འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๒ · หน้า 29b
སྐུ་ནམ་མཁའ་ལྟ་བུ་ལ་ཡེ་ཤེས་ཆེན་པོའི་སྤྲིན་ལྟ་བུས་ཁྱབ་པར་འགེངས་པའི་ཕྱིར་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་ཀྱང་གསུངས་སོ། །ཡང་དེ་ཉིད་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་གནོན་ཏོ་ཞེས་བྱ་བ་ནས། གོ་རིམས་བཞིན་དུ་ས་བཅུ་པའི་བར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐབས་ལ་མཁས་པ་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ་ཞེས་གསུངས་ཏེ། དེ་རྣམས་ཀྱང་སོ་སོ་ལ་གཙོ་ཆེར་ལྡན་པ་ཡིན་ཏེ། མདོ་སྡེ་གཞན་
དག་ལས། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་ནི་གཙོ་བོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་སྟེ། ལྷག་མ་རྣམས་ཀྱང་ཅི་ནུས་ཅི་ཚུལ་གྱིས་མི་སྒྲུབ་པ་མ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པས་སོ། །གཞན་ཡང་འཕགས་པ་གསེར་འོད་དམ་པ་ལས། བྱང་ཆུབ་སེམས་
དཔའི་ས་དང་པོའི་སྔ་ལྟས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ་། །ས་གཉིས་པའི་སྔ་ལྟས་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ། རིན་པོ་ཆེ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ་། །ས་གསུམ་པའི་སྔ་ལྟས་ནི་བདག་ཉིད་དཔའ་ཞིང་ལག་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །ས་བཞི་པའི་སྔ་ལྟས་ནི་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་
སའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་དུ་འཐོར་བར་མཐོང་ངོ་། །ས་ལྔ་པའི་སྔ་ལྟས་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་། །ས་དྲུག་པའི་སྔ་ལྟས་ནི་རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་
གྱི་བྱེ་མ་བརྡལ་བ་རྙོག་པ་མེད་ཅིང་དངས་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་མེ་ཏོག་ཨུཏྤ་ལ་དང་ཀུ་མུ་ཏ་དང་པད་མ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པ་མཐོང་ངོ་། །ས་བདུན་པའི་སྔ་ལྟས་ནི་ཕྱོགས་གཡས་
เล่ม ๑๒๒ · หน้า 30a
གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ནས་བདག་ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པ་མཐོང་ངོ་། །ས་བརྒྱད་པའི་སྔ་ལྟས་ནི་ཕྲག་པ་གཉིས་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་
ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པ་མཐོང་ངོ་། །ས་དགུ་པའི་སྔ་ལྟས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མཐོང་སྟེ། སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ལ། མགོ་བོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་
འཛིན་པ་མཐོང་ངོ་། །ས་བཅུ་པའི་སྔ་ལྟས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་
ཡང་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུགས་དེ་དག་ནི་རྣམ་པར་དག་པ་བཞི་དང་། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ས་དང་པོ་ནི་བསམ་
པ་རྣམ་པར་དག་པས་བསྡུས་པའོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་སོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་སོ། །ས་བཞི་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་ནི་ལྷག་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ་གྱ་ནོམ་
པས་ཀྱང་ཆེས་གྱ་ནོམ་པར་བསྡུས་པར་རིག་པར་བྱ་སྟེ། དེ་ལ་ཡང་མདོ་སྡེ་གཞན་དག་ལས། བཞི་པ་ལ་ནི་ཁྱད་པར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཤེས་པའི་ཤེས་རབ་དང་ལྡན་ལ། ལྔ་པ་ལ་ནི་ཁྱད་པར་དུ་བདེན་པ་བཞི་རྟོགས་པའི་ཤེས་རབ་བོ། །དྲུག་པ་
ལ་ནི་ཁྱད་པར་དུ་རྟེན་འབྲེལ་ཟབ་མོའི་དོན་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། བདུན་པ་ལ་ནི་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པ་དང་། བརྒྱད་པ་ཡན་ཆོད་ནི་མཚན་མ་མེད་ཅིང་རྩོལ་བ་ཡང་མེད་པའོ་ཞེས་གསུངས་ལ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་དོན་གྱི་
เล่ม ๑๒๒ · หน้า 30b
ཤུགས་ཀྱིས་དེ་ལྟར་བསྟན་པའོ། །དེ་ལ་ཡན་ལག་བཅུ་གཅིག་གང་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་མོས་པ་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམས་པའི་ཕྱིར་བཟོད་པས་ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་
སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་གོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤྱོད་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་
པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས་དེ་ལ་ཡན་ལག་དེས་ཡོངས་སུ་
མ་རྫོགས་པ་ཡིན་ཏེ། ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་གིས་དེ་ལ་མང་དུ་གནས་པར་བྱ་བ་དང་། སྙོམས་པར་འཇུག་
པའི་སྲེད་པ་དང་། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་
ཡང་བདེན་པ་རྣམས་རྣམ་པར་སྤྱད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་པར་ཕྱོགས་པའི་ཡིད་ལ་བྱེད་པ་ལྷག་པར་བཏང་སྙོམས་སུ་བཞག་སྟེ། ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་
པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་བྱས་ནས་དེ་ལས་སྐྱོ་བ་མང་བ་དང་།
เล่ม ๑๒๒ · หน้า 31a
མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བར་ཆད་
མེད་པ་དང་། རྒྱུན་མི་འཆད་པར་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་
ཡང་མཚན་མ་མེད་པར་གནས་པ་དེ་རྩོལ་བ་ལྷག་པར་བཏང་སྙོམས་སུ་བཞག་པ་དང་། མཚན་མ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་
དེས་ཡོངས་སུ་རྫོགས་པ་ཡིན་ཡང་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་། རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་
ཕྱིར་འབད་པས་དེ་ཡང་ཐོབ་པའོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་
ཕྱིར་འབད་པས་དེ་ཡང་ཐོབ་པོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཤེས་པ་དང་མཐོང་བ་ཐོབ་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་
སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་སྟེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པའི་ཕྱིར། །ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཡན་ལག་བཅུ་གཅིག་པོ་དེ་
เล่ม ๑๒๒ · หน้า 31b
དག་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་ཏེ། དེ་ལྟར་གསུངས་པའི་རིམ་པ་འདི་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་སའི་མཚན་ཉིད་ཀྱང་ཤེས་པར་བྱ་སྟེ། སྔར་བསྟན་པའི་ཡན་ལག་དེ་དང་དེ་དག་གིས་ཐོབ་ཅིང་རྫོགས་པར་བྱས་པ་ནི་ས་དེ་རྣམས་ཀྱི་
སོ་སོའི་མཚན་ཉིད་དོ། །གཞན་ཡང་སྔར་བསྟན་པ་ལྟར་ས་སོ་སོའི་མི་མཐུན་པའི་ཕྱོགས་དེ་དང་དེ་དག་སྤངས་པས་ཐོབ་པའི་ཡེ་ཤེས་ནི། ས་དེ་རྣམས་ཀྱི་སོ་སོའི་མཚན་ཉིད་དོ། །གཞན་ཡང་ཡོངས་སུ་སྦྱོང་བའི་ཁྱད་པར་དེ་རྣམས་དང་ལྡན་པ་དང་། སོ་སོའི་ངེས་པའི་ཚིག་ལ་སོགས་པས་
ཀྱང་ཉེ་བར་མཚོན་ཏེ། མཚན་ཉིད་རྟོགས་པར་བྱའོ། །འདིར་ཇི་ལྟར་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ནི་མངོན་སུམ་ཡིན་ནོ་ཞེས་རང་གི་ངོ་བོའི་སྒོ་ནས་མཚན་ཉིད་རྣམ་པར་འཇོག་པ་ལྟ་བུར་ནི་གཞག་པར་མ་ནུས་ཏེ། ཡེ་ཤེས་ཀྱི་རྒྱུན་རྒྱུད་གཅིག་ཉིད་ཡིན་པའི་ཕྱིར་རོ། །འདིར་བྱང་
ཆུབ་སེམས་དཔའི་ཚོགས་དང་མོས་པ་སྤྱོད་པའི་ས་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཐར་པའི་ཆ་དང་མཐུན་པའི་དགེ་བས་བསྡུས་པ། ཐོས་པ་དང་བསམ་པའི་ཤེས་རབ་གཙོ་བོར་གྱུར་པ་ནི་ཚོགས་ཀྱི་ས་ཡིན་ལ། དེ་ཉིད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་
འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བའི་ཤེས་རབ་གཙོ་བོར་གྱུར་པ་ནི་མོས་པ་སྤྱོད་པའི་སའོ། །འདིའི་སྤྲོས་པ་ཞིབ་ཏུ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་དག་ལས་ཤེས་པར་བྱའོ། །གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་། ཁམས་
གསུམ་གྱི་སའི་རྣམ་པར་གཞག་པ་ཡང་གསུང་རབ་ཀྱི་ཕྱོགས་གཞན་ལས་ཤེས་པར་བྱ་སྟེ། འདིར་གཞུང་མངས་ཀྱིས་དོགས་པས་མི་བྲིའོ། །བྱང་ཆུབ་སེམས་དཔའི་སའི་རྣམ་པར་གཞག་པ་ཡང་ཞིབ་ཏུ་ནི་འཕགས་པ་ས་བཅུ་པ་ལས་ཤེས་པར་བྱའོ། །འདིར་ཡང་སྐབས་ཀྱི་
དོན་ནི་བྱང་ཆུབ་སེམས་དཔའི་ས་ཉིད་ཡིན་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་བདེ་བ་ནི་བསམ་གཏན་བཞི་པས་བསྡུས་པ་ཟག་པ་མེད་པའི་བདེ་བ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་བསྡུ་བ་ལས། གཉེན་པོའི་སེམས་དང་། ཡིད་དུ་འོང་བའི་སེམས་དང་། ལས་སུ་
เล่ม ๑๒๒ · หน้า 32a
རུང་བའི་སེམས་དང་། འོད་གསལ་བའི་སེམས་དང་། དྲང་བའི་སེམས་སོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པར་དཔྱོད་ཅིང་ཞེས་པ་ནི་རྗེས་ཀྱི་གནས་སྐབས་ན་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་འཇལ་བའོ། །ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ནི་ཡོངས་
སུ་བཟུང་ཞེས་པ་ལ། དེའི་དོན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཏིང་ངེ་འཛིན་གྱི་སྣང་བ་ཡིན་པས་དེའི་བདག་ཉིད་ཡིན་ལ། དེས་སྔར་བསྟན་པ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། །གཞན་ཡང་སྲེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཞི་བའི་བདེ་
བ་ལས་ནི་རྣམ་པར་གནས་པ་སྟེ། རྗེས་ཀྱི་གནས་སྐབས་ན་ཡང་ངོ་། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཉེས་པ་ནི་མི་རྟག་པ་དང་མི་གཙང་བ་ལ་སོགས་པ་མཚན་མར་དམིགས་ཤིང་ཐབས་དམ་པ་དང་བྲལ་བའོ། །མི་གཡོ་བ་དང་ཞེས་པ་ལ་སོགས་པ་ནི་རྣམ་པར་
དག་པའི་ས་གསུམ་བསྟན་ཏོ། །རིན་པོ་ཆེའི་པད་མོ་ཞེས་པ་ལ་སོགས་པ་ས་བཅུ་པ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་ཚུལ་སྟོན་ཏོ། །དེ་དང་རྗེས་སུ་མཐུན་ཞེས་པ་ལ་སོགས་པ་དེ་ཉིད་རྒྱས་པར་སྟོན་པའོ། །དེའི་དོན་ཡང་བྱང་ཆུབ་སེམས་
དཔའ་བདག་ཉིད་ཀྱི་རྒྱུད་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་དེ་ལྟ་བུའི་རྣམ་པར་སྣང་བ་འབྱུང་བའོ། །བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་པ་ནི་དེ་འདྲ་བའི་རྒྱུ་དང་རང་བཞིན་ལ་སོགས་པ་ཉན་
ཐོས་ལ་སོགས་པ་དང་། ས་བདུན་པ་མན་ཆོད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །མངོན་པར་སྒྲུབ་པ་ལ་མཁས་པ་ཞེས་པ་དེ་ཉིད་ཀྱི་དོན་བཤད་པ་ནི། སྤྱོད་པའི་ས་ལ་གནས་པ་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་
ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ཏེ། བསམ་གཏན་བཞི་པས་ཐམས་ཅད་ཀྱིས་རུང་བར་བྱས་པ་འཕེལ་བ་རབ་ཀྱི་མཐར་ཐུག་པ་ཐོབ་ནས། དངོས་པོར་རྣམ་པར་རྟོག་པ་མེད་
เล่ม ๑๒๒ · หน้า 32b
པའི་ཡེ་ཤེས་ལ་གནས་ཤིང་ཀུན་རྫོབ་ཏུ་ཇི་ལྟར་སྟོན་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་སྟེ། དེ་ཉིད་སྤྱོད་པའི་ས་ལ་གནས་ཞེས་པས་སྟོན་ཏོ། །ཐབས་ལ་མཁས་པ་ནི་སྔ་མ་བཞིན་ནོ། །དེ་འདྲ་བའི་རྫུ་འཕྲུལ་གྱིས་ཞིང་ཐམས་ཅད་དུ་སོང་ཞིང་སངས་རྒྱས་མཆོད་པ་དང་། སེམས་
ཅན་སྨིན་པར་བྱས་ཤིང་དེ་རྣམས་ཀྱང་སེམས་སྣང་བའི་རང་བཞིན་ཙམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཚོགས་གཉིས་མཐར་ཐུག་པས་ཐོབ་པར་འགྱུར་ཞེས་པའོ། །རྣམ་པ་གཅིག་ཏུ་ན། བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཀྱི་གནས་སྐབས་སུ་འཁོར་གསུམ་སྒྱུ་མ་ལྟ་
བུར་རྟོགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་དེ་ཉིད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱས་པས་ཐོབ་པར་འགྱུར་ཞེས་པའོ། །དེ་ཡང་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་ཡོངས་སུ་བཟུང་བས་དངོས་པོར་མི་ཞེན་ཅིང་དེ་ལྟར་
སྤྱོད་པ་མི་འགལ་བའོ། །གཞན་ནི་ཤེས་པར་ཟད་དོ། །དེ་ནས་ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ཁྱད་པར་དུ་མཆོད་ཅིང་ཉན་པ་དང་མཐུན་པའི་སྤྱོད་ལམ་ཕུན་སུམ་ཚོགས་པ་སྟོན་ཏོ། །མེ་ཏོག་ཅེས་པ་ནི་སིལ་མའོ། །ཕྲེང་བ་ནི་དེ་ཉིད་སྲད་བུས་བསྡུས་པའམ། མུ་
ཏིག་ལ་སོགས་པའི་ཕྲེང་བའོ། །སྤོས་ནི་ཡོངས་སུ་གྱུར་པའམ་སྦྱར་བ་ལས་བྱུང་བའི་དྲིའོ། །བདུག་པ་ནི་དེ་ཉིད་བསྲེགས་པ་ལས་བྱུང་བའོ། །བྱུག་པ་ནི་དེ་ཉིད་ཆུ་དང་སྦྱར་བས་ལུས་སམ་གོས་ལ་བྱུགས་པའོ། །གཞན་ནི་ཤེས་པར་ཟད་དོ། །ལྷ་དང་ཞེས་པ་ལ་སོགས་
པ་ལ་འདིར་ལྷ་ནི་རྣམ་པ་གསུམ་ཡོད་དོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་དེ། དེ་ལ་མིང་གི་ལྷ་ནི་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །སྐྱེ་བའི་ལྷ་ནི་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ནས་སྲིད་པའི་རྩེ་མོའི་བར་གྱི་ལྷ་
རྣམས་སོ། །རྣམ་པར་དག་པའི་ལྷ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་རྣམས་སོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས། །ལྷ་ནི་རྣམ་པ་བཞི་ཡོད་དེ། མིང་གི་ལྷ་ནི་ཇི་ལྟར་ད་ལྟར་གྱི་མིའི་
เล่ม ๑๒๒ · หน้า 33a
རྒྱལ་པོ་ལ་ལྷ་ཞེས་བརྗོད་པ་ལྟ་བུའོ། །སྐྱེ་བའི་ལྷ་ནི་རྒྱལ་ཆེན་རིས་བཞི་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་ལྷ་རྣམས་སོ། །རྣམ་པར་དག་པའི་ལྷ་ནི་འདི་ལྟ་སྟེ། མིའི་གནས་འདིར་འཕགས་པ་རྣམས་འབྱུང་བ་གང་ཡིན་པའོ། །སྐྱེ་བ་ཡོངས་སུ་དག་པའི་
ལྷ་ནི་ཁམས་གསུམ་པའི་ལྷའི་ནང་ནས་འཕགས་པ་རྣམས་འབྱུང་བ་གང་ཡིན་པའོ་ཞེས་འབྱུང་ངོ་། །དེ་ལྟར་གསུམ་དང་རྣམ་པ་བཞི་བསྟན་པ་ལས། འདིར་ནི་མིང་དང་སྐྱེ་བའི་ལྷ་རྣམས་བཟུང་སྟེ། ཇི་སྐད་དུ་དམ་པའི་ཆོས་པད་མ་དཀར་པོའི་མདོ་ལས། །ང་ཡི་ཞིང་འདི་ཤིན་ཏུ་
བདེ། །ལྷ་རྣམས་ཀྱིས་ནི་རྟག་ཏུ་གང་། །ཞེས་གསུངས་པའི་ཕྱིར་རོ། །ཀླུ་ནི་རྣམ་པ་བཞི་སྟེ། ལྷའི་ཀླུ་ནི་ལྷའི་གཞལ་མེད་ཁང་རྣམས་འཛིན་ཅིང་མི་ལྟུང་བར་བྱེད་པའོ། །མིའི་ཀླུ་ནི་སྤྲིན་འབྱིན་ཅིང་ཆར་འབེབ་པའོ། །ཡུལ་གྱི་ཀླུ་ནི་ས་དང་རྒྱ་མཚོ་ཡོངས་སུ་འཛིན་པའོ། །
རྒྱལ་པོའི་ཀླུ་ནི་རྒྱལ་པོའི་རིན་པོ་ཆེའི་བང་མཛོད་བསྲུང་བའོ། །གནོད་སྦྱིན་ཞེས་བྱ་བ་ནི་ཁྲོ་གཏུམ་ཆེ་ཞིང་དཔའ་བ་འཇིགས་སུ་རུང་བ་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ས་ལ་གནས་པ་དང་། ནམ་མཁའ་ལ་གནས་པ་དང་། ལྷའི་ནང་ན་གནས་ཤིང་ལྷའི་
གཡོག་བྱེད་པའོ། །དྲི་ཟ་ཞེས་བྱ་བ་ནི་རོལ་མོ་བྱེད་པ་སྟེ། དྲིས་འཚོ་བའི་ཕྱིར་དྲི་ཟ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འདི་ནི་ལྷའི་རོལ་མོ་མཁན་ལྷ་རྣམས་ཀྱི་རྗེས་སུ་འབྲང་བ་སེམས་མཉེན་ཞིང་ངེས་པ་བསོད་ནམས་ལྷ་རྣམས་པས་ཆུང་བ་སྟེ།
རིན་པོ་ཆེ་སྣ་བདུན་གྱི་རིའི་བར་ན་གནས་པའོ། །དེ་ལ་མིའམ་ཅི་ཞེས་བྱ་བ་ནི་ལྷ་གླུ་ལ་མཁས་པ་སྟེ། དྲི་ཟ་རྣམས་དང་ལྷན་ཅིག་ཏུ་ལྷ་རྣམས་ཀྱི་གཡོག་བྱེད་དེ། ལྷ་རྣམས་གང་དུ་དགོས་པའི་ཚེ་རེས་ཀྱིས་ཕྱི་བཞིན་དུ་འགྲོ་བར་བྱེད། ཡང་ཐེ་ཚོམ་བསྐྱེད་པའི་ལྷ་ཞེས་
ཀྱང་བྱ་སྟེ། ལུས་དུད་འགྲོ་ཡིན་ལ་དབྱིབས་མི་འདྲ་ཞིང་བྱད་བཞིན་བཟང་བ་དང་། མགོ་བོ་ལ་རྭ་གཅིག་ཡོད་པས་མིས་མཐོང་བའི་ཚེ། ཐེ་ཚོམ་སྐྱེས་ནས་མི་ཡིན་ནམ་འདི་ཅི་ཞེས་དཔྱོད་པར་བྱེད་པས་དེ་ལྟར་བསྟན་པའོ། །གཞན་ཡང་དེ་མིའི་གཟུགས་སུ་བསྒྱུར་ནས་
เล่ม ๑๒๒ · หน้า 33b
ཆོས་ཉན་དུ་འོངས་པའི་ཕྱིར་མིའམ་ཅི་ཞེས་ཀྱང་བྱའོ། །ཡང་ཤཱ་རིའི་བུས་ཞུས་པའི་མདོ་ལས། ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཀྱང་མིའམ་ཅི་ཞེས་ཀྱང་གསུངས་སོ། །ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་ཆེན་པོ་སྟེ། རྐང་པ་མེད་པས་ལྟོས་འཕྱེ་ཞིང་འགྲོ་བའི་ཕྱིར་ལྟོ་འཕྱེ་ཞེས་
བྱའོ། །དེ་ཡང་ཕལ་ཆེར་ཀླུའི་རིགས་སུ་གཏོགས་པའོ། །སྲིན་པོ་ཡང་འདི་ཉིད་དུ་བསྟན་པ་འབོད་འགྲོགས་ལ་སོགས་པ་སྟེ། གནོད་སྦྱིན་གྱི་རིགས་སུ་གཏོགས་པའོ། །འཕགས་པ་མྱ་ངན་ལས་འདས་པ་ལས། ལྷ་ཞེས་བྱ་བ་ནི་མྱ་ངན་མེད་པ་སྟེ། རྟག་ཏུ་བདེ་བའི་ཕྱིར་ན་
ལྷ་ཞེས་བྱའོ། །དེ་ཡང་བདེ་བ་ཤས་ཆེ་བ་ལ་དགོངས་ཏེ་བསྟན་པའོ། །གཞན་ཡང་ལྷ་ཞེས་བྱ་བ་ནི་རང་གི་འོད་ཀྱིས་མུན་པ་བཅོམ་ནས་སྣང་བ་ཆེན་པོར་གྱུར་པའི་ཕྱིར་ལྷ་ཞེས་བྱའོ་ཞེས་པ་ལ་སོགས་པ་གསུངས་སོ། །མི་ཞེས་བྱ་བ་ནི་དོན་ལ་མང་དུ་སེམས་པའོ་ཞེས་བཤད་དེ། དེ་
ཉིད་བསྟན་བཅོས་དག་ལ་ཡིད་ཤས་ཆེ་བའི་དོན་གྱིས་ན་མིའོ་ཞེས་གསུངས་པའི་དོན་ཡིན་ནོ། གལ་ཏེ་འདིར་སྤྲུལ་པའི་མཆོད་པས་ནི་བདག་ཉིད་ཡིད་ཚིམ་པ་དང་། ཚོགས་ཡོངས་སུ་རྫོགས་པར་མི་འཐད་དེ། བརྫུན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཆོས་ཐམས་
ཅད་ཀྱང་དེ་དང་འདྲ་བ་ཉིད་ཡིན་ཞིང་། དེ་ལྟར་རང་ཉིད་ཀྱིས་རྟོགས་པ་དང་གཞན་ལ་ཡང་སྟོན་པས་སྒྲུབ་པའི་མཆོད་པ་ཉིད་དུ་ཡང་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་དངོས་སུ་དྲི་བའི་ཚིག་ཉེ་བར་འགོད་པའོ། །བསྟན་པ་བརྗོད་པ་ལས་ཀྱང་
འདི་ནི་ཞེས་པའི་དོན་གསུང་རབ་དག་ལས། བདག་གིས་དྲི་བའི་དོན་ཆོས་དང་ཆོས་མ་ཡིན་པ་གཉིས་པོ་འདི་དང་། འདི་གཉིས་མི་དམིགས་ཤིང་སྤང་བར་བྱ་བ་ཉིད་དུ་ཡང་བཤད་ཅེས་པའོ། །སྤྲུལ་པ་རྣམས་ཀྱིས་བསྟན་ཞེས་པ་ནི་དེ་གདུལ་བྱ་སྣ་ཚོགས་ཀྱི་བསམ་པ་དང་
བསྟུན་ནས་ཆོས་སྟོན་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་སྣ་ཚོགས་སུ་བཤད་པའོ། །ངོ་བོའི་དེ་བཞིན་གཤེགས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ནི་ཏིང་ངེ་འཛིན་གྱི་སྒོའི་སྤྱོད་ཡུལ་ཏེ། སོ་སོ་རང་
เล่ม ๑๒๒ · หน้า 34a
རིག་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་སྟེ། དེས་བདག་པོའི་རྐྱེན་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ལྟ་བུའི་རྟོགས་པ་འཆར་བའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གདུལ་བྱ་
ཁྱད་པར་ཅན་རྣམས་ལ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། གསུང་ཆོས་འཆད་པར་སྣང་བ་ན་དེས་རྐྱེན་བྱས་ཤིང་སྔོན་གོམས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོར་རང་རིག་གི་དོན་རྟོགས་པ་ཉིད་འཆར་གྱི། བརྗོད་པ་དང་འདྲེས་པར་སྣང་བའི་རྣམ་པར་རྟོག་
པའི་ཕྱོགས་སུ་ལྷུང་བ་ནི་མི་སྟོན་ཞེས་པའོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལང་ཀའི་བདག་པོ་ཆོས་གཉིས་པོ་སྨྲོས་ཤིག་ཅེས་པ་ནི་ལན་གྱི་དམིགས་ཤེས་པར་བྱ་བའི་དོན་དུ་འབོད་འགྲོགས་ལ་སླར་དྲིས་པའོ། །སྲིན་པོའི་
དབང་པོ་ཞེས་པ་ལ་སོགས་པས་ཡང་བསྣན་ཏེ་ཞུས་པའོ། །རྡོ་རྗེའི་མཆོག་ནི་རྡོ་རྗེ་རིན་པོ་ཆེའོ། །ཆོས་ཉིད་ཀྱང་སྤང་བར་བགྱི་ན་ཆོས་མ་མཆིས་པ་ལྟ་ཅི་སྨོས་ཞེས་པའི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། དེ་དག་མི་དམིགས་ཤིང་སྤང་བར་བྱ་བ་
ཉིད་དུ་གསུངས་པའི་ཆོས་དང་ཆོས་མ་ཡིན་པ་ནི་གང་ལགས། ཚུལ་ཇི་ལྟར་སྤང་བར་བྱ་བ་ཉིད་དུ་འགྱུར་ཞེས་པའོ། །རྟོག་པའི་མཚན་ཉིད་དུ་ལྷུང་བ་ནི་ཆོས་དང་ཆོས་མ་མཆིས་པ་རྟོག་པས་བརྟགས་པའི་མཚན་ཉིད་དེ། རྟོག་པ་ལས་གཞན་མ་ཡིན་ཞིང་དེ་ཉིད་ཡིན་པས་རྟོག་
པའི་མཚན་ཉིད་དུ་ལྷུང་ཞེས་པ་སྟེ། འདི་འདྲ་བའི་ཚིག་འོག་ནས་འབྱུང་བ་རྣམས་ཀྱང་འདི་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་གཟུགས་ཀྱི་ཕུང་པོ་དོན་གཞན་དུ་སྣང་ཡང་དེ་ལྟར་བདེན་པ་མ་ཡིན་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་མ་ལགས་པའོ། །དེ་ལྟ་ན་ཅིའི་ཕྱིར་དེ་
ལྟར་སྣང་ཞེ་ན། ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པའི་རླབས་ཉིད་དུ་མ་རིག་པས་དེ་འདྲ་བའི་ཁྱད་པར་གྱི་མཚན་ཉིད་མ་མཆིས་པ་སྐྲ་ཤད་འཛིངས་པའི་རང་བཞིན་དང་འདྲ་བར་གནས་པ། ཤེས་པ་འཁྲུལ་པའི་དྲི་མ་དང་བཅས་ཤིང་ཀུན་རྫོབ་ཏུ་ཟད་པར་འགྱུར་བའི་
เล่ม ๑๒๒ · หน้า 34b
ཡུལ་ཅན་ཞེས་པ་སྟེ། འཁྲུལ་པའི་སྣང་བ་དེ་ཉིད་ལ་འཁྲུལ་པའི་ཡུལ་དུ་གྱུར་པ་ཞེས་པའི་ཆོས་དང་ལྡན་པས་ཡུལ་ཅན་ཞེས་བྱའོ། །དེ་ལྟར་འཁྲུལ་པ་དང་འཁྲུལ་པའི་ཡུལ་ཏེ། ཐ་དད་པ་མ་ཡིན་ཞིང་གཅིག་པར་གྱུར་པ་དེ་རྣམས་ཇི་ལྟར་སྤོང་བར་འགྱུར་ཞེས་
པའོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ལན་རྒྱས་པར་སྟོན་ཏེ། དེ་ལས་རེ་ཞིག་ཤེས་པ་གཉིས་ལ་ལྟོས་ནས་ཆོས་དང་ཆོས་མ་མཆིས་པའི་དབྱེ་བ་འཐད་པ་དང་མི་འཐད་པ་ཉིད་དུ་སྟོན་ཏེ། དེའི་དོན་ཡང་བུམ་པ་ལ་སོགས་པའི་འདུས་བྱས་འཆགས་པའི་རང་
བཞིན་ཏེ། རགས་པའི་མི་རྟག་པ་དང་། སྐད་ཅིག་ཏུ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། དེ་ལྟར་མི་རྟག་པ་ཉིད་ཀྱི་ཕྱིར་དོན་དམ་པར་རང་བཞིན་མེད་པའོ། །དེའི་ཁྱབ་པའི་དོན་ནི་མི་རྟག་པ་ཡང་རྒྱུ་མེད་པ་ནི་མི་འཐད་ལ། རྒྱུ་དང་བཅས་པ་ལ་ཡང་སྐྱེ་བ་རྣམ་པ་བཞི་ལ་སོགས་
པས་ཁྱབ་ལ། དེ་ཡང་མི་འཐད་པ་ཉིད་དུ་འོག་ནས་སྟོན་པས་སོ། །དེ་ལྟར་རང་བཞིན་མེད་པ་ཡིན་ཡང་བྱིས་པ་རྣམས་ཀྱི་བློ་ལ་ཐ་དད་པར་སྣང་བ་བཞིན་དུ་སྤྱིར་ཆོས་དང་ཆོས་མ་མཆིས་པའི་དབྱེ་བ་ཡང་བྱིས་པའི་བློ་འཁྲུལ་པའི་དོན་ཇི་སྟེ་མེད་ཅེས་པའོ། །ཉེ་བར་བཟུང་ཞེས་པ་ནི་
རྣམ་རྟོག་ལ་བརྟེན་ཅིང་གནས་པའི་དོ་གང་ནའོ། །ཡང་དེ་ཉིད་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་དོན་ནི་ཡོད་པ་མ་ཡིན་ཞེས་པ་སྟེ། ཤེས་པར་ཟད་དོ། །ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་བྱིས་པའི་ཤེས་པའི་དོན་རྣམ་པར་དབྱེ་བ་ཡོད་པ་ཉིད་དཔེའི་སྒོ་
ནས་རྒྱས་པར་སྟོན་པའོ། །དེའི་དོན་ནི། བུམ་པ་དང་སྣམ་བུ་ལ་སོགས་པ་རྒྱུ་རྐྱེན་ཕན་ཚུན་ཐ་དད་པ་ལས་བྱུང་བའི་དངོས་པོ་རྣམས་ནི་བྱིས་པའི་ཤེས་པའི་སྣང་དོན་ཐ་དད་པ་ཡིན་གྱི། ཡེ་ཤེས་ཀྱི་དོན་ཐ་དད་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཉིད་དུ་རང་བཞིན་གཅིག་ཅིང་།
མེ་ལྕེ་འབར་བའི་ཉེ་བར་ལེན་པའི་རྒྱུ་སྔ་མ་རང་བཞིན་མཚུངས་པ་གཅིག་ལས་བྱུང་བའི་མེ་ལྕེའི་འོད་ཕྱི་མ་རྣམས་ལྷན་ཅིག་བྱེད་པའི་རྐྱེན་ཁྱིམ་དང་གནས་ལ་སོགས་པའི་ཤིང་གི་བྱེ་བྲག་ཐ་དད་པས་འོད་རིང་བ་དང་ཐུང་བ་དང་གསལ་མི་གསལ་ལ་སོགས་པའི་བྱེ་བྲག་ཏུ་སྣང་བ་དེ་བཞིན་
เล่ม ๑๒๒ · หน้า 35a
དུ་འདི་ལ་ཡང་ཞེས་པ་བྱིས་པའི་ཤེས་པའི་སྣང་ངོ་འམ། ཤེས་བྱ་ཀུན་རྫོབ་པ་འདི་ལ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་པར་ཅིའི་ཕྱིར་མི་བཟུང་ཞེས་བྱའོ། །དེ་ལ་ཁྱིམ་ནི་ཐ་མལ་པ་རྣམས་ཀྱིའོ། །གནས་ནི་དགེ་འདུན་ལ་སོགས་
པའིའོ། །ཁང་པ་ནི་རྒྱལ་པོའམ་ཁྱིམ་བདག་འབྱོར་པ་ཅན་རྣམས་ཀྱིའོ། །དེ་ལྟར་རྒྱུ་འདྲ་ཡང་རྐྱེན་གྱི་བྱེ་བྲག་གིས་དུས་གཅིག་ཏུ་འབྲས་བུའི་བྱེ་བྲག་ཐ་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ས་དང་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གཅིག་ལས་བྱུང་བའི་འབྲས་བུའི་རྒྱུན་རྒྱུད་འགའ་
ཞིག་ཀྱང་སྔ་ཕྱིའི་རྣམ་པ་ཐ་དད་པར་དམིགས་ཤིང་། དེ་བཞིན་དུ་ཕྱི་ནང་གི་ཆོས་སྐྱེ་བའི་ཆོས་ཅན་ཏེ། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་འོ་མ་ལས་ཞོ་ལ་སོགས་པ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ཕུང་པོ་དང་
ཁམས་དང་སྐྱེ་མཆེད་དུ་གཏོགས་པ་ཐམས་ཅད་དང་། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེ་བའི་ཁྱད་པར་ཏེ། འགའ་ཞིག་ནི་ཟག་པ་དང་བཅས་པ་འདོད་པའི་ཡོན་ཏན་གྱི་བདེ་བ་ཡིན་ལ། འགའ་ཞིག་ནི་བསམ་གཏན་དང་པོ་
ལ་སོགས་པས་བསྡུས་པའི་བདེ་བ་ཡིན་ཞིང་འགའ་ཞིག་ནི་ཟག་པ་མེད་པའི་བདེ་བར་འགྱུར་བའོ། །དབྱིབས་ནི་རིང་པོ་ལ་སོགས་པ་སྟེ་སེམས་ཅན་དང་སེམས་ཅན་མ་ཡིན་པ་མཐུན་པར་རྟོགས་པའོ། །དེ་བཞིན་དུ་རྗོད་པར་བྱེད་དེ། བརྗོད་པར་བྱ་བའི་ཁྱད་པར་ཐ་དད་དེ། འོག་ནས་དོན་རྗོད་
པར་བྱེད་པའི་བྱེ་བྲག་སྣ་ཚོགས་སྟོན་པར་འགྱུར་བའོ། །ལྷ་ལ་སོགས་པའི་འགྲོ་བའི་ཁྱད་པར་ཡང་དེ་བཞིན་ཏེ་ཤེས་པར་ཟད་དོ། །གཞན་ཡང་དམིགས་པ་རྣམ་པར་རིག་པ་ཙམ་དུ་མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ཡུལ་ལ་མངོན་པར་འཛིན་པ་རབ་ཏུ་འཇུག་པའི་ཁྱད་པར་རབ་
དང་འབྲིང་དང་ཐ་མ་སྟེ། འགའ་ཞིག་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་གསལ་བ་དང་མྱུར་བ་ཉིད་དུ་འཇུག་ལ། གཞན་ནི་དེ་བས་ཞན་པ་དང་ཆེས་ཞན་པ་ཉིད་དུ་འཇུག་པའོ། །དེ་རྣམས་ནི་ཕལ་ཆེར་ཀུན་ནས་ཉོན་མོངས་པའི་ཁྱད་པར་ཐ་དད་པ་ཉིད་བསྟན་པ་ཡིན་ལ། རྣམ་པར་བྱང་
เล่ม ๑๒๒ · หน้า 35b
བའི་བྱེ་བྲག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་རྣལ་འབྱོར་སྒོམ་པ་རྣམས་ཀྱི་རྣལ་འབྱོར་གྱི་ལམ་ཡང་གོམས་པ་དང་དབང་པོ་ལ་སོགས་པའི་བྱེ་བྲག་གིས་གསལ་བར་སྣང་བ་རབ་དང་རབ་ཀྱི་མཐའ་ལ་སོགས་པར་སྣང་ན། བྱིས་པ་སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ་འཕྲལ་
དུ་རྟོག་ནས་སྒྲོ་བཏགས་པའམ། རྟོག་པ་སྔ་མའི་ས་བོན་ལས་བྱུང་བའོ། །ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་དོན་བསྡུས་ཏེ་བསྟན་པ་སྟེ། རྟོག་པའི་མཚན་ཉིད་མི་འདྲ་བས་དེའི་གཟུང་ཆ་ཡང་ཐ་དད་ཅེས་པའོ། །ལང་ཀའི་བདག་པོ་དེ་ལ་ཞེས་པ་ལ་སོགས་པས་ནི་ཆོས་
དང་ཆོས་མེད་པའི་རང་བཞིན་དང་། དེ་རྣམས་སྤོང་བའི་ཚུལ་རྒྱས་པར་བསྟན་པའོ། །རྒྱུ་ལས་ཡོན་ཏན་དང་རྫས་ཀྱིས་གཞི་བཙུགས་ཞེས་པ་ནི་མུ་སྟེགས་ཅན་རྣམས་ཀྱི་དབང་དུ་བྱས་ན་དབང་ཕྱུག་དང་རྡུལ་ཕྲ་རབ་ཀྱི་རྒྱུ་ལས་སྔར་བསྟན་པ་བཞིན་དུ་རྟག་པ་དང་མི་རྟག་པ་ལ་
སོགས་པའི་རྫས་དང་ཡོན་ཏན་ཉི་ཤུ་རྩ་བཞི་དང་། གཞན་ཡང་རྫས་ལ་བརྟེན་པའི་ལས་ལ་སོགས་པ་ཚིག་གི་དོན་དྲུག་བྱེ་བྲག་པས་བརྟག་པ་རྣམས་དང་། ཡང་ཡོན་ཏན་གསུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་དང་། དབང་ཕྱུག་ལ་སོགས་པ་རྣམ་འགྱུར་སྣ་ཚོགས་ཀྱི་རྒྱུར་
བརྟག་པ་དང་། དེ་ལས་རྣམ་པར་འགྱུར་བའི་རྫས་སྣ་ཚོགས་ཀྱི་རྒྱུར་བརྟག་པ་དང་། དེ་ལས་རྣམ་པར་འགྱུར་བའི་རྫས་སྣ་ཚོགས་སུ་གྲངས་ཅན་ལ་སོགས་པས་བརྟག་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་བྱས་ནས། ལས་དང་ཉོན་མོངས་པའི་རྒྱུ་ལས་ཕུང་
པོ་ལ་སོགས་པའི་རྫས་དང་། དེ་ལ་བརྟེན་པའི་འདོད་པའི་ཡོན་ཏན་དང་། གཞན་ཡང་རྣམ་པར་བྱང་བའི་རྒྱུ་ལམ་གྱི་བདེན་པ་ལས་འཕགས་པ་རྣམས་ཀྱི་ཡོན་ཏན་དང་། གང་ཟག་ལ་སོགས་པའི་རྫས་སུ་བཏགས་པས་གཞི་བཙུགས་ཞེས་པ་སྟེ། དེ་ལ་སོགས་པ་འདི་
དང་འདི་ལྟ་བུའི་རྣམ་པ་ཡིན་ནོ་ཡོད་དོ་ཞེས་སྒྲུབ་པའི་རྣམ་པ་ལྟ་བུ་བློའི་ངོ་ན་སྣང་བ་རྣམས་ནི་ཆོས་ཞེས་བྱའོ། །དེ་འདྲ་བར་མངོན་པར་ཞེན་པའམ་ཞེན་པའི་ཡུལ་ནི་གཉེན་པོ་དང་རིགས་པའི་སྟོབས་ཀྱིས་སྤང་བར་བྱ་བ་ཉིད་དེ། རང་གི་མཚན་ཉིད་བདེན་པ་ཉིད་དུ་སོ་སོར་རྣམ་པར་
เล่ม ๑๒๒ · หน้า 36a
བརྟག་པ་མི་བྱའོ། །གལ་ཏེ་དེ་ལྟ་ན་རྫ་མ་དང་བུམ་པ་ལ་སོགས་པ་རྟོག་པ་མེད་པའི་མངོན་སུམ་གྱི་ཚད་མ་ལ། ཕྱི་རོལ་ཐ་དད་པའི་རྣམ་པར་སྣང་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཐོག་མ་མེད་པ་ནས་རྟོག་པའི་བག་ཆགས་ཀྱིས་དཀྲུགས་ཤིང་བསླད་
པའི་སེམས་ཉིད་དེ་ལྟར་སྣང་བ་ན་ཐ་དད་ཀྱི་དངོས་པོར་ཞེན་པའོ། །ལུས་སུ་མ་གྲུབ་ཅེས་པ་ནི་ཕྱི་རོལ་ཐ་དད་པའི་ངོ་བོར་མ་གྲུབ་པའོ། །དེ་ཉིད་ཇི་ལྟར་སྤང་ཞེ་ན། མི་བདེན་པའི་དོན་བློས་བཞག་པ་དེ་ལྟ་བུར་ལྷག་མཐོང་ཞེས་པ་སྟེ། ཡང་དག་པའི་ཤེས་རབ་ཀྱིས་རབ་ཏུ་མཐོང་ཞིང་
གོམས་པས་སྤོང་བར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེ་འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ལམ་ནི་སྔར་བསྟན་པ་བཞིན་དུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་ཡིན་ལ། དེ་དག་ལས་ཀྱང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་ལམ་གྱི་གཙོ་བོ་ཡིན་ཏེ། འདིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་མ་རིག་པ་དངོས་པོར་མངོན་པར་ཞེན་པ་ཡིན་ཏེ། ཇི་སྐད་དུ། དངོས་པོར་མངོན་གཞན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་ཟད་འབྱུང་། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་
བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་གཞི། །ཞེས་པ་ལ་སོགས་པ་གསུངས་པས་སོ། །གཞན་ཡང་། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བའི་རྒྱུ། །སྐྱེ་བོ་གང་ལ་དེ་མེད་པ། །འདི་ཡི་སྐྱེ་བ་མི་འབྱུང་ངོ་། །ཞེས་གསུངས་ཏེ། སྡུག་བསྔལ་ལ་
བདེ་བར་ཕྱིན་ཅི་ལོག་པའི་མ་རིག་པ་དང་། བདེ་བ་ལ་མངོན་པར་འདོད་ཅིང་ཆགས་པའི་སྲེད་པ་ནི་འཁོར་བར་འཆིང་བར་བྱེད་ཅིང་སྡུག་བསྔལ་བསྐྱེད་པའི་རྒྱུ་ཉིད་དུ་གསུངས་ཏེ། སྦྲང་བུ་མེ་ལྕེའི་ཚོགས་ལ་མངོན་པར་རྒྱུག་པ་བཞིན་ནོ། །དེ་འདྲ་བའི་མ་རིག་པ་ལ་སོགས་པ་སྤོང་
བར་བྱེད་པ་ནི་ཡང་དག་པའི་ཤེས་རབ་ཡིན་གྱི་བྱམས་པ་ལ་སོགས་པ་ཐབས་ཀྱི་རྣམ་པའི་བློ་ནི་དེ་དང་འགལ་བ་མེད་པས་གཉེན་པོ་ཉིད་དུ་མི་འགྱུར་ཏེ། ཇི་སྐད་དུ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་ཀུན་དེ་ཡིས་ཚར་གཅོད་མིན། །སྟོང་ཉིད་ལྟ་བས་གྲོལ་འགྱུར་
เล่ม ๑๒๒ · หน้า 36b
གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པས་སོ། །གཞན་ཡང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་ཀྱང་གསུངས་སོ། །འཕགས་པ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་གྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་པོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་
སོ། །ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྤྱོད་པ་རྣམས་ནི་ཉེས་པ་ཐམས་ཅད་ཀྱི་ནང་ན་ལྕི་བ་བྱུང་དུ་ཟིན་ཀྱང་། ཤེས་རབ་ཀྱི་སྟོབས་ཀྱིས་རྡུལ་དུ་རློག་པར་བྱེད་དེ། དེའི་རྒྱུས་ལོག་པར་ལྟུང་བར་
འགྲོ་བར་ཡང་མི་འགྱུར་རོ། །བྱམས་པ་དཔེར་ན་མེའི་ཕུང་པོ་འབར་བ་ལ་ནི་ཤིང་གི་ཚོགས་ཆེན་པོ་བསྣན། ཇི་ལྟ་ཇི་ལྟར་བསྣན་པ་དེ་ལྟ་དེ་ལྟར་དེ་ཕྱིར་ཞིང་ཆེར་འབར་བར་འགྱུར་གྱི་མེ་ཤི་བར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པའི་ཤེས་
རབ་ཀྱི་མེ་འབར་བ་དེ་ལ་ནི་ཉོན་མོངས་པའི་ལེན་པ་ཇི་ལྟ་ཇི་ལྟར་བསྣན་པ་དེ་ལྟ་དེ་ལྟར་དེའི་ཤེས་རབ་ཀྱི་མེ་འབར་བར་འགྱུར་གྱི་ཤི་ཞིང་ཟད་པར་མི་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་རྣམས་ཀྱི་སྤྱོད་
པ་ནི། འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་རིག་པར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །དེའི་དོན་ཡང་ཤེས་རབ་ཀྱི་སྟོབས་དང་ལྡན་པ་རྣམས་ཀྱིས་རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ན། དེ་ཉིད་ཀྱི་རྐྱེན་གྱིས་དེའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་དུ་
རྟོགས་པས་ཉོན་མོངས་པ་དེ་ཉིད་ཞི་བར་བྱེད་པའོ། །དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིས་བསྟན་པ་ལས། ལྷའི་བུ་འདི་ལྟ་སྟེ་དཔེར་ན་སྦྲུལ་ཁ་གདུག་པའི་རིག་སྔགས་འདོན་པ་དེས་ན། སྦྲུལ་ཁ་གདུག་པའི་གདུག་པ་རབ་ཏུ་ཞི་བར་བྱེད་དོ། །ལྷའི་བུ་དེ་བཞིན་དུ།
เล่ม ๑๒๒ · หน้า 37a
གང་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ་ཤེས་པ་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པའི་རིགས་དེ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་
བུ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་མ་བྱུང་དངོས་པོ་མེད་པ་ལ། གང་ཀུན་དུ་རྟོག་པ་དེ་ནི་ཉོན་མོངས་པ་རྣམས་ཀྱི་རིགས་སོ་ཞེས་གསུངས་སོ། །གཞན་ཡང་། རང་བཞིན་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ནི་ལམ་གྱི་གཙོ་བོ་ཡིན་པར་སྐུའི་གསང་བ་བསྟན་པ་ལས་
ཀྱང་གསུངས་ཏེ། དེ་སྐད་དུ་ཡང་། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་གཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་རབ་ཏུ་འབྱུང་། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་
ཆོས་ནི་ཡོངས་འཛིན་ན། །དེ་བས་བསོད་ནམས་ཆེས་མང་ངོ་། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་ཡང་ཕྱིན་པར་འགྱུར་མ་ལགས། །དམ་པའི་ཆོས་ནི་འཛིན་པ་དང་། །བྱང་ཆུབ་སེམས་དཔའི་
བསོད་ནམས་དེས། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་རི་ལགས། །སྟོང་པ་ཉིད་ལ་འདིར་མོས་ན། །བྱང་ཆུབ་སེམས་ཀྱང་མི་གཏོང་དང་། །དམ་པའི་ཆོས་ནི་འཛིན་བགྱིད་པ། །འདི་ནི་བསོད་ནམས་སྡུད་པའོ། །ཞེས་གསུངས་སོ། །དེ་ལ་འདིར་ཤེས་རབ་
ཀྱི་དམིགས་པའི་ཡུལ་ལ་ལོག་པར་རྟོག་པ་དག་སྣང་བས་དེ་དག་རྣམ་པར་བཟློག་ཅིང་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པར་བྱ་བའི་ཡིན་ལ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་འཕགས་པའི་ཡེ་ཤེས་ཐོབ་པ་རྣམས་ཀྱིས་ནི། མངོན་སུམ་གྱི་ཚད་མ་ཉིད་ཀྱིས་གཏན་ལ་དབབ་
པར་ནུས་མོད་ཀྱི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཡང་དག་པའི་གསུང་རབ་ཐོས་པ་དང་། དེ་ལ་བརྟེན་ནས་དོན་ཇི་ལྟ་བ་བཞིན་དུ་འཇལ་བར་བྱེད་པ་རྗེས་སུ་དཔག་པའི་ཚད་མ་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་
เล่ม ๑๒๒ · หน้า 37b
གཏན་ལ་དབབ་པར་བྱ་སྟེ། ཇི་སྐད་དུ། དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་གསུངས་སོ། །ཤེས་རབ་ཀྱི་དམིགས་པའི་ཡུལ་ཡང་བདེན་པ་གཉིས་ཏེ། ཤེས་བྱ་ཐམས་ཅད་དེས་
བསྡུས་པའི་ཕྱིར་རོ། །དེ་ལ་འདིར་ཀུན་རྫོབ་ནི་དེའི་དམིགས་པའི་ཡུལ་དུ་མི་འཐད་དེ། འཕགས་པ་ག་ཡ་མགོ་རིའི་མདོ་ལས། ཐབས་ནི་ཆོས་ཐ་དད་པ་ཤེས་པའོ་ཞེས་གསུངས་པ་དང་། ཡང་སེམས་ཅན་གྱི་དབང་པོ་དང་སྤྱོད་པ་ལ་འཇུག་པ་ཤེས་པའོ་ཞེས་གསུངས་པས་ཀུན་རྫོབ་ཀྱི་
བདེན་པ་ནི་ཐབས་ཀྱི་ཡུལ་ཡིན་ལ། ཡང་ཤེས་རབ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པའོ། །ཤེས་རབ་ནི་སེམས་ཅན་དམིགས་སུ་མེད་པ་ཤེས་པའོ་ཞེས་གསུངས་པས་དེའི་ཡུལ་ནི་དོན་དམ་པའི་བདེན་པ་ཉིད་ཡིན་ནོ། །གཞན་ཡང་ས་བཅུའི་མགོན་པོ་ཆེན་པོས། དོན་དམ་ཤེས་
པའི་ཕྱིར་བཤད་དོ་ཞེས་ཤེས་རབ་ཀྱི་ངེས་པའི་ཚིག་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདིར་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཡིན་ལ། དེའི་དེ་བཞིན་ཉིད་ཀྱང་དོན་དམ་པར་འདུས་ཏེ། ཇི་སྐད་དུ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ།
དོན་དམ་པ་ཡང་གཞན་པ་ཉིད་ནི་མ་ཡིན་ཏེ། ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཤེས་རབ་ཀྱིས་ནི་ཀུན་རྫོབ་ལ་ཀུན་རྫོབ་ཉིད་དུ་ཤེས་ཏེ། དེ་ཉིད་དོན་དམ་པ་ཤེས་པ་ཡང་ཡིན་ནོ། །དེ་ལ་འདིར་ཤེས་པར་བྱ་བ་
ཕྱིའི་དོན་དགག་པ་དང་། སྣང་བ་སེམས་ཙམ་དུ་སྒྲུབ་པ་དང་། དོན་དམ་པར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དང་། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོའམ་རིགས་ཉིད་དུ་བསྟན་པ་དང་། རིགས་དེ་ཉིད་སྦྱོང་བར་བྱེད་པའི་ལམ་གྱི་རིམ་པ་དང་། སྦྱངས་པས་རྣམ་
པར་དག་པ་ཐོབ་པའི་ཚུལ། མདོའི་བརྗོད་བྱའི་དོན་རྣམ་པར་ཕྱེ་སྟེ་གོང་དུ་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ། །རེ་ཞིག་ཕྱིའི་དོན་དགག་པ་ནི་རྣམ་པ་ལྔའི་སྒོ་ནས་ཤེས་པར་བྱ་སྟེ། གཏན་ཚིགས་འཇུག་པའི་རྟེན་ཆོས་ཅན་དང་། རྟགས་ཀྱིས་དགག་པར་བྱ་བ་དང་། དེ་རྣམ་པར་
เล่ม ๑๒๒ · หน้า 38a
བཀག་པའི་བསྒྲུབ་བྱ་དང་། གཏན་ཚིགས་དང་། དཔེའི་ཚུལ་བསྟན་པའོ། །དེའི་དང་པོ་ལ་རྣམ་པ་གཉིས་ཏེ། ཕ་རོལ་པོས་བརྟགས་པ་ཉིད་ཆོས་ཅན་དུ་འཇོག་པ་དང་། སྣང་བ་ཙམ་ཆོས་ཅན་དུ་འཇོག་པའོ། །དེ་ལས་དང་པོ་ནི་རང་གི་རྒྱུད་གཏན་ཚིགས་
སྦྱོར་བའི་ཚེ་འཐད་པ་མ་ཡིན་ཏེ། བརྟགས་པ་ལ་དེ་ལྟར་བློས་མ་ཤེས་ན་ཆོས་ཅན་དུ་བཞག་པའི་ལྡོག་པ་དེ་ཉིད་ཚད་མས་མ་གྲུབ་པས་དེ་ལ་རྟེན་པའི་ཕྱོགས་ཀྱི་ཆོས་མ་གྲུབ་པར་འགྱུར་རོ། །ཇི་སྟེ་བརྟག་པ་ལ་བརྟགས་པ་ཉིད་དུ་ཤེས་ན། དེ་ནི་མི་བདེན་པའི་དོན་བློས་སྒྲོ་བཏགས་པ་ཡིན་
པས་དེ་ཉིད་ཀྱི་ཚེ། དགག་བྱ་ཁེགས་ཤིང་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རྟགས་ཀྱི་བྱེད་པ་དོན་མེད་པར་འགྱུར་བས་སོ། །འདིར་ཐལ་བའི་གཏན་ཚིགས་ཀྱིས་གཞན་གྱི་ཕྱོགས་འགོག་པ་ན་དེ་འདྲ་བ་ཆོས་ཅན་ཉིད་དུ་འཐད་དེ། གཞན་དག་གིས་ཕྱིའི་དོན་རྡུལ་ཕྲ་རབ་ཆ་ཤས་མེད་པ་དུ་མ་འདུས་པ་
ཉིད་དུ་ཁས་བླངས་པ་ན། སྔོན་གྱི་སློབ་དཔོན་དག་གིས། དྲུག་གིས་ཅིག་ཆར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་ཕ་རོལ་པོས་བརྟགས་ཤིང་ཁས་བླངས་པའི་རྡུལ་ཕྲ་རབ་དེ་ཉིད་ཆོས་ཅན་དུ་བཞག་ནས། དེ་དག་
ཉིད་ཀྱིས་ཁས་བླངས་པའི་གཏན་ཚིགས་ཀྱིས་གཅིག་པ་དང་བསགས་པ་ཉིད་འགོག་པ་སྟེ། ཇི་ལྟར་དབུས་ན་གནས་པའི་རྡུལ་ལ། ཕྱོགས་བཞི་དང་སྟེང་དང་འོག་ན་གནས་པའི་རྡུལ་གྱིས་སྦྱར་ཞིང་བལྟས་པ་ན། ཤར་ཕྱོགས་ཀྱི་རྡུལ་གྱིས་སྦྱར་བའམ། བལྟས་པའི་ཕྱོགས་དེ་
ཉིད་དུ་རྡུལ་གཞན་རྣམས་ཀྱིས་སྦྱར་ཞིང་བལྟས་པར་ཁས་ལེན་ན། ཤར་ཕྱོགས་ཀྱི་རྡུལ་དེ་ཉིད་ཀྱི་གོ་སར་ཐམས་ཅད་ཐིམ་པས། གང་དུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་ཞིང་། དེ་ཉིད་ཀྱི་ཕྱིར་བསགས་པ་མི་འཐད་ཅེས་པའོ། །འོན་ཏེ་རང་རང་གི་ཕྱོགས་སོ་སོར་སྦྱར་ཞིང་བལྟས་
ན། དབུས་ཀྱི་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་པ་སྟེ། བསམ་པར་ཤེས་པར་ཟད་དོ། །དེས་ན་རང་གི་རྒྱུད་ཀྱི་གཏན་ཚིགས་ཀྱིས། རང་ཉིད་དམ་གཞན་དག་ལ་དགག་པ་རྟོགས་པར་བྱེད་པ་ན། འདིར་ཆོས་ཅན་ནི་གཟུགས་ལ་སོགས་པ་ཕྱི་རོལ་ཆད་པའི་རྣམ་པར་རྒོལ་བ་དང་།
เล่ม ๑๒๒ · หน้า 38b
ཕྱིར་རྒོལ་བ་ལ་སོགས་པ་ལ་མཐུན་པར་སྣང་བ་ན་ཆོས་ཅན་ཏེ། སྣང་ཚོད་ཙམ་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པ་ཆོས་ཅན་མ་གྲུབ་པའི་ཉེས་པ་ལས་གྲོལ་བའོ། །དགག་བྱ་ནི་རྣམ་པར་རིག་པ་སྒྱུ་མ་ཙམ་དུ་སྨྲ་བའི་ལུགས་ཀྱིས་ཕྱི་རོལ་བདེན་པའི་དངོས་པོར་ཡོད་པ་
འགོག་པའོ། །འདིར་ལ་ལ་དག་བདེན་པའི་དངོས་པོར་ཡོད་པ་ནི་དགག་པར་མི་ནུས་སོ་སྙམ་དུ་སེམས་པ་ནི་མི་འཐད་དེ། འདི་ནི་རིགས་པའི་སྟོབས་ཀྱིས་དགག་པར་བྱ་བ་ཡིན་ལ། དེ་ཡང་དགག་པར་བྱ་བའི་ཡུལ་གྲུབ་པ་ཅིག་ནི་འགོག་པ་མ་ཡིན་ཏེ། ཚད་མ་དངོས་པོའི་ཕྱྭ་མཁན་
དངོས་པོ་འཆོས་བྱེད་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་དགག་བྱའི་དངོས་པོ་མ་གྲུབ་ན་འགེགས་པར་བྱེད་པའི་དོན་མེད་དོ་ཞེ་ན། མ་ཡིན་ཏེ། དགག་བྱའི་དངོས་པོ་མེད་པ་ལ་མེད་པ་ཉིད་དུ་རང་ངམ་གཞན་གྱིས་སྔར་མ་རྟོགས་པ་རྟོགས་པར་བྱེད་པ་ཙམ་ལ་བཀག་ཅེས་བྱའོ། །བྱེད་པའམ་
བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །འདིར་གཞན་དག་ཇི་ལྟར་སྣང་བའི་ཆོས་ཅན་ཉིད་དགག་པར་བྱ་བ་ཡིན་ཏེ། གཞན་དུ་ན་ཆོས་ཅན་གྱི་སྣང་བ་མི་ལྡོག་པས་མཚན་མ་ཟིལ་གྱིས་མི་གནོན་ཅིང་། དེའི་ཕྱིར་མཚན་མའི་འཆིང་བ་ལས་མི་གྲོལ་བ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་
ཞེས་འདོད་དོ། །འདི་ནི་མི་འཐད་དེ། ཆོས་ཅན་རིགས་པའི་སྟོབས་ཀྱིས་བཀག་ཅེས་ཀྱི་དེ་ཙམ་གྱིས་ཆོས་ཅན་དུ་སྣང་བ་ལྡོག་པ་ནི་མ་ཡིན་ཏེ། སྔ་མ་ལྟར་ཚད་མ་དངོས་པོའི་བྱེད་པ་པོར་འགྱུར་བའི་ཕྱིར་རོ། །གཞན་ཡང་དེ་སྐད་དུ་སྨྲ་བ་འདི་ནི་ཚད་མའི་འཇུག་པ་མི་ཤེས་པའི་རྣམ་པར་
འགྱུར་བ་ཉིད་དུ་གསལ་རབ་ཏུ་སྣང་བས་མཁས་པ་རྣམས་ཀྱིས་རྒྱང་བསྲིངས་ཏེ་སྤང་བར་བྱའོ། །གཞན་ཡང་ཆོས་ཅན་དུ་སྣང་བ་ཙམ་ནི་མཚན་མའི་འཆིང་བར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ཡང་རྗེས་ཐོབ་ཀྱི་སྣང་བ་དེ་འདྲ་བ་ཡོད་པར་གསུངས་པའི་ཕྱིར་རོ། །
གཞན་ཡང་སྣང་བ་ཙམ་གྱི་ཆོས་ཅན་འདི་ཉིད་མེད་ཅེས་འགོག་ན། མངོན་སུམ་གྱི་ཚད་མ་དང་འགལ་བར་འགྱུར་རོ། །གལ་ཏེ་ཐ་སྙད་པའི་མངོན་སུམ་གྱིས་གཟུགས་ལ་སོགས་པ་སྣང་ཚོད་དུ་ཡོད་པར་གྲུབ་པ་ནི་མི་འགོག་ལ་འདི་ཉིད་རིགས་པ་དམ་པའི་དོན་ཡོད་པ་འགོག་སྟེ།
เล่ม ๑๒๒ · หน้า 39a
དེ་ལས་བཟློག་པ་སྣང་བ་རིགས་པའི་ངོར་ཡོད་པ་ནི་ཐ་སྙད་ཀྱི་མངོན་སུམ་གྱིས་གྲུབ་པ་མ་ཡིན་ཏེ། སྐྱེ་བོ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ་ཞེ་ན། འདི་ནི་མི་འཐད་དེ། དེ་ལྟ་ན་སྣང་བ་འདིའི་རང་བཞིན་རིགས་པའི་ངོ་ན་ཡོད་པ་ཡིན་ནམ། འོན་
ཏེ་མ་ཡིན། སྔ་མ་ལྟར་ན་ཇི་ལྟར་ཡིན་ལུགས་ཚད་མས་དགག་པར་མི་ནུས་ཏེ། སྔར་བསྟན་པ་ལྟར་ཚད་མ་དངོས་པོའི་ཕྱྭ་མཁན་ཉིད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་ཕྱི་རོལ་དུ་སྣང་བའི་ཆོས་ཅན་དང་རིགས་པའི་ངོར་ཡོད་པ་གཉིས་ཕན་ཚུན་གཅིག་གི་བདག་ཉིད་གཅིག་
མ་ཡིན་པས། རིགས་ངོར་ཡོད་པ་བཀག་ཀྱང་སྣང་བ་བཀག་པར་མི་འགྱུར་ཏེ། ཇི་ལྟར་རྟ་བཀག་པས་གླང་པོ་བཀག་པར་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་མདོ་འདི་ཉིད་དུ་སྟོན་པར་འགྱུར་ཏེ། བློ་གྲོས་ཆེན་པོ་བ་ལང་གི་དངོས་པོ་ནི་རྟའི་བདག་ཉིད་མ་ཡིན། རྟའི་དངོས་པོ་
ནི་བ་ལང་གི་བདག་ཉིད་མ་ཡིན་ཏེ། དེ་གཉིས་ནི་རང་གི་མཚན་ཉིད་དུ་མེད་པ་ཡང་མ་ཡིན་ཏེ། དེ་གཉིས་རང་གི་མཚན་ཉིད་དུ་ཡོད་དོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མཚན་ཉིད་དུ་མེད་པ་ཡང་མ་ཡིན་ཏེ། དེ་དག་ནི་ཡོད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་སྟོང་
པ་ཉིད་དང་སྐྱེ་བ་མེད་པ་དང་ངོ་བོ་ཉིད་མེད་པ་ཡང་རིག་པར་བྱའོ་ཞེས་གསུངས་སོ། །དེའི་དོན་ཡང་ཆོས་ཐམས་ཅད་ནི་རང་རང་གི་ངོ་བོ་ལ་གནས་པས་རང་སེལ་བ་ནི་མ་ཡིན་ཏེ། དེས་ན་སྣང་བ་ཙམ་གྱི་ཆོས་ཅན་ཡང་རིགས་པའི་དོན་ཡོད་པ་བདེན་པའི་དངོས་པོས་སྟོང་ཡང་
སྣང་བ་ཙམ་གྱི་རང་བཞིན་མེད་པ་ནི་མ་ཡིན་ཏེ། ཇི་ལྟར་བ་ལང་རྟའི་དངོས་པོས་སྟོང་པ་ཡང་བ་ལང་གི་ངོ་བོར་མེད་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་འདིར་སྣང་བ་བཞིན་ཉིད་རིགས་པའི་ངོར་ཡོད་པ་བདེན་པའི་དངོས་པོ་བཀག་པ་ནི་སྣང་བ་བཀག་པ་ཡིན་ཏེ། བཀག་པ་སྣང་བ་
དང་འབྲེལ་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་བ་ལང་ཉིད་རྟའི་དངོས་པོར་ཡོད་པ་བཀག་པ་ཡང་བ་ལང་བཀག་པར་འགྱུར་ཏེ། བཀག་པ་བ་ལང་གི་དངོས་པོ་དང་འབྲེལ་བའི་ཕྱིར་རོ། །གལ་ཏེ་བ་ལང་དང་དེ་ཉིད་རྟའི་དངོས་པོར་ཡོད་པ་ནི་གཅིག་པ་མ་ཡིན་པས་རྟའི་དངོས་
เล่ม ๑๒๒ · หน้า 39b
པོར་ཡོད་པ་བཀག་ཀྱང་། བ་ལང་བཀག་པར་མི་འགྱུར་རོ་ཞེ་ན། དེ་ནི་སྔར་གྱི་དོན་ལ་ཡང་མཚུངས་སོ། །གཞན་ཡང་ཕ་རོལ་པོས་འདོད་པ་ལྟར་ན་སྒྲ་ལྟ་བུའི་ཆོས་ཅན་ལ། དེ་ཉིད་རྟག་པ་ཡིན་པ་བཀག་པས་ཀྱང་སྒྲ་བཀག་པར་འགྱུར་ཏེ། སྒྲ་ཉིད་རྟག་པ་མ་ཡིན་ཞེས་བཀག་པ་
སྒྲ་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་འདིར་སྒྲ་ལྟ་བུའི་ཆོས་ཅན་དེ་ཉིད་རྟག་པ་ཡིན་ན་ནི། ཇི་ལྟར་ཡིན་པ་བཞིན་དུ་ཚད་མས་དགག་པར་མི་ནུས་ལ། ཆོས་ཅན་དེ་རྟག་པའི་བདག་ཉིད་མིན་ན་སྒྲ་དང་རྟག་པ་གཉིས་ཕན་ཚུན་མི་གཅིག་པས་རྟག་པ་བཀག་པས་སྒྲ་བཀག་
པར་མི་འགྱུར་རོ་ཞེ་ན། སྐབས་ཀྱི་དོན་ཡང་དེ་དང་མཚུངས་པ་ཉིད་དུ་སྔར་བསྟན་ནོ། །གལ་ཏེ་དེ་ལྟ་ན་སྐབས་ཀྱི་དོན་འདི་ནི་ཕན་ཚུན་གཅིག་གིས་གཅིག་སྟོང་པ་མུ་སྟེགས་པ་རྣམས་ཀྱི་འདོད་པ་སྟེ། སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་དུ་འོག་ནས་སྟོན་པའི་དོན་དེ་ཉིད་དུ་འགྱུར་རོ་
ཞེ་ན། སྐྱོན་མེད་དེ། ཇི་ལྟར་སྣང་བའི་ཆོས་ཅན་དེ་ཉིད་ཕྱི་རོལ་བདེན་པའི་དངོས་པོའམ། དེ་ལས་གཞན་ཤེས་པ་ལ་སོགས་པའི་དངོས་པོར་ཡོད་པ་དང་། མེད་པ་ཉིད་དུ་བློའི་མདུན་དུ་བརྟགས་པའི་མཐའ་ཐམས་ཅད་རིམ་གྱིས་འགོག་པར་འགྱུར་བས། ཀུན་ནས་ཉོན་མོངས་པ་
ཐམས་ཅད་ཀྱི་ས་བོན་འགོག་ཅིང་། དེ་ཉིད་ཀྱིས་དེ་དག་ལྡོག་པར་འགྱུར་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ལམ་ཡིན་ལ། ཕྱི་རོལ་པ་ལ་སོགས་པས་འདོད་པའི་གཅིག་གིས་གཅིག་སྟོང་པ་ནི་དེ་ལྟར་མ་ཡིན་པས་མི་མཚུངས་པ་ཉིད་དུ་གསལ་
བར་སྣང་ངོ་། །འདིར་བདེན་པའི་དོན་གྱིས་སྟོང་པའི་སྣང་བ་ཙམ་དུ་གནས་ཤིང་དེ་ལྟར་ཤེས་པས་ནི། སུ་ཡང་འཆིང་བ་ཉིད་དུ་མི་འགྱུར་བའོ། །ཡང་གཞན་དག་སྣང་བ་ཙམ་གྱི་ཆོས་ཅན་འདི་ཉིད་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ་སྣང་ཚོད་དུ་ཡང་མེད་
ཅེས་འགོག་སྟེ། དེ་ལ་མངོན་སུམ་གྱིས་གནོད་པར་མི་འགྱུར་ཏེ། དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ་ཐ་སྙད་ཀྱི་མངོན་སུམ་གྱི་བྱེད་པ་མི་འཇུག་པའི་ཕྱིར་རོ། །དེའི་བྱེད་པ་མ་བརྟགས་ན་ཉམས་དགའ་བ་ཀུན་རྫོབ་ཙམ་དུ་འཇུག་པས། ཀུན་རྫོབ་
เล่ม ๑๒๒ · หน้า 40a
གཏན་ལ་འབེབས་པའི་སྐབས་སུ་སྣང་བ་ཙམ་གྱི་ཆོས་ཅན་མངོན་སུམ་གྱིས་གྲུབ་སྟེ། སྐབས་དེར་སྣང་བ་མེད་ཅེས་འགོག་པ་མ་ཡིན་པས་མངོན་སུམ་གྱི་གནོད་པ་མི་འབྱུང་ངོ་ཞེ་ན། དེ་ལ་ཡང་དཔྱད་པ་སྔ་མ་ཉིད་མཚུངས་ཏེ། ཇི་ལྟར་སྣང་བ་འདིའི་རང་བཞིན་དོན་དམ་
གཏན་ལ་འབེབས་པའི་སྐབས་སུ། སྣང་ཚོད་ཙམ་དུ་ཡོད་པ་ཡིན་ནམ་འོན་ཏེ་མ་ཡིན། སྔ་མ་ལྟར་ན་ཇི་ལྟར་ཡིན་པ་བཞིན་དུ་ཚད་མས་དགག་པར་མི་ནུས་ལ། ཕྱི་མ་ལྟར་ན་ཆོས་ཅན་དང་དགག་བྱ་གཉིས་མི་གཅིག་པས་དེ་འདྲ་བའི་དགག་བྱ་བཀག་ཀྱང་། ཕྱི་རོལ་ལྟ་བུར་
སྣང་བའི་ཆོས་ཅན་བཀག་པར་མི་འགྱུར་རོ། །གཞན་ཡང་ཆོས་ཅན་ཉིད་དགག་བྱ་ཡིན་ན་དགག་བྱ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་མི་མཐུན་པའི་ཕྱོགས་ཡིན་པས། དེ་ལ་གཏན་ཚིགས་ཡོད་ན་ནི་ཅི་རིགས་པར་འགལ་བའམ་མ་ངེས་པ་ཉིད་དུ་འགྱུར་ལ། དེ་ལ་གཏན་ཚིགས་
མེད་ན་ཡང་མ་གྲུབ་པ་ཉིད་ཀྱིས་ཉེ་བར་འགྱུར་བས་ནི་ཚངས་པས་ཀྱང་སྤང་བར་མི་ནུས་སོ། །དེས་ན་འདིར་གཟུགས་ལ་སོགས་པ་ཕྱི་རོལ་ལྟ་བུར་སྣང་བའི་ཆོས་ཅན་ལ་ཕྱི་རོལ་བདེན་པའི་དངོས་པོས་ཡོད་པ་བཀག་ཀྱང་། སྣང་བ་ཙམ་གྱི་རང་བཞིན་མ་འགགས་པས་སྒྱུ་མའི་གླང་
པོ་ལ་སོགས་པ་ལྟར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་པ་ནི། དགག་བྱ་བཀག་པའི་བསྒྲུབ་བྱ་སྟེ། རྣམ་པར་གཅད་པ་ཙམ་གྱི་མེད་དགག་ནི་མ་ཡིན་ཏེ། ཆོས་ཅན་དེའི་ཆོས་སུ་མི་འཐད་པའི་ཕྱིར་རོ། །ཚུལ་འདི་ཉིད་འོག་ནས་ཞིབ་ཏུ་བསྟན་པར་བྱའོ། །
དེ་ལྟར་ཡང་རིགས་པ་མཐར་ཐུག་གིས་གྲུབ་ཅིང་དེ་ལ་ཚད་མའི་གནོད་པ་གཞན་ཡང་མི་འབྱུང་བ་སྟེ། འོག་ནས་བསྟན་པར་བྱའོ། །དེ་ལྟར་སྒྲུབ་པར་བྱེད་པའི་གཏན་ཚིགས་ནི་མདོ་སྡེ་འདི་ཉིད་ལས་ཀྱང་དུ་མ་བསྟན་མོད་ཀྱི། རེ་ཞིག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས། གཟུགས་ནི་
རྡུལ་ཕྲན་གཞིག་པ་ན། །རྡུལ་ཕྲན་ཆ་ནི་ཡོད་མ་ཡིན། །ཡང་དག་ཏུ་ན་གཟུགས་མེད་ཀྱང་། །རྣམ་པར་ཤེས་པ་གཟུགས་ལྟར་སྣང་། །ཞེས་གསུངས་པ་དང་སྦྱར་རོ། །གལ་ཏེ་གཏན་ཚིགས་འདི་ནི་མ་གྲུབ་སྟེ། མུ་སྟེགས་བྱེ་བྲག་པ་རྣམས་ནི་གཟུགས་ལ་སོགས་པར་སྣང་བ་
เล่ม ๑๒๒ · หน้า 40b
རགས་པ་ཡན་ལག་ཅན་གྱི་རྫས་གཅིག་གི་བདག་ཉིད་ཡིན་ཏེ། དེ་ཡང་ཡན་ལག་དུ་མ་ལ་མངོན་པར་འདུ་བའི་སྒོ་ནས་འབྲེལ་ཅིང་ཁྱབ་པ་ཡན་ལག་གི་རྫས་ནི་གཅིག་ཡིན་ལ། ཡན་ལག་ནི་དུ་མ་ཡིན་པའི་ཕྱིར་རོ། །ཡང་རང་གི་སྡེ་བ་ཁ་ཅིག་གི་ལུགས་ཀྱིས་ཀྱང་འདུས་པ་རགས་པ་ནི་
དུ་མ་ཡིན་ལ། དུ་མ་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་སོ་སོ་བ་ནི་གཅིག་ཡིན་པར་འདོད་དོ། །གཞན་ཡང་གྲུབ་པའི་མཐས་བློ་མ་བསྒྱུར་བ་གང་དག་ཁང་བཟངས་གཅིག་དང་རི་གཅིག་ཅེས་པ་འམ་ཁང་བཟངས་དུ་མ་ཞེས་པ་ལ་སོགས་པར་རྣམ་པར་འཇོག་སྟེ། དེས་ན་གཏན་ཚིགས་འདི་མ་
གྲུབ་པོ་སྙམ་དུ་སེམས་ན་སྐྱོན་མེད་དེ། རེ་ཞིག་མཁས་པ་རྣམས་ཀྱི་དབང་དུ་བྱས་ན་རི་དང་ཁང་བཟངས་ལ་སོགས་པ་ཆ་སྣ་ཚོགས་སུ་སྣང་བའི་མངོན་སུམ་ཉིད་ཀྱིས་དེ་ཉིད་གཅིག་ཡིན་པས་ཁེགས་ཤིང་། གཅིག་པ་མ་གྲུབ་པ་དེ་འདྲ་བ་བསགས་པའི་དུ་མ་ཉིད་ཀྱང་
ཁེགས་ཏེ། དེས་ན་སྣང་བ་ཙམ་གྱི་རང་བཞིན་འདི་ཉིད་ལ་གཅིག་དང་དུ་མ་བྲལ་བར་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་གྲུབ་པོ། །གལ་ཏེ་ཆ་སྣ་ཚོགས་སུ་སྣང་བའི་མངོན་སུམ་འདི་ཉིད་དོན་དམ་པ་འཇལ་བར་བྱེད་པའི་རིགས་པ་མཐར་ཐུག་གཅིག་ཡིན་ནམ། འོན་ཏེ་ཐ་སྙད་པའི་
མངོན་སུམ་ཀུན་རྫོབ་འཇལ་བར་བྱེད་པ་ཡིན། དང་པོ་ལྟར་ན་དེ་འདྲ་བའི་རིགས་པ་མཐར་ཐུག་ལ་སྣ་ཚོགས་སུ་སྣང་བ་ནི་དེ་བཞིན་དུ་བདེན་པས་དུ་མ་དང་བྲལ་བ་ཉིད་དུ་མི་འགྲུབ་པོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཐ་སྙད་པའི་མངོན་སུམ་དོན་དམ་པའི་དེ་ཁོ་ན་ཉིད་ལ་འཁྲུལ་
བས། དེ་ལ་ཆ་སྣ་ཚོགས་སུ་སྣང་ཡང་དངོས་པོའི་རང་བཞིན་གཅིག་ཡིན་པས་གཅིག་དང་བྲལ་བ་ཉིད་དུ་མི་འགྲུབ་པོ་ཞེ་ན། སྐྱོན་མེད་དེ། ཆ་སྣ་ཚོགས་སུ་སྣང་བ་ཐ་སྙད་པའི་མངོན་སུམ་ཡིན་མོད་ཀྱི་དེ་ལ་དེ་ལྟར་སྣང་བ་བདེན་ན་ཡང་སྣང་བ་དང་མཐུན་པར་སྣ་ཚོགས་ཉིད་དུ་བདེན་
གྱི་སྣང་བ་སྣ་ཚོགས་སུ་སྣང་བ་ལ་བདེན་པ་དེ་ལས་གཞན་གྱི་དངོས་པོར་བདེན་པ་ནི་མི་འཐད་དེ། དེ་ལྟ་ན་ཤེས་པ་ཐམས་ཅད་ཀྱི་གཟུང་ཡུལ་བདེན་པ་ཉིད་དུ་འགྱུར་ཏེ། ནམ་མཁའ་ལ་ཟླ་བ་གཉིས་སུ་སྣང་བ་ཡང་གཉིས་སུ་སྣང་བ་ལས་གཞན་གཅིག་གི་དངོས་པོར་བདེན་པ་དང་།
เล่ม ๑๒๒ · หน้า 41a
སྨིག་རྒྱུ་ལ་ཆུར་སྣང་བ་ལ་སོགས་པ་ཡང་དེ་ལྟར་སྣང་བ་ལས་གཞན་སྨིག་རྒྱུ་ལ་སོགས་པ་དངོས་པོར་བདེན་པའི་ཕྱིར་རོ། །དེའི་ཕྱིར་གཟུང་ཡུལ་བདེན་པས་བློ་འཁྲུལ་པ་མི་སྲིད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདིར་ཟླ་བ་གཉིས་སུ་སྣང་བ་གཅིག་ཏུ་ནི་བདེན་
མོད་ཀྱི། དེ་ལྟ་ན་ཡང་སྣང་བ་དང་མཐུན་པར་བདེན་པ་མ་ཡིན་པས། དེ་ལྟར་སྣང་བའི་བློ་འཁྲུལ་བ་ཉིད་དུ་འཇོག་ལ། ཟླ་བ་གཅིག་ཏུ་སྣང་བ་ནི་སྣང་བ་དང་མཐུན་པར་གཅིག་ཉིད་དུ་བདེན་པས་བློ་མ་འཁྲུལ་པ་ཞེས་བྱའོ། །ཤེས་པའི་བྱེ་བྲག་གཞན་ཡང་དེ་བཞིན་དུ་ཤེས་
པར་བྱའོ་ཞེ་ན། མ་ཡིན་ཏེ། འདིར་སྣང་བ་དང་མི་མཐུན་པར་བདེན་ཞེས་པ་ནི་འགལ་བ་ཉིད་དུ་འགྱུར་ཏེ། འདི་ལྟར་ཟླ་བ་གཉིས་སུ་སྣང་བ་དེ་ཉིད་གཅིག་ཏུ་བདེན་ཞེས་པའི་དོན་ནི་གཉིས་སུ་སྣང་བ་དེའི་རང་བཞིན་གཅིག་ཉིད་ཡིན་ཞེས་པར་འགྱུར་ལ། གཉིས་སུ་སྣང་བ་
གཅིག་དང་མི་མཐུན་ཞེས་པའི་དོན་ནི་དེའི་རང་བཞིན་གཅིག་མ་ཡིན་ཞིང་རྣམ་པར་མི་མཐུན་པའོ། །དེས་ན་མི་མཐུན་པར་བདེན་པ་ཞེས་པ་ནི་དེའི་རང་བཞིན་མ་ཡིན་པ་ཡིན་ཞེས་པ་སྟེ། རང་གི་ཚིག་དང་འགལ་བར་འགྱུར་བའོ། །ཡང་ཐ་སྙད་པའི་མངོན་སུམ་ལ་ཆ་སྣ་ཚོགས་
སུ་སྣང་བ་དེ་ཁོ་ན་ཉིད་ཀྱི་དངོས་པོར་མེད་པ་ནི་མི་འགལ་ཏེ། དེ་ལྟ་ན་ཡང་གཅིག་གི་དངོས་པོར་བདེན་པ་འགལ་བས་ཕྱོགས་གཉིས་ལས་གང་ཡིན་ཡང་རུང་སྟེ་གཅིག་པའི་དངོས་པོར་ཡིན་པ་ནི་ཁེགས་པར་འགྱུར་བའོ། །ཡང་གལ་ཏེ་འདིར་ཆ་སྣ་ཚོགས་སུ་སྣང་བའི་མངོན་སུམ་
གྱི་སྣང་བ་དེ་ཉིད་གཅིག་ཡིན་པ་ཁེགས་ཀྱང་། སྣ་ཚོགས་དེ་རྣམས་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་གཅིག་པོ་དེ་འདྲ་བ་ཡོད་པ་ནི་མི་ཁེགས་ཏེ། ཇི་ལྟར་དུ་མར་སྣང་བའི་མངོན་སུམ་གྱི་སྣང་བ་དེ་ཉིད་མེ་ཡིན་པ་ཁེགས་ཀྱང་། དེ་སྐྱེད་པར་བྱེད་པའི་མེ་གཞན་ལ་རྒྱབ་ན་
ཡོད་པ་མི་ཁེགས་པ་དང་མཚུངས་སོ། །དེའི་ཕྱིར་དེ་དེ་འདྲ་བའི་གཅིག་པོ་དེས་བརྩམས་པའི་དུ་མར་སྣང་བ་འདི་ཡང་སྣང་བ་དང་མཐུན་པར་དུ་མ་ཉིད་ཡིན་པ་ཡང་མི་ཁེགས་སོ་ཞེ་ན། སྐྱོན་མེད་དེ། དེ་འདྲ་བའི་རྡུལ་ཕྲ་རབ་གཅིག་པོ་ནི་སྔར་བསྟན་པ་ལྟར་སྔོན་གྱི་སློབ་དཔོན་དག་
เล่ม ๑๒๒ · หน้า 41b
གིས་ཐལ་བར་གྱུར་པའི་གཏན་ཚིགས་ཀྱིས་དགག་པ་འམ། གཞན་ཡང་། བསགས་མི་རུང་ཕྱིར་རྡུལ་གཅིག་མིན། ཞེས་གསུངས་པ་ལྟར་རང་རྒྱུད་ཀྱི་གཏན་ཚིགས་ཀྱང་སྦྱར་བར་ནུས་ཏེ། རྡུལ་ཕྲ་རབ་འདུས་པར་སྣང་བ་ནི་ཆོས་ཅན་ཡིན་ལ། དེ་ཉིད་སྣང་བ་དང་མཐུན་པར་
གཅིག་གི་དངོས་པོར་བདེན་པ་མ་ཡིན་ཏེ། བདེན་ན་བསགས་པར་མི་རུང་བའི་ཕྱིར་ཞེས་པའོ། །ཁྱབ་པ་ལ་སོགས་པའི་དོན་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཡང་རྣམ་པ་གཞན་དུ་ན། རྡུལ་ཕྲ་རབ་ཏུ་སྣང་བ་ནི། གཅིག་གི་དངོས་པོར་བདེན་པ་མ་ཡིན་ཏེ།
བསགས་པར་སྣང་བའི་ཕྱིར་རོ་ཞེས་གཏན་ཚིགས་ལ་སོགས་པ་སྦྱར་བར་བྱ་སྟེ། གཞན་གྱི་སྒྲ་ལ་སོགས་པ་ལ་བརྟེན་ནས་དེ་འདྲ་བའི་དོན་ཁས་མི་ལེན་པ་རྣམས་ལ་ཡང་། དེ་ལྟར་སྣང་བ་འཆར་བ་ཉིད་དེ། ཇི་ལྟར་རྟག་པ་དང་གཙོ་བོ་ལ་སོགས་པ་སྣང་བ་འབྱུང་བ་བཞིན་
ནོ། །དེས་ན་འདིར་ཕྱོགས་ཆོས་ནི་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པར་ཟད་དོ། །ཁྱབ་པའི་དོན་ཡང་དེ་དག་བསགས་པར་སྣང་བའི་དོན་མེད་ཅི་མི་བདེན་ན་ནི། །གཅིག་གི་དངོས་པོར་འགལ་ལ། དེ་ལྟར་སྣང་བ་བདེན་ན་ཡང་། སྣང་བ་དང་མཐུན་པར་བསགས་
པའི་དངོས་པོ་ཉིད་དུ་བདེན་ཏེ། སྔར་བསྟན་པ་བཞིན་ནོ། །དེ་ཡང་གཅིག་པ་ཉིད་དང་འགལ་ཏེ། སྔར་གནས་པའི་རྡུལ་གང་ཞིག་ལ་རྡུལ་གཞན་དང་གཞན་གྱིས་སྦྱར་ཞིང་བསགས་པ་ན། བདག་ཉིད་ཐམས་ཅད་ཀྱིས་སྦྱར་ན་ནི་སྔ་མ་དེ་ཉིད་ལ་ཐིམ་ཞིང་ཡུལ་རྒྱས་པར་ཁེགས་
པ་མི་འཐད་པས་བསགས་པ་ཉིད་མི་འཐད་ལ། ཕྱོགས་ཀྱི་ཕྱོགས་གཅིག་གི་སྦྱར་ན། འབྱར་བ་དང་མ་འབྱར་བའི་ཆ་གཉིས་སུ་འགྱུར་བས་གཅིག་པ་ཉིད་འགལ་བའོ། །གལ་ཏེ་འདིར་རྡུལ་གཅིག་པ་ནི་ཁས་མི་ལེན་ཏེ། དེ་དག་ཀྱང་དུ་མ་ཉིད་འབའ་ཞིག་ཡིན་པས་རགས་
པ་རྩོམ་པར་བྱེད་པ་ནི་རྡུལ་དུ་མ་ཐུག་པ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་ཤིན་ཏུ་རགས་པའི་གཟུགས་རི་བོ་ལ་སོགས་པ་དང་། ཕྲ་བ་ཉི་ཟེར་གྱི་རྡུལ་ལྟ་བུ་ལ་དེ་དག་རྩོམ་པར་བྱེད་པའི་རྡུལ་མང་ཉུང་གི་ཁྱད་པར་མེད་དམ། འོན་ཏེ་ཡོད་ཅེས་བརྟག་པར་བྱའོ། །དང་པོ་
เล่ม ๑๒๒ · หน้า 42a
ལྟར་ན་དེས་བརྩམས་པའི་གཟུགས་ལ་ཆེ་ཆུང་མེད་པར་ཐལ་ཏེ་འབྲུའི་ཕུང་པོ་བཞིན་ནོ། །གཉིས་པ་ལྟར་ན་མང་བ་དང་ཉུང་བའི་མཐའ་ནི་གྲངས་ཀྱི་ཚད་ཀྱིས་བསྡུས་པས། ཉི་ཟེར་གྱི་རྡུལ་ནི་རྩོམ་པར་བྱེད་པའི་རྡུལ་གྲངས་བརྒྱ་ཆད་པ་འདི་སྙེད་ཅིག་ལས་མེད་དོ་ཞེས་ཁས་ལེན་དགོས་ལ། དེའི་
མཐའ་ནི་གཅིག་པ་ཉིད་དུ་ཁས་ལེན་དགོས་པ་སྟེ། མིག་ཚུམས་ལ་རྩེ་གཅིག་ཏུ་སོམས་ཤིག་ཅེས་པའོ། །གཞན་ཡང་ཤིན་ཏུ་ཕྲ་བའི་རྡུལ་ལ་ཡང་། །ལུས་ཅན་གྱི་དངོས་པོར་ཐོགས་པ་དང་བཅས་པ་ཚད་མེད་པ་ཉིད་དུ་ཁས་ལེན་པ་ནི། བློ་གྲོས་རགས་པའི་རྣམ་པར་འགྱུར་བ་འབའ་ཞིག་ཏུ་ཟད་
དོ། །གཞན་ཡང་བྱེ་བྲག་པས་ཡན་ལག་ཅན་གྱི་རྫས་གཅིག་ཏུ་འདོད་པ་ནི། གཡོ་བ་དང་མི་གཡོ་བ་ལ་སོགས་པའི་འགལ་བ་དུ་མའི་སྒོ་ནས་ཀྱང་། སྔོན་གྱི་སློབ་དཔོན་དག་གིས་བཀག་པས་འདིར་མི་སྤྲོའོ། །དེ་སྐད་དུ་གསུང་རབ་ཀྱི་ཕྱོགས་གཞན་ལས་ཀྱང་། ཆ་ཤས་སུ་ནི་རྣམ་ཕྱེ་ན། །
གཟུགས་ཞེས་བྱ་བ་ཡོད་མ་ཡིན། །ཆ་ཤས་དེ་ཡང་རྣམ་ཕྱེ་ན། །ཆ་ཞེས་བྱ་བའང་ཡོད་མ་ཡིན། །ཞེས་པ་ལ་སོགས་པས་གསུངས་སོ། །གཏན་ཚིགས་འདིའི་ཁྱབ་པ་ཡང་། །གཅིག་དང་དུ་མ་ནི་དངོས་པོས་བསྡུས་པའི་ཕྱོགས་ལ། རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཉིད་
ཡིན་ཏེ། གང་ཡང་རུང་བ་ཅིག་བཀག་པ་གཞན་གྲུབ་པ་ལ་རག་ལས་པའི་ཕྱིར། །རྟག་པ་དང་མི་རྟག་པ་ཉིད་བཞིན་ནོ། །དེས་ན་དངོས་པོ་ལ་གཅིག་དང་དུ་མས་ཁྱབ་ཅིང་། དེ་འདྲ་བའི་ཁྱབ་བྱེད་བཀག་པའི་ངོ་བོ་སྟེ། ཡང་དག་གི་གཅིག་དང་དུ་མ་དང་བྲལ་ཞིང་། ཐ་སྙད་དུ་གཅིག་དང་དུ་མར་སྣང་
བའི་ངོ་བོ་ལ། བདེན་པའི་དངོས་པོས་སྟོང་ཞིང་སྣང་བ་མ་འགགས་པ་སྒྱུ་མ་ལྟ་བུའི་རང་བཞིན་གྱིས་ཁྱབ་སྟེ། འདིའི་དོན་ཞིབ་ཏུ་ནི་དབུ་མ་སྣང་བའི་རྣམ་པར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལས་ཤེས་པར་བྱའོ། །གཏན་ཚིགས་སྦྱོར་བའི་ཚུལ་ཡང་། གང་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་དེ་
ནི་སྒྱུ་མ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མའི་གླང་པོ་ལ་སོགས་པ་བཞིན་ནོ། །གཟུགས་ལ་སོགས་པའི་ཕྱི་རོལ་གྱི་རྣམ་པ་སྣང་བ་ཡང་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར་ཞེས་པ་སྟེ། རང་བཞིན་གྱི་གཏན་ཚིགས་སམ་རྣམ་གྲངས་ཀྱིས་ན་ཁྱབ་བྱེད་མི་དམིགས་པར་ཡང་འགྱུར་ཏེ།
เล่ม ๑๒๒ · หน้า 42b
ཇི་སྐད་དུ་སློབ་དཔོན་ཀ་མ་ལ་ཤཱི་ལས་བཤད་པ་བཞིན་ནོ། །གལ་ཏེ་འདིར་སྒྱུ་མའི་གླང་པོ་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོ་བདེན་པས། དཔེ་མ་གྲུབ་པོ་ཞེ་ན། དེ་ལྟར་བདེན་པ་ཉིད་ནི་འོག་ནས་འགོག་པར་འགྱུར་མོད་ཀྱི། འདིར་ནི་རེ་ཞིག་དེ་ལྟར་སྣང་བ་ཕྱི་རོལ་གྱི་དངོས་པོར་གཞག་
པའི་ཆ་ནས་བདེན་པ་མ་ཡིན་ཞིང་། དེ་འདྲ་བའི་གཅིག་དང་དུ་མས་སྟོང་པ་ཉིད་དཔེར་བྱེད་པའོ། །དེ་ལ་འདིར་གཞན་དག་ཚུལ་དེ་ལྟར་ཕྱི་རོལ་གྱི་དོན་བཀག་པ་ནི། དོན་དམ་པ་ཉིད་བཀག་པ་ཡིན་ལ། ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཀྱང་ཡོད་དོ། །གཟུགས་ལ་
སོགས་པ་དོན་བྱེད་ནུས་པའི་རང་བཞིན་སེམས་ལས་ཐ་དད་པའི་རྣམ་པ་ཉིད་དུ་མངོན་སུམ་གྱིས་གྲུབ་པའམ། ཡང་འགའ་ཞིག །དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་ཚུལ་དུ།
ལ་རྒྱབ་ཀྱི་མེ་ལ་སོགས་པ་རྗེས་སུ་དཔག་པའི་ཚད་མས་གྲུབ་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། དེ་ནི་ཐོག་མ་མེད་པའི་དུས་ནས་གཉིས་སུ་རྟོག་པའི་བག་ཆགས་ཀྱིས་བསླད་པའི་སེམས་ཉིད་དེ་ལྟར་སྣང་བ་སྟེ། ཇི་ལྟར་རྨི་ལམ་གྱི་གནས་སྐབས་ན་གྲོང་ལ་སོགས་པ་སྣང་བ་
བཞིན་ནོ། །དོན་ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ། །གཞན་ཡང་ཀུན་རྫོབ་ཏུ་ཕྱིའི་དོན་ཡོད་ན། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལྟར། གཟུགས་ལ་སོགས་པ་སྣང་བ་འདི་ཉིད་ཕྱིའི་དོན་ཡིན་ནམ། གཞན་དུ་ན་མདོ་སྡེ་བ་རྣམས་ཀྱིས་གཟུགས་ལ་སོགས་པར་སྣང་བ་ནི་དོན་
གྱིས་གཞག་པ་ཤེས་པའི་ངོ་བོ་ཉིད་དུ་གྱུར་པའི་རྣམ་པ་ཡིན་གྱི། དོན་ནི་དེ་འདྲ་བའི་རྣམ་པ་འཇོག་པ་སྣང་བ་ལས་གཞན་དུ་གྱུར་པར་ཁས་ལེན་པ་བཞིན་དུ། འདིར་ཡང་ཀུན་རྫོབ་ཏུ་དེ་འདྲ་བའི་སྣང་བ་འཇོག་པ་སྣང་བ་ལས་གཞན་དུ་གྱུར་པ་ཉིད་དུ་འདོད་ཅེས་བརྟག་པར་བྱའོ། །དེ་
ལ་དང་པོ་གཟུགས་ལ་སོགས་པར་སྣང་བ་འདི་ཕྱིའི་དོན་ཡིན་ན། རྣམ་པ་མེད་པའི་ཕྱོགས་ཁས་བླངས་པས་ཤེས་པ་ལས་སོ་སོ་ལ་རྣམ་པར་འབྱེད་པ་མི་འཐད་པ་དང་། དོན་རིག་པའི་ཤེས་པ་དང་། ཤེས་པ་རང་ཉིད་རིག་པའི་ཤེས་པ་གཉིས་ཁྱད་པར་མེད་པར་ཐལ་བ་དང་། ཀུན་རྫོབ་
เล่ม ๑๒๒ · หน้า 43a
ཏུ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་མི་འཐད་པར་འགྱུར་བའོ། །དང་པོའི་དོན་ནི་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཕྱིའི་དོན་ཉིད་ཡིན་ཞིང་ཤེས་པ་དེ་འདྲ་བའི་རྣམ་པས་ཁ་མ་བསྒྱུར་བ་མྱང་བ་ཙམ་གྱི་རང་བཞིན་ཡིན་པས། འདི་ནི་གཟུགས་རིག་པའི་ཤེས་པ་
ཡིན་གྱི་སྒྲ་རིག་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པའི་རྣམ་པར་དབྱེ་བ་མི་འཐད་དེ། དེ་ལྟར་རྣམ་པར་འབྱེད་པའི་རྒྱུ་མཚན་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་མེད་པའི་ཕྱིར་རོ། །གལ་ཏེ་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཉིད་རིག་པ་ཡིན་ནོ། །ཞེ་ན་མ་
ཡིན་ཏེ། དེ་ལྟ་མྱོང་བའི་རང་བཞིན་ཡིན་པས་སྒྲ་རིག་པར་ཡང་ཅི་སྟེ་མི་འགྱུར། དེས་ན་མྱོང་བའི་རང་བཞིན་ཙམ་ནི་དོན་བྱེ་བྲག་པ་ལ་ཉེ་བའི་རྒྱུ་མེད་པས། བྱེ་བྲག་འགའ་རྟོགས་པར་འཇོག་པའི་རྒྱུ་མཚན་དུ་མི་འཐད་དོ། །གལ་ཏེ་ཤེས་པས་སྔོན་པོ་ལ་སོགས་པའི་གཟུགས་
བཟུང་བའི་ཕྱིར། གཟུགས་རིག་པར་འཇོག་གོ་ཞེ་ན། དེ་ཅི་མ་གྲུབ་ནས་མ་གྲུབ་པ་སྒྲུབ་པར་ཇི་ལྟར་འགྱུར་ཏེ། དོན་དེ་ཉིད་གཟུང་བ་ཉིད་དུ་སྒྲུབ་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་དོན་གྱིས་བཞག་པའི་མྱོང་བའི་ཁྱད་པར་འགའ་ཞིག་ལ་བརྟེན་ནས། དོན་
གྱི་ཁྱད་པར་འགའ་ཞིག་རྟོགས་པར་འཇོག་གོ་ཞེ་ན། རྣམ་པ་ལས་མ་གཏོགས་པའི་མྱོང་བའི་ཁྱད་པར་དེ་འདྲ་བ་ནི་གྲུབ་པ་མེད་དོ་ཞེས་ཚད་མ་རྣམ་པར་གཏན་ལ་དབབ་པ་ལས་བཤད་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདིར་རྣམ་པའི་ཁྱད་པར་ཁས་ལེན་ན་ནི་
ཤེས་པ་སྔོན་པོའི་རྣམ་པར་སྣང་བ་ལས་སྔོན་པོ་ཉིད་རྟོགས་ཀྱི་གཞན་ནི་མ་ཡིན་ནོ་ཞེས་ཀུན་རྫོབ་ཙམ་དུ་རྣམ་པར་དབྱེ་བ་འཐད་པར་འགྱུར་བའོ། །ཡང་གཉིས་པའི་དོན་ནི་ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བ་མེད་ན། མྱོང་རིག་ཙམ་གྱི་རང་བཞིན་དུ་རང་དང་གཞན་ལ་ཁྱད་པར་མེད་པས།
འདི་ནི་དོན་རིག་པ་ཡིན་ལ་འདི་ནི་རང་རིག་པ་ཡིན་ནོ་ཞེས་པའི་ཁྱད་པར་མི་འཐད་དེ། སྔར་བསྟན་པ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གསུམ་པའི་དོན་ནི་གཟུགས་དང་སྒྲ་ལ་སོགས་པ་སྣང་བ་ཕྱིའི་དོན་ཡིན་ན། དེ་ལས་མ་གཏོགས་པའི་མིག་གི་རྣམ་པར་ཤེས་པ་ལ་
เล่ม ๑๒๒ · หน้า 43b
སོགས་པ་ནི། སེམས་རབ་ཏུ་བཏུད་དེ་བལྟས་ཀྱང་མྱོང་བ་མེད་དོ། །གལ་ཏེ་འདིར་དོན་དེ་རྣམས་ལ་འཛིན་པ་དགའ་གདུང་ལ་སོགས་པའི་རྣམ་པར་ནང་དུ་ཉམས་སུ་མྱོང་བ་འདི་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ནི་གཅིག་ཏུ་རང་རིག་པ་འབའ་ཞིག་ཡིན་གྱི་དབང་པོ་སྒོ་ལྔའི་རྣམ་ཤེས་གཞན་
རིག་པའི་ཤེས་པ་ནི་དེ་མ་ཡིན་ནོ། །རྣམ་པ་གཞན་དུ་ན་རང་ཉིད་འབའ་ཞིག་རིག་པའི་ཤེས་པ་རྒྱུན་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་སྣང་བ་འདི་ཉིད་ཕྱིའི་དོན་དུ་མི་འཐད་དོ། །ཕྱོགས་གཉིས་པ་ཡང་རིགས་པ་མ་ཡིན་ཏེ། སྣང་བ་ལས་གཞན་དུ་གྱུར་པ་ལ། ཇི་
ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་ཅེས་སྔོན་གྱི་སློབ་དཔོན་དག་གིས་ཀུན་རྫོབ་ཀྱི་མཚན་ཉིད་རྣམ་པར་གཞག་པ་དེ་འདྲ་བ་མེད་པས་ཀུན་རྫོབ་ཉིད་དུ་མི་འཐད་དོ། །གཞན་ཡང་། བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་སྒྲའི་བློའི་ཡུལ་དུ་གྱུར་པ་ཀུན་རྫོབ་ཡིན་པར་གསུངས་པ་དང་།
མདོ་སྡེ་འདི་ཉིད་ལས་ཀྱང་། དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལས་འཁྲུལ་པ་གང་། །དེ་ནི་ཀུན་རྫོབ་བདེན་པ་ཡིན། །ཞེས་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པའམ། འཁྲུལ་པའི་ཡུལ་ཀུན་རྫོབ་ཉིད་དུ་གསུངས་ཏེ། དེ་ལ་ཡང་སྣང་
ཞིང་མྱོང་བ་ཉིད་ཀྱིས་ཁྱབ་པས། སྣང་བ་ལས་གཞན་དུ་གྱུར་པ་ནི་ཀུན་རྫོབ་ཉིད་དུ་མི་འཐད་དོ། །གཞན་ཡང་འདིར་ཀུན་རྫོབ་ཏུ་ཡོད་ཅེས་པའི་དོན་ནི། མ་བརྟགས་ན་ཉམས་དགའ་བ་བློའི་ངོ་ན་སྣང་བ་ཙམ་ཡོན་གྱི་ཡོད་ཅེས་པའི་སྒྲའི་དོན་གཞན་ནི་གྲུབ་པ་མེད་དོ། །དེའི་ཕྱིར་སྣང་
བ་ལས་འདས་པ་ནི་ཀུན་རྫོབ་ཏུ་ཡོད་ཅེས་བྱར་མི་རུང་ངོ་། །གལ་ཏེ་དེ་འདྲ་བའི་རིགས་པས་དཔྱད་པས། ཕྱིའི་དོན་ཀུན་རྫོབ་པ་འགོག་ན། རྣམ་པར་ཤེས་པ་ལ་ཡང་མཚུངས་ཏེ། དེ་ཡང་གཅིག་དང་དུ་མའི་རང་བཞིན་དུ་དཔྱད་ན་མ་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ལྟར་མཚུངས་པ་མ་ཡིན་
ཏེ། འདིར་རྣམ་པར་ཤེས་པ་དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་འཇོག་ན་ནི་ཁྱབ་པ་མ་གྲུབ་ལ། ཀུན་རྫོབ་ཏུ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱོར་ན་ནི། དེ་འདྲ་བའི་གཏན་ཚིགས་མ་གྲུབ་
เล่ม ๑๒๒ · หน้า 44a
སྟེ། ཆགས་སྡང་ལ་སོགས་པ་འམ། གཟུགས་དང་སྒྲ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཤེས་པ་ནི་ཐ་སྙད་པའི་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་དོན་བྱེད་པའི་རང་བཞིན་ཐ་དད་པ་ཉིད་དུ་མྱོང་བས་དུ་མ་ཉིད་ཡིན་ལ། གང་གི་ཚེ་ཡུལ་གྱི་རྣམ་པ་སྣང་བ་མེད་པ།
ནང་གི་བདེ་བ་དེ་ལྟར་སྐྱེས་ལ་མ་འགགས་པ་ནི། དོན་བྱེད་པའི་རང་བཞིན་གཅིག་ཉིད་དུ་རང་རིག་པའི་མངོན་སུམ་གྱི་ཚད་མས་མྱོང་བས་གཅིག་པ་ཉིད་དེ། དེས་ན་ཀུན་རྫོབ་ཏུ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་པ་མ་གྲུབ་པོ། །གལ་ཏེ་དེ་ལྟ་ན་ཕྱིའི་དོན་ཀྱང་དོན་དམ་པར་སྣང་
བ་དང་སྣང་བ་ལས་གཞན་དུ་མི་འཐད་པའི་ཕྱིར་ཀུན་རྫོབ་ཏུའང་མེད་ཅེས་འཇོག་ན་ནི། གཏན་ཚིགས་ཁྱབ་པར་མ་གྲུབ་པ་ཉིད་དུ་འགྱུར་ལ་ཀུན་རྫོབ་ཏུ་སྣང་བ་དང་སྣང་བ་ལས་གཞན་དུ་མི་འཐད་པའི་ཕྱིར་ཞེས་འགོད་ན་ཡང་གཏན་ཚིགས་མ་གྲུབ་སྟེ། ཀུན་རྫོབ་ཏུ་ནི་ཐ་སྙད་པའི་མངོན་སུམ་གྱི་ཚད་
མ་ལ། གཟུགས་ལ་སོགས་པར་སྣང་བ་ཉིད་ཕྱི་རོལ་དོན་བྱེད་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་ལྟ་ན་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་མི་འཐད་པ་ཉིད་དུ་སྔར་བསྟན་པ་དང་། ཡང་ཀུན་རྫོབ་ཙམ་དུ་ཤེས་པ་ལས་སོ་སོ་ལས་རྣམ་པར་
འབྱེད་པ་ཕ་རོལ་པོ་ཉིད་ཀྱིས་ཁས་བླངས་པ་མི་འཐད་པར་འགྱུར་བ་ལ་སོགས་པའི་ཉེས་པ་སྔ་མ་རྣམས་སྤང་དགོས་སོ། །ཡང་གལ་ཏེ་དེ་ལྟ་ན་གཟུགས་དང་སྒྲ་ལ་སོགས་པར་སྣང་བ་ནི་ཀུན་རྫོབ་ཏུ་དུ་མ་ཉིད་ཡིན་ན། གཅིག་པ་ཉིད་མི་འཐད་པར་འགྱུར་བས་ཉེས་པ་མཚུངས་སོ་ཞེ་
ན། དེ་ཅི་གཟུགས་སྒྲ་ལ་སོགས་པར་སྣང་བ་གཅིག་ཉིད་དུ་སྣང་བ་མེད་པས་ཀུན་རྫོབ་ཏུ་ཡང་གཅིག་པ་ཉིད་དུ་མི་འཐད་ལ། ཐམས་ཅད་དུ་གཅིག་མེད་པར་འགྱུར་བ་ནི་མ་ཡིན་ཏེ། སྔ་མ་ལྟར་ནང་གི་བདེ་བ་ད་ལྟར་བར་མྱོང་བ་ཆ་སྣ་ཚོགས་སུ་མྱོང་བ་མེད་ཅིང་དོན་བྱེད་པའི་རང་བཞིན་གཅིག་
ཉིད་དུ་མྱོང་བས་ཀུན་རྫོབ་ཏུ་གཅིག་ཅེས་བྱའོ། །དེས་ན་འདི་ནི་མི་མཚུངས་པ་ཉིད་དུ་གསལ་རབ་ཏུ་སྣང་ངོ་། །གལ་ཏེ་དེ་ལྟ་ན་གཟུགས་ལ་སོགས་པ་སྣང་བ་ནི་མྱོང་བའི་རང་བཞིན་སྤངས་པ་དང་། དབྱིབས་དང་ཁ་དོག་གི་རང་བཞིན་དང་། ཡུལ་དང་ཕྱོགས་ཀྱིས་བསྡུས་པ་དང་། ཤེས་པ་
เล่ม ๑๒๒ · หน้า 44b
ལས་ཆད་པའི་རྣམ་པར་སྣང་ཞིང་སེམས་དང་མི་མཐུན་པའི་ཕྱི་རོལ་ཉིད་དུ་སྣང་བས། ཀུན་རྫོབ་ཏུ་ཕྱི་རོལ་ཉིད་ཡིན་གྱི། ཤེས་པ་ནི་མ་ཡིན་ཏེ་ཤེས་པའི་བདག་ཉིད་དུ་མི་སྣང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་གཟུགས་སྒྲ་ལ་སོགས་པར་སྣང་བ་སྣང་ཚོད་དུ་མར་སྣང་བས་གཅིག་ཉིད་མ་ཡིན་པ་
བཞིན་ནོ་ཞེ་ན། སྐྱོན་མེད་དེ་གཟུགས་ལ་སོགས་པར་སྣང་བ་ནི། གསལ་བར་སྣང་བ་ཉིད་ཀྱིས་མྱོང་བའི་རང་བཞིན་སྤངས་པར་སྣང་བ་མ་ཡིན་ཏེ། གསལ་བ་དང་མྱོང་བ་ནི་རྣམ་གྲངས་སུ་གཏོགས་པའི་ཕྱིར་རོ། །ཡང་ཁ་དོག་དང་དབྱིབས་ལ་སོགས་པར་སྣང་བ་ནི། རྣམ་པར་ཤེས་
པའི་ཁྱད་པར་སྒོ་ལྔའི་རྣམ་པར་ཤེས་པ་ཉིད་དེ། ཤེས་པའི་ཁྱད་པར་འགའ་ཞིག་ནི་དགའ་གདུང་ལ་སོགས་པར་ནང་ཉིད་དུ་མྱོང་ལ། འགའ་ཞིག་ནི་ཡུལ་ལ་བཀྲམ་པ་ལྟ་བུར་ཕྱི་རོལ་ཆད་པའི་རྣམ་པར་སྣང་མོད་ཀྱི། སེམས་དང་མི་མཐུན་པར་སྣང་བ་ནི་མ་ཡིན་ནོ། །སེམས་ཀྱི་ཁྱད་
པར་ནང་དུ་མྱོང་བ་འགའ་ཞིག་དང་མི་མཐུན་པར་སྣང་མོད་ཀྱི། དེ་ནང་དུ་མྱོང་བའི་སེམས་སུ་ཁས་མི་ལེན་པས་སྐྱོན་མེད་དོ། །གཟུགས་སྒྲ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་གཅིག་གི་རྣམ་པ་དང་མི་མཐུན་ཞིང་། གཅིག་ཉིད་ཀྱི་ཁྱད་པར་དུ་མི་འཐད་པ་ཉིད་དུ་རབ་ཏུ་གསལ་
ལོ། །འདིར་གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དོན་དམ་པར་སེམས་དང་མི་མཐུན་པར་སྣང་བས། སེམས་ཀྱི་ངོ་བོ་དོན་དམ་པ་ཉིད་དུ་ཁས་མི་ལེན་པ་ཁོ་ནའོ། །དེ་ལྟར་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་ཕྱིའི་དོན་མི་འཐད་པ་ཉིད་དུ་བསྟན་པ་ན། དེ་ལྟར་སྣང་བ་འདི་ཅི་ཡིན་སྙམ་
དུ་སེམས་ན། ཀུན་རྫོབ་ཏུ་སྣང་བ་སེམས་ཙམ་དུ་སྒྲུབ་སྟེ། དེ་ཡང་གཏན་ཚིགས་རྣམ་པ་གཉིས་ཡིན་པ་ལས། དང་པོ་རིག་པའི་གཏན་ཚིགས་ཀྱི་དབང་དུ་བྱས་ན། གཏན་ཚིགས་ཀྱི་དོན་དགོད་པ་དང་། བརྩད་པ་སྤངས་པའོ། །དེའི་དང་པོ་ཡང་གཟུགས་སྒྲ་ལ་སོགས་པར་སྣང་བ་ནི་
ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་དཔེར་ན་བདེ་བ་ལ་སོགས་པ་མྱོང་བ་བཞིན་ནོ་ཞེས་པའོ། །བརྩད་པ་སྤང་བ་ནི་གཞན་དག་གཏན་ཚིགས་འདི་ནི་ཁྱབ་པ་མ་གྲུབ་པ་ཡིན་ཏེ། དེ་ལྟར་གསལ་བར་སྣང་བ་ཡང་སེམས་དང་མི་མཐུན་པ་ཉིད་དུ་སྣང་བའི་ཕྱིར།
เล่ม ๑๒๒ · หน้า 45a
སེམས་ཉིད་དུ་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་ཀུན་རྫོབ་ཏུ་སེམས་དང་མི་མཐུན་པར་སྣང་བ་མ་ཡིན་ཞིང་། དོན་དམ་པར་སེམས་ཀྱི་ཆོས་ཉིད་དང་མི་མཐུན་པར་སྣང་ཡང་། དོན་དམ་པར་སེམས་ཀྱི་ངོ་བོར་མི་སྒྲུབ་པའི་ཕྱིར་སྐྱོན་མེད་པའོ། །
གཞན་ཡང་། གསལ་བ་ནི་སེམས་ཀྱི་མཚན་ཉིད་ཡིན་པས། མཚན་ཉིད་དེ་དང་ལྡན་པས་སེམས་ཡིན་ཞེས་པ་ནི། མཚན་ཉིད་གཏན་ཚིགས་སུ་བཀོད་པ་ཐ་སྙད་རབ་ཏུ་སྒྲུབ་པའི་རྟགས་སྐྱོན་མེད་པ་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར། བ་ལང་གི་ཐ་སྙད་དུ་
བྱར་རུང་ཞེས་པ་དང་མཚུངས་སོ། །གཞན་དག་གསལ་བར་སྣང་བ་ཙམ་ནི་སེམས་ཀྱི་མཚན་ཉིད་མ་ཡིན་ཏེ། འོན་ཀྱང་ནང་དུ་ཡོངས་སུ་གསལ་བའོ། །དེ་ནི་གཟུགས་ལ་སོགས་པ་སྣང་བ་ལ་མེད་པས། དེ་དག་སེམས་སུ་བསྒྲུབ་པར་མི་ནུས་སོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་སྒོ་ལྔའི་
རྣམ་པར་ཤེས་པ་གཟུགས་ལ་སོགས་པར་སྣང་བ་ལ། སེམས་ཀྱི་མཚན་ཉིད་མེད་པས་སེམས་ཉིད་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་གསལ་བར་སྣང་བའི་སྤྱི་ཅི་ཙམ་སེམས་ཀྱི་མཚན་ཉིད་དུ་རིགས་སོ། །ཡང་གལ་ཏེ་སེམས་ཀྱི་མཚན་ཉིད་ནི་མྱོང་བ་དང་རིག་པ་ཡིན་ལ། དེ་ནི་གཟུགས་
ལ་སོགས་པར་སྣང་བ་ལ་མེད་དོ་ཞེ་ན། དེ་ལྟ་ན་ཡང་སྒོ་ལྔའི་རྣམ་པར་ཤེས་པ་སེམས་མ་ཡིན་པར་འགྱུར་བའི་ཉེས་པ་སོ་ན་འདུག་གོ། །དེའི་ཕྱིར་མྱོང་བའམ་རིག་པ་ནི་སེམས་ཀྱི་མཚན་ཉིད་ཡིན་མོད་ཀྱི། དེ་ནི་གཟུགས་ལ་སོགས་པ་གསལ་བ་ལ་ཡང་མཚུངས་པ་ཉིད་དེ། མྱོང་བ་སྤངས་
པའི་གསལ་བ་ནི་མི་འཐད་དེ། བེམས་པོ་འམ་དངོས་པོ་མེད་ཀྱང་རུང་སྟེ། མྱོང་བའི་ངོ་བོ་མ་ཡིན་པ་དེ་དག་ནི་གསལ་བའི་བདག་ཉིད་ཀྱང་མིན་པས་ཇི་ལྟར་གསལ་ཞེས་པའོ། །ཡང་གལ་ཏེ་དེ་འདྲ་བའི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་
ཅེས་བསྟན་པ་གང་ཡིན་པ་དེ་ལ་མེད་པས་མཚན་ཉིད་མ་ཁྱབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་མེའི་མཚན་ཉིད་ཚ་ཞིང་སྲེག་པ་ཡང་། མེའི་རྡུལ་ཕྲ་མོ་ཀུན་ལ་མེད་པས་མ་ཁྱབ་པ་ཉིད་དུ་འགྱུར་ཞིང་། ཆུའི་གཤེར་བ་ཉིད་ཀྱང་ཆུའི་རྡུལ་ཕྲ་མོ་ལ་མེད་པས། མ་ཁྱབ་པ་ཉིད་དུ་
เล่ม ๑๒๒ · หน้า 45b
འགྱུར་རོ་ཞེས་ཅི་སྟེ་མི་བརྗོད། གལ་ཏེ་དེར་ཆུའི་དཀྱིལ་འཁོར་རྒྱས་པ་ལྟ་བུའི་གཤེར་ཞིང་རླན་པ་མེད་ཀྱང་། གཟུགས་ཀྱི་གནས་སྐབས་ཕྲ་མོ་དེ་དང་རྗེས་སུ་མཐུན་པའི་གཤེར་བ་ཙམ་ཡོད་པས་སྐྱོན་མེད་དོ་ཞེ་ན། སྔ་མ་དེ་བཞིན་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་ལ་སོགས་པ་དམིགས་
པ་དང་རྣམ་པ་རྒྱ་ཆད་པའི་གསལ་བར་སྣང་བ་ལྟ་བུ་མེད་ཀྱང་། གནས་སྐབས་དེ་དང་རྗེས་སུ་མཐུན་པའི་གསལ་བ་འམ་མྱོང་བའི་རང་བཞིན་ཙམ་ཡོད་པས་སོ། །འདིར་གསལ་བའི་ཕྱིར་ཞེས་པའི་གཏན་ཚིགས་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པའོ། །གཏན་ཚིགས་གཉིས་
པའི་དབང་དུ་བྱ་སྟེ། ཡང་གཏན་ཚིགས་ཀྱི་དོན་དགོད་པ་ནི། སྔ་མ་ལྟར་གཟུགས་ལ་སོགས་པར་སྣང་བ་ནི་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཏེ། སེམས་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་པའོ། །འདིར་གཏན་ཚིགས་ཀྱི་དོན་ནི་གཟུགས་ལ་སོགས་པ་གཟུང་བའི་རྣམ་པར་
སྣང་བ་དམིགས་པ་ལ། དེ་ལ་འཛིན་པའི་སེམས་དམིགས་པ་ཁྱབ་ཅིང་། དེར་འཛིན་པའི་ཤེས་པ་དམིགས་པ་ལ་ཡང་དེ་འདྲ་བའི་གཟུང་བ་དམིགས་པ་ཁྱབ་པས་དམིགས་པ་ཕན་ཚུན་མི་འཁྲུལ་པ་ཉིད་དོ། །འདིར་ཡང་གཟུང་འཛིན་གཉིས་གྲུབ་པ་ནི་མ་ཡིན་ཏེ། མི་མཁས་པའི་
རྟོག་པའི་ངོ་ན། ངའི་མིག་རྣམ་པར་ཤེས་པས་སྔོན་པོ་མཐོང་ངོ་ཞེས་གཟུང་བ་དང་འཛིན་པ་ཉིད་དུ་རློམ་སྟེ་བསྟན་པའི་རྗེས་སུ་འབྲངས་ནས། དམིགས་པ་ཕན་ཚུན་མི་འཁྲུལ་ཞེས་བསྟན་པ་ཙམ་དུ་ཟད་དོ། །དོན་ནི་གཟུགས་ལ་སོགས་པའི་རྣམ་པར་དམིགས་པ་ཉིད། མིག་གི་རྣམ་
པར་ཤེས་པ་ལ་སོགས་པ་དམིགས་པ་ཡིན་ལ་དེ་འདྲ་བའི་ཤེས་པ་དམིགས་པ་ཡང་དོན་གྱི་རྣམ་པར་དམིགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡང་ཡིན་ནོ། །དེ་ལ་བརྩད་པ་སྤང་བ་ནི། གཞན་དག་གཏན་ཚིགས་འདི་ནི་མ་ངེས་ཏེ། ཐམས་ཅད་
མཁྱེན་པའི་ཡེ་ཤེས་ལ། འགྲོ་བ་ཐ་མལ་པའི་སེམས་རྒྱུད་སྣང་བ་ན། དམིགས་པར་བྱ་བ་ཐ་མལ་པའི་སེམས་རྒྱུད་དམིགས་པ་ལ། དེ་ལྟར་སྣང་བའི་ཡེ་ཤེས་དམིགས་པས་ཁྱབ་པ། ཡེ་ཤེས་དམིགས་པ་ལ་དེའི་གཟུང་ཆ་ཐ་མལ་པའི་ཤེས་པ་དམིགས་པས་ཁྱབ་པས། དམིགས་
เล่ม ๑๒๒ · หน้า 46a
པ་ཕན་ཚུན་མི་འཁྲུལ་པའི་གཏན་ཚིགས་ཡོད་མོད་ཀྱི། ཐ་མལ་པའི་སེམས་རྒྱུད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་མ་ཡིན་པས། གཏན་ཚིགས་འདི་འཁྲུལ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཐ་མལ་པའི་སེམས་
ཀྱི་རྣམ་པར་སྣང་བ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། མཐུན་པའི་ཕྱོགས་ཉིད་དུ་གཏོགས་པའི་ཕྱིར་རོ། །གལ་ཏེ་དེ་འདྲ་བ་ལྟ་ན་དེ་འདྲ་བའི་རྣམ་པ་འཇོག་བྱེད་ཐ་མལ་པའི་སེམས་རྒྱུད་ཡེ་ཤེས་ལས་ཐ་དད་པ་ཀུན་རྫོབ་ཏུ་ཡོད་པ་བཞིན་དུ། གཟུགས་ལ་སོགས་པའི་རྣམ་པ་འཇོག་པར་
བྱེད་པ་ཐ་དད་པ་ཡོད་པས། ཀུན་རྫོབ་སེམས་ཙམ་དུ་བསྒྲུབ་པར་མི་ནུས་སོ་ཞེ་ན། མ་ཡིན་ཏེ། དེ་འདྲ་བའི་རྣམ་པར་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་དོན་དམ་པ་ནི་སྔར་བཀག་ལ་ཀུན་རྫོབ་ཏུ་ཡོད་པ་ཡང་མི་འཐད་དེ། ཇི་ལྟར་སྣང་བ་འདི་ཁོ་ན་ཞེས་པ་ལ་སོགས་པ་ཀུན་རྫོབ་ཀྱི་མཚན་ཉིད་
མི་འཐད་པ་ཉིད་དུ་སྔར་བསྟན་ནོ། །ཡེ་ཤེས་ལ་རྣམ་པར་འཇོག་པའི་ཐ་མལ་པའི་རྒྱུད་ནི་རང་རང་གི་རྒྱུད་ལ་སོ་སོར་སྣང་ཞིང་མྱོང་བས་ཀུན་རྫོབ་ཉིད་དུ་འཐད་པའོ། །སྣང་བ་ལས་གཞན་དུ་གྱུར་པའི་བེམས་པོ་ནི་མྱོང་བའི་རང་བཞིན་སྤངས་པས། རང་ཉིད་རིག་ཅིང་མྱོང་བ་ཡང་མ་ཡིན་ལ།
སྣང་བ་ལས་འདས་པ་ཉིད་ཀྱི་ཕྱིར་བློ་གཞན་ལ་སྣང་བ་ཡང་མ་ཡིན་པས། དེ་དག་མཚུངས་པ་མ་ཡིན་ནོ། །ཡང་གལ་ཏེ་གཟུགས་ལ་སོགས་པར་སྣང་བ་སེམས་དང་ལྷན་ཅིག་དམིགས་པ་ངེས་པས་སེམས་ཉིད་ཡིན་པ་ལྟར། སེམས་ཀྱང་གཟུགས་ལ་སོགས་པར་སྣང་བ་དང་། ལྷན་ཅིག་
དམིགས་པ་ངེས་པའི་ཕྱིར་སྣང་བའི་བདག་ཉིད་དུ་འགྱུར་རོ། །དེའི་དོན་ཡང་དེ་དག་ལྷན་ཅིག་དམིགས་པ་ངེས་པ་ནི་གཉིས་ཀའི་ཐུན་མོང་བ་སྟེ། སྣང་བ་ནི་སེམས་དང་ལྷན་ཅིག་དམིགས་པ་ངེས་ལ། སེམས་ནི་སྣང་བ་དང་ལྷན་ཅིག་དམིགས་པ་ངེས་པ་མ་ཡིན་ནོ་ཞེས་པ་ནི་མི་འཐད་པའོ་
ཞེ་ན། སེམས་ཀྱང་སྣང་བའི་རང་བཞིན་དུ་འདོད་པས་སྐྱོན་མེད་པ་ཉིད་དོ། །ཡང་ལྷན་ཅིག་གི་སྒྲའི་དོན་ནི་གཉིས་ཉིད་ཡིན་པས་གཏན་ཚིགས་འདི་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕྱིར་རྒོལ་མི་མཁས་པའི་བསམ་པ་དང་སྦྱར་ནས་ལྷན་ཅིག་བརྗོད་དུ་ཟད་ཀྱང་། དོན་ནི་སྔར་བསྟན་
เล่ม ๑๒๒ · หน้า 46b
པ་ལྟར་ཡིན་པས་ཉེས་པ་མེད་དོ། །གལ་ཏེ་འདིར་ཞིབ་ཏུ་རྣམ་པར་དཔྱད་པའི་སྒོ་ནས་གཟུགས་ལ་སོགས་པ་སྣང་བ། ཕྱིའི་དོན་ཡིན་པ་འགོག་པ་ན། དེ་ནི་རྣམ་པར་ཤེས་པ་ལ་ཡང་མཚུངས་པར་འགྱུར་ལ། ཇི་ལྟར་སྣང་བ་ཙམ་གྱི་དབང་དུ་བྱས་ན་ནི་གཟུགས་ལ་སོགས་པར་
སྣང་བ་ཕྱིའི་དོན་ཉིད་དུ་བྱིས་པ་ཡན་ཆོད་ཀྱི་ཤེས་པ་ལ་རབ་ཏུ་གྲགས་པས། མཚུངས་པ་མ་ཡིན་ནམ་སྙམ་དུ་སེམས་ན། བདེན་མོད་ཀྱི་ཇི་ལྟར་ལྐོག་ཤལ་ལ་སོགས་པ་དང་ལྡན་པར་སྣང་བའི་གོང་བུ་ནི། དེ་ཁོ་ན་ཉིད་དུ་རྣམ་པར་དཔྱད་ན་བ་ལང་དང་རྟ་ལ་སོགས་པའི་རང་བཞིན་འགར་
ཡང་མ་གྲུབ་མོད་ཀྱི། རྣམ་པར་གཞག་པ་ཙམ་དུ་བ་ལང་གི་མཚན་ཉིད་དང་ལྡན་པར་སྣང་བས། བ་ལང་ཉིད་དུ་རྣམ་པར་འཇོག་པ་ལྟར་གཟུགས་ལ་སོགས་པར་སྣང་བ་ཡང་ཀུན་རྫོབ་ཙམ་དུ་སེམས་ཀྱི་མཚན་ཉིད་དང་འབྲེལ་པར་སྣང་བས། སེམས་ཉིད་དུ་རྣམ་པར་གཞག་
གོ། །གལ་ཏེ་འདིར་ཐོགས་པ་དང་བཅས་པ་ཉིད་ནི། སེམས་ལས་གཞན་བེམས་པོའི་མཚན་ཉིད་ཡིན་ལ། གཟུགས་ལ་སོགས་པ་ཡང་དེ་དང་འབྲེལ་བར་སྣང་བས། ཕྱིའི་དོན་བེམས་པོ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཐོགས་པ་དང་བཅས་པ་ནི་བདག་ཉིད་ཀྱི་ཡུལ་དུ་གཞན་འབྱུང་བའི་
གེགས་བྱེད་པ་ཡིན་ལ། གཟུགས་ལ་སོགས་པར་སྣང་བ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་དུང་དཀར་པོའི་རྣམ་པར་སྣང་བའི་གོ་སྐབས་དེ་ཉིད་དུ་གཞན་དག་ལ་སེར་པོའི་རྣམ་པར་སྣང་བ་ཉིད་དུ་འགྱུར་ཞིང་། དེ་ལས་གཞན་རོ་དང་ཁ་དོག་ལ་སོགས་པ་འགའ་ཞིག་ལ་ཡང་འདོད་བྱའི་རྣམ་
པར་སྣང་བའི་གོ་སྐབས་དེ་ཉིད་དུ། གཞན་ལ་དེ་དང་འགལ་བའི་རྣམ་པར་སྣང་བའི་ཕྱིར་རོ། །གཞན་ཡང་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ་ལས། སྐྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི། །གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་
ཡོད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་བ་མེད། །
เล่ม ๑๒๒ · หน้า 47a
དེ་ཡི་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚེའུ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་བ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །ཡང་དོན་དེ་ཉིད་འཕགས་པ་ཐོགས་མེད་ཀྱིས། ཡི་དགས་དུད་འགྲོ་མི་རྣམས་དང་། །ལྷ་
རྣམས་ཇི་ལྟར་རིགས་རིགས་བཞིན། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །གཞན་ཡང་སྣ་ཚོགས་སེམས་ཀྱི་བདག་ཉིད་ཡིན་པར་ནི། དགོངས་པ་ངེས་པར་འགྲེལ་པ་དང་། ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་
གསུམ་པ་ནི་སེམས་ཙམ་མོ་ཞེས་གསུངས་པ་དང་། མདོ་སྡེ་འདི་ཉིད་དུ་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པས། གཞན་དག །ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཉིད་ཆུད་ཟོས་གཞན་ཆུད་གསོན། །ཞེས་
འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས་གསུངས་པ་བཞིན་དུ་འདིར་སེམས་ཙམ་དུ་སྟོན་པ་ལ་ཡིད་ཆེས་པའི་ལུང་མེད་དོ་སྙམ་དུ་དོགས་པར་མི་བྱའོ། །གལ་ཏེ་ཕྱིའི་དོན་ཀུན་རྫོབ་ཙམ་དུ་ཡང་མེད་ན། ལས་དང་འབྲས་བུའི་འབྲེལ་པ་མི་འཐད་པར་འགྱུར་ཏེ། འདི་ལྟར་རེ་ཞིག་ལུས་དང་
ངག་གི་ངོ་བོ་ཉིད་ཀྱང་མེད་ན། དེ་དག་གི་ལས་དགེ་བ་དང་མི་དགེ་བ་ལ་སོགས་པ་ཇི་ལྟར་འཐད་ཅིང་། དེའི་རྣམ་པར་སྨིན་པ་ལྷ་དང་དམྱལ་བ་ལ་སོགས་པའི་གནས་དང་ལུས་ལ་སོགས་པ་ཚོར་བ་བདེ་བ་དང་སྡུག་བསྔལ་དང་འབྲེལ་བར་སྣང་བ་ཉིད་མི་འཐད་དོ་ཞེ་ན། མ་ཡིན་ཏེ། ཀུན་
རྫོབ་ཏུ་ཐམས་ཅད་སེམས་ཀྱི་སྣང་བ་ཉིད་ལ་འཇོག་སྟེ། འདི་ལྟར་བདག་ཅག་རྣམས་ཀྱི་ལུས་དང་ངག་ཏུ་སྣང་བའི་རྣམ་རིག །གཞན་ལྷ་སྦྱིན་ལ་སོགས་པའི་ལུས་སུ་སྣང་བ་ལ། མཚོན་ཆ་ལ་སོགས་པ་བསྣུན་པ་སྣང་བ་དང་། དེ་དག་ལ་ཡང་དེ་ལྟར་སྣང་བས་སེམས་རྒྱུད་སྡུག་བསྔལ་གྱི་
ཚོར་བ་དང་འབྲེལ་བར་མྱོང་ཞིང་། སྲིད་པ་ཉིང་མཚམས་འབྲེལ་བར་མྱོང་བ་ན། སྲོག་གཅོད་པ་ཞེས་རབ་ཏུ་གྲགས་པའི་ལུས་ཀྱི་ལས་མི་དགེ་བ་ཉིད་དུ་འཇོག་སྟེ། དེས་ནི་རྣམ་པར་རིག་པ་ཙམ་ཉིད་ལུས་སུ་སྣང་བ་ལ་ལུས་ཀྱི་ལས་ཉིད་དུ་འཇོག་གི། ཕྱི་རོལ་བེམས་པོའི་བདག་ཉིད་དུ་
เล่ม ๑๒๒ · หน้า 47b
གྱུར་པའི་ལུས་ཀྱི་ལས་ནི་ཁས་མི་ལེན་པ་ཉིད་དོ། །མ་བྱིན་པར་ལེན་པ་ལ་སོགས་པ་ལུས་ངག་གི་ལས་མི་དགེ་བ་དང་དགེ་བ་ལ་སོགས་པའི་ཁྱད་པར་གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ལས་དེ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་དེ་འདྲ་བའི་ལས་སུ་སྣང་ཞིང་མྱོང་བ་ལས། དུས་གཞན་དུ་
དེའི་སེམས་རྒྱུད་སྡུག་བསྔལ་གྱི་ཚོར་བ་དང་འབྲེལ་བར་མྱོང་བ་ལ་སོགས་པ་སྟེ། ཇི་ལྟར་སེམས་ཅན་དམྱལ་བའི་ལྕགས་ཀྱི་ཁང་པ་འབར་བར་སྣང་ཞིང་རང་གི་ལུས་སུ་སྣང་བའི་རྣམ་པར་རིག་པ་ཉིད་མེས་བསྲེགས་པར་མྱོང་བ་ལ་སོགས་པ་དང་། ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ལ་
སོགས་པ་དང་འབྲེལ་བར་ཉམས་སུ་མྱོང་བ་བཞིན་ནོ། །གལ་ཏེ་འདིར་ལས་དང་འབྲས་བུའི་བྱེ་བྲག་དེ་ཉིད་སྒྲུབ་པ་ལ་ཚད་མ་ཅི་ཡོད་ཅེ་ན། དེ་བཞིན་གཤེགས་པའི་ལུང་ལས་བཤད་པའམ། ཡང་ན་དངོས་པོ་སྟོབས་ཀྱིས་ཞུགས་པའི་ཚད་མ་ཡང་ཡོད་དེ། ཇི་ལྟར་མཐོ་རིས་ཀྱི་རྒྱུད་
ཀྱིས་བསྡུས་པའི་མི་རྣམས་ཀྱི་ཕུང་པོའི་རྒྱུན་འགའ་ཞིག་གི་དང་པོ་མི་ཉིད་དུ་གྲུབ་ཅིང་ཐ་སྙད་མཐོ་རིས་ཀྱི་བདེ་བ་དང་འབྲེལ་བ་ནི་ཆོས་ཅན་ཉིད་ཡིན་ལ། དེ་ཉིད་དགེ་བའི་སེམས་པ་སྔོན་དུ་སོང་བ་ཡིན་ཏེ། དེ་ལས་གཞན་པ་རྒྱུར་མི་འཐད་པའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་ཞིང་སྟེངས་
ཀྱི་མྱུ་གུའི་ཁྱད་པར་བཞིན་ཞེས་པ་སྟེ། རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །གལ་ཏེ་འདིར་ཁྱབ་པའི་དོན་ལ་བརྩད་པ་མེད་མོད་ཀྱི་གཏན་ཚིགས་ཉིད་མི་འཐད་དེ། འདི་ལྟར་ལུང་དུ་མ་བསྟན་པ་དང་། མི་དགེ་བའི་སེམས་པ་དང་། དེས་ཀུན་ནས་སློང་བའི་འདོད་ཆགས་ལ་སོགས་པ་
ཉོན་མོངས་པ་རྣམས་དེ་འདྲ་བའི་ཕུང་པོ་མངོན་པར་འགྲུབ་པའི་རྒྱུར་འགྱུར་བ་སྲིད་དོ་སྙམ་དུ་སེམས་ན། མ་ཡིན་ཏེ། དུད་འགྲོ་ལ་སོགས་པ་འགྲོ་བའི་ཁྱད་པར་དེ་དང་དེར་སྣང་བ་རྣམས་ནི་ཕལ་ཆེར་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པའི་ལུས་དང་ངག་གི་རིག་བྱེད་དང་འབྲེལ་བར་
སྣང་བ་ན། དེ་དག་ཀུན་ནས་སློང་བའི་མི་དགེ་བའི་ལས་དང་ཉོན་མོངས་པ་དང་། རྗེས་སུ་འབྲེལ་པར་དཔག་པར་ནུས་ཤིང་། གཞན་ཡང་ལུང་དུ་མ་བསྟན་པའི་ལུས་ངག་གི་རིག་བྱེད་དུ་སྣང་བ་ལས་ཀྱང་། དེ་དག་ཀུན་ནས་སློང་བའི་ལུང་དུ་མ་བསྟན་པའི་སེམས་པ་ཉིད་དཔག་པར་ནུས་ཏེ། ཇི་ལྟར་
เล่ม ๑๒๒ · หน้า 48a
བདག་ཅག་རྣམས་ཀྱི་རྒྱུད་ལ་དེ་འདྲ་བའི་ལུས་ངག་གི་རིག་བྱེད་དུ་སྣང་བ་ནི། དེ་འདྲ་བའི་སེམས་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཉིད་དུ་གྲུབ་པ་བཞིན་ནོ། །དེ་ལྟ་ན་འགྲོ་བའི་ཁྱད་པར་དེ་རྣམས་སུ་སྣང་བ་ནི་ཤིན་ཏུ་ཆེས་ཆེར་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་པ་ལ་
སོགས་པ་དང་ལྡན་པར་གྲུབ་མོད་ཀྱི། མཐོ་རིས་ཀྱི་ཕུང་པོ་ནི་དེའི་དྲུང་ན་ཤིན་ཏུ་ཉུང་ཟད་ཙམ་དུ་དམིགས་པས། །དེ་རྣམས་འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་ཅེས་པའོ། །གལ་ཏེ་འདིར་རྨི་ལམ་གྱི་གནས་སྐབས་ན་སྐྱེས་བུའི་ཁྱད་པར་འགའ་ཞིག་སྣང་བ་དང་སྒྱུ་མའི་སྐྱེས་བུ་ལ་དེ་འདྲ་བའི་
ལུས་ངག་གི་རིག་བྱེད་དུ་སྣང་བ་དམིགས་ཀྱང་། ལས་དང་ཉོན་མོངས་པ་དེ་དག་སྔོན་དུ་སོང་བ་མ་ཡིན་པས་དེ་འདྲ་བའི་རྟགས་འཁྲུལ་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དག་ནི་སྐྱེ་བོ་ཐམས་ཅད་ལ་མཐུན་པར་སྣང་བ་དང་། རྗེས་སུ་འབྲེལ་བར་ཡུན་རིང་དུ་སྣང་བ་མ་ཡིན་ཏེ། གཉིད་
ཀྱིས་བསླད་པའི་སྐྱེས་བུ་འགའ་ཞིག་ལ་སྐྱེས་བུའི་ཁྱབ་པར་གཞན་ཞིག་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པའི་རིག་བྱེད་དང་འབྲེལ་པར་སྣང་ཞིང་། དེ་ཡང་འཆོལ་པའམ་མི་གསལ་བ་ལ་སོགས་པའི་རྣམ་པར་སྣང་བའོ། །གཞན་ཡང་སྒྱུ་མའི་སྐྱེས་བུ་ཡང་། མིག་མ་བསླད་
པ་རྣམས་ཀྱིས་ནི། །དེ་ལྟར་དེ་དག་མ་མཐོང་ཕྱིར། །ཞེས་གསུངས་པའི་ཚུལ་དུ་མཐུན་པར་སྣང་བ་མ་ཡིན་ཞིང་། དེ་འདྲ་བའི་ཉེས་པར་སྤྱོད་པའི་ལས་དང་རྗེས་སུ་འབྲེལ་བར་རྒྱུན་རིང་དུ་སྣང་བ་མ་ཡིན་པའི་ཕྱིར་རོ། །སྔར་བསྟན་པའི་གཏན་ཚིགས་ཀྱི་དོན་ནི་སྐྱེ་བོ་ཐམས་ཅད་ལ་མཐུན་པར་
སྣང་བ་དང་། རྗེས་སུ་འབྲེལ་པར་རྒྱུན་རིང་དུ་སྣང་བ་ཉིད་ཀྱི་ཁྱད་པར་དུ་བྱས་པ་ཡིན་པས། འཁྲུལ་པར་འགྱུར་བའི་སྐྱོན་མེད་ཅེས་པའོ། །གཞན་དག་སེམས་ཙམ་པ་ལ་རྒྱུད་གཞན་གྲུབ་པ་མི་འཐད་པས། དེ་དག་གི་དོན་དུ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཐད་དོ་ཞེས་རྒོལ་བའི་ལན་དུ་ཡང་འདི་ཉིད་སྦྱོར་བར་བྱ་སྟེ། ཇི་སྐད་དུ། རང་ལུས་བློ་སྔོན་འགྲོ་བ་ཡིས། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །སེམས་ཙམ་
เล่ม ๑๒๒ · หน้า 48b
ལ་ཡང་ཚུལ་འདི་མཚུངས། །ཞེས་གསུངས་པ་ལྟ་བུ་སྟེ། འདིར་ཕྱིའི་དོན་དུ་སྨྲ་བ་རྣམས་རང་གི་རྒྱུད་ལ་འགྲོ་བ་དང་། སྨྲ་བར་བྱའོ་སྙམ་པའི་བློ་སྔོན་དུ་འགྲོ་བ་ཅན་གྱིས་ལུས་དང་ངག་གི་རྣམ་པར་རིག་བྱེད་འགའ་ཞིག་མཐོང་ནས། གཞན་ལྷ་སྦྱིན་ལ་སོགས་པ་ལ་ཡང་དེ་འདྲ་བའི་ལུས་ངག་གི་
བྱ་བ་མཐོང་བའི་སྒོ་ནས། ཀུན་ནས་སློང་བའི་བློ་རྗེས་སུ་དཔོག་པ་ལྟར། སེམས་ཙམ་གྱི་ལུས་ལ་ཡང་དེ་འདྲ་བའི་ལུས་ངག་གི་རིག་བྱེད་དུ་སྣང་བ་ལས། དེ་དང་འབྲེལ་བར་སྣང་བའི་ཆོས་ཅན་འགའ་ཞིག་དེ་འདྲ་བའི་ཀུན་ནས་སློང་བའི་བློ་སྔོན་དུ་སོང་བ་ཉིད་དུ་དཔོག་པར་བྱེད་དེ། སྔར་
བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གལ་ཏེ་འདིར་སྔར་གྱི་རྩ་བའི་གཏན་ཚིགས་ཉིད་མ་གྲུབ་སྟེ། མཐོ་རིས་ཀྱི་ཕུང་པོ་དེ་འདྲ་བ་མངོན་པར་འགྲུབ་པའི་རྒྱུ་ནི་ཕ་དང་མ་ལ་སོགས་པའི་འབྱུང་བའི་རྫས་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདིར་རྫུས་ཏེ་སྐྱེས་པའི་འགྲོ་
བའི་ཁྱད་པར་འབའ་ཞིག་མ་གཏོགས་པ་གཞན་ནི་འབྱུང་བས་ཀྱང་མངོན་པར་འགྲུབ་པའི་རྐྱེན་བྱེད་མོད་ཀྱི། གཏན་ཚིགས་ཀྱི་དོན་ནི་དགེ་བའི་སེམས་པ་དང་། དེ་ཀུན་ནས་སློང་བ་མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ་ལ་མ་ལྟོས་པར། གཞན་འགའ་ཞིག་རྒྱུར་མི་འཐད་ཅེས་
པའོ། །ཡང་དག་པའི་དོན་དུ་ན་འདིར་སེམས་ལས་གཞན་པའི་འབྱུང་བ་ཉིད་སྔར་བཀག་པས་སྐྱོན་མེད་པ་འབའ་ཞིག་གོ། །གལ་ཏེ་ཡང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་ལ་སོགས་པ་དང་། མཐོ་རིས་ཀྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་འཕེལ་བ་དང་འགྲིབ་པའི་རྗེས་
སུ་བྱེད་མོད་ཀྱི། དེ་འདྲ་བའི་འབྲས་བུ་བདག་ཅག་རྣམས་ཀྱིས་མཐོང་བའི་ཡུལ་དུ་མ་གྱུར་པ་སྣོད་ཀྱི་འཇིག་རྟེན་གཞན་དུ་སྐྱེས་པས། མ་དམིགས་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། མ་ཡིན་ཏེ། སྔ་མ་ལྟར་ཕྱིའི་དོན་མི་འཐད་པས་སེམས་ཀྱི་སྣང་བ་ལས་མ་གཏོགས་པའི་སྣོད་ཀྱི་
འཇིག་རྟེན་ཉིད་མི་འཐད་པའི་ཕྱིར་རོ། །ལུང་ལས་ཀྱང་། སྐྲ་ཙམ་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །ཞེས་པ་ལ་སོགས་པའི་དོན་སྔར་བསྟན་ཏོ། །ཡང་གལ་ཏེ་ཕྱིའི་དོན་ཡོད་དུ་ཟིན་ཀྱང་འདི་ནི་རིགས་པ་མ་ཡིན་ཏེ། ཕུང་པོ་འགྲུབ་པའི་ཁྱད་པར་འགའ་ཞིག་སྣོད་ཀྱི་འཇིག་རྟེན་
เล่ม ๑๒๒ · หน้า 49a
གཞན་དུ་སྐྱེ་བར་སྲིད་ཀྱང་། ཐམས་ཅད་དམ། ཕལ་ཆེར་ནི་དེ་ལྟར་འགྱུར་བའི་རྒྱུ་མཚན་མེད་དེ། དེ་ལྟར་ན་སྣོད་ཀྱི་འཇིག་རྟེན་འདིར་མཐོ་རིས་ཀྱི་ཕུང་པོ་སྐྱེ་བའི་མཐུན་རྐྱེན་མ་ཚང་བ་འམ། འགལ་རྐྱེན་ཉེ་བར་གནས་པ་ལས་ཡིན་གྲང་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་
མངོན་དུ་གྱུར་པའི་མཐོ་རིས་ཀྱི་ཕུང་པོ་འདི་རྣམས་ཀྱང་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། ལས་རྣམས་སོགས་པར་བྱེད་པ་དང་། །དེ་ཡི་འབྲས་བུ་ལོངས་སྤྱོད་པ། །སྣོད་ཀྱི་འཇིག་རྟེན་ཐ་དད་ན། །འགའ་ཞིག་དེ་ལྟར་སྲིད་མོད་ཀྱི། །ཐམས་ཅད་དེ་ལྟར་ངེས་པའི་རྒྱུ་ནི་འཐད་པ་མ་
ཡིན་ཏེ། བྱེད་པོའི་ཡུལ་ནི་སྤྱོད་འགྱུར་བ། །བྱེད་པོའི་རྒྱུན་དུ་འགལ་བ་མེད། །ཅེས་པའོ། །གལ་ཏེ་སེམས་ལས་གཞན་པའི་སྣོད་ཀྱི་འཇིག་རྟེན་ཡོད་དམ་མེད་ཀྱང་སླ་སྟེ། དེ་འདྲ་བའི་ལས་ཀྱིས་བསྐྱེད་པའི་ཕུང་པོ་ཐམས་ཅད་ཁྱེད་ཀྱིས་མཐོང་བའི་ཡུལ་དུ་འགྱུར་བའི་ངེས་པ་མེད་དོ་ཞེ་
ན། མ་ཡིན་ཏེ། དེ་འདྲ་བའི་ལས་མཐུན་པར་བསགས་པའི་འགྲོ་བ་རྣམས་ནི་ལས་ཀྱི་དབང་གིས་བྱུང་བའི་སྣོད་ཀྱི་འཇིག་རྟེན་ཐུན་མོང་བར་སྣང་བ་དང་། ལུས་དང་ལོངས་སྤྱོད་ཐུན་མོང་བར་སྣང་བ་འབའ་ཞིག་ལ་སྤྱོད་པར་རིགས་ཏེ། ཇི་ལྟར་ལས་མཚུངས་པ་ལས་བྱུང་བའི་མིའི་འགྲོ་བར་
གཏོགས་པ་ཕན་ཚུན་ཐ་དད་པ་འདི་རྣམས་ཉིད་བཞིན་ནོ། །གཞན་དུ་ན་ཐ་སྙད་པའི་རྒྱུ་དང་འབྲས་བུ་ཐམས་ཅད་འཚོལ་བ་ཉིད་དུ་འགྱུར་ཏེ། ཇི་ལྟར་ས་དང་ས་བོན་ལ་སོགས་པ་རྣམས་ཀྱི་འབྲས་བུ་ཡང་དུ་མ་ཉིད་ཡིན་ནོ་ཞེས་ཅི་སྟེ་མི་བརྗོད་དོ། །དེར་ཡང་ས་བོན་གྱི་དངོས་པོ་དུ་མ་ཡིན་པ་
བཞིན་དུ་དེའི་འབྲས་བུ་ཡང་དུ་མ་ཉིད་སྐྱེས་མོད་ཀྱི། འོ་སྐོལ་རྣམས་ཀྱིས་མཐོང་བའི་ཡུལ་དུ་མ་གྱུར་པས། འཕེལ་བ་དང་འགྲིབ་པའི་རྗེས་སུ་བྱེད་པ་དགག་པར་མི་ནུས་སོ། །དེ་ལ་སོགས་པ་རྒྱུ་དང་འབྲས་བུའི་ཁྱད་པར་ཐམས་ཅད་རྣམ་པར་གཞག་པ་མི་འཐད་པ་ཉིད་དུ་འགྱུར་བས་འདི་ནི་རིགས་
པ་མ་ཡིན་ནོ། །དེ་བཞིན་དུ་ངན་སོང་གི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་སྡུག་བསྔལ་གྱི་ཚོར་བ་དང་འབྲེལ་བ་གསར་དུ་སྐྱེས་པ་རྣམས་ཀྱང་མི་དགེ་བའི་སེམས་པ་དང་དེ་ཀུན་ནས་སློང་བའི་ཉོན་མོངས་པ་སྔོན་དུ་སོང་བ་ཡིན་ཏེ། དེ་ལས་མ་རྟོགས་པ་རྒྱུ་གཞན་མི་འཐད་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་
เล่ม ๑๒๒ · หน้า 49b
སྟེ་སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གཞན་ཡང་ད་ལྟར་གྱི་དུས་ན་སེམས་ཅན་གྱི་ཕུང་པོས་བསྡུས་པའི་དད་པ་དང་། ཤེས་རབ་ལ་སོགས་པ་དང་། ཆགས་པ་དང་སྡང་བ་ལ་སོགས་པ་ཉོན་མོངས་པའི་རྣམ་པ་གསལ་བར་མྱོང་བ་ནི་རང་གི་རིགས་གོམས་པ་དགེ་མི་དགེའི་སེམས་
པ་ཀུན་ནས་སློང་བར་བྱེད་པ་སྔོན་དུ་འགྲོ་བ་ཉིད་དུ་རང་རང་གི་རྒྱུད་ལ་གྲུབ་པ་ན། གཞན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཕལ་ཆེ་བ་གསར་དུ་སྐྱེས་པ་རྣམས་ལ་ཡང་སྔར་བསྟན་པ་བཞིན་དུ་ལུས་དང་ངག་གི་ཉེས་པར་སྤྱོད་པའི་ལས་དང་འབྲེལ་བར་སྣང་བ་ལས། ཆགས་པ་དང་སྡང་བ་ལ་
སོགས་པའི་ཉོན་མོངས་པ་མི་དགེ་བའི་སེམས་པ་ཀུན་ནས་སློང་བར་བྱེད་པ་དང་འབྲེལ་བ་ཉིད་དུ་རྟོགས་ཤིང་། དེ་ཡང་དེ་འདྲ་བའི་རིགས་མཐུན་གོམས་པ་སྔ་མ་སྔོན་དུ་སོང་བ་ཉིད་དུ་གྲུབ་ལ། དེ་ལྟར་གོམས་པ་ཡང་སྐྱེ་བ་དེར་གཏོགས་པའི་རྟེན་ལ་མ་རྫོགས་པས་སྐྱེ་བ་སྔ་མ་གཞན་གཅིག་
ལ་ཡིན་པའི་ཕྱིར་འཇིག་རྟེན་སྔ་མ་ཉིད་ཀྱང་དངོས་པོ་སྟོབས་ཀྱིས་ཞུགས་པའི་ཚད་མས་གྲུབ་ཅིང་། དེ་ལ་ལྟོས་ཏེ་ད་ལྟར་བ་འདི་ཉིད་ཕྱི་མ་ཡིན་པས། འཇིག་རྟེན་ཕྱི་མ་ཡང་དེ་བཞིན་དུ་གྲུབ་པོ། །ཡང་དེ་ཉིད་ཀྱིས་ངན་སོང་གི་ཕུང་པོར་གཏོགས་པ་དེ་འདྲ་བ་ནི་ལས་དང་ཉོན་མོངས་པ་སྔོན་དུ་
འགྲོ་བ་ཉིད་དུ་གྲུབ་པའི་སྒོ་ནས་ཀྱང་། ལས་དང་འབྲས་བུའི་འབྲེལ་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་ཚད་མས་ཀྱང་འཐད་ཅེས་པའོ། །དེ་བཞིན་དུ་མཐོ་རིས་ཀྱི་ཕུང་པོ་གསར་དུ་སྐྱེས་པ་ལ་སོགས་པ་རྣམས་ཀྱི་རྒྱུད་ལ་ཡང་ལེགས་པར་སྤྱོད་པའི་ལུས་ངག་
གི་རིག་བྱེད་དང་འབྲེལ་བར་སྣང་བ་ལ་བརྟེན་ནས། དད་པ་དང་མ་ཆགས་པ་ལ་སོགས་པ་དགེ་བའི་སེམས་པ་ཀུན་ནས་སློང་བར་བྱེད་པ་སྔོན་དུ་སོང་བ་ཉིད་དུ་གྲུབ་ཅིང་། དེ་ཡང་རང་གི་རིགས་གོམས་པ་སྔ་མ་སྔོན་དུ་སོང་བ་ཉིད་དུ་གྲུབ་པས། ཡང་འཇིག་རྟེན་སྔ་ཕྱི་དང་ལས་དང་འབྲས་བུའི་
འབྲེལ་པའི་ཁྱད་པར་ཇི་ལྟར་གསུངས་པ་བཞིན་དུ་གྲུབ་ཅེས་པའོ། །འདི་ནི་ཁྱད་པར་དུ་ཡང་རྒྱུ་མཐུན་པའི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པའོ། །གལ་ཏེ་འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་པས་རྒྱུ་དང་འབྲས་བུར་མི་འཐད་པ་དེ་ལྟར་ན། རབ་ཏུ་གྲགས་པའི་འགྲོ་བ་རྣམས་ལ་མཐོ་རིས་
เล่ม ๑๒๒ · หน้า 50a
ཀྱི་ཕུང་པོ་འགྲུབ་པ་ལ་སོགས་པ་ནི། ཆེས་ཤིན་ཏུ་ཉུང་ཞིང་། མཐོ་རིས་ཀྱི་ཕུང་པོ་ནི་དེ་བས་མང་བའི་ཕྱིར་འཁྲུལ་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ངན་སོང་གི་རྟེན་དེ་དག་ལས་དེ་འདྲ་བ་འགྲུབ་པར་བྱེད་པའི་སྔོན་གྱི་ལས་ནི་འབྲས་བུ་ཕྱུང་བས་ཟད་ཅིང་ལས་སར་པ་གཞན་
དག་ཀྱང་མ་བསགས་ལ། ཡང་སྔོན་གྱི་དགེ་བའི་ལས་ཀྱི་ས་བོན་འབའ་ཞིག་སད་པ་ན་རྟེན་དེ་ལས་འཕོས་ནས་མཐོ་རིས་དག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རིགས་པ་འདི་རྣམས་ཀྱི་དོན་ནི་ཚད་མ་རྣམ་པར་གཏན་ལ་དབབ་པ་ལས། སྦྱིན་པ་དང་འཚེ་བ་སྤང་བའི་སེམས་པ་ནི་མངོན་པར་མཐོ་
བའི་འབྲས་བུ་འབྱུང་བ་ལ་ཚད་མ་ཅི་ཡོད་ཅེ་ན་ཞེས་བརྩད་པའི་ལན་དུ། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བའམ། ཡང་ན་ཚད་མ་སྲིད་པས་མི་སྤོང་ངོ་ཞེས་གསུངས་པའི་དོན་དེ་ཉིད་ཡིན་ནོ། །གཞན་ཡང་མང་དུ་ཐོས་པའི་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མདོ་སྡེ་འདི་ཉིད་ཀྱི་འགྲེལ་པར་གསུངས་
པས་ཐེ་ཚོམ་མི་བྱའོ། །ཡང་ཁྱད་པར་དུ་སྦྱིན་པའི་སེམས་པ་ལ་བརྟེན་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཚུལ་ཁྲིམས་ཀྱིས་བདེ་འགྲོར་འགྱུར་བ་ལ་སོགས་པ་ཡང་རིགས་པ་འདི་ཉིད་ཀྱི་རྗེས་སུ་འབྲངས་ལ་ཡིད་ཆེས་པར་བྱའོ། །གལ་ཏེ་ཕྱིའི་དོན་མེད་ཀྱང་ལུས་དང་
ངག་གི་རྣམ་པར་རིག་བྱེད་དུ་སྣང་བ་ལ་བརྟེན་ནས་དེ་ལྟར་ལས་དང་འབྲས་བུའི་འབྲེལ་བ་འཇོག་ན། རྨི་ལམ་ལ་སོགས་པའི་གནས་སྐབས་ན་སྲོག་གཅོད་པ་ལ་སོགས་པ་སྣང་བ་ལས་ཀྱང་། ལས་སོག་ཅིང་རྣམ་པར་སྨིན་པ་འབྱིན་པར་འགྱུར་རོ་ཞེ་ན། གནས་སྐབས་དེར་ཡང་ཆགས་
སྡང་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་བསླངས་ནས་གཞན་ལྷ་སྦྱིན་ལྟ་བུ་འགའ་ཞིག་གསད་པར་བྱའོ་སྙམ་དུ་སེམས་ཤིང་། དེ་ལ་བརྟེན་ནས་བདག་གིས་མཚོན་བསྣུན་པར་སྣང་ཞིང་དེ་ཉིད་ཤི་བ་ལྟ་བུར་ཡང་སྣང་བ་ལས། གཉིད་སད་པ་ན་རྗེས་ཀྱི་ཤེས་པས་ཀྱེ་མ་ལེགས་
པར་བྱས་སོ་ཞེས་སྔར་གྱི་སེམས་པའི་ས་བོན་གསོས་པ་ན། ལས་ཅུང་ཟད་སོག་པ་ནི་འདོད་པ་ཡིན་ལ། འོན་ཀྱང་སད་པའི་གནས་སྐབས་དང་མི་འདྲ་སྟེ། ཀུན་ནས་སློང་བའི་བསམ་པ་ཁྱད་མེད་ཀྱང་། དངོས་གཞིའི་གནས་སྐབས་ན་གཞན་གྱི་སེམས་རྒྱུད་སྡུག་བསྔལ་གྱི་ཚོར་བ་
เล่ม ๑๒๒ · หน้า 50b
དང་འབྲེལ་པར་བྱས་པ་ལ་སོགས་པ་མེད་པ་དང་། གཉིད་ཀྱིས་བསླད་པའི་གནས་སྐབས་ཡིན་པས་སོ། །དེ་སྐད་དུ་ཡང་། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་ས་བཅུའི་མགོན་པོས་གསུངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་
ལས་ཀྱང་དོན་དེ་ཉིད་རྒྱ་ཆེར་གསུངས་པའི་ཕྱིར་རོ། །སྒྱུ་མའི་སྐྱེས་བུ་གསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །ཞེས་སྡིག་པ་གཏན་མེད་པར་བསྟན་པ་ནི། དེ་ཉིད་སྒྱུ་མ་ཉིད་དུ་ཤེས་ཤིང་ཀུན་ནས་སློང་བའི་ཉོན་མོངས་པ་དང་། གསོད་པའི་སེམས་པ་ཡང་མེད་ལ། རྗེས་
ཀྱི་གནས་སྐབས་ན་ཡང་དེ་ལ་མངོན་པར་དགའ་བ་མེད་དེ། དེ་ལྟར་སྣང་བ་ཙམ་ཉིད་དུ་ཤེས་པས་ཉེས་པ་མེད་པའོ། །གལ་ཏེ་དེ་ལྟར་ན་གཞན་རིག་པའི་ཆའི་ཤེས་པ་ཐམས་ཅད་ཀྱི་ཡུལ་འགོག་པར་ཁྱད་པར་མེད་པའི་ཕྱིར། རྨི་ལམ་ལ་སོགས་པའི་གནས་སྐབས་ན་གཟུགས་ལ་
སོགས་པར་སྣང་བ་དང་། སྨིག་རྒྱུ་ལ་ཆུར་སྣང་བ་ནི་ཚད་མ་མ་ཡིན་ལ། ཆུ་ཀླུང་དང་ལྟེང་ཀ་ལ་སོགས་པ་ཆུར་སྣང་བ་ནི་ཚད་མ་ཡིན་ནོ་ཞེས་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མི་འཐད་དོ་ཞེ་ན། དེ་ལྟར་ཡང་བདེན་མོད་ཀྱི། འདིར་སྨིག་རྒྱུ་ལ་ཆུར་སྣང་བ་ལས་ཆུ་དོན་དུ་གཉེར་
བའི་སྐྱེས་བུ་འགའ་ཞིག་ཞུགས་པ་ན། འཁྲུལ་པའི་བག་ཆགས་མི་བརྟེན་པའི་ཕྱིར། ཆུ་དང་ཕྲད་ཅིང་བཏུང་ངོམས་སུ་སྣང་བ་མ་བྱུང་བས། འཇིག་རྟེན་ཐ་སྙད་ལ་ཡིད་མི་རྟོན་ཅིང་བློ་དེ་འདྲ་བ་འཁྲུལ་པ་ཉིད་དུ་འཇོག་སྟེ། དེའི་ཕྱིར་ཚད་མ་མ་ཡིན་ཞེས་པའོ། །གཞན་ཆུ་ཀླུང་ལ་
སོགས་པ་ཆུར་སྣང་བ་ན་དོན་དུ་གཉེར་བའི་སྐྱེས་བུ་ཞུགས་པས་འཁྲུལ་པའི་བག་ཆགས་བརྟན་པའི་ཕྱིར་ཕྲད་པར་སྣང་བ་ལ་སོགས་པ་བྱུང་བས་ཚད་མ་ཉིད་དུ་རྣམ་པར་འཇོག་སྟེ། དེ་ལྟར་ན་ཐ་སྙད་ཙམ་དུ་གཞན་རིག་པའི་ཆའི་ཚད་མ་དང་ཚད་མ་མ་ཡིན་པའི་དབྱེ་བ་ནི་དེ་དག་ཙམ་དུ་
ཟད་དོ། །རྨི་ལམ་ལ་སོགས་པའི་ཁྱད་པར་འགའ་ཞིག་ཀྱང་དེ་དང་མཚུངས་པ་ཉིད་དོ། །ཡང་རྨི་ལམ་གྱི་གནས་སྐབས་འགའ་ཞིག་ན་གླུ་དབྱངས་ལ་སོགས་པའི་སྒྲའམ་རོལ་མོ་ལ་སོགས་པའི་གཟུགས་སུ་སྣང་བ་དང་། ཆུ་ལ་སོགས་པར་སྣང་བ་ལས། དོན་དུ་གཉེར་བའི་
เล่ม ๑๒๒ · หน้า 51a
སྐྱེས་བུའི་འདོད་པ་ཡོངས་སུ་རྫོགས་ཤིང་། བཏུང་ངོམས་ལ་སོགས་པར་སྣང་བ་ན་སད་པའི་གནས་སྐབས་དང་ཁྱད་པར་མེད་པ་འབའ་ཞིག་ཏུ་ཟད་དེ། དེ་ལྟར་ན་ཡུལ་ལ་མངོན་པར་ཞེན་པ་ཅིའི་ཕྱིར་མི་ལྡོག་སྙམ་དུ་སེམས་སོ། །གཞན་ཡང་ཕྱིའི་དོན་ཀུན་
རྫོབ་ཙམ་དུ་ཡང་མེད་ན། བཅོམ་ལྡན་འདས་ཀྱིས་གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་དེ་ཞེས་པ་ལ་སོགས་པ་གཟུགས་ཀྱི་ཕུང་པོའི་མཚན་ཉིད་དང་། ཕྱི་དང་ནང་གི་སྐྱེ་མཆེད་གཟུགས་ཅན་བེམས་པོ་ཉིད་དུ་གསུངས་ཏེ། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་
རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་པ་ལ་སོགས་པ་དང་། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །དེ་ཕྱིར་ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །ཞེས་གསུངས་སོ། །གཞན་ཡང་འཕགས་པ་ས་བཅུ་པ་ལས་ཀྱང་།
ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ཤེས་པར་གསུངས་པས། ཕྱིའི་དོན་མེད་ན་དེ་ལྟར་ཤེས་པ་འཁྲུལ་པ་ཉིད་དུ་འགྱུར་བའི་ཕྱིར། ལུང་དང་འགལ་བ་ཉིད་དུ་འགྱུར་རོ། །གཞན་ཡང་འགྲོ་བ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གྱི་
ཚད་དང་། རྣམ་པའི་ཁྱད་པར་རྣམས་གསུངས་པས། ཕྱིའི་དོན་ཀུན་རྫོབ་ཏུ་མེད་ན་དེ་ལྟར་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། གསུང་རབ་དག་ལས་དེ་ལྟར་ཡོད་པ་དང་མེད་པའི་ཕྱོགས་གཉིས་ཀ་གསུངས་མོད་ཀྱི། གསུང་རབ་ཀྱི་ཚུལ་ནི་དགོངས་པ་རྣམ་པ་བཞི་དང་
ལྡེམ་པོར་དགོངས་པ་བཞིའི་སྒོ་ནས་གཏན་ལ་དབབ་པར་བྱའོ་ཞེས་མགོན་པོ་བྱམས་པས་གསུངས་པ་དང་། དེ་རྣམས་ཀྱང་བསྡུ་ན་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དེ་ལ་ངེས་པའི་དོན་ནི་ཚད་མས་གྲུབ་པའི་དོན་དམ་པའི་བདེན་པ་སྟོན་པ་སྟེ། ཇི་ལྟར་མདོ་ནས་བསྟན་པའི་དོན་དེ་ཁོ་ན་
ལྟར་ངེས་ཀྱི། དེ་ལས་གཞན་དུ་གཞག་པར་མི་ནུས་པས་ངེས་པའི་དོན་ཞེས་བྱའོ། །དྲང་བའི་དོན་ནི་དགོངས་པ་ཅན་ཞེས་ཀྱང་བྱ་སྟེ། མཚན་ཉིད་སྔ་མ་ལས་བཟློག་པ་ཇི་ལྟར་དངོས་སུ་བསྟན་པ་ལས་དེ་ཁོ་ན་ཉིད་ཀྱི་དོན་གཞན་དུ་འགྱུར་བའོ། །དེ་སྐད་དུ་ཡང་འཕགས་པ་བློ་གྲོས་མི་
เล่ม ๑๒๒ · หน้า 51b
ཟད་པས་བསྟན་པ་ལས། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་དོན་དམ་པའི་བདེན་པ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་ལ། མདོ་སྡེ་གང་དག་ཀུན་རྫོབ་ཀྱི་བདེན་པ་སྟོན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་
པ་རྒྱས་པར་གསུངས་སོ། །དེས་ན་གཟུགས་ལ་སོགས་པ་ཕྱིའི་དོན་ཡོད་པར་བསྟན་པའི་དོན་ལ། སྔར་བཤད་པའི་ཚད་མས་གནོད་པའི་ཕྱིར་ཚད་མ་མ་གྲུབ་པའི་དོན་དམ་པ་སྟོན་པ་མ་ཡིན་པས། ངེས་པའི་དོན་གྱི་མདོ་མ་ཡིན་ཞིང་དྲང་བའི་དོན་ཞེས་བྱ་སྟེ། དེ་ཡང་རང་རང་གི་
སེམས་ཀྱི་རྣམ་པ་དེ་ལྟར་སྣང་བ་ལ་དགོངས་ནས་ཕྱིའི་དོན་ལ་མངོན་པར་ཞེན་པའི་བྱིས་པ་རྣམས་སྐྲག་པ་སྤོང་ཞིང་རིམ་གྱིས་སངས་རྒྱས་ཀྱི་ཐེག་པ་ལ་གཟུད་པར་བྱ་བའི་དོན་དུ་གསུངས་པ་སྟེ། ཇི་སྐད་དུ། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་
བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །གཞན་ཡང་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་དུ་གང་ཟག་གི་བདག་ཏུ་ལྟ་བའི་ཀུན་ཏུ་རྒྱུ་ལྔ་བརྒྱ་སངས་རྒྱས་ཀྱི་ཐེག་པ་ལ་གཟུད་པར་བྱ་བའི་
དོན་དུ་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་ཏེ། ང་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་དང་གཙང་བ་དང་། བདག་གི་ངོ་བོར་གྱུར་པ་ལ་སོགས་པ་ཡོད་པར་འདོད་དོ་ཞེས་གསུངས་པ་ལྟ་བུའོ། །
དེ་བཞིན་དུ་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས། དགེ་སློང་དག་ལས་དང་ལས་ཀྱི་ཁུར་ཁྱེར་བའི་གང་ཟག་དག་ཡོད་དོ་ཞེས་ཀྱང་གསུངས་སོ། །གཞན་ཡང་འགྲོ་བ་རྣམས་ཀྱི་སྣོད་ཀྱི་ཁྱད་པར་བསྟན་པ་ཡང་། ལས་མཐུན་པར་བསགས་པའི་སེམས་ཅན་རྣམས་ལ་ལས་ཀྱི་
དབང་གིས་གནས་ཀྱི་ཁྱད་པར་མཐུན་པར་སྣང་བ་ན། དེ་རྣམས་ཀྱི་སྣང་བ་ཐུན་མོང་བ་ལ་དགོངས་ནས། སྣོད་ཀྱི་འཇིག་རྟེན་གྱི་ཚད་ལ་སོགས་པའི་ཚུལ་ལུགས་འགའ་ཞིག་རྣམ་པར་བཞག་ལ། ཡང་དེ་དག་དང་ལས་མི་མཐུན་པར་བསགས་པ་རྣམས་ལ། སྣོད་ཀྱི་འཇིག་རྟེན་གྱི་
เล่ม ๑๒๒ · หน้า 52a
རྣམ་པ་གཞན་དུ་སྣང་བས་སྔ་མ་ལས་གཞན་དུ་བཤད་དེ། ཇི་ལྟར་ཆོས་མངོན་པའི་མདོ་སྡེ་འགའ་ཞིག་དང་། ཐེག་པ་ཆེན་པོའི་གསུང་རབ་དག་ལས་ཕན་ཚུན་མི་མཐུན་པར་བཤད་པ་དང་། རིག་པ་འཛིན་པའི་སྡེ་སྣོད་ཤཱི་ཀཱ་ལ་ཙ་ཀྲ་ལས་ཀྱང་གཞན་དུ་བཤད་
དེ། དེས་ན་ཕྱིའི་དོན་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ན་དེ་རྣམས་འགལ་བ་ཉིད་དུ་གྱུར་ཏོ། །རང་རང་གི་སེམས་ཀྱི་སྣང་བ་ཡིན་པ་ལ་ནི་སྔར་བཤད་པ་ལྟར་ཉེས་པ་མེད་པ་ཁོ་ནའོ། །དེའི་ཕྱིར་ཀཱ་ལ་ཙ་ཀྲ་ལས་ཆོས་མངོན་པ་དང་འགལ་བར་འགྱུར་རོ་ཞེས་པའི་བརྩད་པ་བཀོད་ནས། ལན་དུ་དེ་
རྣམས་ཕྱི་རོལ་གྱི་དངོས་པོར་གྲུབ་པ་ནི་མ་ཡིན་གྱི། སེམས་ཅན་རྣམས་ཀྱི་རང་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་ལ། དེའི་སྣང་བ་ཕྱོགས་རེ་ལ་དགོངས་ཏེ་གསུངས་པ་ཡིན་པས་ཉེས་པ་མེད་དོ་ཞེས་བཤད་དོ། །གཞན་དུ་སེམས་ཅན་དམྱལ་བའི་ལྕགས་སྲེགས་ཀྱི་ས་གཞི་ལ་སོགས་པ་
ཕྱི་རོལ་གྱི་ངོ་བོར་གྲུབ་ན། མཐུ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅིའི་ཕྱིར་དེ་དག་འཇོམས་ཤིང་རྡུལ་དུ་རློག་པར་མི་བྱེད་ཅེས་བསམ་པར་བྱའོ། །དེའི་ཕྱིར་གཞོམ་པར་བྱ་བའི་རྒྱུའི་ཕྱི་རོལ་གྱི་ངོ་བོ་གྲུབ་པ་མེད་ཅིང་རང་གི་སེམས་ཀྱི་ཉེས་པ་
ཡིན་པར་སྔར་བསྟན་པའི་སྐྱོན་མེད་དེ། ཇི་ལྟར་བྱིས་པ་དག་སྨྱོ་བས་ཡིད་འཁྲུགས་པ་ན། རང་གི་མདུན་དུ་སྡིག་པ་དང་སྦྲུལ་གྱི་རྣམ་པ་སྣང་བས་སྐྲག་ཅིང་ངུ་བར་གྱུར་ལ། དེའི་ཕ་སྟོབས་དང་ལྡན་པ་ཞིག་གིས་སྦྲུལ་ལ་སོགས་པ་ཕྱི་རོལ་ན་ཡོད་ན་གཞོམ་པར་ནུས་མོད་ཀྱི། དེ་ལྟར་གྲུབ་
པ་མེད་ཅིང་བྱིས་པའི་རང་གི་སེམས་ཀྱི་ཉེས་པ་ཡིན་པས་ཅིར་ཡང་བྱར་མེད་པ་བཞིན་ནོ། །གལ་ཏེ་དེར་ཡང་ཕ་མས་བྱིས་པའི་སེམས་ཀྱི་ཉེས་པ་འཆོས་པ་བཞིན་དུ། སེམས་ཅན་དེ་རྣམས་ཀྱི་སེམས་ཀྱི་ཉེས་པ་ཅིའི་ཕྱིར་རྡུལ་དུ་རློག་པར་མི་བྱེད་ཅེས་དཔྱད་པ་མཚུངས་སོ་ཞེ་ན། མ་ཡིན་ཏེ།
སེམས་ཅན་རྣམས་ཀྱི་སེམས་ཀྱི་ཉེས་པ་རྒྱུ་དང་རྐྱེན་ངེས་པ་མེད་པ་ཁམས་དང་བག་ལ་ཉལ་སྣ་ཚོགས་པ་རྣམས་ནི་ཚད་མེད་པ་ཉིད་ཀྱི་ཕྱིར། ཅིག་ཅར་གཞོམ་པར་མི་ནུས་པས། དེ་བཞིན་གཤེགས་པས་ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་སྣ་ཚོགས་བསྟན་པའི་སྒོ་ནས་རིམ་གྱིས་
เล่ม ๑๒๒ · หน้า 52b
འཇོམས་པར་བྱེད་པའོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་དུ་མའི་ཐུན་མོང་པའི་གནས་ཅིག་ཡིན་པས། དེ་ཡོད་ན་ཅིག་ཅར་ཉིད་དུ་ཅིའི་ཕྱིར་འཇོམས་པར་མི་བྱེད་ཅེས་པ་སྟེ། དེ་ནི་གཞོམ་པར་སླ་བའི་ཕྱིར་རོ། །དོན་འདི་ཉིད་ཀྱང་འབགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་
བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་མི་ཟད་པ་ཡོད་ཅིང་སྙིང་རྗེ་ཅན་ལགས་ན། ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་གདའ་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་དེ་ནི་སེམས་ཅན་རྣམས་ཀྱི་རང་
གི་ལས་ཀྱི་ཉེས་པ་ཁོ་ན་ཡིན་ཏེ། དཔེར་ན་ཡི་དགས་ལུས་སྐོམ་པས་གདུངས་པ་རྣམས་ཀྱིས་རྒྱ་མཚོའི་ཆུ་སྐམས་པར་མཐོང་བ་དེ་ནི་རྒྱ་མཚོའི་ཉེས་པ་མ་ཡིན་གྱི། ཡི་དགས་དེ་ཉིད་ཀྱི་རང་གི་ལས་ཀྱི་འབྲས་བུའི་ཉེས་པ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི།
བྱང་ཆུབ་སེམས་དཔའི་སྦྱིན་པ་དག་གི་རྒྱ་མཚོ་ལྟ་བུར་གྱུར་པ་རྣམས་ཀྱི་ཉེས་པ་མ་ཡིན་གྱི། སེམས་ཅན་རང་གིས་ཉེས་པ་བྱས་པ་ཡི་དགས་ལྟ་བུ་རྣམས་ཀྱི་ལས་ཀྱི་ཉེས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱིའི་དོན་དགག་པ་དང་། སྣང་བ་སེམས་ཙམ་ཉིད་དུ་སྒྲུབ་པ་དང་། དེ་ལ་
བརྩད་པ་སྤང་བ་རྒྱས་པར་བསྟན་ནས། དོན་དམ་པར་སེམས་ཉིད་རང་བཞིན་མེད་པར་གཏན་ལ་དབབ་པར་བྱ་སྟེ། དེ་ཡང་གཞན་ཕྱི་རོལ་པ་གཟུང་འཛིན་གཉིས་མེད་པར་སྨྲ་བ་ཁ་ཅིག་དོན་དམ་པར་སེམས་ཉིད་རིག་པ་རྟག་པའི་ངོ་བོ་ཡིན་ཞིང་། དེ་ལས་གཞན་ཕྱིའི་དོན་གྲུབ་པ་མེད་དེ། ཇི་
སྐད་དུ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་བ་ཉིད། །བླང་དང་དོར་བྱ་མེད་ཅེས་རབ་བསྟན་པ། །ཚངས་པ་མྱ་ངན་མེད་ཅེས་རྟག་གནས་བྱོས། །ཞེས་པའོ། །གཞན་ཡང་ཞི་བ་པ་རྣམས་ཀྱི་འདོད་པ་ལྷ་ཆེན་པོས་སྨྲས་པ་ནི། ཇི་ལྟར་ཤིང་ལ་མེ་ཡོད་དང་། །
ས་ཡི་ནང་དུ་ཆུ་ཡོད་པ། །དེ་ལྟར་ཐམས་ཅད་ལུས་གནས་སུ། །ཞི་བ་དག་པ་རྣམ་པར་གནས། །ཐམས་ཅད་འདི་ནི་ཞི་བདག་སྟེ། །ཞི་བ་ལས་ནི་རབ་ཏུ་འབྱུང་། །འབྱུང་པོ་ཀུན་ལ་ཞི་བ་ཡོད། །ཞི་བ་གང་ཡིན་དེ་ང་ཉིད། །བརྟན་ཞིང་བྱིན་འགྲོ་དེ་བཞིན་དུ། །ཅུང་ཟད་གང་ནི་ས་ལ་ཡོད། །དེ་ཀུན་མཆོག་
เล่ม ๑๒๒ · หน้า 53a
གི་དབང་པོ་ཡིས། །བདག་ཉིད་ཁྱབ་སྟེ་རབ་ཏུ་གནས། །ཞེས་པ་ལ་སོགས་པ་བསྟན་པ་སྟེ། དེའི་དོན་ཡང་དབང་ཕྱུག་གི་རང་བཞིན་བདག་ཤེས་པ་རིག་པ་གཉིས་སུ་མེད་པའི་དོན་དེ་ཉིད་ཞི་བ་སྟེ། ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེས་པའོ། །འདི་ནི་མི་འཐད་དེ།
དེ་ལྟར་རྟག་པར་སྣང་བ་ཆོས་ཅན་དངོས་པོ་ལ་མེད་དེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་པའི་ནུས་པས་སྟོང་པའི་ཕྱིར་ཞེས་ཁྱབ་བྱེད་མི་དམིགས་པའི་གཏན་ཚིགས་ཀྱིས་རྟག་པ་ཉིད་སྤྱིར་བཀག་པའི་ཕྱིར་རོ། །འདིའི་སྤྲོས་པ་ཞིབ་ཏུ་ནི་རིགས་པའི་བསྟན་བཅོས་དག་ལས་ཤེས་པར་
བྱའོ། །ཡང་རང་གི་སྡེ་པ་རྣམ་རིག་ཙམ་དུ་སྨྲ་བ་ཁ་ཅིག་ཕྱིའི་དོན་ནི་ཀུན་རྫོབ་ཏུ་ཡང་མེད་ལ། དེས་ན་ཁམས་གསུམ་པ་ནི་སེམས་ཉིད་རིག་པ་སྐད་ཅིག་མའི་ངོ་བོ་སྔ་མ་རྣམས་ལ་རག་ལས་ཏེ། ཕྱི་མ་རྣམས་འབྱུང་བ་གཞན་གྱི་དབང་དང་། དེ་ཉིད་གཟུང་འཛིན་ལ་སོགས་པའི་ངོ་
བོར་བརྟགས་པས་དབེན་པ་ནི། ཡོངས་སུ་གྲུབ་པའི་ངོ་བོ་སྟེ་དོན་དམ་པའི་དངོས་པོར་འདོད་དོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་
རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་དགོངས་པ་ཅན་ཡིན་པར་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་ཏེ། དགོངས་པའི་དོན་ཡང་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་
མེད་པ་དང་། །གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་པའོ། །དེ་སྐད་དུ་ཡང་། དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་དུ་བརྟགས་པའི་མཚན་ཉིད་དེ། དེ་མིང་
དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། གཞན་གྱི་དབང་གི་མཚན་ཉིད་དེ། དེ་ནི་རྒྱུ་
เล่ม ๑๒๒ · หน้า 53b
རྐྱེན་གཞན་གྱི་དབང་གིས་སྐྱེའི། བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལ་སོགས་པ་དཔེ་དང་བཅས་ཏེ་རྒྱས་པར་བསྟན་ཏོ། །དེ་ལྟར་བྱས་ན་སེམས་ཉིད་རིག་པའི་གཞན་དབང་དང་ཡོངས་སུ་གྲུབ་པ་རྒྱུ་རྐྱེན་གཞན་ལས་སྐྱེས་པ་ཉིད་དུ་བསྟན་
པས་འདི་ནི་མེད་པ་མ་ཡིན་ལ། མེད་པ་དང་མ་སྐྱེས་པ་ལ་སོགས་པར་བསྟན་པའི་དགོངས་དོན་ནི་སྔར་བསྟན་པ་བཞིན་དུ་མེད་པ་རྣམ་པ་གསུམ་ཡིན་ཞེས་པའོ། །འདི་ནི་མི་འཐད་དེ། མདོ་སྡེ་དེ་ཉིད་ལས་སྒྱུ་མ་བྱས་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ངོ་བོ་ཉིད་མེད་པ་བལྟ་བར་བྱའོ་ཞེས་གསུངས་
པས། སྒྱུ་མ་བཞིན་ཀུན་རྫོབ་ཏུ་རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེའི་བདག་ཉིད་ལས་སྐྱེ་བ་མ་ཡིན་ལ། དོན་དམ་པར་ནི་རང་ངམ་གཞན་གང་ལས་ཀྱང་སྐྱེ་བ་མི་འཐད་པས་གཞན་གྱི་དབང་གི་མཚན་ཉིད་ཀྱང་མེད་པར་བསྟན་ཏོ། །གཞན་ཡང་ངོ་བོ་ཉིད་མེད་པ་ལ་སོགས་པའི་དགོངས་
དོན་དེ་ལྟར་བཤད་པ་རང་ཡང་། དགོངས་པ་ཅན་གྱི་མདོ་ཡིན་ཏེ། སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་སོགས་པ་མ་བྱས་པར་ངོ་བོ་ཉིད་མེད་པ་ལ་སོགས་པ་བསྟན་པ་ལ། དམིགས་པ་ཅན་གྱི་སྐྱེ་བོ་སྐྲག་པར་འགྱུར་བས་དེ་དག་
གི་སྐྲག་པ་བསལ་བའི་དོན་དུའོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་སེམས་ཀྱི་ངོ་བོ་དོན་དམ་པའི་དངོས་པོར་ཡོད་པ་ལ། གནོད་པར་བྱེད་པའི་ཚད་མ་དུ་མ་མདོ་སྡེ་འདི་ཉིད་དུ་སྟོན་པར་འགྱུར་ཞིང་། བསྟན་བཅོས་དག་ལས་ཀྱང་བཤད་དེ། སྐབས་སུ་བབ་པ་ན་བསྟན་པར་བྱའོ། །
གལ་ཏེ་དེ་རྣམ་པ་བདེན་པར་སྨྲ་བ་དག་གཟུགས་དང་སྒྲ་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི། དོན་དམ་པར་སེམས་ཀྱི་ངོ་བོ་ཉིད་ཡིན་ཏེ། སེམས་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་སྔར་བསྟན་པ་ལྟར། གཏན་ཚིགས་ཉིད་དུ་སྦྱོར་བར་བྱེད་ཅིང་། གཞན་ཡང་གསལ་
བར་སྣང་བ་ཉིད་ཀྱི་ཕྱིར། སྣང་བ་སེམས་ཀྱི་ངོ་བོ་ཉིད་དུ་གྲུབ་པོ་ཞེ་ན། མི་འཐད་དེ། དོན་དམ་པར་སེམས་ཀྱི་ངོ་བོར་སྒྲུབ་པ་ལ་ལྟོས་ཏེ། འདི་དག་གཏན་ཚིགས་ཉིད་དུ་མི་འཐད་དེ། དེ་ལ་དང་པོའི་དབང་དུ་བྱས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། ཐ་མལ་པའི་སེམས་ཀྱི་རྣམ་
เล่ม ๑๒๒ · หน้า 54a
པར་སྣང་བའི་ཚེ། དེ་ལྟར་སྣང་བའི་རྣམ་པ་ཡེ་ཤེས་ཀྱི་ངོ་བོ་དོན་དམ་པ་པ་ཡིན་ཡང་། དེ་ལ་རྣམ་པ་འཇོག་པར་བྱེད་པའི་ཐ་མལ་པའི་སེམས་རྒྱུད་ཐ་དད་པ་དགག་པར་མི་ནུས་པ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་སྣང་བ་འཇོག་པར་བྱེད་པའི་ཕྱི་རོལ་ཐ་
དད་དོན་དམ་པའི་དངོས་པོར་ཡོད་པ་དགག་པར་མི་ནུས་པས། ཐམས་ཅད་སེམས་ཙམ་ཉིད་དུ་གཞག་པར་མི་ནུས་སོ། །གལ་ཏེ་དེ་འདྲ་བའི་ཕྱི་རོལ་སྔར་བསྟན་པ་ལྟར་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་འགོག་གོ་ཞེ་ན། དེ་ནི་སེམས་ལ་ཡང་མཚུངས་པས་དེ་དོན་
དམ་པའི་དངོས་པོར་འཇོག་པ་མི་འཐད་དོ། །ཀུན་རྫོབ་སེམས་སུ་སྒྲུབ་པ་ལ་ནི་དེ་འདྲ་བའི་དཔྱད་པ་མི་མཚུངས་ཏེ། སྔར་བསྟན་པ་བཞིན་ནོ། །གཏན་ཚིགས་གཉིས་པ་ཡང་མི་འཐད་དེ། གསལ་བ་ཙམ་གཏན་ཚིགས་སུ་འགོད་ན་ནི་སེམས་ཉིད་དོན་དམ་པའི་དངོས་པོར་སྒྲུབ་པ་ལ་འཁྲུལ་
བ་ཉིད་དུ་འགྱུར་ཞིང་། དོན་དམ་པའི་དངོས་པོར་གསལ་བའི་ཕྱིར་ཞེས་གཏན་ཚིགས་སུ་འགོད་ན་ཡང་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་ཁྱད་པར་དུ་རྣམ་པ་བརྫུན་པ་རྣམས་ཀྱི་དབང་དུ་བྱས་ན་གཟུགས་ལ་སོགས་པའི་རྣམ་པ་སེམས་ལས་གཞན་པ་བཀག་པའི་མེད་པར་དགག་
པ་ཉིད་བསྒྲུབ་བྱར་འདོད་ལ། དེ་ལྟ་ན་ལྷན་ཅིག་དམིགས་པ་ངེས་པ་ནི་ཇི་ལྟར་གཟུང་བའི་རྣམ་པ་སེམས་དང་ལྷན་ཅིག་དམིགས་པའང་ངེས་པ་བཞིན་དུ་སེམས་ཀྱང་གཟུང་བའི་རྣམ་པ་དང་ལྷན་ཅིག་དམིགས་པ་ངེས་པར་འགྱུར་ཏེ། སྔར་བསྟན་པ་བཞིན་ནོ། །དེའི་ཕྱིར་སེམས་ཀྱང་
གཟུང་བའི་རྣམ་པ་ལས་གཞན་བཀག་པ་ཙམ་གྱི་མེད་པར་དགག་པ་ཉིད་དུ་འགྱུར་བས། སེམས་ཙམ་དངོས་པོར་མི་འཐད་དོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་འགྱུར་བར་ཤིན་ཏུ་གསལ་རབ་པ་ཉིད་དོ། །གཞན་ཡང་རྣམ་པ་སེམས་ལས་གཞན་ཡིན་པ་ཁེགས་
ཀྱང་། དེ་ལས་མ་གཏོགས་པ་ཕྱི་རོལ་གྱི་ངོ་བོ་ཡོད་པ་མི་ཁེགས་ཏེ། ཇི་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཐ་མལ་པའི་སེམས་ཀྱི་རྣམ་པ་སྣང་བ་ན་དེ་འདྲ་བའི་རྣམ་པ་ཡེ་ཤེས་ལས་གཞན་མ་ཡིན་ཡང་། ཐ་མལ་པའི་སེམས་རྒྱུད་ཡེ་ཤེས་ལས་ཐ་དད་པ་དགག་པ་མི་ནུས་པ་
เล่ม ๑๒๒ · หน้า 54b
བཞིན་ནོ། །གལ་ཏེ་ཤེས་པ་ནི་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་ལ། སེམས་རྒྱུད་ཐ་དད་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས་ནི་གཞན་རིག་པའི་ཆོས་མངོན་སུམ་གྱིས་གྲུབ་ཅིང་། ཕལ་པ་རྣམས་ཀྱིས་ཀྱང་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པོ་ཞེ་ན། ཀུན་རྫོབ་ཏུ་དེ་ལྟར་
ཡིན་མོད་ཀྱི། དོན་དམ་པར་རང་རིག་པ་ཉིད་མི་འཐད་དེ། སྐབས་སུ་བབ་པ་ན་བསྟན་པར་བྱའོ། །དེ་ལྟར་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་སེམས་ཉིད་རིག་པ་དོན་དམ་པའི་དངོས་པོར་མི་འཐད་དོ། །དེ་སྐད་དུ་ཡང་། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས།
ཡང་དག་ཏུ་ན་རྣམ་པར་ཤེས། །ལུས་ཀྱི་ནང་ན་མི་གནས་ཏེ། །ལུས་ཀྱི་ཕྱི་རོལ་དག་ན་ཡང་། །རྣམ་པར་ཤེས་པ་མི་སྲིད་དོ། །ཆོས་རྣམས་ཀུན་ལ་རྣམ་ཀུན་དུ། །རྣམ་པར་ཤེས་པ་མི་སྲིད་དེ། །འདི་ཡི་གནས་དང་གནས་མེད་དང་། །འཕོ་བ་ཡང་ནི་མི་ཤེས་སོ། །ཞེས་པ་ལ་
སོགས་པ་རྒྱས་པར་གསུངས་སོ། །འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས་ཀྱང་སེམས་ཙམ་དུ་བསྟན་པའི་རྗེས་ལ། སེམས་མེད་ཙམ་པོའང་ཡོད་མ་ཡིན། །ཚད་དང་གཞལ་དང་གཉིས་ཀ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་ཟུང་གི་མདོ་ལས་
ཀྱང་། ལྷའི་བུ་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཤེས་ཤེ་ན། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པར་
བྱེད་པ་མ་ཡིན་པ་སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ། །སེམས་གང་གིས་སེམས་ཡོངས་སུ་ཆོལ་བའི་སེམས་དེ་ཡང་མི་རྙེད་དོ། །དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ་ཞེས་པ་ལ་སོགས་པ་གསུངས་
སོ། །དེ་བཞིན་དུ་ཁུངས་ཀྱི་མདོ་ནི་དུ་མ་ཉིད་སྣང་མོད་ཀྱི་གཞུང་མངས་ཀྱིས་དོགས་པས་མི་བྲིའོ། །གལ་ཏེ་དེ་ལྟ་ན་སྔར་བསྟན་པ་ལྟར་ཁམས་གསུམ་སེམས་ཙམ་དུ་བསྟན་པ་དང་། མདོ་གཞན་དག་ལས་ཀྱང་། འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། །སེམས་ཀྱིས་སེམས་ནི་མི་
เล่ม ๑๒๒ · หน้า 55a
མཐོང་ངོ་། །དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རྟ་ལྟར་འཁྱམས་པ་སྟེ། །སེམས་ནི་ནགས་ཀྱི་མེ་བཞིན་སྲེག །སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །ཅེས་པ་ལ་སོགས་པ་
བསྟན་པ་དང་། མདོ་སྡེ་འདི་ཉིད་ལས་ཀྱང་། སེམས་ཙམ་དངོས་པོ་ཉིད་དུ་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་ཀུན་རྫོབ་པ་ལ་དགོངས་ཏེ་བསྟན་པས་སོ། །དེ་སྐད་དུ་ཡང་མདོ་སྡེ་དེ་དག་ཉིད་ལས། སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །ཞེས་གསུངས་པ་དང་། སྔར་
བསྟན་པ་ལྟར་སྟུག་པོ་བཀོད་པའི་རྒྱན་ལ་སོགས་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །མདོ་འདི་ཉིད་ལས་བསྟན་པའི་དོན་ནི་སྐབས་སུ་བབ་པ་ན་བཤད་པར་བྱའོ། །དེས་ན་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཕྱིའི་དོན་ནི་ཀུན་རྫོབ་ཙམ་དུ་ཡང་མེད་ཅིང་སྣང་བ་ཐམས་ཅད་
སེམས་ཙམ་ཉིད་ཡིན་ལ། སེམས་ཀྱི་རང་བཞིན་དེ་ཡང་གང་ཞེ་ན། ཀུན་རྫོབ་ཏུ་ནི་མྱོང་ཞིང་རིག་པ་ཙམ་ཡིན་ཏེ། སེམས་ཐམས་ཅད་ལ་རྗེས་སུ་འབྲང་ཞིང་གཞན་ལ་མེད་པའི་ཕྱིར། མེ་ལ་ཚ་བ་ཉིད་བཞིན་ནོ། །དད་པ་དང་འདོད་ཆགས་ལ་སོགས་པ་རྣམས་ནི་རེས་འགའ་བ་ཉིད་དུ་
དམིགས་པའི་ཕྱིར་སེམས་ཀྱི་གནས་སྐབས་གློ་བུར་བ་ཡིན་ཏེ། ཇི་ལྟར་ཆུའི་རྙོག་མ་ལ་སོགས་པ་བཞིན་ནོ། །དེ་སྐད་དུ་ཡང་འཕགས་པ་སྣང་བ་བསམ་གྱིས་མི་ཁྱབ་པ་ལས་ཁྱེའུས་གསོལ་པ། རྣམ་རྟོག་མང་པོ་ཅི་འཚལ་ཏེ། །སེམས་ནི་རང་བཞིན་འོད་གསལ་ཞིང་། །དེ་ལ་ཉོན་མོངས་
མི་འབྱུང་སྟེ། །ནམས་ཀྱང་ཉོན་མོངས་དེ་མི་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སེམས་ནི་རྟག་ཏུ་འོད་གསལ་ཀྱང་། །གློ་བུར་ཉེ་བའི་ཉོན་མོངས་ཀྱིས། །སོ་སོའི་སྐྱེ་བོ་ཉོན་མོངས་འགྱུར། ཞེས་གསུངས་སོ། །མདོ་འདི་ཉིད་ལས་ཀྱང་། སེམས་ནི་རང་བཞིན་དང་
བ་སྟེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །དོན་དམ་པར་ནི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། དེ་ལྟར་རིག་པ་དང་སྟོང་པ་ཡང་ཕན་ཚུན་ཁྱབ་པ་སྟེ། དེའི་ཕྱིར་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་རིག་སྒྱུ་མ་ལྟ་བུའོ། །དེ་སྐད་དུ་ཡང་འཕགས་
เล่ม ๑๒๒ · หน้า 55b
པ་དཀོན་མཆོག་བརྩེགས་པ་ལས། རྣམ་ཤེས་དེ་ནི་སྒྱུ་མ་མཚུངས། །ཞེས་པ་དང་། འཕགས་པ་ཟུང་གི་མདོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་སེམས་ཉིད་སྒྱུ་མ་ལྟ་བུར་གསུངས་པས་སོ། །འདིར་རིགས་པའི་སྟོབས་ཀྱིས་ཀྱང་གྲུབ་པ་ཉིད་དེ། ཆོས་ཅན་དང་
དགག་བྱ་ལ་སོགས་པ་ནི་སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གཏན་ཚིགས་སྦྱོར་བའི་ཚུལ་ཡང་། གང་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་དེ་ནི་སྒྱུ་མ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མའི་རྟ་གླང་ཉིད་བཞིན་ནོ། །ཇི་ལྟར་སྣང་ཞིང་མྱོང་བའི་སེམས་ཀྱང་། །གཅིག་དང་དུ་
མ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་པ་སྟེ། ཁྱབ་པར་བྱེད་པ་མི་དམིགས་པའམ། རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །སྔར་གཟུགས་ལ་སོགས་པར་སྣང་བ་སྒྱུ་མ་ཉིད་དུ་བསྒྲུབས་པས་ཀྱང་། སེམས་ཉིད་སྒྱུ་མ་ལྟ་བུར་བསྒྲུབས་པ་ཡིན་ཏེ། སྣང་བ་ཙམ་གྱི་ཆོས་
ཅན་སེམས་ཉིད་ཡིན་པའི་ཕྱིར་རོ། །འདིར་གཞན་དག་ཕྱི་རོལ་ལམ། སེམས་གང་ཡིན་ཡང་རུང་སྟེ། སྒྱུ་མ་ཉིད་དུ་རིགས་པས་གྲུབ་ཅིང་མི་གནོད་ན། དེ་ཉིད་ཡང་དག་པ་ཉིད་དུ་འགྱུར་ཏེ། རིགས་པས་གྲུབ་ལུགས་དེ་བཞིན་དུ་བདེན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཇི་ལྟར་སྣང་
ཞིང་མྱོང་བ་སྒྱུ་མར་རིགས་པས་གྲུབ་ཅིང་མི་གནོད་པ་ཡིན་ན། དེ་ཉིད་ཡང་དག་ཉིད་དུ་ཡོད་ཅེས་ཀྱང་ཅིའི་ཕྱིར་ན་ཁས་མི་བླང་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་རིགས་པས་གྲུབ་པའི་ཚུལ་དེ་ལྟར་ཡང་དག་ཉིད་དུ་འགྱུར་བ་ནི་འདོད་པ་ཉིད་ཡིན་ནོ། །
དེ་ལྟ་ན་དགག་བྱ་ཉིད་དུ་འགྱུར་རོ་ཞེ་ན། ཡང་དག་ཡིན་པ་ཙམ་གྱིས་དགག་བྱར་འགྱུར་བ་ནི། ཁྱབ་པ་ཉིད་མ་གྲུབ་སྟེ། དགག་བྱ་ནི་ཡང་དག་གི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་པས་གྲུབ་ཅིང་མི་གནོད་པའི་ཕྱིར་ཡང་དག་གི་དངོས་པོ་ཉིད་དུ་འགྱུར་རོ་
ཞེ་ན། དེ་ཡང་ཁྱབ་པ་མ་གྲུབ་སྟེ། །བདེན་པའི་དངོས་མིན་མྱོང་བ་ཙམ། །རིག་སྟོང་དབྱེར་མེད་ངོ་བོ་གང་། །རྣམ་རིག་དབུ་མའི་ཚུལ་ལུགས་ལ། །དེ་བཞིན་རིགས་པས་རྟོགས་པའི་ཕྱིར། །བདེན་པའི་དངོས་པོར་འགྱུར་ན་ནི། །ཚད་མ་དངོས་པོའི་བྱེད་པ་རུ། །ཅིའི་ཕྱིར་ན་མི་
เล่ม ๑๒๒ · หน้า 56a
འགྱུར་སྨྲོས། །གལ་ཏེ་དེ་ལྟར་འདོད་ཅེ་ན། །ཤེས་པའི་བྱེད་པ་ཞུགས་པ་ན། །ཤེས་བྱ་གཞན་དུ་འགྱུར་བ་དང་། །བྱེད་པ་མ་སྐྱེས་སྔོན་རོལ་ན། །ཚད་མར་ཐ་སྙད་གདགས་པ་ཡི། །རྟེན་མེད་ཕྱིར་ན་ཚད་མ་ཉིད། །ཐམས་ཅད་དུ་ནི་མེད་པར་འགྱུར། །གལ་ཏེ་སྒྱུ་
མ་དང་ཡང་དག་པ་ཉིད་ནི་འགལ་ཏེ། སྒྱུ་མའི་དོན་ནི་གསོབ་ཉིད་དང་། གསོག་ཉིད་སྙིང་པོ་མེད་པ་ཡིན་ལ། ཡང་དག་པ་ནི་དེ་ལས་བཟློག་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་སྒྱུ་མ་མ་ཡིན་པ་ལ་སྒྱུ་མར་བཏགས་པ་ནི། སྒྱུ་མ་ཡང་དག་པ་མ་ཡིན་གྱི། སྒྱུ་མ་ཉིད་ལ་སྒྱུ་མར་
རྣམ་པར་གཞག་པ་ནི། དེ་ལྟར་བདེན་པས་སྒྱུ་མ་ཡང་དག་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མ་མཁན་བཟང་པོས། སྤྲུལ་པའི་སྒྱུ་མ་ནི་སྒྱུ་མ་ཡང་དག་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་པའི་
སྒྱུ་མ་(ན‚ནི)། སྒྱུ་མ་ཡང་དག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བརྩད་པ་གཉིས་པ་ཡང་མི་འཐད་དེ། སྣང་ཞིང་མྱོང་བ་ཡང་དག་པའི་དངོས་པོར་ཡོད་པ་ལ། ཡང་དག་གི་གཅིག་དང་དུ་མས་ཁྱབ་པ་ལས། དེ་འདྲ་བའི་ཁྱབ་བྱེད་མི་འཐད་པའི་ཕྱིར་རོ། །འདིར་སྒྱུ་མར་རིགས་
པས་གྲུབ་ཅིང་མི་གནོད་པ་ལ་ནི། དེ་ལྟར་འགྱུར་བ་མ་ཡིན་ཏེ། སྔར་བསྟན་པ་ཚད་མ་དངོས་པོ་འཆོས་པར་བྱེད་པའི་བྱེད་པ་པོ་མ་ཡིན་པས། བདེན་པའི་དངོས་པོར་མ་གྲུབ་པའི་སྒྱུ་མ་ལ། དེ་ལྟར་ཚད་མས་རྟོགས་ཀྱང་ཡང་དག་གི་དངོས་པོར་མི་འགྱུར་བས་ཡང་
དག་གི་གཅིག་དང་དུ་མ་ལ་སོགས་པའི་དཔྱད་པ་མི་འཇུག་ཅེས་པའོ། །ཡང་གཞན་དག་ཇི་ལྟར་སྣང་ཞིང་མྱོང་བ་སྒྱུ་མ་ཉིད་ཡིན་ཞིང་། དེ་ཡང་དོན་དམ་པའི་བདེན་པར་ཁས་ལེན་ན། སྔོན་གྱི་སློབ་དཔོན་དག་གིས་བཤད་པའི་ཡང་དག་པའི་ཀུན་རྫོབ་དང་ཁྱད་པར་མེད་པར་འགྱུར་ཏེ།
ཇི་སྐད་དུ། བརྟགས་པའི་དོན་གྱིས་དབེན་འགྱུར་ཞིང་། །དངོས་ཙམ་བརྟེན་ནས་གང་སྐྱེས་པ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཞེས་གསུངས་པའོ། །དེའི་དོན་ཀྱང་ཡང་དག་པའི་ཀུན་རྫོབ་ནི་གཟུགས་ལ་སོགས་པར་སྣང་བ་འདི་ཉིད། དོན་དམ་པར་སྐྱེའོ་འགག་གོ་ཞེས་པ་
เล่ม ๑๒๒ · หน้า 56b
ལ་སོགས་པར་བརྟགས་པའི་དོན་གྱིས་དབེན་པ་དང་། དངོས་པོ་ཙམ་དུ་གྲུབ་པ་དང་། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པའོ། །དེ་ནི་ཇི་ལྟར་ཁྱེད་ཀྱིས་འདོད་པའི་རྣམ་རིག་སྒྱུ་མ་ཙམ་ལ་ཡང་མཚུངས་པ་ཉིད་དུ་སྣང་ངོ་ཞེ་ན། སྐྱོན་མེད་དེ། འདིར་སྒྱུ་མ་ལྟ་བུའི་དོན་ནི་དངོས་པོ་ཙམ་དང་། རྒྱུ་དང་
རྐྱེན་ལ་བརྟེན་ནས་སྐྱེ་བར་སྣང་ཡང་། སྐྱེ་བ་དོན་དམ་པའི་དངོས་པོ་ལ་སོགས་པས། སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ཡིན་ལ། ཡང་དག་པའི་ཀུན་རྫོབ་ནི་དེ་ལྟ་བུས་ཁྱད་པར་དུ་མ་བྱས་པའི་དངོས་པོ་ཙམ་ལ་སོགས་པ་ཡིན་པའི་ཕྱིར་རོ། །བརྟགས་པའི་དོན་གྱིས་དབེན་ཞེས་པ་ནི། དེ་
ལྟར་རྟོག་པའི་གཟུང་བ་མ་ཡིན་པ་ལ་བྱའི། དེ་ལྟར་བརྟགས་པའི་ཞེན་ཡུལ་སྐྱེ་བ་ལ་སོགས་པའི་དངོས་པོས་སྟོང་པ་ནི་འདིར་ཆེད་ཆེ་བ་མ་ཡིན་ནོ། །གལ་ཏེ་ཡང་དག་པའི་ཀུན་རྫོབ་གཟུགས་ལ་སོགས་པར་སྣང་བ་འདིའི་རང་བཞིན་དེ་ཁོ་ན་ཉིད་ནི། དེ་ལྟ་བུའི་སྐྱེ་བ་ལ་སོགས་པས་སྟོང་པའི་
ཕྱིར་མཚུངས་པར་འགྱུར་རོ་ཞེ་ན། དེ་ཅིའི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་དེ་ཁོ་ན་ཉིད་དོན་དམ་པ་དང་ཁྱད་མེད་པར་འགྱུར་བ་ནི་འདོད་པ་ཉིད་དོ། ཇི་སྐད་དུ། ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་དོ་ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། །དེ་ལྟར་བཤད་
པའི་སྒོ་ནས་ཀྱང་བརྩད་པ་སྤང་བར་ནུས་མོད་ཀྱི། འོན་ཀྱང་འདི་ནི་རྣམ་པ་གཞན་ཡིན་ཏེ། ཇི་སྐད་དུ། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཀུན་རྫོབ་བདེན་པ་ཡིན། །ཞེས་འོག་ནས་སྟོན་པར་འགྱུར་ལ།
དེའི་དོན་ཡང་ཤེས་བྱ་ཇི་ལྟར་སྣང་ཞིང་མྱོང་བ་འདི་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ནི། དོན་དམ་པའི་བདེན་པ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པའམ་འཁྲུལ་པའི་སྣང་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། འདིར་རྣམ་རིག་སྒྱུ་མ་ལྟ་བུའི་ཚུལ་ནི་དེ་ལྟ་མ་ཡིན་པས། ཡང་
དག་པའི་ཀུན་རྫོབ་ཉིད་དུ་མི་འགྱུར་རོ། །གལ་ཏེ་ཡང་སྒྱུ་མ་ནི་དངོས་པོའི་ཆ་བྱད་འཛིན་པས། དེ་ལྟར་རིགས་པའི་སྟོབས་ཀྱིས་གྲུབ་ཅིང་མི་གནོད་ན། བདེན་པའི་དངོས་པོ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། བློ་གྲོས་འདི་ནི་ལོག་པ་སྟེ། སྟོང་པ་སྤངས་པའི་དངོས་པོ་འབའ་ཞིག་གི་ལྡོག་
เล่ม ๑๒๒ · หน้า 57a
པ་ནས། རིགས་པས་གྲུབ་པ་ཉིད་དུ་སུ་ཡང་ཁས་མི་ལེན་ལ། དངོས་པོ་ཙམ་དང་བདེན་པའི་དངོས་པོས་སྟོང་པ་ཟུང་དུ་འཇུག་པའི་དོན་རིགས་པས་གྲུབ་པ་ཉིད་དུ་འདོད་དེ། དེ་ལ་ནི་སྔར་བསྟན་པ་ལྟར་ཉེས་པས་གོས་པ་མ་ཡིན་ནོ། །ཡང་གཞན་དག་གལ་ཏེ་དོན་དམ་
པར་སྟོང་པ་ཉིད་དུ་ཁས་ལེན་ན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས་པ་དང་། སྐབས་ཀྱི་དོན་ཆོས་དང་ཆོས་མིན་པ་ནི་ཤེས་རབ་ཀྱིས་སྤང་བར་བྱ་བར་གསུངས་
པ་དང་། འོག་ནས་ཀྱང་། དེ་བས་ཡོད་པར་མི་བརྟག་ཅིང་། །མེད་པ་ཉིད་དུའང་བརྟག་མི་བྱ། །ཞེས་པ་ལ་སོགས་པ་གསུངས་པ་དང་། ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི།
དེ་ལྟ་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལ་སོགས་པ་མདོ་སྡེ་དུ་མ་དང་འགལ་བར་འགྱུར་ཞིང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྒྱལ་བས་སྟོང་ཉིད་ལྟ་བ་ཀུན། །ལྟ་ཀུན་ངེས་པར་འཇོམས་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །འདི་ནི་གསོ་རུ་མེད་པར་གསུངས། །ཞེས་
བསྟན་པ་དང་ཡང་འགལ་བར་འགྱུར་ལ། ཡང་། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་བསྟན་པའི་རིགས་པའི་སྟོབས་ཀྱིས་ཀྱང་གནོད་པར་འགྱུར་རོ་སྙམ་དུ་སེམས་ན། སྐྱོན་མེད་དེ། འདིར་སྟོང་པ་ཉིད་འབའ་ཞིག་ནི་ཁས་ལེན་པ་མ་ཡིན་ཏེ།
ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ཅིང་འོག་ནས་སྟོན་པས་སྔ་མ་ལྟར་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་དོན་ཉིད། སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས་དེ་ཁོ་ན་ཉིད་སྤྱོད་པའི་སྐབས་སུ་ཁས་ལེན་པའོ། །དེ་ལྟ་ན་ཡང་དོན་དམ་པར་སྟོང་ཞིང་མེད་པ་ཡིན་མོད་ཀྱི། མདོ་སྡེ་
དག་གི་དོན་ནི་དངོས་པོ་སྔོན་དུ་སོང་བའམ། དངོས་པོའི་ཟླའོ་ལ་ལྟོས་ནས་བློའི་བྱེད་པས་སྒྲོ་བཏགས་པའི་སྟོང་པ་འམ་མེད་པ་དེ་འདྲ་བ་དང་། དེར་སྒྲོ་འདོགས་ཀྱི་བློ་དགག་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི། ཟུང་དུ་འཇུག་པའི་དོན་རང་བཞིན་སྟོང་པ་ཉིད་ནི་ཐེག་པ་ཆེན་པོའི་མདོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด