་མོས་པ་ཆེ་བའི་ཕྱིར་མི་ལྡོག་ཅེས་
པ་སྟེ། ཡུན་རིང་པོ་ནས་དགེ་བའི་རྩ་བ་བསྐྱེད་པ་ས་ལ་གནས་པར་གྱུར་པའོ། །ཐེག་པ་རྣམ་གཉིས་ལྟ་བུ་ལས་ཁྱད་པར་དུ་བསྟན་པའོ། །མདོ་ལས་སྔོན་གྱི་དེ་བཞིན་གཤེགས་པ་དེས་མཐོང་ཞེས་པ་ནས། སངས་རྒྱས་ཀྱི་ས་འདི་མི་ཤེས་པའི་བར་དུ་དེ་དག་གིས་ནི་སྔོན་དེ་བཞིན་གཤེགས་པའི་བསྟན་པ་
ལ་ཞུགས་ཤིང་ཐོས་པའི་རྒྱུས་འདི་ལ་འཇུག་ནུས་པར་བསྟན་པ་དང་། མདོ་འདི་ལ་དད་ཅིང་འཇུག་པ་ནི་དེས་ང་དང་ངའི་དགེ་འདུན་མཐོང་ཞེས་པ་ཡང་དཀོན་མཆོག་གསུམ་ཐ་མི་དད་པའི་མཚན་ཉིད་བསྟན་པའོ། །ཤེས་པ་ཆུང་བ་དང་དགེ་བའི་རྩ་བ་ཞན་པ་རྣམས་ཀྱིས་འཇུག་པར་མི་ནུས་པའི་ཕྱིར་བྱིས་
པ་མྱོས་གྱུར་པ་ཞེས་གསུངས་སོ། །ཐེག་པ་རྣམ་གཉིས་སུ་རིགས་ངེས་པ་རྣམས་ཀྱིས་ཀྱང་འཇུག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་ཞེས་གསུངས་སོ། །མདོ་ལས། ཤཱ་རིའི་བུ་ཁྱོད་ང་དང་འབྲང་ན་ཞེས་པ་ནས། འདི་དག་རང་རིག་ཡེ་ཤེས་མེད། །ཅེས་པའི་བར་དུ་ནི་རིགས་མ་ངེས་
པའི་ཉན་ཐོས་རྣམས་ཀྱང་ངའི་གསུང་འདི་ཐོས་ནས་གདོད་དད་པ་སྐྱེ་ཞིང་རྗེས་སུ་འབྲང་བར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་བསྟན་པའོ། །མདོ་ལས། ཁྱེད་ཀྱི་ཁེངས་པ་དང་ནི་ང་རྒྱལ་ཅན། མི་རིགས་ཞུགས་པ་དག་ལ་འདི་མ་བསྟན། །ཞེས་པ་ནི་ཚིགས་སུ་བཅད་པ་སུམ་ཅུ་རྩ་དྲུག་གིས་མི་ཤེས་པ་
དད་པ་མེད་པ་སྡིག་པ་ཅན་བཞི་དང་། བདུན་དག་ལ་བསྟན་དུ་མི་རུང་བར་གསུངས་པ་སྟེ། དེ་ལ་སྡིག་པ་ཅན་བཞི་ནི་ཁེངས་པ། ང་རྒྱལ་ཅན། ལེ་ལོ་ཅན། བདག་ཏུ་ལྟ་བའི་མུ་སྟེགས་ཅན་རྣམས་སོ། །མདོ་ལས། བུས་པ་འདོད་ལས་རྟག་ཏུ་རབ་མོས་ཤིང་། ཆོས་བསྟན་མི་ཤེས་པས་ན་སྤོང་བར་བྱེད། །
ཅེས་པ་ནི་སྡིག་ཅན་གསུམ་ལ་མི་བཤད་པ་སྟེ། ཤེས་པ་ཆུང་བ་ལོག་པའི་ཤེས་རབ་ཅན་དང་། འདོད་པ་རྣམ་ལྔས་མྱོས་ཤིང་ཉོན་མོངས་པ་སྟུག་པ་རྣམས་དང་། རིགས་མེད་པའི་སེམས་ཅན་ཐོས་ཀྱང་འཇུག་པར་མི་ནུས་པ་རྣམས་སོ། །མདོ་ལས། ང་ཡི་ཐར་པ་འདི་ནི་སྤོང་བ་ནི། །འཇིག་
เล่ม ๑๒๐ · หน้า 261a
རྟེན་རྟག་ནས་སངས་རྒྱས་ཚུལ་ཡང་སྤང་། །ཞེས་པའི་དོན་ཏེ། དེ་ཡང་མ་དད་པས་སྡིག་པ་མི་དགེ་བའི་རྒྱུ་བསྐྱེད་པ་དང་། སྡུག་བསྔལ་བའི་འབྲས་བུ་ལེན་པའོ། །ཟག་པ་མེད་པའི་རྒྱུ་སྤོང་བ་ནི་སངས་རྒྱས་ཀྱི་རིགས་གཅོད་པའོ། །ཟག་པ་དང་བཅས་པའི་རྒྱུ་སྤོང་བ་ནི་འཇིག་རྟེན་གྱི་དགེ་བས་མཐོ་
རིས་སྤོང་བ་སྟེ། མདོ་སྡེ་འདི་ལ་མ་དད་པས་དེ་གཉིས་སྤངས་ཞེས་པའི་དོན་ཏོ། །མདོ་ལས། ཁྲོ་གཉེར་བྱས་ཤིང་ཐེག་པ་སྤངས་པ་ཡི། །ཞེས་པ་ནས། དེ་དག་རྣམ་སྨིན་མི་བཟད་ང་ལ་ཉོན། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པས་སྡིག་པ་སྐྱེ་བར་བསྟན་པ་སྟེ། ཁྲོ་གཉེར་བྱས་ཞེས་པ་ནི་ལུས་དང་སེམས་མ་དད་
པའི་ཚུལ་སྟོན་པའོ། །མདོ་སྡེ་འདི་འདྲ་བ་ཀློག་པའི་དགེ་སློང་ལ་ངན་བྱས་ན་ཞེས་པ་ནི་ཆོས་སྤྱོད་པ་རྣམ་པ་བཅུའི་བར་ཆད་བྱས་པའོ། །ངན་བྱས་པ་ནི་བརྙས་པ་སྨད་པ་ཕྲག་དོག་བྱས་པ་ཁོན་དུ་གཟུང་བའོ། །མདོ་ལས། མི་ལས་ཤི་འཕོས་བསྟིར་མེད་པ་དེ་ཡི། །ཞེས་པ་ནས། བུས་པ་ཤི་ཤིང་འཕོས་ནས་དེར་ཡང་
ལྟུང་། །ཞེས་པའི་བར་དུ་ནི། མདོ་སྡེ་འདི་ལ་མ་དད་པ་རྣམས་སྡུག་བསྔལ་མྱོང་བའི་འབྲས་བུ་བསྟན་པ་སྟེ། ཚིག་དང་པོ་ཉི་ཤུ་བརྒྱད་ཀྱིས་ནི་མ་དད་པ་རྣམས་ཀྱི་འབྲས་བུ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་བསྡུ་བ་བསྟན་ཏེ། འདི་ནི་དང་པོའོ། །དེ་ལ་ཡང་ཚིག་ཉི་ཤུ་གཉིས་ཀྱིས་ནི་ངན་སོང་རྒྱུད་གསུམ་གཅིག་ནས་གཅིག་ཏུ་
འཕོ་བ་རྣམ་པར་སྨིན་པ་བསྟན། ཚིག་དྲུག་གིས་ནི་འགྲོ་བ་བཞིར་རྣམ་པར་སྨིན་པ་བསྟན། དེ་ལ་ཚིག་དང་པོ་གཅིག་གིས་ནི་སེམས་ཅན་དམྱལ་བ་མྱོང་བ་བསྟན། ཚིག་བཅུས་ནི་བྱོལ་སོང་གི་འབྲས་བུ་མྱོང་བ་བསྟན། དེའི་འོག་མ་ཚིག་བཅུས་ནི་མིའི་ནང་ན་ཐ་མར་སྐྱེ་བ་བསྟན། འདིར་ཡི་དགས་མ་སྨོས་པ་ནི་ཡི་
དགས་སྲེད་པའི་དབང་གིས་སྐྱེ་བའི་ཕྱིར་འདིར་མ་སྨོས་སོ། །དེ་དག་ཀྱང་རྣམ་པ་དྲུག་གིས་དབྱེ་བར་བྱ་སྟེ། དེའི་མིང་དང་། དེའི་ལུས་དང་། དེ་བསྡུ་བ་དང་། དེའི་གནས་དང་། དེའི་འབྲས་བུ་དང་། དེའི་ཚེའི་ཚད་དེ། གྲང་བ་བརྒྱད་དང་ཚ་བ་བརྒྱད་ལ་སོགས་པ་གཞན་དག་ལས་འབྱུང་བ་བཞིན་ཤེས་པར་
གྱིས་ཤིག །མདོ་ལས། སེམས་ཅན་དམྱལ་ལས་ནམ་ཞིག་འཕོས་ན་ཡང་། །ཞེས་པ་ནས། འདི་འདྲ་བ་ཡི་མདོ་སྡེ་འདིས་སྤངས་པ། །ཞེས་པའི་བར་དུ་ནི་བྱོལ་སོང་དུ་གྱུར་པ་རྣམས་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བར་བསྟན་པའོ། །ཁྱིར་གྱུར་པ་ནི་རྣམ་པར་སྨིན་པ་བཅུ་སྟེ། སྐམ་པ། རིད་པ། མདོག་
เล่ม ๑๒๐ · หน้า 261b
ཉམས་པ། རྔོས་ཉེན་པ། གཞན་གྱིས་གཙེ་བ། ཤེས་པ་མེད་པ། བཀྲེས་པ། སྐོམ་པས་ཉེན་པ། བརྡེག་པ་དང་། གཞུ་བའི་གནས་སུ་གྱུར་པའོ། །རྔ་མོའི་རྣམ་པར་སྨིན་པ་ནི་ཁུར་ལྕི་བས་མནན་པ། ཟས་ཀྱིས་གདུངས་པ། གཞུ་བརྡེག་གི་གནས་སུ་གྱུར་པ། ཤེས་པའི་བློ་མེད་པའོ། །ཝར་
གྱུར་བའི་རྣམ་པར་སྨིན་པ་ནི་རྔོས་འཁོངས་པ་མིག་ཞར་བ། བརྡེག་པའི་གནས་སུ་གྱུར་པའོ། །སྦྲུལ་དུ་གྱུར་པའི་སྡུག་བསྔལ་ནི་ལུས་ཧ་ཅང་ཆེ་བ་རྣ་བ་འོན་པ། ཤེས་པ་མེད་པའོ། །མདོ་ལས། ནམ་ཞིག་མི་ཡི་ལུས་ཐོབ་གྱུར་ཀྱང་ནི། །ཞེས་པ་ནས། མགོན་མེད་གྱུར་ཅིང་འཇིག་རྟེན་དག་ན་རྒྱུ། །ཞེས་
པའི་བར་དུ་ནི་མདོ་སྡེ་འདི་སྤོང་བའི་རྣམ་པར་སྨིན་པས་མི་ཞིག་ཏུ་སྐྱེས་ན་ཡང་། མ་རབས་དབང་པོ་མ་ཚང་བ་སྐྱོན་སྣ་ཚོགས་ཀྱིས་མནར་བར་སྐྱེ་སྟེ། ལུས་ཀྱི་སྐྱོན་ནི་དབང་པོ་རྟུལ་བ། ཧ་ཅང་ཐུང་བ། མཚན་དུ་མི་སྡུག་པ། ཞ་བོར་གྱུར་པ། གྲུམ་པོར་གྱུར་པ། ལོང་བ་འོན་པ་སྒུར་པོར་གྱུར་པ།
ཚིག་སྨྲས་པ་མིས་ཡིད་མི་ཆེས་པར་གྱུར་པ། ཁ་ནས་རུལ་བའི་དྲི་མནམ་པ་འདྲེ་གདོན་གྱིས་གཙེ་བ། དབུལ་བ། དམན་པ། གཞན་གྱིས་བཀོལ་བ། ནད་མང་བ། རེག་པར་གྱུར་པ་སྟེ། ལུས་དང་། ངག་དང་། ཡིད་དང་། གསུམ་གྱི་སྒོ་ནས་སྡིག་པ་བྱས་པའི་རྣམ་པར་སྨིན་པ་ཡིན་པར་སྦྱར་རོ། །མདོ་
ལས། དེ་ན་གང་ལ་དེ་ཡིས་ཉེར་བསྙེན་ཀྱང་། །ཞེས་པ་ནས། བྱིན་ན་ཡང་ནི་མྱུར་དུ་མི་ཟ་སྟེ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པའི་ཕྱིར་གཞན་ལ་བརྟེན་ཀྱང་དེས་སྐྱབས་མི་བྱེད་ཅེས་པའི་དོན་ཏོ། །མདོ་ལས། དེ་དག་འདི་འདྲ་སྡིག་གི་འབྲས་བུ་ནི། །ཞེས་པ་ནས། ནམ་ཡང་དེ་ཡི་ནད་
རྣམས་མཐར་མི་སོས། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་སྐུར་པ་བཏབ་པས་བསོད་ནམས་ཆུང་བར་བསྟན་པའོ། །མདོ་ལས། གཞན་གྱི་རྐུན་པོ་བྱས་པར་གྱུར་པ་ཡང་། །ཞེས་པ་ནས། སྡིག་པའི་ལས་ཅན་དེ་ལ་འདུ་ཤེས་འབབ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་སྐུར་པས་ཉེས་པ་གློ་བུར་
འོང་ཞེས་པའི་དོན་ཏོ། །མདོ་ལས། དེས་ཀྱང་འཇིག་རྟེན་མགོན་པོ་ཡང་མི་མཐོང་། །ཞེས་པ་ནས། །དེ་དག་སེམས་མི་དྲན་ཞིང་འོན་པར་གྱུར། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་སྤངས་པས་ནམ་དུ་ཡང་སངས་རྒྱས་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། དབང་པོ་ཉམས་པར་འགྱུར་བ་ལ་
เล่ม ๑๒๐ · หน้า 262a
འདི་ནི་དང་པོ་གཉིས་དང་སྦྱར་རོ། །མདོ་ལས། བྱང་ཆུབ་འདི་འདྲ་བ་འདི་སྤངས་པས་ན། །ཞེས་པ་ནས། བླུན་ཞིང་ཡན་ལག་དག་ནི་ཚང་མི་འགྱུར། །ཞེས་པའི་བར་དུ་འདིས་ནི་དབང་པོ་ཉམས་པར་བསྟན་ཏོ། །མདོ་ལས། དེས་ནི་མདོ་སྡེ་འདི་སྤངས་སྡིག་གི་འབྲས། །
ཞེས་པ་ནས། དེ་ན་དེ་དག་རྟག་ཏུ་དེ་གནས་འགྱུར། །ཞེས་པའི་བར་དུ་ནི་དེས་ངན་སོང་བཞི་མྱོང་བར་བསྟན་པ་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། མི་མ་རབས་སུ་འགྱུར་བ་རིམ་བཞིན་ཅི་རིགས་པར་སྦྱར་རོ། །མདོ་ལས། དེ་དག་མི་ཡི་ལུས་སུ་གྱུར་ན་ཡང་། །ཞེས་
པ་ནས། དེ་ཚེ་དེ་ཡི་རྒྱན་ནི་དེ་དག་སྟེ། །ཞེས་པའི་བར་དུ་ནི་མི་མ་རབས་སུ་གྱུར་པ་རྣམ་པར་སྨིན་པ་བསྟན་ཏེ། རྒྱན་ངན་པས་བརྒྱན་པ་དང་། རྟེན་ངན་པ་དང་བརྟེན་པ་དང་། མི་མཛེས་པར་གྱུར་པ་དང་། སྤྱོད་པ་ངན་པར་གྱུར་པ་སྟེ། འོག་ནས་འབྱུང་བ་དང་སྦྱར་རོ། །མདོ་ལས། ནད་རྣམས་དེ་ཡི་
ལུས་ལ་བྱེ་བ་ཁྲག་ཁྲིག་རྨ། །ཞེས་པ་ནས། དེ་ནི་བྱོལ་སོང་སྐྱེ་གནས་དེ་རྟག་དགའ། །ཞེས་པའི་བར་དུ་ནི་འདིས་མི་མཛེས་པར་གྱུར་བ་དང་། སྤྱོད་ལམ་ངན་པར་གྱུར་པ་བསྟན་ཏོ། །མདོ་ལས། དེ་རིང་གལ་ཏེ་ངས་དེང་ཤཱ་རིའི་བུ། །ཞེས་པ་ནས། འདི་འདྲའི་མདོ་སྡེ་མ་བཤད་ཅིག་ཅེས་
བསྒོ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པའི་རྣམ་པར་སྨིན་པ་མདོར་བསྡུས་ཏེ་བཤད་པའོ། །མདོ་ལས། འདི་ལྟར་གང་དག་གསལ་ཞིང་མང་ཐོས་དང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་དོན་དམ་འདི་དེར་སྒྲོགས། །ཞེས་པའི་བར་དུ་ཚིག་བཅུ་དགུ་པོ་འདིས་ནི་བཤད་པར་འོས་པ་
རྣམས་ཀྱི་མཚན་ཉིད་བསྟན་ཏེ། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་ཟིན་གྱིས་དེ་བཞིན་གཤེགས་པའི་རིགས་ཅན་བཤད་པར་འོས་པ་དང་། བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་སྤྱོད་པའི་བག་ཆགས་ཅན་འོག་ནས་འབྱུང་བ་རྣམས་ལ་བཤད་པར་འོས་པ་སྟེ། དེ་བཞིན་གཤེགས་
པའི་རིགས་ཀྱི་རྟགས་ཡོད་པ་ནི་དབང་པོ་རྣོ་བ། ཤེས་རབ་ཅན་ལེགས་ཉེས་རྟོགས་པ། མི་རྨོངས་པའི་རང་བཞིན་ཅན་མང་དུ་ཐོས་པ། སེམས་གསལ་ཞིང་རྟུལ་ཕོད་པ། དམ་པའི་ཆོས་འདི་ཉན་པར་དགའ་ཞིང་ཐོས་པ་གཞན་མི་ཚོལ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་སྟེ། བཤད་
เล่ม ๑๒๐ · หน้า 262b
པར་འོས་པའོ། །མདོ་ལས། གང་གིས་སངས་རྒྱས་བྱེ་བ་མང་པོ་མཐོང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་དོན་དམ་འདི་སྒྲོགས་ཤིག །ཞེས་པའི་བར་དུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བག་ཆགས་ཅན་ནི་འདི་དག་སྟེ་འདི་ནི་སངས་རྒྱས་མང་པོ་མཐོང་ཞིང་སྦྱིན་པ་རྒྱ་ཆེན་
པོ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་སྟེ། སྦྱིན་པའི་བག་ཆགས་ཅན་དང་སྦྱར་རོ། །མདོ་ལས། གང་རྣམས་བརྩོན་འགྲུས་གང་ལྡན་རྟག་བྱམས་སེམས། །ཞེས་པ་ནས། དེ་དག་ལ་ནི་མདོ་སྡེ་འདི་མངོན་ཤོད། །ཅེས་པའི་བར་དུ་བརྩོན་འགྲུས་དང་བསམ་གཏན་དུ་སྦྱར་རོ། །མདོ་ལས། ཕན་
ཚུན་རྟོག་ཅིང་རིམ་གྲོ་བཅས་པ་ཅན། །ཞེས་པ་ནས། དེ་མདུན་མདོ་སྡེ་བཟང་པོ་འདི་སྨྲོས་ཤིག །ཅེས་པའི་བར་དུ་ནི་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བག་ཆགས་རིམ་པ་བཞིན་དུ་སྦྱར་རོ། །མདོ་ལས། རྟག་ཏུ་ཁྲོ་བ་མེད་ཅིང་གང་དྲན་པ། །ཞེས་པ་ནས། དེ་ཡི་མདུན་དུ་མདོ་སྡེ་མཆོག་འདི་སྨྲོས། །
ཞེས་པའི་བར་དུ་ནི་བཟོད་པའི་བག་ཆགས་དང་སྦྱོར་རོ། །མདོ་ལས། གང་དག་འཁོར་གྱི་དབུས་སུ་ཆོས་སྟོན་ཅིང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་མདོ་སྡེ་འདི་རབ་སྒྲོགས། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ཚོལ་བ་དང་རིམ་གྲོར་བྱེད་པ་རྣམ་པ་གཉིས་ལ་གཞན་གྱི་བསྟན་པ་ཐམས་ཅད་སྤངས་ཏེ། ཐེག་
པ་ཆེན་པོའི་མདོ་སྡེ་འབའ་ཞིག་ཚོལ་བའི་ཕྱིར་ཚོལ་བ་བསྟན་ཏོ། །མདོ་ལས། ཇི་ལྟར་དེ་བཞིན་གཤེགས་པའི་གདུང་འཛིན་པ། །ཞེས་པ་ནས། དེ་དག་མདུན་དུ་མདོ་སྡེ་མཆོག་འདི་སྨྲོས། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་རིམ་གྲོ་བསྐྱེད་པ་དང་། བཤད་པར་འོས་པ་རྣམས་ཀྱི་མཚན་ཉིད་ཀྱི་
བསྡུ་བ་བསྟན་ཏོ།། །།འདི་མན་ཆད་དད་པའི་ལེའུ་བསྟན་ཏེ། གོང་དུ་དྲང་བ་དང་ངེས་པའི་ཚུལ་རྟོགས་པར་བྱ་བའི་ཕྱིར་དཔེས་དོན་མཚོན་པས་དབང་པོ་རྣོ་བ་འཕགས་པ་ཤཱ་རིའི་བུ་ལྟ་བུ་དང་། དབང་པོ་བར་མ་འཕགས་པ་བཞི་པོ་ཡང་དཔེ་དེ་ཉིད་ཀྱིས་དོན་གོ་བར་གྱུར་པས་ཟབ་མོ་ཉིད་ལ་མོས་པ་
སྐྱེས་པའི་ཕྱིར་དད་པའི་ལེའུ་བསྟན་ཏོ། །འཕགས་པའི་ཉན་ཐོས་པ་རྣམས་སྤྱོད་ཡུལ་དམ་པའི་མཐར་མ་ཕྱིན་པར་ཕྱིན་པ་ཙམ་དུ་སེམས་ཤིང་ཐེག་པ་ཆེན་པོ་བ་དང་ཁྱད་པར་མེད་པ་ཙམ་དུ་བསྙེམས་པ་དེའི་དོན་དུ་སྤྲང་པོ་དང་འདྲ་བར་བསྟན་པའི་ཕྱིར་འདིའི་ནང་ནས་སྤྲང་པོའི་དཔེ་བསྟན་ཏོ། །དད་པ་
เล่ม ๑๒๐ · หน้า 263a
ཞེས་པ་ནི་ཆོས་ཇི་བཞིན་པར་བཟོད་པ་སེམས་རྣམ་པར་དག་པའི་མཚན་ཉིད་དོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་པའི་བར་དུ་ནི་འཕགས་པ་དེ་བཞིན་དགའ་བར་གྱུར་པ་དང་། འཕགས་པ་དེ་བཞིན་བྱས་པ་གཟོ་
བས་དྲིན་བསབ་པ་སྟེ། དེ་ལ་དང་པོས་དགའ་བའི་མཚན་ཉིད་བསྟན་པ་དང་། གུས་པའི་མཚན་ཉིད་བསྟན་པ་སྟེ་འདི་ནི་དང་པོའོ། །ཚེ་དང་ལྡན་པ་ཞེས་པ་ནི་འཇིག་རྟེན་པ་ལུས་རིང་དུ་འཚོ་བའི་ཚེ་དང་འཕགས་པ་རྣམས་ཡེ་ཤེས་ཀྱི་སྲོག་གིས་འཚོ་བའི་ཚེ་གཉི་ག་དང་ལྡན་པས་ཚེ་དང་ལྡན་པ་
ཞེས་བྱའོ། །འཕགས་པ་གཞན་ནི་རུས་ལས་བཏགས་པ་དང་། ཆུང་ངུ་ལས་དགའ་བ་ལྟས་བཟང་པོ་ལས་བཏགས་པ་སྟེ། ཅི་རིགས་པར་སྦྱར་རོ། །སྔར་དཔེ་ལས་དོན་རྟོགས་པར་གྱུར་ཅིང་བླ་ན་མེད་པའི་ལུང་བསྟན་པ་ཐོས་པས་ཤིན་ཏུ་དགའ་བར་གྱུར་པའོ། །མདོ་ལས་དེའི་ཚེ་སྟན་ལས་
ལངས་ཏེ་ཞེས་པ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པའི་བར་དུ་ནི་གུས་པའི་ཚུལ་བསྟན་ཏེ། ཚུལ་དེ་ཡང་རྣམ་པ་དགུར་དབྱེའོ། །སྟན་ལས་ལངས་པ་ནི་ཐེག་པ་རྣམ་གཉིས་ལས་འཕགས་ཤིང་སེམས་ཆེན་པོ་བསྐྱེད་པའི་དོན་ཏོ། །གོས་ཚགས་བཅོས་ཞེས་པ་ནི་བྱང་ཆུབ་
སེམས་དཔའི་སྡོམ་པས་བརྒྱན་ཞེས་པའི་དོན་ཏོ། །ཕྲག་པ་གཅིག་ཏུ་གཟར་ཞེས་པ་ནི་ཐེག་པ་རྣམ་གཅིག་ལ་ཞུགས་ཤིང་བཀྲ་ཤིས་པའི་ཚུལ་སྟོན་པའོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཞེས་པ་ནི་ཐེག་པ་རྣམ་གཉིས་འཛིན་པའི་སེམས་ཐུལ་ཞེས་པའི་དོན་ཏོ། །སེམས་གཅིག་
ཏུ་བྱས་པ་ནི་ཐེག་པ་ཆེན་པོ་གཅིག་པོ་ཚོལ་གྱི་གཞན་མི་སེམས་པའི་དོན་ཏོ། །ཐལ་མོ་སྦྱར་ཞེས་པ་ནི་སེམས་སངས་རྒྱས་ལ་འདུད་པ་དྲང་བ་དང་ངེས་པའི་དོན་བསྟན་པར་མོས་པའི་དོན་དང་། ལུས་དང་ངག་དང་ཡིད་གསུམ་དགའ་བར་དམིགས་པའི་དོན་ཏོ། །མངོན་དུ་ལྟ་ཞིང་ཞེས་པ་ནི། ལུང་
དང་གཞུང་གི་ཚུལ་རྟོགས་པར་འདོད་ཅེས་པའི་དོན་ཏོ། །གསོལ་ཏོ་ཞེས་པ་ནི་དད་པའི་མཚན་ཉིད་བསྟན་ཏོ། །མདོ་ལས་བཅོམ་ལྡན་འདས་བདག་ཅག་རྒས་ཞེས་པ་ནས་བརྩོན་འགྲུས་བརྩམས་པའི་རྔོ་མི་ཐོགས་ཀྱི་ཞེས་པའི་བར་དུ་ནི། འཕགས་པ་བཞི་པོས་སླར་གསོལ་པ་སྟེ། སྔར་ནི་ཚིག་
เล่ม ๑๒๐ · หน้า 263b
ལྷུག་པས་གསོལ། དེའི་འོག་ཏུ་ནི་ཚིགས་སུ་བཅད་པས་གསོལ། ཚིག་ལྷུག་པ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་ལས་གླེང་བ་དང་། དཔེས་གླེང་བ་དང་། གཉི་ག་བསྡུས་ཏེ་གླེང་བའོ། །དེ་ཡང་སྔོན་ཆོས་འདི་ཐོས་པས་མ་སྔངས་ཏེ་དེ་མངོན་སུམ་དུ་ཆུད་པའོ། །དེ་ཡང་སྔར་ནི་བསྡུས་ཏེ་བསྟན།
ཕྱིས་ནི་རྒྱས་པར་བསྟན་ཏོ། །གསོལ་བ་ལ་ཡང་དགེ་འདུན་གྱི་ནང་ན་གྲལ་མཐོ་བ་དང་། ན་སོ་རྒན་པ་དང་། བྱང་ཆུབ་ཐོབ་བཞིན་པ་ཙམ་དུ་སེམས་པ་དང་། ཡང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཚོལ་བར་མི་སེམས་པའོ། །མདོ་ལས་ནམ་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་ཅིང་ཞེས་པ་ནས། བདག་
ཅག་གིས་མོས་པ་མ་བསྐྱེད་དོ་ཞེས་པའི་བར་དུ་ནི། སྔར་ཆོས་ཀྱི་དོན་གླེང་། འོག་ཏུ་ནི་དགོངས་པའི་དོན་བསྟན་ཏེ། འདི་ནི་དང་པོ་དང་སྦྱར་རོ། །འཕགས་པ་ཉན་ཐོས་པ་རྣམས་རང་གི་སྤྱོད་པ་བསྒྲུབ་ཅིང་སྔོན་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ན་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་ཉིད་ལ་སེམས་མི་འཇོག །ཐེག་པ་ཆེན་པོའི་ཆོས་བྱང་ཆུབ་ཀྱི་ཆོས་རྣམས་ལ་མི་སེམས་སོ། །སྔོན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྟོན་པའང་བདག་ཅག་ལུས་དང་ཡན་ལག་བྲོ་འཚལ་བར་གྱུར་ཞེས་སྨྲས་པ་ཡིན་ཏེ། སྟོང་པ་ནི་
བདག་མེད་པའི་སྤྱོད་ཡུལ་ལོ། །མཚན་མ་མེད་པ་ནི་འགོག་པའི་སྤྱོད་ཡུལ་ལོ། །སྨོན་པ་མེད་པ་ནི་མྱ་ངན་ལས་འདས་པའི་འདུས་མ་བྱས་སོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྨོན་པ་མེད་པ་སྟེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཤེས་རབ་ཀྱིས་བསྡུས་པའོ། །བྱང་ཆུབ་
སེམས་དཔའི་ཆོས་ཞེས་པ་ནི། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ཆོས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །
བྱང་ཆུབ་སེམས་དཔའ་ནི་རྣམ་པར་རོལ་པ་ཡང་རྣམ་པ་བཅུ་སྟེ། ལྷའི་སྐུ་ཚེ་སྤང་བ་དང་། གཞན་དུ་སྐྱེ་བ་སྟོན་པ་དང་། མངོན་དུ་བཙས་ཏེ་དགྱེས་རོལ་པ་དང་། ཁབ་ནས་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་དང་། བདུད་འདུལ་བ་དང་། ཏིང་ངེ་འཛིན་གྱི་
เล่ม ๑๒๐ · หน้า 264a
དགའ་བ་ལ་བཞུགས་ཤིང་། ལྷའི་ཡང་ལྷར་གྲུབ་པ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན་པ་དང་། མྱ་ངན་ལས་འདས་པ་སྟོན་པའོ། །སངས་རྒྱས་ཀྱི་ཞིང་གི་རྒྱན་དག་ཅེས་པ་ནི། མདོ་ལས་རྒྱུ་རྣམ་པ་བརྒྱད་དེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས།
ཡིད་གཅིག་ཏུ་མོས་པ་ལྷག་པའི་སྤྱོད་པ་ལ་མཁས་པས་བླ་ན་མེད་པར་མོས་པའི་ཡིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་སེམས་དང་ལྡན་པ་དག་གོ། །ཚད་མེད་པ་བཞི་དང་། བསྡུ་བ་རྣམ་བཞི་དང་། ཐབས་མཁས་པས་བྱང་ཆུབ་ཀྱི་ཕྱོགས་རྣམས་སྤྱོད་པ་ཐམས་ཅད་བླ་ན་མེད་པར་བསྔོ་བ་ནི་བྱང་ཆུབ་
ཏུ་སེམས་བསྐྱེད་པའོ། །མདོ་ལས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནས་མོས་པའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏེ་ཞེས་པའི་བར་དུ་ནི་གཏན་ཚིགས་སྨོས་པ་སྟེ། ལམ་མངོན་དུ་གྱུར་པས་སྡུག་བསྔལ་མི་སྐྱེ་བ་དང་། རྒས་པས་སྤྱོད་པ་གཞན་ལ་འཇུག་མི་ནུས་ཞེས་པའི་དོན་ཏོ། །
མདོ་ལས་བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས་ཞེས་པ་ནས་འདི་ལྟ་བུའི་རིན་པོ་ཆེ་འདི་ཐོབ་སྟེ་ཞེས་པའི་བར་དུ་ནི་འདིར་ཐེག་པ་ཆེན་པོའི་དོན་རྟོགས་པར་བསྟན་ཏེ། ལུང་བསྟན་པ་ཐོས་པ་དང་། ཆོས་བཤད་པའི་དགའ་བས་ངོམས་པ་དང་། ཐེག་པ་ཆེན་པོའི་ཆོས་རིན་པོ་ཆེ་
ཐོབ་པའོ། །མདོ་ལས་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་འདི་ལྟར་ཞེས་པ་ནི་ཚིག་དང་པོ་དེས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དཔེར་བསྟན་པ་ལས། ལོགས་ཤིག་ཏུ་སོང་ཞེས་པ་ནི་འཁོར་བར་འཁོར་བའི་དཔེ་བསྟན། ནར་སོན་ཏེ་ཞེས་པ་ནི། ཕྱིས་སངས་རྒྱས་སུ་གྲུབ་པའི་དཔེ་བསྟན།
ཕས་བུ་དྲན་ཡང་ཞེས་པ་ནི་ཐེག་པ་ཆེན་པོ་ལ་འཇུག་ཏུ་མི་བཏུབ་པའི་དཔེ་བསྟན། ཕས་རྒྱང་ནས་མཐོང་ཞེས་པ་ནི་ཐེག་པ་གཉིས་ཀྱི་དཔེ་བསྟན། ཁྱིམ་བདག་དེ་ལ་མཛོད་དང་ནོར་མང་དུ་ཡོད་ཅེས་པ་ནི་ཐེག་པ་ཆེན་པོའི་དཔེ་བསྟན་ཏོ། །དེ་ན་གཞོན་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱའོ། །
མདོ་ལས་ཕའི་གནས་ནས་ལོགས་ཤིག་ཏུ་མཆིས་ལ་ཞེས་པ་ནས་ལོ་ལྔ་བཅུར་གནས་ཏེ་ཞེས་པའི་བར་དུ་ནི་འཇིག་རྟེན་དང་འཁོར་བའི་དཔེ་སྟེ། མདོ་ལས་དབང་པོ་རྣོན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟར་ཡུན་རིང་དུ་འཁོར་བར་འཁོར་ཡང་ངན་སོང་དུ་མི་ལྟུང་སྟེ། ཕྱིས་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེ་ཞེས་པའི་དོན་ཏོ། །
เล่ม ๑๒๐ · หน้า 264b
ལས་ཀྱི་སྒྲིབ་པས་ཟིན་ཏེ་ཡིད་གཅིག་ཏུ་ངེས་པས་སངས་རྒྱས་མི་ཚོལ་བའི་ཕྱིར་ཕ་ལས་ལོགས་ཤིག་ཏུ་སོང་ཞེས་བྱའོ། །ཡུལ་ཕྱོགས་གཞན་ཞེས་པ་ནི་སངས་རྒྱས་ཀྱི་ཡུལ་ལས་གཞན་དུ་གྱུར་པ་རྣམས་སོ། །ལོ་ཉི་ཤུ་དང་སུམ་ཅུ་ཞེས་པ་ནི་རྒྱུད་རྣམ་ལྔར་འཁོར་ཞེས་པའི་དོན་ཏོ། །མདོ་ལས་བཅོམ་
ལྡན་འདས་དེ་ནས་མི་དེས་ཆེན་པོ་ཞིག་ཏུ་ལགས་ལ་ཞེས་པ་ནས། ཡུལ་ཕྱོགས་ཞིག་ཏུ་ཕྱིན་ཏེ་ཞེས་པའི་བར་དུ་ནི་སངས་རྒྱས་དང་ཕྲད་པའི་དཔེ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་མ་སྟོར་བའི་ཕྱིར་ཐེག་པ་ཆེན་པོ་ཐོས་ཤིང་སངས་རྒྱས་སུ་གྲུབ་པ་ཞེས་པའི་དོན་ཏོ། །དེ་ཡང་བུ་ནར་སོན་ཏེ་ཡུལ་འཁོར་དུ་
ཕྱིན་པ་ན། ཕས་ཀྱང་སྔ་ནས་བཙལ་བ་ལས་ཕྱིར་ཕྲད་ཅེས་པར་སྦྱར་ཏེ། འདི་ནི་དང་པོའོ། །དང་པོ་ལ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། དབང་པོ་ཁད་ཀྱིས་སྨིན་པ་ནི་ནར་སོན་པ་དང་སྦྱར། ཤེས་རབ་མ་བསྒོམས་པ་ནི་དབུལ་པོར་གྱུར་ཞེས་པ་དང་སྦྱར་ཏེ། འཁོར་བར་འཁོར་བ་ནི་ཕྱོགས་དང་ཕྱོགས་མཚམས་
སུ་སོན་པ་དང་སྦྱར། སྐྱེ་ཞིང་སྡུག་བསྔལ་ལས་འབྱུང་བར་རྩོལ་བ་ནི་འཚོ་བ་ཚོལ་བ་དང་སྦྱར། ཤེས་རབ་རྣམ་གསུམ་གྱི་ལས་སྤྱོད་པ་ནི་ཁད་ཀྱིས་ཁྱིམ་དུ་ཉེ་བ་དང་སྦྱར་རོ། །མདོ་ལས་དེའི་ཕ་དེ་ཡང་ཞེས་པ་ནས་འཚོ་བ་ཡང་མང་དུ་གྱུར་ཏེ་ཞེས་པའི་བར་དུ་ནི་འདི་མན་ཆད་རྣམ་པ་གསུམ་དུ་བསྡུས་ཏེ། སྔོན་
ཚོལ་ཚོལ་བའི་བུ་མཁར་དུ་སླར་ཕྱིན་པ་དང་། ནོར་དང་འཚོ་བ་མང་བར་གྱུར་པ་དང་། གཡོག་དང་ཡུལ་ཆེན་པོར་གྱུར་པ་སྟེ། དེ་ལ་ཕ་ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་དོན་དང་འདྲེན་པ་མཛད་དུ་ཟིན་གྱིས་ཀྱང་། སེམས་ཅན་སོ་སོའི་ལས་ཀྱི་དབང་གིས་དེ་བཞིན་
གཤེགས་པ་ལ་མི་ཕྱོགས་པ་དང་། ནོར་སྣ་ཚོགས་མང་ཞེས་པ་ནི་རིན་པོ་ཆེ་སྣ་བདུན་ཏེ། འཕགས་པའི་ནོར་བདུན་དང་སྦྱར། མཛོད་དང་བང་བ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་མཛོད་དང་ལྡན་ཞེས་པའི་དོན་ཏོ། །ཉོན་མོངས་པ་རྣམས་ཀྱི་དབང་དུ་གྱུར་པའི་ཕྱིར་བྲན་དང་འདྲའོ། །ཐབས་མཁས་
པས་སྤྱོད་པ་ནི་གཡོག་དང་འདྲའོ། །སྨོན་ལམ་དང་སྟོབས་ལ་སོགས་པ་ནི་ལས་བྱེད་པའི་མི་དང་སྦྱར་རོ། །མངོན་པར་ཤེས་པ་ལྔ་ནི་གླང་པོ་ཆེ་དང་རྟ་དང་སྦྱར། ཐེག་པ་རྣམ་ལྔ་ནི་ཤིང་རྟ་དང་སྦྱར། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ནི། བ་ལང་དང་ལུག་མང་པོ་དང་ལྡན་པ་དང་སྦྱར། དོན་དམ་
เล่ม ๑๒๐ · หน้า 265a
པ་དང་ཀུན་རྫོབ་ཀྱི་བསྟན་པ་ནི་ཁ་འདུ་ཞིང་འཕེལ་བ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་བསྟན་པ་སྒྲོགས་པ་ནི་འཚོ་བ་མང་བ་ཞེས་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་མི་དབུལ་པོ་དེ་ཞེས་པ་ནས། དེར་ཕྱིན་པར་གྱུར་ཏེ་ཞེས་པའི་བར་དུ་ནི། ཐེག་པ་རྣམ་གསུམ་གྱི་སྤྱོད་
པ་ནི་གྲོང་དང་གྲོང་ཁྱེར་ཞེས་པའི་དོན་ཏེ། དེ་ལ་ཆོས་བཤད་པ་དང་། རྫུ་འཕྲུལ་བསྟན་པའི་དོན་ནི་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་སྦྱར་རོ། །ཇི་ལྟར་གནས་ཐམས་ཅད་དུ་འཁྱམས་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་བཞིན་བསྟན་པ་སྣ་ཚོགས་ལ་ཞུགས་ཀྱང་རིགས་མ་འགྱུར་ཏེ། དེ་བཞིན་གཤེགས་
པའི་རིགས་ཀྱི་གནས་སུ་འཁོར་ཅིང་། ཡབ་སངས་རྒྱས་བཅོམ་ལྡན་འདས་དང་ཕྲད་ཅེས་པའི་དོན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་མི་དབུལ་པོའི་ཕ་དེ་ཞེས་པ་ནས་གཞན་སུ་ལ་ཡང་མི་སྨྲ་བར། འདི་སྙམ་དུ་བདག་ནི་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་ལ་ཕྱོགས་སུ་མི་བཏུབ་པའི་དཔེ་
སྟེ། ལོ་ལྔ་བཅུ་ཞེས་པ་ནི་རྒྱུད་རྣམ་ལྔར་འཁོར་བའི་དོན་ཏོ། །ནང་དུ་གདུང་བ་མ་གཏོགས་པར་གཞན་སུ་ལ་མ་སྨྲ་ཞེས་པ་ནི་ཐེག་པ་ཆེན་པོའི་དོན་འདི་འཁོར་མང་པོའི་ནང་དུ་མ་གསུངས་ཞེས་པའི་དོན་ཏོ། །གདུང་བ་ཞེས་པ་ནི་འགྲོ་བ་རྣམས་ཐེག་པ་གཅིག་པུ་འདིའི་སྣོད་དུ་མ་གྱུར་པས་གདུང་བ་
ཞེས་སྦྱར་རོ། །མདོ་ལས་རྒས་ཤིང་འཁོགས་ཏེ་འདུག་ན་ཞེས་པ་ནས་འདི་ལ་སྤྱོད་པར་གྱུར་ན་ནི་བདག་མྱ་ངན་མེད་པར་སེམས་ན་ཞེན་པའི་བར་དུ་ནི། ཐེག་པ་ཆེན་པོ་ལ་གནས་པར་ཡུན་རིང་བ་དང་། སྤྱོད་པ་རྫོགས་པའི་ཕྱིར་རྒས་འཁོགས་ཞེས་པའི་དོན་ཏོ། །བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་ཟད་མི་ཤེས་པའི་ཕྱིར་ནོར་ཟས་དང་བང་མཛོད་མང་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་བཞུགས་ཀྱང་ད་རུང་ཉན་ཐོས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གདུང་འཚོ་བའི་ཕྱིར་བུ་མེད་པ་ཞེས་པའི་དོན་ཏོ། །སངས་རྒྱས་ནམ་ཞིག་མྱ་ངན་ལས་འདའ་བར་སྟོན་པ་ན། ཐེག་པ་ཆེན་པོའི་
ནོར་རྫས་དབང་པོ་མ་སྨིན་པ་རྣམས་ལ་གཏད་དུ་མེད་པའི་ཕྱིར་ཐུགས་རྗེས་མྱ་ངན་དུ་དགོངས་པ་ཞེས་སྦྱར་རོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་མི་དབུལ་པོ་དེ་ཞེས་པ་ནས་གང་ན་བ་དེར་མཆིས་ཏེ་ཞེས་པའི་བར་དུ་ནི་འདི་མན་ཆད་བུ་དེས་ཕ་མཐོང་མ་ཐག་ཏུ་སྐྲག་ནས་བྲོས་པ་དང་། ཕའི་སྒོ་དྲུང་དུ་
เล่ม ๑๒๐ · หน้า 265b
ཕྱིན་པ་དང་ཞེས་པ་ལ་ཚོལ་ཞིང་སོང་སོང་ཞེས་པ་ནི་འབྱུང་བའི་དོན་ཚོལ་བའོ། །ཆེད་དུ་བཙལ་བ་མ་ཡིན་པར་གནས་དེར་སོན་པ་ནི་ཐེག་པ་ཆེན་པོའི་རིགས་ཅན་དུ་འགྱུར་བར་སྨིན་པའི་དུས་ལ་བྱའོ། །ཕའི་གནས་དེར་ཕྱིན་ཞེས་བྱ་བ་ནི་ལུང་དང་རིགས་པའི་སྒོ་ནས་སྤྱོད་པ་ལ་ཞུགས་ཞེས་པའི་དོན་ཏོ། །
གནས་གང་ན་བ་དེར་ཕྱིན་ཞེས་པ་ནི་ཐེག་པ་ཆེན་པོའི་ཕྱོགས་ལ་བསྙེན་ཞེས་པའི་དོན་ཏོ། །འགྲོན་བུ་དང་གསེར་དང་། འབྲུ་མཛོད་མང་དུ་ཡོད་ཅེས་པ་ནི་ཐེག་པ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཉིད་ལ་བྱའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་མི་དབུལ་པོ་དེའི་ཕ་ཞེས་པ་
ནས། བརྒྱན་པ་ལ་མཆི་སྟེ་ཞེས་པའི་བར་དུ་ནི་འདིས་ཕ་མཐོང་བ་བསྟན་པ་ལ་ཡང་ཕ་བདེ་བར་འདུག་པ་དང་འཁོར་མང་པོས་བསྐོར་བའོ། །མཐོང་ཞེས་པ་ནི་རྒྱང་མ་ནས་མཐོང་ཞེས་པའི་དོན་ཏེ། ཐེག་པ་ཆེན་པོའི་སྤྱོད་པ་ལ་ད་དུང་རིང་ཞེས་པའི་དོན་ཏོ། །ཁྲི་ནི་མི་འཇིགས་པ་བཞིའི་ཁྲི་དང་།
བསམ་གཏན་བཞིའི་ཁྲིའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞེས་པ་ནི་གདུག་པ་གསུམ་དང་བྲལ་བའི་རྒྱན་གྱིས་བརྒྱན་པའོ། །ལྷག་པའི་ཚུལ་ཁྲིམས་ནི་བྲམ་ཟེ་དང་སྦྱར་རོ། །ལྷག་པའི་ཤེས་རབ་ནི་རྒྱལ་རིགས་དང་སྦྱར་རོ། །ལྷག་པའི་བསམ་གཏན་ནི་རྗེའུ་རིགས་དང་སྦྱར་རོ། །མདོ་ལས་
འགྲོན་བུ་བྱེ་བ་བརྒྱ་སྟོང་གིས་སྤྱོད་པ་བགྱིད་དེ་ཞེས་པ་ནས་ལོངས་སྤྱོད་ཆེན་པོས་མཆིས་པ་ཞེས་པའི་བར་ནི་རྒྱན་དེ་ལ་ཡང་རྣམ་པ་གཉིས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ལུས་བརྒྱན་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པས་འཁོར་བྱས་པ་དང་། ཉོན་མོངས་པ་ཐུལ་བ་ཉིད་བྲན་
དུ་བྱས་པ་དང་། བསྡུ་བ་རྣམ་བཞིའི་སེམས་རྟག་ཏུ་འཛིན་པ་རྔ་ཡབ་བྱས་པ། ཚད་མེད་བཞིའི་བླ་རེ་བྲེས་པ། རྣམ་པར་དག་པའི་ཡན་ལག་བདུན་གྱི་མེ་ཏོག་དང་། དེ་ལ་སོགས་ཏེ་སྤྱོད་པ་དམ་པ་ཐམས་ཅད་ཀྱིས་བརྒྱན་པའི་གནས་ན་འདུག་ཅེས་པའི་དོན་ཏོ། །བུ་དེས་ཕ་མཐོང་ནས་བྲོས་པ་ནི་རྫོགས་ལོངས་
སྤྱོད་པའི་སྐུ་མཐོང་ཞེས་པའི་དོན་ཏོ། །མདོ་ལས་བཅོམ་ལྡན་འདས་མི་དབུལ་པོ་དེས་ཞེས་པ་ནས་འདི་སྙམ་སེམས་སོ་ཞེས་པའི་བར་དུ་མཐོང་ཞེས་པ་ནི་མངོན་དུ་རྟོགས་པ་མ་ཡིན་ཏེ། ཐོས་པ་དང་བསམ་པའི་སྒོ་ནས་དཔོག་པའོ། །ལོངས་སྤྱོད་ཆེ་ཞེས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཐུ་ཆེ་
เล่ม ๑๒๐ · หน้า 266a
བས་ལོངས་པའོ། །དེ་འདྲ་བའི་ལོངས་སྤྱོད་ཆེན་པོ་བདག་གིས་མ་བསྒྲུབས་ན་མི་འཐོབ་པས་སྐྲག་ཅེས་པའི་དོན་ཏོ། །མདོ་ལས་རྒྱལ་པོའི་བློན་པོ་འདི་དང་ཞེས་པ་ནས་ཕྲད་པར་འགྱུར་དུ་མི་འོང་ངམ་སྙམ་ཞེས་པའི་བར་དུ། རྒྱལ་པོ་ཞེས་པ་ནི་ཆོས་ཀྱི་སྐུའོ། །བློན་པོ་ཞེས་པ་ནི་རྫོགས་
ལོངས་སྤྱོད་པའི་སྐུའོ། །དབུལ་པོའི་གནས་སུ་འགྲོ་ཞེས་པ་ནི་ཐེག་པ་རྣམ་གཉིས་ཀྱི་སྤྱོད་པ་ལ་འཇུག་པའོ། །ཟས་དང་གོས་ཀྱིས་ཉོན་མི་མོངས་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེར་ཡང་བསྒྲགས་སུ་ཡོད་ཅེས་པའི་དོན་ཏོ། །ཚམས་ཟུངས་སུ་ཟུན་པར་མི་འགྱུར་རམ་ཞེས་པ་ནི་ཐེག་པ་
ཆེན་པོའི་སྤྱོད་པ་ལ་དབང་མེད་པར་ཞུགས་པར་མི་འགྱུར་རམ་ཞེས་པའི་དོན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་མི་དབུལ་པོ་དེ་ཞེས་པ་ནས། བརྒྱལ་ཏེ་ས་ལ་འགྱེལ་ནས་མྱོས་པར་གྱུར་ལ་ཞེས་པའི་བར་དུ་ནི་མྱུར་དུ་བྲོས་ཞེས་པ་ནི་རང་གི་ཉམས་ལས་སྤྱོད་པ་ཆེན་པོ་ལ་འཇུག་པར་མི་ནུས་ནས་
ལྡོག་ཅེས་པའི་དོན་ཏོ། །ཕས་མྱུར་དུ་འཛིན་དུ་བཅུག་པ་ནི་ཐེག་པ་ཆེན་པོ་ལ་འཇུག་པའི་རྒྱུ་སྨིན་པར་གཟིགས་ནས་དགྱེས་པ་སྐྱེས་ཤིང་འཛིན་དུ་བཅུག་པའོ། །སྲེད་པས་གདུངས་ཞེས་པ་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་མང་པོ་ལ་འདྲེན་པར་དགོངས་པ་ཇི་ལྟར་སྲེད་པས་གདུངས་པ་བཞིན་ནོ། །འདི་དག་
འཛིན་དུ་བཅུག་ཅེས་པ་ནི་ཚིག་གི་དོན་མཚོན་པ་བསྙེམས་པ་མ་ཡིན་པའི་ཕྱིར་མི་དག་འཛིན་དུ་བཅུག་ཅེས་པའི་དོན་ཏོ། །སྤྱོད་པ་ཆེན་པོ་ལ་འཛེམ་པས་འཇིགས་ཤིང་སྐྲག་པ་དང་། སྤྱོད་པ་དེ་ལ་ཡིད་ཀྱིས་འཇུག་པར་མི་འདོད་པ་ནི་དངངས་པའི་སྒྲ་དྲག་པོས་ཀུ་ཅོ་འདོན་པ་དང་། ཐེག་པ་ཆེན་པོ་ལ་དབང་མེད་པར་
བཅུག་པ་ནི་མི་རུང་བར་བྱས་པར་སེམས་པའོ། །རིངས་པར་མྱུར་དུ་ཞེས་པ་ནི་ཐུགས་རྗེའི་སེམས་གསོལ་པའོ། །གཟུད་དེ་ཞེས་པ་ནི་ཆུང་ངུ་ལས་ཆེན་པོར་བསྐྱུར་བའོ། །མ་རུང་བར་བྱ་ཞེས་པ་ཡང་བྱང་ཆུབ་ཀྱི་སྤྱོད་པ་དཀའ་བ་ལ་བཙུད་པའོ། །བརྒྱལ་ཏེ་ས་ལ་འགྱེལ་ཞེས་པ་ནི་འཁོར་བ་ལ་སྦྱོར་བར་སེམས་པའོ། །
མདོ་ལས་དེའི་ཕ་དེ་ཡང་ཉེ་བ་ཞིག་ན་མཆིས་ནས་ཞེས་པ་ནས་གཞན་མི་འཆི་སྟེ་ཞེས་པའི་བར་དུ་ནི་འདི་མན་ཆད་ཐེག་པ་རྣམ་གཉིས་དྲང་ཞིང་གཟུད་པ་ལ་དང་པོར་སེམས་བསྐྱེད་པ་དང་། མི་དབུལ་པོ་དགའ་བར་བྱ་བ་དང་། རིན་པོ་ཆེ་བླངས་པ་དང་། དགེ་བའི་རྩ་བ་ལ་གཟུད་པ་དབུལ་པོའི་མིང་བཏགས་པ་
เล่ม ๑๒๐ · หน้า 266b
དང་། ཐབས་བསྟན་པའོ། །མ་གཟུད་པར་ཞེས་པ་ནི་ཐབས་ཀྱིས་དྲང་བ་ལ་གཟུད་ཅིང་ཕྱིས་ཆེན་པོ་བསྟན་པའི་དོན་ཏོ། །གདོང་དུ་ཆུས་གཏོར་ཞེས་པ་ནི་སྒྲིབ་པ་དང་རྨོངས་པ་བསལ་བའི་དོན་ཏོ། །མདོ་ལས་ཅིའི་སླད་དུ་ཞེ་ན་ཞེས་པ་ནས་འདི་བདག་གི་བུ་ཡིན་ཞེས་སུ་ལ་ཡང་མི་སྨྲ་སྟེ་ཞེས་
པའི་བར་དུ་ནི་ཉན་ཐོས་པ་རྣམས་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བའི་སྐལ་བ་ཆུང་བ་ལ་ཐབས་མཁས་པས་ཁད་ཀྱིས་དྲངས་ནས་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་བས་དེའི་བུ་ཡིན་ཡང་སུ་ལ་ཡང་མ་སྨྲ་ཞེས་པའི་དོན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་དེས་ཞེས་
པ་ནས། གར་དགའ་བར་འགྲོ་ལ་རག་གོ་ཞེས་བགྱིས་པ་ནས། འཚལ་མ་དང་རང་པ་འཚོལ་པའི་སླད་དུ་མཆིས་ཏེ་ཞེས་པའི་བར་དུ་ནི་ཐེག་པ་ཆུང་ངུ་དེ་དག་སོ་སོའི་དབང་པོ་དང་སྦྱར་ནས་ཐེག་པ་ཆེན་པོ་ལ་གཟུད་པའི་དུས་ལ་མ་བབ་སྟེ་ཐབས་ཀྱིས་དྲང་བའི་ཕྱིར་སླར་བཏང་ཞེས་པའོ། །
ངོ་མཚར་རྨད་དུ་གྱུར་ཞེས་པ་ནི་དང་པོ་སེམས་བསྐྱེད་ནས་ཐེག་པ་རྣམ་པ་གཉིས་ལ་ཞུགས་པའོ། །དབུལ་པོའི་གནས་སུ་སོང་ཞེས་པ་ནི་ཐེག་པ་རྣམ་གཉིས་ཀྱི་ཡོན་ཏན་ཆུང་ངུ་ལ་ཞུགས་པའོ། །ཟས་ཚོལ་ཞེས་པ་ནི་ཟག་པ་མེད་པའི་ཆོས་ལ་ཞུགས་པའོ། །མདོ་ལས་དེ་ནས་ཁྱིམ་བདག་དེས་
མི་དབུལ་པོ་དེ་དགུག་པའི་སླད་དུ་ཞེས་པ་ནས་ལས་བྱེད་དུ་ཆུག་ཅེས་པའི་བར་དུ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་དུ་གཞུག་ཅིང་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་རོ། །མི་གཉིས་ཞེས་པ་ནི་ཐེག་པ་རྣམ་གཉིས་ཀྱི་བསྟན་པ་ལ་གཟུད་པའོ། །ཐེག་པ་རྣམ་གཉིས་ཀྱི་བསྟན་པ་རྒྱ་
ཆུང་ཞིང་ངེས་པའི་དོན་མ་ཡིན་པས་མདོག་མི་སྡུག་ལ་མདངས་ངན་ཞེས་སྦྱར་རོ། །ཡང་ན་བསྟན་པ་ཕྱོགས་གཅིག་པའི་མདོག་མི་སྡུག་པ་དང་། གཞུང་མ་རྫོགས་པའི་ཕྱིར་མདངས་ངན་ཞེས་སྦྱར་རོ། །མདོ་ལས་དེ་ལ་གལ་ཏེ་འདི་སྐད་དུ་ལས་ཅི་བྱ་ཞེས་པ་ནས་སྨོས་ཤིག་ཅེས་པའི་བར་དུ་
ཕྱག་དར་གྱི་ཕུང་པོ་ཞེས་པ་ནི་ཉོན་མོངས་པའི་ཚོགས་སོ། །མདོ་ལས་དེ་ནས་མི་དེ་གཉིས་ཀྱིས་དབུལ་པོ་དེ་བཙལ་ནས་ཞེས་པ་ནས་མི་དབུལ་པོ་དེ་ཡང་ཁྱིམ་བདག་དེ་ལ་ཕར་འདུ་ཤེས་ཞེས་པའི་བར་དུ་ནི་མི་དེ་གཉིས་ཀྱི་བཀའ་མཉན་ཏེ་ཞེས་པ་ནི་ཐེག་པ་རྣམ་གཉིས་པ་ཉོན་མོངས་པ་སྤོང་བ་
เล่ม ๑๒๐ · หน้า 267a
ལ་ཞུགས་ཞེས་པའི་དོན་ཏོ། །སླར་ཡང་མི་ངན་པའི་ལས་བྱེད་ཅིང་ཞེས་པ་ནི་ཐེག་པ་རྣམ་གཉིས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱང་ཐོས་པ་དང་། སེམས་པའི་ཤེས་རབ་ལ་འཇུག་པའོ། །དེ་ཉེ་བར་བསྙེན་པ་དང་། ཐབས་ཀྱིས་དྲང་བའི་ཕྱིར་ཁྱིམ་
བདག་དེ་བསྙེན་ཅིང་ཚིག་སྤྲས་པའོ། །མདོ་ལས་ཁྱིམ་བདག་དེ་སྐར་ཁུང་གི་གསེབ་ནས་བུ་ཕྱག་དར་བྱེད་པ་མཐོང་ནས། གོས་དང་རྒྱན་ཕུད་དེ་བུའི་གན་དུ་ཕྱིན་ཞེས་པ་ནི་ལུས་ཀྱི་ཚུལ་འདྲ་བ་བསྟན་པ་ཡང་དང་པོ་ནས་ཐེག་པ་ཆེན་པོ་ལ་གཟུད་པའི་དབང་པོ་དང་མི་ལྡན་པས་བགས་ཀྱིས་ཐབས་ཀྱིས་
དྲང་བ་དང་། བསྙེན་ཞེས་པའི་དོན་ཏེ། བསོད་ནམས་དང་ཡེ་ཤེས་མ་རྫོགས་པའི་ཕྱིར་རྒྱང་མ་ནས་མཐོང་ཞིང་རྒྱན་མེད་པའོ། །ཞིང་རྣམ་པར་དག་པ་ན་བཞུགས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་བསྟན་ན་སྐྲག་ཅིང་ཉེར་མི་བཟོད་པའི་ཕྱིར་ཡུལ་ཁམས་ངན་པ་དང་། རྒྱན་མེད་པའི་ལུས་ཀྱིས་
གདུལ་བར་འོས་པའི་ཕྱིར་གོས་དྲི་མ་ཅན་གྱོན་ཅིང་ལག་ན་ཕྱག་དར་གྱི་སྐོན་པ་ཐོགས་པ་བཞིན་དྲང་བའི་དོན་གྱིས་ཉོན་མོངས་པ་སེལ་བའི་ཕྱིར་ལས་ཀྱིས་གཞན་འདེབས་པར་སྟོན་ཅིང་། དེ་དང་སྨྲ་བར་བྱེད་པ་ནི། ཐུགས་རྗེའི་ཐབས་ཀྱིས་འདྲེན་ཅིང་། རྣམ་པར་དག་པའི་ཕྱོགས་ལ་བརྩོན་པར་གཞན་
འདེབས་པའོ། །གླ་གཞན་པས་སྐྱེད་དེ་སྦྱིན་ནོ་ཞེས་པ་ནི་སྔར་ཐོས་པ་དང་བསམས་པའི་ཤེས་རབ་ལས་དགེ་བའི་རྩ་བ་རྣམ་པ་བཞིར་སྤང་བ། གཞན་དུ་མ་འགྲོ་ཤིག་པ་ཡང་ལྟ་བ་ངན་པ་གཞན་ལས་ཟློག་པའི་དོན་ཏོ། །ཅི་དང་ཅི་དགོས་པ་ཐམས་ཅད་སྦྱིན་ནོ་ཞེས་པ་ནི་རྣམ་པར་གྲོལ་བའི་མཐུ་
ལས་བྱུང་བ་ཚད་མེད་པ་བཞི་ལ་སོགས་པའི་རྒྱུས་བསྐྱེད་པ་འཕགས་པའི་ཡོན་ཏན་ཐམས་ཅད་དོ། །བུམ་པ་དང་། ཕྲུ་བ་དང་། ཤིང་དང་། ལན་ཚ་ཞེས་པ་ནི་ཟག་པ་དང་བཅས་པའི་ཡེ་ཤེས་རྣམ་གཉིས་ཀྱིས་ཟིན་པ་འཕགས་པ་ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་དང་། སྟོབས་དང་མངོན་པར་ཞེས་པ་དག་གོ།
ཁྱོད་ཀྱི་ཕ་ཇི་ལྟ་བ་བཞིན་ཞེས་པ་ནི་འཕགས་པ་ཉན་ཐོས་རྣམས་ཉོན་མོངས་པ་སྤངས་ཤིང་འཕགས་པའི་གནས་སུ་སོན་པའི་ཕྱིར་བུ་ཞེས་བཀའ་སྩལ། ཡང་དག་པའི་བདེན་པ་ཉིད་མི་མཐོང་བའི་ཕྱིར་ནི་བུ་དང་འདྲ་བ་ཞེས་སྨོས་སོ། །སྒྱུའམ་གྱ་གྱུའམ། གཡོ་ཞེས་པ་ནི་ལུས་དང་ངག་དང་ཡིད་
เล่ม ๑๒๐ · หน้า 267b
གསུམ་གྱི་དྲི་མ་སྤོང་ཞེས་པའི་དོན་ཏོ། །མི་དབུལ་པོ་དེ་བུ་ཞེས་མིང་དུ་བཏགས་པ་ཞེས་པ་ནི་འཕགས་པར་གྱུར་ཞེས་པའི་དོན་ཏོ། །འབྲས་བུ་དང་པོ་ལ་གནས་པའོ། །མདོ་ལས་ལོ་ཉི་ཤུ་འདས་པ་དང་ཞེས་པ་ནས་སྤྱིལ་པོ་དེ་ཉིད་ན་གནས་ཤིང་མཆིས་པ་ལ་ཞེས་པའི་བར་དུ་ནི། བསྒོམ་པའི་
ལམ་ལ་གནས་པའོ། །ཉི་ཤུ་ཞེས་པ་ནི་ཟག་པ་མེད་པའི་ཆོས་བཅུ་སྤྱོད་པས་ཁམས་གཉིས་ཀྱི་ཉོན་མོངས་པ་སྤོང་བའོ། །སྤྱིལ་པོ་དེ་ཉིད་ན་གནས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པས་ཏིང་ངེ་འཛིན་ནས་མི་སློབ་པའི་ལམ་ལ་གནས་པ་གང་ཟག་ལ་བདག་མེད་པར་རྟོགས་པའི་རྣམ་པར་གྲོལ་བ་
ཐོབ་པ་སྟེ། སེམས་ཅན་སྒྲོལ་བ་ལ་འཇིགས་པ་དང་། ཐོགས་པ་མེད་པར་གནས་པ། འབྲས་བུ་ཆེན་པོ་སྒྲུབ་པ་ལ་མི་འཇིགས་པའི་ཕྱིར། སྤྱིལ་པོ་དེ་ཉིད་ན་གནས་ཞེས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་དེ་བྲོ་འཚལ་བར་གྱུར་ཏེ་ཞེས་པ་ནས་དེ་ཐམས་ཅད་ཁྱོད་ཀྱིས་ཤེས་པར་
འདོད་དོ་ཞེས་པའི་བར་དུ་ནི་དོན་ཆེན་པོ་ལ་དགའ་བའི་དོན་བསྟན་ཏེ། ཁྱིམ་བདག་དེ་ན་བར་གྱུར་ཞེས་པ་ནི། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས། ལོ་བཅུ་གཉིས་ལོན་པ་དང་སེམས་ཅན་རྣམས་ཉོན་མོངས་པ་ཕྱིར་ཞིང་འཕེལ་བར་གྱུར་པས་སེམས་ཅན་ཉོན་མོངས་པའི་
ནད་ཀྱིས་བཏབ་པ་ན། བཅོམ་ལྡན་འདས་ཀྱང་བསྙུང་བ་ཞེས་པའི་དོན་ཏོ། །དམ་པའི་ཆོས་འདི་བཤད་པའི་དུས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་དང་ཉེ་བས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་ཟིན་པའི་ཕྱིར་ཁྱིམ་བདག་གུམ་པའི་དུས་ལ་བབ་པར་མཐོང་ཞེས་བྱའོ། །སངས་
རྒྱས་བྱང་ཆུབ་སེམས་དཔའ་རྣམས་འདུས་བྱས་དང་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་ནི་བང་མཛོད་མང་པོའི་ནོར་ཞེས་བྱའོ། །དེ་ལ་ཡང་ཐེག་པ་ཆེན་པོ་ནི་ཤས་ཆེ་ཐེག་པ་ཆུང་ངུ་ནི་ཤས་ཆུང་ཞེས་སོ། །སྦྱིན་པ་དང་སྦ་བར་བྱ་ཞེས་པ་ནི་བླང་བ་ནི་བདག་གི་དོན་ཏོ། །སྦྱིན་པ་ནི་གཞན་གྱི་དོན་ཞེས་
པའོ། །ཤེས་པར་བྱོས་ཤིག་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་གཞུང་མི་ཤེས་པ་ཤེས་པར་བྱ་བ་དང་། སེམས་མ་བསྐྱེད་པ་སྐྱེད་ཅིག་པར་བསྟན་པའོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་ཆུད་མ་གཟན་ཞེས་པའི་བར་དུ་ནི་འདིས་ཐེག་པ་ཆེན་པོ་ལ་མོས་པ་བསྟན་པ་སྟེ། ཇི་ལྟར་འཇིག་
เล่ม ๑๒๐ · หน้า 268a
རྟེན་ན་ཕ་དང་བུ་སྤྱོད་པ་མཐུན་པ་ལྟར། དེ་བཞིན་གཤེགས་པ་དང་། ཐེག་པ་རྣམ་གཉིས་ཀྱང་རྣམ་པར་གྲོལ་བ་དང་། དེ་བཞིན་ཉིད་མཐུན་པར་བསྟན་པས་ཆོས་ཆེན་པོ་ལ་གཞུག་ཅིང་། དོན་མཉམ་པར་གྱིས་ཤིག་པར་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་
མི་དབུལ་པོ་དེ་ཞེས་པ་ནས་ཆུང་ཟད་ཀྱང་རེ་བ་མེད་དོ་ཞེས་པའི་བར་དུ་ནི་རེ་བ་མེད་པར་བསྟན་ཏེ། ཐེག་པ་རྣམ་གཉིས་ཀྱི་དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཐོས་སུ་ཟིན་ཀྱང་ད་ཅུང་སེམས་ཞན་པ་སྔོན་གྱིས་འཛིན་ཅིང་། སྤོབས་པ་མི་ཆེ་བའི་དཔེའོ། །མདོ་ལས་སྤྱིལ་པོ་དེར་གནས་ཤིང་ཞེས་པ་ནས་དེ་ཉིད་ཀྱི་
རྗེས་སུ་སེམས་སོ་ཞེས་པའི་བར་དུ་ནི་སེམས་ཞན་པ་ད་དུང་མ་སྤངས་ཞེས་བསྡུས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། གཉེན་བཤེས་མང་པོ་དང་ཕྲད་དེ་ཞེས་པའི་བར་དུ་ནི་དེས་ཐོབ་པའི་དཔེ་བསྟན་ཏེ། དེ་ཡང་དུས་ལ་བབ་པ་དང་། མང་པོ་བསྡུས་ཏེ་གཏོད་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་དམ་པའི་ཆོས་འདི་བསྟན་པའི་བར་དུ་ནི་ཁད་ཀྱིས་དབང་པོ་འབོགས་པའི་ཕྱིར་ཡོངས་སུ་སྨིན་པར་ཤེས་པའོ། །ཤེས་པ་ནི་སྟོང་པ་རྣམ་གཉིས་ཀྱི་དོན་ཤེས་པའོ། །ཉམ་ང་ཞིང་ངོ་ཚ་བ་ནི་སྔོན་གྱི་སྤྱོད་པ་ཞན་པ་ཐེག་པ་ཆུང་ངུ་ལ་ཞུགས་པའི་སེམས་སོ། །འཆི་བའི་དུས་
ལ་བབ་པ་ཞེས་པ་ནི་ཡོངས་ལ་གཏད་པ་སྟེ། དམ་པའི་ཆོས་འདི་བཤད་པ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་བར་དུ་ལོ་ལྔ་ཞིག་ལུས་པའི་ཕྱིར་འཆི་བའི་དུས་ལ་བབ་པའོ། །གཉེན་བཤེས་མང་པོ་ཞེས་པ་ནི་འཕགས་པ་ཉན་ཐོས་ཆེན་པོ་དག་གོ། །རྒྱལ་པོ་དང་བློན་པོ་ཞེས་པ་ནི་
བྱང་ཆུབ་སེམས་དཔའི་རིགས་རྣམས་སོ། །མདོ་ལས་ཁྱོད་ཉོན་ཅིག་འདི་ནི་ཁོ་བོའི་སྙིང་གི་བུ་ཁོ་བོས་བསྐྱེད་པ་སྟེ་ཞེས་པ་ནི་སྔོན་གྱི་རྒྱལ་བུ་བཅུ་དྲུག་གི་ཚེ་ན་ངའི་བསྟན་པ་འདི་ལ་སེམས་བསྐྱེད་དེ་དགེ་བའི་རྩ་བ་བཙུགས་པས་ངའི་གསུང་ལས་སྐྱེས་པ་ངའི་ཆོས་ཀྱིས་བསྐྱེད་པ་ཡིན་པས་ཡང་དག་པའི་སྲས་
ཞེས་བྱའོ། །མདོ་ལས་གྲོང་ཁྱེར་གྱི་མིང་འདི་འཁྱམས་ནས་ལོ་ལྔ་བཅུ་ལོན་ཏེ་ཞེས་པ་ནི་འཁོར་བར་འཁོར་བ་བསྟན་ཏེ། གྲོང་ཁྱེར་ཞེས་པ་ནི་ཐེག་པ་ཆེན་པོའོ། །ཐེག་པ་ཆེན་པོར་རིགས་ངེས་པ་དང་། དབང་པོ་རྣོན་པོ་རྣམས་ནི་ལན་ཅིག་སེམས་བསྐྱེད་པས་ཕྱིར་ལྡོག་པར་ཡང་མི་འགྱུར་ན།
เล่ม ๑๒๐ · หน้า 268b
དབང་པོ་ཞན་པ་དང་། རིགས་མ་ངེས་པ་རྣམས་ལྡོག་ཅིང་ལྟུང་བར་འགྱུར་བ་ཡོད་དོ་བར་བསྟན་ཏོ། །མདོ་ལས་འདིའི་མིང་ནི་འདི་ཞེས་བྱ་ཞེས་པ་ནས་དེ་ཀུན་ཀྱང་འདི་ཉིད་ཤེས་སོ་ཞེས་པའི་བར་དུ་ནི་སྔོན་ཡང་དེ་བཞིན་གཤེགས་པ་ངའི་བསྟན་པ་ལ་ཞུགས་པ་ལས་རབ་ཏུ་འཁྱམས་པ་དང་། དེ་ཡང་ཐེག་
པ་ཆེན་པོ་ལ་ཞུགས་ཞེས་པའི་དོན་ཏེ། ཇི་ལྟར་འཕགས་པ་ཤཱ་རིའི་བུ་བསྐལ་པ་དྲུག་ཅུའི་བར་དུ་ཐེག་པ་ཆུང་ངུ་སྤྱོད་སྤྱོད་པ་ལས་ད་ཐེག་པ་ཆེན་པོ་ལ་ཞུགས་པ་ཉིད་གྲོང་ཁྱེར་དེ་ན་གནས་པ་ཞེས་བྱའོ། །ཚོལ་ཞེས་པ་ནི་ཐུགས་རྗེས་དགོངས་པའི་དོན་ཏོ། །བྱང་ཆུབ་དང་མྱ་ངན་ལས་འདས་པའི་ནོར་
ཐམས་ཅད་ནི་འདི་ལ་གཏད་པ་དང་། བདག་གི་དོན་དུ་འགྱུར་བ་དང་། གཞན་ལ་ཕན་འདོགས་པའི་ཡོན་ཏན་ཐམས་ཅད་འདི་ལ་གཏད་དོ་ཞེས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་མང་པོ་རྙེད་སྙམ་སེམས་སོ་ཞེས་པའི་བར་དུ་ནི་བུས་ཐོབ་པ་རྣམས་བསྟན་ཏེ། སངས་རྒྱས་ཀྱི་ཡོན་
ཏན་ཕུན་སུམ་ཚོགས་པར་རེ་བ་མེད་པ་ལས་རྙེད་ཅེས་པའི་དོན་ཏོ། །མདོ་ལས་དེ་བཞིན་དུ་བཅོམ་ལྡན་འདས་བདག་ཅག་ནི་ཞེས་པ་ནས་ཇི་ལྟ་བ་བཞིན་ནོ་ཞེས་པའི་བར་དུ་ནི་མ་རབས་ཀྱིས་ནས་སེམས་བསྐྱེད་པ་ཙམ་ལ་གནས་པའི་ཕྱིར་སྲས་དང་འདྲ་ཞེས་སྨྲས་སོ། །དམ་པའི་ཆོས་འདི་ཐོས་ཤིང་དབང་པོ་
སྨིན་པར་གྱུར་པས། སྲས་ཡང་དག་ཅེས་པའི་དོན་ཏོ། །མདོ་ལས་བཅོམ་ལྡན་འདས་བདག་ནི་སྡུག་བསྔལ་གསུམ་གྱིས་གཟིར་ཏོ་ཞེས་པ་ནས་སྡུག་བསྔལ་ལོ་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་ལས་ལྡོག་པས་འཁོར་བའི་རྒྱུ་བསྟན་པའོ། །སྡུག་བསྔལ་བའི་ཡང་སྡུག་བསྔལ་ནི་གནས་དང་། མཚན་
ཉིད་དང་། སྤྱོད་ཡུལ་དང་། དབང་པོ་དང་ལྡན་པའི་ཆོས་ཐམས་ཅད་སྡུག་བསྔལ་ཏེ། ཕུང་པོ་ལྔའི་ཕྱོགས་གཅིག་ནི་སྡུག་བསྔལ་བའི་ཡང་སྡུག་བསྔལ་བ་སྟེ། ཡིད་དང་འགལ་བ་མི་མཐུན་པ་མྱོང་བ་ནི་སྡུག་བསྔལ་བའོ། །སྡུག་བསྔལ་བརྒྱད་ལ་ལྔ་ནི་སྡུག་བསྔལ་བའོ། །བདེ་བར་འཚོ་བའི་
བདག་ཉིད་བདེ་བར་འཚོ་བའི་རྗེས་སུ་འབྲང་བ་ཡུལ་ལམ་དབང་པོའམ་ལྡན་པའི་ཆོས་རྣམས་འགྱུར་བས་སྡུག་བསྔལ་བསྐྱེད་པ་སྟེ། །ཕུང་པོ་ལྔའི་ཆ་གཅིག་ནི་འགྱུར་བའི་སྡུག་བསྔལ་ཏེ། སྡུག་བསྔལ་བརྒྱད་ལས་མཛའ་བ་དང་བྲལ་བ་དང་། འདོད་པ་མི་རྙེད་པའི་སྡུག་བསྔལ་ནི་འགྱུར་བའི་སྡུག་
เล่ม ๑๒๐ · หน้า 269a
བསྔལ་ལོ། །བཏང་སྙོམས་ཀྱི་ཚོར་བའི་རང་བཞིན་དང་། དེའི་རྗེས་སུ་འཇུག་པ་ཡུལ་དང་དབང་པོ་དང་ལྡན་པའི་ཆོས་རྣམས་མི་རྟག་པར་གནས་པའི་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། ཟག་པ་དང་བཅས་པའི་ཕུང་པོ་ལ་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་བས་ཉེ་བར་ལེན་པའི་
ཕུང་པོ་ལྔ་རྣམས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལོ་ཞེས་གསུངས་སོ། །མདོ་ལས་འཁོར་བ་ན་ཆུང་ངུ་ལ་དད་པས་བདག་ཅག་བཅོམ་ལྡན་འདས་ཀྱིས་ཆོས་ངན་པ་མང་པོ་ཕྱག་དར་གྱི་ཕུང་པོ་དང་འདྲ་བའི་སེམས་སུ་བཅུག་སྟེ་ཞེས་པ་ནི་ཆུང་ངུ་ལ་ཕྱོགས་ཤིང་ཆེན་པོ་བསྒྲུབ་པར་མི་ནུས་པའོ། །མདོ་ལས་དེ་རྣམས་ལ་
ཞེས་པ་ནས་འཚོ་ཞིང་གསོལ་ཏེ་ཞེས་པའི་བར་དུ་སེམས་སུ་བཅུག་ཅེས་པ་ནི་བསྒོམ་པ་ལ་སེམས་པའོ། །ཕྱག་དར་གྱི་ཕུང་པོ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །རྩོལ་བ་ནི་བརྩོན་འགྲུས་ཀྱི་སེམས་ཀྱིས་གཅིག་ཏུ་འབད་པས་གཟོད་མྱ་ངན་ལས་འདས་པ་ཐོབ་ཅེས་པའི་དོན་ཏོ། །ཉིན་གཅིག་གིས་སླ་ཞེས་
པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པ་ཡིན་ན། བསྐལ་པ་དྲུག་ཅུས་བསྒྲུབས་པའི་རྣམ་པར་གྲོལ་བ་ནི་ཉི་མ་གཅིག་གིས་སླ་ཙམ་མོ་ཡང་ཡང་མྱ་ངན་ལས་འདས་པ་ལས་ཉོན་མོངས་པའི་སྒྲིབ་པ་སྤངས་ཤིང་ཡེ་ཤེས་ཆེན་པོ་ཐོབ་པ་མ་ཡིན་ཞེས་པའི་དོན་ཏོ། །མདོ་
ལས་བཅོམ་ལྡན་འདས་བདག་ཅག་མྱ་ངན་ལས་འདས་པ་དེ་སྙེད་ཅེས་པ་འདིས་མ་བསྟན་ཏེ་ཞེས་པའི་བར་དུ་ནི་འདི་མན་ཆད་ཐེག་པ་ཆེན་པོ་རེ་བའི་སེམས་མེད་པ་རྣམ་གསུམ་སྟེ། སྔར་ཉན་ཐོས་པ་ཆོས་ཆུང་ངུ་ལ་དགའ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མ་བཤད་པས་རེ་བ་མེད་པ་དང་། ཉན་ཐོས་པའི་
མྱ་ངན་ལས་འདའ་བ་ཐོབ་པ་ཉིད་ཀྱིས་ཆོག་པར་སེམས་པའི་ཕྱིར་རེ་བ་མེད་པ་དང་། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཆེད་དུ་བཤད་ཀྱི་ཉན་ཐོས་པ་བདག་ཅག་གི་ཆེད་དུ་མ་བཤད་དོ་ཞེས་རེ་བ་མེད་པ་དང་གསུམ་ལས་འདི་ནི་དང་པོའོ། །བགས་ཀྱིས་བཞག་སྟེ་ཞེས་པ་ནི་ཆུང་ངུ་ལ་མོས་པའི་
སེམས་མ་སྤངས་ཤིང་དབང་པོ་མ་སྨིན་པའི་ཕྱིར་རེ་ཞིག་བཞག་ཅེས་པའི་དོན་ཏོ། །མདོ་ལས་བཅོམ་ལྡན་འདས་ཐབས་མཁས་པ་ཞེས་པ་ནས་བདག་ཅག་གིས་མང་དུ་བྱས་པར་ཤེས་སོ་ཞེས་པའི་བར་དུ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ཐོབ་པར་རེ་བ་མེད་པ་བསྟན་ཏེ་ཐབས་མཁས་པས་ཡེ་ཤེས་ཀྱི་
เล่ม ๑๒๐ · หน้า 269b
མཛོད་ཀྱི་ཉེ་མཚམས་སུ་བཀོད་པ་ནི་དང་པོ་དྲང་བའི་དོན་གྱིས་བསྟན་ནས་ཡང་དག་པའི་ཡེ་ཤེས་མཐོང་བ་དང་ཉེ་བར་བཞག་ཅེས་པའི་དོན་ཏོ། །མདོ་ལས་བཅོམ་ལྡན་འདས་དེ་བདག་ཅག་གིས་ཞེས་པ་ནས། དེ་མི་འདོད་དོ་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཆེད་དུ་
བསྟན་གྱི་ཉན་ཐོས་ཀྱི་ཆེད་དུ་མ་བཤད་པས་རེ་བ་མེད་པ་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཆེད་དུ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡང་ཉན་ཐོས་པའི་ཆེད་དུ་མ་ཡིན་པས་མི་འདོད་དོ་ཞེས་པའི་དོན་ཏོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་སྲས་
ཡང་དག་པ་ཞེས་གསུངས་པའི་བར་དུ་ནི་སྔོན་ཉན་ཐོས་པའི་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བ་ཉིད་དུ་མ་བསྟན་མོད་ཀྱི་དེ་བཞིན་གཤེགས་པའི་རང་བཞིན་དང་རིགས་ཡོད་པས་སྔོན་ཡང་ཐབས་ཀྱིས་བསྟན་ཏོ་ཞེས་པའོ། །མདོ་ལས་བཅོམ་ལྡན་འདས་ཀྱི་ཞེས་པ་ནས་དེ་བཞིན་
གཤེགས་པའི་སྲས་འདི་དག་བཞིན་ནོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་སྲས་སུ་གྱུར་ཏེ། དེ་བཞིན་གཤེགས་པའི་སྲས་ཉིད་ཐོབ་ཅེས་པ་བསྟན་ཏོ། །དེ་ཡང་བཅོམ་ལྡན་འདས་ཆོས་འཆད་པ་མི་མཛད་པ་དང་། མྱ་ངན་ལས་འདས་པ་ཉིད་ཐེག་པ་ཆེན་པོས་ཐོབ་པར་བསྟན་པ་ཡང་
དེ་དག་གི་དོན་བསྡུ་བའོ། །དེ་ལ་འདི་ནི་དང་པོ་དང་སྦྱར་རོ། །རྒྱ་ཆེན་པོས་བྱང་ཆུབ་འཛུད་པ་ནི་གཉིས་པ་དང་སྦྱར་རོ། །ཐམས་ཅད་མཁྱེན་པའི་རིན་པོ་ཆེ་ཐོབ་སྟེ། དེ་བཞིན་གཤེགས་པའི་སྲས་འདི་དག་བཞིན་ནོ་ཞེས་པ་ནི་གསུམ་པ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་སྲས་འདི་དག་
བཞིན་ནོ་ཞེས་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་གཅིག་གི་རྒྱུས་འབྲས་བུ་ཆེན་པོ་ཐོབ་པ་བཞིན་འཕགས་པ་ཉན་ཐོས་པ་རྣམས་ཀྱང་དེ་བཞིན་དུ་འགྱུར་ཞེས་པའི་དོན་ཏོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་བདུན་པ། མདོ་ལས་དེ་ནས་ཚེ་དང་ལྡན་པ་འོད་སྲུངས་
ཆེན་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ་ཞེས་འཕགས་པ་ཉན་ཐོས་ཆེན་པོ་བཞིས་དོན་འདི་ཆུད་པ་དང་། དྲིས་པར་འདྲ་ན་འདིར་འོད་སྲུངས་གཅིག་པུ་སྨོས་པ་དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་སྐུ་བགྲེས་པའི་ཕྱིར་གཙོར་སྨོས་པས་སོ། །འདི་མན་ཆད་ཚིགས་བཅད་བརྒྱད་ཅུ་རྩ་དྲུག་ཅིག་
เล่ม ๑๒๐ · หน้า 270a
ཡོད་པ་ལ། བདུན་ཅུ་རྩ་གསུམ་གྱིས་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཆེན་པོ་ལ་སོགས་པ་བསྟན། ཚིགས་བཅད་བཅུ་གསུམ་གྱིས་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཟབ་པ་བསྟན་ཏོ། །དུམ་བུ་དང་པོ་ལ་ཡང་གསུམ་དུ་དབྱེ་སྟེ། དང་པོ་ཚིགས་བཅད་གཉིས་ཀྱིས་ནི་དོན་
བསྟན། དེའི་འོག་གི་ཚིགས་བཅད་བཞི་བཅུ་རྩ་གཅིག་གིས་ནི་དཔེ་བསྟན། དེའི་འོག་མ་ཚིགས་བཅད་སུམ་ཅུ་རྩ་གཅིག་གིས་ནི་དཔེ་དང་དོན་དུ་སྦྱོར་བ་བསྟན་ཏོ། །དེ་ཡང་ཐོས་པ་ཉི་ཚེ་སྨོས་ཀྱི་ཚིག་གཞན་མ་སྨོས་སོ། །དེ་ལ་ཡང་ཚིག་ཕྱེད་དང་གཉིས་ཀྱིས་ནི་དོན་རྣམ་པ་གཉིས་བསྟན། ཚིགས་བཅད་ཕྱེད་
ཀྱིས་ནི་དཔེ་བསྟན། མདོ་ལས་ཇི་ལྟར་སྐྱེས་བུ་བུས་པར་གྱུར་པ་ཞིག །འགྲོ་བའི་བྱིས་པ་རྣམས་ཀྱིས་བསླུས་པ་སྟེ་ཞེས་པ་ནི་འདི་མན་ཆད་ཚིགས་བཅད་བཞི་བཅུ་རྩ་གཅིག་གིས་དཔེ་འཆད་དེ། དེ་ལ་ཡང་གཉིས་སུ་དབྱེའོ། །ཚིགས་བཅད་སུམ་ཅུ་རྩ་བཞིས་ནི་སྔར་རེ་བ་མེད་པ་བསྟན། ཚིགས་བཅད་བདུན་གྱིས་
ནི་འདི་ཐོབ་པ་བསྟན་ཏོ། །དེ་ལ་ཡང་དང་པོའི་ཚིགས་བཅད་ཕྱེད་ཀྱིས་ནི་སེམས་བསྐྱེད་པའི་དཔེ་བསྟན། དེའི་འོག་མ་གཅིག་གིས་ནི་འཁོར་བར་ལྡོག་པའི་དཔེ་བསྟན། དེའི་འོག་མ་བདུན་གྱིས་ནི་སངས་རྒྱས་མཐོང་བའི་དཔེ་བསྟན། དེའི་འོག་མ་བཅུ་བཞིས་ནི་ཆེན་པོ་སྒྲུབ་ཏུ་མི་བཏུབ་པའི་དཔེ་བསྟན།
དེའི་འོག་མ་ཕྱེད་དང་བཅུས་ནི་ཐེག་པ་རྣམ་གཉིས་དྲང་བའི་དཔེ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་ཆེན་པོ་ལ་རེ་བ་མེད་པའི་དཔེ་བསྟན་ཏེ་འདི་ནི་དང་པོའོ། །མདོ་ལས། ཕ་ཡི་གནས་ནས་གལ་ཏེ་སོང་བ་ནི། །ཞེས་པ་ནས། ལོ་ནི་ལྔ་བཅུ་ལས་ཀྱང་མི་ཉུང་བར་ཞེས་པའི་བར་དུ་ནི་འཁོར་བར་ལོག་པའི་དཔེ་བསྟན།
ལྔ་བཅུ་ནི་འགྲོ་བ་རྣམ་ལྔའི་དཔེ་སྟེ། གཞན་དུ་འཁྱམས་ཞེས་པའི་དོན་ཏོ། །མདོ་ལས། དེས་ནི་དེ་ལྟ་བུ་དེ་ཚོལ་བ་ན། །ཞེས་པ་ནས། དེ་བཞིན་ཕྱུགས་དང་བ་ལང་ལུག་རྣམས་ཏེ། །ཞེས་པའི་བར་དུ་འདིས་ནི་སངས་རྒྱས་མཐོང་བ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་སྐྱེ་བའི་དཔེ་བསྟན་ཏེ།
ཕྱོགས་དང་ཕྱོགས་མཚམས་སུ་ཕྱིན་ཞེས་པ་ནི་འཁོར་བར་འཁྱམས་ཞེས་པའི་དོན་ཏེ། གྲོང་ཁྱེར་ཆེན་པོར་ཕྲད་ཅེས་པ་ནི་ཐེག་པ་ཆེན་པོའི་གནས་སུ་སོན་པའི་དོན། ཁྱིམ་བརྩིགས་ཞེས་པ་ནི་ཐུགས་རྗེ་ཆེན་པོས་བསྐྱབ་ཞེས་པའི་དོན། འདོད་པ་རྣམ་ལྔ་ལ་སོགས་པ་ལོངས་སྤྱོད་པ་ནི་ཆོས་རྣམ་པར་
เล่ม ๑๒๐ · หน้า 270b
དག་པའི་དབྱིངས་ལ་ལོངས་སྤྱོད་པ་ཤིང་རྟ་དང་བཞོན་པ་རྣམས་ནི་ཐེག་པའི་དོན་ཏོ། །མདོ་ལས། འཕེལ་ཞིང་འདུ་བ་དང་ནི་དེ་བཞིན་ཞིང་། །ཞེས་པ་ནས། འདི་ལྟར་བདག་ལ་མཛོད་ནི་མང་དུ་ཡོད། །ཅེས་པའི་བར་དུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དགེ་བ་སྣ་ཚོགས་ཀྱིས་སེམས་ཅན་སྡུད་པ་
སྟེ། བསྡུ་བ་དང་འཕེལ་བའི་ཁེ་འཚོལ་བའོ། །ཀུན་གྱིས་གུས་པར་བྱ་ཞིང་བཀུར་བས་སེམས་ཅན་དོན་བྱེད་པ་བསྟན་པའོ། །རྒས་ལ་ཞོམ་ཞིང་ཞེས་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་གནས་ཤིང་ཞེས་པའི་རྒྱས་རྒན་པ་ཐུགས་རྗེ་ཆེན་པོས་ཉིན་མཚན་གཅིག་ལ་ལན་དྲུག་དྲུག་སེམས་ཅན་གྱི་ཁམས་སུ་
གཟིགས་པས་གདུང་བར་གྱུར་པའོ། །མདོ་ལས། བདག་ནི་འཆི་བའི་དུས་ལ་ཉེ་བར་གྱུར། །ཞེས་པ་ནས། ལ་ལ་སྐྱེད་དང་སྦོགས་ཀྱང་རབ་ཏུ་གཏོང་། །ཞེས་པའི་བར་དུ་ནི་ཆོས་ཀྱི་ཟས་ཀྱིས་རབ་ཏུ་ཕོངས་པའི་ཕྱིར་བཀྲེས་པའོ། །སྤྱོད་པ་དམ་པ་མ་རྫོགས་པའི་ཕྱིར་རིད་པའོ། །ལྟ་བ་ངན་པས་
བསྒྲིབས་པའི་ཕྱིར་གཡན་པ་བྱུང་བ་ལྟ་བུའོ། །ལྷག་པའི་སྡོམ་པས་མ་བསྡམས་པའི་ཕྱིར་སྐམ་པོས་གཡོགས་པ་ལྟ་བུའོ། །མཐར་གྱིས་རྒྱུ་ཞེས་པ་ནི་ཡང་དག་པའི་དོན་ཚོལ་བའོ། །ཕའི་ཁྱིམ་དུ་ཕྱིན་ཞེས་པ་ནི་ཐེག་པ་ཆེན་པོ་དབུ་མའི་ལམ་དུ་ཞུགས་པ་ཞེས་པའི་དོན་ཏོ། །སྒོ་ན་འདུག་ཅེས་པ་ནི་
འབྲས་བུའི་སྒོ་ནི་རྒྱུ་ཡིན། དོན་དང་བསྟན་པ་ནི་ཕུགས་དང་སྒོ་ལྟ་བུར་བལྟའོ། །བགྲང་བ་ནི་འཕགས་པའི་ནོར་རྣམས་སེམས་པའོ། །སྐྱེད་དང་སྤོགས་གཏོང་ཞེས་པ་ནི་ཕྱི་ནང་གི་སྤྱོད་པས་ཕན་འདོགས་པའོ། །མདོ་ལས། དེ་ནས་དབུལ་པོ་དེས་ནི་དེ་མཐོང་བ། །ཞེས་པ་ནས། ཁྱོད་ནི་གླ་ཡང་
ཉིས་འགྱུར་སྦྱིན་པར་བྱས། །ཞེས་པ། འདིར་ནི་ཉེས་པར་གྱུར་ན་མི་རུང་སྟེ། །ཞེས་པ་ཡང་སྔོན་གྱི་སྤྱོད་པ་དང་བྲལ་ཏེ་ཆེན་པོ་སྤྱོད་དུ་མ་བཅུག་གམ་ཞེས་དོགས་པ་སྐྱེའོ། །ཞར་བ་འཐེང་གྲུམ་ཅན་ཞེས་པ་ནི་ཐེག་པ་རྣམ་གཉིས་ཀྱི་བདེན་པ་སྟོན་པ་གཞུང་མ་རྫོགས་པའི་དཔེའོ། །མདོ་ལས། མི་དེས་
འདི་ལྟ་བུ་ཡི་སྒྲ་ཐོས་ནས། །ཞེས་པ་ནས། ང་ཡི་བུ་ཡིན་ཡང་དག་གདོན་མི་ཟ། །ཞེས་པའི་བར་དུ་ནི་ཉོན་མོངས་པའི་ཕྱག་དར་བྱས་ཤིང་ཕུང་པོ་ལྔའི་ཁང་པ་གཙང་མར་བྱས་པ་དང་། རྐང་པ་བསྐུ་ཞེས་པ། རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །བསྐུ་བ་ནི་སྡོམ་པ་འཛིན་པའི་སྤྱོད་ལམ་མོ། །
เล่ม ๑๒๐ · หน้า 271a
མདོ་ལས། དེ་ནི་ཁད་ཀྱིས་བགས་ཀྱིས་ཁྱིམ་དུ་བཅུག །ཞེས་པ་ནས། བགས་ཀྱིས་མི་དེ་དེས་ཡིད་རྣམ་པར་ཕབ། །ཅེས་པའི་བར་དུ་ནི་འདིས་འཕགས་པའི་གནས་སུ་སོན་པ་བསྟན་ཏེ། ལོ་ཉི་ཤུ་ཞེས་པ་ནི་ཚིག་ལྷུག་པའི་ནང་ནས་བསྟན་ཟིན་ཏོ། །མདོ་ལས། དེ་ནི་ཤེལ་ལམ་
འགྲོན་བུ་མུ་ཏིག་ཀྱང་། །ཞེས་པ་ནས་ཆུང་ངུ་ལ་དད་པའི་ཡོན་ཏན་ཏེ། བཀོལ་བ་དེ་སྙེད་དེ་རིང་ཤིན་ཏུ་བདེ། །ཞེས་པའི་བར་དུ་ནི་རིན་པོ་ཆེ་སྣ་ཚོགས་བསྟན་པ་ཡང་ཆེན་པོ་བསྟན་ཀྱང་རེ་བ་མེད་པའི་ཕྱིར་རོ། །དབུལ་པོའི་བསམ་པ་རྗེས་སུ་ཤེས་པ་ལ་སོགས་པ་ནི་རྙེད་པ་ཆེན་པོ་རྙེད་པའི་དཔེའོ། །འོག་ནས་
ལོ་ཉི་ཤུ་ཞེས་པ་ནི་སློབ་པ་དང་མི་སློབ་པའི་འབྲས་བུ་ཐོབ་པ་ཞེས་ཀྱང་སྦྱར་རོ། །ཤིན་ཏུ་བདེ་ཞེས་པ་ནི་འབྲས་བུ་ཆེན་པོ་ཐོབ་པའི་ཕྱིར་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་དང་ལྡན་པའོ། །མདོ་ལས། དེ་བཞིན་རྣམ་པར་འདྲེན་པས་བདག་ཅག་རྣམས། །ཞེས་པ་ནས། ཁྱེད་ཀྱི་ཉན་ཐོས་ང་ཡི་བུ་ཡིན་
ན། །ཞེས་པའི་བར་དུ་འདི་ནི་དཔེ་དང་དོན་དུ་སྦྱར་ཏེ་བསྟན་པའོ། །ཆུང་ངུ་ལ་དད་པས་རེ་བ་མེད་པ་བསྟན་པ་ཡང་དེ་བཞིན་གཤེགས་པས་ཡེ་ཤེས་པའི་བསྐལ་པ་བསྟན་པ་སྟེ། ཟག་པ་མེད་པའི་གནས་ཉིད་ཀྱིས་ཆོག་པར་སེམས་པས་རེ་བ་མེད་པའོ། །མདོ་ལས། བདག་ལ་འཇིག་རྟེན་མགོན་གྱིས་
བཀའ་སྩལ་པ། །ཞེས་པ་ནས། གང་གིས་ལམ་གོམས་སངས་རྒྱས་འགྱུར་བའོ། །ཞེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཕྱེད་དུ་བསྟན་གྱི་ཉན་ཐོས་པའི་དོན་དུ་མ་བསྟན་པས་རེ་བ་མེད་པ་བསྟན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་པ་རྣམས་ལ་ཤོད་ཅིག་པར་སྦྱར་རོ། །མདོ་ལས།
དེ་ཕྱིར་བདེ་བར་གཤེགས་པས་བཀའ་སྩལ་ནས། །ཞེས་པ་ནས། བདག་གིས་བླ་ན་མེད་པའི་ལམ་བསྟན་ནས། །ཞེས་པའི་བར་དུ་ནི་ཐེག་པ་རྣམ་གཉིས་ཀྱང་དེ་བཞིན་གཤེགས་པའི་གསུང་ལ་བརྟེན་ཞེས་པའོ། །མདོ་ལས། དེ་ཕྱིར་བདེ་བར་གཤེགས་པས་བཀའ་སྩལ་ནས། །ཞེས་པ་ནས། །
ལུང་ནི་མྱ་ངན་འདའ་བ་མཐར་ཐུག་པ། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ་སྟེ། ཇི་ལྟར་གཅིག་གིས་ལུང་སྟོན་པ་བཞིན་གཞན་དག་ཀྱང་དེ་བཞིན་དུ་གསུངས་ཞེས་པའོ། །ཆོས་ཀྱི་མཛོད་རྣམས་ཡང་དག་གསུངས་པ་ནི་རྒྱལ་བའི་སྲས་ཏེ། བྱང་ཆུབ་སེམས་དཔའ་རྣམས་
เล่ม ๑๒๐ · หน้า 271b
བསྟན་པའོ། །རྒྱལ་བའི་ཡེ་ཤེས་རབ་ཏུ་བཤད་མེད་ཀྱི། །ཞེས་པ་ནི་དཔེ་དང་དོན་དུ་སྦྱར་བའོ། །འགོག་པ་དང་སྐྱེ་བ་རྣམ་པར་སྤངས་ན་ཐེག་པ་ཆེན་པོ་ལ་དད་པར་མ་གྱུར་པ་ནི་ཉན་ཐོས་ཀྱི་ཞི་བ་མྱ་ངན་ལས་འདས་པས་ཆོག་པར་སེམས་པའོ། །བདག་ཅག་ནམ་ཡང་འདི་ལ་མི་སྨོན་པ། །ཞེས་པ་ནི་
སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་རིམ་པ་བཞིན་དུ་སྟོན་ཏེ། ཐེག་པ་ཆེན་པོའི་ཡེ་ཤེས་ལ་མི་རེ་ཞེས་པའི་དོན་ཏོ། །མདོ་ལས། ཡུན་རིང་སྟོང་པ་ཉིད་ལ་ཡོངས་སུ་བསྒོམས། །ཞེས་པ་ནས། དེ་ལ་ནམ་ཡང་བདག་ཅག་འདོད་པ་མེད། །ཅེས་པའི་བར་དུ་ནི་ཉན་ཐོས་ཀྱི་མྱ་ངན་ལས་
འདའ་བ་རྙེད་པས་དེ་བཞིན་གཤེགས་པའི་དྲིན་བསབ་པའི་ཕྱིར་གཞན་གྱི་ཆོས་བཤད་པ་ཐོས་ཀྱང་རེ་བ་མེད་པ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་རོ། །མདོ་ལས། བདག་ཅག་འཇིག་རྟེན་སློབ་དཔོན་རང་བྱུང་གི །ཞེས་པ་ནས། །བརྟུལ་ནས་ཡེ་ཤེས་འདི་དག་རབ་
ཏུ་བྱིན། །ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་པའི་ཆེད་དུ་འདི་མ་བསྟན་ཏོ་ཞེས་ཚིག་བརྟུལ་བ་སྟེ། དབང་པོ་མ་སྨིན་པའི་ཕྱིར་རོ། །ཇི་ལྟར་ནོར་མང་དུ་བདོག་པའི་སྐྱེས་བུ་ཆུང་ངུ་ལ་དད་པ་རྣམས་ཐབས་མཁས་པས་བགས་ཀྱིས་བརྟུལ་ཞིང་སྦྱིན་པ་ནི་དཔེ་དང་དོན་གཉི་ག་སྦྱར་ཏེ་ཕྱིས་ཐོབ་
པར་འགྱུར་བ་བསྟན་པའོ། །མདོ་ལས། དེ་རིང་བདག་ཅག་འཕྲལ་ལ་ངོ་མཚར་གྱུར། །ཞེས་པ་ནས། ཚངས་པར་སྤྱོད་པ་མཆོག་རབ་རྣམ་དག་གང་། །ཞེས་པའི་བར་དུ་ནི། རེ་བ་མེད་པ་ལས་འབྲས་བུ་ཆེན་པོ་ཐོབ་པར་བསྟན་པ་དང་། དེ་ཡང་ལམ་བསྒོམས་པ་དང་ཚུལ་ཁྲིམས་རྣམ་པར་དག་
པའི་རྒྱུ་ལས་འབྲས་བུ་དེ་ཐོབ་ཅེས་པའོ། །མདོ་ལས། འདྲེན་པའི་བསྟན་པ་རྣམས་ལ་ཤིན་ཏུ་བསྙེན། །ཞེས་པ་ནས། འདི་འདྲ་བ་ཡི་དཀའ་བ་གང་མཛད་པ། །ཞེས་པའི་བར་དུ་ནི་འབྲས་བུ་ཆེན་པོ་མངོན་དུ་ཐོབ་སྟེ། འཕགས་པ་ཉན་ཐོས་སུ་ངེས་པ་གཞན་ལ་ཕན་འདོགས་པར་འོས་པ་མཆོད་
པའི་གནས་སུ་གྱུར་པ་བསྟན་པའོ། །དེ་བཞིན་གཤེགས་པའི་དྲིན་གྱི་ལན་ལྡོན་པ་ནི་གཞན་གྱིས་མ་ཡིན་གྱི་འདི་འདྲ་བ་ཐོབ་པ་ཞེས་སོ། །མདོ་ལས། མགོ་དང་ལག་པ་དང་ནི་རྐང་པས་ཀྱང་། །ཞེས་པ་ནས། དེ་ལ་ནམས་ཀྱང་ལན་ལྡོན་མ་གྱུར་ཏོ། །ཞེས་པའི་བར་དུ་ནི། ནང་གི་རྫས་དྲུག་དང་།
เล่ม ๑๒๐ · หน้า 272a
ཕྱིའི་སྤྱོད་པ་རྣམ་པ་བཞི་འདི་དག་གང་བྱས་ཀྱང་ལན་མི་ལོན་ཞེས་པའོ། །མདོ་ལས། ཉིད་ཀྱི་ཆེ་ཆོས་མཚུངས་པ་མེད་པའི་མཐུ། །ཞེས་པ་ནས། མཆན་མ་སྤྱོད་པ་རྣམས་ལ་ཆོས་བཤད་དེ། །ཞེས་པའི་བར་དུ་ནི་འདི་མན་ཆད་ཅི་ཕྱིར་ལན་དཀའ་བའི་གཏན་ཚིགས་རྣམ་པ་གསུམ་
ཞིག་འཆད་པ་ལས་སངས་རྒྱས་བཅོམ་ལྡན་འདས་སྤྱོད་པ་ཞན་པ་མཚན་མར་འཛིན་པ་རྣམས་ལ་ཡིད་དང་མཐུན་པར་ཆོས་སྟོན་པ་དང་། སོ་སོའི་མོས་པ་དང་། དད་པར་མཐུན་པར་ཆོས་སྟོན་པས་དཀའ་བ་མཛད་པ་དང་། དབང་པོ་སྨིན་པ་དང་། མ་སྨིན་པ་རྣམས་ལ་ཆོས་སྟོན་པ་སྟེ། རྣམ་པ་གསུམ་གྱི་ཕྱིར་ལན་
གླན་དཀའ་བའོ། །འདི་ནི་དང་པོ་དང་སྦྱར་ཏེ་སྐུ་དག་པ་རྫོགས་ལོངས་སྤྱོད་པའི་ཡོན་ཏན་སྤངས་ཤིང་སྤྲུལ་པའི་སྐུ་འཇིག་རྟེན་རྙོག་པ་ཅན་དུ་གཤེགས་པ་དང་ཡང་དག་པའི་གཞུང་དམ་པ་བསྲི་སྟེ་ཚིག་མང་པོའི་སྒོ་ནས་དོན་སྟོན་པ་དང་། ཞིང་རྣམ་པར་དག་པ་སྤངས་ཏེ། ཕྱོགས་མ་དག་པར་གཤེགས་
ཤིང་མ་རབས་ཀྱི་ཡིད་དང་མཐུན་པར་ཆོས་སྟོན་ཅིང་འདྲེན་པ་དེ་ལན་གླན་དཀའ་བ་མ་ཡིན་ནམ། མདོ་ལས། ཆོས་ཀྱི་དབང་པོ་འཇིག་རྟེན་ཀུན་ལ་མངའ། །ཞེས་པ་ནས། བརྒྱ་ཕྲག་སྟོང་གི་བར་དུ་ཆོས་བཤད་དོ། །ཞེས་པའི་བར་དུ་ནི། སོ་སོའི་མོས་པ་དང་དད་པ་བཞིན་དུ་ཆོས་སྟོན་པ་དང་སྦྱར་རོ། །མདོ་
ལས། དེ་བཞིན་གཤེགས་པས་སྤྱོད་པ་རབ་མཁྱེན་ནས། །ཞེས་པ་ནས། བྱང་ཆུབ་མཆོག་རབ་འདི་ནི་ཤིན་ཏུ་བསྟན། །ཞེས་པའི་བར་དུ་ནི་དབང་པོ་སྨིན་པ་དང་། མ་སྨིན་པ་དང་དབང་པོ་དུལ་བ་དང་། མ་དུལ་བ་དང་། བཀྲི་བ་དང་། ངེས་པའི་དོན་གང་གིས་གདུལ་བར་འོས་པ་རྣམས་ལ་མཐུན་མཐུན་དུ་
ཆོས་སྟོན་པའོ།། །།འདི་མན་ཆད་སྨན་གྱི་རྩི་ཤིང་ལས་དཔེ་བསྟན་པའི་ལེའུ་སྟེ། དེ་ལ་ཡང་ཅིའི་ཕྱིར་བཏགས་པ་དང་། ཅི་ལས་བཏགས་པ་རྣམ་པ་གཉིས་སོ། །གོང་དུ་དབང་པོ་རྟུལ་པོའི་ཆེད་དུ་དཔེ་དང་དོན་དུ་སྦྱར་ཏེ་བསྟན་པས་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཆོས་རྟོགས་ཤིང་ལུང་བསྟན་པ་
དང་ཡང་འདིར་དབང་པོ་བར་མའི་ཆེད་དུ་དཔེས་ཆོས་སྟོན་ཅིང་། ལུང་བསྟན་པར་བཞེད་པའི་ཕྱིར་དཔེ་འདི་གསུངས་པ་ལས་བཤད་པ་དང་འགྲེལ་པ་ལས་ཀྱང་། ལེའུ་འདི་ནི་ཐེག་པ་ཆེན་པོ་ལ་ང་རྒྱལ་དུ་འཛིན་པ་དགོངས་པའི་ཕྱིར་ཐེག་པ་གཅིག་ལས་ལོགས་ཤིག་ན་གཉིས་དང་གསུམ་མེད་དོ་བར་
เล่ม ๑๒๐ · หน้า 272b
བསྟན་པའི་ཕྱིར་ཏེ། དང་པོར་ཁང་ཁྱིམ་ཚིག་པའི་དཔེས་སེམས་ཅན་མ་རབས་རྣམས་ཐབས་ཀྱིས་དྲངས་ཏེ་ལྷ་དང་མིའི་བདེ་བ་ལ་དགོད་པ་དང་། དད་པའི་ལེའུ་བསྟན་པའི་ནང་དུ་ཐེག་པ་རྣམ་གཉིས་དེ་བཞིན་གཤེགས་པའི་ཐེག་པ་དང་མཉམ་པར་སེམས་ཤིང་ཐེག་པ་ཆེན་པོ་སྒྲུབ་ཏུ་མི་བཏུབ་པ་ཐེག་པ་
ཆེན་པོ་བསྒྲུབ་ཏུ་གཞུག་པ་དང་། ལེའུ་འདིའི་ནང་ནས་ནི་ཐེག་པ་ཆེན་པོ་པ་གཅིག་ཏུ་ང་རྒྱལ་གྱི་ཐེག་པ་གསུམ་སྤོང་གིས་སོ་སོ་ན་ཡོད་པའི་སེམས་པའི་ང་རྒྱལ་གཞོམ་པར་ཐེག་པ་གཅིག་པོ་བསྟན་པའི་ཕྱིར་ཆར་པ་གཅིག་བབ་པའི་རླན་གྱིས་ཤིང་རྩི་མི་མཐུན་པར་སྐྱེ་བ་བཞིན་དུ་དེ་བཞིན་གཤེགས་པའི་
གསུང་གཅིག་གིས་དགེ་བའི་རྩ་བ་སོ་སོར་སྨིན་པ་བཞིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ཆོས་སྟོན་པ་ན་ཐེག་པ་གཅིག་པ་ལམ་གཅིག་པོས་སྟོན་ཏེ་ཞེས་འབྱུང་སྟེ། བསྟན་པ་གཅིག་ལས་དབང་པོ་སོ་སོར་དབྱེ་བར་བསྟན་པའོ། །ཐབས་
མཁས་པའི་ལེའུ་ལས་ཡེ་ཤེས་དང་སྒོ་བསྟན་པ་གཉི་ག་ཡང་ཤིན་ཏུ་ཟབ་པ་ཐེག་པ་གཅིག་ཏུ་སྦྱར་བའོ། །བདེན་པ་བཞི་ལ་དབང་པོ་མི་མཐུན་པས་སོ་སོར་གོ་བ་བཞིན་ནོ། །མིང་ནི་སྨན་གྱིས་ནད་འཚོ་བར་བྱེད་པ་བཞིན་བླ་ན་མེད་པའི་སྨན་དམ་པ་འདིས་ཀྱང་ཉོན་མོངས་པའི་ནད་ཐམས་ཅད་འཚོ་བར་
བྱེད་པའི་ཕྱིར་ལུང་དང་། གཞུང་དང་སྤྱོད་པ་དང་། འབྲས་བུ་ནི་སྨན་དམ་པ་ཞེས་བྱའོ། །སྨན་ནད་ཆེ་ཆུང་སོ་སོར་ཕན་པ་བཞིན་བླ་ན་མེད་པའི་ཐེག་པ་འདི་ཡང་ཐེག་པ་རྣམ་གསུམ་གཅིག་ཏུ་སྨིན་པའི་ཕྱིར་རོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཞེས་པ་ནས་དེ་དག་གི་མཐའ་
བདེ་བར་མི་རྟོགས་སོ་ཞེས་པའི་བར་དུ་ནི་ལེའུ་འདི་ལ་དང་པོར་བསྟོད་པ་དང་། འོད་སྲུངས་ཀྱིས་ཤེས་པར་བྱོས་ཤིག་པ་དང་། དོན་གྱི་མདོ་བསྡུས་ཏེ་ལུང་བསྟན་པ་ལ་འདི་ནི་དང་པོའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པར་དཀའ་བས་མཐའ་མེད་ཅེས་པར་བསྡུས་པའོ། །མདོ་ལས།
འོད་སྲུངས་དེ་བཞིན་གཤེགས་པ་ནི། །ཞེས་པ་ནས། །དེ་དག་དེ་བཞིན་དུ་འགྱུར་རོ། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་དང་། འགྲོ་བ་མང་པོ་ལ་ཕན་པ་མཛད་པ་དང་། ཆོས་ཀྱི་དོན་རྟོགས་པ་ནི་མི་མཐུན་པ་དང་། བདག་ཉིད་ཀྱིས་རིག་པར་དཀའ་བ་སྟོན་པ་ལ་
เล่ม ๑๒๐ · หน้า 273a
འདི་ནི་དང་པོ་སྟེ། །དེ་བཞིན་གཤེགས་པའི་བཀའ་ཕུན་སུམ་ཚོགས་པ་མི་བརྫུན་པར་བསྟན་པའོ། །མདོ་ལས་འོད་སྲུངས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རིག་པར་འཇོག་སྟེ་ཞེས་པ་ནས་དེ་ལྟར་འཇོག་གོ་ཞེས་པའི་བར་དུ་ནི་ཆོས་བཤད་པས་ཕན་འདོགས་པ་སྟེ། དེ་བཞིན་
གཤེགས་པ་ཐུགས་རྗེ་ཆེན་པོ་དང་། ཐབས་མཁས་པ་དང་ལྡན་པས་མཚན་མ་དང་བྲལ་བའི་ཆོས་སྟོན་པས་འགྲོ་བ་སྨིན་པར་བྱེད་དེ། ལུང་ནི་རིགས་པ་ཅན་རིག་པའི་གཞུང་བསྒྲུབས་པས་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡེ་ཤེས་ཀྱི་ས་ལ་འཇོག་པའོ། །མདོ་ལས་ཆོས་ཐམས་ཅད་ཀྱི་དོན་གྱི་རིམ་པ་ལ་ཞེས་པ་
ནས་དམ་པའི་མཆོག་ཐོབ་སྟེ་ཞེས་པའི་བར་དུ་ནི་ཆོས་སྟོན་པའི་རིམ་པ་གསུམ་དུ་མི་མཐུན་པའི་ཕྱིར་སེམས་ཅན་རྣམས་ནི་ཡོད་པ་དང་མེད་པར་ལྟ་བ་གཉིས་ལས་མི་འདའ་བ་དང་། ཡང་དག་པའི་དོན་གྱི་མཐའ་དང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་མི་མཐུན་པས་སྐྱེད་པ་སྟེ། མདོ་ལས་ཀྱང་ཡོད་
པ་དང་མེད་པའི་ཕྱོགས་ལ་འཛུད་ཅིང་མོས་པ་དང་མཚན་ཉིད་གསུམ་གྱིས་ཡང་དག་པའི་མཐའ་ལ་འཇུག་པའོ་ཞེས་འབྱུང་སྟེ། སྤྱོད་པ་ཐམས་ཅད་དང་མཐུན་པར་འཇུག་པ་ལ་མཁས་པས་མཁྱེན་པ་ཐོགས་པ་མེད་པའི་ཕྱིར་སེམས་ཅན་གྱི་སེམས་ཀྱི་རིམ་པ་བཞིན་དུ་ཆོས་སྟོན་པའོ། །མདོ་ལས་འོད་སྲུངས་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ཞེས་པ་ནས་ཡེ་ཤེས་ལ་མངོན་པར་འཇོག་གོ་ཞེས་པའི་བར་དུ་ནི་སེམས་ཅན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རང་གིས་མི་ཤེས་པའི་ཕྱིར་དེ་བཞིན་གཤེགས་པ་གདོན་མི་ཟ་བའི་མཐའ་མཁྱེན་པ་སེམས་ཅན་གྱི་དབང་པོའི་རིམ་པ་མཁྱེན་པས་
སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ཡེ་ཤེས་བསྟན་ཏེ། མ་བསྟན་པར་ནི་བདག་དང་གཞན་གྱི་མཚན་ཉིད་མི་ཤེས་པའོ། །ཡང་ཆོས་སྟོན་པ་ནི་སྔ་ཕྱིའི་མཚན་ཉིད་སྟོན་པ་ལ་མངའ་བརྙེས་པའི་ཕྱིར་སྟོན་པ་དང་། ཡང་ན་ཐབས་མཁས་པའི་ཡེ་ཤེས་ཀྱིས་སོ་སོའི་མཚན་ཉིད་སྟོན་པའོ། །དེ་ལ་ཡང་
རྣམ་པ་བཞི་སྟེ། བྱང་ཆུབ་དང་མྱ་ངན་ལས་འདའ་བའི་མཚན་ཉིད་འབྱེད་པ་ལ་མཁས་པ་ཐབས་མཁས་པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ཀྱི་སྤྱོད་པ་འབྱེད་པ་ལ་མཁས་པ་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་སེམས་ཅན་རྣམས་ལ་སྟོན་པར་མཁས་པ་དང་། བྱང་ཆུབ་ཀྱི་ཡེ་ཤེས་དང་འབྲས་བུ་
เล่ม ๑๒๐ · หน้า 273b
སེམས་ཅན་རྣམས་ཀྱིས་རྟོགས་པར་བྱེད་པ་ལ་ཐོགས་པ་མེད་པར་འཛུད་པ་དང་། བདག་ཉིད་སྔོན་དེ་འདྲ་བའི་སྤྱོད་པ་ལ་ཞུགས་པའི་ཕྱིར་གཞན་ཡང་ཡེ་ཤེས་དེ་ལ་འཇོག་པའོ། །ཡང་དེ་དབྱེ་བ་ལ་རྣམ་པ་བཞི་སྟེ། ཆོས་རྣམས་ཀྱི་བདེན་པ་ཉིད་ལ་ཐུག་པ་དང་། ཡོད་པ་དང་མེད་པ་ལ་མཁས་པ་དང་། ཡེ་
ཤེས་སྐྱེ་བ་ལ་སེམས་དགའ་བ་དང་། བཀྲི་བ་དང་ངེས་པའི་དོན་སྟོན་པ་ལ་མཁས་པའོ། །ཡང་ཐབས་མཁས་པའི་ཡེ་ཤེས་ནི་བདེན་པ་ཉིད་ནི་ཐ་སྙད་དང་བྲལ་བ་ན་ཚིག་གིས་མཚོན་ཅིང་སྟོན་པ་ནི་ཐབས་མཁས་པའི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་ས་ཞེས་པ་ནི་བརྟེན་པའི་དོན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གཟིགས་
པའི་གནས་ནི་ཡང་དག་པའི་མཐའོ། །ཡང་ན་ལུང་ནི་རིགས་པ་ལ་གཞོལ་བ། རིགས་པ་ནི་སྤྱོད་པ་དང་མཐུན་པ། སྤྱོད་པ་ནི་འབྲས་བུ་དང་འབྲེལ་པ་དེ་སངས་རྒྱས་ཀྱི་ས་ཞེས་བརྗོད་དོ། །དེ་བཞིན་གཤེགས་པས་གཟིགས་ཏེ་ཞེས་པ་ནི་ཡོད་པ་དང་མེད་པའི་ཆོས་རྣམས་གཟིགས་ཏེ། ཆོས་རྣམས་
ནི་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དེ་གསུམ་མོ། །སེམས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་མཁྱེན་པ་ནི་སེམས་ཅན་རྣམས་ཀྱི་སྤྱོད་པ་དང་། དེའི་ལྷག་པའི་མོས་པ་དང་འཇུག་པ་ཐོགས་པ་མེད་པར་མཁྱེན་པའོ། །ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་
ལྟ་བ་བཞིན་དུ་གཟིགས་པ་དེ་སེམས་ཅན་རྣམས་ལ་ཡང་དེ་བཞིན་དུ་སྟོན་པའོ། །དེ་འདྲ་བར་སྟོན་པ་ཉིད་གདོན་མི་ཟ་བའི་ཡེ་ཤེས་ཏེ། དེ་འདྲ་བའི་བརྙེས་པས་སེམས་ཅན་རྣམས་ལ་ཆོས་གཅིག་སྟོན་པས་དབང་པོ་མི་མཐུན་པ་ཐེག་པ་རྣམ་ལྔར་གྱུར་པ་རྣམས་གཅིག་སྟེ། གཉིས་དང་གསུམ་དུ་མེད་དོ། །མདོ་
ལས་འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས་ཇི་སྙེད་སྐྱེས་པ་ཞེས་པའི་བར་དུ་ནི། དཔེ་དེ་དག་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྤྱིའི་དཔེ་དང་། སོ་སོའི་དཔེའོ། །འདི་ནི་དང་པོ་སྟེ། རི་དང་ས་ཞེས་པ་ས་ཡན་ཆད་ནི་བསྐྱེད་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་པ་ནི་བསྐྱེད་པའི་གཞིའོ། །ཤིང་
རྩི་དེ་དག་ཀྱང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམས་ཀྱི་ས་བོན་གྱི་དཔེ་སྟེ། སྨན་དང་ནགས་ཞེས་པ་ཐེག་པ་རྣམ་ལྔའི་ས་བོན་སོ་སོ་མི་མཐུན་པར་གྱུར་པའི་དཔེའོ། །མདོ་ལས་སྤྲིན་ཆུ་ཆེན་པོ་རྒྱས་པ་ལངས་ཞེས་པ་ནས། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པའི་
เล่ม ๑๒๐ · หน้า 274a
བར་དུ་ནི་དཔེ་དེ་དག་རྣམ་པ་བཞིར་དབྱེ་སྟེ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་དུ་བྱུང་བའི་དཔེ་དང་བསྟན་པས་ཕྱོགས་སུ་བརླན་པའི་དཔེ་དང་འབྲས་བུ་མི་མཐུན་པར་སྨིན་པའི་དཔེ་དང་དེ་ལྟར་བརླན་པར་མི་སེམས་པའི་དཔེ་དང་བཞིའོ། །སྤྲིན་རྒྱས་པར་ལངས་ཞེས་པ་ནི་དཔེ་དང་པོ་དང་སྦྱར། དེའི་
འོག་མ་ནི་གཉིས་པ་དང་སྦྱར་ཏེ། སྤྲུལ་པའི་སྐུས་ཕན་པའི་དོན་མང་པོ་ལ་ཁྱབ་པར་ཁེབས་པ་ནི་སྤྲིན་གྱི་དོན་ཏོ། །སྤྲིན་དེ་ཡང་ཡོན་ཏན་བཅུ་དང་ལྡན་པ་ནི་ཚིགས་སུ་བཅད་པའི་ནང་ནས་སྟོན་ཏོ། །སྤྲུལ་པའི་སྐུ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྨོན་ཅིང་ཁྱབ་པར་སྣང་བས་ཁེབས་ཞེས་པའི་
དོན་ཏོ། །དུས་གཅིག་ཏུ་ཆར་མཉམ་པར་ཕབ་ཞེས་པས་ནི་འབྲས་བུ་སོ་སོར་སྨིན་ཞེས་པའི་དོན་དང་གསུང་གཅིག་གིས་ཆོས་སྟོན་པའི་དོན་ཏོ། །མདོ་ལས་འདིའི་རྩྭ་དང་། ཤིང་ཕྲད་པོ་དང་ཞེས་པ་ནས་འཕེལ་ཞིང་རྒྱས་པར་འགྱུར་རོ་ཞེས་པའི་བར་དུ་ནི་འབྲས་བུ་སོ་སོར་སྨིན་པའི་དཔེ་སྟེ། དེ་
ལའང་དངོས་བརླན་ཏེ་སྨིན་པ་དང་། ཞར་ལ་སྨིན་པའོ། །དེ་ལ་འདི་རིགས་རྣམ་གསུམ་ཡོད་པའི་ཕྱིར་ཐེག་པའང་རྣམ་གསུམ་དུ་འགྱུར་ཏེ། དེ་ལ་ཡང་མདོ་ལས་དཔེར་ན་མི་ནད་པ་གསུམ་ཞིག་ཡོད་པ་ལ་གཅིག་ནི་སྨན་པ་མཁས་པ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་ངེས་པར་འཚོ་བ་དང་། ནད་པ་
གཅིག་ནི་སྨན་པས་གསོས་ན་འཚོའི་མ་གསོས་ན་མི་འཚོ་བ་དང་། གཅིག་ནི་སྨན་པས་གསོས་ཀྱང་མི་འཚོ་བ་སྟེ། འབྲས་བུ་ཆེ་ཆུང་གི་རིམ་པའང་དེ་བཞིན་དུ་སྦྱར་རོ། །སྡོང་བུ་ཆེན་པོ་དང་བར་མ་དང་། ཆུང་ངུ་ལ་སྨོས་པ་ཡང་ལུང་དང་། གཞུང་དང་། སྤྱོད་པ་དང་། འབྲས་བུའི་དཔེ་སྟེ། འབྲས་
བུ་རིམ་པ་བཞིན་དུ་སྦྱར་རོ། །ཆུ་རོ་གཅིག་པས་ཆུང་ངུ་བངས་པ་ནི་མི་ལྡོག་པའི་ས་ལ་གནས་པ་རྣམས་སོ། །ཆེར་བངས་པ་ནི་རྣམ་པ་གཉིས་ཏེ་ས་བདུན་པ་མན་ཆད་ཆུང་ངུ་བངས་པ། བརྒྱད་པ་ཡན་ཆད་ནི་ཆེར་བངས་པའོ། །དེ་ཡང་ས་དང་པོ་མན་ཆད་ནི་གཅིག་ཏུ་ཟག་པ་དང་བཅས་པའི་
བསྒྲུབ་པའོ། །ས་བདུན་པ་མན་ཆད་ནི་ཟག་པ་མེད་པ་གཉིས་ཀའི་བསྒྲུབ་པའོ། །ས་བརྒྱད་པ་ཡན་ཆད་ནི་གཅིག་ཏུ་ཟག་པ་མེད་པའི་བསྒྲུབ་པའོ། །ཡང་ན་ས་དང་པོ་མན་ཆད་ནི་ཆུང་ངུ་བངས་པ། ས་དང་པོ་ཡན་ཆད་ནི་མི་ལྡོག་པའི་ས་སྟེ་ཆེར་བངས་པའོ། །མདོ་ལས་དེ་བཞིན་དུ་མེ་ཏོག་དང་
เล่ม ๑๒๐ · หน้า 274b
ཞེས་པ་ནས་མིང་ཐོབ་བོ་ཞེས་པའི་བར་དུ་ནི་ལུང་དང་འབྲས་བུ་སོ་སོར་བསྟན་པ་སྟེ། བསྟན་པ་གཅིག་ལས་འབྲས་བུ་མི་མཐུན་པར་གྲུབ་ཅེས་པའི་དོན་ཏོ། །ཆར་པ་གཅིག་གིས་བརླན་པ་ལས་མེ་ཏོག་དང་འབྲས་བུ་སོ་སོར་སྐྱེ་བ་བཞིན་ཏེ། དང་པོ་ཐོས་པ་དང་བསམས་པའི་ཤེས་རབ་ནི་མེ་ཏོག་ལྟ་བུར་བལྟའོ། །
བསྒྲུབ་ན་འབྲས་བུ་ཐོབ་པའི་དཔེ་འདི་ནི་འབྲས་བུའི་དཔེའོ། །ཆར་པ་རོ་གཅིག་གིས་ཞེས་པ་ནི་གསུང་རབ་གཅིག་གིས་ཞེས་པའི་དོན་ཏོ། །ལྷག་པའི་ཚུལ་ཁྲིམས་དང་། ཤེས་རབ་དང་། ཏིང་ངེ་འཛིན་ཀྱང་སོ་སོའི་དབང་པོ་ལས་ཐེག་པ་ཆེ་ཆུང་གིས་སོ་སོར་མཐོང་བའང་དེ་དང་འདྲའོ། །མདོ་ལས་ས་གཅིག་
ལ་གནས་པའི་སྨན་མང་པོ་དང་ཞེས་པ་ནས་བངས་པ་དེ་བཞིན་དུ་ཞེས་པའི་བར་དུ་ནི་སོ་སོ་ནས་དེ་ལྟར་བྱས་པར་མི་སེམས་པའི་དཔེ་སྟེ། ཐེག་པ་རྣམ་གསུམ་གྱི་རིགས་ཀྱང་ཡང་དག་པའི་གཞུང་གཅིག་ལ་བརྟེན་པ་ནི། ས་གཅིག་ལ་གནས་པ་དང་འདྲ། དེ་བཞིན་གཤེགས་པ་གཅིག་གིས་བསྟན་པ་ལས་གོ་བ་
ནི་ཆར་པའི་རོ་གཅིག་གིས་བངས་པ་བཞིན་ཏེ། འབྲས་བུ་སོ་སོར་སྨིན་པ་དང་། ཤིང་རྩི་སྣ་ཚོགས་སུ་འགྱུར་བ་ཡང་མི་སེམས་མི་ཤེས་སོ། །མདོ་ལས་འོད་སྲུངས་དེ་བཞིན་གཤེགས་པ་ཞེས་པ་ནས་གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེབས་པ་ཞེས་པའི་བར་དུ་ནི་དེ་བཞིན་དུ་དཔེ་
དོན་དུ་སྦྱར་བ་སྟེ། མདོ་ལས་འབྱུང་བ་བཞིན་དུ་གོ་བར་གྱིས་ཤིག །མདོ་ལས་འོད་སྲུངས་དེ་བཞིན་གཤེགས་པ་ཞེས་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པའི་བར་དུ་ནི་འབྲས་བུ་བརླན་པ་མི་མཐུན་པའི་དཔེ་སྟེ། སྔར་ནི་དོན་བསྟན། ཕྱིས་ནི་མི་མཐུན་པའི་དཔེ་དང་སྦྱར་བའོ། །དང་པོའང་
དེ་བཞིན་གཤེགས་པ་ཉིད་ལས་གླེང་པ་སྟེ། དོན་རྣམ་པ་གསུམ་མོ། །ཡོན་ཏན་གྱི་མཚན་ལས་གླེང་པ་དང་། དོན་མཛད་པ་ལས་གླེང་པ་དང་། མཁྱེན་གཟིགས་པ་ལས་གླེང་པ་སྟེ། འདི་ནི་དང་པོའོ། །མདོ་ལས་མ་རྒལ་བ་བསྒྲལ་ལོ་ཞེས་པ་ནས་མྱ་ངན་ལས་བཟླའོ་ཞེས་པའི་བར་དུ་ནི་དོན་མཛད་པ་
ལས་གླེང་པ་སྟེ། སྨོན་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །སྡུག་བསྔལ་ལས་བསྒྲལ་བ་དང་། སྡིག་པ་མི་དགེ་བའི་ལས་ལས་དགྲོལ་བ་དང་། བདེ་བ་མ་ཐོབ་པ་རྣམས་བདེ་བ་ལ་བཞག་པ་དང་། མྱ་ངན་ལས་འདས་པ་མ་ཐོབ་པ་ཐོབ་པར་བྱ་བ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་སྤངས་པ་དང་།
เล่ม ๑๒๐ · หน้า 275a
ལམ་བསྒོམ་པ་དང་། འགོག་པ་མངོན་དུ་བྱ་བ་སྟེ། རིམ་པ་བཞིན་ནོ། །མདོ་ལས་ང་ནི་ད་ལྟར་གྱི་འཇིག་རྟེན་འདི་དང་ཞེས་པ་ནས་ལམ་བསྒོམ་པ་ལ་མཁས་པའོ་ཞེས་པའི་བར་དུ་ནི་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་གཟིགས་པ་སྟོན་ཏེ། དེ་ཡང་རིག་པ་གསུམ་དང་། ཡེ་ཤེས་
གཉིས་དང་། ཆོས་ཤེས་པ་དག་གསུམ་སྟོན་ཏོ། །རིག་པ་གསུམ་ནི་དུས་གསུམ་རིག་པའོ། །ཡེ་ཤེས་གཉིས་ནི་དོན་དམ་པའི་ཡེ་ཤེས་དང་། ཀུན་རྫོབ་ཀྱི་ཡེ་ཤེས་སོ། །ཡུལ་རབ་ཏུ་ཤེས་པ་སྤྱོད་པ་རབ་ཏུ་འཆད་པ། འབྲས་བུ་རབ་ཏུ་རིག་པའོ། །ཤེས་པ་ནི་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཤེས་
པ། འཆད་པ་ནི་དགེ་བ་དང་མི་དགེ་བ་འཆད་པ། མཁས་པ་ནི་བསྒོམ་པ་དང་བསྒྲུབ་པ་ལ་མཁས་པའོ། །ཡང་ན་ཐེག་པ་རྣམ་གསུམ་རིམ་བཞིན་དུ་སྦྱར་རོ། །མདོ་ལས་དེ་ལྟར་འོད་སྲུངས་སྲོག་ཆགས་མང་པོ་ཞེས་པ་ནས་མཐུ་ཇི་ལྟ་བ་བཞིན་དུ་འཇུག་གོ་ཞེས་པའི་བར་དུ། དབང་པོ་དང་ཞེས་པ་ནི་
དབང་པོ་རྣོན་པོའི་ཆེད་དུ་ཐེག་པ་ཆེན་པོ་བསྟན། དབང་པོ་རྟུལ་པོ་ལ་ནི་ཐེག་པ་རྣམ་གཉིས་བསྟན། དབང་པོ་རྣོན་པོའི་ཆེད་དུ་སྡོང་བུའི་སྨན་ཆེན་པོ་བསྟན། དབང་པོ་རྟུལ་པོ་ལ་ནི་སྨན་ཆུང་ངུ་བསྟན། བརྩོན་འགྲུས་ཅན་ལ་ནི་སྒྲུབ་པའི་སྤྱོད་པ་བསྟན། ལེ་ལོ་ཅན་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་སྟོན་ཏོ། །
སེམས་ཅན་རྣམས་ཚེ་འདི་ལ་བདེ་བར་གྱུར་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པའི་ཆོས་ལ་སྟོབས་དང་མཐུ་ཇི་ལྟ་བ་བཞིན་དུ་འཇུག་གོ་ཞེས་པ་ནི་སེམས་ཅན་རྣམས་ཆོས་ཐོས་པ་ཙམ་གྱིས་བདེ་བ་ཐོབ་སྟེ། དེ་ཡང་འཇིག་རྟེན་གྱི་བདེ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བའོ། །འཇིག་རྟེན་གྱི་བདེ་བ་ནི་ཚེ་འདི་ལ་
སྤྱོད་པ་ཡིད་དུ་འོང་བ་དང་ལྡན་ཞིང་དགེ་བའི་སྤྱོད་པ་བསྒྲུབས་པས་བདེ་བའི་འབྲས་བུ་ཐོབ་པའོ། །འཇིག་རྟེན་ལས་འདས་པའི་བདེ་བ་ནི་སྒྲིབ་པ་བྱང་བས་ཆོས་ཉིད་ལ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ཡང་ལྷག་པའི་མོས་པས་བསྐྱེད་པའི་ལམ་དང་། ངེས་པའི་ལམ་སྟེ་སྒྲིབ་པ་རྣམ་པ་གཉིས་
སྤངས་པ་ལ་རིམ་པ་བཞིན་དུ་འཇུག་གོ། །མདོ་ལས་འདི་ལྟ་སྟེ། འོད་སྲུངས་དཔེར་ན་ཞེས་པ་ནས་བདག་བདག་གི་རིགས་དང་ཚད་དུ་སྐྱེའོ་ཞེས་པའི་བར་དུ་ནི་དཔེ་དང་དོན་དུ་སྦྱར་ཏེ། འབྲས་བུ་མི་མཐུན་པར་གྱུར་པའོ། །མདོ་ལས་འོད་སྲུངས་དེ་བཞིན་གཤེགས་པ་ཞེས་པ་ནས་བདག་གིས་བདག་ཤེས་པའམ་རིག་པའམ། རྟོགས་
เล่ม ๑๒๐ · หน้า 275b
པ་མེད་དོ་ཞེས་པའི་བར་དུ་ནི་དཔེ་ཕྱི་མ་དང་དོན་དུ་སྦྱར་བ་སྟེ། རོ་གཅིག་ཅེས་པ་ནི་མཚན་མ་མེད་པར་རོ་གཅིག་པ། མཚན་མ་མེད་པའི་རོ་དང་། ཟག་པ་མེད་པའི་རོ་དང་། རྣམ་པར་གྲོལ་བའི་རོ་གཅིག་པའོ། །དེ་ལྟར་རོ་གཅིག་གིས་སོ་སོར་སྨིན་པ་དང་། ཤིང་དང་འབྲས་བུ་སོ་སོར་བརླན་པ་ཡང་བདག་སོ་སོ་ནས་
སེམས་པ་མེད་དོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ཞེས་པ་ནས་ཇི་ལྟ་བ་བཞིན་དུ་གཟིགས་སོ་ཞེས་པའི་བར་དུ་ནི་དེ་ལའང་སེམས་ཅན་གྱི་སྤྱོད་པ་སྤྱིར་མཁྱེན་པ་དང་། སོ་སོར་མཁྱེན་པ་དང་། མཁྱེན་པ་དེ་གཉིས་བསྡུ་བའོ། །སེམས་ཅན་དེ་དག་ཅི་ལྟ་བ་བཞིན་དུ་མཁྱེན་པ་ནི་འདུས་བྱས་སམ། འདུས་
མ་བྱས་ཀྱི་ཚུལ་དུའམ། སྤྱོད་པའམ། སེམས་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་དུ་མཁྱེན་པའོ། །ཅི་ལ་སེམས་ཞེས་པ་དག་ནི་མཁྱེན་པ་སོ་སོར་སྨོས་པ་སྟེ། ཤེས་རབ་རྣམ་གསུམ་གྱི་སྒོ་ནས་རང་བཞིན་མཁྱེན་པ་དང་། སྤྱོད་པ་དང་། དངོས་པོ་མཁྱེན་པ་དང་། སྤྱོད་པ་གང་གིས་འབྲས་བུ་ཅི་འཐོབ་པ་དང་། ལུང་གང་གིས་འབྲས་
བུ་ཅི་སྒྲུབ་པ་སྟེ། ཆོས་དེ་བཞིའི་རིམ་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ཞེས་པའོ། །མངོན་སུམ་དུ་གཟིགས་པ་དང་། ཇི་ལྟ་བ་བཞིན་དུ་གཟིགས་པ་ནི་མཁྱེན་པ་དེ་དག་བསྡུ་བ་སྟེ། སེམས་ཅན་གྱི་གཞི་དང་། སེམས་ཀྱི་སྤྱོད་པ་མཚན་མ་དང་། དངོས་པོ་དང་། རང་བཞིན་མ་ལུས་པར་གཟིགས་པའི་ཕྱིར་གཟིགས་པའོ། །
མདོ་ལས་དེ་དང་དེ་དག་ན་གནས་པའི་སེམས་ཅན་དེ་རྣམས་ཞེས་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གློ་བུར་དུ་མི་སྟོན་ཏོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་མཁྱེན་པ་དང་། སེམས་ཅན་གྱི་མཁྱེན་པ་ཤེས་པ་དེ་གཉིས་བསྡུ་བའི་ཁྱད་པར་བསྟན་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཟབ་པ་དང་། སེམས་
ཅན་གྱི་ཤེས་པ་ཆུང་བར་གྱུར་པས། དེ་བཞིན་གཤེགས་པའི་བསྟན་པ་ཟབ་མོའི་གནས་མ་ཡིན་པར་བསྟན་པའོ། །མདོ་ལས་འོད་སྲུངས་དེ་བཞིན་གཤེགས་པས་ལྡེམ་པོ་ངག་ནི་བཤད་པ་ལ་ཞེས་པ་ནས་ལྡེམ་པོ་ངག་ནི་ཤེས་པར་དཀའོ་ཞེས་པའི་བར་དུ་ནི་འོད་སྲུངས་ཆེན་པོས་ཟབ་མོ་འདི་ཤེས་ཀྱི་གཞན་གྱིས་མི་ཤེས་ཏེ།
མཚན་ཉིད་ནི་འོག་ནས་སྟོན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞེས་པ་ནས་ཤིན་ཏུ་དད་པ་ཤེས་ནས་སུ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པས་དོན་གོང་མ་རྣམས་བཟླས་ཏེ་སྟོན་པ་ལ། ཚིགས་བཅད་ལྔ་བཅུ་རྩ་གཅིག་གིས་ནི་གོང་མའི་དོན་བཟླས་འོག་མ་གཅིག་གིས་ནི་བསྡུས་པའི་དོན་བསྟན་
เล่ม ๑๒๐ · หน้า 276a
ཏོ། །ཆོས་རྒྱལ་ཞེས་པ་ནི་ཆོས་ལ་མངའ་བརྙེས་པས་ཆོས་ཅི་སྟོན་པ་འཁྲུལ་པ་མི་མངའ་བའི་ཕྱིར་ཆོས་ཀྱི་རྒྱལ་པོའོ། །འབྱུང་བ་འཇོམས་ཞེས་པ་ནི་འཇིག་རྟེན་གསུམ་འཇོམས་པའམ། སྲིད་པ་བཞི་དང་ལྔ་འཇོམས་ཞེས་པའི་དོན་ཏོ། །ཡང་ན་ཚིགས་བཅད་བཞི་པོ་འདི་ལ་ཆོས་ཀྱི་སྐུ་དང་།
རྫོགས་པ་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་རིམ་པ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་སྦྱར་རོ། །མདོ་ལས། དབང་པོ་ཆེན་པོ་བློ་བསྟན་པ། །ཞེས་པ་ནས། སྲོག་ཆགས་རྣམས་ལ་མི་སྨྲའོ། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པ་ངོ་མཚར་དུ་བྱ་བ་སྟེ། བཀྲི་བ་དང་ངེས་པའི་དོན་བཤད་
པ་ལ་སོ་སོའི་དབང་པོ་དང་སྦྱར་ཏེ། གཟོད་འཆད་ཀྱི་གློ་བུར་དུ་མི་གསུང་ཞེས་པའི་དོན་ཏོ། །མདོ་ལས། ཡེ་ཤེས་དེ་ནི་ཆུད་དཀའ་བ། །ཞེས་པ་ནས། །དེ་ལྟ་བས་ན་འཁོར་བའོ། །ཞེས་པའི་བར་དུ་ནི་སོ་སོ་ནས་ཐེ་ཚོམ་དང་། དོགས་པ་སྐྱེ་བས་ཆུད་དཀའ་བས་མ་བཤད་ཅེས་པའི་དོན་ཏོ། །མདོ་ལས་བཤད་པ་
ཚིག་འདྲ་ཡུལ་དང་ཞེས་པ་ནས། ལྟ་བ་དག་ནི་དྲང་པོར་བྱ། །ཞེས་པའི་བར་དུ་ནི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་གསུང་དང་བྱིན་གྱི་རླབས་ཀྱིས་མ་བསྟན་པར་རང་གིས་རིག་པའི་བློ་མི་སྐྱེ་བས་ཡང་དག་པའི་དོན་བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་བས་སེམས་ཅན་རྣམས་དབང་པོ་ཇི་ལྟ་བ་བཞིན་དུ་དོན་
རྟོགས་ཤིང་རིག་པ་སྐྱེ་ཞེས་པའི་དོན་ཏོ། །མདོ་ལས། འོད་སྲུངས་སྤྲིན་ནི་ཇི་ལྟ་བུ། །ཞེས་པ་ནས། ཐམས་ཅད་དུ་ནི་ཆུ་ཡང་གཏོང་། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་སྟེ། ཆོས་སྟོན་པ་ཡང་ཇི་ལྟར་འཇིག་རྟེན་དུ་བྱུང་སྟེ་ཆར་འབབ་པ་ཀླུའི་རྒྱལ་པོས་ཞག་བདུན་གྱི་བར་དུ་
སྤྲིན་བསྡུས་ནས་ཆར་འབེབས་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་སྤྲིན་ཕྱོགས་བཅུ་ཐམས་ཅད་དུ་ཁེབས་པར་མཛད་དེ། སེམས་ཅན་གྱི་དབང་པོ་སྨིན་པའི་དུས་དང་སྦྱོར་ཞིང་ཆོས་སྟོན་ཏོ། །སྤྲིན་དེ་ཡང་གློག་གི་ཕྲེང་བ་དང་བཅས་པ་འབྲུག་གི་སྒྲ་གྲག་པ་ཉི་མའི་འོད་སྒྲིབ་པ། དཀྱིལ་འཁོར་ཐམས་ཅད་བསིལ་བར་
བྱེད་པ་ལག་གིས་བརྙབ་ཏུ་རུང་བ་འདྲ་བར་འདུག་པ་བཞིན་དེ་བཞིན་གཤེགས་པའི་འོད་ཀྱིས་ཕྱོགས་བཅུར་སྣང་བར་མཛད་པ། ཆོས་ཀྱི་འབྲུག་སྒྲ་སྒྲོགས་པས་བདུད་དང་ལོག་པར་ལྟ་བ་རྣམས་དངང་བར་མཛད་པ། ཐུགས་རྗེའི་སྤྲིན་གྱིས་ཕྱོགས་ཐམས་ཅད་དུ་ཁེབས་པས་འགྲོ་བ་དགའ་བར་མཛད་པ། ལོག་པའི་
เล่ม ๑๒๐ · หน้า 276b
ཉི་མ་འཆར་བ་ཟིལ་གྱིས་གནོན་པ། སྡུག་བསྔལ་གྱི་གནས་ཐམས་ཅད་བསལ་ཏེ། མྱ་ངན་ལས་འདས་པའི་གནས་བསིལ་བར་མཛད་པ། ཐུགས་རྗེའི་ལྷུན་ལུས་དང་སེམས་འདུན་པའི་ལག་གིས་བརྙབ་ཏུ་རུང་བ་ཙམ་དུ་སེམས་པའོ། །མདོ་ལས། དེ་ནི་སྙོམས་པར་འབེབས་པ་ཡང་། །ཞེས་པ་ནས།
སྡོང་པོར་གྱུར་པ་གང་ཡང་རུང་། །ཞེས་པའི་བར་དུ་ནི་སོ་སོར་སྨིན་པར་བྱེད་པ་ལ་ཡོན་ཏན་གྱི་ཆར་འབེབས་པ་དང་། དངོས་པོ་སོ་སོར་སྐྱེས་པ་དང་། སྐྱེས་པ་རྣམས་དོན་དུ་འགྱུར་བར་མཛད་པ་སྟེ། མཐོ་དམན་མེད་པར་སྙོམས་པའི་ཐུགས་རྗེས་ཀུན་གྱི་དོན་མཛད་ཅེས་པར་སྦྱར་རོ། །མདོ་ལས། དེ་དང་སྨན་
ལྗོངས་རྣམས་ནས་སམ། །ཞེས་པ་ནས། འབྲས་བུ་མེ་ཏོག་རྣམས་ཀྱང་དེ་བཞིན་འཕེལ། །ཞེས་པའི་བར་དུ་ནི་བརླན་པར་བྱ་བའི་དངོས་པོ་བསྟན་ཏེ། དེ་ཡང་སྤྱི་དང་ཁྱད་པར་དུ་དབྱེ་བའོ། །ཐེག་པ་རྣམ་གསུམ་རིགས་སོ་སོར་སྨིན་པ་ནི་སྡོང་པོ་དང་ཡལ་ག་མེ་ཏོག་བཞིན་ནོ། །མདོ་ལས། སྤྲིན་གྱི་ཆར་གྱིས་མང་
པོ་སྨན་རྣམས་ལ། །ཞེས་པ་ནས། དེ་ནི་ཆར་པ་རོ་གཅིག་ཕབ་པའོ། །ཞེས་པའི་བར་དུ་ནི་བརླན་པར་བྱ་བ་རྣམས་དོན་དུ་སྒྲུབ་སྟེ། སོ་སོར་སྨིན་པར་བྱེད་པའི་དཔེའོ། །མདོ་ལས། དེ་བཞིན་འོད་སྲུངས་སངས་རྒྱས་འཇིག་རྟེན་འདིར། །ཞེས་པ་ནས། སྲོག་ཆགས་ལ་ནི་ཡང་དག་སྤྱོད་པ་སྟོན། །ཞེས་པའི་བར་དུ་ནི་
དཔེ་དང་དོན་དུ་སྦྱར་བ་སྟེ། ཚིག་དང་པོ་གཉིས་ཀྱིས་ནི་སྦྱོར་བ་བསྟན། གཞན་གྱིས་ནི་འབྲས་བུ་མི་མཐུན་པ་བསྟན་ཏེ། འདི་ནི་དང་པོའོ། །མདོ་ལས། དེ་ལྟར་དྲང་སྲོང་ཆེན་པོ་ཡང་དག་སྒྲོག །ཅེས་པ་ནས། ངས་ནི་འདོད་དང་མྱ་ངན་འདའ་བ་སྦྱིན། །ཞེས་པའི་བར་དུ་འདིས་ནི་འབྲས་བུ་སོ་སོར་བརླན་པ་བསྟན་ཏེ།
འདི་མན་ཆད་ཆེད་དུ་བསྒྲགས་པ་དང་། འཁོར་བསྡུ་བ་དང་ཕན་གདགས་ཤིང་དྲང་བ་ཐོས་པ་རྣམས་ཕན་པ་འཐོབ་པ་དང་། དེ་ཐོས་ནས་འདུ་བ་སྟེ་འདི་ནི་དང་པོའོ། །རིགས་ཡོད་དུ་ཟིན་གྱིས་ཀྱང་དམ་པའི་ཆོས་ཀྱིས་མ་བརླན་པའི་ཕྱིར་ལུས་བསྐམས་པའོ། །མདོ་ལས། ལྷ་དང་མི་ཚོགས་རྣམས་ཀྱང་ང་ལ་ཉོན།
ངལ་ལྟ་བའི་ཕྱིར་ནི་ཉེ་བར་གཤེགས། །ཞེས་པས་འཁོར་བསྡུ་བའོ། །མདོ་ལས། ང་ནི་དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཟིལ་གྱིས་མི་ནོན་ཞེས་པ་ནས། །དེ་ནི་རྣམ་གྲོལ་མྱ་ངན་འདས་པའོ། །ཞེས་པའི་བར་དུ་ཕན་གདགས་པ་སྟེ། དམ་པའི་ཆོས་སྟོན་པ་དང་། ཐེག་པ་ཆེན་པོའི་རྒྱུ་སྟོན་པ་
เล่ม ๑๒๐ · หน้า 277a
དང་། ཆོས་སྙོམས་པར་སྟོན་པ་དང་། གཅིག་ཏུ་ཕན་གདགས་པའི་ཕྱིར་དང་། བཟང་ངན་བཀོལ་བ་མེད་པ་སྟེ་འདི་ནི་དང་པོའོ། །མདོ་ལས། བྱང་ཆུབ་གཞུག་པའི་ཕྱིར་ནི་རྟག་པར་དེ། །ཞེས་པ་ནས། དབྱངས་གཅིག་གིས་ནི་རབ་ཏུ་ཆོས་བཤད་དེ། །ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོའི་
རྒྱུ་སྟོན་པ་སྟེ། དྲང་པོའི་དོན་རྣམ་པ་གཉིས་ཀ་ཡང་ཐེག་པ་ཆེན་པོའི་དོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་པའོ། །མདོ་ལས། དེ་ནི་སྙོམས་པའི་ཡིད་ཀྱིས་མ་སྙོམས་མེད། །ཅེས་པ་ནས། སེམས་ཅན་གཅིག་བཞིན་འགྲོ་བ་གཞན་ལའོ། །ཞེས་པའི་བར་དུ་ནི་འདི་སྙོམས་པར་སྟོན་པའོ། །བདག་དང་
བདག་གི་བ་དང་བྲལ་བ་དང་། བྱམས་སྡང་སྤངས་པ་དང་། ཉེ་རིང་གི་སེམས་མེད་པ་དང་། ཆོས་འཆབ་པ་མེད་པ་དང་། ཕྲག་དོག་མེད་པས་ཐམས་ཅད་ལ་འདྲ་བར་ཆོས་སྟོན་པའོ། །མདོ་ལས། ལས་གཞན་མི་བྱེད་རབ་ཏུ་ཆོས་འཆད་དེ། །ཞེས་པ་ནས། སྤྲིན་གྱིས་ཆར་པ་མངོན་པར་ཕབ་པ་བཞིན། །ཞེས་
པའི་བར་དུ་ནི་གཅིག་ཏུ་ཕན་འདོགས་ཤིང་ཆོས་འཆད་པ་སྟེ། བཞུད་ཅེས་པ་ནི་མྱ་ངན་ལས་འདས་པའོ། །བྱོན་ཞེས་པ་ནི་མངོན་པར་བྱང་ཆུབ་པར་སྟོན་པའོ། །བཞུགས་ཞེས་པ་ནི་ཆོས་འཆད་ཅིང་ཕན་འདོགས་པའོ། །ལངས་ཞེས་པ་ནི་སེམས་ཅན་གྱི་དབང་པོ་སྨིན་པ་ལ་བཞེངས་པ་སྟེ། ཐུགས་རྗེ་ཆེན་པོས་ནམ་
ཡང་སེམས་ཅན་གྱི་དོན་མཛད་པ་ལ་སྐྱོ་བ་མི་མངའ་བའོ། །མདོ་ལས། འཕགས་པ་དང་ནི་མ་རབས་མཚུངས་པའི་བློ། །ཞེས་པ་ནས། སྐྱོ་བ་ཐམས་ཅད་རབ་ཏུ་རྣམ་སྤངས་ནས། །ཞེས་པའི་བར་དུ་ནི་བཟང་ངན་བཀོལ་བ་མེད་པར་ཆོས་སྟོན་པ་སྟེ། དགེ་བའི་རྩ་བ་ལ་གཟིགས་ཤིང་ཆོས་སྟོན་པའོ། །མདོ་ལས་
ངས་ནི་ཡང་དག་ཆོས་ཀྱི་ཆར་པ་ཕབ། །ཅེས་པ་ནས། རྣམ་པ་མང་པོའི་ས་ལ་གནས་འགྱུར་བ། །ཞེས་པའི་བར་དུ་ནི་སེམས་ཅན་རྣམས་སུ་ཐོས་པས་བདེ་བ་རྙེད་པ་སྟོན་ཏེ། དང་པོའི་ཚིག་དགུས་ནི་དཔེ་དང་དོན་དུ་སྦྱར། དེའི་འོག་མ་ཚིག་ཕྱེད་དང་བཞིས་ནི་འབྲས་བུ་དང་མེ་ཏོག་རྒྱུ་མི་མཐུན་པའི་དཔེས་འབྲས་བུ་དང་
སྦྱོར་བ་བསྟན། སྔར་ཚིག་བརྒྱད་ཀྱིས་ནི་དོན་བསྟན། ཡང་ཚིག་ཕྱེད་ཀྱིས་ནི་དཔེ་བསྟན། ཚིག་དང་པོ་ལ་ཡང་གཉིས་སུ་ཕྱེ་སྟེ། སྔར་ཚིག་གཅིག་གིས་ནི་སྤྱིར་གླེང་། ཚིག་བདུན་གྱིས་ནི་སོ་སོར་ཕྱེ་སྟེ་བསྟན་པ་ལ་འདི་ནི་དང་པོའོ། །ས་ལ་གནས་འགྱུར་བ་ཞེས་པ་ནི་ཐེག་པ་ཆེན་པོའི་ས་བཅུ་དང་རིགས་ཀྱི་ས་དང་། བརྒྱད་
เล่ม ๑๒๐ · หน้า 277b
པ་དང་། དེ་བཞིན་གཤེགས་པའི་སའི་བར་དུ་སོ་སོར་ཕྱེ་སྟེ་བསྟན་པའོ། །མདོ་ལས། ལྷ་མིའི་ནང་ནས་ཡིད་དུ་འོང་བ་དང་། །ཞེས་པ་ནས། དེ་དག་རབ་ཏུ་ཕྲ་ཞིང་ཕྲ་བའི་སྨན། །ཞེས་པའི་བར་དུ་ནི་དཔྱད་ན་རིགས་མེད་པའི་དཔེ་སྟེ། ཇི་ལྟར་རྩ་བ་རབ་ཏུ་ཕྲ་ལ་ཆར་གྱིས་བརླན་པ་བཞིན་ནོ། །འཕགས་པ་ཉན་
ཐོས་རྣམས་ནི་སྨན་པར་མ་བཞིན་ནོ། །འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་སྨན་གྱི་སྡོང་པོ་ཆེན་པོ་བཞིན་ནོ། །མདོ་ལས། དེ་དག་ཆུང་སྟེ་འཇིག་རྟེན་འདི་ན་གང་། །ཞེས་པ་ནས། དེ་ནི་སྨན་གྱི་མཆོག་ཅེས་བྱ་བ་ཡིན། །ཞེས་པའི་བར་དུ་ནི་སྨན་གྱི་སྡོང་པོའི་དཔེ་རྣམ་པ་གཉིས་བསྟན་པ་སྟེ། སངས་
རྒྱས་སུ་དེ་འདྲ་བའི་སྤྱོད་པ་ཅན་སངས་རྒྱས་སུ་ངེས་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ས་བདུན་པ་མན་ཆད་ནི་སྨན་ཆུང་ངུ་ཞེས་བྱ། ས་བརྒྱད་པ་ཡན་ཆད་ནི། སྨན་གྱི་སྡོང་པོ་ཆེན་པོ་ཞེས་བྱ་སྟེ་སྤྱོད་པ་མི་ཉམས་པ་ཞེས་པའི་དོན་ཏོ། །མདོ་ལས། བདེ་བར་གཤེགས་པའི་སྲས་པོ་གང་བཞུགས་པ། །
ཞེས་པ་ནས། དེ་ལྟ་བུ་ཡི་དཔེ་དག་བསྟན་པ་ཡིས། །ཞེས་པའི་བར་དུ་ནི་རིགས་ཅན་གྱི་ས་ནས་ཐེག་པ་ཆེན་པོའི་འབྲས་བུ་ཐོབ་པ་དང་། མྱ་ངན་ལས་འདས་པའི་བར་དུ་འབྲས་བུ་ཆེ་ཆུང་ཐོབ་པ་དང་། གྲུབ་པའི་དཔེ་བསྟན་པ་ཡིན་ནོ། །མདོ་ལས། དེ་བཞིན་གཤེགས་པའི་ཐབས་རྣམས་ཤེས་པར་གྱིས། །
ཞེས་པ་ནས། ཕྱོགས་བཅུ་ཀུན་ན་ཇི་ལྟར་མཛེས་པ་བཞིན། །ཞེས་པའི་བར་དུ་ནི་འབྲས་བུ་སོ་སོར་སྨིན་ཅིང་ཐོབ་པ་ཁྱད་པར་དུ་གྱུར་པ་དང་དཔེ་དོན་དུ་སྦྱར་ཏེ་རྒྱས་པར་བསྟན་པའོ། །མདོ་ལས། འདི་ན་རྟག་ཏུ་འཇིག་རྟེན་ཕན་པའི་ཆོས། །ཞེས་པ་ནས། ངོམས་པར་བྱེད་ཅེས་པའི་བར་དུ་ནི་ལྷ་དང་མི་
རྣམས་ལ་ཕན་པའི་དོན་བྱས་པའོ། །མདོ་ལས་འཇིག་རྟེན་ཐམས་ཅད་ངོམས་པར་བྱས་ནས་ནི་ཞེས་པ་ནས་སྡོང་པོ་ཆེན་པོ་ཞེས་པ་ནི་དེ་དག་བྱ་ཞེས་པའི་བར་དུ་ནི་འབྲས་བུ་ཆེ་ཆུང་ལས་ཐེག་པ་ཆེ་ཆུང་གི་རིམ་པ་བསྟན་པའོ། །མདོ་ལས། འོད་སྲུངས་འདི་ལྟ་བུ་ཡི་ཆོས་བཤད་པ། །ཞེས་པ་ནས། ང་ཡི་
ཉན་ཐོས་ཐམས་ཅད་སངས་རྒྱས་འགྱུར། །ཞེས་པའི་བར་དུ་ནི་དོན་བསྡུ་བ་སྟེ། སྔར་བཀྲི་བའི་དོན་བསྟན། ཕྱིས་ངེས་པའི་དོན་བསྟན་པ་དང་། འབྲས་བུ་ཐོབ་པའི་ཕྱིར་ལུང་བསྟན་པ་སྟེ། འཕགས་པ་ཉན་ཐོས་པ་རྣམས་ཀྱི་སྤྱོད་པས་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པའང་འགྲུབ་པ་ལ་དགོངས་ཏེ་ལུང་བསྟན་
เล่ม ๑๒๐ · หน้า 278a
པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་ལས་ཉམས་པའང་། ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དགེ་བའི་རྩ་བ་མ་ཉམས་ན་བླ་ན་མེད་པའི་འབྲས་བུ་ཐོབ་ཅེས་བསྟན་ཏོ།། །།འདི་མན་ཆད་ལུང་བསྟན་པའི་ལེའུ་སྟེ། དེ་ཅིའི་ཕྱིར་ལུང་
བསྟན་པ་ཞེས་གདགས་པ་དང་། མིང་བཤད་པ་དང་རྣམ་པ་གཉིས་སོ། །དེ་ལ་གཏན་ཚིགས་ནི་འཕགས་པ་ཤཱ་རིའི་བུ་དབང་པོ་རྣོན་པོ་ཡིན་པས་ཆོས་ཐོས་པ་ཙམ་གྱིས་གོ་བའི་ཕྱིར་ལུང་བསྟན་པ་དང་། གཞན་དབང་པོ་བར་མ་རྣམས་དོན་དཔེས་མཚོན་ཏེ་བསྟན་པས་གོ་བའི་ཕྱིར་ལུང་བསྟན་པའོ། །ཡང་ན་ང་
རྒྱལ་ཅན་རྣམས་སྤ་བཀོང་བའི་ཕྱིར་ཐེག་པ་ཐམས་ཅད་གཅིག་སྟེ། ཆེ་ཆུང་མེད་པའི་ཕྱིར་ལུང་བསྟན་པའོ། །དེ་ཡང་ལུང་བསྟན་པའི་ཆོས་རྣམ་པ་གསུམ་སྟེ། རང་བཞིན་ཡོད་པའི་ཕྱིར་ལུང་བསྟན་པ་དང་། ཁྱད་པར་ཡོད་པའི་ཕྱིར་འབྲས་བུ་ཡོད་པས་ལུང་བསྟན་པ་དང་། ཆེ་བའི་བདག་ཉིད་ཅན་རྣམས་ལ་
ཆེ་བའི་གཞུང་འོས་པ་དང་། རྒྱུ་ཆེ་བ་རྣམས་ལ་འབྲས་བུ་ཆེན་པོར་འོས་པས་ལུང་བསྟན་པ་དང་གསུམ་མོ། །རང་བཞིན་གྱིས་ཡོད་པ་ཡང་ལུང་བསྟན་པར་འོས་པ་དང་། ལུང་བསྟན་པར་མི་འོས་པ་ནི་མ་རིག་པ་ལ་ཐོག་མ་ཡོད་དམ་མེད་ཅེས་འདྲི་བ་ལ་ལུང་མི་བསྟན་པ་ལྟ་བུའོ། །རྒྱུ་ཁྱད་པར་ཅན་རྣམས་ནི་
ལུང་བསྟན་པར་འོས་པའོ། །རྒྱུ་ཆེ་བ་དང་། འབྲས་བུ་ཆེ་བ་ཡང་ལུང་བསྟན་པར་འོས་པའོ། །རྒྱུ་ཆུང་བ་དང་འབྲས་བུ་ཆུང་བ་རྣམས་ནི་ལུང་བསྟན་པར་མི་འོས་པའོ། །དགེ་བའི་རྩ་བ་སྨིན་པ་རྣམས་མྱུར་དུ་ལུང་བསྟན་པ་དང་། མ་སྨིན་པ་རྣམས་ཕྱིས་ལུང་བསྟན་པ་དང་། འཁོར་བ་སྤོང་ཞིང་འབྲས་བུ་མྱུར་དུ་
ཐོབ་པར་འདོད་པ་རྣམས་ལ་མྱུར་དུ་ལུང་བསྟན་པ་དང་། ཐུགས་རྗེ་ཆེ་བས་འཁོར་བར་སྦྱོར་བ་རྣམས་བགས་ཀྱིས་ལུང་བསྟན་པའོ། །ཡང་སྤྱིར་ལུང་བསྟན་པ་དང་། སོ་སོར་ཕྱེ་སྟེ་ལུང་བསྟན་པའོ། །མིང་དགྲོལ་བ་ནི་རྒྱུ་ཅི་བྱེད་པ་འབྲས་བུ་དེ་ཐོབ་སྟེ། དེ་སོ་སོར་སྟོན་པའི་ཕྱིར་ལུང་སྟོན་པ་ཞེས་བྱའོ། །མདོ་ལས་
དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་ནས་ཞེས་པ་ནས་ངན་པའི་ཆོས་འཛིན་པར་འགྱུར་ཞེས་པའི་བར་དུ་ནི་འཕགས་པ་ཉན་ཐོས་བཞི་མངོན་དུ་ལུང་བསྟན་པ་ལ་སྔར་ནི་ཚིག་བརྒྱད་པས་བསྟན། འོག་ཏུ་ནི་ཚིགས་སུ་བཅད་པས་བསྡུས་ཏེ་བསྟན། དེ་ཡང་འཕགས་པ་འོད་སྲུངས་དང་པོར་
เล่ม ๑๒๐ · หน้า 278b
ལུང་བསྟན། འཕགས་པ་གཞན་དེའི་འོག་ཏུ་ལུང་བསྟན་ཏོ། །དེ་དག་ཀྱང་སོ་སོའི་དབང་པོ་ལས་ཁ་ཅིག་སྔར་འཕགས་པའི་འབྲས་བུ་ཐོབ་ལ། སངས་རྒྱས་སུ་ཕྱིས་གྲུབ་པ་ཡང་ཡོད་དེ། ཇི་ལྟར་དགེ་སློང་ལྔ་བརྒྱ་ཁྱད་པར་མེད་པ་ལས་སངས་རྒྱས་སུ་སྔ་ཕྱིར་གྲུབ་སྟེ། གཅིག་གིས་གཅིག་ལུང་བསྟན་པ་
ལྟ་བུ་དང་། ཐེག་པ་ཆེན་པོ་ལས་ཀྱང་སློབ་པ་དང་མི་སློབ་པ་རྣམས་ཁྱད་པར་ཡོད་པ་ལས། དུས་གཅིག་ཏུ་སངས་རྒྱས་སུ་གྲུབ་པ་དང་། ཁ་ཅིག་སྔར་འཕགས་པ་ཐོབ་ལ་ཕྱིས་དེ་བས་ཕྱི་པ་རྣམས་སངས་རྒྱས་སུ་འགྲུབ་པ་ལྟ་བུ་སྟེ། འཕགས་པ་འོད་སྲུངས་ཆེན་པོས་སངས་རྒྱས་ཁྲི་ཕྲག་སུམ་བརྒྱ་ལ་
བསྙེན་བཀུར་བྱས། འཕགས་པ་རབ་འབྱོར་གྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་སུམ་བརྒྱ་ལ་བསྙེན་བཀུར་བྱས། འཕགས་པ་ཀཱ་ཏྱཱ་ཡ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ལ་བསྙེན་བཀུར་བྱས། ཕྱིས་ཁྲག་ཁྲིག་གཉིས་ལ་བསྙེན་བཀུར་བྱས། འཕགས་པ་མཽད་གལ་ཆེན་པོས་སྔར་སངས་རྒྱས་བརྒྱད་སྟོང་ལ་
བསྙེན་བཀུར་བྱས། ཕྱིས་ཁྲག་ཁྲིག་ཉིས་བརྒྱ་ལ་བསྙེན་བཀུར་བྱས་ཏེ། སངས་རྒྱས་སུ་ལུང་བསྟན་པ་ཡང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལན་མང་དུ་ཡོད་མོད་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལྡོག་པ་རྣམས་དྲང་བའི་ཕྱིར་བསྟན་ཏེ། སོ་སོར་དབང་པོ་རྣོ་རྟུལ་ལས་སྔ་ཕྱིར་ལུང་བསྟན་པ་ཡིན་ནོ། །མདོ་ལས་དེ་ལུས་
ཐ་མའི་ཚེ་རྒྱན་ཆེན་པོ་ཞེས་བྱ་བའི་བསྐལ་པ་ལ་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཏེ་ཞེས་པའི་བར་དུ་ནི་འབྲས་བུ་ཐོབ་པས་ལུང་བསྟན་པ་སྟེ། ཡང་དག་པའི་ཆོས་མཐོང་བའི་སྣང་བས་མཛེས་པའི་ཕྱིར་འོད་ཟེར་རབ་ཏུ་སྣང་ཞེས་བཏགས་སོ། །མདོ་ལས་དེའི་ཚེ་ཚད་ནི་ཞེས་པ་ནས་མེ་ཏོག་གི་
གཏོར་བ་ཞེས་པའི་བར་དུ་ནི་ཞིང་འོད་ཟེར་སྣང་བ་ཐོབ་པའི་ཡོན་ཏན་ལ་བཏགས་པ་དང་། བསྐལ་པ་སྤྱོད་པ་སྣ་ཚོགས་ཀྱིས་བརྒྱན་པའི་རྒྱན་ལས་བཏགས་པ་དང་། ཞིང་གི་རྒྱན་དེ་དག་ཀྱང་རྒྱན་དམ་པ་དང་ལྡན་པ། སྡིག་པ་མི་དགེ་བ་མེད་པ། མཉམ་པ་རིན་པོ་ཆེ་བཞི་ལས་གཞི་བྱས་པ། ཤིང་
རིན་པོ་ཆེས་བརྒྱན་པའི་ཐིག་གིས་རེའུ་བྲེས་པ། མེ་ཏོག་སྣ་ཚོགས་བཀྲམ་པའི་རྒྱན་དང་ལྡན་པའོ། །མདོ་ལས་དེར་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་མང་པོ་འབྱུང་བར་འགྱུར་རོ་ཞེས་པ་ནས་ཆོས་ཀུན་འཛིན་ལ་བརྩོན་པར་འགྱུར་རོ་ཞེས་པའི་བར་དུ་ནི་འཁོར་མང་པོ་ཐམས་ཅད་ཀྱིས་དམ་པའི་ཆོས་བསྲུང་
เล่ม ๑๒๐ · หน้า 279a
བ་དང་། ཡོངས་སུ་འཛིན་ཞེས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། བླ་ན་མེད་པའི་ཡེ་ཤེས་འདི་བསྒྲུབ་སྟེ་ཞེས་པའི་བར་དུ་ནི་ཚིགས་བཅད་དེ་རྣམས་ཀྱི་ནི་དང་པོ་གླེང་སྟེ་སྒོ་བ་དང་། ལུང་མངོན་དུ་བསྟན་པ་དང་བསྡུ་བའོ། །མདོ་ལས། དེ་ནི་ཐ་མའི་ལུས་ཚེ་
འཇིག་རྟེན་མགོན། །ཞེས་པ་ནས། མཉམ་ཞིང་བཟང་ལ་བལྟ་ན་སྡུག་པར་གྱུར། །ཞེས་པའི་བར་དུ་ནི་དེ་ལ་ཡང་ཚིགས་བཅད་དང་པོ་ཕྱེད་ཀྱིས་ནི་རང་བཞིན་བསྟན། དེའི་འོག་མ་ཚིགས་བཅད་གསུམ་གྱིས་ནི་ངོ་མཚར་ཉིད་བསྟན། དེའི་འོག་མ་གསུམ་གྱིས་ནི་འཁོར་བསྟན། དེའི་འོག་མ་ཚིགས་
བཅད་ཕྱེད་ཀྱིས་ནི་ཚེའི་ཚད་བསྟན། ངོ་མཚར་གྱི་མཚན་ཉིད་ནི་མི་དགེ་བ་མེད་པ་ལ་སོགས་པ་རྣམ་པར་དག་པའི་ཞིང་རྒྱན་བརྒྱད་དོ། །སྤོས་དྲི་ཡིད་དུ་འོང་བ་འབྱུང་བ་ནི་ཚིག་རྐྱང་པའི་ནང་ནས་མི་འབྱུང་སྟེ། ཚུལ་ཁྲིམས་ཀྱི་དྲི་དམ་པ་དང་སྦྱར་རོ། །མདོ་ལས། དེ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་། །ཞེས་བྱ་
བ་ནས། བསྐལ་པ་འབུམ་གྱི་ཡེ་ཤེས་ཀྱི་གྲངས་ཀྱང་། །ཞེས་པའི་བར་དུ་ནི་འཁོར་རྣམས་སྟོན་ཏེ། བྱང་ཆུབ་སེམས་དཔའ་དང་འཁོར་རྣམས་ཀྱི་དོན་ཏོ། །མདོ་ལས། དེ་ནི་བར་གྱི་བསྐལ་པ་བཅུ་གཉིས་གནས། །ཞེས་པ་ནས། འོད་ཟེར་བར་སྣང་དེ་ཡི་རྒྱན་འདི་འདྲ། །ཞེས་པའི་བར་དུ་ནི། ཚིགས་
བཅད་ཕྱེད་ཀྱིས་ནི་ཚེ་ཚད་བསྟན། ཕྱི་མས་ནི་བསྡུས་པའོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་གནས་བརྟེན་མཽད་གལ་གྱི་བུ་ཆེན་པོ་དང་ཞེས་པ་ནས་འདི་སྐད་གསོལ་ཏོ་ཞེས་པའི་བར་དུ་ནི་འདིས་འཕགས་པ་ཉན་ཐོས་ཆེན་པོ་གསུམ་གྱིས་ལུང་བསྟན་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དངོས་སུ་
ལུང་བསྟན་པའོ། །ལུས་འདར་ཞིང་མིག་མི་འཛུམས་པར་བལྟ་ཞིང་ཞེས་པ་ནི་གཅིག་ཏུ་འདུན་པའི་སེམས་སོ། །མདོ་ལས། དགྲ་བཅོམ་ཞིང་ནི་ཆེར་དཔའ་བ། །ཞེས་པ་ནས། རྒྱལ་བས་བདག་ཅག་ལུང་སྟོན་ཅིག །ཞེས་པའི་བར་དུ་ནི་ཚིག་དེ་དག་ལ་བསྟོད་དེ་གསོལ་བ་དང་དཔེ་ལས་གླེངས་ཏེ་
གསོལ་བ་དང་། གསོལ་བའི་མདོ་བསྡུས་པ་དང་གསུམ་སྟེ། འདི་ནི་བཅོམ་ལྡན་འདས་ལ་ཡོན་ཆེན་པོའི་སྒོ་ནས་བསྟོད་དེ་གསོལ་བའོ། །མདོ་ལས་མུ་གེ་བྱུང་ཚེ་ལ་ལའི་ཞེས་པ་ནས་ཐུབ་པ་ཆེན་པོ་མཐར་འགྱུར་རོ་ཞེས་པའི་བར་དུ་ནི། མུ་ག་བྱུང་ཚེ་ཞེས་པ་ནི་དཔེ་ལས་གླེངས་ཏེ་གསོལ་བ་སྟེ། ཉན་ཐོས་
เล่ม ๑๒๐ · หน้า 279b
པ་རྣམས་ཐེག་པ་ཆེན་པོའི་ཆོས་ཀྱིས་བཀྲེས་པའི་ཕྱིར་མུ་གེ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་ལུང་བསྒོ་བ་ལ། ལྟོས་ཤིང་ཐེག་པ་ཆེན་པོ་འཇུག་པ་ལ་མི་སྤོབས་པ་ཡང་དཔེ་དེ་དང་འདྲའོ། །དཔའ་བོ་ཆེན་པོས་ལུང་སྟོན་ཅིག །ཅེས་པ་ནི་གསོལ་བའི་མདོ་བསྡུས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་
འདས་ཀྱིས་ཞེས་པ་ནས་བྱང་ཆུབ་བསྒྲུབ་པར་འགྱུར་རོ་ཞེས་པའི་བར་དུ་ནི་འདི་མན་ཆད་ཉན་ཐོས་ཆེན་པོ་གསུམ་སོ་སོར་ལུང་བསྟན་པ་སྟེ། དང་པོ་ཚིག་རྐྱང་པས་སྤྲོ་བ་དང་། དེའི་འོག་ཏུ་ཚིགས་སུ་བཅད་པས་བསྡུ་བའོ། །ཚིག་རྐྱང་པ་ལ་ཡང་རྣམ་པ་གཉིས་ཏེ། སྔར་ནི་རྒྱུ་བསྟན། དེའི་འོག་ཏུ་འབྲས་བུ་
བསྟན་ཏེ། འདི་ནི་རྒྱུའོ། །མདོ་ལས་དེ་ལྟ་བུའི་ལྷག་པའི་བྱ་བ་བྱས་ཏེ་ལུས་ཐ་མ་ལ་ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་བར་དུ་ནི་འབྲས་བུ་བསྟན་པ་སྟེ། ལུང་བསྟན་པའི་མཚན་ཉིད་དགུ་སྟེ། རང་བཞིན་གྱིས་ལུང་བསྟན་པ་ལ་སོགས་པའོ། །མདོ་ལས་སངས་རྒྱས་ཀྱི་ཞིང་ནི་རིན་པོ་ཆེ་འབྱུང་བ་
ཞེས་བྱ་བར་འགྱུར་རོ་ཞེས་པ་ནས་ཉན་ཐོས་བརྒྱ་སྟོང་མང་པོ་འདུལ་ལོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་ཞིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ན་འཁོར་ཕྱི་ནང་རྣམ་གཉིས་དང་བཞུགས་པ་བསྟན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ན་ཞེས་པ་ནས་རབ་ཏུ་རིག་པར་བྱའོ། །ང་ལས་ཉོན་ཞེས་
པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པ་བཅུ་གཉིས་ལ་གཉིས་སུ་དབྱེ་སྟེ། དང་པོ་ཚིག་གཅིག་གིས་ནི་བསྒོ་བ་བསྟན། དེའི་འོག་མ་བཅུ་གཅིག་གིས་ནི་དངོས་སུ་བསྟན་པ་སྟེ། འདི་ནི་དང་པོའོ། །མདོ་ལས། ང་ཡི་ཉན་ཐོས་གནས་བརྟན་རབ་འབྱོར་འདི། །ཞེས་པ་ནས། དྲང་སྲོང་ཆེན་པོ་གསེར་གྱི་སྡོང་
པོ་འདྲ། །ཞེས་པའི་བར་དུ་ནི་འདིས་དངོས་སུ་བསྒོ་བ་སྟེ། རྒྱུ་དང་འབྲས་བུ་སྦྱར་ཏེ་བསྟན་པ་དང་། ངོ་མཚར་བདུན་དང་། འཁོར་དང་ཚེའི་ཚད་ལ་སོགས་པ་སྟོན་ཏེ། འདི་ནི་དང་པོའོ། །མདོ་ལས། འཇིག་རྟེན་རྣམས་ལ་ཕན་ཞིང་ཐུགས་བརྩེར་འགྱུར། །ཞེས་པ་ནས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྒྲོལ་
བཞིན་དུ། །ཞེས་པའི་བར་དུ་ནི་ངོ་མཚར་བའི་མཚན་འདི་བསྟན་པའོ། །མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་མང་། །ཞེས་པ་ནས། རྫུ་འཕྲུལ་སྟོབས་ནི་བསམ་གྱིས་མི་ཁྱབ་འགྱུར། །ཞེས་པའི་བར་དུ་ནི་འཁོར་རྣམས་སྟོན་ཏེ། །བྱང་ཆུབ་སེམས་དཔའི་འཁོར་དང་། ཉན་ཐོས་
เล่ม ๑๒๐ · หน้า 280a
པའི་འཁོར་རྣམས་ཅི་རིགས་པར་སྦྱར་རོ། །མདོ་ལས། བྱང་ཆུབ་མཆོག་དེར་རབ་ཏུ་བཤད་པ་ན། །ཞེས་པ་ནས། དེ་ལ་རྟག་ཏུ་ཐལ་མོ་སྦྱར་བར་འགྱུར། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པས་སྤྲུལ་པ་དང་ཆོས་ཉན་པའི་འཁོར་རྣམས་བསྟན་ཏོ། །མདོ་ལས། དེ་ན་པར་
གྱི་བསྐལ་པ་བཅུ་གཅིག་གནས། །ཞེས་པ་ནས། རྐང་གཉིས་མཆོག་གིའོ་ཞེས་པའི་བར་དུ་ནི་ཚེའི་ཚད་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་བཀའ་སྩལ་པ་ཞེས་པ་ནས་གསོ་བ་བྱེད་པར་འགྱུར་རོ་ཞེས་པའི་བར་དུ་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་
ལུང་བསྟན་པ་སྟེ་དབྱེ་བ་དང་ས་བཅད་པ་གོང་མ་དག་འདྲ་བར་སྦྱར་རོ། །མདོ་ལས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཡང་ཞེས་པ་ནས་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་ཞེས་པའི་བར་དུ་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་དེས་སྔོན་གྱི་དུས་དེ་བཞིན་
གཤེགས་པ་མང་པོ་ལ་དངོས་སུ་བསྙེན་བཀུར་བགྱིས་པ་དང་། དེ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་རིན་པོ་ཆེའི་མཆོད་རྟེན་བྱས་པ་དང་། མཆོད་རྟེན་དེ་ལ་མཆོད་པ་སྣ་ཚོགས་བྱས་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མང་དུ་བྱས་ཏེ་འདིར་ལུང་བསྟན་ཏེ། འཕགས་པ་དེ་ཉིད་སྔོན་དགེ་
འདུན་གྱི་གནས་ཁང་ཕྱག་དར་བྱས་པ་ལས་ཚེ་རབས་ཐམས་ཅད་དུ་ལུས་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏེ་སྤྱོད་ལམ་མཛེས་པ་འོད་དང་ལྡན་པར་གྱུར་པ་ལས་འདི་སངས་རྒྱས་སུ་གྲུབ་པ་ལུང་བསྟན་པའོ། །མདོ་ལས་སངས་རྒྱས་དེའི་ཞིང་ཡོངས་སུ་དག་པ་ཞེས་པ་ནས་མེ་ཏོག་གིས་ཆལ་པར་བཀང་
ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་ཞིང་གི་རྒྱན་སྣ་ཚོགས་བསྟན་པའོ། །མདོ་ལས་སེམས་ཅན་དམྱལ་བ་དང་ཞེས་པ་ནས་ཆོས་ཀྱི་གཟུགས་བརྙན་གནས་པར་འགྱུར་རོ་ཞེས་པའི་བར་དུ་ནི་ཞིང་དེ་ན་ངན་སོང་གསུམ་མེད་པ། ལྷ་དང་མི་མང་བ་དང་། ཕྱི་ནང་གི་འཁོར་མང་དུ་འདུས་པ་དང་།
སྐུ་ཚེའི་ཚད་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ན་ཞེས་པ་ནས་གཞན་དུ་མ་ཡིན་པའི་ཚིག་སྨྲ་ཞེས་པའི་བར་དུ་ནི་འདི་ཡན་ཆད་སྟོན་པས་ལུང་བསྒོ་བའོ། །མདོ་ལས་ངའི་ཉན་ཐོས་གནས་བརྟན་ཀཱ་ཏྱཱ་ཡ་ན་འདི་ཞེས་པ་ནས་དྲི་དང་མེ་ཏོག་རྣམས་ཀྱིས་མཆོད་པར་འགྱུར་
เล่ม ๑๒๐ · หน้า 280b
ཞེས་པའི་བར་དུ་ནི་རྒྱུ་ལས་གླེངས་ཏེ་ལུང་བསྟན་པའོ། །མདོ་ལས། དེ་ཡིས་ཐ་མའི་ལུས་ཐོབ་ནས། །ཞེས་པ་ནས། ལྷར་བཅས་འཇིག་རྟེན་རྣམས་ཀྱིས་བཀུར་སྟི་བྱས། །ཞེས་པའི་བར་དུ་ནི་ལུང་བསྟན་པའི་འབྲས་བུ་སྟེ། དེ་ཡང་ཞིང་གི་མཚན་ཉིད་དང་། བསོད་ནམས་ཀྱི་མཚན་ཉིད་དོ། །མདོ་
ལས། འོད་བྱེད་གཙོ་བོ་བཅོམ་ལྡན་འདས་འགྱུར་བ། །ཞེས་པ་ནས། ཀུན་ཀྱང་འབྱུང་སྤངས་འབྱུང་བ་མེད་པ་ཡིན། །ཞེས་པའི་བར་དུ་ནི་ཚིག་དང་པོ་གཉིས་ཀྱིས་ནི་རང་བཞིན་བསྟན། ཚིག་ཕྱི་མས་འཁོར་བསྟན་ཏོ། །མདོ་ལས་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ཐམས་
ཅད་ལ་བཀའ་སྩལ་པ་ཞེས་པ་ནས་གསོལ་བ་བྱེད་པར་འགྱུར་རོ་ཞེས་པའི་བར་དུ་ནི་འཕགས་པ་མཽད་གལ་ལུང་བསྟན་པ་སྟེ། ཚུལ་དབྱེ་བ་ནི་གོང་མ་དང་འདྲའོ། །ལུང་བསྟན་པ་ཡང་སྔ་མའི་དུས་དང་ཕྱི་མའི་དུས་སོ། །སྔ་མའི་དུས་ལ་ཡང་སངས་རྒྱས་མངོན་དུ་བཞུགས་པ་དང་། མྱ་ངན་ལས་འདས་པ་སྟེ།
འདི་ནི་སྔོན་དུ་བཞུགས་པ་དང་སྦྱར་རོ། །མདོ་ལས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཞེས་པ་ནས་རྣམ་པ་མང་པོས་མཆོད་པ་བྱེད་དོ་ཞེས་པའི་བར་དུ་ནི། མྱ་ངན་ལས་འདས་པའི་འོག་ཏུ་བཀུར་སྟི་བྱེད་པ་སྟེ། སྔར་མཆོད་རྟེན་བརྩིགས་པ་དང་། དེའི་འོག་ཏུ་
མཆོད་པ་བྱས་པའོ། །མདོ་ལས་དེའི་ཕ་རོལ་གྱི་ཡང་ཕ་རོལ་ཏུ་ཞེས་པ་ནས་གསོལ་བར་བྱེད་དོ་ཞེས་པའི་བར་དུ་ནི་ཕྱི་མའི་རྒྱུ་བསྟན་ཏོ། །མདོ་ལས་དེའི་འོག་ཏུ་ལུས་ཐ་མ་ལ་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཏེ་ཞེས་པའི་བར་དུ་ནི་དངོས་སུ་འབྲས་བུ་བསྟན་པའོ། །མདོ་ལས་དེའི་སངས་
རྒྱས་ཀྱི་ཞིང་ཡིད་མངོན་པར་དགའ་བ་ཞེས་བྱ་བར་འགྱུར་ཞེས་པ་ནས་མེ་ཏོག་སིལ་མ་གཏོར་བ་ཞེས་པའི་བར་དུ་ནི་བསྐལ་པའི་མིང་དང་། རྒྱུའི་མིང་དང་། ཞིང་གི་མཚན་ཉིད་ཀྱི་རྒྱན་བསྟན་པའོ། །མདོ་ལས་ཞིང་མང་པོས་རབ་ཏུ་གང་ཞེས་པ་ནས། དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་
འགྱུར་རོ་ཞེས་པའི་བར་དུ་ནི་དགེ་བ་མང་པོ་བསྐྱེད་པ་དང་། འཁོར་དང་། ཚེའི་ཚད་དང་གྲངས་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཞེས་པ་ནས་སིལ་སྙན་གྱིས་ནི་འཇིག་རྟེན་ཕན་སྐྱོང་བའོ་ཞེས་པའི་བར་དུ་ནི་འདིས་ཡོངས་སུ་ལུང་བསྟན་པ་སྟེ། སྔར་ནི་རྒྱུ་བསྟན་ཕྱིས་ནི་
เล่ม ๑๒๐ · หน้า 281a
འབྲས་བུ་བསྟན་ཏོ། །རྒྱུ་བསྟན་པ་ལ་ཡང་སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང་། འཇིག་རྟེན་ནས་འདས་པ་ལ་མཆོད་པ་བྱེད་པའོ། །མྱ་ངན་ལས་འདས་ཞེས་པ་ནི་མྱ་ངན་ལས་འདས་པའི་འོག་ཏུ་མཆོད་པ་བྱེད་པའོ། །དེ་ནས་འདི་ལྟར་ཐ་མར་ལུས་ཀྱི་ཚེ་ཞེས་པ་ནས་འདི་
མན་ཆད་བཤད་པའི་ཚུལ་གོང་མ་དག་དང་འདྲ་བར་དབྱེའོ།། །།འདི་མན་ཆད་སྔོན་བྱུང་བའི་ལེའུ་འཆད་དེ། སྔོན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཐེག་པ་ཆེན་པོའི་དོན་སྤྱོད་པ་དེ་བསྟན་ན་རྗེས་སུ་འཇུག་པ་བསྐྱེད་པའི་ཕྱིར་རྒྱུ་དེ་བསྟན་ཅིང་མོས་པ་སྐྱེ་བར་བྱ་བའི་ཕྱིར་
ལེའུ་འདི་བསྟན་ཏོ། །འདི་ཅི་ལས་བཏགས་པ་དང་། དེའི་མིང་དང་། དེ་དྲིས་པའི་ལན་རྣམ་པ་གསུམ་ཞིག་སྟོན་ཏེ། འདིའི་ནང་ནས་སྔར་དབང་པོ་རྣོན་པོ་དང་བར་མ་ཆོས་ཐོས་པས་རྟོགས་པ་སྐྱེས་ཏེ་ལུང་བསྟན། དབང་པོ་ཐ་མ་རྣམས་ཆོས་ཐོས་ཀྱང་ད་དུང་རྟོགས་པ་མ་སྐྱེས་པ་རྣམས་སྔོན་ཐེག་པ་ཆེན་པོའི་
སྤྱོད་པ་ལ་ཞུགས་པ་རྣམས་ཇི་ལྟར་སྤྱོད་པའི་དཔེ་བསྟན་ན། རྟོགས་པ་སྐྱེ་བར་འགྱུར་བས་སྤྲུལ་པའི་གྲོང་ཁྱེར་གྱི་དཔེ་བསྟན་པ་དང་། འགྲེལ་པ་ལས་སེམས་ཅན་ང་རྒྱལ་ཅན་བདུན་ཡོད་དེ། ང་རྒྱལ་གྱི་ཉོན་མོངས་པ་དེ་སྤང་བའི་ཕྱིར་འདི་གསུངས་ཏེ། ང་རྒྱལ་དེ་བདུན་ལས་ཀྱང་བཞི་པ་ལྟ་བུ་བསམ་
གཏན་སྤྱོད་ཅིང་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་གནས་པ་ཉིད་མྱ་ངན་ལས་འདས་པ་ཙམ་དུ་སེམས་པ་དེའི་གཉེན་པོར་སྤྲུལ་པའི་གྲོང་ཁྱེར་གྱི་དཔེ་བསྟན། ཏིང་ངེ་འཛིན་ལ་གནས་ཤིང་འབྲས་བུ་ཆུང་ངུས་ཆོག་པར་སེམས་པ་དེ་ལ་ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་ཐབས་
ཀྱིས་གཟུད་པའི་ཕྱིར་སྔོན་གྱི་གཏམ་གྱི་གྲོང་ཁྱེར་གྱི་དཔེ་བསྟན་ན། སློབ་པ་ལ་གནས་པའི་མ་རབས་རྣམས་སྤྲུལ་པའི་གྲོང་ཁྱེར་བསྟི་བའི་གནས་ཙམ་དུ་བསྟན་ནས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་རིན་པོ་ཆེའི་འབྱུང་གནས་ཉིད་དུ་གཟུད་པའི་ཕྱིར་དཔེ་འདི་བསྟན་ཏོ། །བླ་ན་མེད་པ་
བཅུ་བསྟན་པའི་ནང་ནས་གཉིས་པ་སྟེ། སྔོན་གྱི་སྤྱོད་པ་བླ་ན་མེད་པ་སྟོན་པ་དང་སྦྱར་ན་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཀྱི་ཟིལ་གྱིས་གནོན་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་དགའ་བ་སྤྱོད་པའི་ཚེ་བསྐལ་པ་མང་པོ་ཞིག་ཏུ་སྤྱད་ནས་གཟོད་མངོན་པར་སངས་རྒྱས་པ་དང་སྦྱར་ན་
เล่ม ๑๒๐ · หน้า 281b
ཐེག་པ་པའི་བྱང་ཆུབ་ཏུ་ཉེ་བས་ཐོབ་པ་ཉིད་བསྟི་བའི་གནས་ཡིན་པར་བསྟན་པའོ། །ཡང་བླ་ན་མེད་པ་བཅུའི་གསུམ་པ་ལས་ལྷག་པའི་བརྩོན་འགྲུས་ཀྱི་མཐུས་བསྐྱེད་པ་དང་སྦྱར་ན་ཚོང་དཔོན་གྱི་དཔེས་དཀའ་བ་སྣ་ཚོགས་སྤྱད་ནས་དོན་གྲུབ་པ་བཞིན་དེ་བཞིན་གཤེགས་པའི་འབྲས་བུ་ཐོབ་པ་ཡང་དེ་
དང་འདྲ་བར་སྦྱར་རོ། །ལེའུ་འདིའི་ནང་ནས་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཀྱི་ཟིལ་གྱིས་གནོན་པའི་སྤྱོད་པ་སྟོན་ན་བཅོམ་ལྡན་འདས་དེའི་མཚན་ལས་ལེའུ་འདིའི་མིང་དུ་གདགས་པའི་རིགས་ནས་སྤྲུལ་པའི་གྲོང་ཁྱེར་དང་སྔོན་བྱུང་བ་ཞེས་ཅིའི་ཕྱིར་གདགས། དེ་
ནི་ལྷག་པའི་ང་རྒྱལ་ཅན་དག་མྱ་ངན་ལས་འདས་པ་ཉིད་ཐོབ་པར་སེམས་པའི་གཉེན་པོར་གྲོང་ཁྱེར་གྱི་དཔེས་ཆེད་དུ་བཟློག་པའི་ཕྱིར་དེ་བསྟན་པས་དོན་ལ་དྲིས་ཏེ་བཏགས་སོ། །མདོ་ལས་དགེ་སློང་རྣམས་སྔོན་འདས་པའི་དུས་ན་བྱུང་བ་ཞེས་པ་ནས་ཕ་རོལ་གྱི་ཡང་ཕ་རོལ་ན་ཞེས་པའི་བར་དུ་ནི་འདིས་
དབང་པོ་ཐ་མ་ལ་བསྟན་པའི་གླེང་བ་སྟེ། སྔར་ཚིག་རྐྱང་པས་རྒྱས་པ་བསྟན། དེའི་འོག་ཏུ་ཚིགས་བཅད་ཀྱིས་བསྡུ་བ་སྟེ། དེ་ལ་ཡང་དང་པོར་ཕྱོགས་སུ་བསྒོ་བ་དང་། དེའི་འོག་ཏུ་དྲིས་པའི་ལན་ནོ། །དང་པོ་ལ་ཡང་རྣམ་པ་བཞི་སྟེ། དུས་དང་། ཡུན་དང་། ཡུལ་དང་། བསྐལ་པ་སྟེ་འདི་ནི་དང་པོའོ། །
མདོ་ལས་འདི་ལྟར་སྔོན་དེའི་ཚེ་དེའི་དུས་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་པའི་བར་དུ་ནི་དངོས་སུ་བསྟན་པའོ། །མདོ་ལས་དགེ་སློང་དག་དེ་བཞིན་གཤེགས་པ་དེ་བྱུང་ནས་ཞེས་པ་ནས་སའི་ཁམས་དེ་ཐམས་ཅད་བཏགས་ན་ཞེས་པའི་བར་དུ་ནི་འདི་མན་ཆད་དྲིས་པ་དང་། ལན་
གདབ་པ་སྟེ། འདི་ནི་དྲིས་པའོ། །མདོ་ལས་དགེ་སློང་རྣམས་དེ་ཡིད་ལ་ཇི་སྙམ་ཞེས་པ་ནས་བཅོམ་ལྡན་འདས་དེ་མ་ལགས་སོ་ཞེས་པའི་བར་དུ་ནི་དྲིས་པའི་ལན་བཏབ་པའོ། །མདོ་ལས་བཅོམ་ལྡན་འདས་ཀྱི་ཞེས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་པའི་བར་དུ་ནི་འདིས་
ནི་མངོན་པར་ཤེས་པ་ཆེན་པོ་སྟོན་ཏེ། ཡེ་ཤེས་ཀྱི་གཟིགས་པས་མཁྱེན་ཞེས་པའོ། །ཡང་དེ་དགོངས་ཤིང་མཁྱེན་པ་ཡང་དགོངས་པ་རྣམ་བཞིའི་ཚུལ་གྱིས་མཁྱེན་ཏེ། མཉམ་པ་ལ་དགོངས་པ་དང་། དུས་ཐ་དད་པ་ལ་དགོངས་པ་དང་། དོན་ཐ་དད་པ་ལ་དགོངས་པ་དང་། སེམས་ཅན་
เล่ม ๑๒๐ · หน้า 282a
གྱི་མོས་པ་ལ་དགོངས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱི་ཞེས་པ་ནས། མངོན་ཤེས་ཡེ་ཤེས་ཟིལ་གནོན་ཐུབ་ཆེན་པོ། །ཞེས་པའི་བར་དུ་ནི། དུས་ཀྱི་མཐའ་བསྟན་པ་དང་། མཁྱེན་གཟིགས་བསྟན་པ་སྟེ། དེ་ལ་ཡང་སྔར་ནི་སྒོ། །ཕྱིས་ནི་བསྐལ་པའི་གྲངས་
བསྟན་པ་སྟེ། འདི་ནི་དང་པོའོ། །མདོ་ལས། དེའི་ཚེ་བླ་མེད་རྒྱལ་བར་གྱུར། །ཞེས་པ་ནས། བསྐལ་པ་མང་པོ་དེ་སྙེད་ཟད་པར་གྱུར། །ཞེས་པའི་བར་དུ་ནི་བསྐལ་པའི་གྲངས་བསྟན་པའོ། །མདོ་ལས། དེ་ལྟར་འདྲེན་པ་མྱ་ངན་ལས་འདས་པ། །ཡུན་རིང་ཞེས་པ་ནས། དྲན་པ་ཕྲ་ཞིང་ཟག་
པ་མེད་པ་པོ། །ཞེས་པའི་བར་དུ་ནི་མཁྱེན་གཟིགས་བསྟན་ཏོ། །མདོ་ལས་དགེ་སློང་འདི་ལྟར་ཡང་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཀྱི་ཟིལ་གྱིས་གནོན་པ་ཞེས་པ་ནས་ལྔ་བཅུ་རྩ་བཞིར་གྱུར་ཏོ་ཞེས་པའི་བར་དུ་ནི་དྲིས་པའི་དོན་ཉིད་འོག་ནས་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་ཚེའི་ཚད་དང་།
ཆོས་རྙེད་པར་དཀའ་བ་དང་། ཆོས་མངོན་དུ་རྙེད་པ་དང་གསུམ་སྟེ། འདི་ནི་དང་པོའོ། །མདོ་ལས་བཅོམ་ལྡན་འདས་དེ་བླ་ན་མེད་པ་ཞེས་པ་ནས་དེས་ཆོས་མངོན་དུ་ནི་མ་གྱུར་ཏོ་ཞེས་པའི་བར་དུ་ནི་འདིས་ཆོས་རྙེད་པར་དཀའ་བ་བསྟན་པ་སྟེ། དེ་མངོན་དུ་བྱ་བར་སྟོན་པ་དང་། འདུག་ཏུ་བཅུག་པ་
དང་། མེ་ཏོག་གིས་གཏོར་བ་དང་། མངོན་དུ་དགའ་བ་བསྟན་པའོ། །འགྲེལ་པ་ལས་ཀྱང་འདིས་བྱང་ཆུབ་ཐོབ་པར་དཀའ་བ་བསྟོན་པ་སྟེ། མདོ་དག་ལས་དོན་རྣམ་པ་བཅུས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པར་འགྱུར་ཞེས་གསུངས་ཏེ། ས་ཐམས་ཅད་གཡོ་བར་མཛད་པ་ནས་
སེམས་ཅན་ཐམས་ཅད་བསྡུ་བར་མཛད་ནས་གདོད་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ། །བདུད་བཏུལ་བ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ནི་སྔར་མངོན་པར་བྱང་ཆུབ་སྟེ། ཕྱིས་བདུད་བཏུལ་ཞེས་ཀྱང་འབྱུང་། མདོ་གཞན་དག་ལས་སྔར་བདུད་བཏུལ་ཏེ་ཕྱིས་མངོན་པར་བྱང་ཆུབ་ཅེས་ཀྱང་
འབྱུང་། སངས་རྒྱས་བྱམས་པ་ནི་ནམ་རབ་ཏུ་བྱུང་བའི་ཉིན་པར་བྱང་ཆུབ་ཀྱི་སྙིང་པོ་ལ་རེག་པར་འགྱུར། སངས་རྒྱས་ཤཱཀྱ་ཐུབ་པ་ནི་ལོ་དྲུག་གི་བར་དུ་ནི་དཀའ་བ་སྤྱད་ནས་གཟོད་སངས་རྒྱས་བཅོམ་ལྡན་འདས་འདི་བསྐལ་པ་བཅུའི་བར་དུ་གཞེས་ཤིང་ཆོས་མངོན་དུ་མ་གྱུར་ཏེ་ཞེས་གསུངས་སོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด