འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๑ · หน้า 31a

ལོག་པའི་དུས་ནི། གཟུགས་ཡོད་ལ། རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་སོ། །མཁས་པ་རྣམས་ཀྱིས་ནི་ཤེས་རབ་ཀྱིས་ཡོད་པ་དང་མེད་པ་མི་དམིགས་པ་ནི་ཐོས་པ་དང་སེམས་པའི་ཡེ་ཤེས་ཀྱིས་སོ། །དེ་ལྟར་བསམ་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་

བདེན་པ་མི་གཉིས་པ་རང་གི་རིག་པ་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཤེས་རབ་ཀྱིས་མི་དམིགས་པ་ལྟ་ཅི་སྨོས། ཐུགས་རྗེས་ཀྱང་གཞན་གྱི་དོན་མཛད་པར་བརྩོན་ཞིང་གང་གི་ཚེ་དོན་དམ་པ་བཤད་པ་མཛད་པས་སྦྱིན་པ་ལ་སོགས་པའི་ཚོགས་སུ་རྫོགས་པར་བྱེད་དུ་

གཞུག་པ་དེའི་ཚེ་སྒྱུ་མ་བྱེད་པའི་སྐྱེས་བུ་བཞིན་དུ་མི་དམིགས་པ་ནི་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་སྒྱུ་མའི་རྣམ་པར་ཐར་པ་ལ་གནས་པ་རྣམས་སྣང་བ་ཙམ་ལ་བཞུགས་ཏེ་ཐ་སྙད་མཛད་དོ། །ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སེམས་དང་རྣམ་པར་ཤེས་པ་སྤང་། །

ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། །ཁྱོད་ཀྱི་ཡོད་དང་མེད་མ་དམིགས། །ཞེས་པ་ནི་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་དང་། རབ་རིབ་ལ་སོགས་པའི་རང་བཞིན་ལྟ་བུར་གཉིས་ཀྱི་རྣམ་པའི་སེམས་དང་། རྣམ་པར་ཤེས་པ་སྤངས་ཏེ། སྒྱུ་མ་དང་འདྲ་བའི་

སྣང་བ་ཙམ་དུ་སྣང་བའོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། སེམས་ཅན་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་བཞིན་ནོ། །གང་གི་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པ་སྟེ། ཆུད་པའི་གཉིད་ཀྱིས་རྣམ་པ་དེ་དག་ནི་མི་སྐྱེ་བ་སྟེ།

སྔར་བཤད་པ་བཞིན་ནོ། །འཇིག་རྟེན་རྟག་དང་ཆད་སྤང་བ། །འཁོར་གཟུགས་རྨི་ལམ་འདྲ་བ་སྟེ། །ཁྱོད་ནི་ཤེས་རབ་ཐུགས་རྗེ་ཡིས། །ཁྱོད་ཀྱི་ཡོད་དང་མེད་མ་དམིགས། །ཞེས་པ་སྟེ། དེ་ལ་རྟག་པ་ནི་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ། །མི་གཉིས་པའི་ཆུད་པའི་

རྒྱུད་ལས་ཆད་པ་ཡང་མེད་དོ། །གཉིས་ཀྱི་རྣམ་པའི་ཆད་པ་ཡང་ཡུན་རིང་པོ་དང་། ཡུན་ཐུང་ངུའི་རྨི་ལམ་བཞིན་ནོ། །ཆོས་དང་གང་ཟག་བདག་མེད་དང་། །ཁྱོད་ཀྱི་ཉོན་མོངས་ཤེས་བྱ་རྣམས། །ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་དང་། །མཚན་མ་མེད་པས་རྟག་ཏུ་དག །ཅེས་བྱ་

เล่ม ๑๒๑ · หน้า 31b

བ་ལ་མཚན་མ་མེད་པ་ནི་མི་གཉིས་པའི་ཡེ་ཤེས་ཀྱིས་འཛིན་པ་དང་། གཟུང་བའི་དངོས་པོ་མཚན་མ་གང་ཡང་མི་འཛིན་ཏོ། །མཚན་མ་མེད་པའི་རྣམ་པར་ཐར་པ་ལ་གང་གི་ཚེ་གནས་པ་དེའི་ཚེ་གང་ཟག་དང་ཆོས་ལ་བདག་མེད་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་

རྣམ་པར་དག་པར་འགྱུར་རོ། །ཤེས་རབ་ཀྱི་མཚན་མ་ཐམས་ཅད་མཚན་མ་མེད་པར་བྱ་སྟེ། སྟོང་པར་མཐོང་ངོ་། །སྟོང་པ་ལ་མཚན་མར་མི་འཛིན་པས་སེམས་ཀྱིས་སྨོན་པར་མི་བྱེད་དོ། །སེམས་ཀྱིས་སྨོན་པར་མི་བྱེད་ཅིང་དེ་ལྟ་བུའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོར་གྱུར་

ཀྱང་ཤེས་རབ་དང་ཐུགས་རྗེས་བདག་དང་གཞན་གྱི་དོན་ལ་བཞུགས་པ་ཡིན་ནོ། །མྱ་ངན་འདས་པར་འདའ་བ་མིན། །མྱ་ངན་འདས་པའང་ཁྱོད་མི་གནས། །བློ་དང་རིག་པར་བགྱིད་དང་བྲལ། །ཡོད་དང་མེད་པའི་ཕྱོགས་ཀྱང་སྤངས། །ཞེས་པ་ནི་གང་གི་ཚེ་ཤེས་རབ་ཀྱིས་

སྦོམ་པ་དང་ཕྲ་བ་གཞིགས་པ་ན། དམིགས་པ་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་ན་མི་གཉིས་པ་བསམ་པ་མེད་པ་སྣང་བ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པའི་སངས་རྒྱས་ཡིན་ཏེ། བློ་དང་རིག་པར་བྱ་བ་དང་བྲལ་བ་འཛིན་པ་དང་གཟུང་བའི་དངོས་པོ་གཉིས་ཀྱི་

རྣམ་པ་ལས་གྲོལ་བས། དངོས་པོ་དང་དངོས་པོ་མེད་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཞེས་པ་སྟེ། རྟག་

པ་དང་། བདག་དང་། གཙང་བ་དང་། བདེ་བའི་དངོས་པོ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤང་བའི་ཕྱིར་མྱ་ངན་ལས་འདས་པ་ཡིན་གྱི། བྱེད་པ་པོ་དང་བྱེད་པའི་རྣམ་པ་གཉིས་དང་འབྲེལ་ཏེ། མྱ་ངན་འདའ་བས་མྱ་ངན་ལས་འདའ་བ་མ་ཡིན་ནོ། །ཇི་ལྟར་བདུན་བརྒྱ་པ་ལས་

གསུངས་པ། འདི་ལྟ་སྟེ། མི་སེམས་པ་དེ་ཉིད་མྱ་ངན་ལས་འདས་པའོ། །དེ་ལྟར་སྐྱེ་འཇིག་སྤངས་པ་ཡིས། །ཐུབ་པའི་ཞི་བ་སུས་མཐོང་བ། །དེ་དག་འདི་དང་སླད་མར་ཡང་། །ཆགས་མེད་ཉེར་ལེན་མ་མཆིས་འགྱུར། །ཞེས་པ་ནི། བདག་མེད་པ་གཉིས་ལ་ཡང་

เล่ม ๑๒๑ · หน้า 32a

བྱེད་པ་དང་། བྱེད་པ་པོར་འབྲེལ་ནས་སྐྱེ་བ་མེད་པར་གང་དག་གིས་ཐུབ་པ་སྐྱེ་བ་སྤངས་པ་དེ་ལྟར་མཐོང་བ་དེ་དག་ནི་ལས་དང་ཉོན་མོངས་པའི་སྲིད་པར་མངོན་པར་མཚམས་སྦྱོར་བ་སྤངས་ཏེ། ཉེ་བར་ལེན་པ་མེད་པས་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་

ཏིང་ངེ་འཛིན་ལ་བཞུགས་པའི་ཐམས་ཅད་མཁྱེན་པས་འཇིག་རྟེན་ཐམས་ཅད་ལ་ཕན་པའི་ཕྱིར་གཉིས་སུ་མེད་པའི་ཤེས་རབ་ཀྱིས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ། མྱ་ངན་ལས་འདས་པར་གནས་པ་ཡིན་ནོ། །ཆགས་པ་མེད་པ་ནི་གཡོ་བ་མེད་པའོ། །བཅོམ་

ལྡན་བདག་ནི་བློ་ཅན་ཏེ། །ཐེག་ཆེན་ཁོང་དུ་ཆུད་པར་རྟོགས། །དྲི་བ་བརྒྱ་པོ་རྩ་བརྒྱད་པ། །གསུངས་པའི་མཆོག་ལ་ཞུ་བར་བགྱི། །ཞེས་ཏེ། ཡེ་ཤེས་འཇུག་པའི་རིགས་དང་། བདག་གིས་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་བྱས་པས་སྨྲ་བ་ཡིན་ཏེ། སེམས་ཅན་

རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པ་བསྩལ་བའི་ཕྱིར། ཇི་ལྟར་བདག་གིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞུ་བ་ལྟར་རོ། །ཐེག་ཆེན་ཁོང་དུ་ཆུད་པར་རྟོགས། ཞེས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་བྱེད་པའོ། །བྱང་ཆུབ་

སེམས་དཔའ་རྣམས་ཀྱི་སྤྱད་པ་སེམས་ཅན་རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཞུ་བ་ཡོངས་སུ་ཞུ་བར་འཚལ་ན། བཅོམ་ལྡན་འདས་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་

ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད་པ་ཇི་ལྟར་སྤྱན་སྔ་ཉིད་དུ་སེམས་ཅན་རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པའི་རྒྱ་མོ་ལྡོག་པར་འགྱུར་བ་དེ་ལྟར་ཡང་དག་པར་ཞུ་བར་འཚལ་བ་བཅོམ་ལྡན་འདས་ཉིད་མཁྱེན་ཏོ། །ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་

གྲོས་ཆེན་པོས་དགོངས་པའི་དོན་དུ་དམིགས་སོ། །ཐམས་ཅད་མཁྱེན་པས་ཀྱང་འཁོར་གྱི་བསམ་པ་ཐུགས་སུ་ཆུད་ནས། ང་ལ་དྲིས་ཤིག་རྒྱལ་སྲས་རྣམས། །བློ་གྲོས་ཆེན་པོ་ཁྱོད་ཀྱང་དྲིས། །ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་བཙུན་གཙོ་བློ་གྲོས་ཆེན་པོ་ལ་སྐབས་ཕྱེ་བ་

เล่ม ๑๒๑ · หน้า 32b

དང་། འདྲི་བའི་ལུས་ཞུ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱང་གསུང་བ་གང་གིས་འདྲི་བ་ཐམས་ཅད་ཀྱི་ལན་ལོན་པར་འགྱུར་བའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པར་འདྲི་བའི་ལན་ནི་མཆོག་ཏུ་ཟབ་མོ་གསུངས་པའོ། །རྣམ་པ་གཉིས་ཀྱི་ཤེས་པ་ལ་ཤེས་རབ་ཀྱི་བྱེ་བྲག་

རབ་ཏུ་འཇུག་གོ། །གང་ཡང་དོན་དམ་པར་མི་སེམས་པ་མི་གཉིས་པ་ཡང་དག་པར་རིག་པ་དེར་ནི་སྣང་བ་དང་བཅས་པའི་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་བ་ཉིད་དོ། །སོ་སོ་རང་གི་སྤྱོད་ཡུལ་ཞེས་པ་ནི་རང་གིས་རིག་པར་བྱ་བ་སྟེ། དེས་ན་གང་གིས་སྣང་བ་དང་བཅས་པ་དང་།

སྣང་བ་མེད་པའི་ཏིང་ངེ་འཛིན་གྱིས་ཁྱད་པར་གྱི་ཡེ་ཤེས་སུ་འགྱུར་བ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཙམ་ཉིད་སྤྱིའི་རྣམ་པའི་ཚུལ་གྱིས་ངས་ཁྱོད་ལ་བསྟན་པར་བྱའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །སྐབས་ཕྱེ་བ་དང་བློ་གྲོས་ཆེན་པོས་ཚིག་མ་

ལུས་པའི་བློ་གྲོས་ཀྱིས་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པའི་ཚད་མ་དང་། གཞལ་བ་དང་། བརྗོད་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་རྣམས་ཐུགས་སུ་ཆུད་པ་ཞུ་བར་བྱེད་དོ། །ཇི་ལྟར་རྟོག་གེ་རྣམ་དག་འགྱུར། །རྟོག་གེ་ཅི་ཡི་སླད་དུ་འབྱུང་། །ཇི་

ལྟ་བུར་ན་ནོར་བར་གདའ། །ཅི་ཡི་སླད་དུ་ནོར་བ་འབྱུང་། །ཞེས་པ་ལ། རྟོག་གེ་ནི་རྣམ་པ་མང་པོ་ཡོད་དེ། ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ལོག་པའི་ཡེ་ཤེས་ཀྱི་སྟོབས་ལས་འབྱུང་བ་སྟེ། ཇི་ལྟར་ནེ་ཡེ་ཡའི་ཀ་རྣམས་རྟོག་པ་ཚད་མ་དང་། གཞལ་བ་དང་། དོགས་

པ་དང་། དགོས་པ་དང་། གྲུབ་པའི་མཐའ་དང་། དཔེ་དང་། ཡན་ལག་དང་། རྟོག་གེ་དང་། ངེས་པ་དང་། རྩོད་པ་དང་། ཟུག་ཟུག་ཏུ་སྨྲ་བ་དང་། ཐོ་བཙམས་པ་དང་། རྒྱུར་སྣང་བ་དང་། ཀླན་ཀ་དང་། རིགས་འདྲ་བ་དང་། ཚར་བཅད་པའི་གནས་རྣམས་

ཡང་དག་པར་ཤེས་པས་གདོན་མི་ཟ་བ་རྣམས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་སོ། །ཚད་མ་དང་གཞལ་བ་མ་གཏོགས་པར་ཚིག་གི་དོན་གཞན་མེད་དོ། །གཞལ་བ་ཡང་ཚད་མ་མ་གཏོགས་པར་ཡོད་པ་མ་ཡིན་པ་ཉིད་དོ། དེ་ལྟར་འདི་ཉིད་དུ་གསུངས་པ། གང་ཟག་

เล่ม ๑๒๑ · หน้า 33a

རྒྱུད་དང་ཕུང་པོ་རྣམས། །དེ་བཞིན་རྐྱེན་དང་རྡུལ་ཕྲན་རྣམས། །གཙོ་བོ་དབང་ཕྱུག་བྱེད་པ་རྣམས། །སེམས་ཙམ་ལ་ནི་རྣམ་པར་རྟོག །ཡང་ཇི་ལྟར་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །འོ་ན་ཅི་སྣང་ཞེས་

གསོལ་བའི་ལན་དུ་ཐམས་ཅད་མཁྱེན་པས་གསུངས་པ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །དཔྱིད་ཀའི་སྨིག་རྒྱུ་ཇི་བཞིན་དུ། །གཡོ་བས་སེམས་ནི་སླུ་བར་བྱེད། །རི་དགས་རྣམས་ནི་ཆུར་འཛིན་ཏེ། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་བཞིན་

རྣམ་ཤེས་ས་བོན་ནི། །གཡོ་བ་སེམས་ཀྱི་སྤྱོད་ཡུལ་ལ། །བྱིས་པ་འཛིན་པ་སྐྱེ་བ་ན། །རབ་རིབ་རབ་རིབ་ཅན་བཞིན་དུའོ། །ཞེས་པའོ། །དེ་དེ་ལྟར་བསླུ་བ་དང་མི་བསླུ་བ་ལ་སོགས་པ་ཚད་མ་དང་། གཞལ་བའི་ཐ་སྙད་འདི་ཐམས་ཅད་ཀུན་ཏུ་རྟོག་པའོ། །རྨི་ལམ་དུ་ཡང་མཚོ་ཆེན་

པོ་ལ་སོགས་པར་འཁྲུ་བ་དང་། བཏུང་བ་དང་། འབོགས་པ་ལ་སོགས་པའི་དགོས་པ་དང་དེར་ཡང་མྱ་ངན་གྱི་སྨིག་རྒྱུའི་ཆུས་སླུ་བར་སྣང་ངོ་། །རྣམ་པ་དེ་ལྟ་བུའི་རྟོག་གེ་ཇི་ལྟར་རྣམ་པར་དག་པར་འགྱུར་ཞེ་ན། གང་གི་ཚེ་ཤེས་རབ་ཀྱི་མཐུས་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་

ཆར་གཞིགས་ཏེ་སྟོང་པར་འགྱུར་བ་དེའི་ཚེ་ཚད་མ་དང་གཞལ་བ་གཉིས་ཤེས་རབ་ཀྱིས་ཅུང་ཟད་ཀྱང་མི་མཐོང་ནས་མི་གཉིས་པ་ཉིད་དེ། ངེས་པར་ཞུགས་པའི་དབང་པོའི་ཤེས་པ་རང་གིས་རིག་པ་བཞིན་དུ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་

རྟོག་པ་ལ་གནས་པར་འགྱུར་རོ། །དེ་ལ་རྣམ་པ་གཉིས་སུ་སྣང་བས་གློངས་པའི་མཐུ་ཉིད་ཀྱིས་མཉམ་པར་མི་འདུ་བའི་མ་རིག་པ་ཡོངས་སུ་སྨིན་པས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་རྐྱེན་གཞན་པ་རྣམས་དུ་མའི་དབང་ལས་

ཀྱང་ཤེས་པ་རྣམ་པ་སྣ་ཚོགས་སུ་སྣང་ངོ་། །ཤེས་རབ་ཀྱིས་དཔྱོད་པ་ནི་མི་སྣང་བར་འགྲོ་བ་ནི་ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། བློས་ནི་མྱོང་བྱེད་གཞན་མེད་དེ། །དེ་ལའང་མྱོང་བྱེད་གཞན་ཡང་མེད། །འཛིན་དང་གཟུང་བ་ཆེམས་མེད་ཕྱིར། །དེ་ནི་བདག་ཉིད་

เล่ม ๑๒๑ · หน้า 33b

སྣང་བྱེད་དོ། །བློ་ཡིས་བདག་ཉིད་དབྱེར་མེད་ཀྱང་། །འཁྲུལ་བར་མཐོང་བ་རྣམས་ཀྱིས་ནི། །འཛིན་པ་གཟུང་བ་ཡང་དག་རིག །ཐ་དད་བཞིན་དུ་རྟོག་པར་བྱེད། །ཇི་ལྟར་མཐོང་བ་དེ་བཞིན་འདི། །འཛིན་པ་གཟུང་བ་རིག་རྣམས་ལ། །ཚད་མ་གཞལ་བ་འབྲས་བུ་ནི། །མེད་དུ་ཟིན་

ཀྱང་གཞག་པར་བྱ། །དེ་དེ་ལྟར་གཉིས་ཀྱི་རྣམ་པའི་རྟོག་གེ་མ་དག་པ་ནི་མི་གཉིས་པའི་ཡེ་ཤེས་དོན་དམ་པའི་བདེན་པས་རྣམ་པར་དག་པར་འགྱུར་རོ། །ཁྱད་པར་རྣམས་ནི་ཚིག་གི་དོན་རྣམ་པ་དྲུག་ཡོངས་སུ་ཤེས་པས་མཐར་རོ་ཞེས་ཀུན་རྟོག་པ་ནི་ཕྱིའི་དོན་མེད་པས་ཚིག་གི་དོན་

རྣམ་པ་དྲུག་པོ་མེད་པ་ཉིད་དོ། །དེ་དག་གི་རྟོག་གེ་མ་དག་པ་ནི་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པས་རྣམ་པར་དག་པར་འགྱུར་རོ། །དེ་ཁོ་ན་ཉིད་ཉི་ཤུ་ལྔ་ཤེས་པས་ཡོངས་སུ་ཐར་རོ་ཞེས་གྲངས་ཅན་རྣམས་རྣམ་པར་རྟོག་པ་ཕྱིའི་དོན་མེད་པས་དེ་དག་གི་

ཡང་གཙོ་བོ་ཡུལ་མེད་པས་ན་ལོངས་སྤྱོད་མེད་པའི་ཕྱིར་སྤྱོད་པའི་སྐྱེས་བུ་ཡང་ཇི་ལྟར་ཡོད་པར་འགྱུར། སྐྱེས་བུའི་རང་བཞིན་སེམས་པ་ཅན་པས་ན་རང་གི་རིག་པ་ཙམ་དོན་དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་ཉིད་དུ་རུང་ངོ་། །ནེ་ཡེ་ཡའི་ཀ་དང་ཁྱད་པར་ཅན་གང་དག་

ཡང་བདག་ཚོར་བ་ཅན་མ་ཡིན་པར་ཀུན་ཏུ་རྟོག་པ་དེ་དག་གི་དངོས་པོ་རྣམ་པ་བཅུ་དྲུག་དང་། དྲུག་གི་ཁྱད་པར་ཚོར་བ་མེད་པ་ལ་ཇི་ལྟར་ཡོངས་སུ་ཤེས་པར་རུང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འབྲེལ་པ་རྣམས་ཁྱད་པར་བདག་གིས་ཇི་

ལྟར་ཡོངས་སུ་ཤེས། བདག་དང་ཡིད་དུ་སྦྱོར་བ་ལས་སྐྱེས་པའི་ཤེས་པས་ཆུད་པར་བྱེད་ཅེས་ན་ནི་དེ་མ་གཏོགས་པར་བདག་ཉིད་མེད་པ་དག་ལ་རྟོག་པ་ནི་དོན་མེད་པའོ། །བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་དང་ལྡན་པ་ནི་གཙོ་བོའི་མཉམ་པའི་དུས་ན་ཡོན་ཏན་གསུམ་སྟེ།

དེ་འདྲ་བ་ནི་ཆེན་པོའི་རྒྱུ་ཡིན་པར་ཀུན་ཏུ་རྟོག་པར་བྱེད་དོ། །ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །ང་རྒྱལ་ལས་ནི་སྒྲ་ལ་སོགས་པའི་ཡུལ་དེ་ཙམ་རྣམ་པ་ལྔའོ། །དེ་ཙམ་རྣམ་པ་ལྔ་ལས་ནི་འབྱུང་བ་ལྔ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་

เล่ม ๑๒๑ · หน้า 34a

པོ་ལྔ་རྣམས་དང་ཡིད་དོ། །བདག་ཏུ་ཆགས་པ་ཡོངས་སུ་ཤེས་པ་མ་གཏོགས་པ་གལ་ཏེ་དེ་ལྟ་བུར་ཡོངས་སུ་ཤེས་པས་ཐལ་བར་འགྱུར་ན་ནི་རེ་ལྡེ་དང་། རྩིག་པ་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པས་ཅིས་ན་ཐལ་བར་མི་འགྱུར། དེ་བས་ན་ནེ་ཡེ་ཡའི་

ཀ་དང་། ཁྱད་པར་ཅན་གྱི་ཚིག་གི་དོན་གྱི་ཁྱད་པར་ཡོངས་སུ་ཤེས་པས་ཐར་པའི་སྐྱོན་འདིའང་མཚུངས་སོ། །ཀྵ་པ་ན་ཀའི་ཕྱོགས་ཀྱི་ཐར་པར་འགྱུར་བར་སྨྲ་བས་ཀྱང་དོགས་པ་ལྡོག་པར་མི་འགྱུར་བ་ཉིད་དེ། ཡོད་པར་འགྱུར་བ་ནི་སྤྱིའི་བདག་ཉིད་དང་། མེད་པར་འགྱུར་བ་ནི་ཁྱད་པར་གྱི་

བདག་ཉིད་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུའོ། །ཡོད་པར་འགྱུར་བ་སྤྱིའི་བདག་ཉིད་པ་ནི་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ། །སྤྱི་དང་

ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད། མེད་ཀྱང་མེད་པ་ནི་ཅིག་ཅར་སྨྲ་བར་མི་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་ཅིག་ཅར་སྨྲ་བར་མི་བྱའོ། །ཞེས་པ་ཀྵ་པ་ན་ཀ་རྣམས་ཀྱི་ཐར་པའི་རྒྱུར་གདོན་མི་ཟ་བ་གང་ཡང་མེད་དོ། །དེའི་ཕྱིར་ན་རྟོག་གེ་འདི་ནི་མ་དག་པ་སྟེ། དེས་ན་

དེ་ནི་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པས་དག་པར་འགྱུར་ཞེས་བྱའོ། །གང་དག་ཡང་ཚངས་པ་དང་། དབང་པོ་ལ་སོགས་པར་སྨྲ་བ་རྣམས་ཀུན་དུ་རྟོག་པ་ནི་འདི་ཐམས་ཅད་ཚངས་པ་ཡིན་ཏེ། དེ་བས་ན་ཞི་བ་ལ་བསྙེན་བཀུར་གྱིས་ཤིག་ཅེས་པ་གཉིས་སུ་

མེད་པར་སྨྲ་བ་དེ་དག་གིས་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །བདེ་བར་གཤེགས་པ་རྣམས་ཀྱི་མི་གཉིས་པའི་ཆུད་པ་ནི་མང་པོ་སྟེ། དེ་བས་ན་དེ་དག་གི་རྟོག་གེ་ནི་དག་པའོ། །སྤྱོད་པ་ཅན་རྣམས་ཀྱི་རིག་པ་ནི་རྟག་པའི་

ཚད་མ་སྟེ། ཞེས་པ་ནི་རྟག་པ་མ་སྐྱེས་པ་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་པས་རྟོག་གེ་འདི་ཡང་མ་དག་པའོ། །གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། ལོག་པའི་སྒྲ་དང་གློག་ལ་སོགས་པ་བཞིན་ནོ། །རྟག་པས་ནི་རིམ་དང་ཅིག་ཅར་དོན་བྱེད་པ་འགལ་བའི་ཕྱིར་ཏེ། གང་

เล่ม ๑๒๑ · หน้า 34b

ལ་དོན་བྱེད་པའི་མཐུ་མེད་པ་དེ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོར་ཡོད་པ་མ་ཡིན་ནོ། །འཇིག་རྟེན་རྒྱང་འཕེན་པའི་རྟོག་གེ་ཡང་ཕྱིའི་དོན་མེད་པས་ན་འབྱུང་བའི་འགྱུར་བ་ལས་འགྲོ་བའི་རྣམ་པ་སྣ་ཚོགས་མ་ཡིན་ནོ། །རྒྱུའི་ཁྱད་པར་གྱིས་བྱེད་པ་མ་གཏོགས་པར་འབྱུང་བ་

རྣམས་ཀྱང་རྣམ་པ་སྣ་ཚོགས་སུ་སུས་བྱེད། དེ་བས་ན་འགྲོ་བ་སྣ་ཚོགས་འབྱུང་བ་ལས་གཞན་པར་འཐད་དེ། རྒྱུའི་ཁྱད་པར་ལས་རྗེས་སུ་དཔག་གོ། །དེར་ཡང་དབང་པོ་རྒྱུ་མ་ཡིན་ཏེ། རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོར་ཡོད་

པ་མ་ཡིན་ནོ། །དེས་ན་སྡུག་བསྔལ་གྱི་རྗེས་སུ་འབྲེལ་པར་འཇུག་པ་གང་དང་གང་ཡིན་པ་དེ་དང་དེར་ནི་ལོག་པའི་ཤེས་པས་བདག་ཏུ་ཞེན་པའི་རྒྱུ་ལས་འབྱུང་བ་སྟེ། མར་མེ་ལ་སོགས་པར་ཕྱེ་མ་ལེབ་ལ་སོགས་པ་བཞིན་ནོ། །སྡུག་བསྔལ་རྗེས་སུ་འབྲེལ་ཞེས་བྱ་བ་ནི་འཁོར་

བར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་བློང་བ་དང་། འཁྲུག་པའི་ལས་མཚན་ཉིད་དུ་འཇུག་པའོ། །གལ་ཏེ་ལོག་པའི་ཤེས་པ་མ་གཏོགས་པར་ཡང་སྡུག་བསྔལ་རྗེས་སུ་འབྲེལ་

པར་འཇུག་པར་འགྱུར་ན་ནི་དེས་དབེན་པའི་ཡེ་ཤེས་བསྐྱེད་ཀྱང་གཡང་ས་ལ་སོགས་པའི་ཡུལ་སྤོང་དུ་ཟིན་ཀྱང་དེ་ཉིད་དུ་ལྟུང་བར་འགྱུར་རོ་ཞེས་བྱ་སྟེ། འདི་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མ་སྟེ། དེས་ན་རྟག་པའི་བདག་ལ་ཞེན་པ་དང་། ལས་ཀྱི་སྲིད་པ་རབ་ཏུ་བྱུང་

སྟེ་དེ་ཟད་པ་ཉིད་ཀྱི་ཐར་པ་སྟེ། ཕུང་པོར་མི་གནས་ཤིང་འཇིག་པའོ། །རབ་རིབ་འཁྲུལ་འདས་འཁྲུགས་པ་ཉེ་བར་ཞི་བ་རབ་ཏུ་ཞི། །ཡོད་པ་མ་སྐྱེས་ནམ་མཁའི་མེ་ཏོག་རྟོག་པའང་ཅིག་ཅར་དང་། །རིམ་གྱིས་དོན་བྱེད་མ་ཡིན་ཤེས་པ་དཔལ་བཟངས་ཚད་མ་ནི། །ཚུལ་གཉིས་

འདུས་པ་བདེར་གཤེགས་པའི་ཡང་མི་གཉིས་ལའོ་ཞེས་བྱའོ།། །།དེ་དེ་བཞིན་དུ་ཕྲན་ཚེགས་ཀྱི་རྟོག་གེ་གཞན་ཡང་ཚད་མར་རྟོག་པ་ཙམ་ལ་བརྟེན་ནས་ཐར་པ་ཀུན་ཏུ་རྟོག་པ་སྟེ། ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། བཀྲ་ཤིས་པ་དང་།

เล่ม ๑๒๑ · หน้า 35a

བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པའི་མཚན་ཉིད་འོ་མ་དང་། འོ་མ་མ་ཡིན་པ་དང་། རྩ་བ་དང་། འབྲས་བུ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་ལ་སོགས་པ་འཆང་བ་དང་། ཐལ་བས་བསྐུ་བ་དང་། སྐྲ་འབལ་བ་དང་། རལ་པའི་ཅོད་པན་

གྱིས་བརྒྱན་པ་དང་། གར་དང་། གླུ་དང་། དབང་པོ་མགུ་བར་བྱེད་པ་དང་། བ་ལང་གི་བརྟུལ་ཞུགས་དང་། རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པར་རྣམ་པར་རྟོག་པ་ནི་རྟོག་གེ་མ་དག་པ་སྟེ། བདག་ཏུ་ཞེན་པ་ཡོངས་སུ་མ་སྤང་ན་ཇི་ལྟར་ཡོངས་སུ་ཐར་པར་རུང་། རྟག་

པའི་བདག་ཏུ་ཆགས་པའི་མཐུ་ཉིད་ལས་འཁོར་བར་སྐྱེ་བའི་སྡུག་བསྔལ་རྗེས་སུ་འབྲེལ་བར་འགྱུར་ཏེ། དེ་བས་ན་བདག་མེད་པ་ཡོངས་སུ་ཤེས་པས་ཐར་པར་རུང་སྟེ། དེ་བཞིན་དུ་ཡང་བདེ་བར་གཤེགས་པ་རྣམས་ཀྱི་རྟོག་གེ་རྣམ་པར་དག་པར་འགྱུར་རོ། །ཇི་ལྟར་མཆོག་

ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། བདག་ཏུ་འདུ་ཤེས་ལ་ནི་གང་གནས་པ། །དེ་དག་སྡུག་

བསྔལ་ལ་ནི་རབ་ཏུ་གནས། །གང་ན་སྡུག་བསྔལ་ཡོད་པ་མ་ཡིན་པའི། །བདག་མེད་དེ་དག་གིས་ནི་མི་ཤེས་སོ། །རྟོག་གེ་ཞེས་བྱ་བ་ནི་དོན་ཁོང་དུ་མ་ཆུད་པའི་རྒྱུ་ཁོང་དུ་ཆུད་པར་བྱེད་པའོ། །དེ་ཡང་བདེ་བར་གཤེགས་པ་རྣམས་ཀྱི་ཚད་མའི་རང་བཞིན་ནོ། །དོན་གསལ་བར་ཆུད་

པར་བྱེད་པ་སྟེ། དེ་ལྟ་ན་ཡང་དག་པའི་ཤེས་པ་དེས་རྟོག་གེ་རྣམ་པར་དག་པར་འགྱུར་ཏེ། གང་གིས་ཐེ་ཙོམ་དུ་གྱུར་ཏེ་དངོས་པོ་རྣམས་མི་རྟོག་པར་མི་འགྱུར་བས་ན་འབྱུང་བའོ། །དེ་དེ་ལྟར་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པའི་རྟེན་ནི་བདེ་བར་རྟོག་པ་དང་།

འཁྲུལ་བའི་ཐ་སྙད་དེ། མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་ཉིད་ཀྱི་དངོས་པོ་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པའི་ཤེས་པས་ལྡོག་པ་ན་མདོ་སྡེ་འདིས་ལོག་པའི་ཤེས་

เล่ม ๑๒๑ · หน้า 35b

པས་རྒྱ་ཆེར་རྣམ་པར་ཟློག་པར་བྱེད་དོ། །ཅི་ཡི་སླད་དུ་སྤྲུལ་དང་ཞིང་། །ཁྱོད་ཀྱི་མཚན་དང་མུ་སྟེགས་དང་། །སྣང་བྱེད་རིམ་པ་ཅི་སླད་དུ། །ཁྱོད་ཀྱི་རྒྱལ་སྲས་གང་ལས་ལགས། །ཞེས་བྱ་བ་ནི་ཕྱིའི་དོན་མེད་པར་གྲངས་ལས་འདས་པའི་ཞིང་རྣམས་ཇི་ལྟར་སྣང་། འཇིག་རྟེན་འདི་ནི་

རྨི་ལམ་ལྟ་བུར་ཆུད་པའི་སྣང་བ་ལགས་ན། གང་གིས་རྨོངས་པ་རྣམ་པར་ལྡོག་པ་དེ་ལྟར་འཇིག་རྟེན་ལ་བཤད་དུ་གསོལ་ཞེས་ཐམས་ཅད་མཁྱེན་པའི་ཡུལ་དུ་དྲི་བ་བློ་གྲོས་ཆེན་པོས་བསམ་པར་རྗེས་སུ་དཔག་གོ། །ཕྱིའི་དོན་མེད་པར་སྤྲུལ་པ་རྣམས་ཇི་ལྟར་ན་སྐུར་འབྱེད་པ་སྒྱུ་མའི་རང་

བཞིན་བཞིན་དུ་འཇིག་རྟེན་ལ་བཤད་དུ་གསོལ། ཕྱིའི་དོན་མེད་པར་སྐྱེས་བུ་ཆེན་པོའི་མཚན་རྣམས་ཇི་ལྟར་འགྱུར་བ་དེ་དག་ཀྱང་སྒྱུ་མའི་རང་བཞིན་དུ་གང་གིས་འདུས་པའི་སྐྱེ་བོ་ཀུན་ཏུ་རྨོངས་པ་ལྡོག་པར་འགྱུར་བ་དེ་ལྟར་བཤད་དུ་གསོལ། གཉིས་པ་དང་མི་གཉིས་པར་སྨྲ་བའི་

མུ་སྟེགས་ཅན་ཇི་ལྟར་ལྡོག་པ་དང་། དེ་དག་རྩོད་པ་དང་ཆོས་དང་གང་ཟག་ལ་བདག་མེད་པ་བསྟན་པས་བཟློག་ཏུ་གསོལ། སྣང་མེད་རིམ་པ་ཅི་སླད་དུ། །ཞེས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་བཤད་ནས་རྣམ་པར་ཤེས་པ་ཙམ་བཤད་པར་མཛད་ཀྱང་

དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པར་སྣང་བ་མེད་པའི་ཏིང་ངེ་འཛིན་རིམ་གྱིས་བཤད་པར་མཛད་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གོ་རིམས་སུ་བཤད་པར་མཛད་ཀྱང་དངོས་པོ་ཐམས་ཅད་མཁྱེན་པའི་དགོངས་པ་དེ་བསྟན་དུ་གསོལ།

ཇི་ལྟར་འདི་ཉིད་དུ་གསུངས་པ། གཅིག་ལ་སྟོན་པར་གང་མཛད་པ། །དེ་ནི་གཞན་ལ་བསྟན་པ་མིན། །ནད་པའི་དབང་ལ་སྨན་པ་བཞིན། །སྨན་ནི་ཐ་དད་རྟོག་བྱེད་པའོ། །ཞེས་སོ། །ཏིང་ངེ་འཛིན་རིམ་གྱིས་བསྒོམས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་བསོད་ནམས་

དང་། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེ་བས་རྒྱལ་བའི་སྲས་རྣམས་ཀྱི་ཡོན་ཏན་བླ་མའི་བླ་མར་ཁྱད་པར་ཅན་དུ་འགྱུར་རོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ས་གཞན་པ་ཡི་རང་

เล่ม ๑๒๑ · หน้า 36a

བཞིན་ནོ། །དེ་དེ་ལྟར་ཆོས་རྒྱ་ཆེར་བསྟན་དུ་གསོལ། སྣང་བ་མེད་པའི་རིམ་པ་ཇི་ལྟ་བུར་མཆིས། དེ་མ་མཆིས་ན་ས་བཅུ་ལ་དབང་བ་རྣམས་ཀྱི་ཁྱད་པར་ཇི་ལྟར་འདི་ཉིད་དུ་བསྒྲུབ་པར་མཛད་པ། བཅུ་པོ་པ་ནི་དང་པོ་ཡིན། །དང་པོ་པ་ནི་བརྒྱད་པོ་ཡིན། །དགུ་

པོ་ཡང་ནི་བདུན་པ་སྟེ། །སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་བྱ་བ་ལ་སོགས་པ་སྟེ། ས་དང་པོར་ཆོས་ལ་བདག་མེད་པར་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ས་བཅུ་པོར་ཡང་ཡིན་ན་སྟོང་པ་ཉིད་ལ་ཁྱད་པར་ཅི་མཆིས་ཞེས་པ་ལ། དེར་སྦྱིན་པ་ལ་སོགས་པའི་

ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཡང་དག་པའི་དོན་དུ་ཐམས་ཅད་མཁྱེན་པས་བཤད་དུ་གསོལ། གྲོལ་བ་གང་དུ་མཆི་བར་འགྱུར། །བཅིངས་པ་སུ་ལགས་གང་གིས་འགྲོལ། །བསམ་གཏན་པ་ཡི་ཡུལ་དེ་གང་། །ཇི་ལྟར་ཐེག་པ་གསུམ་པོ་ལགས། །ཞེས་པ་ནི་

འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་ཟད་དེ་སེམས་དག་པ་ནི་ཐར་པ་སྟེ། དེ་ནི་གང་ཡང་མི་འགྲོའོ། །མུ་སྟེགས་ཅན་རྣམས་ཀྱིས་ནི་སྦུ་བུར་སྟོབས་སྤྱི་བོར་བརྟོལ་ཏེ་ཉི་མའི་ལམ་གྱིས་ཞི་བར་འགྲོ་བ་ལ་སོགས་པས་ཐར་པའི་གནས་སུ་ཀུན་དུ་རྟོག་གོ། །གང་ན་ཡང་

འགྲོ་བ་དང་འོང་བ་ཡོད་པ་དེར་སྐྱེ་བའི་གནས་ཡིན་གྱི་ཐར་པ་ནི་མ་ཡིན་ནོ། །གྲོལ་བ་གང་དུ་འགྲོ་བར་འགྱུར་བ་ནི་ཐམས་ཅད་མཁྱེན་པས་གར་ཡང་མ་ཡིན་ནོ་ཞེས་བསྟན་དུ་གསོལ། བཅིངས་པ་སུ་ཞིག་གང་གིས་འགྲོལ། །ཞེས་བྱ་བ་ནི་ཕྱུགས་ཀྱི་བདག་པོས་ཕྱུགས་ཀྱི་གཙོ་བོ་

བཅིངས་པ་ལས་བཀྲོལ་བ་ལྟར་ནི་མ་ཡིན་གྱི། ཇི་ལྟ་ཞེ་ན། ཡང་དག་པའི་ཡེ་ཤེས་ཀྱི་ལོག་པའི་ཤེས་པ་བཟློག་པས་བཀྲོལ་བ་སྟེ། ཇི་ལྟར་དབུ་མ་ལས་སྨྲས་པ། ཆགས་པ་འདོད་ཆགས་ཐ་དད་པར། །གལ་ཏེ་འདོད་ཆགས་སྔར་གྱུར་ན། །དེ་ཡི་རྐྱེན་གྱིས་འདོད་ཆགས་འགྱུར། །

ཆགས་མེད་འདོད་ཆགས་ཅི་ཕྱིར་ཞིག །འདོད་ཆགས་ཆགས་པ་སྐྱེ་བར་ཡང་། །རིམ་པ་དེ་ནི་འདྲ་བ་སྟེ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་མི་འཇུག་ལྷན་ཅིག་མིན། །བསམ་གཏན་པ་ཡི་ཡུལ་དེ་གང་། །ཞེས་བྱ་བ་ནི་གང་ཡང་མ་ཡིན་ཏེ། གང་

เล่ม ๑๒๑ · หน้า 36b

ཆགས་པར་བྱེད་པ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བ་དང་། ཆོས་དེ་དེས་ཀུན་དུ་མི་མཐོང་བ་ནི་ཤེས་རབ་ཀྱིས་མི་དམིགས་པའི་ཚུལ་གྱིས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ་གང་ཡང་མི་མཐོང་ངོ་། །ཇི་ལྟར་ཐེག་པ་གསུམ་ལགས་

ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སྣ་ཚོགས་སུ་བྱ་བ་མེད་ན་ཇི་ལྟར་ཐེག་པ་གསུམ་དུ་བཞག །ཇི་ལྟར་ཐམས་ཅད་མཁྱེན་པས་ཤཱ་རིའི་བུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལན་དུ་གསུངས་པ་ཐམས་ཅད་མཁྱེན་པ་སེམས་ཅན་གྱི་དོན་གྱི་ཚོགས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པས་ཁྱད་པར་དུ་

ཕྱེ་བས་སོ། །ཡང་ཇི་ལྟར་འདི་ཉིད་དུ་གསུངས་པ། ཉན་ཐོས་དང་ནི་རྒྱལ་བ་གང་། །སྣང་བའི་གཟུགས་དག་དེ་དག་ནི། །བྱང་ཆུབ་སེམས་དཔའ་བརྩེ་བདག་དག །དེས་ན་སྤྲུལ་པ་སྟོན་པའོ། །དེས་ན་ཐམས་ཅད་མཁྱེན་པ་ཁྱོད་ཀྱི་ཐེག་པ་གཅིག་པུ་ཉིད་བཤད་དུ་

གསོལ་ཞེས་བྱའོ། །ཐམས་ཅད་མཁྱེན་པས་སེམས་ཅན་གྱི་མོས་པའི་ཁྱད་པར་ལས་ཐེག་པ་གསུམ་དུ་བསྒྱུར་བར་གསུངས་པ། གཅིག་ལ་བཤད་པ་གང་ཡིན་པ། །དེ་ནི་གཞན་ལ་བཤད་པ་མིན། །ནད་པའི་དབང་ལས་སྨན་པ་བཞིན། །སྨན་ནི་སོ་སོར་རྟོག་པར་བྱེད། །

ཅེས་སོ། །དེ་དེ་ལྟ་བུ་ནི་ཚིགས་སུ་བཅད་པ་བསྡུས་པ་ལས་ཞུས་པ་ཐམས་ཅད་ཀྱི་ལན་ཡོད་པས་ན་འདིའི་བཤད་པ་ཡང་རྒྱ་ཆེ་བར་དེར་རིག་པར་བྱའོ། །རྐྱེན་གྱིས་སྐྱེ་བ་དེ་དག་ཅི། །འབྲས་བུ་ཅི་ཞིག་རྒྱུ་ནི་གང་། །གཉིས་ཀ་གཞན་པ་ཅི་སླད་དུ། །ཇི་ལྟ་བུར་ཡང་འབྱུང་བ་

ལགས། །ཞེས་བྱ་བ་ནི་སྐྱེ་བ་དང་། སྐྱེད་པའི་དངོས་པོ་དང་། བྱེད་པ་དང་། བྱེད་པ་པོར་འབྲེལ་ཏེ་རྐྱེན་ལས་འབྲས་བུ་འབྱུང་བ་ཅུང་ཟད་ཀྱང་མེད་དེ། གང་གི་ཚེ་ན་རྒྱུ་ཡོད་པ་དེའི་ཚེ་ན་འབྲས་བུ་མེད་པས་ན་རྒྱུ་ཇི་ལྟར་ན་ཡོད། ཇི་ལྟར་འདི་ཉིད་དུ་ཐམས་ཅད་མཁྱེན་པས་གསུངས་

པ། །བློ་གྲོས་ཆེན་པོ་བུ་མ་སྐྱེས་པར་ཡང་ཕར་འདོགས་པ་བཞིན་དུ་རྟོག་གེ་པ་རྣམས་ཀྱི་རིམ་གྱིས་འབྱུང་བར་མི་འཐད་པ་དང་། ཅིག་ཅར་འབྱུང་བར་མི་འཐད་དེ། རྒྱུས་མཚན་ཉིད་མ་ཐོབ་པའི་ཕྱིར་དང་། དུས་གཅིག་ཏུ་ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མི་རུང་

เล่ม ๑๒๑ · หน้า 37a

སྟེ། དེ་བས་ན་གཉིས་ཀ་གཞན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་ངོ་། །ཇི་ལྟ་བུར་ཡང་འབྱུང་བ་ལགས། །ཞེས་བྱ་བ་ནི་མེད་པའི་འབྲས་བུ་ཇི་ལྟར་ན་བྱ། མེད་པར་བྱེད་པར་འགྱུར་ན་ནི། །བྱེད་པ་བཀག་པར་མི་འགྱུར་རོ། །སྔ་མའི་འོག་ཏུ་འདི་ཡོད་

ན། །འདི་ཡོད་པར་འགྱུར་རོ་ཞེས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་དང་འབྲས་བུར་ངེས་པར་འབྲེལ་བ་འབའ་ཞིག་གོ། །གཟུགས་མེད་སྙོམས་པར་འཇུག་པ་དང་། །འགོག་པ་དེ་ཡང་ཇི་ལྟ་བུ། །འདུ་ཤེས་འགོག་པ་ཇི་ལྟ་བུ། །ཅི་སླད་ཇི་ལྟར་སད་པར་འགྱུར། །ཞེས་བྱ་བ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་འཇུག་པ་འགོག་པའི་རྣལ་འབྱོར་ཡིན་མོད་ཀྱི། འོན་ཀྱང་གཉིད་ལྕི་བ་ལ་གནས་པ་བཞིན་པས་ན། ཇི་ལྟར་ན་སད་པར་འགྱུར། བདག་ཏུ་ཆགས་པ་དང་ལས་དང་ཚེའི་རྒྱུན་ཇི་སྲིད་དུ་མི་ལྡོག་པ་ནི་ཉོན་མོངས་པ་རྣམས་འགོག་པ་བདག་ཏུ་ཆགས་པ་

ཡོད་ན་འགོག་པར་འགྱུར། འདུ་ཤེས་འགོག་པ་ཇི་ལྟ་བུ། །ཞེས་བྱ་བ་ལ། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དེ། ཤེས་རབ་ཀྱིས་སྟོང་པ་ཉིད་དུ་ཁོང་དུ་མ་ཆུད་ཀྱི་བར་དེ་ཡང་ཇི་ལྟར་ན་འགག་པར་འགྱུར། སྟོང་པ་ཉིད་ལ་མཚན་མར་མི་འཛིན་ཏེ། སེམས་ལ་མཚན་མ་

མེད་པས་སྨོན་པར་མི་བྱེད་དེ། དེ་ལྟར་ན་འདུ་ཤེས་ཐམས་ཅད་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཅི་སླད་ཇི་ལྟར་སད་པར་འགྱུར། །ཞེས་བྱ་བ་ནི་སྙིང་རྗེ་བའི་བག་ཆགས་ཀྱིས་སེམས་ཅན་གྱི་དོན་དུ་སད་ནས། སངས་རྒྱས་རྣམ་གཟིགས་ཀྱང་ཤེས་རབ་

ཀྱིས་མི་གཟིགས་སོ། །གང་དག་ལ་ཡང་ནམ་མཁའ་མཐའ་ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་དང་། འདུ་ཤེས་ཡོད་པ་དང་མེད་པ་ཡང་རུང་སྟེ། རྟག་པ་དང་བདག་ཏུ་འདུ་ཤེས་པས་སེམས་འཇུག་པ་འགག་པ་ཙམ་ལ་གནས་པའི་མུ་སྟེགས་ཅན་རྣམས་དེས་ཇི་ལྟར་

ན། སྲིད་པའི་ཐོག་མ་ཐོབ་གྱུར་ཀྱང་། །བསམ་གཏན་པ་སྲིད་ཆགས་མེད་རྣམས། །ངར་བྱེད་ལྕགས་ཀྱུས་དྲངས་པ་དག །སེམས་ཅན་དམྱལ་བར་ཡང་ལྷུང་བ། །དེ་དག་སད་པར་ཇི་ལྟར་རུང་། །རིགས་པ་དང་ལུང་གི་རྗེས་སུ་མཐུན་པར་བདག་གིས་ཅུང་ཟད་ཅིག་བཤད་མོད་

เล่ม ๑๒๑ · หน้า 37b

ཀྱི་དམ་པའི་ཆོས་འདྲི་བའི་ལན་ངེས་པར་ནི་ཐམས་ཅད་མཁྱེན་པ་མཁྱེན་ཏོ། །འགྲོ་བ་དང་ནི་ལུས་འཛིན་ཀྱང་། །ཅི་ཡི་སླད་དུ་བྱ་བ་འབྱུང་། །ཇི་ལྟར་ས་ལ་འཇུག་པར་འགྱུར། །ཞེས་བྱ་བ་ནི་སུ་ཕྱོགས་དང་དུས་གང་དུ་སྐྱེས་པ་དེ་དེ་ཉིད་དུ་འགགས་པས་ན་བྱ་བ་ཅིའི་སླད་དུ་འབྱུང་། སྐད་

ཅིག་པའི་དོན་གྱི་དངོས་པོ་འགགས་པས་ཡུལ་གཞན་དུ་འགྲོ་བའོ། །ལུས་འཛིན་པ་ཡང་རྟག་པར་ཕྱིའི་དོན་དུ་འདུ་ཤེས་པས་སྐད་ཅིག་པ་འདྲ་བ་གཞན་སྐྱེ་བ་ལ་གཅིག་ཏུ་ངེས་པ་འཛིན་ཏོ། །མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ཆུད་པ་འཁྲུལ་བའི་རྣམ་པ་ལ་

ཕྱི་རོལ་གྱི་བར་སྒྲོ་བཏགས་ནས་སེམས་ཅན་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་ཕྱིན་ཅི་ལོག་འཁྲུལ་བ་ཡིན་ཏེ། དེས་ན་སྣང་བ་མེད་དོ། །གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །ཞེས་སོ། །ཇི་ལྟར་ས་ལ་འཇུག་པར་འགྱུར། །ཞེས་བྱ་བ་ནི་སྦྱིན་པ་

ལ་སོགས་པའི་ཚོགས་དང་། རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་བླ་མའི་ཡང་བླ་མ་རྣམས་ཀྱིས་ས་རྣམས་སུ་འཇུག་གོ། །ཕྱིའི་དོན་མེད་པས་ན་ཡུལ་དང་དུས་ཀྱི་རིམ་པས་ས་ལ་སོགས་པར་འབྱེད་པ་མེད་དོ་ཞེས་པར་ཐམས་ཅད་མཁྱེན་པ་

སེམས་ཅན་རྣམས་ལ་གོ་བར་མཛད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པར་རྟག་གོ། །སྲིད་གསུམ་ཆོམས་ནས་ཕ་དེ་སུ། །གནས་ནི་གང་ལགས་སུ་ནི་ཅི། །གནས་ཤིང་འགྲོ་བ་གང་ཞིག་ཏུ། །རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་ཁམས་གསུམ་གྱི་

འདོད་ཆགས་དང་བྲལ་བ་རྣམས་ནི་སྲིད་པ་གསུམ་ཆོམས་ནས་འགྲོའོ། །གནས་ཞེས་བྱ་བ་ནི་དེ་དག་ལ་གནས་ཡོད་དེ། དེ་དག་ཀྱང་སངས་རྒྱས་སུ་འགྱུར་བའོ། །དེ་དག་གི་ལུས་ནི་ཡེ་ཤེས་ཀྱིའོ། །དེ་དག་གནས་པའི་མྱ་ངན་འདས་པ་ལ་གནས་པ་ན། འཇུག་པ་དང་

ལྡོག་པའི་འདུ་ཤེས་ཀྱིས་དེ་དག་འཕངས་པ་སྟེ། གང་དག་ལ་ཡང་འགྲོ་བ་དང་། །འོང་བའི་འདུ་ཤེས་ཡོད་པས་སོ། །རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། །ཞེས་བྱ་བ་དེས་ན་འདོད་ཆགས་དང་བྲལ་བ་ཡང་སྲིད་པ་གསུམ་བཅོམ་སྟེ། འགྲོ་བ་མེད་པ་ནི་སངས་རྒྱས་སུ་

เล่ม ๑๒๑ · หน้า 38a

འགྱུར་བའི་ཕྱིར་ཞེས་པར་བློ་གྲོས་ཆེན་པོས་དགོངས་པར་རྟག་གོ། །དབང་དང་ཏིང་ངེ་འཛིན་རྣམས་དང་། །མངོན་པར་ཤེས་པ་ཇི་ལྟར་འཐོབ། །ཇི་ལྟར་སེམས་ནི་མཉམ་པར་འཇོག །རྒྱལ་བ་ཁྱུ་མཆོག་བདག་ལ་གསུངས། །ཞེས་བྱ་བ་ནི་འདོད་

ཆགས་དང་བྲལ་བ་གང་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱིས་གཞན་གྱི་དོན་ལ་བསྐུལ་བས་ན། བྱང་ཆུབ་སེམས་དཔའི་སྤྱད་པ་མངོན་པར་ཤེས་པ་དང་། དབང་དང་། ཏིང་ངེ་འཛིན་རྣམས་ཡོད་པར་འགྱུར་རོ། །སྙིང་རྗེའི་བག་ཆགས་ཀྱིས་གླེང་བ་ན། ཆགས་

པ་མེད་པའི་སེམས་མཉམ་པར་འཇོག་སྟེ། ས་བོན་ཐམས་ཅད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་མི་དགེ་བའི་བག་ཆགས་སྤང་སྟེ། དགེ་བའི་བག་ཆགས་དེ་དག་ལ་ཡོད་དོ། །དེ་བས་ན་འདི་སྐད་དུ་གསུངས་པ། ཡིད་དང་རྣམ་པར་ཤེས་པ་དང་། །ཀུན་གཞི་དེ་ཡང་ཇི་ལྟ་བུར། །

སྣང་ལ་ཇི་ལྟར་འཇུག་པ་ལགས། །ཇི་ལྟར་སྣང་ལས་སླད་དུ་ལྡོག །ཅེས་བྱ་བ་ནས། མཚན་རྣམས་རྣམ་པར་དགོད་པ་དང་། །བདག་མེད་པའང་ཇི་ལྟར་འགྱུར། །ཞེས་བྱ་བའི་བར་དུའོ། །ཉན་ཐོས་ལ་སོགས་པ་ངེས་པའི་རིགས་སུ་ཇི་ལྟར་འགྱུར། ཡོང་ནི་སེམས་ཅན་ཐམས་

ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། སྣོད་མ་ཡིན་པའི་སེམས་ཅན་གང་ཡང་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་སངས་རྒྱས་སུ་དགོད་པར་བྱ་བས་ན། དེ་ལྟར་སྒྲུབ་ཏུ་གསོལ་ཞེས་བློ་གྲོས་ཆེན་པོས་དྲི་བར་བསམ་པའོ། །སེམས་ཙམ་དུ་

ཡང་ཇི་ལྟར་རིག་པར་བྱ། ཕྱིའི་དོན་དུ་གདོན་མི་ཟ་བས་སེམས་ཅན་རྣམས་ཀྱི་ཐ་སྙད་དུ་འཇུག་སྟེ། ཇི་ལྟར་ཕྱིའི་དོན་མ་མཆིས་པར་དེ་ལྟར་རིག་པའི་ཁྱད་པར་གྱིས་བསྒྲུབ་པར་གསོལ། ཇི་ལྟར་དོན་སུན་འབྱིན་པར་འདི་ཉིད་དུ་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།

རྡུལ་ཕྲན་ཆ་ནི་ཡོད་པ་མིན། །སྣང་བ་འདི་ཅི་ཞེས་པ་དང་། གསུངས་པ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པ་སྟེ་རབ་རིབ་དང་། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་དངོས་པོ་ལྟར་རོ། །གང་གི་ཚེ་ན། ཤེས་རབ་མཉམ་

เล่ม ๑๒๑ · หน้า 38b

པར་འཇོག་པས་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ། སེམས་ཙམ་ཉིད་ལ་གནས་པར་འགྱུར་རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་ཇི་ལྟར་སྣང་བ་དེ་ཙམ་པ་དེ་ལྟར་བསྟན་དུ་གསོལ། ཆོས་དང་གང་ཟག་ལ་བདག་མེད་པ་ཡང་ཇི་ལྟར་

འགྱུར་ཞེས་བྱ་བ་ནི་ཕྱིའི་དོན་མེད་པ་དང་། སྐད་ཅིག་པས་ཇི་ལྟར་འཇིག་པར་འགྱུར། དེ་ལྟར་རིག་པའི་ཁྱད་པར་གྱིས་བསྒྲུབ་པར་གསོལ། སེམས་ཅན་མ་མཆིས་ཇི་ལྟ་བུ། །ཀུན་རྫོབ་བཤད་པ་ཇི་ལྟ་བུ། །ཇི་ལྟར་རྟག་དང་ཆད་པ་ཡི། །ལྟ་བ་རབ་ཏུ་འབྱུང་མི་འགྱུར། །

ཞེས་བྱ་བ་ནི། སེམས་ཅན་རྣམ་པ་གཉིས་ཀྱང་འབྱུང་བ་མེད་དེ། མུ་སྟེགས་ཅན་རྣམས་ཀྱིས་རྟག་པ་ཡིན་པར་ཡོངས་སུ་རྟོག་པའི་སེམས་ཅན་དེ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་རོ། །མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་གང་ལ་

སེམས་ཅན་དུ་གདགས་པར་བགྱི་བ་ཡང་ཕྱིའི་དོན་མ་མཆིས་པས་ན་དེ་ཡང་མ་མཆིས་པར་བསྟན་དུ་གསོལ། ཀུན་རྫོབ་བཤད་པ་ཅི་ལྟ་བུ། །ཞེས་བྱ་བ་ནི་གལ་ཏེ་ཕྱིའི་དོན་མེད་ན། མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མ་རྟོགས་པར་ཡང་རྣམ་པ་སྣ་ཚོགས་ཀྱི་

རྣམ་པར་ཤེས་པ་རབ་ཏུ་འབྱུང་ཞེས་པར་རོ། །ཇི་ལྟར་རྟག་པ་ལ་མངོན་པར་ཆགས་པ་ཁ་ཅིག་ལ་ཐར་པ་ཡང་བདག་རྟག་པ་ཡོད་ཅེས་པ་དང་། ཇི་ལྟར་ཁ་ཅིག་ཆད་པར་མངོན་པར་ཆགས་ཏེ། དེར་ཐར་པ་ཐམས་ཅད་ཀྱིས་མེད་ཅེས་པ་དང་། འདི་རྟག་པ་དང་ཆད་པར་སྨྲ་བ་

སྐད་ཅིག་མའི་རྒྱུན་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཇི་བཞིན་དུ་འཇིག་པར་མི་འགྱུར་བ་དེ་བཞིན་དུ་བཤད་དུ་གསོལ། ཇི་ལྟར་ཁྱོད་དང་མུ་སྟེགས་སུ། །མཚན་ཉིད་རྣམས་ཀྱིས་འགལ་མི་འགྱུར། །སྡེ་པ་རྣམས་ཀྱང་ཇི་ལྟ་བུར། །མ་འོངས་དུས་

ན་འབྱུང་བ་གསུངས། །ཞེས་བྱ་བ་ལ་མུ་སྟེགས་ཅན་ནི་གྲངས་ཅན་དང་། ཁྱད་པར་ཅན་ལ་སོགས་པ་སྟེ། དབང་པོ་དང་དོན་གྱི་ཁྱད་པར་རྣམས་ཀྱིས་ཕྱིའི་དོན་གྱི་མཚན་ཉིད་ཡོངས་སུ་རྟོགས་ལ། ཕྱིའི་དོན་མེད་པར་ཡང་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་

เล่ม ๑๒๑ · หน้า 39a

སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཚུལ་དང་། ཇི་ལྟར་ན་འགལ་བར་མི་འགྱུར། སྡེ་པ་རྣམས་ནི་ཐམས་ཅད་ཡོད་པར་ཀུན་ཏུ་རྟོག་སྟེ། ཐམས་ཅད་དུ་སྨྲ་བ་པ་ནི་གྲངས་ཅན་རྣམས་ཀྱིས་གསལ་བ་དང་། མི་གསལ་བར་ཀུན་ཏུ་རྟོག་པ་བཞིན་དུ་

དུས་གསུམ་དུ་ཡང་བྱ་བ་བྱེད་པ་དང་། བྱ་བ་མི་བྱེད་པ་ཡོད་དོ་ཞེས་སོ། །ས་མི་ཏི་བ་རྣམས་ནི་གང་ཟག་རྟག་པར་འདོད་དོ། །དེ་བཞིན་དུ་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་དང་། གནས་བརྟན་ཆེན་པོ་པ་རྣམས་ཀྱང་རྟོག་པ་ཐ་དད་པ་དང་། འདོད་པ་ཐ་དད་པས་ཕྱེ་བ་ཕྱིའི་དོན་

དུ་སྨྲ་བ་རྣམ་པ་བཞི་པོ་ཡང་རྣམ་པ་བཅོ་བརྒྱད་དུ་འབྱེད་པའི་སྡེ་པ་རྣམས་མ་འོངས་པའི་དུས་ན་ཇི་ལྟར་འབྱུང་། བློ་གྲོས་ཆེན་པོས་དགོངས་པ་ནི་གང་གིས་དེ་ལྟ་བུར་སྨྲ་བར་མི་འགྱུར་བའི་ཐེག་པ་ཆེན་པོ་འབའ་ཞིག་བཤད་དུ་གསོལ་ཞེས་པར་རོ། །ཇི་སླད་ཇི་ལྟར་སྟོང་པ་ཉིད། །ཇི་ལྟར་ཁྱོད་

ཀྱི་སྐད་ཅིག་འཇིག །སྙིང་པོ་ཇི་ལྟར་འབྱུང་བ་ལགས། །ཇི་ལྟར་འཇིག་རྟེན་བྱེད་མ་མཆིས། །ཞེས་བྱ་བ་ནི་ལྟ་བ་ཐམས་ཅད་སྤོང་བ་སྟེ། ཆོས་ལ་བདག་མེད་པ་ཡོངས་སུ་མཆིས་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་བྱ་བ་ནི་ཤེས་རབ་ཀྱིས་མི་དམིགས་

པའི་ཚུལ་གྱིས་འགྱུར་རོ། །གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་བཞིན་ནོ། །རྟག་པ་ནི་རིམ་དང་ཅིག་ཅར་དོན་བྱེད་པ་འགལ་བས་ན་རི་བོང་གི་རྭ་བཞིན་དུ་མེད་པར་དེ་ལྟར་ཐམས་ཅད་མཁྱེན་པར་སྐད་ཅིག་པར་སྒྲུབ་ཏུ་གསོལ། བཤེས་པའི་ཤེས་པ་ནི་ལོག་

པའི་ཤེས་པ་སྟེ། དེ་ལས་རྟག་པར་ཡིད་ཆེས་པར་མི་འགྱུར་ཏེ། སྐྲ་དང་རྩྭ་ལ་སོགས་པ་བཅད་ན་ཕྱིར་སྐྱེས་པ་བཞིན་དུ་འདྲ་བའི་དངོས་པོ་གཞན་སྐྱེས་པ་ལ་ཤེས་པ་འཇུག་གོ། །ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་

པོ་པར་རབ་ཏུ་ཆུད་པ་ཐོབ་པར་འགྱུར་རོ། །འཇིག་རྟེན་བྱེད་པ་མ་མཆིས་པ་ནི་འཛིན་པ་དང་། གཟུང་བ་དང་། བརྗོད་པ་དང་། རྗོད་པ་དང་། བསྐྱེད་པ་དང་། སྐྱེད་པ་དང་། བྱེད་པ་དང་། བྱེད་པ་པོར་འབྲེལ་པ་མེད་པའི་ཕྱིར་རོ། །ཇི་ལྟར་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཆུད་ལ་

เล่ม ๑๒๑ · หน้า 39b

ཡོད་པ་དང་། མེད་པར་བརྗོད་པར་མི་བྱ་བ་ཀུན་ཏུ་རྟོག་པ་དང་བྲལ་བར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་མཛད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པའི་དོན་དུ་རྟག་གོ། །ཇི་སྟེ་འཇིག་རྟེན་སྨིག་རྒྱུ་འདྲ། །དྲི་ཟ་འདྲ་དང་སྨིག་རྒྱུ་དང་། །ཆུ་ཡི་ཟླ་བ་འདྲ་བ་ཡང་། །ཅི་ཡི་སླད་པ་

བདག་ལ་གསུངས། །ཞེས་བྱ་བ་ནི་རྨི་ལམ་དང་། མིག་འཕྲུལ་དང་། ཆུ་ཟླ་དང་། དྲི་ཟའི་གྲོང་ཁྱེར་དང་། དགོན་པའི་སྨིག་རྒྱུ་ལ་སོགས་པ་ཆུར་འཁྲུལ་པར་སྣང་བ་བཞིན་དུ། འཇིག་རྟེན་པ་ཡང་ཐོག་མ་དང་ཐ་མར་སྟོང་པ་དང་། དབུས་སུ་གཉིས་ཀྱི་རྣམ་པའི་ངོ་བོ་ཉིད་ཀྱིས་

སྟོང་པ་སྟེ། འཁྲུགས་པའི་མཐུ་དང་མཉམ་པར་མི་འདུ་བའི་མ་རིག་པ་དང་། ལས་ཀྱི་དབང་དང་། བདག་དང་གཞན་གྱི་རྒྱུད་དབང་དང་། རྐྱེན་གྱི་ཁྱད་པར་ལས་འཇིག་རྟེན་རྣམ་པ་སྣ་ཚོགས་སུ་སྣང་ངོ་། །ཐོས་པ་དང་། སེམས་པ་དང་། བསྒོམ་པའི་ཤེས་རབ་ཀྱི་རྗེས་སུ་

འབྲང་བས་གང་གི་ཚེ་ཤེས་པར་བྱ་བ་སྦོམ་པ་དང་ཕྲ་བ་ཕྱོགས་ཀྱི་ཆར་དབྱེ་བས་ཕྱེ་བ་ན་སྟོང་པར་མཐོང་བ་ནི། དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པའི་རིག་པ་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་མི་རྟོག་པར་མངོན་པར་རྟོགས་པར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་

པས་སྤྱིར་སྒྲའི་དོན་དུ་སྒྲོ་བཏགས་ཏེ། འཇིག་རྟེན་གྱི་གློ་བར་ཆུད་པར་མཛད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པའོ། །བྱང་ཆུབ་ཡན་ལག་ཇི་ལྟར་ཅིས། །བྱང་ཆུབ་ཕྱོགས་རྣམས་ཅི་ལས་འབྱུང་། །ཡུལ་འཁྲུག་པ་དང་ཁྲག་ཁྲུག་དང་། །ཇི་ལྟར་སྲིད་པ་ལྟ་བར་

འགྱུར། །ཞེས་བྱ་བ་ནི་བསམ་གཏན་དང་། ཏིང་ངེ་འཛིན་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་གང་དག་བྱང་ཆུབ་ཀྱི་ཕྱིར་ཡན་ལག་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་དག་ཡང་སུམ་ཅུ་རྩ་བདུན་རྣམས་སོ། །གང་དག་ཡང་མུ་སྟེགས་ཅན་རྣམས་ཀྱིས་

རྩོད་པ་དང་འཐབ་པས་ཕན་ཚུན་དུ་ཁྲག་ཁྲུག་གི་སྲོག་གཅོད་པ་ལ་སོགས་པའི་ཆོས་དང་ཡུལ་འཁྲུགས་ནས་བསྲེགས་པ་དང་། རྒོལ་བ་དང་། ཁྲོ་བ་ལ་སོགས་པ་མཆོད་སྦྱིན་པ་པོ་དང་། དྲན་པ་པོ་དང་། བརྟག་པ་པོ་རྣམས་ཀྱིས་ཆོས་སུ་ཀུན་ཏུ་བརྟགས་པ་རྣལ་འབྱོར་པ་

เล่ม ๑๒๑ · หน้า 40a

དང་། ཚེ་ལན་པ་པོ་རྣམས་ཀྱི་ཞི་བ་དང་། མ་ཞི་བའི་གཉིས་ཀྱི་རྣམ་པའི་ཤེས་པ་ལས་ཀྱང་ཇི་ལྟར་ན་འཇུག །ཇི་ལྟར་སྲིད་པ་ལྟ་བར་འགྱུར། །ཞེས་བྱ་བ་ནི། མཐོ་རིས་འདོད་པས་མཆོད་པར་བྱ། །ཞེས་པས་ན། གང་གིས་ཕྱིའི་དོན་དུ་མངོན་པར་ཆགས་པས་འཁྲུག་པ་

དེ་དག་ལྡོག་པར་འགྱུར་བར་གཉིས་སུ་མེད་པ་དོན་དམ་པའི་བདེན་པ་བདུད་རྩིའི་ཆོས་དེ་བསྟན་དུ་གསོལ། མ་སྐྱེས་པ་དང་མ་འགགས་པ། །ཇི་ལྟར་ནམ་མཁའི་མེ་ཏོག་འདྲ། །འཇིག་རྟེན་ཇི་ལྟར་ཐུགས་སུ་ཆུད། །ཡི་གེ་མེད་པར་ཇི་ལྟར་གསུངས། །ཞེས་བྱ་བ་ནི་སྐྱེ་བ་དང་། སྐྱེད་

པ་དང་། བྱེད་པ་དང་། བྱེད་པ་པོ་ལ་མངོན་པར་འབྲེལ་བས་མ་སྐྱེས་པས་ན་མ་སྐྱེས་པའོ། །སྐད་ཅིག་པའི་དངོས་པོ་མ་གཏོགས་པར་སྐྱེ་བ་དང་གནས་པ་དང་འགོག་པ་ལ་སོགས་པ་གཞན་པའི་ཆོས་མེད་དེ། དེས་ན་མ་འགགས་པའོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །གལ་ཏེ་

སྐྱེ་བ་འདུས་བྱས་ན། །མཚན་ཉིད་གསུམ་ལྡན་དེར་རིགས་ཏེ། །དེ་སྟེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་མཚན་ཉིད་ཇི་ལྟར་རུང་། །དེས་ན་བདག་མེད་པ་གཉིས་ལ་ཡང་སྐྱེ་བ་གང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་གཞན་མེད་དོ། །ཆོས་ལ་བདག་མེད་པ་ལ་ཡང་

གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་གཉིས་ཀྱི་རྣམ་པ་རྣམས་མ་སྐྱེས་པ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དེ་བས་ན་ནམ་མཁའི་མེ་ཏོག་བཞིན་དུ་ཤེས་རབ་ཀྱིས་གཉིས་ཀྱི་རྣམ་པ་སྟོང་སྟེ། དེ་ལྟར་དམིགས་སུ་མེད་པའི་ཚུལ་གྱིས་འཇིག་རྟེན་ཐུགས་སུ་ཆུད་དོ། །ཡི་གེ་མེད་པ་ནི་

བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་ཡང་མངོན་པའི་ཚུལ་གྱིས་སྤྱིར་སྒྲ་དང་དོན་དུ་སྐྱེད་དེ། གཉིས་པ་དང་མི་གཉིས་པའི་མཚན་ཉིད་ཀྱི་ཆོས་བཤད་པར་མཛད་པ། རྣམ་པར་མི་རྟོག་པ་དེ་རྣམ་པར་རྟོག་པ་དང་བཅས་པའི་

ཡེ་ཤེས་ཀྱི་བཤད་དུ་གསོལ། །ཅི་ཡིས་རྣམ་པར་མི་རྟོག་འགྱུར། །ཇི་ལྟར་ནམ་མཁའ་འདྲ་བ་ལགས། །དེ་བཞིན་ཉིད་ནི་རྣམ་པ་དུ། །སེམས་དང་ཕ་རོལ་ཕྱིན་པ་དུ། །ཞེས་བྱ་བ་ནི་གང་གི་ཚེ་ན། ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་བ་ཕྱོགས་སུ་དབྱེ་བས་ཕྱེ་སྟེ། ཅུང་ཟད་

เล่ม ๑๒๑ · หน้า 40b

ཀྱང་མི་དམིགས་པ་དེའི་ཚེ་ཆུད་པ་མི་སེམས་ཤིང་རྣམ་པར་མི་རྟོག་པ་དང་། ཆགས་པ་མེད་པའི་ནམ་མཁའ་དང་འདྲ་བར་འགྱུར་རོ། །དེ་བཞིན་ཉིད་ལ་རྣམ་པ་གཉིས་ཡོད་དོ། །དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་སྟེ། འཁོར་བར་འཁྲུལ་བའི་རྣམ་པ་དང་མི་གཉིས་པའི་ཐར་

པར་སྟོང་པའོ། །སེམས་ཞེས་བྱ་བ། སེམས་ཀྱི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གི་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པའོ། །དབང་པོ་དང་དོན་མེད་པར་ཡང་སེམས་ཉིད་ནི་རྨི་ལམ་གྱི་དུས་ན། མིག་ལ་སོགས་

པའི་རྣམ་པར་ཤེས་པ་རྣམ་པ་རྣམས་སུ་སོ་སོར་སྣང་བ་ནི། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་ཆེན་པོ་ལ་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ཉན་ཐོས་ཀྱི་

ཐེག་པ་དྲུག་ཀློག་གོ། །ཐེག་པ་ཆེན་པོ་ནི་ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་མཚན་ཉིད་ཅན་ཏེ། དེའི་ཕྱིར་དེ་ལྟར་ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ་དང་། སེམས་ཅན་གྱི་དོན་དུ་སྤྱད་པར་བྱེད་པ་སངས་རྒྱས་

ཀྱི་ལམ་གྱི་ཁྱད་པར་ནི་ཉན་ཐོས་ཀྱི་ཐེག་པ་ཡང་མ་གསུངས་སོ། །འཕགས་པའི་བདེན་པ་བཞིའི་ཡེ་ཤེས་ནི་བྱང་ཆུབ་གསུམ་གྱི་ཡང་ཐུན་མོང་བ་ལགས་ཏེ། དེས་ན་སངས་རྒྱས་ཀྱི་ལམ་ས་དང་། ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རྣམས་ཀྱིས་ཐེག་པ་ཆེན་པོའོ། །མདོ་སྡེ་རྒྱ་ཆེ་

བ་ཉན་ཐོས་རྣམས་ཀྱིས་ཁོང་དུ་མ་ཆུད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ཁ་ཅིག་དེར་འཇུག་པས་ན་བཤད་དུ་གསོལ། གང་གིས་ས་ཡི་རིམ་པར་འགྱུར། །སྣང་མེད་རྒྱུ་བ་གང་ཞིག་ལགས། །གང་གིས་

བདག་མེད་རྣམ་པ་གཉིས། །ཤེས་བྱ་ཇི་ལྟར་རྣམ་པར་འདག །ཅེས་བྱ་བ་ནི་ཆོས་ལ་བདག་མེད་པ་ནི་ས་དང་པོར་རྟོག་པར་འགྱུར་རོ། །དེ་ལྟར་ནི་གཉིས་སུ་མི་སྣང་བའི་ཏིང་ངེ་འཛིན་གྱི་རིམ་པའི་ཁྱད་པར་ཀྱང་ཇི་ལྟར་ན་འགྱུར། རབ་དང་། འབྲིང་དང་། ཐ་མ་དང་།

เล่ม ๑๒๑ · หน้า 41a

གཡོ་བ་དང་། མི་གཡོ་བའི་རིམ་པས་འགྱུར་རོ། །གཉིས་ཀྱི་རྣམ་པར་བདག་མེད་པ་གཉིས་ཏེ། སོ་སོར་སྣང་བའི་རྣམ་པར་རྟོག་པའི་ཁྱད་པར་གྱིས་འགྱུར་བ་དང་། དེ་བཞིན་དུ་ཐོས་པ་དང་སེམས་པའི་ཡེ་ཤེས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་

ལ་སོགས་པ་སོ་སོར་སྣང་བས་གང་ཟག་ལ་བདག་མེད་པའོ། །ཅི་ཤེས་བྱ་ཇི་ལྟར་རྣམ་པར་འདག །ཅེས་བྱ་བ་ཇི་ལྟར་ཞེ་ན། གང་གི་ཚེ་ཤེས་པར་བྱ་བ་ཤེས་རབ་ཀྱིས་ཅུང་ཟད་མི་དམིགས་པ་དེའི་ཚེ་ཤེས་བྱ་འདག་གོ། །ཤེས་རབ་ཀྱིས་མི་དམིགས་པ་དང་། སྙིང་རྗེས་མི་དམིགས་

ཏེ། དེས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བ་ན། ཐམས་ཅད་མཁྱེན་པའི་གཞན་གྱི་དོན་འཕེལ་བར་འགྱུར་རོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ཞུ་བ་གསོལ་ནས། གཞན་

གྱི་དོན་དུ་འཇིག་རྟེན་པ་དང་ཐུན་མོང་བའང་གསོལ་བར་བྱེད་དོ། །མགོན་པོ་ཡེ་ཤེས་རྣམ་པ་དང་། །ཚུལ་ཁྲིམས་སེམས་ཅན་འབྱུང་གནས་དུ། །ནོར་བུ་མུ་ཏིག་གསེར་འབྱུང་བའི། །རིགས་རྣམས་སུ་ཡིས་རབ་ཏུ་ཕྱུང་། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་རྣམ་

པར་ཤེས་པ་རྣམ་པ་དུ་མ་ཞུ་བར་བྱེད་པ་ནི་ཤེས་རབ་དང་། བཟོ་དང་། སྒྱུ་རྩལ་མཐའ་མེད་པ་རྣམས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པར་བྱེད་པ་གྲངས་མེད་པ་རྣམས་སོ། །སེམས་ཅན་འབྱུང་གནས་ནི་དགེ་བ་དང་། མི་དགེ་བའི་ལས་མུ་མེད་པ་རྣམས་

སོ། །དེ་བཞིན་དུ་རིན་པོ་ཆེའི་འབྱུང་གནས་རྣམས་ཏེ། སེམས་ཅན་གྱི་ལས་རྣམ་པ་སྣ་ཚོགས་ལས་འབྱུང་བ་དང་། དེ་དག་ལྟ་བར་བྱ་བའི་གཙུག་ལག་ཀྱང་དཔག་ཏུ་མེད་པའི་ཕྱིར་ཏེ། ཇི་ལྟར་མཐའ་ཡས་པའི་སེམས་ཅན་གྱི་ཐེ་ཙོམ་སྤངས་ཏེ། བསམ་པ་མགུ་བར་འགྱུར་བ་དེ་

ལྟར་བཤད་དུ་གསོལ་ཞེས་པའོ། །འཇིག་རྟེན་གྱི་ཞུ་བ་སྙིང་པོ་མེད་པ་རྣམ་པ་དེ་ལྟ་བུ་རྣམ་པ་ཐམས་ཅད་མཁྱེན་པས་སྤོང་བའི་ལན་བཀའ་སྩལ་པར་མཛད་པ། རི་རབ་ལ་སྲང་དུ་ཡོད་པ་དང་། ས་ལ་རྡུལ་དུ་ཡོད་པ་དང་། ཡུངས་འབྲུ་དང་། ཏིལ་འབྲུ་དང་། འབྲས་

เล่ม ๑๒๑ · หน้า 41b

དང་། ནས་དང་། སོར་དང་། མཐོ་དང་། ཁྲུ་དང་། ཁྲུ་བཞི་ལ་གཞུ་དང་། དེ་ལྔ་བརྒྱ་ལ་རྒྱང་གྲགས་དང་། དེ་བཞི་ལ་དཔག་ཚད་ལ་སོགས་པ་སྟོང་ཕྲག་བརྒྱ་ལ་འབུམ་དང་། བྱེ་བ་དང་། དུང་ཕྱུར་དང་། ཐེར་འབུམ་དང་། ཤུ་རྔོག་ལ་སོགས་པའི་གྲངས་སུ་བྱ་བ་ཅིའི་ཕྱིར་

ནི་མི་འདྲི། སྐད་ཅིག་ཡུད་ཙམ་ཐང་ཅིག་དང་བདུན་སྟོང་ཉིས་བརྒྱའོ། །ཡུད་ཙམ་སུམ་ཅུ་ལ་ཐང་ཅིག་གོ། །ཐང་ཅིག་དེ་ལ་སྐད་ཅིག་པ་སུམ་ཁྲི་དྲུག་སྟོང་ངོ་། །ཐང་ཅིག་སུམ་ཅུ་ལ་ནི་ཉིན་ཞག་གཅིག་གོ། །ཉིན་ཞག་གཅིག་ལ་སྐད་ཅིག་པ་བྱེ་བ་ཕྲག་དྲུག་དང་། གཞི་

མཐུན་བརྒྱད་ཁྲི་སྟེ། གང་ན་ཕུང་པོ་ལྔ་སྐྱེ་ཞིང་འགག་པའོ། །སྐད་ཅིག །ཡུད་ཙམ། ཐང་ཅིག །འཛུམས་པ་དང་། ཕྱེ་བ་དང་། ཆུ་ཚོད་དང་། ཐུན་དང་། ཉིན་ཞག་དང་། ཟླ་བ་དང་། ལོ་དང་། བསྐལ་པའི་གྲངས་དང་། ཡུལ་ཐམས་ཅད་ཅི་སྟེ་མི་འདྲི། ཡལ་ག་

ལ་གཞོན་ནུ་དང་། ཤིང་གེལ་པ་དང་། རྩ་དང་། ནགས་ཚལ་དང་། མྱ་ངམ་གྱི་ཐང་དང་། བྱེ་མའི་སྒང་གི་མཐའ་མ་དང་། བྲམ་ཟེ་རྣམས་ཀྱི་ཆོས་ཀྱི་གཙུག་ལག་རིག་པའི་གནས་རྣམ་པ་བཅོ་བརྒྱད་དང་། རྟོག་གེ་དྲུག་དང་། རིག་སྔགས་ཀྱི་ཡན་ལག་དྲུག་དང་། སྔ་མ་ཅན་གྱི་

སྲུང་དང་སྨན་དཔྱད་དོ། །དོན་གྱི་གཙུག་ལག་རྣམས་དེ་དག་རྣམ་པ་བཅུ་དྲུག་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་ཅིས་ན་འདྲི་བར་མི་བྱེད། སེམས་ཅན་རྣམས་ཀྱི་འབྱུང་གནས་ལ་སོགས་པ་གོ་འདུན་ཚོགས་པའི་སྐྱེ་བོ་རྣམས་ཀྱི་བསམ་པས་དྲི་བ་དང་། ཤིང་དང་བོང་བ་ལ་སོགས་པ་

རྣམས་མང་པོ་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྒྱལ་མོའི་དྲི་བས་ཉོན་མོངས་པ་ཡོངས་སུ་ཟད་པར་མི་བྱེད་ལ་ཐར་པ་མ་ཡིན་ནོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་བག་

ཆགས་དང་བཅས་པ་ཐམས་ཅད་མཁྱེན་པའི་མཁྱེན་པར་མཛད་པའི་དཀྱིལ་འཁོར་མཐའ་དག་བླང་དོར་གྱི་ཁྱད་པར་འབའ་ཞིག་ཏུ་སྣང་བས་ན། གང་གི་མི་རྟག་པ་དང་སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམས་པར་སྦྱོར་བས་ཉོན་མོངས་པ་ཡོངས་སུ་ཟད་ཅིང་

เล่ม ๑๒๑ · หน้า 42a

ཐར་པ་དང་། ཐམས་ཅད་མཁྱེན་པ་དང་། སེམས་ཅན་གྱི་དོན་དུ་འགྱུར་བར་སེམས་ཅན་གྱི་ཕྱིར་བླང་བ་ཉིད་དེ་ལྟར་བཤད་པར་མཛད་དོ། །གང་གིས་ཁྱོད་ཉག་མའི་དོན་རྣམས་དང་བྱེ་མ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་འདྲི་བ་ནི་འདོད་ཆགས་ལ་

སོགས་པ་ཡོངས་སུ་ཟད་པའི་དོན་དང་། དེ་བཞིན་དུ་ཐར་པར་འགྱུར་བ་མ་ཡིན་ནོ། །འདི་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བར་བྱེད་པའི་ཐབས་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་གསུང་ངོ་། །

སེམས་ཅན་དངོས་པོའི་སྣ་གྲངས་དང་། །མངོན་པར་བརྗོད་པ་སུ་ཡིས་བསྐྱེད། །རིག་པའི་གནས་དང་བཟོ་ཡི་གནས། །གང་གིས་ཇི་ལྟར་རབ་ཏུ་བཤད། །ཅེས་བྱ་བ་ནི་སེམས་རང་བཞིན་གྱིས་འོད་གསལ་ཞིང་ཆུད་པ་ཙམ་དེ་ལ་ཇི་ལྟར་ན་མངོན་པར་བརྗོད་པ་ཡོད། དེ་ཇི་ལྟར་

ཞེ་ན། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་ཀུན་དུ་སློང་ནས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ། རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་རྟོག་པ་སོ་སོར་སྣང་བ་དབྱེ་བ་ཕྱེ་བ་ན། མངོན་པར་བརྗོད་པ་སྐྱེའོ་ཞེས་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ། སེམས་

ཅན་རྣམས་ཀྱི་མ་རིག་པས་མཉམ་པར་མི་འཇིག་པའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་དག་གིས་ཡིན། དེ་བཞིན་དུ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པའི་ཁྱད་པར་ལས་ཁྱད་པར་དུ་སྣང་བར་འགྱུར་རོ། །ངེས་པའི་ལས་སོ་སོར་

སྟོན་པར་བྱེད་པ་ནི་རྣམ་པར་ཤེས་པ་དང་བཟོ་རྣམས་ལ་ཡང་རབ་ཏུ་ཤེས་པར་འགྱུར་རོ། །རིགས་དང་རིགས་མ་ཡིན་པ་ཤེས་རབ་ཀྱིས་དང་། བླང་བ་སེམས་ཅན་རྣམས་ཀྱི་ལས་ཀྱིས་ཀུན་བསྐྱེད་པ་ལས་འགའ་ཞིག་མཁས་པའི་རིགས་སུ་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་དེ་

སྐད་སྒྲུབ་ཏུ་གསོལ། རིག་པའི་གནས་དང་བཟོ་རྣམས་ཀྱང་ཡེ་ཤེས་ཤིན་ཏུ་སྐྱེས་པའི་ཤེས་རབ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་མན་ངག་རྣམས་ལས་གཞན་བསྟན་ཏོ། །ཚིགས་སུ་བཅད་པ་རྣམ་པ་དུ། །ཚིགས་བཅད་རྐྱང་པ་ཇི་ལྟ་བུ། །རིག་པ་རྣམ་པ་དུ་ཞིག་

เล่ม ๑๒๑ · หน้า 42b

མཆིས། །བཤད་པ་དག་ཀྱང་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གུག་སྐྱེད་དུ་འཇུག་པ་དང་། ཡི་གེར་འཇུག་པ་ཚིགས་སུ་བཅད་པར་སྦྱོར་བར་བཞག་པ་རྣམ་པ་གཉིས་ཏེ། ཡ་རབས་ཀྱི་ཚིག་གོ། །དེ་ལས་གང་ཡང་འཕགས་པ་ནི་ཡ་རབས་ཏེ། དེ་དེ་ནི་མ་རབས་ཀྱི་ཚིགས་སུ་

བཅད་པའོ། །རིག་པ་ལ་རྣམ་པ་མང་པོ་ཡོད་དེ། གཙུག་ལག་དང་རང་བཟོའི་སྦྲེལ་བར་བྱའོ། །སྒྲའི་དོན་དུ་བརྟག་པ་ནི། སྒྲའི་དོན་དུ་ཇི་ལྟར་སྦྱོར་བར་འགྱུར་བ་དེ་ལྟར་རང་བཟོ་རྣམས་ཀྱིས་སྦྱར་བར་བྱའོ། །ཕོ་ཉ་རྗེས་སུ་འགྲོ་ལ་སོགས། །གཙོ་བོ་དར་བ་བཞིན་དུ་ནི། །ལྔ་ཡི་

དུས་དང་ལྡན་པ་སྟེ། །ཤིན་ཏུ་བཤད་མེད་འཇུག་པ་ཉིད། །ཤེས་རབ་ཅན་སྤོབས་པ་ཐོབ་པ་རྣམས་ཀྱིས་བཤད་པ་འདི་ནི་མཐའ་མེད་པ་ཉིད་དེ། ཇི་ལྟར་སྨྲས་པ། བརྒྱ་ལས་དཔའ་བོ་གཅིག་ཅིག་འབྱུང་། །སྟོང་རྣམས་ལས་ཀྱང་མཁས་པ་གཅིག །སྟོང་ཕྲག་བརྒྱ་ལས་

སྨྲ་བདེ་གཅིག །སྦྱིན་སྟོང་ཕོད་པ་འབྱུང་ངམ་མིན། །སྐོམ་དང་ཁ་ཟས་སྣ་ཚོགས་དང་། །ཇི་ལྟར་འཁྲིག་པ་འབྱུང་བར་འགྱུར། །རྒྱལ་པོ་འཁོར་ལོས་སྒྱུར་བ་དང་། །ཁམས་ཀྱི་བདག་པོ་ཇི་ལྟར་ལགས། །ཞེས་བྱ་བ་ནི་ལས་རྣམ་པ་སྣ་ཚོགས་ལས་སེམས་ཅན་རྣམས་ཀྱི་

སྐོམ་དང་ཟས་རྗེས་སུ་མཐུན་པ་བཞིན་དུ་སྣ་ཚོགས་དུ་མར་དམིགས་སོ། །འཁྲིག་པ་ནི་རྟག་པ་དང་། མཛེས་པ་དང་། གཙང་བར་ཕྱིན་ཅི་ལོག་པ་དང་། གཡེམ་བག་གི་ཁ་ཟས་ལ་སོགས་པ་ལས་ཀྱང་ཀུན་ཏུ་བརྟག་པའོ། །འདོད་ཆགས་དང་བྲལ་བ་རྣམས་ནི་མི་རྟག་པ་དང་།

སྡུག་བསྔལ་བ་དང་། བདག་དང་། སྟོང་པར་བསྒོམས་པས་དཀྱིལ་འཁོར་གསུམ་དུ་མི་དམིགས་པས་ན་གང་ཆགས་པར་འགྱུར་བ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བ་དེས་ཆོས་དེ་མི་མཐོང་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་

གྱི་རྒྱལ་པོ་ལས་རྒྱ་ཆེར་འབྱུང་ངོ་། །ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པར་འདོད་པའི་ལོངས་སྤྱོད་ལ་མོས་པ་མེད་ཀྱང་གཞན་གྱི་དོན་དུ་སྨོན་ལམ་གྱི་དབང་ཐོབ་པས་ལས་ཇི་བཞིན་པ་དང་མཐུན་པར་ས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་གླིང་བཞིའི་བདག་པོའམ།

เล่ม ๑๒๑ · หน้า 43a

ཁམས་ཀྱི་བདག་པོའི་རྒྱལ་པོའི་ཐབས་སྤྱོད་པར་འགྱུར་རོ། །རབ་ཏུ་དགའ་བའི་བྱང་ཆུབ་སེམས་དཔའི་སར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་འབྱུང་ཞིང་། ཕལ་ཆེར་གླིང་བཞིའི་དབང་པོར་འཁོར་ལོས་སྒྱུར་བར་འགྱུར་ཏེ། སེམས་ཅན་དགེ་བ་བཅུའི་ལམ་དུ་

འགོད་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ནི། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ་དང་། དེ་བཞིན་དུ་གོས་དང་མལ་སྟན་ལ་སོགས་པ་ཅི་འདོད་པ་བཞིན་དུ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ལ་ཐམས་ཅད་སྦྱིན་ནོ། །ཇི་ལྟར་རྒྱལ་སྲིད་བསྲུང་

བར་འགྱུར། །ལྷ་ཡི་རིས་ལ་རྣམ་པ་དུ། །ས་དང་སྐར་ཚོགས་ཅི་ལས་གྱུར། །ཉི་ཟླ་གཉིས་ཀྱང་ཇི་ལྟ་བུ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐུགས་རྗེས་གཞན་གྱི་དོན་མཛད་པ་རྒྱལ་སྲིད་ཇི་ལྟར་སྲུང་བར་བྱེད་ཅེ་ན། གནོད་པའི་སེམས་ཅན་སྐྲོད་པར་བྱེད་དེ། ཇི་ལྟར་

བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ། སེམས་ཅན་མང་པོ་ལ་གནོད་ཅིང་། དཀོན་མཆོག་གསུམ་ལ་མི་དབེན་པ་དེ་ལ་ཕན་པའི་ཕྱིར་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། ཆད་པའི་གཙོས་བཅད་ན་ཡང་ལྟུང་བའང་མེད་ལ་བསོད་ནམས་ཀྱང་ཆེར་འགྱུར་རོ་ཞེས་པའོ། །

བསོད་ནམས་ཅན་རྣམས་བསོད་ནམས་ཇི་བཞིན་པ་དེ་བཞིན་དུ་རྣམ་པ་དུ་མའི་ཡུལ་གྱི་རིས་སུ་འབྱེད་པར་སྐྱེ་བར་འགྱུར་རོ། །ལྷའི་འཇིག་རྟེན་དུ་སྐྱེས་པའི་འཇིག་རྟེན་གྱི་མགོན་པོ་དེ་དག་གང་གིས་དམོད་མོ་དོར་བ་དང་། ཕན་པ་བྱེད་པའི་མཐུ་ཅན་དུ་འགྱུར་ཞིང་ས་དང་སྐར་ཚོགས་འབྱུང་བ་

སོ་སོར་སྣང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ཡོད་དོ། །ཡང་ན་ཉི་མ་དང་ཟླ་བ་དག་ལས་རྣམ་པ་དུ་མས་ཐམས་ཅད་དུ་འཇུག་པ་བཞིན་ནོ། །ཐར་པ་རྣམ་པ་དུ་ཞིག་མཆིས། །རྣལ་འབྱོར་ལྡན་པ་རྣམ་པ་དུ། །སློབ་མ་རྣམ་པ་དུ་ཞིག་མཆིས། །སློབ་དཔོན་དུ་ཡང་ཇི་ལྟར་འགྱུར། །

ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་ལུས་པ་དང་བཅས་པ་དང་། ལྷག་མ་མེད་པས་འབྱེད་པས་ཕྱེ་བའོ། །མུ་སྟེགས་ཅན་རྣམས་ནི་མིའི་འཇིག་རྟེན་གྱི་སྡུག་བསྔལ་དགྲོལ་བའི་མཚན་ཉིད་པས་ན་ལྷའི་འཇིག་རྟེན་དུ་སྐྱེ་བ་ཐར་པ་ཡིན་ནོ་ཞེས་ཀུན་ཏུ་

เล่ม ๑๒๑ · หน้า 43b

རྟོག་གོ། །ཁ་ཅིག་གིས་ནི་བདག་འབའ་ཞིག་ཞི་བ་དང་། རོ་གཅིག་པ་སྦྱོར་བ་ནི་རྣལ་འབྱོར་པ་ཞེས་པ་སྟེ། ཚངས་པའི་བདག་ཉིད་མི་གཉིས་དང་། སྒྲའི་ཚངས་པ་མི་གཉིས་དང་། ཡོད་པ་མི་གཉིས་དང་། རྣམ་པར་ཤེས་པ་མི་གཉིས་དང་། བདག་གི་རང་བཞིན་ཚོར་བ་

དང་བཅས་པ་དང་། ཚོར་བ་མེད་པ་དང་། ཁྱབ་པ་དང་། རྡུལ་ཙམ་དང་། རྣམ་པ་གཅིག་པ་དང་། རྣམ་པ་དུ་མ་པའོ་ཞེས་སོ། །རྣལ་འབྱོར་ལྡན་པ་ལ་ནི་རྣམ་པ་མང་པོ་ཡོད་དེ། ཐོག་མ་པ་དང་། རྣལ་འབྱོར་གྱི་ལམ་ལ་གནས་པ་དང་། རྣལ་འབྱོར་སྐྱེས་པའོ། །དེ་གཉིས་

པ་དང་མི་གཉིས་པའི་རྣལ་འབྱོར་དབྱེ་བས་འབྱེད་ཅིང་སྔགས་དང་རྒྱུད་ཀྱི་ཡེ་ཤེས་ཀྱི་མཆོག་ཐོབ་པ། རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པ། ཉོན་མོངས་པ་དང་། ལས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པར་རྩ་བ་ནས་བཏོན་པ། ཐུགས་རྗེ་དང་

ཤེས་རབ་ཀྱིས་གཞན་དོན་སྤྱོད་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །སློབ་མ་ཐོག་མ་པ་ནི་ཐོས་པ་དང་། སེམས་པ་ལ་བརྩོན་པའོ། །བར་མ་ནི་རིག་པ་ཡོངས་སུ་རྫོགས་པའོ། །མཁས་པ་ནི་ཡང་

དག་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་པ་དང་། འཁོར་བའི་སྡུག་བསྔལ་ཟད་པར་བྱ་བ་ལ་འགྲུས་པ་དང་། སྙིང་རྗེ་དང་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་ཞིང་གང་རྣལ་འབྱོར་གྱི་དབང་པོ་ཡིན་པའོ། །སློབ་དཔོན་ཡང་དག་པའི་གཙུག་ལག་གི་མན་ངག་

སྟོན་པ་དང་། རྣལ་འབྱོར་གྱི་ལམ་དུ་གཟུད་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཁྱད་པར་སྐྱེས་པ་དང་། བདག་དང་གཞན་གྱི་དོན་ནུས་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྐྱོན་ཟད་པ་དང་། སྙིང་རྗེ་ཅན་དང་ཤེས་རབ་ཀྱིས་བླང་བ་དང་། དོར་བའི་དངོས་

པོ་ཤེས་པའོ། །སངས་རྒྱས་རྣམ་པ་དུ་ཞིག་ལགས། །སྐྱེས་པའི་རབས་ལ་རྣམ་པ་དུ། །བདུད་ལ་རྣམ་པ་དུ་ཞིག་མཆིས། །ཡ་མཚན་ཅན་ཡང་རྣམ་པ་དུ། །ཞེས་བྱ་བ་ནི་ཐེག་པ་གསུམ་ཆར་གྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པས་ན་ཤེས་རབ་རབ་དང་། འབྲིང་

เล่ม ๑๒๑ · หน้า 44a

དང་། ཐ་མའི་བྱེ་བྲག་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བརྟེན་ཏེ་སངས་རྒྱས་སུ་འགྱུར་རོ། །མུ་སྟེགས་ཅན་ཚངས་པར་སྨྲ་བ་པོ་རྣམས་ཀྱིས་བྱ་བ་ནི་དག་པའི་སངས་རྒྱས་ནི་གྲོལ་ཞེས་པའོ། །ཞི་བ་པ་རྣམས་སྨྲ་བ་ནི་སངས་རྒྱས་པ་སངས་རྒྱས་པར་བྱེད་པ་ནི་

སངས་རྒྱས་ཞེས་སོ། །སངས་མ་རྒྱས་པ་ནི་འཁོར་བ་ཅན་ནོ། །རིག་པའི་དབང་པོ་དང་ཚོགས་ཀྱི་དབང་པོ་ལ་སོགས་པ་ལྷ་ཆེན་པོ་རྣལ་འབྱོར་གྱི་དབང་པོ་ནི་སངས་རྒྱས་པར་བྱེད་པ་ཞེས་བྱའོ། །སངས་རྒྱས་ནི་ཞི་བ་སྟེ། དེས་ན་སྨྲས་པ། ལུས་ཅན་ཆ་བཅས་ཤེས་པར་བྱ། །རིག་པ་ཆ་

དང་ཆ་མེད་རྣམས། །ཆ་མེད་ཞི་བ་དེ་ཁོ་ན། །ཀུན་གྱི་སྟེང་དུ་གནས་པའོ། །སྐྱེས་པའི་རབས་ནི་སྦྱིན་པ་དང་། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་

ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་དུ་མཐའ་མེད་པའོ། །བདུད་ལ་རྣམ་པ་བཞི་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ། །ཡ་མཚན་ལ་རྣམ་པ་མང་སྟེ། གཉིས་པ་དང་མི་གཉིས་པར་སྨྲ་བ་རྣམས་དང་། དབང་

པོ་དོད་པ་དང་། དབང་པོ་མ་དོད་པ་རྣམས་དང་། ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་སར་ལུས་འདོར་བ་དང་། བཀྲ་ཤིས་པ་དང་། བཀྲ་ཤིས་པ་མ་ཡིན་པར་རྣམ་པར་རྟོག་པ་དང་། འབྲས་བུ་དང་། རྩ་བ་དང་། འོ་མ་དང་། འོ་མ་མ་ཡིན་པ་

དང་། འབྲས་དང་། ཆུ་དང་། ལོ་མ་ཟ་བ་དང་། ཐལ་བས་བྱུག་པ་དང་། སྐྲ་འབལ་བ་དང་། རལ་པའི་ཅོད་པན་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། བ་ལང་དང་། རི་དགས་དང་། རྨ་བྱའི་བརྟུལ་ཞུགས་དང་། ཆ་བྱད་རྣམ་པ་དུ་མ་དང་། རིན་པོ་ཆེ་དང་།

གསེར་ལ་སོགས་པ་འཛིན་པས་བདག་ཏུ་སྨྲ་བ་ཐམས་ཅད་ཀྱིས་རྣམ་པར་ཐར་པར་སྨྲ་བས་ན་བདག་ཏུ་ཆགས་པ་ཡོངས་སུ་མ་སྤངས་ཀྱི་བར་ཐར་བར་མི་རུང་ངོ་ཞེས་ཐམས་ཅད་མཁྱེན་པས་བསྒྲུབ་པར་གསོལ། ཁྱོད་ཀྱི་རང་བཞིན་རྣམ་པ་དུ། །སེམས་ནི་རྣམ་པ་དུ་ཞིག་མཆིས། །

เล่ม ๑๒๑ · หน้า 44b

བཏགས་པ་ཙམ་ཡང་ཇི་ལྟ་བུ། །སྨྲ་བའི་མཆོག་གིས་བདག་ལ་གསུངས། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ལ་རང་བཞིན་རྣམ་པ་གཉིས་ཏེ། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་དབྱེ་བས་འབྱེད་པའོ། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་

ཡང་། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །བཏགས་པ་ཙམ་ནི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་སྟེ། འཛིན་པ་དང་གཟུང་བའི་དངོས་པོས་ཁམས་གསུམ་རྣམ་པར་

གཞག་གོ། །ཕྱིའི་དོན་ཡོད་པ་མ་ཡིན་ཏེ། སྦོམ་པོ་དང་བྲ་མོ་རྣམ་པར་ཕྱེ་བ་ན། ཇི་ལྟར་སྟོང་པར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ་ཞེས་བློ་གྲོས་ཆེན་པོས་གཞན་གྱི་ཆེད་དུ་བསམ་པར་རྟག་གོ། །ནམ་མཁའི་སྤྲིན་རླུང་ཅི་ལས་གྱུར། །དྲན་དང་ཡིད་

གཞུངས་ཇི་ལྟར་འབྱུང་། །ཤིང་གི་འཁྲི་ཤིང་ཇི་ལྟར་མཆིས། །སྲིད་གསུམ་དབང་པོས་བདག་ལ་གསུངས། །ཞེས་བྱ་བ་ལ་སྤྲིན་ནི་སྤྲིན་ཏེ། འཇིག་རྟེན་གྱི་ལྷ་ལ་སོགས་པའི་མགོན་པོས་འཇིག་རྟེན་གྱི་དགོས་པ་བྱེད་པའོ། །ཡིད་གཞུངས་པ་ལ་སོགས་པ་ནི་ནད་མེད་པ་ལས་

སྐྱེས་པའོ། །སེམས་ཅན་རྣམས་ཀྱི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལས་རྣམ་པ་སྣ་ཚོགས་ཀྱི་ཚུལ་སྟུག་པོ་དང་། ཤིང་གི་ལྕུག་མ་ལ་སོགས་པའི་དངོས་པོ་སྐྱེས་པ་སྟེ། གང་གིས་སེམས་ཅན་རྣམས་ལ་དུག་དང་དུག་སྨན་ལ་སོགས་པའི་ཁྱད་པར་དུ་འབྱེད་པ་ན་ཕན་པ་

དང་། གནོད་པའི་འབྲས་བུ་ལགས་པས་ན། དེ་དེ་ལྟར་གཟུང་བར་སོ་སོར་སྣང་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམ་པ་སྣ་ཚོགས་པ་སྲིད་པ་གསུམ་གྱི་དབང་པོ་ལས་ཀྱི་ཁྱད་པར་དུ་བསྟན་དུ་གསོལ། སེམས་ཅན་མཐའ་དག་གི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ལས་ལྷག་

པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བྱུང་བ་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་པ། འདོད་ཆགས་དང་བྲལ་བ་མཐའ་མེད་པའི་སེམས་ཅན་གྱི་རྒྱུད་ཀྱི་རྒྱུན་ཆེན་པོ་རངས་པར་མཛད་པ། ཕུང་པོ་ལ་སོགས་པའི་གཟུགས་ཀྱི་དབང་པོ་ཐམས་ཅད་མཁྱེན་པས་ལས་

เล่ม ๑๒๑ · หน้า 45a

རྣམ་པ་སྣ་ཚོགས་བཤད་དུ་གསོལ་ཞེས་པའོ། །གླང་པོ་རི་དགས་རྟ་བླུན་རྣམས། །གཟུང་དུ་རུང་བ་ཅི་སླད་དུ། །ངན་པའི་མི་རྣམས་ཅི་ལས་གྱུར། །བདག་ལ་སེམས་ལུང་བསྒྱུར་བས་གསུངས། །ཞེས་བྱ་བ་ནི་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བས་ན་གང་

གིས་ཇི་ལྟར་ཡོངས་སུ་སྦྱངས་པ་བཞིན་དུ་དེ་དེ་ལྟར་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པས་གྲུབ་པར་འགྱུར་བ་སྟེ། ཤེས་རབ་དང་བླུན་པ་ལ་སོགས་པའི་ཁྱད་པར་དུ་འབྱེད་པ་ན་ལྷ་དང་། མི་དང་། སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་བྱོལ་སོང་དུ་སོ་སོར་སྣང་ངོ་། །

མ་རིག་པས་མཉམ་པར་བཞག་ཏུ་མེད་པ་དང་། ལས་རྣམ་པར་སྨིན་པའི་མཐུ་དང་། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་བྱེ་བྲག་རྣམས་ཀྱི་རྟ་དང་། གླང་པོ་དང་། རི་དགས་རྨོངས་པ་རྣམས་སྡིག་པའི་རྣམ་པར་སྨིན་པས་ཟིལ་གྱིས་མནན་པས་ནི་བླུན་པ་རྣམས་མི་བླུན་པ་རྣམས་

ཀྱིས་གཟུང་བར་བཏུབ་བོ། །མི་མ་རབས་ཐ་ཤལ་ངན་ལས་ལ་འགྲུས་པ་རྣམས་དེས་གཞན་པའི་དབང་ཕྱུག་རྣམས་ཀྱིས་བཀོལ་བར་བྱེད་དོ། །ཀྱེ་དེ་དག་གི་སེམས་འདུལ་བ་པོ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བས་བཤད་དུ་གསོལ། ཁམས་དྲུག་འཛིན་པ་ཅི་སླད་དུ། །

འདོད་ཆེན་པར་ཡང་ཇི་ལྟར་འགྱུར། །སྐྱེས་པ་བུད་མེད་མ་ནིང་རྣམས། །ཇི་ལྟར་སྐྱེ་འགྱུར་བདག་ལ་གསུངས། །ཞེས་བྱ་བ་ནི་ལས་ཀྱི་ཁམས་དྲུག་ཏུ་འགྱུར་ཏེ། ཁམས་དྲུག་ནི་དུས་དྲུག་གོ། །འདོད་ཆེན་པ་ནི་གཏི་མུག་གི་ལོངས་སྤྱོད་རྣམས་ལ་འཇུག་པར་འགྱུར་རོ། །བུད་མེད་

དང་སྐྱེས་པ་དང་། མ་ནིང་རྣམས་ཀྱང་ལས་གང་གིས་སྤྱོད་པ་དང་། མི་སྤྱོད་པར་འཇུག་པ་དེ་ལས་རྣམ་པ་སྣ་ཚོགས་སུ་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ། །རྣལ་འབྱོར་ལས་ནི་ཇི་ལྟར་བཟློག །རྣལ་འབྱོར་ལ་ཡང་ཇི་ལྟར་འཇུག །ཅི་འདྲའི་སྐྱེས་བུ་ཇི་ལྟ་བུར། །རྣལ་འབྱོར་

གཞག་པ་བདག་ལ་གསུངས། །ཞེས་བྱ་བ་ནི་སེམས་མཉམ་པར་འདུས་པ་ཅན་ཀུན་ཏུ་སྐྱོ་བར་གྱུར་ཏེ། སྐད་ཅིག་པ་ཙམ་གྱིས་རྣལ་འབྱོར་ལས་ཡུལ་རྣམས་སུ་འཇུག་པར་བྱེད་དོ། །གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་

เล่ม ๑๒๑ · หน้า 45b

སྒོ་རྣམས་མི་བསྒོམ་པ་དེ་ནི་ཕྱིའི་དོན་མཛེས་པ་དང་། མི་མཛེས་པར་དམིགས་པའི་ཚུལ་དུ་རྣམ་པར་རྟོག་པར་བྱེད་དོ། །གང་ཡང་ཤེས་རབ་ཀྱིས་ཕྱིའི་དོན་སྦོམ་པ་དང་ཕྲ་བ་ཉིད་རྣམ་པར་གཞིག་ཅིང་མི་དམིགས་པ་ནི་རྣལ་འབྱོར་ལ་མི་ལྡོག་ཅིང་དེ་ལྟར་མཉམ་པར་འཇོག་པ་ལས་རྒྱུན་ཏུ་འཇུག་

སྟེ། ཡུལ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་མཐོང་ངོ་། །གང་དག་ཤེས་རབ་ཀྱིས་སེམས་མཉམ་པར་འདུས་ཏེ། ཡུལ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་མཐོང་ཞིང་སྐྱེ་བ་ཅན་དེ་

རྣམ་པ་དེ་ལྟ་བུ་དང་ལྡན་པ་དང་། རྣལ་འབྱོར་གྱི་དབང་པོས་གང་ཟག་དང་ཆོས་ལ་བདག་མེད་པ་དེ་དག་ཀྱང་བསྟན་དུ་གསོལ། འགྲོ་བར་ཕྱིན་པའི་སེམས་ཅན་གྱི། །མཚན་མ་མཚན་ཉིད་ཇི་ལྟ་བུར། །གང་གིས་ཇི་ལྟར་ཕྱུག་པོར་འགྱུར། །མཁའ་འདྲས་བདག་ལ་བཀའ་སྩོལ་

ཅིག །ཅེས་བྱ་བ་ནི་བཙས་མ་ཐག་ལ་དགའ་བ་དང་། འཇིག་པ་དང་། མྱ་ངན་ཡང་དག་པར་སྣང་བས་ན་སྔོན་གྱི་གོམས་པ་ཡོད་པར་རྗེས་སུ་དཔག་གོ། །སྡུག་བསྔལ་བ་དང་བདེ་བ་བསྒྲུབ་པར་གདོན་མི་ཟ་བར་སྔར་ཡོད་པའི་ཕྱིར་རོ། །སྤང་བ་དང་། བླང་བ་དང་། བཏང་

སྙོམས་ཀྱི་བློ་ཅན་རྣམས་ཀྱི་ཤེས་པའི་ཁྱད་པར་བླ་མའི་ཡང་བླ་མ་གང་དང་གང་ཡིན་པ་དེ་དང་དེ་ནི་སློབ་མ་རྣམས་མཁས་པའི་ཕུལ་དུ་ཕྱིན་པའི་ཁྱད་པར་བཞིན་དུ་ཐོག་མ་ཐོག་མར་ཐོས་པ་དང་། སེམས་པ་ལ་སོགས་པར་སྦྱོང་བའི་ཕྱིར་ཏེ། དེ་བས་ན་བཙལ་མ་ཐག་པ་དང་། ཤེས་

རབ་ལ་སོགས་པའི་ཁྱད་པར་ཡོད་དོ། །ཚོར་བ་མེད་པའི་འབྱུང་བ་རྣམས་ལས་དེ་དག་ཇི་ལྟར་ན་ཡོད་པར་འགྱུར། དེ་བས་ན་འགྲོ་བར་ཕྱིན་པ་རྣམས་ཀྱིས་ཤེས་རབ་ལ་སོགས་པའི་མཚན་མས་ཚེ་གཞན་བསྒྲུབ་པའོ། །འབྱུང་བ་རྣམས་ལ་ཁྱད་པར་མེད་པས་ན་འགྲོ་བའི་རྣམ་པ་

དུ་མ་ཇི་ལྟར་ན་རུང་། དེ་དག་ཐ་དད་པའི་ཕྱིར་ཞེས་དེ་སྐད་ན་ནི་འབྱུང་བ་རྣམས་ཀྱི་ཐ་དད་པའི་ཁྱད་པར་དུ་ཡང་སུས་བྱེད། གལ་ཏེ་རྒྱུ་གཞན་གྱི་ཁྱད་པར་མེད་ན་ནི་དེ་དག་གི་ཆེ་ཆུང་གི་དངོས་པོ་ཇི་ལྟར་འགྱུར། དེས་ན་འགྲོ་བའི་རྣམ་པ་སྣ་ཚོགས་ཀྱིས་གཞན་དུ་མི་འཐད་ཀྱི་

เล่ม ๑๒๑ · หน้า 46a

རྒྱུ་གཞན་རྗེས་སུ་དཔག་གོ། །ཇི་ལྟར་ཐམས་ཅད་མཁྱེན་པས་ཆོས་བཅུ་པ་ལས་གསུངས་པ། དུད་པས་མེ་ནི་ཤེས་པར་བྱེད། །བྱ་བཞད་ཀྱིས་ནི་ཆུར་ཤེས་བྱེད། །བྱང་ཆུབ་སེམས་དཔའ་ཤེས་ལྡན་གྱི། །རིགས་ནི་མཚན་མ་རྣམས་ཀྱིས་ཤེས། །དེ་བས་

ན་ཤེས་རབ་དང་། ནད་མེད་པ་དང་། ལོངས་སྤྱོད་དང་། བཞིན་བྱད་དང་། སྐད་ཀྱི་ང་རོ་ལ་སོགས་པའི་འབྲས་བུ་ནི་བསོད་ནམས་ལས་སྐྱེས་པ་དང་། དབུལ་བ་དང་ནད་ལ་སོགས་པའི་འབྲས་བུ་སྡིག་པ་ལས་འབྱུང་བར་རྗེས་སུ་དཔག་གོ། །རྒྱུ་དུ་མ་ལས་འབྲས་བུ་རྣམ་པ་སྣ་

ཚོགས་ཀྱིས་སྐྱེས་པ་ནི་མཚོན་དུ་མས་རི་མོ་བྲིས་པ་དང་འདྲའོ། །འཇིག་རྟེན་གྱི་རྣམ་པ་སྣ་ཚོགས་ཕྱུག་པ་དང་། དབུལ་བ་དང་། གཟུགས་ལེགས་པ་དང་། མི་ལེགས་པ་དང་། ནད་དང་། ནད་མེད་པ་མཚན་མ་ལས་སྐྱེས་པར་རྗེས་སུ་དཔག་གོ། །ཇི་ལྟར་ཅི་ཞིག་ཤཱཀྱའི་

རིགས། །བུ་རམ་ཤིང་སྐྱེས་ཇི་ལྟར་བྱུང་། །ཡུན་རིང་དྲང་སྲོང་དཀའ་ཐུབ་གང་། །ཁྱོད་ཀྱིས་དེ་ནི་ཇི་ལྟར་བསླབས། །ཞེས་བྱ་བ་ནི་འགྲོས་པ་ཆེན་པོའི་རིགས་སུ་ཀློག་པ་སྔོན་སེར་སྐྱའི་གནས་སུ་དྲང་སྲོང་སེར་སྐྱ་གནས་པས་མས་དབེན་གྱི་སྲིང་མོ་ཆུང་མར་ལོང་ཤིག་པར་རྒྱལ་

རིགས་གཞོན་ནུ་རྣམས་ལ་དེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཅི་དེ་ལྟར་བྱེད་ནུས་སམ། ཡང་དེས་སྨྲས་པ། ནུས་ཞེས་སོ། །དེ་ནས་ཤཱཀྱ་ཞེས་མིང་བྱུང་ངོ་། །དེ་དག་ལས་རྒྱལ་རིགས་གཞོན་ནུ་ཞིག་རབ་ཏུ་བྱུང་ནས་དེའི་གནས་སུ་རྐུན་པོ་ཞིག་བྱུང་བའི་ཆ་ག་པར་དེ་

གསལ་ཤིང་གིས་ཕུག་པ་དང་། དེའི་མཁན་པོ་དཀའ་ཐུབ་ཅན་དུ་ཡུན་རིང་དཀའ་ཐུབ་གླིང་སྐྱེས་ཞེས་བྱ་བ་དེས་དེ་མཐོང་ནས། བུ་དེ་ཅི་ཞེས་དྲིས་པ་དང་། ཇི་ལྟ་བུར་གྱུར་པ་དེས་མཁན་པོ་ལ་སྨྲས་པའི་འོག་ཏུ་དེས་ཀྱང་མུ་སྟེགས་ཅན་གྱི་ལྟ་བར་སྨྲས་པ། བུད་མེད་ལ་ནི་

འགྲོ་བ་མེད། །ཅེས་སོ། །དེ་བས་ན་བུ་སྐྱེ་བར་གྱིས། ཇི་ལྟར་ཞེས་པ་དང་སྨྲས་པ། སྔོན་གྱི་ལོངས་སྤྱོད་ཀྱི་རྗེས་སུ་དྲན་པར་བྱས་ཏེ། ཁུ་བ་འབྱིན་པར་གྱིས་ཤིག་དེའི་ཁུ་བའི་ཐིགས་པས་བུ་གཉིས་སུ་རེད་པ་བུ་རམ་ཤིང་གི་ར་བར་ཞུགས་པ་དང་། དྲང་སྲོང་གིས་གསོས་

เล่ม ๑๒๑ · หน้า 46b

ནས། དེའི་ཚེ་བུ་རམ་ཤིང་སྐྱེས་ཞེས་མིང་དུ་གྱུར་ཏོ། །ཁྱོད་ཉིད་ཞིང་རྣམས་ཐམས་ཅད་དུ། །མཚན་དང་དེ་བཞིན་གཟུགས་སྣ་ཚོགས། །རྒྱལ་བའི་སྲས་ཀྱིས་བསྐོར་བར་ཡང་། །ཅི་ཡི་སླད་དུ་ཀུན་ནས་གདའ། །ཞེས་བྱ་བ་ནི་ཉི་མ་བཞིན་དུ་གཅིག་པུ་ཉིད་འཇིག་རྟེན་ཐ་

དད་པར་ཆུའི་སྣོད་དུ་མར་སྣང་བ་བཞིན་སྤྲུལ་པ་མང་པོ་འཕྲོས་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་ཅིང་། འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད་པ། སྐར་མའི་

བདག་པོ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་དུ་རྣམ་པ་མང་པོའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་ཤིང་འགྲོ་བ་མ་ལུས་པར་གང་བར་ཀུན་ཏུ་སྣང་ངོ་། །མཐོ་རིས་ཀྱི་འཇིག་རྟེན་ནས་གཤེགས་པ་དང་། ཡུམ་སྒྱུ་མའི་ལྷུམས་སུ་

ཞུགས་པ་དང་། བལྟམས་པ་དང་། གཞོན་ནུ་རོལ་པ་དང་། དཀའ་བ་སྤྱད་པ་དང་། བདུད་བཅོམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ངན་ལས་འདའ་བས། སེམས་ཅན་སྐྱོ་བར་མཛད་པ་དང་། སེམས་ཅན་གོ་འདུན་

གྱི་མཛད་པས་ཁྱབ་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོས་སེམས་ཅན་རྣམས་མང་པོ་རབ་ཏུ་འབྱེད་པ་ཆུད་པར་མཛད་དུ་གསོལ། ཇི་ལྟར་ཤ་རྣམས་བཟར་མི་རུང་། །ཇི་ལྟར་ཤ་ནི་བཀག་པ་ལགས། །ཤ་ཟའི་རིགས་སུ་སྐྱེས་པ་རྣམས། །ཤ་འཚལ་བར་

ཡང་ཇི་ལྟར་གྱུར། །ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་འཇུག་སྟེ། དེ་བདག་ཉིད་ཀྱིས་སྟོང་པས་ན་དེས་ཇི་ལྟར་ཤ་ཟ་བར་འགྱུར། གང་ཡང་ཉན་ཐོས་ཀྱི་ཐེག་པ་པ་སྙིང་རྗེ་མེད་པ་དེ་ཡང་བཀག་པ་སྟེ། ཤ་དང་ཉ་ལ་སོགས་

པ་ནི། །རབ་ཏུ་བྱུང་བས་བསྔོས་ཟོས་ན། །བརྩེ་བ་མེད་པའི་སེམས་སྐྱེ་བས། །དེའི་ཕྱིར་གསོད་པའང་འབྱུང་བར་འགྱུར། །ཞེས་བྱ་བས་སོ། །ཤའི་འདོད་ཆེན་ལ་གོམས་ཏེ་སྡིག་པའི་ལས་ཀྱིས་ཤ་ཟ་བའི་རིགས་སུ་ཤ་ཟ་བར་འགྱུར་བ་དང་། ལྷ་དང་ཀླུ་དང་།

เล่ม ๑๒๑ · หน้า 47a

གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པའི་སེམས་ཅན་རྣམས་ཤའི་རོ་མྱོང་བ་ལ་ཆགས་པ་སེམས་ཅན་ལ་གནོད་པའི་སེམས་ཇི་ལྟར་སྤོང་བར་

འགྱུར་བ་དང་། མཐའ་གསུམ་གཙང་ཞིང་ལྷུང་བཟེད་དུ་སྩལ་བ་འབྲས་ལ་སོགས་པ་བཞིན་དུ་ཆགས་པ་མེད་ཅིང་བཏང་སྙོམས་ཀྱི་སེམས་ཀྱིས་འཚོལ་ཅིག་པར་ཐམས་ཅད་མཁྱེན་པས་ཐུན་མོང་དུ་ཆུད་པར་མཛད་དུ་གསོལ། ཇི་ལྟར་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་པ།

མཛངས་པ་བློ་ཅན་མཁས་པ་ཡི། །ཟས་གཙང་ཞིམ་པོ་ཅུང་ཟད་འགྱུར། །དེ་ཉིད་དུ་ནི་བཞག་མེད་ན། །རྣལ་ཅན་དེ་ཟ་བཀག་མེད་རུང་། །ཡ་རབས་དང་མ་རབས་ཀྱི་ཚིག་ལ་མངོན་པར་ཆགས་པའི་བློ་དགག་པའི་དོན་དུ་ཇི་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་ཆུང་བར་འགྱུར་བ་དེ་བཞིན་

དུ། སངས་རྒྱས་ཀྱི་གསུང་རབ་ཏུ་སྒྲ་སྦྱོར་བར་མཛད་དེ། དེས་ན་དེ་དང་གཞན་དུ་ཡང་ཡུལ་དབུས་ཀྱི་བར་ཀློག་གོ། །ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ། དགེ་སློང་དག་ཕྱིའི་གཙུག་ལག་རྣམས་ནི་ལྕགས་ཀྱི་སེའུ་དང་མཚུངས་ཏེ། འབད་པ་ཆེན་པོས་ཁོང་དུ་ཆུད་

པར་བྱ་སྟེ། ཁོང་དུ་ཆུད་ཀྱང་འདོད་ཆགས་དང་བྲལ་བ་དང་ཞི་བའི་དོན་མེད་པས་ན་འབྲས་བུ་མེད་པ་ཡིན་ནོ། །ཇི་ལྟར་ཞིང་རྣམས་ཉི་ཟླའི་དབྱིབས། །རི་རབ་པདྨོ་འདྲ་བ་དང་། །དཔལ་བེའུ་སེང་གེའི་དབྱིབས་འདྲ་བ། །ཅི་ཡི་སླད་པ་བདག་ལ་གསུངས། །ཞེས་བྱ་བ་ནི་ཞིང་

རྣམ་པ་དུ་མར་གཞག་པ་ནི་ཇི་ལྟར་སེམས་ཅན་རྣམས་ལ་མངོན་པར་དད་པའི་རྒྱུར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། ཇི་ལྟར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་

བྱུང་བ། བསམ་པ་ཡོངས་སུ་དག་པ་ནི་ཞིང་ཡོངས་སུ་དག་པའོ་ཞེས་སོ། །དེ་ནས་ཉི་མ་དང་ཟླ་བ་དང་། རི་རབ་དང་། པདྨོ་དང་། དཔལ་བེའུ་མངོན་པར་མཛེས་པའི་རྒྱན་རྣམས་ཀྱི་ཞིང་བཀོད་པར་མཛད་དོ། །ཇི་ལྟར་འཕགས་པ་འཇམ་དཔལ་གྱི་ཞིང་བཀོད་པའི་རྒྱན་

เล่ม ๑๒๑ · หน้า 47b

དང་། བདེ་བ་ཅན་གྱི་ཞིང་གི་རྒྱན་ལ་སོགས་པ་ལྟ་བུའོ། །སྟེང་དང་འོག་ཏུ་བཀོད་པ་དག །མིག་འཕྲུལ་འདྲ་བ་ཇི་ལྟ་བུ། །རིན་ཆེན་ཀུན་གྱི་ཞིང་རྣམས་ཀྱང་། །ཇི་ལྟར་ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་འོག་དང་། བར་དང་། ལྟག་དང་། གློ་དང་། རྒྱུན་ཆགས་

དང་། བར་ཆད་དུ་ཞིང་གི་སྣང་བ་རྣམ་པར་གནས་ཏེ། དེ་དག་ཐམས་ཅད་ཀྱང་ཕྱིའི་སྣང་བ་གྲུབ་པ་མེད་པར་སྒྱུ་མ་དང་འདྲ་ཞིང་སོ་སོར་སྣང་བའི་རིམ་པ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་ངོ་། །ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། ཞིང་གི་རྒྱན་ཞིང་གི་རྒྱན་

ཞེས་བྱ་བ་དེ་དག་ནི་ཞིང་གི་རྒྱན་མ་ཡིན་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་པའོ། །སེམས་ཅན་གང་དག་ལ་བསོད་ནམས་ཀྱི་ཚོགས་རྣམ་པར་སྨིན་པ་སོ་སོར་སྣང་བར་འགྱུར་ཞིང་བསོད་ནམས་ཀྱི་ཚོགས་རྣམ་པར་གྲུབ་པ་ཐམས་ཅད་ནི་རིན་པོ་ཆེར་སྣང་ངོ་། །པི་ཝང་རྔ་ཡི་དབྱིབས་

འདྲ་དང་། །འབྲས་བུ་མེ་ཏོག་སྣ་ཚོགས་འདྲ། །ཉི་ཟླ་དག་དང་རྣམ་བྲལ་བ། །ཇི་ལྟར་ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་པི་ཝང་ལ་སོགས་པའི་རང་བཞིན་གྱི་དབྱིབས་དང་མེ་ཏོག་དང་འབྲས་བུ་ལྟ་བུའོ། །ཉི་མ་དང་ཟླ་བའི་འོད་དང་བྲལ་བ་ནི་རྣམ་པ་དུ་མའི་བསོད་ནམས་ཀྱི་

ཁྱད་པར་གྱི་ཞིང་གི་རྒྱན་དང་རང་གི་འོད་ཀྱིས་སོ་སོར་སྣང་ངོ་། །ལ་ལ་སྤྲུལ་པའི་སངས་རྒྱས་དང་། །སངས་རྒྱས་ལ་ལ་རྣམ་སྨིན་བྱུང་། །ཡང་དག་ཡེ་ཤེས་སངས་རྒྱས་རྣམས། །ཇི་ལྟར་ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་སྤྲུལ་པ་གང་དག་མྱ་ངན་ལས་འདའ་བར་བྱེད་

པ་དེ་དག་སྤྲུལ་པའི་སྐུའི་སངས་རྒྱས་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་སྨིན་པ་ལས་བྱུང་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ལྷ་ལ་སོགས་པའི་རྣལ་འབྱོར་གྱི་དབང་པོ་མགུ་བར་མཛད་པ་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་པ་

ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། རྣམ་པར་སྣང་མཛད་ཀྱི་སངས་རྒྱས་བཅོམ་ལྡན་འདས་བཙུན་གཙོ་དེ་དག་སྣང་ངོ་། །གང་གི་ཚེ་ཤེས་རབ་ཀྱིས་སྦོམ་པ་དང་ཕྲ་བ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །

เล่ม ๑๒๑ · หน้า 48a

ཞེས་བྱ་བ་དེའི་ཚེ་ཕྱིའི་དོན་ལ་མི་དམིགས་ཏེ། འཛིན་པ་དང་གཟུང་བའི་རྣམ་པ་དང་བྲལ་ནས་བསམ་པ་མེད་ཅིང་སྣང་བ་མེད་པ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་དེ་བཞིན་ཉིད་ལ་རང་གི་རིག་པར་ཞུགས་པ་དེ་དག་ནི་ཆོས་ཀྱི་སྐུའི་དེ་བཞིན་ཉིད་ཀྱི་སངས་རྒྱས་བཅོམ་

ལྡན་འདས་ཞེས་བགྱི་བས་ན་ཐམས་ཅད་མཁྱེན་པས་སྐུ་གསུམ་གྱི་ཁྱད་པར་བསྟན་དུ་གསོལ། ཅི་སླད་ཇི་ལྟར་འདོད་ཁམས་སུ། །རྣམ་སངས་མ་རྒྱས་བདག་ལ་གསུངས། །ཅི་ཡི་སླད་དུ་འོག་མིན་དུ། །ཆགས་བྲལ་ཁྲོད་དུ་མངོན་སངས་རྒྱས། །ཞེས་བྱ་བ་ནི་འདོད་པའི་ཁམས་སུ་

སྤྲུལ་པའི་སྐུ་མངོན་པར་འཚང་རྒྱ་བར་བསྟན་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་བསྟན་པའི་སྐལ་བ་མེད་ཅིང་རྐྱེན་དུ་མ་བབ་པ་ལ་སྤྲུལ་པའི་སྐུ་འཚང་རྒྱ་བའི་རིམ་པར་མ་བསྟན་ན་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཡིད་མི་ཆེས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དང་། ཀླུ་དང་། གནོད་

སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སེམས་ཅན་རྣམས་དྲང་བའི་དོན་དུ་བདུད་བཅོམ་ནས་འདོད་པའི་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པར། ཅི་ཡི་སླད་དུ་འོག་མིན་དུ། །ཆགས་

བྲལ་ཁྲོད་དུ་མངོན་སངས་རྒྱས། །ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་ནས་གནས་བཅུ་བདུན་གྱི་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམས་ཚངས་པ་ལ་སོགས་པའི་རྣལ་འབྱོར་ལ་མངོན་པར་ཡ་མཚན་དུ་འཛིན་པ་བསལ་བའི་དོན་དུ་དེར་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་

སྣང་མཛད་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་གྱིས་སངས་རྒྱས་ཏེ། དེར་རྣལ་འབྱོར་པ་རྣམས་ལ་ཆོས་བཤད་པར་མཛད་ན་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་རྒྱུན་འདི་བསྟན་དུ་གསོལ། །བདེ་གཤེགས་མྱ་ངན་འདས་ན་ཀོ། །བསྟན་པ་སུ་ཞིག་འཛིན་པར་འགྱུར། །

སྟོན་པ་ཇི་སྲིད་རབ་ཏུ་བཞུགས། །ཚུལ་ཡང་ཇི་སྲིད་གནས་པར་འགྱུར། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ཁྱད་པར་དུ་ཐེག་པ་ཆེན་པོ་ནི་བཙུན་གཙོ་ཚིག་གི་དབང་པོ་ལ་གཏད་པར་འཕགས་པ་འཇམ་དཔལ་གཞོན་ནུའི་རྒྱུད་ལས་ཀློག་གོ། །འདི་ཉིད་དུ་ཡང་གསུངས་པ།

เล่ม ๑๒๑ · หน้า 48b

ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། །

གང་ན་རྟོགས་པ་དང་དགེ་སློང་གི་ལས་ཡོངས་སུ་རྫོགས་པར་འགྱུར་ཞིང་ཉམས་པ་མེད་པར་ལོ་སྟོང་གི་བར་དུ་བསྟན་པ་གནས་པར་འགྱུར་རོ། །དུས་དམ་པ་ཡང་ལོ་བརྒྱད་ཁྲི་བཞི་སྟོང་ནས་དུས་དར་ཏེ། སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ན་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་

བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་བཙུན་གཙོ་བྱམས་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུའོ། །ཁྱོད་ཀྱི་གྲུབ་མཐའ་རྣམ་པ་དུ། །ལྟ་བ་དག་ཀྱང་རྣམ་པ་དུ། །དགེ་སློང་དངོས་དང་འདུལ་བ་ཡང་། །ཅི་སླད་ཇི་ལྟར་བདག་ལ་གསུངས། །ཞེས་བྱ་བ་ནི་གྲུབ་

པའི་མཐའ་ལ་རྣམ་པ་གསུམ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་བྱེ་བྲག་ཏུ་ཕྱེ་བའོ། །ལྟ་བ་ཡང་ཕྱིའི་དོན་དང་། རྣམ་པར་ཤེས་པ་དང་། སྟོང་པ་མི་གཉིས་པའི་མཚན་ཉིད་དུ་ཡང་རྣམ་པ་གསུམ་མོ། །འདུལ་བ་ཡང་། ལྔ་དང་

བརྒྱད་དང་བཅུ་ཀུན་ཀྱང་། །ཐམས་ཅད་ལས་བྲལ་ཁས་ལེན་པ། །དགེ་བསྙེན་ཟ་གཅིག་གནས་པ་དང་། །དགེ་སྦྱོང་བསྟན་པ་དགེ་སློང་ངོ་། །ཞེས་བགྱི་བ་དེ་ལྟར་བཤད་དུ་གསོལ། རང་རྒྱལ་རྒྱལ་སྲས་ཉན་ཐོས་ཀྱི། །ཅི་སླད་འགྱུར་བ་བརྒྱ་པོ་དང་། །སྣང་བ་མེད་པ་

བརྒྱ་པོ་ཡང་། །ཅི་ཡི་སླད་པ་བདག་ལ་གསུངས། །ཞེས་བྱ་བ་ནི་འཁྲུལ་བ་ནས་འཕོ་བ་བརྒྱ་ནི་གཉིས་སུ་མེད་པའི་དོན་དམ་པའི་བདེན་པའི་རིགས་པས་སྤོང་ངོ་། །བརྒྱ་ནི་མཐའ་མེད་པར་ཉེ་བར་བརྟག་པར་བྱའོ། །གནས་འཕོ་བ་ནི་བསྩལ་བའོ། །དེ་ལ་ཡོད་པ་དང་མེད་པའི་རྣམ་པར་རྟོག་

པ་ཀུན་ཏུ་སྤངས་པ་ན་སྣང་བ་མེད་པ་བརྒྱ་ཡང་གཉིས་སུ་མེད་དོ། །རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་རྟོགས་

เล่ม ๑๒๑ · หน้า 49a

པ་མཚུངས་པ་ཉིད་དོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། དེ་དག་ལ་སྙོམས་པར་ཞུགས་ན་ཡེ་ཤེས་གསུམ་རབ་ཏུ་ཤེས་པར་འགྱུར་རོ་ཞེས་སོ། །འཇིག་རྟེན་མངོན་ཤེས་གང་གིས་བྱུང་། །འཇིག་རྟེན་འདས་ཀྱིའང་ཇི་ལྟ་བུར། །

སེམས་ནི་ས་རྣམས་བདུན་པོ་ཡང་། །ཇི་ལྟར་ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་ཞིང་འབར་བ་དང་། སྣང་བ་ལ་སོགས་པའོ། །གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་

ཞེས་བྱ་བ་མངོན་པར་ཤེས་པ་ལྔ་ནི་འཇིག་རྟེན་པའི་རྣལ་འབྱོར་པ་དང་ཐུན་མོང་པའོ། །ཉོན་མོངས་པ་ཟད་པ་ཤེས་པ་དྲུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། བདག་མེད་པ་ཡོངས་སུ་ཤེས་པས་འགྲུབ་པ་སྟེ། དེ་འབྱུང་བས་འཁོར་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །

སེམས་ནི་ས་རྣམས་བདུན་པོ་ཡང་། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་འདི་ཉིད་དུ་ཐམས་ཅད་མཁྱེན་པས་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ས་གཞན་ང་ཡི་རང་བཞིན་ནོ། །ཕྱིའི་དངོས་པོ་བསྩལ་ཏེ་རྣམ་

པར་ཤེས་པ་ཙམ་གྱི་ས་བདུན་གྱི་དབང་པོ་རྣམས་མཉམ་པར་འཇོག་པར་བྱེད་དོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ཕྱི་ཡི་དངོས་པོ་བསལ་ནས་སུ། །ཤེས་པ་ཙམ་ལ་འཇུག་པས་ན། །འདི་ནི་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་བཤད་པའོ། །ས་བརྒྱད་པོའི་དབང་

པོ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པར་མི་རྟོག་པར་དབུ་མ་དྲི་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ། དངོས་མིན་དངོས་པོ་མིན་ཡང་མིན། །ཡོད་དང་མེད་པར་མི་དམིགས་པ། །འདི་ནི་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་

བཤད་པའོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། དངོས་པོས་མངོན་པར་རྟོགས་པ་དང་། དངོས་པོ་མེད་པས་མངོན་པར་རྟོགས་པ་ཡང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པར་མཉམ་པས་མངོན་པར་རྟོགས་སོ་ཞེས་སོ། །ཁྱོད་ཀྱི་

เล่ม ๑๒๑ · หน้า 49b

དགེ་འདུན་རྣམ་པ་དུ། །ཇི་ལྟར་དགེ་འདུན་དབྱེན་དུ་འགྱུར། །སེམས་ཅན་གསོ་བའི་གཙུག་ལག་ཀྱང་། །ཇི་ལྟར་ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་དང་། གཉི་ག་སྡོམ་པ་པ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ནོ། །

དགེ་འདུན་གྱི་དཔེས་ཀྱང་ཉན་ཐོས་ཀྱི་ཐེག་པ་པ་དང་འགྱུར་རོ། །གནས་ཁང་གཅིག་ཏུ་གནས་པར་མི་བྱ་བ་དང་། ལམ་གཅིག་ཏུ་འགྲོ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ན་ཉན་ཐོས་ཀྱི་ཐེག་པ་པའི་ལྟུང་བར་འགྱུར་བ་དེ་ཐེག་པ་ཆེན་པོའི་ལྟུང་བ་མ་ཡིན་ནོ། །སེམས་ཅན་གསོ་

བའི་གཙུག་ལག་ཏུ་གྱུར་པ་ནི་གཏི་མུག་གི་རྒྱུ་ལས་སྡིག་པའི་ནད་ལོག་པའི་ཡེ་ཤེས་ཀྱིས་འབྱུང་བ་ཡང་དག་པའི་ཡེ་ཤེས་ཀྱིས་ལྡོག་པར་འགྱུར་བ་དེ་དེ་ལྟར་ཐམས་ཅད་མཁྱེན་པས་གསུངས་སོ། །འོད་སྲུངས་ལོག་པར་དད་སེལ་དང་། །གསེར་ཐུབ་ཀྱང་ནི་ང་ཡིན་ཞེས། །རྒྱལ་བའི་

སྲས་ལ་གསུངས་པ་དེ། །ཐུབ་པ་ཆེན་པོ་ཅི་སླད་གསུངས། །ཞེས་བྱ་བ་ནི་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད་པ་དེ་ཇི་བཞིན་པ་རྫོགས་

པའི་སངས་རྒྱས་ང་ཡང་དེ་བཞིན་ནོ་ཞེས་དེ་ལྟ་བུའི་དོན་དགོངས་པ་མདོ་སྡེ་འདི་ཉིད་དུ་གསུང་བ་མཛད་དོ། །བདག་དང་སེམས་ཅན་ཅིས་མེད་བརྗོད། །རྟག་དང་འཇིག་གཏམ་ཇི་ལྟ་བུ། །ཅི་སླད་སེམས་ཅན་ཡང་དག་ཉིད། །ཐམས་ཅད་དུ་ན་བཤད་མི་མཛད། །ཅེས་བྱ་བ་ལ།

བདག་དང་སེམས་ཅན་མེད་པར་འཆད་པ་ནི་རྟག་པ་དང་བདག་ཏུ་ཞེན་པའི་འཁོར་བའི་སྡུག་བསྔལ་བ་བཅད་པའི་ཕྱིར་རོ། །རྟག་པར་འཛིན་པ་འཆད་པ་ཡང་བྱེད་པ་པོ་སྨྲ་བ་བཅད་པའི་ཕྱིར་རོ། །རྟག་པ་གང་ཡང་མེད་དེ། དེ་མ་སྐྱེས་པས་ན་ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་ལ་

སོགས་པ་བཞིན་ནོ། །ཡང་དག་པ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པའོ། །ཅིའི་སླད་དུ་སེམས་ཙམ་ཐམས་ཅད་དུ་བཤད་པར་མི་མཛད་ཅེས་བྱ་བ་དེ་ལྟར་བློ་གྲོས་ཆེན་པོ་ཕྱི་ཕྱིར་གསོལ་

เล่ม ๑๒๑ · หน้า 50a

བས་ན་ཐམས་ཅད་མཁྱེན་པས་བསྒྲུབ་པར་མཛད་པ་གཅིག་ལ་བཤད་པ་གང་ཡིན་པ་དེ་ནི་གཞན་ལ་བཤད་པ་མིན། ནད་པའི་དབང་ལས་སྨན་པ་བཞིན། །སྨན་ནི་སོ་སོར་རྟོག་པའོ། །ཞེས་ཏེ། དེས་ན་སྣོད་མ་ཡིན་པ་རྣམས་ལ་གཉིས་སུ་མེད་པའི་ཡང་དག་

པར་ངས་ཐམས་ཅད་དུ་མི་འཆད་དོ། །ཇི་ལྟ་ཞེ་ན། ཐོག་མ་པ་གཟུང་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རིམ་གྱིས་ངས་འཆད་དོ། །ཅི་སླད་སྐྱེས་བུ་ན་ཆུང་ནོར། །ཨ་རུ་ར་དང་སྐྱུ་རུ་ཚལ། །ཀེ་ལ་ས་དང་ཁོར་ཡུག་རི། །རྡོ་རྗེ་སྲ་བའང་ཇི་

ལྟ་བུ། །ཞེས་བྱ་བ་ལ། སྐྱེས་བུ་དང་ན་ཆུང་གི་ནོར་ནི་གང་ཕོ་དང་མོ་ལ་མཁོ་བ་དེ་ཐམས་ཅད་ནི་ནོར་ཏེ། ལས་ལས་འཇིག་རྟེན་པ་རྣམ་པ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །ཨ་རུ་ར་དང་སྐྱུ་རུ་རའི་ཚལ་ནི་སྨན་ཏེ། སྐྱོན་གསུམ་འཕྲོགས་པས་ན་ཐམས་ཅད་ལ་མཁོའོ། །ཀེ་ལ་

ས་དང་ཁོར་ཡུག་རི། །རྡོ་རྗེ་སྲ་བའང་ཇི་ལྟ་བུ། །ཞེས་བྱ་བ་ནི་འབྱུང་ཁུང་མང་བའི་རིན་པོ་ཆེའི་འབྱུང་གནས་ཏེ། སེམས་ཅན་གྱི་དོན་དུ་འབྱུང་བ་ལྷ་རྣམས་ཀྱི་གནས་སོ། །དེ་ཡི་དྲུང་ན་མིག་ཡོར་ནི། །རིན་ཆེན་སྣ་ཚོགས་རབ་བརྒྱན་ཅིང་། །དྲང་སྲོང་དྲི་ཟས་ཀུན་གང་ན། །ཇི་ལྟར་

ཅི་སླད་བདག་ལ་གསུངས། །ཞེས་བྱ་བ་ནི་རི་རབ་ཀྱི་ཁོར་ཡུག་གི་དྲུང་ན་རིན་པོ་ཆེའི་འབྱུང་གནས་མི་གཡོ་བ་དྲང་སྲོང་དང་དྲི་ཟ་རྣམས་ཀྱི་གནས་མཆིས་པ་བསོད་ནམས་ཅན་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་རིན་པོ་ཆེའི་འབྱུང་གནས་བྱུང་བར་ཐམས་ཅད་མཁྱེན་པར་

སྒྲུབ་ཏུ་གསོལ། གང་གིས་སེམས་ཅན་རྣམས་ཀྱི་བསོད་ནམས་མངོན་པར་སྤེལ་བའི་སླད་དུ་སེམས་དང་བའི་ཁྱད་པར་དུ་འགྱུར་བར་རོ། །ལྷ་ཆེན་གྱིས་ནི་གསན་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་བཙུན་གཙོའི་སངས་རྒྱས་ནི་ལྷ་ཐམས་ཅད་ཀྱི་ལྷ་ཆེན་པོ་ཡིན་ནོ། །དྲིས་པ་

བརྒྱ་རྩ་བརྒྱད་སླར་བསལ་བ་ནས་གང་དག་འཁོར་བ་དང་། ལོག་པའི་ཡེ་ཤེས་དང་། སྡུག་བསྔལ་ཟད་པའི་དོན་དུ་མཁོ་བའི་དྲིས་པ་དེ་དག་གི་ལན་ནི་ཐོག་མར་ལེགས་སོ་ཞེས་གསུངས་ཏེ། གསུང་ངོ་། །དྲིས་པ་ཡང་དག་ཀྱང་རྩྭ་དང་ཤིང་ལ་སོགས་པའི་ཁྱད་པར་

เล่ม ๑๒๑ · หน้า 50b

དེ་དག་ལ་སྐྱོན་ཆེ་བར་བཤད་ཅིང་དེ་དག་འཇིག་རྟེན་གྱི་ཆེད་དུ་ལན་གསུངས་པ། ཐེག་པ་ཆེ་ཚུལ་སྣ་ཚོགས་པ། །སངས་རྒྱས་རྣམས་ཀྱི་ཐུགས་མཆོག་འདི། །སངས་རྒྱས་འཇིག་རྟེན་མཁྱེན་པའི་ཕུལ། །ལྷ་ཆེན་གྱིས་ནི་གསན་པ་དང་། །ཞེས་ཏེ། དེ་འདྲི་བ་བརྒྱ་རྩ་བརྒྱད་པ་བླང་

བ་དང་། དོར་བའི་བྱེ་བྲག་གིས་ཐེག་པ་ཆེན་པོའི་ཚུལ་སྣ་ཚོགས་ནི་སངས་རྒྱས་རྣམས་ཀྱི་ཐུགས་མཆོག་ཡིན་ནོ། །དེར་ལྷ་ཆེན་པོ་ཐམས་ཅད་མཁྱེན་པའི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་བཙུན་གཙོའི་སངས་རྒྱས་དང་། བཙུན་གཙོའི་བྱང་

ཆུབ་སེམས་དཔའ་ཆེན་པོ་འཕགས་པ་བློ་གྲོས་ཆེན་པོ་ལ་ལེགས་པ་བསྟབས་པ། ཤེས་རབ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ཀྱིས་ཡོངས་སུ་གང་དྲིས་པ། །དེ་ནི་རིམ་གྱིས་ངས་བཤད་ཀྱིས། །བློ་ཆེན་ང་ལས་ཤེས་པར་བྱོས། །སྐྱེ་དང་སྐྱེ་བ་མེད་པ་དང་། །ཇི་ལྟར་མྱ་ངན་འདས་དང་

སྟོང་། །འཕོ་དང་རང་བཞིན་མེད་པ་དང་། །སངས་རྒྱས་ཕ་རོལ་ཕྱིན་དང་སྲས། །ཞེས་བྱ་བར་སྔར་དྲི་བ་ཇི་ལྟར་གསོལ་བ་བཅོམ་ལྡན་འདས་ཀྱང་དེ་ལྟར་བཤད་པར་མཛད་དེ། དྲི་བ་གང་དག་ལ་སྐྱེས་བུའི་དོན་དུ་མཁོ་བ་མེད་ཅིང་སྐྱོན་ཆེ་བ་དེ་དག་བཅོམ་ལྡན་འདས་ཀྱིས་སྐྱོན་ཆེ་བར་

གསུངས་ཤིང་། བློ་གྲོས་ཆེན་པོ་ལ་ལན་མི་སྩོལ་བ་ནི་ས་ལ་རྡུལ་ཇི་སྙེད་ཡོད་པ་དང་། རི་རབ་ལ་སྲང་དུ་ཡོད་པ་དང་། ཉི་ཟེར་གྱི་རྡུལ་ཕྲ་མོ་ཇི་ཙམ་པ་དང་། རྡུལ་ཕྲ་མོ་བདུན་ནམ་བརྒྱད་ལ་རྡུལ་ཕྲ་མོ་ཐམས་ཅད་ཀྱང་ཇི་ཙམ་ཡོད་པ་ཅིའི་ཕྱིར་མི་འདྲི་ཞེས་ཏེ། དེ་ནི་རང་བཞིན་

གྱིས་དངོས་པོ་མེད་པས་ན་དངོས་པོ་མེད་པ་སྟེ། ཇི་ལྟར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྒྲ་མ་གཏོགས་པ་རྡུལ་ཕྲ་མོ་ལ་རྫས་བརྒྱད་དོ། །མཆོག་ཏུ་ཕྲ་བ་བདུན་ལ་རྡུལ་བར་མར་འགྱུར་རོ། །དེ་བདུན་ལ་རྡུལ་ལོ། །དེ་བདུན་བདུན་གྱི་གོང་མའི་གྲངས་ཀྱི་རི་བོང་དང་།

ལུག་དང་བ་ལང་གི་སྤུ་རྡུལ་དང་། སྲོ་མ་དང་། ཤིག་དང་། ཡུངས་ཀར་དང་། མ་སེ་དང་། ནམ་དང་། ཏོ་ལོ་དང་། འཛིན་པ་དང་། གསེར་སྲང་གཅིག་གི་གྲངས་ལ་སོགས་པའོ། །འཇིག་རྟེན་གྱི་ནི་བརྒྱད་ལས་གྲངས་དུ་འགྲོ་བའོ། །འཛིན་པ་ནི་སྲང་གི་བཞིའི་

เล่ม ๑๒๑ · หน้า 51a

ཆར་གྲུབ་པའོ། །ཡུངས་ཀར་བདུན་ནམ་བརྒྱད་ཀྱིས་ནས་གཅིག་གོ། །ནས་བརྒྱད་ལ་ཚིགས་སོ། །ཚིགས་བཞི་ལ་སོར་མོའོ། །སོར་མོ་བཅུ་གཉིས་ལ་མཐོའོ། །མཐོ་དོ་ལ་ཁྲུའོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །རྒྱང་གྲགས་བཞི་ལ་

དཔག་ཚད་གཉིས་ཀྱི་གྲངས་ལ་སོགས་པ་ཡུལ་ལོ། །དུས་ལ་སོགས་པའང་ཅིའི་ཕྱིར་ན་མི་འདྲི། དེ་དག་ལས་དྲི་བའི་གཙོ་རྣམས་ཀྱིས་ལན་ནི་གླན་པར་འགྱུར་མོད་ཀྱི། དྲི་བ་བརྒྱ་རྩ་བརྒྱད་པོ་སངས་རྒྱས་ཀྱིས་བསྔགས་པ་དོན་དམ་པའི་བདེན་པ་ཡང་དག་པ་ཉིད་ཅེས་བྱ་བ། འདི་ཇེ་ཉོན་

ཅིག་ཅེས་ནས་ཐམས་ཅད་མཁྱེན་པས་སྟོན་པར་མཛད་པ། སྐྱེ་བའི་ཚིག་དང་མི་སྐྱེ་བའི་ཚིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་སྐྱེ་བའི་ཚིག་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་གཉིས་ཀྱིས་རྣམ་པའོ། །མི་སྐྱེ་བའི་ཚིག་ནི་བདག་མེད་པ་གཉིས་ལ་བྱེད་པ་དང་བྱེད་པ་པོ་མངོན་པར་

འབྲེལ་བ་མེད་པས་སྔ་མའི་འོག་ཏུ་ཞེས་བྱ་བ་ན་མི་གཉིས་པ་དོན་དམ་པའི་ཚིག་གོ། །རྟག་པའི་ཚིག་དང་། མི་རྟག་པའི་ཚིག་ནི་རྒྱུན་རྟག་པས་ན་རྟག་པའི་ཚིག་གོ། །རང་གི་མཚན་ཉིད་དུ་མི་རྟག་པས་ན་མི་རྟག་པའི་ཚིག་གོ། །མཚན་ཉིད་ཀྱི་ཚིག་དང་མཚན་ཉིད་མེད་པའི་ཚིག་ཅེས་བྱ་

བ་ལ། མཚན་ཉིད་ཀྱི་ཚིག་ནི་རང་གི་མཚན་ཉིད་ལ་སྐད་ཅིག་པར་ཐམས་ཅད་མཁྱེན་པས་དགོངས་པའོ། །ཡང་མཚན་ཉིད་ནི་མཚན་མ་སྟེ་དོན་དུ་མའི་ཕྱིར་རོ། །དམ་པའི་ཆོས་དང་མི་འགལ་བའི་སྒྲའི་དོན་དུ་སྦྱོར་བ་ཙམ་དུ་ཟད་ཀྱི། ཁྱད་པར་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ། །

མཚན་ཉིད་མེད་པའི་ཚིག་ནི་གང་ན་མཚན་མ་ཅུང་ཟད་ཀྱང་མཚན་མར་བྱ་བ་མེད་པའམ། རྣམ་པར་རྟོག་པ་མེད་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་དེ་མི་གཉིས་པའོ། །གནས་གཞན་དུ་འགྱུར་བའི་ཚིག་དང་། གནས་གཞན་དུ་འགྱུར་བ་མ་ཡིན་པའི་ཚིག་ནི་སྐད་ཅིག་

པ་དང་སྐད་ཅིག་པ་མ་ཡིན་པ་སྟེ། ཐེལ་དང་ཟུར་གྱི་རིམ་པར་རྣམ་པར་རྟོག་པའི་མུ་སྟེགས་ཅན་གྱི་བློའི་རྗེས་སུ་མཐུན་པར་མཛད་དེ། འདུས་མ་བྱས་པར་དགོངས་པའོ། །སྐད་ཅིག་པའི་ཚིག་དང་། སྐད་ཅིག་པ་མེད་པའི་ཚིག་ནི་སྐྱེས་མ་ཐག་ཏུ་འཇིག་པས་ན་སྐད་ཅིག་པ་སྟེ། ཐོག་

เล่ม ๑๒๑ · หน้า 51b

མ་དང་ཐ་མའི་དུས་སུ་གནས་པའི་རྣམ་པའི་ཆ་དང་བྲལ་བ་ནི་སེ་གོལ་གྱི་སྒྲ་ལ་སོགས་པ་དེ་མ་ཐག་ཏུ་འཇིག་པ་བཞིན་ནོ། །སྐད་ཅིག་པ་མེད་པའི་ཚིག་ནི་རྒྱུན་རྟག་པའམ། དངོས་པོ་མེད་པ་སྟེ། རྟག་པ་མ་སྐྱེས་པས་ན་དངོས་པོ་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྐད་

ཅིག་པ་མ་ཡིན་པ་ནི་རིམ་དང་ཅིག་ཅར་དུ་དོན་བྱེད་པར་འགལ་ལོ། །གང་ལ་དོན་བྱེད་པའི་མཐུ་མེད་པ་དེ་དངོས་པོ་མ་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །རང་བཞིན་ཡོད་པའི་ཚིག་དང་རང་བཞིན་མེད་པའི་ཚིག་ནི་གང་ལ་བསྲེགས་པ་དང་འཚེད་པ་ལ་སོགས་པའི་རང་བཞིན་དུ་དོན་བྱེད་

ནུས་པ་སྲ་བ་དང་། རླན་པ་དང་། དྲོ་བ་དང་། གཡོ་བ་ལ་སོགས་པ་དེས་འབྱུང་བའི་རང་བཞིན་སྨོས་པར་བྱའོ། །གང་ཡང་རྣམ་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དང་བྲལ་བ། ཡོད་པ་དང་མེད་པར་བརྗོད་དུ་མེད་པ་དང་། གཉིས་སུ་མེད་པ་ཡང་དག་པར་རིག་པ་དེ་

ལ་ཡང་རང་བཞིན་མེད་དོ། །སྟོང་པ་ཉིད་ཀྱི་ཚིག་དང་། སྟོང་པ་ཉིད་མ་ཡིན་པའི་ཚིག་ནི་ཡོངས་སུ་གྲུབ་པའི་ཆུད་པ་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། ཇི་ལྟར་འཕགས་པ་བཙུན་གཙོ་བྱམས་པས་གསུངས་པ། གཉིས་མེད་མེད་པའི་དངོས་པོ་ནི། །སྟོང་པ་ཡི་ནི་མཚན་ཉིད་དོ། །

ཞེས་སོ། །སྟོང་པ་མ་ཡིན་པ་ཡང་གཞན་གྱི་དབང་གི་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པས་མི་སྟོང་པ་སྟེ། དེར་བྱིས་པ་རྣམས་དངོས་པོར་མངོན་པར་ཆགས་པར་འཇུག་པ་ནི་ཇི་ལྟར་འདི་ཉིད་དུ་གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །

རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོའི་རླབས་རྣམས་བཞིན་དུའོ། །ཆད་པའི་ཚིག་དང་ཆད་པ་མ་ཡིན་པའི་ཚིག་ནི་སྐད་ཅིག་པ་ཆད་པ་དང་། རྒྱུན་མི་འཆད་པ་སྟེ། ཁྱད་པར་དུ་དགོངས་པའི་དོན་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ། །སེམས་ཀྱི་ཚིག་དང་། སེམས་

མེད་པའི་ཚིག་ནི་གང་ན་སེམས་འཇུག་པ་སྟེ། གཟུང་བ་དང་། འཛིན་པ་དང་། བརྗོད་པ་དང་། རྗོད་པ་དང་། བྱེད་པ་དང་། བྱེད་པ་པོར་ཚིག་ཏུ་རྣམ་པར་རྟོག་པས་མངོན་པར་འབྲེལ་བ་དེ་ནི་སེམས་ཀྱི་ཚིག་གོ། །ཚིག་ནི་འགྲོ་བ་སྟེ། གང་ན་སེམས་ཀྱང་རྒྱུ་བ་མེད་ན་རྟོག་

เล่ม ๑๒๑ · หน้า 52a

པ་རྣམས་ཀྱི་ཡི་གེ་ལྟ་ཅི་སྨོས་ཏེ་དེ་ནི་སེམས་མེད་པའི་ཚིག་སྟེ། མི་གཉིས་པར་ཡང་དག་རིག་པར་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པར་མི་རྟོག་པའོ། །དབུ་མའི་ཚིག་དང་། དབུ་མ་མ་ཡིན་པའི་ཚིག་ནི་གང་དེ་ན་

དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བ་ནི་དབུ་མའི་ཚིག་གོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་རྟག་གོ། །ཇི་ལྟར་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། དངོས་པོ་མངོན་པར་རྟོགས་པར་མི་འབྱུང་བ་དང་། དངོས་པོ་མེད་པས་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་མཉམ་པས་སོ། །དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དེ་སྤངས་པས་ཆུད་པར་འགྱུར་རོ། །དབུ་

མ་མ་ཡིན་པའི་ཚིག་ཀྱང་གང་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པར་འབྱུང་བའོ། །ཐེར་ཟུག་པའི་ཚིག་དང་། ཐེར་ཟུག་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། ཐེར་ཟུག་པའི་ཚིག་ནི་འདུས་མ་བྱས་པ་དང་། མྱ་ངན་ལས་འདས་པའོ། །ཐེར་ཟུག་མ་ཡིན་པའི་ཚིག་ནི་

འགྲོ་བ་སྟེ། སྐྱེ་ནས་འགྲོ་བའི་ཕྱིར་རོ། །རྐྱེན་གྱི་ཚིག་དང་། རྐྱེན་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། རྐྱེན་གྱི་ཚིག་ནི་རྒྱུས་གང་འབྲས་བུ་བྱེད་པའོ། །རྐྱེན་མ་ཡིན་པའི་ཚིག་ནི་གང་མི་བྱེད་པ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དེས་རྟག་པའོ། །རྒྱུའི་ཚིག་དང་། རྒྱུ་མེད་

པའི་ཚིག་ནི་རྒྱུ་དང་རྐྱེན་འདུ་བ་ཚོགས་ནས་འབྲས་བུར་དགོངས་པའོ། །ཡང་ན་རྒྱུའི་ཚིག་ནི་གང་བསྒྲུབ་པར་བྱ་བ་སྒྲུབ་པའི་རྒྱུས་དེ་ལྟར་སྒྲུབ་པར་བྱེད་པའོ། །ཡང་ན་རྒྱུ་མེད་པའི་ཚིག་ནི་རྒྱུ་དངོས་པོ་མེད་པས་གང་བསྒྲུབ་པར་བྱ་བ་དེ་མི་འགྲུབ་པའོ། །ཉོན་མོངས་པའི་ཚིག་དང་།

ཉོན་མོངས་པ་མེད་པའི་ཚིག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ནི་ཉོན་མོངས་པའི་ཚིག་སྟེ། སྐྱེ་བའི་སྡུག་བསྔལ་ལོ། །ཉོན་མོངས་པ་མེད་པའི་ཚིག་ནི་བདེན་པའི་ཡེ་ཤེས་ཏེ། སྡུག་བསྔལ་ཟད་པར་བྱེད་པའི་རྒྱུའོ། །སྲེད་པ་མེད་པའི་ཚིག་

เล่ม ๑๒๑ · หน้า 52b

ཅེས་བྱ་བ་ལ། སྐྱེ་བའི་སྡུག་བསྔལ་གྱི་གནས་ནི་སྲེད་པའི་རྒྱུ་ལས་སོ། །སྲེད་པ་མེད་པའི་ཚིག་ནི་མྱ་ངན་ལས་འདས་པ་སྟེ། འདོད་ཆགས་དང་བྲལ་བ་ལ་སྐྱེ་བ་མི་སྣང་བའི་ཕྱིར་རོ། །བཙས་མ་ཐག་པ་ལ་རྒ་བ་དང་། འཇིག་པ་དང་། མྱ་ངན་ཡང་དག་པར་རྟོགས་པས་ན་བླང་

བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་བདེ་བ་དང་སྡུག་བསྔལ་བར་བསྒྲུབ་པར་ངེས་པ་སྔར་ཡོད་པའི་ཕྱིར་དེས་ན་སྔོན་གྱི་གོམས་པ་ཡོད་པར་རྗེས་སུ་དཔག་གོ། །ཐབས་ཀྱི་ཚིག་དང་། ཐབས་མ་ཡིན་པའི་ཚིག་ནི་ཤེས་རབ་དང་ཐབས་ལ་མཁས་པས་གང་ན་དགོས་

པར་བྱེད་ནུས་པ་དེ་ནི་ཐབས་ཀྱི་ཚིག་གོ། །གང་ན་བྱེད་མི་ནུས་པ་དེ་ནི་ཐབས་མེད་པའི་ཚིག་སྟེ་དུས་དང་ཡུལ་ལ་ལྟོས་ཏེ་གཞག་པར་བྱའོ། །མཁས་པའི་ཚིག་དང་། མཁས་པ་མ་ཡིན་པའི་ཚིག་ནི་གང་དཔྱད་ཅིང་ཤེས་རབ་ཀྱིས་སྦྱོར་བར་བྱེད་པ་ནི་མཁས་པའི་ཚིག་གོ། །གང་ན་

ཡང་སྦྱོར་བར་མི་བྱེད་པ་དེ་ནི་མཁས་པ་མ་ཡིན་པའི་ཚིག་གོ། །དག་པའི་ཚིག་དང་། དག་པ་མ་ཡིན་པའི་ཚིག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པའི་ཡེ་ཤེས་ནི་དག་པའི་ཚིག་གོ། །རྟག་པ་དང་། བདག་དང་། སྡུག་བསྔལ་

བ་མེད་པ་དང་། མཛེས་པ་དང་། སྟོང་པ་མ་ཡིན་པའི་དངོས་པོར་ཕྱིན་ཅི་ལོག་གི་ཤེས་པ་ནི་དག་པ་མ་ཡིན་པའི་ཚིག་གོ། །རིགས་པའི་ཚིག་དང་། རིགས་པ་མ་ཡིན་པའི་ཚིག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མཛེས་པ་མ་ཡིན་པ་དང་།

སྟོང་པའི་ཚུལ་གྱི་ཚད་མས་ཁྱད་པར་ཤེས་པ་ནི་རིགས་པའི་ཚིག་སྟེ། རང་བཞིན་གསུམ་པའི་མཚན་མ་མངོན་པར་བརྗོད་པར་བྱ་བའི་དོན་ཏོ། །རིགས་པ་མ་ཡིན་པའི་ཚིག་ནི་རྟག་པ་དང་། བདག་དང་། སྡུག་བསྔལ་བ་མ་ཡིན་པ་དང་། མཛེས་པ་ལ་སོགས་པའི་ཤེས་པའོ། །

དཔེའི་ཚིག་དང་། དཔེ་མེད་པའི་ཚིག་ནི་ཚད་མ་ཁྱབ་པའི་ཚུལ་གྱིས་དོན་གང་ལ་འཇིག་རྟེན་གྱི་རྟོག་པ་པོ་རྣམས་ཀྱི་བློ་མཚུངས་པ་དེ་ནི་དཔེའོ། །དེ་ལས་ལྡོག་པ་ནི་དཔེ་མ་ཡིན་པའོ། །དེས་ན་སྨྲས་པ། བསྒྲུབས་པས་རྒྱུ་དང་འབྲེལ་པ་བྱེད། །བསྒྲུབ་པ་མེད་པའང་མེད་པ་ཉིད། །

เล่ม ๑๒๑ · หน้า 53a

གང་ན་དཔེ་ནི་བརྗོད་བྱ་བ། །ཕྱོགས་བཅས་ཕྱོགས་མེད་ཉིད་དུའོ། །སློབ་མའི་ཚིག་དང་། སློབ་མ་མ་ཡིན་པའི་ཚིག་ནི་ཚངས་པ་མཚུངས་པར་སྤྱོད་པ་ཕན་འདོགས་པ་བླ་མ་རྣམས་དང་རྩོད་པ་ནི་སློབ་མའི་ཚིག་གོ། །སློབ་མ་མ་ཡིན་པའི་ཚིག་ནི་འགྲན་ང་བ་

རྣམས་དང་ཐུབ་ཐུབ་ཏུ་སྨྲ་ཞིང་འདི་ནི་བླ་མ་ཡང་མ་ཡིན་སློབ་མ་ཡང་མ་ཡིན་ཞེས་པས་ན་ཕལ་འདུས་པའི་ནང་དུ་གཞན་ཕམ་པར་བྱ་བའི་རིགས་སོ་སྙམ་ནས་ཆོས་དང་བཅས་པས་རྒོལ་བ་པོ་ཚར་གཅོད་པའོ། །བླ་མའི་ཚིག་དང་། བླ་མ་མ་ཡིན་པའི་ཚིག་ནི་གང་དམ་པའི་ཆོས་སྟོན་

པར་བྱེད་པ་དེ་ནི་བླ་མའོ། །གང་ཡང་ཕྱིར་རྒོལ་བར་བྱེད་པ་དེ་ནི་བླ་མ་མ་ཡིན་པའོ། །རིགས་ཀྱི་ཚིག་དང་། རིགས་མེད་པའི་ཚིག་ནི་བྱང་ཆུབ་སེམས་དཔའི་ཚིག་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱི་རིགས་ཏེ། སེམས་ཅན་རྣམས་མཚན་མ་རྣམས་ཀྱིས་ཤེས་པར་

འགྱུར་བ་ནི་ཇི་ལྟར་ཆོས་བཅུ་པ་ལས་གསུངས་པ། དུ་བས་མེ་ནི་ཤེས་པར་བྱེད། །བྱ་བཞད་ཀྱིས་ནི་ཆུར་ཤེས་བྱེད། །བྱང་ཆུབ་སེམས་དཔའ་བློ་ཆེན་གྱི། །རིགས་ནི་མཚན་མ་རྣམས་ཀྱིས་ཤེས། །དེ་ནི་རང་བཞིན་སྙིང་རྗེ་ཅན་ཡིན་ལ། ལོངས་སྤྱོད་ཆེ་བ་དང་སྦྱིན་པ་དེ་ལ་དེའི་

སེམས་རབ་ཏུ་འཇུག་གོ། །ཉན་ཐོས་པ་ནི་བདག་ལ་ཕན་པར་ཞུགས་པ་དང་། རང་སངས་རྒྱས་ཀྱང་བདག་ལ་ཕན་པར་ཞུགས་པ་ཉིད་ཡིན་ནོ། །གང་ལ་བྱང་ཆུབ་གསུམ་དུའང་སེམས་མི་འཇུག་ལ། འཁོར་བར་མངོན་པར་དགའ་ཞིང་སྐྱོ་བ་མེད་པ་ནི་བདུད་ཀྱི་རིགས་པ་ཡིན་

པས་ན་རིགས་མེད་དོ། །ཐེག་པ་གསུམ་གྱི་ཚིག་དང་། ཐེག་པ་གསུམ་མེད་པའི་ཚིག་ནི། ཆོས་དང་གང་ཟག་ལ་བདག་མེད་པའི་ཐེག་པ་ནི་ཐེག་པ་གསུམ་གྱི་ཚིག་གོ། །རྟག་པའི་བདག་དང་། ཚངས་པ་དང་། དབང་པོ་ལ་བསྙེན་བཀུར་བྱེད་ཅིང་ཁྲུས་དང་། སྦྱིན་སྲེག་

དང་། གད་པ་དང་། གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། འབྲས་བུ་དང་། རྩ་བ་ཟ་བ་དང་། རིན་པོ་ཆེ་དང་གསེར་ལ་སོགས་པ་འཆང་བས་ཐར་པར་རྟོགས་པ་ནི་ཐེག་པ་གསུམ་མེད་པའི་ཚིག་གོ། །ཐལ་བས་སྐུད་པ་དང་། སྐྲ་འབལ་བ་དང་། རལ་

เล่ม ๑๒๑ · หน้า 53b

པའི་ཅོད་པན་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། བ་ལང་གི་བརྟུལ་ཞུགས་དང་རྨ་བྱའི་བརྟུལ་ཞུགས་ལ་སོགས་པ་འདི་ནི་བདག་ཏུ་ཞེན་པར་སྦྱོར་བ་ཡིན་གྱི། སྐྱེ་བའི་སྡུག་བསྔལ་གྱི་གཉེན་པོར་གྱུར་པའི་ཐར་པའི་རྒྱུ་མ་ཡིན་ཏེ། བདག་མེད་པ་ཉིད་ཐར་པའི་རྒྱུ་ཡིན་པས་ནི་འདི་ཐམས་

ཅད་ཐེག་པ་གསུམ་མེད་པའི་ཚིག་གོ། །སྣང་བའི་ཚིག་དང་། སྣང་བ་མེད་པ་མ་ཡིན་པའི་ཚིག་ནི་ཤེས་རབ་ཀྱིས་དཔྱད་པར་བྱ་བ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་

བྱ་བར་རོ། །བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་དཀྲུགས་པའི་མཐུ་དང་མཉམ་པར་འཇོག་པ་མེད་པའི་མ་རིག་པ་དང་ལས་རྣམ་པར་སྨིན་པ་ལས་སློངས་ཏེ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་། །གང་གི་ཚེ་

ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་བ་ཕྱོགས་ཀྱི་ཆར་རྣམ་པར་ཕྱེ་བ་ན་མེད་པར་གྱུར་ནས་གཟུགས་ལ་སོགས་པ་ཐམས་ཅད་སྟོང་པར་འགྱུར་ཏེ། བསམ་པ་མེད་པ་དང་། སྣང་བ་མེད་པ་དང་། དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཉིད་གནས་པར་འགྱུར་བ་ནི་

སྣང་བ་མེད་པའི་ཚིག་སྟེ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྣང་བ་དང་བྲལ་བའོ། །སྣང་བ་མེད་པ་མ་ཡིན་པའི་ཚིག་ནི་གཞན་གྱི་དབང་གི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་སོ་སོར་སྣང་སྟེ། སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཉིད་ཡིན་

ནོ། །སྨོན་པའི་ཚིག་དང་། སྨོན་པ་མེད་པའི་ཚིག་ནི་བཟང་པོ་སྤྱོད་པའི་སྨོན་ལམ་སྟེ། ཤེས་རབ་དང་སྙིང་རྗེ་དང་ལྡན་པས་ན། བདག་དང་གཞན་གྱི་དོན་དང་། ཐམས་ཅད་མཁྱེན་པས་སངས་རྒྱས་ཐོབ་པར་བྱེད་པའི་ཚིག་དང་། གནས་ཀྱི་ཚིག་གོ། །ཚིག་ནི་འགྲོ་

བ་དང་། ཚིག་ནི་གསུམ་ཡང་སྦྱོར་ཏེ། སྒྲ་རྣམས་ནི་དོན་དུ་མའི་ཕྱིར་རོ། །ཇི་ལྟར་ཚིག་རྒྱུད་ལས་འབྱུང་བ། །དོན་འགྲེལ་པ་ཡི་མཚན་མ་དང་། །སྒྲ་གཞན་ལ་ནི་བསྙེན་པ་དང་། །མཐོ་བ་ཡུལ་དང་དུས་རྣམས་ཀྱང་། །ཁྱད་པར་དྲན་པའི་རྒྱུ་རྣམས་སོ། །ཞེས་བྱའོ། །

เล่ม ๑๒๑ · หน้า 54a

སྨོན་པ་མེད་པའི་ཚིག་ནི་འཕགས་པའི་བདེན་པ་བཞི་རྟོགས་ནས་བདག་གི་དོན་དུ་མྱ་ངན་ལས་འདའ་བའོ། །འཁོར་གསུམ་གྱི་ཚིག་དང་། འཁོར་གསུམ་མེད་པའི་ཚིག་ནི་ཤེས་པ་དང་། ཤེས་པར་བྱ་བ་དང་། ཤེས་པས་ཤེས་ཞེས་བྱ་བ་དང་འཁོར་

གསུམ་མོ། །གང་གི་ཚེ་ཤེས་རབ་ཀྱིས་སྤྱད་དེ་གཟུགས་རྣམ་པར་བཤིག་ནས་རྡུལ་ཕྲ་མོ་ལ་ཡང་ཡན་ལག་མེད་དེ། །འཁོར་གསུམ་མི་མཐོང་བ་དེའི་ཚེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཚོགས་སུ་མི་གནས་པ་དང་། འཇིག་པ་ཉིད་ཀྱི་ཕྱིར་འཁོར་གསུམ་

སྟོང་པ་ནི་འཁོར་གསུམ་མེད་པའི་ཚིག་སྟེ། དེ་ལྟ་བས་ན་འཁྲུལ་བ་མེད་ཅེས་བྱའོ། །མཚན་མའི་ཚིག་དང་། མཚན་མ་མེད་པའི་ཚིག་ནི་བསམ་གཏན་གང་ལ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པས་གཟུགས་ཀྱི་

མཚན་མ་འཛིན་པ་དེ་ནི་མཚན་མའི་ཚིག་གོ། །གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་བྱ་བར་གང་ན་གཟུགས་ཀྱི་མཚན་མ་མི་འཛིན་པ་དང་། ཚོར་བ་དང་། ཚོར་བ་པོའི་རྣམ་པར་ཚོར་བ་ལ་སོགས་པ་ལ་ཡང་མི་འཛིན་པ་ནི་མཚན་མ་

མེད་པའི་ཚིག་སྟེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་གོ། །དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ། །ཡོད་མེད་ཀྱི་ཕྱོགས་ཀྱི་ཚིག་དང་། ཡོད་མེད་ཀྱི་ཕྱོགས་མ་ཡིན་པའི་ཚིག་ནི་ཕྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་དང་། ཁྱད་པར་གྱི་བདག་

ཉིད་དུ་མེད་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ། །ཀ་བ་དང་དངོས་པོ་ལ་སོགས་པས་སྤྱིར་རྫ་མར་འགྱུར་བ་དང་།

ཀ་བ་ཆུ་འཛིན་པ་ལ་སོགས་པས་རྫ་མ་མེད་པར་འགྱུར་བ་དང་། ཀ་བ་སྲ་བ་ལ་སོགས་པས་རྫ་མར་གྱུར་ཀྱང་གྲུ་བཞི་དང་། ཟླུམ་པོ་ལ་སོགས་པས་ཀ་བ་རྫ་མར་བྱེད་དོ། །དེ་བཞིན་དུ་སྨྲ་བར་མི་བྱ་བར་ཡང་སྦྱར་བར་བྱའོ། །ཀ་བ་དངོས་པོ་ལ་སོགས་པས་སྤྱིར་རྫ་མར་

เล่ม ๑๒๑ · หน้า 54b

གྱུར་ཀྱང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་བུམ་པ་ལ་སོགས་པའི་དགོས་པས་ཡོད་པར་གྱུར་ཀྱང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ། །བུམ་པའི་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་གྱུར་ཀྱང་ཀ་བ་ལ་སོགས་པས་སྤྱིར་སྨྲ་བར་མི་བྱ་བ་དང་། ཀ་བ་སྤྱིའི་

བདག་ཉིད་དུ་རྫ་མར་གྱུར་ཀྱང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱ་བ་ནི་ཀ་བ་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྫ་མར་གྱུར་ཀྱང་ཅིག་ཅར་སྨྲ་བར་མི་བྱ་བ་ཞེས་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ནི་ཅིག་ཅར་སྨྲ་བར་མི་བྱའོ། །ཡུལ་དང་།

དུས་དང་། རིམ་དང་། རྣམ་པ་ལ་ལྟོས་ནས་ཐམས་ཅད་ཡོད་པ་དང་མེད་དོ་ཞེས་ཀྵ་པ་ན་ཀས་རྣམ་པ་བདུན་དུ་འབྱུང་བར་སྨྲ་བའི་ཚིག་ནི་ཡོད་མེད་ཀྱི་ཚིག་གོ། །ཡོད་མེད་ཀྱི་ཕྱོགས་མ་ཡིན་པའི་ཚིག་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་དོན་དམ་པའི་བདེན་པ་མི་

གཉིས་པར་ཡང་དག་པར་རིག་པའོ། །གཉིས་ཀའི་ཚིག་དང་། གཉིས་ཀ་མ་ཡིན་པའི་ཚིག་ནི་གྲངས་ཅན་རྣམས་ཀྱི་བསལ་བ་དང་། མི་བསལ་བ་ཐམས་ཅད་ཡོད་པ་དང་། སྤྱོད་པ་རྣམས་ཀྱི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་གཟུགས་ཡོད་ཅེས་པ་དེ་རྣམ་པ་དེ་ལྟ་བུའི་བྱིས་

པ་རྣམས་ཀྱི་རྣམ་པར་རྟོག་པའོ། །གསལ་བའི་དོན་དང་སྤྱི་དང་། ཁྱད་པར་ཅན་གྱི་དངོས་པོ་ཐམས་ཅད་དམིགས་སུ་ཡོད་དོ་ཞེས་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་རྟོག་པར་བྱེད་པའི་འཁྲུལ་བའི་ཤེས་པ་བསལ་བའི་དོན་དུ་ཐམས་ཅད་མཁྱེན་པས་གཉིས་ཀ་མ་ཡིན་

པའི་ཚིག་བསྒྲུབ་པར་གསུངས་པ་ནི་རང་གི་མཚན་ཉིད་ཀྱི་དོན་གྱི་བྱ་བ་ནི་ནུས་ཀྱིས་སྤྱིར་སྒྲོ་བཏགས་པ་ནི་རྣམ་པར་རྟོག་པར་མི་དམིགས་པའོ། །སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག་དང་། སོ་སོ་རང་གི་འཕགས་པའི་ཡེ་ཤེས་མེད་པའི་ཚིག་ནི་གང་གི་ཚེ་ཤེས་རབ་ཀྱིས་དཔྱད་

པས་སྟོང་པ་ཉིད་དེ། ཕུང་པོར་མི་གནས་པ་དང་། འཇིག་པ་ཉིད་རྒྱུར་ཤེས་ཤིང་ཕུང་པོ་གནས་པ་ཐམས་ཅད་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་ཕྱོགས་ཀྱི་ཆར་རྣམ་པར་ཕྱེ་བ་ན་སྟོང་པར་འགྱུར་རོ། །རྟག་པ་མ་སྐྱེས་པས་ནི་རི་བོང་གི་རྭ་ལྟ་བུར་

เล่ม ๑๒๑ · หน้า 55a

དངོས་པོ་ཡོད་པ་མ་ཡིན་པ་དེའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག་གོ། །དེ་རང་གི་རིག་པ་ནི་སྐད་ཅིག་མའི་རྒྱུན་འབྱུང་བ་དང་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་མེད་པར་གྱུར་པའོ། །གང་

ཡང་བདག་དང་། གཙང་བ་དང་། བདེ་བར་བསྒོམ་པའི་ཕྱིན་ཅི་ལོག་གི་ཤེས་པ་དེ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་མེད་པའི་ཚིག་གོ། །མཐོང་བའི་ཆོས་ལ་བདེ་བའི་ཚིག་དང་། མཐོང་བའི་ཆོས་ལ་བདེ་བ་མེད་པའི་ཚིག་ཅེས་བྱ་བ་ནི་འགོག་པ་ལ་སྙོམས་པར་འཇུག་པ་དང་། སྟོང་

པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་མཐོང་བའི་ཆོས་ཀྱི་བདེ་བའོ། །བཞེངས་ནས་དག་པ་ཡེ་ཤེས་ཀྱི་འཇིག་རྟེན་ལ་ཞུགས་པ་ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པའི་ཐམས་ཅད་མཁྱེན་པ་ལ་

མཐོང་བའི་ཆོས་ཀྱི་བདེ་བ་མེད་པའོ། །ཞིང་གི་ཚིག་དང་། ཞིང་མེད་པའི་ཚིག་གི་སེམས་མཉམ་པར་མ་བཞག་པའི་བདག་དང་། གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་འཇིག་རྟེན་ཆགས་པའི་ཞིང་བཀོད་པའི་རྣམ་པར་ཤེས་

པའི་རྣམ་པ་སྣ་ཚོགས་དུ་མའི་རྣམ་པར་སྣང་ངོ་། །གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པ་དང་ཕྲ་བ་ཤེས་རབ་ཀྱིས་ཕྱོགས་ཀྱི་ཆ་ཐ་དད་པར་རྣམ་པར་ཕྱེ་བ་ན་སྟོང་པར་མཐོང་བ་དེའི་ཚེ་ཞིང་ནི་ཞིང་མེད་པའི་ཚིག་ཏུ་དོན་དམ་པར་མི་གཉིས་པར་ཤེས་སོ། །རྡུལ་གྱི་ཚིག་དང་རྡུལ་མེད་པའི་ཚིག་

ནི་རྡུལ་གྱི་ཚོགས་སྦོམ་པོར་སྣང་བ་ལ་ཞིང་གི་འདུ་ཤེས་སུ་འགྱུར་རོ། །གང་གི་ཚེ་ན་རྡུལ་མཆོག་ཏུ་ཕྲ་བ་ཉིད་ཕྱོགས་ཀྱི་ཆར་འབྱེད་པས་ཕྱེ་བ་ན་སྟོང་པར་འགྱུར་ཏེ། དེའི་ཚེ་རྡུལ་མེད་པའི་ཚིག་སྟེ། འཛིན་པ་དང་། གཟུང་བ་དང་བྲལ་བ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་

དག་པར་རིག་པར་འགྱུར་རོ། །ཆུའི་ཚིག་དང་། ཆུ་མེད་པའི་ཚིག་ནི་ཕྱིའི་དོན་མེད་པས་ན་ཆུ་ལ་སོགས་པ་འབྱུང་བ་རྣམས་མེད་པའི་ཕྱིར་ཆུའི་ཚིག་ནི་ཆུ་མེད་པའི་ཚིག་ཡིན་ནོ། །བཀྲུ་བ་དང་། ལྟུང་བར་ངེས་པ་འཛིན་པ་ཇི་ལྟ་བུ་ལགས་སྙམ་པ་ལ་ཐམས་ཅད་མཁྱེན་པས་གསུངས་པ།

เล่ม ๑๒๑ · หน้า 55b

རྨོངས་པའི་ཚིག་དང་། རྨོངས་པ་མེད་པའི་ཚིག་ནི་ཆུ་ལ་སོགས་པ་རྨོངས་པའི་ཤེས་པ་ཡེ་ཤེས་ཀྱིས་སྤོང་སྟེ། ཤེས་རབ་ཀྱིས་དཔྱད་ན་གང་གི་ཚེ་ན་ཕྱིའི་སྦོམ་པ་དང་། ཕྲ་བར་མི་དམིགས་པ་དེའི་ཚེ་རྨོངས་པའི་ཚིག་ནི་རྨོངས་པ་མེད་པའི་ཚིག་ཏུ་འགྱུར་ཏེ། འཁྲུལ་བ་དང་། འབྲལ་

བ་མི་གཉིས་པར་འགྱུར་རོ། །བྱུང་བའི་ཚིག་དང་། བྱུང་བ་མ་ཡིན་པའི་ཚིག་ནི། བསྲེགས་པ་དང་། འཚེད་པ་ལ་སོགས་པའི་དགོངས་པ་དང་། ཁྲུས་དང་། འབོག་ལ་སོགས་པ་ནི་བྱུང་བ་ལ་གནས་པས་ནི་དེ་བྱུང་བའི་ཚིག་གོ། །འཁྲུལ་བ་ལས་རྨི་ལམ་ལ་སོགས་པ་

བཞིན་དུ་སྣང་བས་ན་བྱུང་བའི་ཚིག་མ་ཡིན་ནོ། །ཤེས་རབ་ཀྱིས་དཔྱོད་པས་གང་གི་ཚེ་ན་སྦོམ་པ་དང་། ཕྲ་བ་རྣམ་པར་གཞིགས་ཤིང་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་བྱུང་བ་མེད་པའི་ཚིག་ཏུ་འགྱུར་རོ། །གྲངས་དང་རྩིས་ཀྱི་ཚིག་དང་། གྲངས་དང་རྩིས་མེད་པའི་ཚིག་ནི་ཡུལ་དང་

དུས་ལ་སོགས་པའི་གྲངས་སུ་འབྱེད་པ་ཕྱིའི་དོན་མེད་པ་མི་རུང་སྟེ། སའི་རྡུལ་ཕྲ་མོར་ཕྱོགས་ཀྱི་ཆར་འབྱེད་པས་དབྱེ་བས་ན་སྟོང་པར་འགྱུར་རོ། །རྡུལ་བདུན་ནམ་བརྒྱད་ཀྱི་གྲངས་ཀྱི་རིམ་པས་ཕྲ་བའི་སྤུའི་ཐོག་མ་དང་། དེ་ལས་འདུས་པའི་ཡན་ལག་དང་། སྲོ་མ་དང་། ཡུངས་

ཀར་གྱི་འབྲུ་དང་། ནས་དང་། ཚིགས་དང་། སོར་མོ་དང་། མཐོ་དང་། ཁྲུ་དང་། གཞུ་བརྒྱ་དག་གི་རིམ་པས་རྒྱང་གྲགས་དང་། དཔག་ཚད་སྟོང་དང་། འབུམ་དང་། བྱེ་བའི་ཁྱད་པར་རྣམས་ཀྱིས་གྲངས་སུ་བགྲང་བ་རྣམས་ནི་ཕྱིའི་དོན་ལ་གནས་པའོ། །དུས་བགྲང་

བ་ཡང་། གྲང་བ་དང་། དྲོ་བ་ལ་སོགས་པའི་རིམ་གྱིས་བྱེ་བྲག་ཉིད་ཀྱང་ཕྱིའི་དོན་ལ་གནས་པ་སྟེ། ཕྱིའི་དོན་ཀྱང་མེད་པས་ན་གྲངས་དང་རྩིས་ཀྱི་ཚིག་ནི་གྲངས་དང་རྩིས་མེད་པའི་ཚིག་ཡིན་ནོ། །མངོན་པར་ཤེས་པའི་ཚིག་དང་། མངོན་པར་ཤེས་པ་མ་ཡིན་པའི་ཚིག་ནི་འབར་བ་

དང་། ཆར་པ་དབབ་པ་དང་། ནམ་མཁར་འགྲོ་བ་ནི་འཛིན་པ་དང་། གཟུང་བའི་དངོས་པོ་ཡོངས་སུ་ཤེས་པས་ཡིན་ནོ། །ཕྱིའི་དོན་མེད་པས་ན་ཐམས་ཅད་སྟོང་པའི་ཕྱིར་མངོན་པར་ཤེས་པའི་ཚིག་ནི་མངོན་པར་ཤེས་པ་མེད་པའི་ཚིག་ཏུ་འགྱུར་ཏེ་གཉིས་ཀྱི་རྣམ་པ་དང་བྲལ་བ་

เล่ม ๑๒๑ · หน้า 56a

གཉིས་སུ་མེད་པར་ཡང་དག་པར་རིག་ཅིང་དོན་དམ་པའི་བདེན་པ་ཞེས་བྱའོ། །སྐྱོ་བའི་ཚིག་དང་། སྐྱོ་བ་མེད་པའི་ཚིག་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པའི་ཕྱིའི་རྣལ་འབྱོར་པ་རྣམས་ཀྱི་རྫ་མ་ཅན་དང་། སྐོང་བ་དང་། གཏོང་བའི་རླུང་ལ་གོམས་པར་བྱ་བ་

དང་། རྒྱས་པ་ཅན་ཡང་སྐྱོ་བའི་ཚིག་གོ། །དེ་ལས་ཕྱོགས་གཅིག་པའི་དབུགས་འབྱུང་བ་དང་། རྔུབ་པ་རྗེས་སུ་དྲན་པ་དེ་ཡང་སྐྱོ་བའི་ཚིག་ཅེས་བྱའོ། །ཤེས་རབ་ཀྱིས་དཔྱད་དེ་གང་གི་ཚེ་ཤེས་པར་བྱ་བ་ཅིའང་མི་དམིགས་པ་དེའི་ཚེ་ན། ཡེ་ཤེས་སྐྱོ་བ་མེད་པའི་ཚིག་བདག་ཉིད་

ཀྱིས་གནས་སོ། །སྟུག་པོའི་ཚིག་དང་། སྟུག་པོ་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། སྟུག་པོ་ནི་རྡུལ་ཕྲ་མོ་རྣམས་འདུས་པ་སྣང་བའོ། །ཡང་ན་སྟུག་པོ་ནི་སྤྲིན་རྣམས་སུ་རྣམ་པར་རྟོག་པ་སྟེ། ཕྱིའི་དོན་མེད་པས་ན་དེ་གཉིས་ཀ་དང་སྟུག་པོ་མ་ཡིན་པའི་ཚིག་ཡིན་ནོ། །བཟོ་དང་སྒྱུ་

རྩལ་རིག་པའི་ཚིག་དང་། བཟོ་དང་སྒྱུ་རྩལ་རིག་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལས་བཟོ་དང་སྒྱུ་རྩལ་རིག་པའི་ཚིག་གནས་པར་འགྱུར་རོ། །ཤེས་རབ་ཀྱིས་དཔྱད་ན་རབ་རིབ་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་རང་བཞིན་བཞིན་དུ་རྣམ་པ་གཉིས་

པ་ཐམས་ཅད་མ་སྐྱེས་པར་མཐོང་བས་ན་མི་གཉིས་པའི་ཤེས་པ་ལ་བཟོ་དང་། སྒྱུ་རྩལ་རིག་པའི་ཚིག་ནི་ཚིག་མེད་པ་སྟེ། ལྡོག་པར་འགྱུར་བའོ། །རླུང་གི་ཚིག་དང་། རླུང་མེད་པའི་ཚིག་ནི་ནན་ཏན་གྱིས་དཀྲུགས་ནས་འབྱུང་བ་དང་། རྔུབ་པ་ལ་སོགས་པའི་ཁྱད་པར་དུ་འབྱེད་པ་ན་སྒྲའི་

མཚན་མ་ནི་རླུང་གི་ཚིག་སྟེ། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་སྟོང་པར་མཐོང་བ་དེའི་ཚེ་རླུང་གི་ཚིག་ནི་རླུང་མེད་པའི་ཚིག་ཏུ་འགྲུབ་པོ། །སའི་ཚིག་དང་། ས་མེད་པའི་ཚིག་ནི་སྣང་བ་དང་བཅས་པའི་རྣལ་འབྱོར་ལ་སའི་ཚིག་སྟེ། སེམས་མེད་ཅིང་སྣང་བ་མེད་པ་མི་གཉིས་པའི་དོན་

དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་གཉིས་ཀྱི་རྣམ་པའི་ས་ཐམས་ཅད་ཀྱི་ཚིག་ནི་ཤེས་རབ་ཀྱིས་དཔྱད་པས་སྟོང་པར་མཐོང་སྟེ། སྣང་བ་མེད་པ་ལ་རིམ་ཅི་ཡོད་ཅེས་བྱ་བའོ། །བསམ་པའི་ཚིག་དང་། །བསམ་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་

เล่ม ๑๒๑ · หน้า 56b

བསམ་པ་འཇུག་སྟེ། ཤེས་རབ་ཀྱིས་དཔྱད་པ་ན་གང་གི་ཚེ་ཤེས་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་བསམ་པའི་ཚིག་ནི་བསམ་པ་མེད་པའི་ཚིག་སྟེ། གཉིས་སུ་མེད་ཅིང་བསམ་དུ་མེད་པ་སྣང་བ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་གནས་སོ། །གདགས་པའི་

ཚིག་དང་། གདགས་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པར་འདོགས་པར་བྱེད་དེ། གང་མི་གཉིས་པ་དང་སེམས་པ་མེད་པ་དང་། སྣང་བ་མེད་པ་དེར་འདོགས་པར་མི་འཇུག་གོ། །རང་བཞིན་གྱི་ཚིག་དང་།

རང་བཞིན་གྱི་མེད་པའི་ཚིག་ནི་གང་ལ་འཛིན་པ་དང་། གཟུང་བའི་དངོས་པོ་དང་། བརྗོད་པ་དང་། རྗོད་པའི་རྣམ་པས་དངོས་པོར་བསྡོམ་པར་བྱ་བ་དེ་ནི་རང་བཞིན་གྱི་ཚིག་གོ། །ཤེས་རབ་ཀྱིས་དཔྱད་ན་གང་གི་ཚེ་ན་དམིགས་པར་བྱ་བ་ཅུང་ཟད་ལའང་མི་དམིགས་པ་དེའི་ཚེ་རང་

བཞིན་མེད་པ་མི་དམིགས་པའི་ཚིག་ཏུ་འགྱུར་རོ། །ཕུང་པོའི་ཚིག་དང་། ཕུང་པོ་མེད་པའི་ཚིག་ནི་འདུས་པ་ལས་ཕུང་པོར་འདུ་ཤེས་འཇུག་སྟེ། འབྱུང་བའི་སྒོ་དང་། རིགས་ཀྱི་དོན་རྣམས་སུ་ཕུང་པོ་དང་། །སྐྱེ་མཆེད་དང་། ཁམས་རྣམས་ཏེ། ཇི་སྲིད་དུ་གཉིས་ཀྱི་

རྣམ་པའི་རྣམ་པར་ཤེས་པ་ཡོད་པ་དེ་སྲིད་དུ་གཅིག་དང་དུ་མར་འདུས་པའི་འདུ་ཤེས་འཇུག་སྟེ། གང་གི་ཚེ་ཤེས་རབ་ཀྱིས་ཤེས་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་ཕུང་པོའི་ཚིག་ནི་ཕུང་པོ་མེད་པའི་ཚིག་ཏུ་ཆུད་པར་འགྱུར་རོ། །སེམས་ཅན་གྱི་ཚིག་དང་། སེམས་

ཅན་མེད་པའི་ཚིག་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་སེམས་ཅན་དུ་གདགས་པར་ཀུན་ཏུ་རྟོག་པ་སྟེ། གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །

ཞེས་བྱ་བ་དེའི་ཚེ་ཕྱིའི་དོན་མེད་པས་སེམས་ཅན་གྱི་ཚིག་ནི་སེམས་ཅན་མེད་པའི་ཚིག་ཏུ་ཤེས་རབ་ཀྱིས་ཤེས་སོ། །མུ་སྟེགས་ཅན་གྱིས་བརྟགས་པའི་སེམས་ཅན་དུ་ཀུན་བརྟགས་པ་ཡང་མ་སྐྱེས་པའི་ཕྱིར་དངོས་པོ་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །བློའི་ཚིག་དང་། བློ་

เล่ม ๑๒๑ · หน้า 57a

མེད་པའི་ཚིག་ཅེས་བྱ་བ་ལ། བློ་ནི་ཆུད་པར་བྱ་བ་ལ་འཇུག་པ་སྟེ། གང་གི་ཚེ་ན་ཆུད་པར་བྱ་བ་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་བློའི་ཚིག་ནི་བློ་མེད་པའི་མཆོག་ཏུ་འགྱུར་ཏེ། སྟོང་པ་གཉིས་སུ་མེད་ཅིང་གཉིས་ཀྱི་རྣམ་པ་དང་བྲལ་བ་དོན་དམ་པའི་བདེན་པ་

ཡང་དག་པར་རིག་པར་བྱའོ། །མྱ་ངན་ལས་འདས་པའི་ཚིག་དང་། མྱ་ངན་ལས་འདས་པ་མེད་པའི་ཚིག་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་ཞིང་། གཉིས་སུ་མེད་པ་ནི་དོན་དམ་པའི་མྱ་ངན་ལས་འདས་པའོ། །འཕགས་པ་ཉན་ཐོས་རྣམས་ཀྱིས་མི་

ཤེས་པ་དང་། ཉོན་མོངས་པ་དང་། ལས་ཀྱི་མྱ་ངན་ལས་འདས་པ་ནི་ཀུན་རྫོབ་ཙམ་མོ། །གང་དག་པ་དེར་ཡང་འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་མེད་པ་ནི། ཇི་ལྟར་དབུ་མ་ལས་འབྱུང་བ། །མྱ་ངན་འདའ་བར་རྣམ་རྟོག་མེད། །འཁོར་བ་བསམ་པ་མ་

ཡིན་ཏེ། །གང་འཁོར་མྱ་ངན་འདའ་བ་དེར། །སུ་ཞིག་རྣམ་པར་རྟོག་པར་བྱ། །ལེན་མེད་དང་ནི་མྱ་ངན་འདས། །མྱ་ངན་འདའ་བ་ང་ཡིར་འགྱུར། །དེ་ལྟར་གང་འཛིན་དེ་དག་ནི། །ལེན་པ་ལེན་མིན་འཛིན་པའོ། །མྱ་ངན་འདའ་བའི་མཐའ་གང་ཡིན། །འཁོར་བའི་

མཐའ་ཡང་གང་ཡིན་པ། །དེ་གཉིས་བར་ནི་ཆུང་ཟད་ཀྱང་། །ཤིན་ཏུ་ཕྲ་བ་ཡོད་མ་ཡིན། །གང་དག་ཡོད་པར་མཐོང་བ་དང་། །དངོས་པོ་རྣམས་ཀྱང་མེད་མཐོང་བ། །ལྟ་བ་ཉེ་བར་ཞི་བ་ནི། །བློ་ཆུང་དག་གིས་མི་མཐོང་ངོ་། །རྣམ་པར་རྟོག་མེད་སྣང་མེད་པ། །

སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་འཇིག་རྟེན་མགོན་པོ་དག །སངས་རྒྱས་བསྟན་པ་བདུད་རྩིའོ། །སྤྲོས་ལས་འདས་པ་མི་གཉིས་པ། །གང་དག་སངས་རྒྱས་སྤྲོས་པར་བྱེད། །དེ་དག་སྤྲོས་ཉམས་གླེན་པ་རྣམས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །སྟོང་

པ་ཞེས་པར་སྨྲ་བྱ་མིན། །མི་སྟོང་ཞེས་པར་འགྱུར་བ་མིན། །གཉིས་དང་མི་གཉིས་ཞེས་པ་ཡང་། །རྣམ་བཞི་ཞེ་ལ་ག་ལ་ཞིག །དེས་ན་མྱ་ངན་ལས་འདས་པའི་ཚིག་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ཉིད་མྱ་ངན་ལས་འདས་པ་

เล่ม ๑๒๑ · หน้า 57b

མེད་པའི་ཚིག་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པའི་ཡེ་ཤེས་ནི་མྱ་ངན་ལས་འདས་པའི་ཚིག་གོ། །འཁོར་བ་སྲེད་པ་དང་། མི་ཤེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་སྙེམས་པ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་མེད་པའི་

ཚིག་གོ། །ཤེས་བྱའི་ཚིག་དང་། ཤེས་བྱ་མེད་པའི་ཚིག་ནི་གཟུགས་ལ་སོགས་པར་ཤེས་པར་བྱ་སྟེ། གཟུགས་རྡུལ་ཕྲན་དུ་གཞིགས་པ་ན་རྡུལ་ཕྲ་མོའི་ཆ་མེད་པས་ཤེས་རབ་ཀྱིས་སྟོང་པར་མཐོང་སྟེ། ཤེས་བྱའི་ཚིག་དེ་ནི་ཤེས་བྱ་མེད་པའི་ཚིག་ཏུ་ཤེས་སོ། །མུ་སྟེགས་ཅན་གྱི་ཚིག་

དང་། མུ་སྟེགས་ཅན་མེད་པའི་ཚིག་ནི་ཇི་ལྟར་ཁྱད་པར་ཅན་གྱི་རྫས་དང་། ཡོན་ཏན་དང་། ལས་དང་སྤྱི་དང་། ཁྱད་པར་དང་། འབྲེལ་བ་དང་། ཚིག་གི་དོན་དྲུག་ཡོངས་སུ་ཤེས་པས་ཐར་པར་ཀུན་ཏུ་རྟོག་པ་དང་། བདག་རྟག་ཅིང་གཅིག་དང་དུ་མ་བར་རིག་སྔགས་ཀྱི་མཐར་སྨྲ་བ་དང་། ཞི་བ་དང་།

ནེ་ཡི་ཡ་ཡི་ཀ་དང་། གྲངས་ཅན་དང་། ཀྵ་པ་ན་ཀ་ལ་སོགས་པས་ཀུན་ཏུ་རྟོག་པས་སྔར་བཤད་པ་བཞིན་དུ་སྦྱར་བར་བྱའོ། །དེས་ན་རྟག་པ་དང་། བདག་མུ་སྟེགས་ཅན་གྱི་ཚིག་ནི་ཕྱིའི་དོན་དུ་རྟོག་པ་ལས་བྱུང་བ་སྟེ། ཤེས་རབ་ཀྱིས་དཔྱད་པ་ན་མུ་སྟེགས་ཅན་མེད་པའི་

ཚིག་ཏུ་འགྱུར་རོ། །ཁྲག་ཁྲུག་གི་ཚིག་དང་། ཁྲག་ཁྲུག་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། ཁྲག་ཁྲུག་ནི་འཁྲུལ་པ་སྟེ། འཁྲུལ་པ་ཡང་རྟག་པ་དང་། བདག་དང་། བདེ་བ་དང་། མཛེས་པ་དང་། གཙང་བར་སྒྲོ་འདོགས་པའི་ཕྱིན་ཅི་ལོག་སྟེ། མི་རྟག་པ་དང་། སྡུག་བསྔལ་

བ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྟོང་པའི་དངོས་པོ་རྣམས་ལ་ཤེས་རབ་ཀྱིས་དཔྱད་དེ། རྟག་པ་དང་། བདག་དང་། ཕྱིའི་དོན་བསལ་བས་ཁྲག་ཁྲུག་གི་ཚིག་ནི་ཁྲག་ཁྲུག་མ་ཡིན་པའི་ཚིག་ཏུ་འགྱུར་རོ། །སྒྱུ་མའི་ཚིག་དང་། སྒྱུ་མ་མེད་པའི་ཚིག་ནི་

གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ནི་སྒྱུ་མའི་ཚིག་གོ། །དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པ་ནི་སྒྱུ་མ་མེད་པའི་ཚིག་སྟེ། ཇི་ལྟར་རྡོ་རྗེ་གཅོད་པ་ལས་བྱུང་བ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ། །ཇི་ཙམ་དུ་མཚན་ཕུན་སུམ་

เล่ม ๑๒๑ · หน้า 58a

ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ནོ། །རྨི་ལམ་གྱི་ཚིག་དང་། རྨི་ལམ་མ་ཡིན་པའི་ཚིག་ནི་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པ་ལས་གཞན་པ་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ནི་རྨི་ལམ་གྱི་ཚིག་གོ། །

གཉིས་ཀྱི་རྣམ་པས་སྟོང་ཞིང་བསམ་དུ་མེད་པ་དང་། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པར་གྲུབ་པ་ནི་རྨི་ལམ་མ་ཡིན་པའི་ཚིག་གོ། །སྨིག་རྒྱུའི་ཚིག་དང་། སྨིག་རྒྱུ་མེད་པའི་ཚིག་ནི་བྱེད་པའི་སྣང་བ་ཙམ་གྱིས་ནོར་བའི་ཤེས་པའི་ཚིག་ནི་སྨིག་རྒྱུའི་ཚིག་གོ། །ཅིའི་ཕྱིར་ཞེ་ན།

རྣམ་པར་ཤེས་པ་ལས་འགྱུར་བ་གསལ་བ་སྣང་བ་དང་མཚུངས་པས་སོ། །ཇི་ལྟར་རྨི་ལམ་དུ་ཡང་མྱ་ངམ་གྱི་ཐང་ལ་སོགས་པ་ལ་ཆུར་ཤེས་པ་གདོན་མི་ཟ་བར་འགྱུར་བ་དེ་བཞིན་དུ་རྨི་ལམ་མེད་པའི་དུས་ན་ཡང་ཕྱིའི་དོན་མེད་པར་མྱ་ངམ་གྱི་སྨིག་རྒྱུ་ལ་སོགས་པ་ལ་ཆུར་སྒྲོ་འདོགས་པར་བྱེད་དེ།

དེས་ན་སྨིག་རྒྱུའི་ཚིག་ནི་སྨིག་རྒྱུ་མེད་པའི་ཚིག་གོ། །གཟུགས་བརྙན་གྱི་ཚིག་དང་། གཟུགས་བརྙན་མེད་པའི་ཚིག་ནི་ཕྱིའི་དོན་མེད་པས་ན་བཞིན་གྱི་གཟུགས་ཉིད་མེད་ན། དེ་ལས་གཟུགས་བརྙན་དུ་གྱུར་པ་ལྟ་ག་ལ་ཞིག་སྟེ། རྨི་ལམ་དུ་རྨི་ལམ་གཞན་པ་ལྟ་བུ་བས་ན་

གཟུགས་བརྙན་གྱི་ཚིག་ནི་གཟུགས་བརྙན་མེད་པའི་ཚིག་ཏུ་འགྱུར་རོ། །ཡང་ན་གཟུགས་ནི་ལུས་ཏེ། ཕྱིའི་དོན་མེད་པའི་ཕྱིར་དེ་ཡང་གཟུགས་མེད་པའི་ཚིག་གོ། །འཁོར་ལོའི་ཚིག་དང་། འཁོར་ལོ་མེད་པའི་ཚིག་ནི་འགལ་བ་ཉིད་ཡོངས་སུ་མ་གྲུབ་པ་སྟེ། དེའི་ཚེ་དེའི་འབྲས་བུ་

གཟུགས་བརྙན་ནི་འཁོར་ལོ་མེད་པའི་ཚིག་གོ། །དྲི་ཟའི་ཚིག་དང་དྲི་ཟ་མ་ཡིན་པའི་ཚིག་ནི་དྲི་ཟའི་གྲོང་ཁྱེར་ཕྱིའི་རྣམ་པར་གྲུབ་པ་མེད་པས་ན་དེ་ལས་ལྷག་པའི་དགོས་པ་གྲུབ་པ་ལྟ་ཅི་སྨོས་ཏེ། དེས་ན་དྲི་ཟའི་ཚིག་ནི་དྲི་ཟ་མ་ཡིན་པའི་ཚིག་གོ། །ལྷའི་ཚིག་དང་། ལྷ་མ་ཡིན་པའི་

ཚིག་ནི་ཕྱིའི་དོན་མེད་པས་ན་ལྷའི་ཚིག་གནས་ནི་ལྷའི་ཚིག་མ་ཡིན་ནོ། །ཟས་སྐོམ་གྱི་ཚིག་དང་། ཟས་སྐོམ་མེད་པའི་ཚིག་ནི་རྨི་ལམ་གྱི་དུས་ན་ཡང་ཟས་དང་སྐོམ་བཟའ་བཏུང་བར་འགྱུར་ཏེ། ཕྱིའི་དོན་མེད་པས་ན་དེ་ཡོད་པའང་མ་ཡིན་ཏེ། དེ་བས་ན་ཟས་སྐོམ་གྱི་ཚིག་འདི་

เล่ม ๑๒๑ · หน้า 58b

ཟས་སྐོམ་མེད་པའི་ཚིག་གོ། །འཁྲིག་པའི་ཚིག་དང་། འཁྲིག་པ་མེད་པའི་ཚིག་ནི་ལུས་ཡོད་ན་ནི་འཁྲིག་པར་ཡང་འགྱུར་ན། ཇི་ལྟར་ལུས་ནི། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །དེ་ལྟ་བུར་ཕྱིའི་དོན་མེད་པས་ན། དེའི་ལུས་ཉིད་ལ་སྟོང་

པར་མཐོང་ན། དེའི་ཚེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པར་བསྒོམས་པས་འཁྲིག་པའི་ཚིག་ནི་འཁྲིག་པ་མ་ཡིན་པའི་ཚིག་ཏུ་ཁོང་དུ་ཆུད་པར་འགྱུར་རོ། །ལྟ་བའི་ཚིག་དང་། ལྟ་བ་མེད་པའི་ཚིག་ནི་གཟུགས་

ལ་སོགས་པར་ལྟ་བ་སྟེ། ཤེས་རབ་ཀྱིས་སྦོམ་པོ་དང་ཕྲ་མོ་རྣམ་པར་དབྱེ་བ་ན་ཁང་པ་དང་། སྡེ་དང་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་ཏེ། དེས་ན་ལྟ་བའི་ཚིག་ནི་ལྟ་བ་མེད་པའི་ཚིག་ཏུ་ཤེས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་མེད་པའི་ཚིག་ནི་

གཉིས་ཀྱི་རྣམ་པའི་ཤེས་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སུ་འགྱུར་བ་གང་གཞན་གྱི་དབང་གིས་གཉིས་ཀྱི་རྣམ་པར་ཤེས་པ་ཀུན་རྫོབ་ཀྱི་བདེན་པ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་གྲུབ་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལ་མི་

སྣང་ངོ་། །ཤེས་རབ་ཀྱིས་དཔྱོད་པ་ན་ཤེས་པར་བྱ་བ་མི་དམིགས་པའི་རྣལ་འབྱོར་བསམ་དུ་མེད་པ། སྣང་བ་མེད་ཅིང་དོན་དམ་པའི་བདེན་པ་གཉིས་ཀྱི་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ལ་དགེ་བ་དང་མི་དགེ་བའི་

ཆོས་རྣམ་པ་གཉིས་པ་ཐམས་ཅད་མི་སྣང་ངོ་། །ཚུལ་ཁྲིམས་ཀྱི་ཚིག་དང་ཚུལ་ཁྲིམས་མེད་པའི་ཚིག་ནི་འདི་ནི་བྱ་བའོ། །འདི་ནི་མི་བྱའོ་ཞེས་བྱ་བ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་ཚུལ་ཁྲིམས་སུ་རྣམ་པར་རྟོག་པར་འགྱུར་གྱི། ཤེས་རབ་ཀྱིས་དཔྱད་པས་གཉིས་ཀྱི་

རྣམ་པ་ཐམས་ཅད་མ་སྐྱེས་པ་དང་། སྟོང་པ་དང་། སེམས་པ་དང་། བྲལ་བ་དང་། སྣང་བ་མེད་ཅིང་མི་གཉིས་པའི་ཚུལ་ཁྲིམས་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དངོས་པོ་མེད་པར་རྣམ་པར་མི་རྟོག་པར་མཐོང་སྟེ། དེས་ན་ཚུལ་ཁྲིམས་ཐམས་ཅད་དུ་རྣམ་པར་

เล่ม ๑๒๑ · หน้า 59a

རྟག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཚིག་ནི་ཚུལ་ཁྲིམས་མེད་པའི་ཚིག་ཏུ་འགྱུར་རོ། ཉི་ཟླ་དང་སྐར་མའི་ཚིག་དང་། ཉི་ཟླ་དང་སྐར་མ་མེད་པའི་ཚིག་ནི་བདག་དང་གཞན་གྱི་རྒྱུན་གྱི་དབང་དང་། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པས་དགེ་བ་དང་མི་

དགེ་བའི་ལས་ལས་གནས་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཞིང་། འཇིག་རྟེན་གྱི་མགོན་པོ་ལ་སོགས་པར་སྣང་བ་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་གཞན་གྱི་དབང་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་པས་ན་ཉི་ཟླ་དང་སྐར་མའི་ཚིག་ནི་དོན་དམ་པར་

སྟོང་པས་ཉི་ཟླ་དང་སྐར་མ་མེད་པའི་ཚིག་གོ། །བདེན་པའི་ཚིག་དང་། བདེན་པ་མེད་པའི་ཚིག་ནི་བདེན་པ་བཞིའི་ཤེས་པ་ཤེས་རབ་ཀྱིས་དཔྱད་པ་ན་ཐམས་ཅད་གཉིས་སུ་མེད་པར་རྟོགས་པར་འགྱུར་ཏེ། དེ་བས་ན་བདེན་པའི་ཚིག་ནི་བདེན་པ་མེད་པའི་ཚིག་གོ། །འབྲས་བུའི་ཚིག་

དང་། འབྲས་བུ་མེད་པའི་ཚིག་ནི་རྩེ་མོ་ཉི་ཤུར་འཕགས་པ་འཇིག་ཚོགས་ལ་ལྟ་བའི་རི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པ་སྟེ་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་འཐོབ་པོ་ཞེས་བྱའོ། །དེ་ལ་རྩེ་མོ་ཉི་ཤུ་ཞེས་པ་ནི་གཟུགས་བདག་གོ་བར་ཀུན་ཏུ་མཐོང་བ་དང་། བདག་གཟུགས་ཅན་པ་

དང་། བདག་གི་གཟུགས་དང་། བདག་ལ་གཟུགས་ཞེས་པར་མཐོང་བ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་རྣམས་ལ་ཡང་སྦྱར་བར་བྱའོ། །རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པའི་ཤེས་པ་ཐམས་ཅད་ནི་སྟོང་པ་ཡིན་ཏེ། ཇི་ལྟར་འདིར་གཟུང་

བ་དགྲ་བཅོམ་པ་ནི་སེམས་ཀྱི་འཁྲུལ་བ་ཞེས་བྱའོ། །ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། རབ་འབྱོར་བདག་གིས་དགྲ་བཅོམ་པ་ཐོབ་པོ་ཞེས་པ་དགྲ་བཅོམ་པ་ལ་ཅི་སྟེ་སྙམ་དུ་འགྱུར་རམ་བཅོམ་ལྡན་འདས་མ་ལགས་སོ། །དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་

མཆིས་སོ་ཞེས་ཏེ། དེ་དེ་ལྟར་ན་ཤེས་རབ་ཀྱིས་དཔྱད་པས་གང་ཟག་ལ་བདག་མེད་པ་གཉིས་ཀྱི་རྣམ་པའི་ཡེ་ཤེས་ཀྱང་སྟོང་པར་འགྱུར་ཏེ། ཆོས་ལ་བདག་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด