འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๒ · หน้า 112a
ལྟོས་པས་དེ་དག་གི་འབྲས་བུ་འགྲོ་བ་རྣམས་ལ་ཡང་སྨིན་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་། འགྲོ་བ་བཟང་ངན་ལ་སོགས་པའི་འབྲས་བུ་མེད་པ་ལ། དབང་ཕྱུག་མཐུ་ཐོགས་པ་མེད་ཅིང་རང་དབང་ཅན་ཉིད་ཉམས་སོ། །གཞན་ཡང་འགྲོ་བ་(ད་‚དེ་)དག་གི་འདོད་པ་ལ་
སོགས་པའི་རྐྱེན་ཀྱང་དབང་ཕྱུག་གིས་བྱས་སམ་མ་བྱས་ཞེས་པ་ལ་སོགས་པའི་རྟག་པ་མཚུངས་ཏེ། དོན་གོ་བར་ཟད་དོ། །གཞན་ཡང་ཐ་སྙད་ཙམ་དུ་མྱུ་གུ་ས་བོན་ལ་སོགས་པའི་ཚོགས་པ་ལས་སྐྱེ་བ་དང་། དུ་བ་ལ་སོགས་པ་མེ་ལ་སོགས་པ་ལས་སྐྱེ་བར་མཐོང་ཞིང་། མཐོ་རིས་
དང་ངན་འགྲོའི་བདེ་བ་དང་སྡུག་བསྔལ་ཡང་ལས་ཀྱི་བྱེ་བྲག་འགའ་ཞིག་ལས་སྐྱེ་བར་སྔར་བསྟན་པས། དེ་ལས་གཞན་དབང་ཕྱུག་ལ་སོགས་པ་རྟག་པའི་དངོས་པོ་ལས་སྐྱེ་བ་ནི་མི་འཐད་དོ། །གཞན་དུ་གྱུར་པ་མི་རྟག་པ་ལས་སྐྱེ་བ་འགོག་པ་ཡང་རྣམ་པ་གསུམ་སྟེ། དེ་ལ་འདས་པ་ཞིག་
པ་ལས་སྐྱེ་བ་དང་། མ་འོངས་པ་ལས་སྐྱེ་བར་འདོད་པ་ནི་བྱེ་བྲག་པ་རྣམས་ཀྱི་ལུགས་ཏེ། དེ་ནི་དགག་པ་ཉིད་དུ་སླའོ། །ད་ལྟར་དུས་མཉམ་པ་ལས་སྐྱེ་བ་ཡང་མི་འཐད་དེ། རྒྱུར་མངོན་པར་འདོད་པ་གྲུབ་པའི་དུས་ན་འབྲས་བུ་ཡང་གྲུབ་ཟིན་པས་སྐྱེ་བར་མི་འཐད་ལ། རྒྱུ་མ་གྲུབ་
པ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པས་དེ་ལས་འབྲས་བུ་སྐྱེ་བ་ནི་མི་འཐད་དེ། རང་ལས་སྐྱེ་བ་དགག་པ་དང་མཚུངས་སོ། །གཞན་ཡང་རྭ་གཡས་པ་དང་གཡོན་པ་ལྟར་དུས་མཉམ་དུ་གྲུབ་པའི་དངོས་པོ་གཉིས་ལ། འདི་ནི་རྒྱུ་ལ་འདི་ནི་འབྲས་བུ་ཞེས་པའི་ངེས་པ་མི་འཐད་དེ།
རྒྱུ་མཚན་མཚུངས་པའི་ཕྱིར་ཕན་ཚུན་འཆོལ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ད་ལྟར་བ་འབྲས་བུའི་དུས་ལ་ལྟོས་པའི་སྔོན་རོལ་དེ་མ་ཐག་པ་བར་མེད་པ་ལས་སྐྱེ་བར་འདོད་པ་ནི་ཐ་སྙད་ཀྱི་ཚུལ་ལ་མཁས་པ་རྣམས་ཀྱི་གཙུག་ལག་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་
པ་སཱ་ལུ་ལྗང་པའི་མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ཞེས་པའམ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་པ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་སོ། །འདི་ཡང་
เล่ม ๑๒๒ · หน้า 112b
དཔྱད་ན་མི་འཐད་དེ། རྒྱུ་དང་འབྲས་བུའི་སྐད་ཅིག་གཉིས་བདག་ཉིད་ཐམས་ཅད་ནས་བར་མ་ཆོད་དེ། རྒྱུའི་སྐད་ཅིག་དེ་ཉིད་ཀྱི་རྒྱུར་གྱུར་པའི་སྐད་ཅིག་སྔ་མ་ལ་ཉེ་ཞིང་འབྱོར་བའི་ཕྱོགས་དང་འབྲས་བུར་གྱུར་པའི་སྐད་ཅིག་གི་རང་གི་འབྲས་བུ་ལ་ཉེ་བའི་ཕྱོགས་གཉིས་ཀྱང་མ་ཆོད་
ན་ནི་དེ་དག་དུས་མཉམ་པ་ཉིད་དུ་འགྱུར་ལ། གལ་ཏེ་དེ་དག་ནི་བར་དུ་ཆོད་མོད་ཀྱི་རྒྱུར་གྱུར་པའི་སྐད་ཅིག་གི་རང་གི་འབྲས་བུ་ལ་ཉེ་བའི་ཕྱོགས་དང་། འབྲས་བུ་ཡང་རང་གི་རྒྱུ་ལ་ཉེ་བའི་ཕྱོགས་གཉིས་བར་མ་ཆོད་པའོ། །ཞེ་ན། རྒྱུ་དང་འབྲས་བུའི་སྐད་ཅིག་རེ་རེ་ཡང་ཆོད་པ་དང་མ་ཆོད་པའི་ཆ་
དང་བཅས་པས་སྐད་ཅིག་གཅིག་ཉིད་ཉམས་སོ། །གལ་ཏེ་རྒྱུའི་དུས་ན་འབྲས་བུ་མ་སྐྱེས་ནས་མེད་པའི་ཕྱིར་མེད་པ་དང་། ཕྱོགས་གཅིག་མཐའ་དག་གི་བརྟག་པ་མི་འཇུག་ལ། འབྲས་བུའི་དུས་ན་ཡང་རྒྱུ་འགགས་ནས་མེད་པའི་ཕྱིར་མེད་པ་དང་ཕྱོགས་གཅིག་དང་མཐའ་དག་གི་
བརྟག་པ་མི་འཇུག་གོ་ཞེ་ན། སྐྱོན་མེད་དེ། ཁྱད་པར་མཐའ་དག་སྤངས་པའི་སྤྱི་མི་འཐད་དེ། གཅིག་དང་དུ་མ་དང་བྲལ་བའི་དངོས་པོ་མི་འཐད་པ་བཞིན་ནོ། །དེའི་ཕྱིར་མ་ཆོད་པ་ཉིད་དུ་ཁས་བླངས་ན་ཁྱད་པར་དེ་དག་ལས་གང་ཡང་རུང་བ་ཅིག་གིས་ཁྱབ་ལ་དེ་དག་ལ་གཅིག་ཏུ་ངེས་པ་
མེད་པ་ན་འདི་འམ་འདི་ཞེས་ཅིའི་ཕྱིར་བརྟག་པ་མི་འཇུག་ཞེས་པའོ། །གཞན་དུ་ན་རྒྱུའི་དུས་ན་འབྲས་བུ་མ་སྐྱེས་ནས་མེད་པས་མེད་པ་དང་གཉིས་བར་དུ་མ་ཆོད་ཅེས་པའི་ཁྱབ་བྱ་བརྟག་པའི་གཞི་ཁས་ལེན་པ་ཡང་མི་འཐད་དོ། །གལ་ཏེ་མ་ཆོད་པའི་དངོས་པོ་ནི་ཁས་མི་ལེན་མོད་ཀྱི།
བར་མེད་པ་ཙམ་ཉིད་ལ་མ་ཆོད་པ་ཞེས་བརྟགས་སུ་ཟད་དོ་ཞེ་ན། དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཁས་ལེན་པ་ཡང་མི་འཐད་ལ། གཞན་ཡང་བདག་ཉིད་ཐམས་ཅད་ནས་བར་མེད་དམ་ཕྱོགས་ཀྱི་ཕྱོགས་གཅིག་ནས་བར་མེད་པའི་བརྟག་པ་ཡང་མཚུངས་སོ། །སྐབས་ཀྱི་དོན་འདི་ནི་
ཇི་ལྟར་ཉིན་པར་དང་མཚན་མོའི་དུས་གཉིས་བདག་ཉིད་ཐམས་ཅད་ནས་བར་དུ་མ་ཆོད་དེ། ཉིན་བར་གྱི་སྔ་དྲོའི་ཕྱོགས་དེ་ཉིད་ཀྱི་སྔོན་རོལ་གྱི་མཚན་མོའི་དུས་དང་ཉེ་བར་གྱུར་པའི་ཕྱོགས་དང་། མཚན་མོའི་རྗེས་ཐོགས་ཕྱིས་བྱུང་བའི་ཉིན་པར་དང་ཉེ་བར་གྱུར་པའི་ཕྱོགས་གཉིས་ཀྱང་མ་
เล่ม ๑๒๒ · หน้า 113a
ཆོད་ན་ཉིན་མཚན་དེ་དག་དུས་མཉམ་པ་ཉིད་དུ་འགྱུར་ལ། གལ་ཏེ་དེ་དག་ནི་བར་དུ་ཆོད་མོད་ཀྱི། ཉིན་པར་གྱི་ཕྱི་དྲོ་དང་། དེ་དང་ཉེ་བར་གྱུར་པའི་མཚན་མོའི་དུས་ནི་མ་ཆོད་དོ་ཞེ་ན། ཉིན་མཚན་དེ་དག་སོ་སོ་རེ་རེ་ཡང་ཆོད་པ་དང་མ་ཆོད་པའི་ཆ་དང་བཅས་པར་འགྱུར་བ་
བཞིན་ནོ། །གཞན་ཡང་ཕྱིའི་དོན་ཁས་ལེན་པ་རྣམས་ཀྱིས་ཤར་དང་ནུབ་ཀྱི་རྡུལ་བར་དུ་མ་ཆོད་ཅིང་འབྱར་བར་ཁས་བླངས་པ་ན་བདག་ཉིད་ཐམས་ཅད་ནས་མ་ཆོད་དེ། ཤར་གྱི་ཤར་ངོས་དང་ནུབ་ཀྱི་ནུབ་ངོས་ཀྱང་མ་ཆོད་ན་ནི་དེ་དག་ཡུལ་གཅིག་ཉིད་དུ་འགྱུར་ལ། དེ་དག་ནི་བར་དུ་ཆོད་
མོད་ཀྱི། ཤར་གྱི་ནུབ་ངོས་དང་ནུབ་ཀྱི་ཤར་ངོས་གཉིས་མ་ཆོད་དོ་ཞེ་ན། རྡུལ་དེ་དག་རེ་རེ་ལ་ཡང་ཆོད་པ་དང་མ་ཆོད་པའི་ཆ་གཉིས་དང་བཅས་པས་རྡུལ་གཅིག་པ་ཉིད་ཉམས་པར་འགྱུར་བ་དང་ཡང་མཚུངས་སོ། །གཞན་ཡང་སྔ་མ་ལྟར་གཅིག་ཡོད་པའི་དུས་ན། ཅིག་ཤོས་མེད་པས་
ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་ན། འདིར་ཡང་ཤར་ཕྱོགས་ཀྱི་རྡུལ་གྱི་ཡུལ་ན་ནུབ་ངོས་ཀྱི་རྡུལ་མེད་པས་མེད་པ་དང་ཕྱོགས་གཅིག་མཐའ་དག་གི་བརྟག་པ་མི་འཇུག་ལ། ནུབ་གྱི་རྡུལ་གྱི་ཡུལ་ན་ཡང་ཤར་ཕྱོགས་ཀྱི་རྡུལ་མེད་པས་དེ་བཞིན་དུ་འགྱུར་རོ་ཞེས་ཅིས་ཏེ་
མི་བརྩད། གལ་ཏེ་གཅིག་གི་ཡུལ་ན་གཅིག་མེད་ཀྱང་དུས་མཉམ་དུ་ཕན་ཚུན་འདབ་འབྱོར་པ་ཉིད་དུ་ཡོད་པས་དེ་འདྲ་བའི་བརྟག་པ་འཇུག་གོ་ཞེ་ན། གཅིག་གི་དུས་ན་གཅིག་མེད་ཀྱང་ཡུལ་གཅིག་ན་དུས་འདབ་འབྱོར་པ་ཉིད་དུ་ཡོད་པས་སྔ་མ་ལྟར་བརྟག་པ་འཇུག་པ་ཉིད་དོ། །གཞན་
ཡང་རྒྱུར་གྱུར་པའི་སྐད་ཅིག་ལ་དེ་ཉིད་རང་གི་རྒྱུར་གྱུར་པའི་སྐད་ཅིག་དང་། བདག་ཉིད་ཐམས་ཅད་ཀྱིས་བར་དུ་མ་ཆོད་ན་དེ་ཉིད་ལ་ཐིམ་པར་འགྱུར་ཞིང་། ཕྱོགས་གཅིག་ནས་མ་ཆོད་ན་ཆ་དང་བཅས་པས་སྐད་ཅིག་པ་ཉིད་ཉམས་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་སྐད་ཅིག་
གཅིག་པ་ཉིད་དུ་ཁས་ལེན་ཅིང་བར་དུ་མ་ཆོད་པ་ཉིད་དུ་ཡང་འདོད་ན་བསྐལ་པ་ཡང་སྐད་ཅིག་གི་ཚད་ཙམ་ཉིད་དུ་འགྱུར་བ་ནི་ལེགས་པར་བསམས་པས་གོ་བར་ཟད་དེ། ཇི་ལྟར་ཉིན་པར་གྱི་དུས་འགའ་ཞིག་ལ། དེའི་སྔ་ཕྱིར་གྱུར་པའི་མཚན་མོའི་དུས་བདག་ཉིད་ཐམས་ཅད་ནས་བར་
เล่ม ๑๒๒ · หน้า 113b
དུ་མ་ཆོད་ན། ཉིན་པར་གྱི་དུས་དེ་ཉིད་ལ་ཐིམ་པར་འགྱུར་ཞིང་། དེ་བཞིན་དུ་དེ་དག་གི་སྔ་ཕྱིར་གྱུར་པའི་ཉིན་མོའི་དུས་ཀྱང་བདག་ཉིད་ཐམས་ཅད་ནས་བར་དུ་མ་ཆོད་ན། དེ་ལ་ཐིམ་པར་འགྱུར་བས་རི་རབ་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་བ་དང་མཚུངས་སོ། །འདིར་གལ་
ཏེ་རྒྱུ་དང་འབྲས་བུའི་སྐད་ཅིག་ཀྱང་ཆ་དང་བཅས་པ་སྟེ། དུ་མ་ཉི་ཚེའོ་ཞེ་ན། སྐད་ཅིག་ཅེས་པ་དུས་ཀྱི་མཐའ་ཉིད་དུ་ཡང་མི་འཐད་ལ། གཞན་ཡང་དུས་རྒྱས་པ་བསྐལ་པའི་དུས་ལ་སོགས་པ་ནི་དུས་ཐུང་ངུ་མ་ཡིན་སྐད་ཅིག་མང་པོ་མཐུད་ནས་བརྩམས་པ་ཡིན་ལ། འདིར་བསྐལ་པ་
ལྟ་བུའི་དུས་དང་སེ་གོལ་གཏོགས་པའི་དུས་ལྟ་བུ་ལ་རྩོམ་བྱེད་ཀྱི་དུས་ཀྱི་སྐད་ཅིག་མང་ཉུང་མེད་ན་ནི་དེས་བརྩམས་པའི་དུས་ལ་རིང་ཐུང་མེད་པར་འགྱུར་ལ། འོན་ཏེ་ཡོད་ན་ནི་མང་ཉུང་ཚད་ཀྱི་མཐར་ཐུག་ལ། དེའི་མཐའ་ཡང་གཅིག་ཏུ་ཁས་ལེན་དགོས་ཏེ། སྔར་རྡུལ་ཕྲ་རབ་ཀྱི་
སྐབས་སུ་བསྟན་པ་བཞིན་ནོ། །གལ་ཏེ་སྐད་ཅིག་ཆ་ཤས་མེད་པ་ལ་ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཐད་དོ་ཞེ་ན། རྡུལ་ཕྲ་རབ་ཆ་ཤས་མེད་པ་ལ་ཡང་ཤར་དང་ལྷོ་ལ་སོགས་པའི་ཕྱོགས་ཆའི་བརྟག་པ་མི་འཐད་པས། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཞེས་པ་ལ་སོགས་པའི་ཉེས་
པ་ལས་གྲོལ་ལོ། །གལ་ཏེ་ཆ་ཤས་མེད་པར་ཁས་བླངས་ཞེས་ཀྱི། དེ་ཙམ་གྱིས་དེ་ལྟར་གྲུབ་པ་ནི་མ་ཡིན་ལ། གཞན་ཡང་དེ་དག་གིས་དེ་འདྲ་བའི་རྡུལ་དུ་མ་འདུས་པ་ལས། གཟུགས་རགས་པ་རྩོམ་པ་ཉིད་དུ་ཁས་བླངས་པ་ན། རྡུལ་འགའ་ཞིག་ལ་འདབ་ཆགས་སུ་ཀུན་ནས་བསྐོར་
བ་ཉིད་དུ་ཁས་ལེན་དགོས་པས་དེ་འདྲ་བའི་བརྟག་པ་འཇུག་གོ་ཞེ་ན། དེ་བཞིན་དུ་རྒྱུ་དང་འབྲས་བུའི་སྐད་ཅིག་གཅིག་པའི་དངོས་པོར་ཁས་བླངས་མོད་ཀྱི། དེ་ཙམ་གྱིས་དེ་ལྟར་འགྲུབ་པ་ནི་མ་ཡིན་ལ། དེ་འདྲ་བའི་སྐད་ཅིག་མཐུད་པ་ལས་དུས་རིང་པོར་རྩོམ་པར་འདོད་པ་ན། ཅིའི་ཕྱིར་དེ་
འདྲ་བའི་བརྟག་པ་མི་འཇུག་ཅེས་བྱ་སྟེ། གཟུ་བོར་གནས་ཤིང་དོན་ལ་འཇུག་པའི་བློ་ཡིས་བསམ་པར་བྱའོ། །དོན་འདི་རྣམས་ཉིད་ལུང་བསྟན་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་
เล่ม ๑๒๒ · หน้า 114a
ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས། །འབྱུང་བ་མེད་ཅིང་འཇིག་པ་མེད། །བདག་ལས་མ་ཡིན་གཞན་ལས་མིན། །རྟག་དང་ཆད་ལས་རྣམ་པར་གྲོལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །
འཇིག་རྟེན་གཅེས་པས་བྱས་མ་ཡིན། །རྡུལ་གྱི་རྐྱེན་ལས་བྱུང་བའང་མེད། །རྒྱུ་མེད་པས་དང་བྱས་མ་ཡིན། །ངོ་བོ་ཉིད་ཀྱིས་བྱུང་བའང་མིན། །ཞེས་པ་དང་། གཞན་ཡང་། འདི་ལྟར་དྲི་ཟའི་ཁང་པ་དག །ཁང་པ་མ་ཡིན་ཁང་པར་སྣང་། རྒྱུ་མེད་པར་ཡང་མི་སྣང་སྟེ། །བདག་དང་གཞན་དང་
གཉི་ག་ལས། །རྟོག་པས་རྣམ་པར་བརྟག་བྱས་ན། །དངོས་ཉིད་མི་འགྲུབ་དངོས་རྣམས་ཀྱི། །རང་བཞིན་ཀུན་དུ་བརྟག་པའོ། །རྒྱུ་ལས་དངོས་པོ་མི་འབྱུང་སྟེ། རྒྱུ་མེད་ལས་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྐྱེ་བ་རྣམ་པ་བཞི་དང་བྲལ་བའི་སྒོ་ནས་དངོས་པོའི་ངོ་བོ་དོན་དམ་པ་བ་འགོག་
སྟེ། འདིར་ཆོས་ཅན་དང་དགག་བྱ་ལ་སོགས་པའི་དོན་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་སྐྱེ་བ་མེད་པའི་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་ན་མངོན་སུམ་ལ་སོགས་པའི་ཚད་མ་དང་འགལ་བར་འགྱུར་རོ་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བྱིས་པས་
ཕྱི་རོལ་དང་། ཡང་དག་པའི་དངོས་པོར་བརྟགས་པ་བཞིན་དུ་མ་སྐྱེས་པ་ནི་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་ཏེ། གཞན་དུ་ན་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ཀྱང་གཞན་གྱི་དབང་ཉིད་དུ་འགྱུར་རོ། །སྔར་རྣམ་གྲངས་ཀྱིས་ན་ཀུན་དུ་བརྟགས་པ་ཡང་གཞན་གྱི་དབང་ཉིད་དུ་
འགྱུར་ཞེས་པ་ནི་རྣམ་གྲངས་སམ་ལྟོས་པའི་ཀུན་བརྟགས་ཡིན་པས་འགལ་བ་མེད་དོ། །རྣམ་པར་བརྟགས་པའི་ཕྱིར་ཞེས་པ་ལ་འདིར་ཕྱིར་ཞེས་པའི་དོན་ནི་རྣམ་པར་བརྟགས་པའི་ཚུལ་དེ་ལྟར། དངོས་པོ་ཐམས་ཅད་མ་སྐྱེས་ཞེས་པ་སྟེ། གཏན་ཚིགས་སམ་ཆེད་དུ་བྱ་བའི་དོན་ནི་མ་ཡིན་ནོ། །
དེས་ན་སྐྱེ་བ་ལ་སོགས་པ་ཚད་མས་གྲུབ་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་སེམས་ཉིད་རིག་པའི་གཞན་གྱི་དབང་ཉིད་སྒྱུ་མ་ལྟ་བུར་སྐྱེ་བ་ཡིན་གྱི། བྱིས་པ་རྣམས་ཀྱི་གཟུང་འཛིན་གཉིས་ཀྱི་དངོས་པོ་ཡང་དག་པར་རྟོག་པའི་སྤྱོད་ཡུལ་གྱི་སྒོ་ནས་ནི་སྐྱེ་བ་མ་ཡིན་ཏེ། དེ་ནི་
เล่ม ๑๒๒ · หน้า 114b
ཡང་དག་པའི་ཀུན་རྫོབ་ཏུ་ཡང་མི་འཐད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་སྤང་བའི་དོན་དུ་གདམས་པ་སྟེ། གནས་ཀྱི་རྣམ་པར་སྣང་བའི་རང་བཞིན་ཉིད་མཚན་ཉིད་དེ། གཞི་མཐུན་པར་གྱུར་པའོ། །གཟུང་བ་དང་འཛིན་པའི་མཚན་ཉིད་དུ་འཇུག་པ་ནི་སྔར་བསྟན་
པ་ལྟར་རོ། །གཉིས་སུ་ལྟུང་ཞེས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་ལྡན་པ་དེ་ཉིད་ལ། གཟུང་འཛིན་གཉིས་ཀྱི་དངོས་པོར་ལྟ་བའི་ཕྱོགས་སུ་ལྟུང་བའོ། །འདི་ལ་ཁྱོད་ཀྱིས་བརྩོན་པར་བྱ། །ཞེས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་འཆིང་བའི་རྒྱུ་ཡིན་པས་དེ་འདྲ་བ་སྤང་བའི་དོན་དུ་བརྩོན་པར་བྱ་ཞེས་
པའོ། །བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ནི་ལམ་གྱི་ཐེག་པས་སྦྱང་བར་བྱ་བ་མྱ་ངན་ལས་འདས་པ་ཐོབ་པའི་ཉེ་བར་ལེན་པའི་རྒྱུ་རིགས་ཀྱི་རྣམ་པར་དབྱེ་བ་སྟོན་ཏེ། དེ་ལ་རིགས་མེད་པ་ལ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ཡང་
ལྷ་དང་ཚངས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཡིན་པས། དེ་ལྟར་བསྟན་པའོ། །རིགས་མེད་ཅེས་པ་ནི་ཐར་པའི་རིགས་མེད་པའོ། །ཐེག་པ་མངོན་པར་རྟོགས་ཞེས་པ་ཡང་། ལམ་དང་འབྲས་བུའི་ཐེག་པ་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པ་སྟེ། ཐོབ་པར་འགྱུར་
བའོ། །དེ་ལ་ཉན་ཐོས་ཀྱི་རིགས་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་གང་ཟག་གི་བདག་གིས་སྟོང་པར་ཤེས་པ་དང་། དེ་ཉིད་ཀྱིས་མྱུར་དུ་རང་ཉིད་སྲིད་པའི་སྡུག་བསྔལ་ལས་ཐར་པ་ཉིད་དུ་བསྟན་པ་ན། དེ་ལ་མོས་པའི་སྒོ་ནས་ལུས་ཀྱི་སྤུ་ལྡང་ཞིང་། དེའི་བློ་ཕུང་པོ་ལ་
སོགས་པའི་མཚན་ཉིད་གང་ཟག་གི་བདག་གིས་སྟོང་པའི་དོན་ལ་འདྲིས་ཤིང་གོམས་པར་བྱ་བའི་ཤེས་པ་ལ་འཇུག་པ་སྟེ། སྒྲུབ་པའི་བྱེ་བྲག་གོ། །དེ་ལས་གཞན་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དོན་དང་། ཐམས་ཅད་སེམས་སུ་གཅིག་ཅིང་དེ་ཡང་སྟོང་པ་ཉིད་དུ་རོ་གཅིག་པའི་
མཚན་ཉིད་ལ་མོས་པ་དང་སྒྲུབ་པ་མི་བྱེད་པའོ། །དེའི་འབྲས་བུའི་བྱེ་བྲག་ནི་དེ་ལྟ་བུའི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ས་དྲུག་དང་ལྔ་དག་ཏུ་ཀུན་ནས་ལྡང་བའི་ཉོན་མོངས་པ་རབ་ཏུ་སྤངས་ཞེས་པ་ལ་སོགས་པའོ། །ས་ལྔའམ་དྲུག་ནི་དེ་དག་གི་རིགས་ཀྱི་ས་དང་། བརྒྱད་པ་དང་། མཐོང་
เล่ม ๑๒๒ · หน้า 115a
བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་སྟེ་རྣམ་པ་ལྔའམ། གཞན་ཡང་བྱས་པ་རྟོགས་པའི་ས་དང་དྲུག་གི་བར་དག་ཏུ་ཅི་རིགས་པར་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་སྤངས་ཞེས་པའོ། །དྲུག་པོ་
དེ་རྣམས་ཀྱང་གོ་རིམས་བཞིན་དུ་ཉན་ཐོས་ཀྱི་རིགས་སུ་ངེས་པ་སྟེ། བཟོད་པ་ཆེན་པོ་ཡན་ཆད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་། འབྲས་བུ་དེ་ལ་གནས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་འདོད་པའི་འདོད་ཆགས་དང་བྲལ་བ་དང་། ཟད་པ་དང་མི་སྐྱེ་བ་
ཤེས་པའི་ཡེ་ཤེས་ཐོབ་པ་དགྲ་བཅོམ་པ་རྣམས་དང་སྦྱར་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་བཞིན་ནོ། །འདིར་བཟོད་པ་ཆེན་པོ་ཡན་ཆད་ནས་དེའི་རིགས་སུ་ངེས་པ་ནི། གཉིས་སློབ་རིགས་ལས་ལོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །
ཞེས་གསུངས་པས་ངེས་འབྱེད་གསུམ་པ་བཟོད་པ་འབྲིང་པོ་ཡན་ཆད་དུ་ཡང་དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱིས་རང་གི་རིགས་ལས་བཟློག་ནས་རང་སངས་རྒྱས་སུ་འགྱུར་སྲིད་པས་དེའི་རིགས་སུ་མ་ངེས་ཞེས་པའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་པ་ནི་ཀུན་འབྱུང་བ་ཟད་པ་
དང་། དེ་ཉིད་ཀྱིས་སྲིད་པར་སྐྱེ་བའི་ཕུང་པོའི་ལྷག་མ་ནི་འདི་ཉིད་ཙམ་ཡིན་གྱི། གཞན་ལེན་པ་མེད་པས་ཟད་པའོ་ཞེས་ཤེས་པའོ། །ཚངས་པར་སྤྱོད་པ་ལ་གནས་ཞེས་པ་ནི་ཉེས་སྐྱོན་དང་བྲལ་བ་སྟེ། ཇི་སྐད་དུ། ཡོན་ཏན་བཞི་དང་ལྡན་པའི་ཚངས་པར་སྤྱོད་པ་སྟེ། མ་འདྲེས་པ། ཡོངས་
སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་མ་འདྲེས་པ་ནི་ཉན་ཐོས་ཀྱི་ཐེག་པ་དེ་ཉིད་མུ་སྟེགས་དང་མ་འདྲེས་པའོ། །ཡོངས་སུ་རྫོགས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པའི་གཉེན་པོ་རྫོགས་པའོ། །ཡོངས་སུ་དག་པ་ནི་དེའི་སེམས་ངོ་བོ་ཉིད་
ཀྱིས་རྣམ་པར་དག་པའི་སྒོ་ནས་ཟག་པ་མེད་པའོ། །ཡོངས་སུ་བྱང་བ་ནི་དགྲ་བཅོམ་པའི་གནས་སྐབས་ན་ཉོན་མོངས་པའི་དྲི་མ་རྣམ་པར་དག་པས་ཟག་པ་ཟད་པའོ། །དེ་ལྟར་ཡང་། གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམ་སྤང་རྫོགས་བྱེད་དང་། ངོ་བོ་ཉིད་
เล่ม ๑๒๒ · หน้า 115b
དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། ཅེས་གསུངས་པའི་ཕྱིར་རོ། །བྱ་བ་བྱས་སོ་ཞེས་པ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་སྤངས་པ་དང་། འགོག་པ་མངོན་དུ་བྱས་པ་དང་། ལམ་བསྒོམ་པ་རྣམས་བྱས་ཟིན་པ་སྟེ། དེར་ཕྱིན་ཆད་ཤེས་པར་བྱར་
མེད་ཅིང་སྤང་དུ་མེད་ལ་མངོན་དུ་བྱར་མེད་ཅིང་བསྒོམ་དུ་མེད་ཅེས་པའོ། །སེང་གེའི་སྒྲ་ནི་འཇིགས་པ་མེད་པའོ། །དེ་ལ་སོགས་པ་ཐ་བ་བཅོམ་པ་དང་ཀུན་དུ་སྦྱོར་བ་སྤངས་ཞེས་པའོ། །བློར་འགྱུར་ཞེས་པ་ནི་མྱ་ངན་ལས་འདས་པ་མ་ཡིན་པ་མ་ཡིན་པ་ལ། དེའི་བློར་འགྱུར་བའོ། །བློ་
གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཐར་པའི་རིགས་མེད་པ་ཉིད་སྟོན་ཏེ། ལས་སོག་ཅིང་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་གང་ཟག་གིས་བདག་ཡོད་པར་ཁོང་དུ་ཆུད་པས་དེ་ཉིད་སྡུག་བསྔལ་ལས་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་འཇིག་རྟེན་པའི་བསམ་གཏན་དང་།
གཟུགས་མེད་པའི་ཏིང་ངེ་འཛིན་བསྒོམ་ཞིང་། མེ་ལྔ་བསྟེན་པ་ལ་སོགས་པ་ལོག་པའི་བརྟུལ་ཞུགས་སྤྱོད་པར་བྱེད་པའོ། །དེ་ལ་གསོ་བ་ནི་བདག་དེ་ཉིད་ཁམ་དུ་བྱས་པའི་ཟས་ཀྱིས་རྒྱས་པར་བྱེད་པས་སོ། །སྐྱེས་བུ་ནི་དེ་ཉིད་ལུས་ལ་བརྟེན་པས་སོ། །གང་ཟག་ནི་དེ་ཉིད་དགེ་
མི་དགེའི་ཆོས་ཀྱིས་གང་ཞིག་ཁམས་གསུམ་དུ་སྐྱེ་བར་འགྱུར་བས་སོ། །དངོས་པོ་ཐམས་ཅད་རྒྱུ་ལ་རག་ལས་ཞེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་བཟང་པོ་དང་། ངན་པར་གྱུར་པ་ཐམས་ཅད་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་རག་ལུས་པར་མཐོང་ནས་དེ་ལ་སྲོག་གི་
མཆོད་སྦྱིན་ལ་སོགས་པས་མཉེས་པར་བྱས་པའི་སྒོ་ནས་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའོ། །ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་མ་རྟོགས་པ་དེ་དག་གིས་ཐར་པ་མི་འཐད་པ་ནི་སྔར་རྒྱས་པར་བསྟན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཞེས་པ་ལ་སོགས་པའི་དོན་ནི་རང་ཉིད་གཅིག་པུ་
ཐར་པར་བྱ་བའི་དོན་དུ་རྟེན་འབྲེལ་ཟབ་མོའི་དོན་མངོན་པར་རྟོགས་པ་བསྟན་པ་དང་། སངས་རྒྱས་དང་ཉན་ཐོས་ལ་སོགས་པ་འདུ་འཛིའི་རྐྱེན་མེད་པར་དབེན་པ་ལ་གནས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་ཤེས་པ་ཙམ་གྱི་དངོས་པོ་ལ་མངོན་པར་ཞེན་པའི་ཚུལ་དུ་སྒྲུབ་པ་སྟེ་དེ་
เล่ม ๑๒๒ · หน้า 116a
ལས་གཞན་གྱི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རྟེན་འབྲེལ་ལ་ནི་དངོས་པོར་ཞེན་པ་མེད་དེ། ཇི་སྐད་དུ། །གཟུང་བར་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །
ལམ་དང་འབྲས་བུའི་གནས་སྐབས་ན་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། སུ་དག་གིས་མ་གུས་པའི་སྤྱོད་པ་བྱས་པ་ན་དུས་དེ་ཉིད་ཀྱི་ཚེའམ་ཕྱིས་མྱ་ངན་ལས་འདའ་བའི་གནས་སྐབས་ཀྱང་རུང་སྟེ། དེ་དག་གི་ཉེས་པ་བཤགས་པར་བྱ་བའི་དོན་དུ་མདུན་གྱི་ནམ་མཁའ་ལ་མངོན་པར་
འཕགས་ནས་རང་གི་ལུས་ལས་མེའི་ཁམས་ཕྱུང་སྟེ། མྱ་ངན་ལས་འདའ་བ་སྟོན་པ་དང་། ཟུང་གི་ཆོ་འཕྲུལ་ཏེ་མེ་འབར་བ་དང་ཆུ་འབྲུབ་པ་ལ་སོགས་པ་འགལ་བའི་རྣམ་པ་སྟོན་པའི་འབྲས་བུ་འདི་ལྟ་བུ་དག་ཡོད་དོ་ཞེས་བཤད་པ་ན། ཐོག་མར་མོས་པ་ཉིད་དུ་འགྱུར་ཞིང་། དེའི་རྗེས་སུ་སྔ་མ་
ལྟར་འདུ་འཛི་མེད་པའི་རྐྱེན་གྱིས་སྒྲུབ་པ་ནི་རང་སངས་རྒྱས་ཀྱི་རིགས་ཅན་ནོ། །ཐེག་པ་ཆེན་པོའི་རིགས་ནི་རྟོགས་པའི་བདག་ཉིད་སོ་སོ་རང་གིས་རིག་པའི་ཡེ་ཤེས་མངོན་པར་རྟོགས་པར་འགྱུར་བ་དང་། དེ་ཉིད་རང་གི་རང་བཞིན་དོན་དམ་པ་བས་སྟོང་པའི་ཆོས་ཀྱི་དབྱིངས་
མངོན་པར་རྟོགས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཕུན་སུམ་ཚོགས་པར་སྣང་ཞིང་། དེར་བདག་ཉིད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་མངོན་པར་རྟོགས་པར་འགྱུར་བ་སྟེ། དེ་ལ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་ནི་ཡེ་ཤེས་
ཀྱི་བདག་ཉིད་ལས་ཐ་དད་པ་རྡུལ་ཕྲ་རབ་འདུས་པ་ལས་གྲུབ་པ་མ་ཡིན་ཞིང་། ཡེ་ཤེས་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལས་གཞན་མ་ཡིན་ཏེ་དེ་ལྟར་ན་དེ་གསུམ་དབྱེར་མེད་པའི་རང་བཞིན་སོ་སོ་རང་རིག་པའི་ཚུལ་གྱིས་མངོན་པར་རྟོགས་པར་འགྱུར་བ་སྟེ།
ཐོབ་པར་འགྱུར་བའོ། །དེ་འདྲ་བའི་རིགས་མཚོན་པའི་རྟགས་ཀྱང་དེ་གསུམ་ལས་གང་ཡང་རུང་བ་གཅིག་བསྟན་པ་དང་། སྔར་བསྟན་པ་ལྟར་ཀུན་གཞི་རྣམ་པར་ཤེས་པའི་འཇུག་པའི་ཚུལ་ཀུན་རྫོབ་པ་དང་། དེའི་དེ་བཞིན་ཉིད་བསྟན་པ་ན་མི་འཇིགས་མི་སྐྲག་སྐྲག་པར་མི་འགྱུར་བ་སྟེ། ཐོག་
เล่ม ๑๒๒ · หน้า 116b
མར་སེམས་སྤ་གོང་བ་དང་། དེའི་རྗེས་ལ་སྐྲག་པ་དང་ཡུན་རིང་དུ་སྐྲག་པར་མི་འགྱུར་ཞིང་། དེ་ལ་མོས་པར་འགྱུར་བ་དང་། དེ་བཞིན་དུ་སྒྲུབ་པར་བྱེད་པའོ། །འདིར་ཚིག་གི་དོན་བཤད་པ་ལ། རང་བཞིན་གྱིས་རང་བཞིན་མེད་ཅེས་པ་ནི་རང་རང་གི་རང་བཞིན་བདེན་པ་བས་སྟོང་པའོ། །ཁོང་དུ་ཆུད་པ་
ནི་རྟོགས་པའི་བདག་ཉིད་དུ་གྱུར་པའི་ཡེ་ཤེས་སོ། །ཕྱི་རོལ་སྤངས་པ་ཞེས་པ་ནི་ཕྱི་རོལ་ལྟ་བུར་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སོ། །སྤྲུལ་པའི་སྐུ་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་པས་ཐོབ་པར་བྱ་བའི་དོན་སྐུ་གཉིས་ལས་ཐ་དད་པ་མེད་དོ། །ཡང་གདུལ་བྱ་ལ་དེ་
ལྟར་སྟོན་པའི་ནུས་པ་ནི་ཡེ་ཤེས་ཉིད་ཡིན་ནོ། །གཞན་ཡང་འདིར་དེ་འདྲ་བའི་རིགས་ཀྱི་རྟགས་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་ཏུ་ངེས་པར་བཤད། །ཅེས་ཀྱང་གསུངས་ཏེ། དགེ་བའི་བཤེས་གཉེན་
ལ་སོགས་པ་ལས་སྙིང་རྗེ་ལ་སོགས་པའི་ཕན་ཡོན་ཐོས་པ་མེད་པར་དང་པོ་ཉིད་ནས་སྙིང་རྗེ་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པའོ། །གཞན་ཡང་སྔར་གྱི་རིགས་
སོ་སོ་བ་ཡོད་པར་རྟོགས་པའི་རྟགས་ཀྱང་། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པ་བཞིན་གཞུང་དང་སྦྱར་བར་བྱའོ། །མ་ངེས་པའི་རིགས་ཅན་ནི་ཐེག་པ་གསུམ་གྱི་ཡོན་ཏན་སོ་སོར་བསྟན་པ་ན། ཇི་ལྟར་བསྟན་པ་དེ་
ལ་མོས་པར་འགྱུར་ཞིང་། དེ་བཞིན་དུ་སྒྲུབ་པར་བྱེད་པའོ། །དེ་ཡང་ཡོན་ཏན་གསུམ་ཆར་ཐོས་པར་འགྱུར་བའི་ཚེ། གང་ལ་དགའ་བ་ཤས་ཆེ་བ་དེ་ལས་རྗེས་སུ་སྦྱར་བར་བྱའོ། །དེ་ལ་རིགས་ཞེས་པ་ནི་རྒྱུ་དང་འབྲས་བུའི་གནས་སྐབས་གཉིས་ཆར་ལ་འཇུག་སྟེ། ཇི་ལྟར་རྒྱལ་པོའི་རིགས་ལ་སོགས་
པ་བཞིན་ནོ། །སྤྱིར་དེ་ལྟར་ཡིན་མོད་ཀྱི། འདིར་རིགས་རྣམ་པར་དགོད་པར་བྱས་པ་ནི་ཡོངས་སུ་སྦྱང་བའི་ས་སྟེ། རྒྱུའི་གནས་སྐབས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ས་བོན་(གྱ་‚གྱི་)བྱེ་བྲག་སྟེ། དེ་ཡང་རྒྱུད་ནས་སྣང་བ་མེད་པའི་ས་སྟེ། བྱང་ཆུབ་སེམས་དཔའི་ས་
เล่ม ๑๒๒ · หน้า 117a
དང་པོའམ་བརྒྱད་པ་ཡན་ཆད་ལ་འཇུག་པར་བྱ་བའི་ཕྱིར་རྣམ་པར་དགོད་པའོ། །ཡང་རྣམ་པ་གཅིག་ཏུ་ན། ཉན་ཐོས་ལ་སོགས་པ་རང་རང་གི་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྦྱར་བར་བྱའོ། །བཤད་པ་སྔ་མ་ལྟར་ན་རིམ་གྱིས་སོ་སོ་རང་རང་གི་ཀུན་གཞི་ལ་ཉོན་མོངས་པའི་བག་
ཆགས་དག་ནས་ཆོས་ལ་བདག་མེད་པ་མཐོང་ཞིང་དེས་ཤེས་བྱའི་སྒྲིབ་པ་ཡང་སྤང་བར་བྱ་བའི་ཕྱིར། ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་ནས་དེ་ལས་ལངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་བླངས་ཏེ། ཚོགས་གཉིས་སུ་ཁ་བསྐང་ནས་ཉན་ཐོས་དགྲ་བཅོམ་
པ་རྣམས་ཀྱང་རྒྱལ་བའི་སྐུ་ཉིད་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ལྟར་ན་འདིར་དེ་བཞིན་གཤེགས་པའི་རིགས་ནི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་མཐར་ཐུག་པ་ཉིད་ཡིན་ཏེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སྒྲུབ་པ་ཡི་ནི་
རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་གསུངས་པའོ། །དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་སྟེ། ཆོས་ཀྱི་སྐུའི་རྒྱུ་མཐུན་པས་སོ། །ཆོས་ཀྱི་སྐུའི་ཉེ་བར་ལེན་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་དྲི་མ་སྣ་ཚོགས་དང་བཅས་པའི་དུས་ན་སེམས་ཅན་གྱི་ཁམས་ཡིན་ཞིང་། དྲི་མ་
ཕྱོགས་འགའ་དང་བྲལ་བའི་དུས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་ལ། མཐའ་དག་བག་ཆགས་དང་བཅས་ཏེ་སྤངས་པའི་དུས་ན་ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རོ། །དེའི་དོན་ནི་ད་ལྟར་གྱི་སེམས་ཀྱི་རང་བཞིན་སྤྲོས་བྲལ་འོད་གསལ་འདི་ཉིད་ཀྱི་རྒྱུན་རྒྱུད་དྲི་མ་མཐའ་དག་བག་ཆགས་དང་བཅས་
ཏེ་སྤངས་པའི་དུས་ན་ཆོས་ཀྱི་སྐུ་ཡིན་གྱི་གཞན་ནས་ཐོབ་པ་མ་ཡིན་པས་རང་གི་རྒྱུད་དུ་གཏོགས་པའི་རྒྱུ་ཡིན་ཞེས་པའོ། །དེ་ལྟར་ནི་དེ་ནི་ཁམས་དང་ས་བོན་ཞེས་ཀྱང་ས་བཅུའི་མགོན་པོས་བཤད་དེ། རྣམ་གྲངས་སུ་གཏོགས་པའོ། །གལ་ཏེ་སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་
བཞིན་ཞེས་སྤྱིར་བསྟན་པ་ལས། སེམས་ཀྱི་རང་བཞིན་ལ་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པར་བསྟན་པ་མེད་དོ་ཞེ་ན། མ་ཡིན་ཏེ། སེམས་ལས་མ་གཏོགས་པའི་ཆོས་མེད་པ་དང་། གཞན་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་འབའ་ཞིག་གི་ལྡོག་པ་ནི་རྒྱུ་དང་འབྲས་བུའི་ཁྱད་པར་
เล่ม ๑๒๒ · หน้า 117b
བྲལ་བའི་ཕྱིར། རིགས་ཉིད་དུ་མི་འཐད་པས་ཆོས་ཅན་གྱི་རྣམ་པར་འགྱུར་བ་དང་། ཆོས་ཉིད་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་ཆོས་ཉིད་དེ་ཉིད་རིགས་ལ་སོགས་པར་འཐད་དོ། །དེ་སྐད་དུ་ཡང་། རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ།
འོན་ཀྱང་གཉི་གར་གཉི་ག་ཁས་ལེན་དགོས་སོ་ཞེས་འཕགས་པ་རྣམ་གྲོལ་སྡེས་བཤད་དོ། །དེའི་ཕྱིར་སེམས་ལས་མ་གཏོགས་པ་བེམས་པོའི་ཆོས་ཅན་འགའ་ཞིག་ཀུན་རྫོབ་ཏུ་ཡོད་ཀྱང་དེ་དང་དེའི་ཆོས་ཉིད་ཟུང་དུ་འཇུག་པ་ནི། སངས་རྒྱས་ཀྱི་རིགས་ཉིད་མ་ཡིན་ཏེ། མཚན་ཉིད་ཤིན་ཏུ་
འགལ་བའི་ཕྱིར། རྟ་བ་ལང་གི་རིགས་མ་ཡིན་པ་བཞིན་ནོ། །དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་དེ། ཇི་སྐད་དུ་འཕགས་པ་མྱ་ངན་ལས་འདས་པ་ལས། དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་ན་ལོག་སྲེད་ཅན་གྱི་བར་དུ་སངས་རྒྱས་
ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །གཞན་ཡང་ལོག་སྲེད་ཅན་ལ་སོགས་པ་ལ་དགེ་བའི་ཆོས་རྣམས་མེད་ཀྱང་། སངས་རྒྱས་ཀྱི་རང་བཞིན་ཉིད་དགེ་བ་སྟེ། མ་འོངས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ། །གཞན་ཡང་ལོག་སྲེད་ཅན་ལ་སོགས་པ་ལ་སངས་
རྒྱས་ཀྱི་རང་བཞིན་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་གདོན་མི་ཟར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་མི་འགའ་ཞིག་གི་ཁྱིམ་ན་འོ་མ་དང་ཞོ་ཡོད་པ་ལས། ཡང་མི་ཞིག་གིས་ཁྱོད་
ལ་མར་ཡོད་དམ་ཞེས་དྲིས་པས། དེས་སྨྲས་པ་བདག་ལ་མར་ཡོད་དོ་ཞེས་སྨྲས་ཀྱང་། འདི་ལྟར་ཞོ་ནི་ཡང་དག་པར་མར་མ་ཡིན་མོད་ཀྱི། ཐབས་ལ་མཁས་པས་གདོན་མི་ཟ་བར་ཐོབ་པར་འགྱུར་བའི་ཕྱིར་མར་ཡོད་དོ་ཞེས་སྨྲས་སོ། །སེམས་ཅན་དག་ཀྱང་དེ་དང་འདྲ་སྟེ། ཀུན་ལ་
སེམས་ཡོད་དོ། །གང་སེམས་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ་ཞེས་བསྟན་པ་དང་། གཞན་ཡང་རིགས་ཀྱི་བུ་དེ་བཞིན་
เล่ม ๑๒๒ · หน้า 118a
གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་མཐོང་བར་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ། །རིགས་ཀྱི་བུ་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་
ལྟར་དབུལ་མོ་དེས་གཏེར་ཆེན་པོ་ཡོད་པར་བསྟན་ཀྱང་མི་ཤེས་པ་བཞིན་དུ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ནས་དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ། དེ་དག་མགུ་
ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ་ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་
པའི་སྙིང་པོ་བསྟན་པ་ལས་ཀྱང་། །ཇི་ལྟར་དྲི་ངས་སྨད་པའི་གོས་དག་གི། །ཡོངས་སུ་དཀྲིས་པ་བདེ་བར་གཤེགས་པའི་གཟུགས། །ཞེས་པ་ལ་སོགས་པས་དཔེར་ན་གོས་རུལ་གྱིས་དཀྲིས་པའི་རྒྱལ་བའི་སྐུ་གཟུགས་མི་མཐོང་བ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་
ཡོད་མོད་ཀྱི་ཉོན་མོངས་པའི་དྲི་མས་དཀྲིས་པས་མཐོང་བར་མི་ནུས་ལ། དེ་ཉིད་བསལ་ན་མཐོང་བར་འགྱུར་ཞིང་སངས་རྒྱས་ཀྱི་མིང་འཐོབ་པོ་ཞེས་དོན་འདི་ཉིད་རྒྱས་པར་གསུངས་སོ། །དེ་ལ་སོགས་པ་དྲང་སྲོང་གི་གཙུག་ལག་གི་གཞུང་དུ་མ་སྣང་མོད་ཀྱི་ཚིག་མངས་སུ་དོགས་པས་མི་སྤྲོའོ། །
དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་རིམ་གྱིས་བརྒྱུད་ནས་སངས་རྒྱས་ཉིད་དུ་འགྱུར་བས་འབྲས་བུ་མཐར་ཐུག་པ་ཡང་གཅིག་ཡིན་ཞིང་། དེ་ཐོབ་པར་བྱེད་པའི་ལམ་དང་། ལམ་གྱིས་སྦྱང་བར་བྱ་བའི་རིགས་ཀྱང་མཐར་ཐུག་གི་དབང་དུ་བྱས་ན་གཅིག་ཉིད་དེ། སངས་རྒྱས་ཀྱི་རིགས་སོ། །འོན་
ཀྱང་གནས་སྐབས་ཀྱི་དབང་དུ་བྱས་ན། ཇི་སྲིད་པའི་སྡུག་བསྔལ་ངལ་སོ་བའི་བསྟི་གནས་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་དུ་མ་ཡོད་ཅིང་དེ་ཐོབ་པར་བྱེད་པའི་ལམ་དང་། ལམ་གྱིས་སྦྱང་བར་བྱ་བའི་རིགས་ཀྱི་གནས་སྐབས་ཐ་དད་པར་འགྱུར་བའོ། །གལ་ཏེ་དེ་ལྟ་ན་འཕགས་པ་མྱ་ངན་
เล่ม ๑๒๒ · หน้า 118b
ལས་འདས་པའི་མདོ་དེ་ཉིད་ལས། དཔེར་ན་རྡོ་རྗེ་རིན་པོ་ཆེ་གཟི་བརྗིད་ཆེན་པོ་ནི་ཅིས་ཀྱང་བཅག་པར་མི་ནུས་ལ། རྣམ་གྲངས་གཞན་ཐམས་ཅད་ནི་དེས་ཆོམ་པར་འགྱུར་མོད་ཀྱི། ལུག་གི་རྭ་ནི་མི་ཆོད་དོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདིས་ཀྱང་། ཤིན་དུ་
སྡིག་པའི་ལས་བྱེད་པ་འདོད་ཆེན་པོ་ནི་བྱང་ཆུབ་ཏུ་གཞག་པར་མི་ནུས་ཏེ། རྒྱུ་མེད་པའི་ཕྱིར་རྡོ་རྗེས་ལུག་གི་རྭ་ལ་མི་ཚུགས་པ་བཞིན་ནོ་ཞེས་རིགས་ཆད་ཀྱི་གང་ཟག་ཀྱང་གསུངས་ལ། གཞན་ཡང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཀྱང་། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་རྒྱུ་དང་བྲལ་
བ་གཏན་དུ་བའི་རིགས་ཆད་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དུ་མ་ལས་ཐེག་པ་གསུམ་གྱི་རིགས་ཐ་དད་པར་གསུངས་པ་དང་། དེ་སྦྱོང་བར་བྱེད་པའི་ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་གསུམ་དུ་བསྟན་པ་དང་འགལ་བར་འགྱུར་རོ། །གཞན་ཡང་
བ་རུ་རའི་ཕུང་པོའི་མདོ་ལས། དགེ་སློང་དག་རྒྱ་དང་རྔམས་སུ་དཔག་ཚད་ཙམ་ཡོད་པའི་བ་རུ་རའི་ཕུང་པོ་ལས་ལོ་བརྒྱ་བརྒྱ་ཞིང་རེ་རེ་ཕྱུང་ན་ཟད་པར་འགྱུར་ལ། སེམས་ཅན་རྣམས་ཀྱི་ཁམས་ནི་མི་ཟད་པའོ་ཞེས་གསུངས་པ་དང་། ཇི་ལྟར་ན་འགལ་བར་མི་འགྱུར་ཏེ། དེའི་ཕྱིར་རིགས་ཀྱི་ངོ་བོ་ནི་ཀུན་
གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ཟད་པ་མེད་པའི་ཆོས་ཀྱི་ས་བོན་དངོས་པོར་གྱུར་ལ། ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་འམ། གློ་བུར་དུ་ཐོས་པ་དང་བསམ་པ་ལ་སོགས་པའི་རྐྱེན་གྱིས་བསྒོས་པ་འགའ་ཞིག་ཡིན་ལ། དེ་ཡང་ཁྱད་པར་དུ་ཉན་ཐོས་ཀྱི་ཟག་པ་མེད་པའི་
ཆོས་ཀྱི་ས་བོན་ནི་ཉན་ཐོས་ཀྱི་རིགས་ཉིད་དུ་ངེས་ཤིང་། དེ་ལས་ཉན་ཐོས་ཀྱི་བྱང་ཆུབ་ཁོ་ན་འབྱུང་གི་གཞན་ནི་མ་ཡིན་ཞེས་བྱའོ། །དེ་བཞིན་དུ་རིགས་ཀྱི་ཁྱད་པར་གཞན་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟར་ན་རིགས་སོ་སོར་ངེས་པ་དང་། དེ་སྦྱང་བར་བྱེད་པའི་ལམ་གྱིས་བདག་ཉིད་ཀྱི་ཐེག་པ་ཡང་
ཐ་དད་པ་གསུམ་དུ་ངེས་ཤིང་། དེས་སྦྱངས་པའི་འབྲས་བུ་མཐར་ཐུག་པ་ཡང་བྱང་ཆུབ་ཐ་དད་པ་གསུམ་དུ་ངེས་ཏེ། བྱང་ཆུབ་དམན་པ་རྣམས་ལས་འདས་ནས་མཐར་ཐུག་པར་སངས་རྒྱས་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་འདོད་དོ། །དེ་ཉིད་ཀྱི་ཕྱིར་རིགས་དང་ཐེག་པ་གཅིག་ཉིད་དུ་བསྟན་པ་ནི་དགོངས་
เล่ม ๑๒๒ · หน้า 119a
པ་ཅན་ཡིན་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་ལས་འོག་ནས་སྟོན་པར་འགྱུར་བ་དང་། ས་བཅུའི་མགོན་པོ་ཆེན་པོས་ཀྱང་། །ཆོས་དང་གང་ཟག་གྲོལ་བ་དག །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་
ཉིད། །ཅེས་པ་ལ་སོགས་པས་ཐེག་པ་གཅིག་ཉིད་དུ་བསྟན་པ་ནི་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་ཐེག་པ་གཅིག་ཉིད་དེ། དེ་ཡང་བགྲོད་པར་བྱ་བས་ན་ཐེག་པ་ཆེན་པོའོ་ཞེས་པ་དང་། གཞན་ཡང་ཉན་ཐོས་ལ་སོགས་པའི་གང་ཟག་རྣམས་གང་ཟག་གི་བདག་
མེད་པར་མཚུངས་པས་ཐེག་པ་གཅིག་པ་ཉིད་དུ་བསྟན་ཏེ། དེ་ཡང་འགྲོ་བ་པོ་ཡིན་པས་ཐེག་པ་ཞེས་བྱའོ། །ཞེས་པ་ལ་སོགས་པས་རིགས་དང་ཐེག་པ་གཅིག་པ་ནི་དགོངས་པ་ཅན་ཉིད་དུ་བསྟན་པ་དང་འགལ་ཞེས་པའོ། །འདི་ནི་མི་འཐད་དེ་ས་བོན་དོན་དམ་པའི་དངོས་པོར་འདོད་པ་ནི་ལུང་
དང་རིགས་པ་དུ་མའི་སྒོ་ནས་བཀག་ལ། གཞན་ཡང་དེ་འདྲ་བའི་དངོས་པོར་བསྟན་པ་ནི་ཀུན་རྫོབ་པ་ལ་དགོངས་ཤིང་དངོས་པོར་ཞེན་པའི་བྱིས་པ་རྣམས་དྲང་བའི་དོན་དུ་གསུངས་པའོ། དབྱེ་བ་ཐ་དད་པ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡང་གནས་སྐབས་ཐ་དད་པ་ལ་དགོངས་ཤིང་། དེ་ལྟར་བསྟན་
པས་འདུལ་བའི་སེམས་ཅན་གྱི་དོན་དུ་གསུངས་པ་སྟེ། དེའི་དོན་ནི་གནས་སྐབས་ཀྱི་དབང་དུ་བྱས་ན་སྔར་བསྟན་པ་ལྟར་སྲིད་པའི་སྡུག་བསྔལ་དབུགས་ཕྱུང་བའི་བསྟི་གནས་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་ཐ་དད་ཅིང་། དེ་རྣམས་ཐོབ་པར་བྱེད་པའི་ལམ་གྱི་གནས་སྐབས་ཀྱང་ཐ་དད་
པ་དང་། ལམ་དང་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་བྱེ་བྲག་ཐ་དད་པའི་རྟེན་དུ་གྱུར་པའི་སྒོ་ནས་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད་ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པ་ཉིད་དུ་འཇོག་སྟེ། ཇི་ལྟར་གཞན་གྱི་སྒྲ་ལ་བརྟེན་ནས་རང་ཉིད་ཐར་པ་ཐོབ་པར་འདོད་ཅིང་།
གང་ཟག་གི་བདག་མེད་པ་ཙམ་དུ་རྟོགས་པར་ནུས་པའི་ཤེས་རབ་ཀྱི་ཡོན་ཏན་བརྟེན་པའི་ཆ་ནས་ཉན་ཐོས་ཀྱི་རིགས་ཉིད་དུ་རྣམ་པར་འཇོག་པ་དེ་ལས་གཞན་དུ་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་ཐར་པ་ཐོབ་པར་འདོད་པ་དང་། གང་ཟག་གི་བདག་མེད་པ་དང་། གཟུང་བ་རང་བཞིན་མེད་
เล่ม ๑๒๒ · หน้า 119b
པར་རྟོགས་པའི་ཤེས་རབ་ཀྱི་ཡོན་ཏན་བརྟེན་པའི་ཆ་ནས་རང་སངས་རྒྱས་ཀྱི་རིགས་ཉིད་དུ་འཇོག་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དང་། བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ནུས་པའི་ཤེས་རབ་སྟེ། ཐབས་དང་ཤེས་རབ་ཀྱི་ཡོན་
ཏན་ཕུན་སུམ་ཚོགས་པའི་རྟེན་དུ་འདུག་པའི་སྒོ་ནས་སེམས་ཀྱི་ཆོས་ཉིད་དེ་ལ་སངས་རྒྱས་ཀྱི་རིགས་ཞེས་རྣམ་པར་འཇོག་པ་ཡིན་ནོ། །གཞན་ཡང་སེམས་ཀྱི་ཆོས་ཉིད་དེ་ཉིད་སྔར་བསྟན་པའི་མོས་པ་དང་བསྒྲུབ་པ་ལ་སོགས་པའི་གནས་སྐབས་ཀྱི་རྟགས་ཀྱི་ཡོན་ཏན་དེ་རྣམས་དང་འབྲེལ་
པས་ཀྱང་རིགས་ཐ་དད་པ་ཉིད་དུ་རྣམ་པར་འཇོག་པའོ། །དེ་སྐད་དུ་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བརྩད་པའི་ལེན་དུ། །རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡིས་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་སོ། །གཞན་ཡང་འཕགས་
པ་དམ་པའི་ཆོས་པད་མ་དཀར་པོ་ལས། །ཇི་ལྟར་ཁམ་སྣོད་རྫ་མཁན་གྱིས། །འཇིམ་པ་མཚུངས་པ་ལས་བྱས་པ། །དེ་ལས་སྣོད་དུ་གྱུར་པ་ནི། །བུ་རམ་འོ་མ་མར་དང་ཆུ། །ཡང་ན་ལ་ལ་མི་གཙང་དང་། །ཁ་ཅིག་ཞོ་ཡི་སྣོད་དུ་གྱུར། །ཁམ་པ་སྣ་གཅིག་དེ་བླངས་ཏེ། །རྫས་ཀྱིས་ཀྱང་ནི་
སྣོད་དུ་བྱས། །ཇི་ལྟར་དངོས་པོ་བཅུག་པ་བཞིན། །དེ་ནི་སྣོད་ཀྱང་སོ་སོར་རྟོགས། །དེ་བཞིན་སེམས་ཅན་བྱེ་བྲག་མེད། །ཐ་དད་མོས་པས་དེ་བཞིན་གཤེགས། །ཐེག་པ་ཐ་དད་རབ་སྟོན་ཀྱང་། །ཐེག་པ་སངས་རྒྱས་ཐེག་པར་ངེས། །ཞེས་གསུངས་ཏེ། །དེ་དག་གི་དོན་ཡང་སེམས་ཅན་ཐམས་
ཅད་ཀྱི་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་ཞིང་རིག་པ་གསལ་བ་ཙམ་དུ་མཚུངས་པས་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་གཅིག་ཉིད་ཡིན་ཞིང་། དེ་ཉིད་ཀྱིས་ན་ལམ་དང་འབྲས་བུའི་ཐེག་པ་ཡང་གཅིག་ཉིད་ཡིན་མོད་ཀྱི། །ཇི་ལྟར་རྫ་མཁན་གཅིག་གིས་འཇིམ་པ་མཚུངས་པ་ཅིག་ལས་
སྣོད་རྣམ་པ་མཚུངས་པ་དུ་མ་བྱས་པ་ན། །དེ་རྣམས་ལ་རྣམ་པ་འམ་རང་བཞིན་གྱིས་དབྱེ་བ་མེད་མོད་ཀྱི། དེ་རྣམས་ཀྱི་ནང་དུ་སྦྲང་རྩི་དང་ལི་ཁར་ལ་སོགས་པ་སོ་སོར་བླུགས་པ་ན། །ཡོན་ཏན་དེ་རྣམས་ཀྱི་དབྱེ་བས་འགའ་ཞིག་ནི་སྦྲང་རྩིའི་བུམ་པའོ། །འདི་ནི་ལི་ཁ་རའི་བུམ་པའོ་ཞེས་སོ་སོར་འཇོག་པ་
เล่ม ๑๒๒ · หน้า 120a
དེ་བཞིན་དུ། །སེམས་ཅན་ཀྱི་སེམས་ཀྱི་རང་བཞིན་གྱི་རིགས་ལ་དབྱེ་བ་མེད་ཀྱང་སྔར་བསྟན་པ་ལྟར་གནས་སྐབས་ཀྱི་ཡོན་ཏན་དེ་རྣམས་ཀྱང་སོ་སོར་འབྲེལ་པས་རིགས་ཐ་དད་པར་འཇོག་ཅིང་། །དེ་སྦྱོང་བར་བྱེད་པའི་ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་ཡང་ཐ་དད་
པར་བསྟན་པའོ། །རིགས་ཆད་པ་བསྟན་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་པ་ཆེན་པོའི་མདོ་སྡེ་ལ་འདི་དག་ནི་ཐར་པ་དང་མཐུན་པའི་མདོ་དང་འདུལ་བ་མ་ཡིན་ནོ་ཞེས་སྐུར་པ་བཏབ་པས། །སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་འབྲས་བུ་འབྱིན་མི་ནུས་པར་བྱས་པའི་སྒོ་ནས་བཅོམ་པ་
སྟེ། །དེ་འདྲ་བའི་ལོག་པར་ལྟ་བ་དང་བཅས་པའི་རིགས་ལ་ཐར་པ་ཐོབ་མི་ནུས་པ་ལ་དགོངས་ཤིང་། སེམས་ཅན་རྣམས་དེ་འདྲ་བའི་ལྟ་བ་སྐྱེས་པ་སྤང་བར་འགྱུར་ཞིང་། མ་སྐྱེས་པ་རྣམས་མི་སྐྱེད་པར་བྱ་བའི་དོན་དུ་གསུངས་པ་སྟེ། གཞན་དུ་ན་མདོ་སྡེ་འདི་ཉིད་དང་། མྱ་ངན་ལས་འདས་པ་ལས་
བསྟན་པ་དང་འགལ་བར་འགྱུར་རོ། །གཞན་ཡང་ཐེག་པ་གཅིག་ཏུ་བསྟན་པ་དགོངས་པ་ཅན་ཉིད་དུ་གསུངས་པ་ནི། གནས་སྐབས་དང་མཐར་ཐུག་པ་དང་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་ལ་མ་ལྟོས་པར་གཅིག་པ་ཁོ་ནའོ་ཞེས་བསྟན་པ་ནི་དགོངས་པ་ཅན་ཡིན་པས་དེ་ལྟར་བསྟན་
པ་འམ། གཞན་ཡང་གནས་སྐབས་ཐ་དད་པ་ལ་དགོངས་ཤིང་དེ་ལྟར་བསྟན་པས་འདུལ་བའི་སེམས་ཅན་གྱི་དོན་དུ་གསུངས་པ་ཡིན་པས་སྐྱོན་མེད་དོ། །ཡང་སྔར་བསྟན་པའི་རིགས་ཀྱི་རྟགས་རྣམས་ཀྱང་གང་ཟག་གི་རྒྱུད་རྣམས་ལ་རྟག་ཏུ་ལྡན་པར་ངེས་པ་མེད་དོ། །ཇི་ལྟར་སྙིང་རྗེ་མེད་
ཅིང་རང་ཉིད་འབའ་ཞིག་གྲོལ་བར་འདོད་པ་དང་། ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པ་རྣམས་ཀྱང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཕྲད་པ་འམ། རྐྱེན་ངེས་པ་མེད་པ་གང་ཡང་རུང་བ་ལ་བརྟེན་ནས། སྙིང་རྗེ་དང་ལྡན་ཞིང་བདག་མེད་པ་གཉིས་
ཀྱི་དེ་ཁོ་ན་ཉིད་རྟོགས་པ་དང་། དེ་འདྲ་བའི་རང་བཞིན་ལ་མོས་པ་ལྟ་བུར་སྣང་ལ། ཡང་སྙིང་རྗེ་དང་ལྡན་ཞིང་སེམས་ཅན་གྱི་དོན་བྱེད་པའི་དཀའ་བའི་སྤྱོད་པ་བཟོད་པ་རྣམས་ཀྱང་རྐྱེན་གང་ཡང་རུང་བ་འགའ་ཞིག་ལ་བརྟེན་ནས་དེ་ལས་བཟློག་པའི་ཆོས་དང་ལྡན་པ་ཉིད་དུ་མྱོང་བའི་ཚད་མས་
เล่ม ๑๒๒ · หน้า 120b
གྲུབ་པ་དང་། བསྟན་བཅོས་དབུ་མའི་སྣང་བ་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ། །གཞན་ཡང་གསུང་རབ་དག་ལས་ཕྱོགས་དུ་མས་གསུངས་མོད་ཀྱི། མཐར་ཐུག་ལ་རིགས་གཅིག་ཉིད་ཡིན་པར་ཚད་མའི་སྟོབས་ཀྱིས་ཀྱང་གཞག་པར་ནུས་ཏེ། སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་
ཞིང་རིག་པ་གསལ་བ་ཙམ་གྱི་རང་བཞིན་ནི་སྔར་བསྟན་པ་ལྟར་སངས་རྒྱས་ཉིད་ཀྱི་རིགས་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་དུ་སྒྲུབ་སྟེ། ཇི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ཉོན་མོངས་པ་ཅན་
མ་ཡིན་པའི་མིང་ཤེས་པ་རྣམས་དང་། དད་པ་ལ་སོགས་པ་སེམས་ལས་བྱུང་བའི་དགེ་བའི་ཆོས་རྣམས་རེས་འགའ་བ་ཉིད་དུ་དམིགས་པས་ཀུན་རྫོབ་ཙམ་དུ་ཡང་སེམས་ཀྱི་རང་བཞིན་མ་ཡིན་ལ། མྱོང་ཞིང་རིག་པ་ཙམ་ནི་རྟག་ཏུ་སེམས་ལ་རྗེས་སུ་འབྲང་བ་ཉིད་དུ་གྲུབ་པས་ཀུན་རྫོབ་ཏུ་སེམས་
ཀྱི་རང་བཞིན་ཡིན་ཏེ། མེ་ལ་ཚ་བ་བཞིན་ནོ། །དོན་དམ་པར་སྟོང་པ་ཉིད་ནི་རིགས་པའི་སྟོབས་ཀྱིས་སྔར་བསྟན་པ་ལྟར་གྲུབ་སྟེ། རིག་པ་དང་སྟོང་པ་དེ་དག་ཀྱང་ཕན་ཚུན་ཟུང་དུ་འཇུག་པ་དབྱེར་མེད་པའི་རང་བཞིན་ཡིན་ལ། དེ་ལྟར་ན་དྲི་མ་རྣམས་གློ་བུར་བ་ཕྱིན་ཅི་ལོག་གི་ཡུལ་ཅན་ཡིན་པས་དེ་
དང་འགལ་བ་ཡང་དག་པའི་ཡུལ་ཅན་གྱི་ཡེ་ཤེས་སེམས་ཀྱི་རང་བཞིན་དུ་གྱུར་པའི་གཉེན་པོ་གོམས་ཤིང་མངོན་དུ་བྱས་པ་ན། ས་བོན་དང་བཅས་ཏེ་སྤངས་པར་ནུས་ལ། དེ་དག་སྤངས་པའི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེའི་ཕྱིར་དེ་འདྲ་བའི་ས་
བོན་དང་ལྡན་པ་ཉིད་དུ་བདག་ཉིད་སོ་སོ་ལ་གྲུབ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡང་ཀུན་རྫོབ་ཏུ་མྱོང་བ་རིག་པ་ཙམ་ཡིན་ཏེ། ཇི་ལྟར་བདག་ཉིད་ཀྱི་མྱོང་བའི་ཁྱད་པར་འགའ་ཞིག་མདུན་དུ་བྱས་ནས། སེམས་ཉིད་དུ་ཐ་སྙད་འདོགས་པ་ན། བདེ་བ་དང་སྡུག་བསྔལ་ལ་སོགས་
པའི་ཁྱད་པར་གང་ཡིན་ཡང་བླ་སྟེ། སྤྱིར་མྱོང་རིག་ཙམ་གྱི་ལྡོག་པ་མདུན་དུ་བྱས་ནས་སེམས་སུ་ཐ་སྙད་བཏགས་པར་མྱོང་བའི་ཚད་མ་ཉིད་ཀྱིས་གྲུབ་སྟེ། དེའི་ཕྱིར་སེམས་ཅན་གཞན་གྱི་སེམས་རྒྱུད་ཀྱང་གལ་ཏེ་སེམས་ཉིད་ཡིན་ན་མྱོང་རིག་གི་རང་བཞིན་ཡིན་ལ། དེ་ལྟ་མ་ཡིན་ན་སེམས་སུ་གདགས་
เล่ม ๑๒๒ · หน้า 121a
པའི་དོན་མེད་པས་སེམས་ཉིད་མ་ཡིན་པར་ཟད་དོ། འདི་ནི་སོ་སོར་ངེས་པའི་དངོས་པོ་ལ་བརྟེན་ནས་མཚན་ཉིད་སྤྱིའི་ཚུལ་དུ་རྟོགས་པ་ཚད་མ་གཅིག་གི་བྱེད་པ་སྟེ། གཏན་ཚིགས་ཐམས་ཅད་ཀྱི་ཁྱབ་པ་སྒྲུབ་པའི་ཚུལ་ཡང་འདི་ཉིད་ཡིན་ནོ། །དེ་ཡང་དཔེར་ན་མདུན་དུ་
བྱས་པའི་དངོས་པོ་འགའ་ཞིག་ལ་མེར་ཐ་སྙད་བྱེད་པས་ན་གསལ་ཞིང་འབར་བ་འམ། ཆེན་པོ་ལ་སོགས་པའི་ཁྱད་པར་གྱི་ལྡོག་པ་འགའ་ཞིག་མདུན་དུ་བྱས་ནས་མེར་ཐ་སྙད་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་ཁྱད་པར་དེ་རྣམས་གང་ཡིན་ཡང་བླ་སྟེ། སྤྱིར་ཚ་ཞིང་སྲེག་པ་ཙམ་གྱི་ལྡོག་པ་དེ་ཉིད་མདུན་
དུ་བྱས་ནས་མེར་ཐ་སྙད་བཏགས་པ་ཉིད་དུ་ཉམས་སུ་མྱོང་བའི་ཚད་མ་ཉིད་ཀྱིས་གྲུབ་ལ། དེ་ཉིད་ཀྱིས་མ་མཐོང་བའི་ཡུལ་གཞན་ན་ཡོད་པའི་མེ་ཐམས་ཅད་ཀྱང་། གལ་ཏེ་མེ་ཡིན་ན་ཚ་ཞིང་སྲེག་པའི་རང་བཞིན་ཡིན་ལ། ད་ལྟ་ཡིན་ན་མེར་ཐ་སྙད་གདགས་པའི་དོན་མེད་པས་མ་ཡིན་ནོ་ཞེས་
སྔར་སོ་སོར་ངེས་པའི་དངོས་པོ་ལ་བརྟེན་ནས་ཞུགས་པའི་ཚད་མ་དེ་ཉིད་ཀྱིས་རྟོགས་པ་བཞིན་ནོ། །དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པ་ནི་སྔར་བསྟན་པའི་རིགས་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ལྟར་ན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་སྤྲོས་པ་དང་བྲལ་ཞིང་
འོད་གསལ་བ་དེ་འདྲ་བ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་དུ་གྲུབ་པས་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཞེས་བྱའོ། །དེ་སྐད་དུ་ཡང་འཇམ་དཔལ་རྣམ་པར་འཕྲུལ་པ་ལས། ཁྱེའུ་བྱང་ཆུབ་སེམས་དཔས་རང་གི་སེམས་རྟོགས་པར་བྱ་བ་ལས་མ་རྟོགས་པ་ཁོང་དུ་ཆུད་
པར་བྱ་བ་ལས་གཞན་ཅི་ཡང་མེད་དོ། །རང་གི་སེམས་རྟོགས་པ་གང་ཡིན་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་རྟོགས་པ་ཡིན་ནོ་རང་གི་སེམས་དབེན་པས་སེམས་ཅན་ཐམས་ཅད་གྱི་སེམས་དབེན་ནོ། །རང་གི་སེམས་ཀྱི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནོ། །
རང་གི་སེམས་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དྲི་མ་དང་བྲལ་བའི་སེམས་ཀྱི་རང་བཞིན་རེ་ཞིག་མངོན་དུ་བྱས་པ་དེ་ལྟ་ན་ཡང་། ཕྱིས་དེ་ལས་ཉམས་པར་འགྱུར་བས་དེ་ནི་ཆོས་ཀྱི་སྐུའི་ཡེ་ཤེས་མ་ཡིན་ནོ་ཞེ་ན།
เล่ม ๑๒๒ · หน้า 121b
མ་ཡིན་ཏེ། སྤྱིར་ཡེ་ཤེས་རྒྱུན་ཆད་པ་ཉིད་མི་འཐད་པ་ནི་འོག་ནས་སྟོན་པར་འགྱུར་ལ། དྲི་མ་རྣམས་ཀྱང་འབྱུང་བ་ཡང་མི་འཐད་དེ། དེ་དང་འགལ་བའི་གཉེན་པོ་གོམས་ཤིང་མཐར་ཐུག་པས་དེ་རྣམས་ཀྱི་རྩ་བར་འགྱུར་བ་བདག་ཏུ་འཛིན་པ་ས་བོན་དང་བཅས་ནས་སྤང་བའི་ཕྱིར་ཏེ། ཇི་སྐད་དུ། བདག་
ལྟའི་ས་བོན་སྤང་བའི་ཕྱིར། སླར་མི་གཤེགས་པ་ཉིད་ཡིན་ནོ། །གསུངས་པ་དང་། གཞན་ཡང་། །འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལས་ནི་ཕྱིར་ལོག་ན། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་ལྟ་བུའོ། །དེའི་དོན་ཡང་བདག་མེད་པར་
རྟོགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་མཐར་ཐུག་དེ་འདྲ་བ་ནི་ཡང་དག་པའི་ཡུལ་ཅན་ཡིན་པ་དང་། །སེམས་ཀྱི་རང་བཞིན་ཉིད་ཡིན་པས་ཕྱིན་ཅི་ལོག་གིས་ཚུར་ལ་གཞོམ་མི་ནུས་ཤིང་། ཡང་སྡུག་བསྔལ་གྱི་འཚེ་བ་དང་། ཕྱིན་ཅི་ལོག་དང་སྐྱོ་བའི་འཚེ་བ་མེད་པས་ཆེད་དུའི་གཉེན་པོ་གཞན་
བསྒོམ་པའི་སྒོ་ནས་བཟློག་པ་ཡང་མི་འཐད་ཅེས་པའོ། །དེ་བཞིན་དུ་ཐེག་པ་གཅིག་ཉིད་ཀྱང་རིགས་པའི་སྟོབས་ཀྱིས་གྲུབ་པ་ཉིད་དེ། འདིར་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ལམ་གྱི་གཙོ་བོ་ཡིན་པར་སྔར་བསྒྲུབས་ལ། དེ་ཁོ་ན་ཉིད་ཀྱང་འགལ་བ་དུ་མ་མི་འཐད་དེ། གཅིག་ཉིད་ཡིན་པས་དེ་
རྟོགས་པའི་ཤེས་རབ་ཀྱང་གཅིག་ཉིད་ཡིན་ཏེ། དེས་ན་ལམ་མཐར་ཐུག་པ་ནི་གཅིག་ཉིད་ཡིན་ཞིང་། དེའི་ཕྱིར་འབྲས་བུ་མཐར་ཐུག་པ་ཡང་གཅིག་ཉིད་དོ། །གལ་ཏེ་མཐར་ཐུག་པ་གཅིག་ཉིད་ཡིན་ཞེས་ཀྱི་དེ་ཙམ་གྱིས་ཐེག་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། ཇི་ལྟར་རིགས་མཐར་ཐུག་པ་རྒྱལ་
པོའི་རིགས་གཅིག་ཉིད་ཡིན་མོད་ཀྱི། དེ་ཙམ་གྱིས་མི་རྣམས་རིགས་གཅིག་དུ་གྱུར་པ་ནི་མ་ཡིན་པ་བཞིན་ནོ་ཞེ་ན། སྐྱོན་མེད་དེ། འདིར་གང་ཟག་གི་བདག་མེད་པ་ཙམ་རྟོགས་ཤིང་། རང་ཉིད་ཐར་པ་ཐོབ་པར་བྱ་བའི་དོན་དུ་དེ་ལྟར་བསྒོམས་པ་དེ་ཉིད་རིམ་གྱིས་བདག་མེད་པ་གཉིས་རྟོགས་
ཤིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་པར་བྱས་ཏེ་སངས་རྒྱས་ཉིད་དུ་འགྱུར་བས། དམན་པའི་ལམ་དེ་དག་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་རྒྱུན་གཅིག་གི་ཐོག་མ་དེ་ཉིད་ཀྱི་ཡན་ལག་ཡིན་པས་མཐར་ཐུག་ལ་ཐེག་པ་ཆེན་པོའི་ལམ་གཅིག་ཉིད་ཡིན་ཞེས་པ་སྟེ། ཇི་
เล่ม ๑๒๒ · หน้า 122a
ལྟར་ཚུལ་ཁྲིམས་དང་བག་ཡོད་ཀྱི་ཡན་ལག་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཡིན་པས་དེ་ཉིད་དུ་འདུས་པ་བཞིན་ནོ། །འདིར་ཐེག་པ་དམན་པའི་ལམ་དེ་དག་ལས་བྱང་ཆུབ་དམན་པ་ཉིད་ཐོབ་ནས་དེ་ཉིད་དུ་མཐར་ཐུག་ཅིང་ཐེག་པ་ཆེན་པོར་བགྲོད་དུ་
མེད་པ་ནི་མ་ཡིན་ནོ། །མི་རྣམས་ཀྱི་རིགས་སོ་སོར་ངེས་ཤིང་དམངས་རིགས་ལས་རིམ་གྱིས་རྒྱལ་པོ་ཉིད་དུ་འགྲོ་བ་མ་ཡིན་པས་ཐ་དད་པ་ཉིད་དུ་ངེས་པའོ། །དེ་སྐད་དུ་ཡང་། །དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། ཞེས་པ་ལ་སོགས་པ་གསུངས་སོ། །གཞན་
ཡང་ཐེག་པ་གསུམ་དུ་ངེས་པར་བསྟན་པ་ནི་དགོངས་པ་ཅན་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་ནི་བརྫུན་གསུངས་པ་མི་མངའོ། །ཐེག་པ་ནི་གཅིག་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་སོ། །གཞན་ཡང་། མི་མཁས་
གང་ཞིག་དམན་ལ་མངོན་དགའ་ཞིང་། །སངས་རྒྱས་བྱེ་བ་མང་ལ་སྤྱད་མ་སྤྱད། །འཁོར་བ་ལ་ནི་ཆགས་ཤིང་སྡུག་བསྔལ་བ། །དེ་དག་རྣམས་ལ་མྱ་ངན་འདས་པ་བསྟན། །སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་འདི་རང་བྱུང་གིས་ནི་མཛད་འགྱུར་གྱི། །དེ་དག་རྣམས་ལ་ཁྱེད་
ཅག་སངས་རྒྱས་སུ་འགྱུར་རོ་ཞེས་པ་ནི་ནམ་ཡང་མི་གསུང་ངོ་། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །དལ་བ་གཟིགས་ནས་དེ་ཡི་འོག་ཏུ་གསུངས། ཞེས་པ་ལ་སོགས་པས་དགྲ་བཅོམ་པ་རྣམས་ཀྱང་སངས་རྒྱས་ཉིད་དུ་འགྱུར་བར་ལུང་བསྟན་པ་དང་། །ཡང་། ཐེག་པ་གཅིག་སྟེ་
གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང་། །སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་གཏོགས། །ཞེས་གསུངས་སོ། །གཞན་ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་པར་འཕྲུལ་བ་ལས། སངས་
རྒྱས་ཡེ་ཤེས་མཚུངས་མེད་བསྒྲུབ་བྱ་བ། །བྱང་ཆུབ་བརྙེས་ནས་དེ་སྲིད་ང་ཡི་ཚེ། །བར་མ་དོར་ནི་མྱ་ངན་འདའ་བ་མེད། །འོན་ཀྱང་མྱ་ངན་འདའ་བར་ངས་བསྟན་ཏེ། །རྟག་པའི་འདུ་ཤེས་ཅན་རྣམས་མི་རྟག་བསྟན། །ལྷག་མ་ལུས་པ་ལྟར་ཡང་ངས་བསྟན་ཏེ། །དེ་ཡི་ཚེ་ན་ཕྱི་མའི་མཐར་བཏགས་སོ། །ང་ཡི་མྱ་ངན་འདའ་
เล่ม ๑๒๒ · หน้า 122b
གཅིག་ཐེག་པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་དུ་ན་ཐེག་པ་གཅིག་ཏུ་བསྟན། །དེ་ནི་ཐབས་ཀྱི་ཡུལ་དུ་ཤེས་པར་གྱིས། །རྒྱུད་གཞན་བསམ་པ་ཆུང་བའི་སྐྱེ་བོ་དག །འཕྲལ་དུ་ཐོས་པས་འཇིགས་པར་འགྱུར་སྲིད་ཅེས། །དེ་དག་རྣམས་ལ་ཐེག་པ་གསུམ་བསྟན་གྱི། །ཞེས་
པ་ལ་སོགས་པས་ཐེག་པ་གསུམ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བསྟན་པ་ནི་དགོངས་པ་ཅན་ཉིད་དུ་གསུངས་སོ། །དེས་ན་ཐེག་པ་གསུམ་དུ་ངེས་པར་བསྟན་པ་ནི། དམན་པ་ལ་མོས་པ་རྣམས་ཀྱིས་ཀྱང་རིམ་གྱིས་ཐེག་པ་ཆེན་པོ་ཉིད་རྟོགས་པར་
བྱ་བའི་དོན་དུ་གསུངས་ཀྱི། དམན་པའི་འབྲས་བུ་དེ་ཉིད་ལ་རྣམ་པར་གཞོག་ཅིང་མཐར་ཐུག་པར་བྱ་བའི་དོན་དུ་གསུངས་པ་ནི་མ་ཡིན་ཏེ། དེ་དག་ལ་ཐེག་པ་ཆེན་པོའི་རིགས་ཡོད་བཞིན་དུ་དམན་པའི་འབྲས་བུ་ལ་འཇོག་པར་བྱེད་ན། དེ་བཞིན་གཤེགས་པ་ཆོས་ལ་སེར་སྣ་བྱེད་པ་
དང་། སེམས་ཅན་རྣམས་ལ་ཐུགས་མཉམ་པར་མི་གཟིགས་པ་ལ་སོགས་པའི་ཉེས་པར་འགྱུར་བས་སོ། །དེ་སྐད་དུ་ཡང་། འཕགས་པ་དམ་པའི་ཆོས་པད་མ་དཀར་པོ་ལས། རྡུལ་བྲལ་བྱང་ཆུབ་ཁྱད་པར་ཅན་རེག་ནས། །གལ་ཏེ་ང་ཡིས་ཐེག་པ་དམན་པ་ལ། །སེམས་ཅན་
འགའ་ཞིག་བཀོད་པར་གྱུར་ན་ཡང་། །ང་ལ་སེར་སྣའི་ཉེས་འགྱུར་ལེགས་མ་ཡིན། །ཞེས་གསུངས་སོ། །འཕགས་པ་བདེན་པའི་ལེའུ་ལས་ཀྱང་། འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་གཅིག་གིས་ངེས་པར་འབྱུང་བའི་ཕྱིར་ཐེག་པའི་སྙིང་པོ་དང་ལྡན་པར་འགྱུར་རོ། །
ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་རོ། །འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པས་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན་པར་འགྱུར་ལ། ཁ་ཅིག་ལ་ནི་རང་སངས་
རྒྱས་ཀྱི་ཐེག་པ། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པར་འགྱུར་ན། དེ་བཞིན་གཤེགས་པ་ཡོངས་སུ་མ་དག་པར་ཡང་འགྱུར་ཞིང་། མངོན་པར་ཞེན་པའི་ཉེས་པར་ཡང་འགྱུར། ཐུགས་རྗེ་ཆེན་པོ་ཉི་ཚེ་བར་ཡང་འགྱུར་ལ། འདུ་ཤེས་ཐ་དད་པར་འགྱུར་ཆོས་ལ་སློབ་དཔོན་གྱིས་
เล่ม ๑๒๒ · หน้า 123a
དཔེ་མཁྱུད་བྱས་པར་ཡང་འགྱུར་རོ། །འཇམ་དཔལ་གཞན་ཡང་ང་ནི་སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་དུ་འདྲེན་པར་བྱེད་པ། ཕྱོགས་གཅིག་ཐོབ་པར་བྱེད་པ་
སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་པར་འཕྲུལ་པ་ལས་ཀྱང་། འདྲེན་པ་སེམས་ཅན་ཀུན་ལ་མཉམ་པའི་སེམས། །ང་ལ་ཐ་དད་འདུ་ཤེས་ནམ་ཡང་མེད། །ཐེག་པ་དམན་པ་གཞན་
ལ་ངས་བསྟན་ན། །དེ་ནི་ང་ལ་སེར་སྣའི་སྐྱོན་དུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་མདོ་སྡེ་འདིས་བསྟན་པར་བྱ་བ་ངེས་པའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་། གནས་སྐབས་དང་མཐར་ཐུག་པའི་དབྱེ་བ་ལ་མ་ལྟོས་པར་ཐེག་པ་ཆེན་པོ་གཅིག་ཉིད་
ཡིན་ཞེས་པ་ཡང་དྲང་བའི་དོན་ཏེ། དོན་དམ་པར་ཐེག་པ་མེད་ཅིང་། དེ་ལ་བརྟེན་ནས་འགྲོ་བའི་གང་ཟག་ལ་སོགས་པ་མེད་པ་དང་། ཀུན་རྫོབ་ཏུ་གནས་སྐབས་ཀྱི་ལམ་དང་འབྲས་བུ་མི་འདྲ་བའི་ཕྱིར་རོ། །ཡང་ཐེག་པ་གསུམ་དུ་ངེས་པ་ཡང་སྔར་བསྟན་པ་ལྟར་དགོངས་པ་ཅན་ཡིན་ཞིང་།
གཞན་ཡང་གནས་སྐབས་ཀྱི་དབང་དུ་བྱས་ན། ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་དུ་མ་ཉིད་དུ་འགྱུར་བའི་ཕྱིར་རོ། །དུ་མ་ཉིད་དུ་ངེས་པ་ཡང་མ་ཡིན་ཏེ། སྔར་བསྟན་པ་ལྟར་རྣམ་པར་གྲོལ་བའི་འབྲས་བུའི་རིགས་གསུམ་དུ་འདུས་ཤིང་། དེ་ཐོབ་བྱེད་ཀྱི་ལམ་ཡང་གསུམ་དུ་འདུས་
ཞེས་པ་ལ་སོགས་པ་ཤེས་པར་ཟད་དོ། །དེའི་ཕྱིར་དེ་རྣམས་ལས་བཟློག་པའི་དོན་ནི་ངེས་པའི་དོན་ཞེས་བྱའོ། །ཚིགས་སུ་བཅད་པའི་དོན་ནི་ཉན་ཐོས་རྒྱུན་དུ་ཞུགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ས་བོན་དང་བཅས་ཏེ་སྤངས་ཞེས་པ་ནས་སྔར་བསྟན་པ་ལྟར་དགྲ་བཅོམ་པའི་ཟད་པ་
དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ལ་སོགས་པ་འཁྲུལ་པ་ཡིན་ཞིང་། དེ་རྣམས་ལ་དེ་ལྟར་འཛིན་པའི་བློ་གཞན་ཡང་འཁྲུལ་པའོ། །དེའི་རྒྱུ་མཚན་ཡང་དེ་དག་གིས་ཕྱིན་ཅི་ལོག་གི་རྩ་བ་དངོས་པོར་མངོན་པར་ཞེན་པ་ཉིད་མ་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། དམིགས་པ་དང་ནི་བཅས་པའི་
เล่ม ๑๒๒ · หน้า 123b
སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །ཞེས་གསུངས་པ་འམ། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པ་དཀའ་བར་གནས། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་འཕགས་པ་དམ་པའི་ཆོས་པད་མ་དཀར་པོ་ལས། དགེ་སློང་ངམ་དགེ་སློང་མ་
གང་ལ་ལ་ཞིག་དགྲ་བཅོམ་པ་ཉིད་དུ་ཁས་འཆེ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་མི་འཛིན་པར་བདག་ནི་སངས་རྒྱས་ཀྱི་ཐེག་པ་ལ་རེ་བ་མེད་དོ་ཞེས་སྨྲ་ཞིང་། བདག་གི་ལུས་ཀྱི་མྱ་ངན་ལས་འདས་པའི་ཐ་མ་ནི་འདི་ཙམ་དུ་ཟད་དོ་ཞེས་སྨྲས་ན། ཤཱ་རིའི་
བུ་མངོན་པའི་ང་རྒྱལ་ཅན་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ན། སྐྱེ་བ་མ་མཆིས་པ་ཇི་ལྟར་ཐོབ་པར་འགྱུར་ལགས། བཅོམ་
ལྡན་འདས་གྱིས་མཁྱེན་བཞིན་དུ་འདིའི་སྐྱེ་བ་ལུང་མ་བསྟན་ལགས་སོ་ཞེས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་ནི་ལས་དང་ཉོན་མོངས་པའི་དབང་དུ་བསྔོ་བའི་སྐྱེ་བ་འདོགས་པར་མི་མཛད་མོད་ཀྱི། འོན་ཀྱང་འདིའི་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མྱ་
ངན་ལས་འདས་པར་བསྔོས་པ་ཡིན་པར་འདོགས་པར་མཛད་དོ་ཞེས་གསུངས་སོ། །འཕགས་པ་ཆོས་བཅུ་པ་ལས་ཀྱང་། བཅོམ་ལྡན་འདས་ཉན་ཐོས་ཟག་པ་མ་མཆིས་པ་སྲིད་པ་ཀུན་ཏུ་སྦྱོར་བ་ཡང་དག་པར་ཆད་པ་རྣམས་རིགས་མཆིས་སུ་ལགས་ཀྱང་། ཇི་ལྟར་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་ཉོན་ཅིག །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུ་ཞིག་
བཟོའི་གནས་ཐམས་ཅད་ལ་སློབ་པར་འགྱུར་ལ། དེ་ཡང་དབང་པོ་རྟུལ་ལ་དབང་པོ་རྣོ་བ་མ་ཡིན་པས་ཕྱིར་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ། སྔར་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིས་སློབ་པར་འགྱུར་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། འོན་ཀྱང་གཞི་དེས། དེ་རྒྱལ་
เล่ม ๑๒๒ · หน้า 124a
པོའི་བུ་མ་ཡིན་ནོ་ཞེས་བྱ་བར་བརྗོད་དམ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་མ་ལགས་ཏེ། རྒྱལ་པོའི་བུ་ཞེས་བརྗོད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་དབང་པོ་རྟུལ་པོ་རིགས་དང་ལྡན་པ། སྔར་བསྒོམ་པའི་ལམ་གྱིས་ཉོན་མོངས་པ་ཟད་པར་བྱེད་ཅིང་། ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །གཞན་ཡང་ལྷ་མོ་དཔལ་ཕྲེང་
གིས་ཞུས་པ་ལས་ཀྱང་། བཅོམ་ལྡན་འདས་དེ་ལྟར་ལགས་པས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱང་མྱ་ངན་ལས་འདས་པའི་དབྱིངས་དང་རིང་བ་ལགས་སོ། །བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བ་ལ་སོ་སོར་རྟོག་
པའི་ཡེ་ཤེས་ཀྱི་མཐའ་དབུགས་ཕྱིན་པ་རྗེས་སུ་དྲན་པ་བཞི་པོ་གང་ལགས་པ་དེ་དག་ཀྱང་། བཅོམ་ལྡན་འདས་དགོངས་པ་ཅན་དང་། ལྷག་མ་དང་བཅས་པ་དང་། དྲང་བའི་དོན་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་
འཆི་འཕོ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། རྒྱུན་ཆད་པའི་འཆི་འཕོ་དང་། ཡོངས་སུ་བསྔོས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལགས་སོ། །བཅོམ་ལྡན་འདས་དེ་ལ་རྒྱུན་ཆད་པའི་འཆི་འཕོ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱི་
ལགས་སོ། །བཅོམ་ལྡན་འདས་ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཐོབ་པ་དང་། ཡིད་ཀྱི་ལུས་རྣམས་ལགས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་
བར་དུ་ལགས་སོ། །བཅོམ་ལྡན་འདས་དེ་ལ་འཆི་འཕོ་འདི་གཉིས་ལས་རྒྱུན་ཆད་པའི་འཆི་འཕོའི་དབང་དུ་བགྱིས་ཏེ། བདག་གི་སྐྱེ་བ་ཟད་དོ་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་འབྱུང་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལྷག་མ་དང་བཅས་
เล่ม ๑๒๒ · หน้า 124b
པའི་འབྲས་བུ་མངོན་སུམ་དུ་བགྱིས་པ་ལ་བརྟེན་ནས། བདག་གིས་ཚངས་པར་སྤྱོད་པ་བསྟན་ཏོ་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་འབྱུང་བ་ལགས་སོ། །བྱིས་པ་སོ་སོའི་སྐྱེ་བོ་དང་། ལྷ་དང་མིར་བགྱི་བ་དང་བཅས་པ་ཐམས་ཅད་དང་། སློབ་པ་བདུན་
པོ་དག་གིས་ཉིང་མཚམས་སྦྱོར་བ་དང་བཅས་པའི་ཉོན་མོངས་པ་རྣམས་སྤངས་པ་སྔོན་མ་བགྱིས་པ་དེ་སྤངས་པ་ལ་བརྟེན་ནས། བྱ་བ་བྱས་སོ་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་འབྱུང་བ་ལགས་སོ་ཞེས་པ་ལ་སོགས་པ་དང་། དེ་རྣམས་ཀྱི་རྒྱུ་
མཚན་དྲིས་པ་ན། བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ལ་ཡང་། ཉོན་མོངས་པ་རྣམས་མ་སྤངས་པ་དང་། སྐྱེ་བའི་ཉོན་མོངས་པ་རྣམས་ཡོངས་སུ་མ་འཚལ་བ་ཡང་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཉོན་མོངས་པ་དག་ནི་རྣམ་པ་གཉིས་
ཏེ། གནས་ཀྱི་སའི་ཉོན་མོངས་པ་དང་། ཀུན་ནས་ལྡང་བའི་ཉོན་མོངས་པ་རྣམས་སོ། །བཅོམ་ལྡན་འདས་གནས་ཀྱི་ས་ཡང་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟར་ལྟ་བ་གཅིག་ལ་གནས་པའི་གནས་ཀྱི་ས་དང་། འདོད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་
དང་། གཟུགས་ཀྱི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་དང་། སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་སྟེ། བཅོམ་ལྡན་འདས་གནས་ཀྱི་ས་བཞི་པོ་དེ་དག་གིས་ཉོན་མོངས་པ་ཀུན་ནས་ལྡང་བ་ཐམས་ཅད་བསྐྱེད་ལགས་སོ། །བཅོམ་ལྡན་འདས་དེ་དག་ཀྱང་སྐད་
ཅིག་པ་སྟེ། སེམས་ཀྱི་སྐད་ཅིག་པ་དང་མཚུངས་པར་ལྡན་པ་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་གནས་ཀྱིས་ཐོག་མ་མཆིས་པའི་དུས་ནས་མཆིས་པ་ནི་སེམས་དང་མི་ལྡན་པ་ལགས་སོ། །བཅོམ་ལྡན་འདས་གནས་ཀྱིས་བཞི་པོ་འདི་དག་གི་ནང་ན་སྟོབས་ཆེ་བ་གང་
ལགས་པ་དེ་ནི། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། མ་རིག་པའི་གནས་ཀྱི་ས་སྟོབས་ཆེ་བའི་གྲངས་སམ། ཆ་འམ་བགྲང་བ་འམ་དཔེ་འམ་རྒྱུར་ཡང་མི་བཟོད་པ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགས་ཏེ།
เล่ม ๑๒๒ · หน้า 125a
སྲིད་པའི་འདོད་ཆགས་ལ་གནས་པའི་ས་ཞེས་ཀྱང་བགྱིའོ། །བཅོམ་ལྡན་འདས་དཔེར་ན་བདུད་སྡིག་ཅན་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་གཏོགས་ཀྱང་། འདི་ལྟར་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྟོབས་དང་། འཁོར་དང་། དབང་
ཕྱུག་གིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཟིལ་གྱིས་གནོན་ཏོ། །བཅོམ་ལྡན་འདས་དེ་བཞིན་དུ་མ་རིག་པའི་གནས་ཀྱི་ས་སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་ཞེས་བགྱི་བས་ཀྱང་། གནས་ཀྱི་ས་བཞི་པོ་འདི་དག་ཟིལ་གྱིས་གནོན་ཏོ། །ཉེ་བའི་ཉོན་མོངས་པ་གང་གཱའི་
ཀླུང་གི་བྱེ་མ་ལས་འདས་པ་སྙེད་ཀྱི་རྟེན་དུ་གྱུར་པ་དང་། ཉོན་མོངས་པ་བཞི་དང་ཡང་ཡུན་རིང་པོ་ནས་ལྷན་ཅིག་གནས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པས་མི་བརྫི་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པ་ལགས་ཏེ། བཅོམ་
ལྡན་འདས་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགས་སོ། །བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་རྐྱེན་གྱིས་ཟག་པ་མ་
མཆིས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་ཡིད་ཀྱི་ལུས་གསུམ་འབྱུང་བ་སྟེ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་
ཀྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་། ཟག་པ་མ་མཆིས་པའི་ལས་མངོན་པར་འགྲུབ་པའི་རྟེན་ལགས་སོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ནས། གཞན་ཡང་དེ་དག་གི་དབུགས་ཕྱུང་བ་བཞི་པོ་ལྷག་མ་དང་བཅས་པ་ཉིད་དུ་གསུངས་ཏེ། བཅོམ་ལྡན་འདས་སྡུག་
བསྔལ་ཡོངས་སུ་འཚལ་བ་ལྷག་མ་དང་བཅས་པ་ལགས་སོ། །ཀུན་འབྱུང་བ་སྤང་བར་བྱ་བ་ལྷག་མ་དང་བཅས་པ་ལགས་སོ། །སྡུག་བསྔལ་འགོག་པ་མངོན་དུ་བགྱིས་པ་ལྷག་མ་དང་བཅས་པ་ལགས་སོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་བསྒོམས་པ་ལྷག་མ་དང་བཅས་པ་
เล่ม ๑๒๒ · หน้า 125b
ལགས་སོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བསྟན་པ་ཅི་ཞེ་ན། བྱིས་པ་བློ་ཞེན་རྣམས་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དོན་ནི་སྔར་བསྟན་ནོ། །ཐེག་པའང་ཞེས་པ་ནི་དུ་མ་ཉིད་ཀྱང་བསྟན་པ་ཞེས་པའོ། །ཐེག་པ་མེད་
པ་སུ་ལ་སྟོན་ཞེ་ན། འཕགས་པ་རྣམས་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་རང་རིག་པ་དོན་དམ་པར་སྟོང་པ་ཉིད་ནི་དམ་པའི་དོན་ཏེ། ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇུག་པའི་སྒོ་འམ་ཐབས་ཞེས་པའོ། །ཡང་ན་དམ་པའི་དོན་ནི་མཐར་ཐུག་པའི་ཆོས་ཀྱི་དབྱིངས་ཉིད་
ཡིན་ལ། སྔ་མ་ནི་དེའི་སྒོ་འམ་ཐབས་ཞེས་པའོ། །དེས་ན་གཉིས་སུ་སྣང་བ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་འཕགས་པ་སོ་སོ་རང་གིས་རིག་པར་བྱ་བའི་དོན་ལ། ཐེག་པ་གསུམ་ལ་སོགས་པ་མེད་ཅེས་པའོ། །དེ་བཞིན་དུ་བསམ་གཏན་དང་ཚད་མེད་པ་ལ་སོགས་པའི་ལམ་གྱི་
ཁྱད་པར་དང་། དེ་དག་གི་འབྲས་བུར་གྱུར་པའི་ཐེག་པའི་བྱེ་བྲག་རྣམས་ཀྱང་རྣམ་པར་རིག་པ་ཙམ་གྱི་དབུ་མ་དོན་དམ་པའི་དེ་ཁོ་ན་ཉིད་ལ་ཡོད་པ་མ་ཡིན་ཞེས་པའོ། །བློ་གྲོས་ཆེན་པོ་དེ་ལ་འདོད་ཆེན་པ་རྣམས་ཀྱི་ཞེས་པའི་དོན་ནི་གང་དག་སྲིད་པའི་ལོངས་སྤྱོད་འདོད་པའི་ཡོན་ཏན་གྱི་བདེ་
བ་ལ་མངོན་པར་ཆགས་པ་སྟེ། ཇི་སྐད་དུ། བིན་དའི་གནས་ནི་ཉམས་དགའ་བར། །ཝ་ཉིད་གྱུར་ཀྱང་མཆོག་ཡིན་གྱི། །གོ་ཏམ་ཡུལ་རྣམས་སྤངས་པ་ཡི། །ཐར་པ་ནམ་ཡང་མི་འཚལ་ལོ། །ཞེས་ཟེར་བ་ལྟ་བུའམ། གཞན་ཡང་བསམ་གཏན་དང་གཟུགས་མེད་ཀྱི་སྲིད་པའི་བདེ་བ་
ཙམ་མངོན་པར་འདོད་པ་སྟེ། དེ་དག་གི་དོན་དུ་བསོད་ནམས་མངོན་པར་འདུས་བྱས་པ་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་བཏབ་པས་སྤངས་པ་སྟེ། འབྲས་བུ་འབྱིན་པར་མི་ནུས་པ་ཉིད་དུ་བྱས་པའོ། །བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་སྤྱིར་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་སྐྱེ་བའི་ཚུལ་རྣམ་པ་བཞི་སྟེ་ཇི་སྐད་དུ། །བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་གསུངས་ཏེ། དེ་ལ་ལས་ཀྱི་དབང་གིས་སྐྱེ་བ་ནི་མོས་པས་སྤྱོད་
เล่ม ๑๒๒ · หน้า 126a
པའི་ས་ལ་གནས་པ་རྣམས་བསོད་ནམས་ཀྱི་ལས་ཀྱིས་གང་འདོད་པའི་གནས་སུ་སྐྱེ་བའོ། །སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་ས་ལ་ཞུགས་པ་རྣམས་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དུད་འགྲོ་ལ་སོགས་པའི་གནས་དམན་པར་
ཡང་སྐྱེ་བ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ནི་བསམ་གཏན་བསྒོམ་ཡང་དེའི་དབང་གིས་བསམ་གཏན་གྱི་ལྷའི་སྐྱེ་བ་མི་འཛིན་པར་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བའོ། །དབང་འབྱོར་པའི་དབང་གིས་སྐྱེ་བ་ནི་སྤྲུལ་པ་དག་གིས་དགའ་ལྡན་གྱི་གནས་
ལ་སོགས་པར་སྐྱེ་བ་ཀུན་དུ་སྟོན་པ་གང་ཡིན་པའོ། །དེ་ལ་འདིར་ནི་སྲིད་པར་སྨོན་ལམ་དང་ཐབས་སྔོན་དུ་བཏང་བས་ཞེས་པས་ཏེ། སྨོན་ལམ་གྱི་སྐྱེ་བ་ལ་སོགས་པ་གསུམ་པོ་རྣམས་དང་སྦྱར་བར་བྱའོ། །དེ་ཡང་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་ཉིད་དུ་སྨོན་ལམ་བཏབ་པ་
དང་། བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་བསམ་གཏན་བསྒོམ་ཡང་། དོན་དམ་པར་དེ་དག་གི་ཡུལ་དང་། བདེ་བའི་རོ་ལ་མི་ཆགས་ཏེ། སྟོང་པ་ཉིད་དུ་རྟོགས་པ་དང་། འདོད་པའི་ཁམས་སུ་སྐྱེས་ཀྱང་དེ་དག་གི་རང་བཞིན་སྟོང་པར་རྟོགས་པས་འདོད་པའི་འདོད་ཆགས་
ཀྱིས་མི་གོས་ཤིང་ཀུན་རྫོབ་ཏུ་སྣང་བ་དང་བཅས་པའི་བློས་དེ་དག་གི་དོན་བྱེད་པ་སྟེ། འདིའི་དོན་ནི་སྔར་བསྟན་ནོ། །གཞན་ཡང་ཐབས་ལ་མཁས་པ་གདུལ་བྱ་ཇི་ལྟར་འདུལ་བར་འགྱུར་བའི་སྐུར་སྤྲུལ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་ཅེས་པའོ། །རང་གི་མཚན་ཉིད་ནི་མཚན་ཉིད་དང་།
ལྡན་པའི་དངོས་པོའོ། །དེ་ཉིད་ཀྱི་ཕྱིར་དེའི་ཚུལ་རབ་ཏུ་ཐོབ་པ་སྟེ། །དེའི་ཆོས་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པོ་ནི་དོན་དམ་པར་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་ཤིང་། །གཟོད་མྱ་ངན་ལས་འདའ་བར་བྱ་བ་ལ་སོགས་པའི་ཆོས་
མ་མཐོང་ནས་ཤིན་དུ་མྱ་ངན་ལས་མི་འདའ་ཞིང་། ཀུན་རྫོབ་ཏུ་ཡང་སེམས་ཅན་གྱི་དོན་ལ་མངོན་པར་ཞེན་པས་མྱ་ངན་ལས་མི་འདའ་ཞེས་པའོ། །གལ་ཏེ་དེ་ལྟ་ན་སེམས་ཅན་གྱི་དོན་ནི། སངས་རྒྱས་ནས་ཆོས་ཀྱི་སྐུའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་མངོན་དུ་བྱས་པ་དེ་ལྟ་ན་ཡང་། རྗེས་ཐོབ་ལ་
เล่ม ๑๒๒ · หน้า 126b
གཟུགས་སྐུ་གཉིས་སུ་སྣང་བ་ལ་སོགས་པས་བྱེད་པར་ཇི་སྟེ་མི་འགྱུར་ཞེ་ན། བདེན་མོད་ཀྱི་སེམས་ཅན་གྱི་དོན་ལ་མངོན་པར་ཞེན་པས་སྤྲུལ་པ་འབའ་ཞིག་གིས་དམན་པ་རྣམས་ཀྱི་དོན་བྱས་ཀྱང་ཡིད་ཆེས་པར་མི་འགྱུར་བས་དེ་དང་དེ་དག་ཏུ་སྐྱེ་བ་ལེན་པའམ། གཞན་ཡང་རུང་སྟེ་དངོས་སུ་
རང་ཉིད་ཀྱིས་དོན་བྱེད་པར་འགྱུར་བའོ། །བརྒྱ་ལ་གལ་ཏེ་ན་ཞེས་པ་ལ་སོགས་པའི་དོན་ནི། དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་བདག་ཉིད་ཡོད་ཅིང་། དེ་ལ་དགེ་བའི་རྩ་བའི་ས་བོན་ཡོད་པ་ཅུང་ཟད་སད་པའི་དུས་ལ་བབ་པ་དང་། དེ་བཞིན་
གཤེགས་པའི་ཐུགས་རྗེ་ལ་སོགས་པའི་བྱིན་གྱི་རླབས་ཚོགས་པས། དེའི་དྲི་མ་སྦྱོང་བར་འགྱུར་བའོ། །སྐབས་ཀྱི་དོན་འདི་རྣམས་ཀྱིས་ཀྱང་སྔར་གྱི་དྲི་བ་ཇི་ལྟར་ཐེག་པ་གསུམ་དུ་འགྱུར། རིགས་དང་རིགས་མེད་ཇི་ལྟར་ཅིས། །འདོད་ཆེན་པོར་ཡང་ཇི་ལྟར་འགྱུར། །མ་སྐྱེས་པ་དང་
མ་འགགས་པ། །ཇི་ལྟར་ནམ་མཁའི་མེ་ཏོག་འདྲ། །ཞེས་པའི་ལན་དུ་སྦྱར་བར་བྱ་སྟེ། །སྤྱིར་ཤེས་པར་བྱ་བའི་ཚུལ་དུ་གཏན་ལ་ཕབ་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས། བདག་མེད་པ་དང་ཆོས་ལྔ་དང་། །རང་བཞིན་རྟོགས་དང་བརྟག་པ་དང་། །ཞེས་པ་
ལ་སོགས་པ་དྲིས་པའི་ལན་དུ། ཤེས་པར་བྱ་བའི་གནས་ཐེག་པ་ཆེན་པོའི་དོན་བསྡུས་པ་སྔ་མ་ལས་ཚུལ་གཞན་དུ་གྱུར་པ་ཉིད་སྟོན་ཏེ། དེ་ལ་སྔར་བསྟན་པ་ལྟར་རྟོག་པའི་གཟུང་བར་གྱུར་པའི་ཀུན་བརྟགས་པ། རྟོགས་པའི་བློ་ཉིད་དུ་གྱུར་པའི་བདག་ཉིད་ནི་གཞན་གྱི་དབང་
གི་མཚན་མ་ལས་བྱུང་བའོ། །གལ་ཏེ་བརྟགས་པ་ནི་དངོས་པོ་མེད་པའི་ཕྱིར། ཇི་ལྟར་མཚན་མ་ལས་འབྱུང་ཞེ་ན། འདི་ལྟར་ཀུན་བརྟགས་པ་དེ་འདྲ་བ་ནི་རྣམ་གྲངས་ཀྱིས་གཞན་གྱི་དབང་ཉིད་དུ་ཡང་འགྱུར་བས་འགལ་བ་མེད་ཅེས་པའོ། །དེ་ལས་གཞན་གྱི་དབང་ནི་
དངོས་པོའི་མཚན་མའི་མཚན་ཉིད་དུ་སྣང་བའམ་ཞེན་པ་བློའི་ངོ་བོར་གྱུར་པའོ། །དེ་ལྟར་ཞེན་པ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། ཞེན་པའི་ཡུལ་དང་། བློའི་བདག་ཉིད་དོ། ཡུལ་ནི་ཀུན་བརྟགས་པ་འབའ་ཞིག་སྟེ། དེ་ཡང་སངས་རྒྱས་རྣམས་ཀྱིས། འདི་ནི་གཟུགས་སོ་
เล่ม ๑๒๒ · หน้า 127a
ཞེས་པ་ལ་སོགས་པ་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དེ་འདྲ་བའི་བརྡ་མི་ཤེས་པ་རྣམས་ཀྱིས་ཀྱང་། གཟུགས་ལ་སོགས་པའི་དོན་སྤྱིའི་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོ་ནས་ཀུན་བརྟགས་པའི་རང་བཞིན་
གཉིས་དང་། (ད་‚དེ་)ལྟར་རྟོག་ཅིང་ཞེན་པའི་གཞན་གྱི་དབང་སྟེ། དེ་ལྟར་རྣམ་པ་གཉིས་སུ་འཇོག་ཅེས་སྦྱར་བར་བྱའོ། །ནང་དང་ཕྱིའི་ཆོས་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་སོ། །ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་ཞེས་པ་ཡང་ཞེན་པ་དང་བཅས་པའི་བློས་སྤྱིའི་ཚུལ་དུ་སྒྲོ་འདོགས་
པའོ། །གལ་ཏེ་དེ་ལྟ་ན་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་དང་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་གཉིས་ཚུལ་ཐ་དད་པས་དེའི་དབྱེ་བ་ཉིད་དུ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་ཤིང་དང་ཤ་པ་མཚན་ཉིད་མི་འདྲ་ཡང་། ཤ་པ་ཤིང་གི་བདག་
ཉིད་དུ་གྱུར་པའི་ཁྱད་པར་ཡིན་པས་དེའི་དབྱེ་བར་འཐད་པ་བཞིན་དུ། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པ་ཡང་མཚན་མའི་མཚན་ཉིད་ལ་མངོན་པར་ཞན་པས་ཁྱབ་ཅིང་དེའི་བདག་ཉིད་ཡིན་པས་དེའི་དབྱེ་བར་བསྟན་པའོ། །གལ་ཏེ་བ་ལང་གི་མཚན་ཉིད་ཁོང་དུ་མ་ཆུད་ཅིང་
མངོན་པར་ཞེན་པ་མེད་པས་ཀྱང་བ་ལང་གི་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པ་བཞིན་དུ། ནང་དང་ཕྱིའི་ཆོས་རྣམས་ཀྱི་མཚན་མའི་མཚན་ཉིད་ཁོང་དུ་མ་ཆུད་ཅིང་མངོན་པར་ཞེན་པ་མེད་ཀྱང་། ཆོས་དེ་དག་གི་མཚན་མ་ལ་མངོན་པར་ཞེན་པས་དེ་ལྟར་ཞེན་པ་ནི་མཚན་མའི་མཚན་
ཉིད་ལ་མངོན་པར་ཞེན་པས་ཁྱབ་ཅིང་། དེའི་བདག་ཉིད་དུ་གྱུར་པའི་ཁྱད་པར་དུ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། མཚན་མའི་མཚན་ཉིད་ཀྱི་ཐ་སྙད་མ་ཐོགས་པ་དེ་ལྟ་ན་ཡང་དོན་ནི་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་ཅིང་ཁོང་དུ་ཆུད་པ་སྟེ། ཇི་ལྟར་བླུན་པོས་བ་ལང་གི་དངོས་པོའི་མཚན་
ཉིད་མངོན་པར་ཞེན་ཅིང་ཁོང་དུ་ཆུད་པ་ན། ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དེའི་མཚན་ཉིད་ཀྱི་ཐ་སྙད་མ་ཐོགས་ཤིང་མངོན་པར་ཞེན་པ་མེད་ཀྱང་། དེ་འདྲ་བའི་དོན་ཁོང་དུ་ཆུད་ཅིང་མངོན་པར་ཞེན་པ་བཞིན་ནོ། །དེ་བཞིན་དུ་མིང་ལ་མངོན་པར་ཞེན་པ་ཡང་མིང་དོན་དང་སྦྱར་ནས་མངོན་པར་
เล่ม ๑๒๒ · หน้า 127b
ཞེན་གྱི། དོན་དང་མ་འབྲེལ་བའི་མིང་དུ་མངོན་པར་ཞེན་པ་མི་འཐད་པས་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པའི་དབྱེ་བར་འཐད་པའོ། །བློ་གྲོས་ཆེན་པོ་དེ་ནི་ཞེས་པ་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པའི་བདག་ཉིད་དུ་གྱུར་པ་མིང་དང་དངོས་པོའི་མཚན་མ་ལ་
མངོན་པར་ཞེན་པའི་ཡུལ་དེ་ནི་སྔར་བསྟན་པ་ལྟར་ཀུན་བརྟགས་པའི་རང་བཞིན་གྱིས་མཚན་ཉིད་གཉིས་སོ། །དེ་འདྲ་བའི་ཀུན་བརྟགས་ནི་མཚན་ཉིད་ཡོངས་སུ་ཆུད་པ་ཀུན་བརྟགས་པ་འབའ་ཞིག་ཡིན་པས་མཚན་མ་ལས་སྐྱེ་བ་མི་འཐད་ལ། །མཚན་མ་ལས་སྐྱེ་བ་ནི་སྔར་བསྟན་
པ་ལྟར་རྣམ་གྲངས་ཀྱི་ཀུན་བརྟགས་པའོ། །རྣམ་པ་གཅིག་ཏུ་ན་དེ་ནི་ཞེས་པའི་དོན་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། །ཀུན་བརྟགས་པའི་རང་བཞིན་གྱི་མཚན་ཉིད་སྔར་བསྟན་པ་ལས་གཉིས་པའོ་ཞེས་པ་སྟེ་གྲངས་གཉིས་པའོ། །དེ་ལ་གནས་ཤིང་དམིགས་
པ་ལས་བྱུང་ཞེས་པ་ནི་རྣམ་གྲངས་ཀྱི་ཀུན་བརྟགས་རྟོག་པའི་གཟུང་བ་དེ་ལ་གནས་ཤིང་དམིགས་པའི་བློ་སྔ་མ་ལས་བྱུང་བ་སྟེ། དེ་ལྟར་སྣང་བའི་བློ་ཕྱི་མ་གཞན་གྱི་དབང་གི་བདག་ཉིད་དོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི། འཕགས་པ་སོ་སོ་རང་གིས་རིག་པའི་
ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། ཡེ་ཤེས་རང་གི་རང་བཞིན་དུ་གྱུར་པའི་ཆོས་ཉིད་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་དང་། དེ་ལྟར་རྟོག་པའི་རིགས་པའི་ཆ་ཕྱིན་ཅི་ལོག་པའི་ཡོངས་སུ་གྲུབ་པ་སྟེ། ཇི་ལྟར་རྣམ་པར་གཞག་པ་དེ་ལྟར་བདེན་ཅིང་གྲུབ་པས་ཡོངས་སུ་གྲུབ་པ་ཞེས་
བྱའོ། །གཞན་ཡང་འདིར་རྣམ་པར་རིག་པ་ཙམ་གྱི་དབུ་མའི་དབང་དུ་བྱས་ན་ཀུན་དུ་རྟོག་པ་འམ་གཞན་ཡང་རུང་སྟེ། སེམས་ཉིད་རིག་པ་རང་གི་རིགས་སྔ་མ་ལ་རག་ལས་ཏེ། བྱུང་བ་སྒྱུ་མ་ལྟ་བུ་ནི་གཞན་གྱི་དབང་ཡིན་ལ། དེ་ཉིད་ལ་ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་
སུ་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་ཤིང་ཞེན་པར་བྱས་པའི་དོན་ནི་ཀུན་དུ་བརྟགས་པ་ཉིད་ཡིན་ཞིང་། དེ་ལྟར་ཞེན་ཅིང་སྒྲོ་བཏགས་པའི་དོན་གྱིས་སྟོང་པའི་གཞན་དབང་རིགས་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་ཡོངས་སུ་གྲུབ་པ་སྟེ། དབྱིངས་དང་ཡེ་ཤེས་ཀྱི་ལྡོག་པས་གོ་
เล่ม ๑๒๒ · หน้า 128a
རིམས་བཞིན་དུ་འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ་ལྟ་བུའོ། །གཞན་གྱི་དབང་ཡང་མ་དག་པ་དང་རྣམ་པར་དག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་
རྣམ་པ་གཉིས་སུ་འགྱུར་རོ། །ཀུན་བརྟགས་པ་ནི་སྔ་མ་ལྟར་མཚན་ཉིད་ཡོངས་སུ་ཆད་པ་དང་། རྣམ་གྲངས་དང་ལྟོས་པའི་ཀུན་བརྟགས་ཏེ། ཇི་སྐད་དུ། ཡོད་པའི་ཟླ་ལ་ལྟོས་ནས་འདི་ནི་མེད་པ་འབའ་ཞིག་གོ་ཞེས་པ་འམ། རིང་བ་དང་ཐུང་བ་ལ་སོགས་པ་ཕན་ཚུན་ལྟོས་པའི་དབང་གིས་
བློས་སྒྲོ་བཏགས་པ་སྟེ། མཚན་ཉིད་ཆ་དང་རྣམ་གྲངས་དང་། །ལྟོས་པའི་ཀུན་བརྟགས་རྣམ་པ་གསུམ། །ཞེས་གསུངས་པ་ལྟ་བུའོ། །རང་བཞིན་གསུམ་པོ་དེ་རྣམས་ཀྱིས་ཀྱང་ཆོས་ལྔ་བསྡུས་པ་ཉིད་དུ་ཚིགས་སུ་བཅད་པའི་སྒོ་ནས་སྟོན་ཏེ། དེ་ལ་མིང་དང་རྒྱུ་མཚན་དང་། རྣམ་པར་རྟོག་
པ་ནི་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་གི་རང་བཞིན་གྱིས་བསྡུས་ཏེ། དེ་ཡང་མཚན་མར་རྣམ་པར་རྟོག་པའི་གཟུང་བ་ནི་དེ་ལྟར་རྟོགས་པའི་བློའི་བདག་ཉིད་ཡིན་པས་གཞན་གྱི་དབང་གིས་ཀྱང་བསྡུས་ལ། རྣམ་གྲངས་ཀྱིས་ན་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་གཞི་ཡིན་པས་ཀུན་
དུ་བརྟགས་པ་ཞེས་ཀྱང་བྱའོ། །མིང་དུ་སྣང་བ་ནི་སྔར་བསྟན་པ་ལྟར་འདི་བུམ་པ་ཞེས་དོན་དང་འབྲེལ་པའི་བདག་ཉིད་ཁོ་ནར་ཞེན་གྱི། དེ་འདྲ་བའི་ཁྱད་པར་གྱི་ཆོས་སུ་ཞེན་པ་མེད་པར་སྤྱི་རྣམ་པར་སྣང་བ་མི་འཐད་པས་ཀུན་དུ་བརྟགས་པ་འབའ་ཞིག་གོ། །ཡང་དག་པའི་ཡེ་ཤེས་དང་། དེ་
བཞིན་ཉིད་ནི་སྔར་བསྟན་པ་ལྟར་ཡོངས་སུ་གྲུབ་པ་གཉིས་ཀྱིས་བསྡུས་པའོ། །དེ་ལྟར་ཆོས་ཀྱི་བྱེ་བྲག་སྣ་ཚོགས་སུ་རྣམ་པར་གཞག་པ་ཡང་། སེམས་ཅན་ལས་ཐ་དད་པ་མེད་པས་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཞེས་པའོ། །རང་བཞིན་གསུམ་པོ་ཉིད་ཀྱང་བདག་
མེད་པ་གཉིས་ཀྱིས་བསྡུས་ལ། དེ་ལ་གང་ཟག་གི་བདག་མེད་པ་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པར་ཤེས་ཤིང་། ཕྱི་རོལ་པས་བརྟགས་པའི་རྟག་པ་དང་། བདག་
เล่ม ๑๒๒ · หน้า 128b
དང་། གཙང་བ་ལ་སོགས་པས་དབེན་པར་ཤེས་པར་བྱའོ། །འདིར་རྣམ་པར་བྱང་བའི་ཕྱོགས་ཀྱང་ཕྱི་རོལ་པས་བརྟགས་པའི་བདག་ལ་སོགས་པས་དབེན་པ་ཡིན་མོད་ཀྱི། དེ་མི་གཙང་བ་དང་སྡུག་བསྔལ་ལ་སོགས་པ་ཐོག་མ་ཉིད་དུ་ཡིད་འབྱུང་བའི་གནས་མ་ཡིན་པས་དེ་དག་ཤེས་
པ་ནི་གང་ཟག་ལ་བདག་མེད་པར་ཤེས་པའི་ཁྱད་པར་ཉིད་དུ་མ་གསུངས་པའོ། །འདིར་ཚིག་གི་དོན་ནི་མིང་དང་གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་ལ་སོགས་པའི་སྟོབས་ཀྱིས་དབང་པོ་ཐམས་ཅད་ལས་རྣམ་པར་ཤེས་
པ་འབྱུང་བ་ནི་ཤེས་པར་བྱེད་དེ་ཞེས་འོག་ཏུ་སྦྱར་བར་བྱའོ། །གང་ཞིག་རྣམ་པར་ཤེས་པར་བྱེད་ཅེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཤེས་པར་བྱེད་ཅེ་ན། ཕུང་པོ་ལ་སོགས་པ་རི་གཟར་གྱི་ཆུ་འབབ་པ་དང་། ས་བོན་གྱི་སྐད་ཅིག་འགག་པར་འགྱུར་
བ་དང་ཞེས་པ་ལ་སོགས་པ་སྟེ་ཤེས་པར་ཟད་དོ། །གཡོ་བ་སྤྲེའུ་དང་འདྲ་ཞེས་པ་སྟེ། རྒྱུན་མི་བརྟེན་པ་འམ་རྣམ་ཤེས་ཡུལ་ལ་གཡོ་བའོ། །སྦྲང་མ་ལྟ་བུར་རང་ཉིད་མི་གཙང་ཞིང་ཡུལ་མི་གཙང་བ་ལ་སྤྱོད་པ་སྟེ། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ཀྱིས་གང་བ་ལ་
སོགས་པར་གསུངས་པ་ལྟ་བུའོ། །མགོན་མེད་པ་སྟེ་བསོད་ནམས་ཀྱི་སྣང་བ་ལས་མ་གཏོགས་པ་དབང་ཕྱུག་ལྟ་བུའི་སྐྱབས་ཀྱི་གནས་མེད་པ་སྟེ། འདིས་ཀྱང་འགྲོ་བ་སྡུག་བསྔལ་བ་ཉིད་དུ་བསྟན་ཏོ། །མེ་འབར་བ་ལྟར་ཡུལ་ལ་འདོད་པ་མཆེད་ཅིང་ཆོག་མི་ཤེས་པ་འམ། དེའི་
རེག་བྱ་ལ་ཞེན་ཅིང་ཆོག་མི་ཤེས་པ་དང་མཚུངས་ཞེས་པའོ། །ཟོ་ཆུན་ལྟར་འཁོར་བ་ཉིད་གསལ་བར་བཤད་པ་ནི། སྲིད་པའི་འགྲོ་བ་ཞེས་པ་ལ་སོགས་པའོ། །དེ་འདྲ་བའི་ལུས་འབྱུང་ཞིང་འཇུག་པ་ལ་རང་དབང་ཐོབ་པའི་སེམས་ཡོད་དམ་ཞེ་ན། སྒྱུ་མ་དང་རོ་ལངས་དང་།
ཤིང་གི་འཁྲུལ་འཁོར་དང་འདྲ་བར་དེ་ཁོ་ན་ཉིད་དུ་དབང་བསྒྱུར་བའི་སེམས་མེད་ཅེས་པའོ། །ཉན་ཐོས་ལ་སོགས་པའི་རིགས་ཅན་གྱིས་དེ་འདྲ་བའི་གང་ཟག་ལ་བདག་མེད་པ་ཤེས་པ་ནི་ཐོག་མ་ཉིད་དུ་འཁོར་བ་ལ་ཡིད་བྱུང་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་
เล่ม ๑๒๒ · หน้า 129a
འགྱུར་བའི་དགོངས་པ་དང་ལྡན་པའོ། །དེ་ལྟར་རྟོགས་པས་ཀྱང་རིམ་གྱིས་ཆོས་ལ་བདག་མེད་པ་རྟོགས་པ་སྟེ། ཕུང་པོ་འདུས་པ་ཙམ་ཞེས་པ་མིང་དང་གཟུགས་འདུས་པ་སྟེ། ཟག་པ་དང་བཅས་པའི་ལས་ཀྱི་ས་བོན་སྲེད་པའི་བརླན་གྱིས་བཙས་
པའི་སྲད་བུ་ལྟ་བུས་དེ་རྣམས་བསྡུས་ཤིང་སྦྲེལ་བ། མདུང་ཁྱིམ་ལྟར་ཕན་ཚུན་རྐྱེན་དུ་གྱུར་པས་གཡོ་བ་མེད་པར་འབྱུང་ཞེས་པ་ནི་ཇི་སྲིད་གནས་མ་གྱུར་གྱི་བར་དུ་རྒྱུན་ཉམས་པ་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་དེ་ལྟར་རྟོགས་
པའི་ཕན་ཡོན་འཆད་དེ། སྣང་བ་མེད་པར་རབ་ཏུ་རྟོགས་པ་ནི་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་གཟུང་བ་དང་འཛིན་པའི་སྣང་བས་མེད་པར་རྟོགས་པའོ། །སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་རབ་ཏུ་འབྱེད་པ་ནི་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་
མཐར་ཐུག་པས་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་སྣང་བ་འབྱུང་ཞེས་པའོ། །གཞན་ནི་ཤེས་པར་ཟད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས། །ཇི་ལྟར་རྟག་དང་ཆད་པ་ཡི། །ལྟ་བ་རབ་ཏུ་འབྱུང་མི་འགྱུར། །ཞེས་པའམ། གཉིས་ཀྱི་མཐའ་
བརྗོད་ཇི་ལྟ་བུར། །ཞེས་དྲིས་པའི་ལན་ཚུལ་གཞན་གྱི་སྒོ་ནས་གསུངས་ཏེ། ཁྱོད་ཀྱི་སངས་རྒྱས་ཀྱི་ཚུལ་ཞེས་པ་ནི་སངས་རྒྱས་ཀྱི་རང་བཞིན་མཐའ་གཉིས་སྤངས་པའི་དབུ་མའི་དོན་ཏོ། །དེ་འདྲ་བའི་བདག་ཉིད་ཀྱི་སེམས་ཉིད་རིག་པ་ཙམ་ལ་མཐའ་གཉིས་སུ་བརྟགས་པའི་དོན་ཡོད་པ་
མ་ཡིན་ལ། གང་དག་ལུས་ལ་སོགས་པར་སྣང་བའི་སེམས་ཀུན་གཞིའི་བདག་ཉིད་དུ་གྱུར་པ་མི་ཤེས་པ་ནི་མཐའ་གཉིས་ལ་སྤྱོད་ཅེས་བྱའོ། །མི་དམིགས་པར་རབ་ཏུ་འབྱེད་པ་མེད་པ་ནི་སྒྲོ་འདོགས་ཀྱི་ལྟ་བ་ངན་པའི་ཡུལ་རིགས་པ་དམ་པའི་དོན་མེད་ཅིང་མི་དམིགས་སོ་ཞེས་རྟོགས་པའི་
ཤེས་རབ་མེད་པས་སྣང་ཚོད་ཙམ་དུ་ཡང་མེད་དོ་ཞེས་སྐུར་པའི་མཐར་འགྱུར་བའོ། །མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་ནི་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པའོ། །མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་གང་ཟག་གི་བདག་ཏུ་སྒྲོ་འདོགས་པའོ། །མེད་པའི་རྒྱུར་སྒྲོ་འདོགས་པ་ནི་
เล่ม ๑๒๒ · หน้า 129b
འདུས་བྱས་ཀྱི་ཆོས་སུ་སྒྲོ་འདོགས་པ་སྟེ། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་ཁྱད་པར་རོ། །སྒྱུ་མ་ལྟ་བུར་ཞེས་པ་ནི་དོན་དེ་ལྟར་ཡིན་ཞེས་པ་སྟེ། །སྒྲོ་འདོགས་ཀྱི་བློའི་རྣམ་པར་ནི་མ་ཡིན་པའོ། །དྲན་པ་ནི་སྔར་མཐོང་བ་དྲན་པས་ད་ལྟར་ཡང་མཐོང་བར་འདོད་པ་ཡིད་ཀྱིས་འཇུག་
པའོ། །མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་འདུས་མ་བྱས་སུ་སྒྲོ་འདོགས་པའོ། །ཀུན་དུ་བརྟགས་པ་ནི་རྔ་མོའི་རྭ་ལ་སོགས་པ་བཞིན་དུ་མེད་པས་དེ་རྣམས་དཔེར་བྱེད་པའོ། །རྔ་མོའི་རྭ་ལ་སོགས་པར་སྣང་བ་ནི་བློའི་ངོ་བོར་ཡོད་པས་མེད་པའི་ཕྱོགས་དང་བྲལ་བའོ། །ཡང་ན་
མེད་པའི་མཚན་མར་བཟུང་བ་དེ་ནི་བདེན་པས་མེད་པའི་ཕྱོགས་དང་བྲལ་བའོ། །བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་མཐའ་གཉིས་སུ་ལྟ་བ་དང་བྲལ་ཞིང་བདག་མེད་པ་རྟོགས་པ་ལ་སོགས་པའི་ཕན་ཡོན་སྟོན་ཏེ། གཞན་གྱི་དབང་ལ་གནས་པ་ཞེས་པ་ལ་
སོགས་པའི་དོན་ནི་རྣམ་པར་རིག་པ་ཙམ་གྱི་གཞན་དབང་སྒྱུ་མ་ལྟ་བུ་ལ་རྣམ་པར་གནས་ནས། རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་སྣ་ཚོགས་སུ་སྣང་བ་ལྟར། སྣ་ཚོགས་ཀྱི་གཟུགས་སུ་སྟོན་ཅིང་ཡིད་བཞིན་གྱི་ནོར་བུ་ལྟར་རྟོགས་པ་མེད་པར་སེམས་ཅན་རྣམས་ཀྱི་དགོས་འདོད་
སྒྲུབ་པའོ། །ཐམས་ཅད་དང་ཞེས་པ་ནི་སྒྱུ་མ་ལྟ་བུ་ལ་སོགས་པར་བསྟན་པའི་ཆོས་ཐམས་ཅད་དོ། །སྐྱེ་བ་དང་ཞེས་པ་ལ་སོགས་པའི་དོན་ནི་སྨོན་ལམ་ལ་སོགས་པའི་དབང་གིས་སྐྱེ་གནས་གང་དུ་སྐྱེས་པ་དེ་དག་དང་། འགྲོ་བའི་གནས་ཀྱི་བྱེ་བྲག་ལ་སོགས་པ་དེ་དག་
དུ་དཀོན་མཆོག་གསུམ་གྱི་ལེགས་པ་བརྗོད་པའོ། །དེའི་ཚེ་ཚོགས་སུ་གྱུར་པའི་སྐུ། །གཟས་ཤིང་བྱེད་པ་ཀུན་སྤངས་པ། །ཞེས་པའི་དོན་ནི་དམ་པར་ཕུང་པོ་ལྔ་འདུས་པའམ། རྡུལ་ཕྲ་རབ་འདུས་པའི་རང་བཞིན་གྱི་སྐུ། འདི་དང་འདི་ལྟར་བྱའོ་ཞེས་རྣམ་པར་རྟོག་པ་
སྔོན་དུ་བཏོང་ནས། སེམས་ཅན་གྱི་དོན་བྱེད་པ་སྤངས་པའོ། །དེ་ལྟར་མཐའ་གཉིས་སུ་རྣམ་པར་ལྟ་བ་བཀག་ནས། ཅི་སླད་ཇི་ལྟར་སྟོང་པ་ཉིད། །ཅེས་པ་ལ་སོགས་པ་དྲིས་པའི་ལན་དུ་སྟོང་པ་ཉིད་ཀྱི་རྣམ་གྲངས་དང་རང་བཞིན་གསུངས་པ་ནི། དེ་ནས་ཡང་བཅོམ་
เล่ม ๑๒๒ · หน้า 130a
ལྡན་འདས་ལ་ཞེས་པ་ལ་སོགས་པས་སོ། །དེའི་དོན་ཡང་སྟོང་པ་ཉིད་དང་མི་སྐྱེ་བ་ལ་ཞེས་པ་ལ་སོགས་པ་ནི་ཡོད་པ་དང་མེད་པའི་མཐའ་དང་བྲལ་བ་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དེ། དེ་ཡང་གང་དང་གང་གིས་སྟོང་པ་དགག་བྱའི་རང་བཞིན་ནི་ཀུན་
དུ་བརྟགས་པ་སྟེ། སྒྱུ་མ་ལྟ་བུའི་གཞན་དབང་ལ། ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་དོན་དམ་པར་ཀུན་བརྟགས་པས་སྟོང་པའོ། །དེ་ལ་མེད་པའི་མཐར་འཛིན་པ་གང་དག་དེ་འདྲ་བའི་ཀུན་བརྟགས་པ་ལ་མངོན་པར་ཞེན་པས་སྟོང་པ་ཉིད་ལ་སོགས་པའི་དངོས་པོར་སྨྲ་བ་སྟེ།
གཟུང་བ་དང་འཛིན་པའི་དངོས་པོས་སྟོང་པའི་བདག་རྟག་པའམ། རིག་པ་སྐད་ཅིག་མའི་དངོས་པོ་ལ་སོགས་པ་སྨྲ་བའོ། །དངོས་པོ་མེད་པ་དང་རང་བཞིན་མེད་པ་ཞེས་པ་ཡང་དངོས་པོ་ཉིད་ཁས་བླངས་ནས་དངོས་པོའི་ཕྱིའི་ཕྱོགས་གཞན་གྱིས་སྟོང་པས་ཏེ། ཉི་ཚེ་བའི་སྟོང་པའོ། །རྣམ་
པ་གཅིག་དུ་ན་འདི་རྣམས་ཀྱི་དོན་ནི། སྟོང་པ་དང་མེད་པ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པ་ལ་སྣང་བ་ལ་མེད་པའི་རང་བཞིན་བདེན་པའི་དོན་ཉིད་དུ་སྒྲོ་འདོགས་པའོ། །དེ་བཞིན་དུ་དངོས་པོ་ཡོད་པར་ཀུན་བརྟགས་པ་ཡང་སྟོང་ཞེས་བྱའོ། །གཞན་ཡང་འདི་རྣམས་ཀྱི་དོན་ནི་
བྱིས་པའི་སྐྱེ་བོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པས། དེའི་གཉེན་པོར་སྟོང་པ་ལ་སོགས་པའི་དངོས་པོར་སྨྲ་བ་ཡིན་ཞེས་པ་སྟེ། དོན་དམ་པའི་དངོས་པོས་སྟོང་པ་སྒྱུ་མ་ལྟ་བུའི་དངོས་པོར་དེ་བཞིན་གཤེགས་པས་གསུངས་ཞེས་པའོ། །འདུས་པ་ཕན་ཚུན་ལྟོས་པ་དང་།
རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་ཞེས་པ་ནི་མིང་དང་གཟུགས་ལ་སོགས་པ་འདུས་པའམ། རྡུལ་ཕྲ་རབ་ལ་སོགས་པ་འདུས་པ་ནི་འདུས་པ་ཅན་རབ་ཏུ་དབྱེ་བའི་ཁྱད་པར་ལས་ལོགས་ཤིག་ན་མེད་ན། རབ་ཏུ་དབྱེ་བའི་ཁྱད་པར་རྣམས་ཀྱང་ཆ་ཤས་སུ་ཕྱེ་བ་ན་ཡོད་པ་མ་ཡིན་ཏེ།
གཟུགས་ནི་རྡུལ་ཕྲན་གཞིག་པ་ན། །རྡུལ་ཕྲན་ཆ་ནི་ཡོད་མ་ཡིན། །ཞེས་པའམ། སྐད་ཅིག་གསུམ་གྱི་རང་བཞིན་གྱིས། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་པ་ལྟ་བུའོ། །ཕན་ཚུན་ལྟོས་པ་ཡང་རྒྱུ་དང་འབྲས་བུའི་ཁྱད་པར་ཏེ། དགག་པའི་ཚུལ་རྒྱས་པར་བསྟན་
เล่ม ๑๒๒ · หน้า 130b
ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་རྒྱས་པར་ཕུང་པོ་ལྔའི་རྒྱུན་རྒྱུད་འགའ་ཞིག་ནི་བདག་ཡིན་པ་དང་། འགའ་ཞིག་ནི་དེ་ལ་ལྟོས་པའི་ཕ་རོལ་གཞན་ཉིད་ཅེས་པ་ལ་སོགས་པ་མི་འཐད་པའི་ཕྱིར་མཚན་ཉིད་གནས་པ་མེད་ཅེས་པའོ། དེ་ལ་འདིར་གཏན་ཚིགས་འོག་མ་ནི་སྔ་མའི་ཁྱབ་པ་སྒྲུབ་པའི་ཡན་
ཡག་དུ་སྦྱར་བ་འམ། རང་རྒྱུད་པ་ཉིད་ཡིན་པ་ལ་ཡང་འགལ་བ་མེད་དོ། །རང་དང་རང་བཞིན་གྱི་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཞེས་པ་ནི་རང་བཞིན་གྱིས་དངོས་པོ་མེད་ཅེས་པ་དང་། རང་བཞིན་གྱིས་སྐྱེ་བ་མེད་ཅེས་པ་སྟེ། དེ་ལ་རང་བཞིན་སྨོས་པ་ནི་དངོས་པོའམ་སྐྱེ་བའི་ཁྱད་པར་
གཞན་བཀག་པ་མ་ཡིན་གྱི། རང་རང་གི་རང་བཞིན་བདེན་པའི་དངོས་པོར་ཡོད་པའམ་སྐྱེ་བའི་ངོ་བོར་གྲུབ་པ་བཀག་པའོ། །རྣམ་པ་གཅིག་ཏུ་ན་རང་དང་རང་ཞེས་བཟློག་པའི་སྒྲའི་སྦྱོར་བས་དངོས་པོ་སྐྱེ་བའི་ཁྱད་པར་དུ་མ་མཚོན་པ་སྟེ། དེ་རྣམས་ཐམས་ཅད་མེད་ཅེས་པའོ། །
འདིར་ཁྱབ་པའི་དོན་ནི་དེ་འདྲ་བའི་སྐྱེ་བ་བཀག་པ་ན་མ་སྐྱེས་པའི་བདག་ཉིད་དུ་ཡོད་པ་ནི་ཤིན་ཏུ་ཡང་མི་འཐད་པས་ཐམས་ཅད་དངོས་པོའི་རང་བཞིན་གྱིས་སྟོང་པའོ། །སྲིད་པའི་སྟོང་པ་ཉིད་ནི་སྒྱུ་མ་ལྟ་བུའི་གཞན་དབང་གང་ཟག་གི་བདག་དང་བདག་གི་བས་སྟོང་པ་སྟེ། སྒྱུ་
མ་ཙམ་དུ་སྲིད་པས་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རིགས་པ་ནི་བྱ་བ་བྱེད་པ་དང་ལྟོས་པ་སྟེ། ཇི་ལྟར་མེ་དང་ཤིང་གི་ཚོགས་པ་ནི་དུ་བ་སྐྱེད་པའི་བྱ་བ་བྱེད་པར་རིགས་ཀྱི་གཞན་དུ་མ་ཡིན་ཞེས་པ་དང་། དུ་བ་ཡང་མེ་དང་ཤིང་གི་ཚོགས་པ་ལ་
ལྟོས་པར་རིགས་ཀྱི་གཞན་དུ་མ་ཡིན་ཞེས་དངོས་པོའི་རང་བཞིན་དེ་ལྟར་གནས་པས་འགའ་ཞིག་ལས་འགའ་ཞིག་ཉིད་སྐྱེ་བར་འཐད་པའོ། །བྱེད་པ་དང་ལས་ནི་སེམས་པའི་ལས་དང་། ལུས་ངག་གི་ལས་སོ། །འབྱོར་པ་ནི་དེ་རྣམས་ཚོགས་ཤིང་འཕྲོད་པ་འདུ་བ་ལས་ཀུན་རྫོབ་ཙམ་དུ་སྐྱེ་བར་
སྣང་བའོ། །གང་དུ་རྒྱུ་དང་ལྡན་པའོ་ཞེས་གཞུང་འདོན་པར་བྱེད་པའི་སྐབས་སུ་ནི་རྒྱུ་དང་འབྲེལ་པ་སྟེ། ཚིག་གི་དོན་རྟོགས་པར་སླའོ། །ཕུང་པོ་རྣམས་ལ་ཞེས་པ་ནི་སྔར་གྱི་ཟག་པ་བཅས་པའི་ཕུང་པོ་ལ། མྱ་ངན་ལས་འདས་པ་མི་སྲིད་ཅེས་པ་སྟེ། སྔ་ན་མེད་པའི་ཁྱད་པར་
เล่ม ๑๒๒ · หน้า 131a
རོ། འདིར་འཁོར་བ་དང་མྱ་ངན་ལས་འདས་པར་གཅིག་པ་ཉིད་དུ་བསྟན་པ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དབང་དུ་བྱས་པས་སྐྱོན་མེད་དོ། །ཆོས་ཐམས་ཅད་བརྗོད་དུ་མེད་ཅེས་པ་ནི་འདི་དག་ཐམས་ཅད་མིང་ཙམ་སྟེ་ཞེས་པ་དང་ཚིག་བརྒྱ་རྩ་བརྒྱད་ལ་སོགས་
པ་གསུངས་པས་ཐམས་ཅད་བརྗོད་པའི་དངོས་པོར་ཞེན་པའམ་གཞན་ཡང་བརྗོད་པ་ཉིད་བརྗོད་བྱའི་རང་བཞིན་དུ་ཞེན་པ་ན། དེ་ནི་ཀུན་བརྟགས་པའི་རང་བཞིན་ཡིན་པས་དེ་འདྲ་བའི་བདག་ཉིད་ཀྱིས་སྟོང་པའོ། །ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པ་ནི་འཇིག་ཚོགས་ལ་
ལྟ་བ་ལ་སོགས་པ་དང་། །དེ་ལས་གཞན་སྒྲིབ་པ་གཉིས་ཀྱི་བག་ཆགས་གློ་བུར་གྱི་དྲི་མས་ཀུན་རྫོབ་ཙམ་དུ་ཡང་སྟོང་པ་འམ། གཅིག་གིས་གཅིག་སྟོང་པ་ནི་ཕན་ཚུན་བདག་ཉིད་དམ་རྟེན་དུ་གྱུར་པའི་ཚུལ་གྱིས་སྟོང་པ་སྟེ། ཤེས་པར་སླའོ། །སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་
ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ་ཞེས་པའོ་ཞེས་པའི་དོན་ནི་དེ་འདྲ་བའི་སྟོང་པ་ཉིད་ནི་བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱིས་རྟོགས་ཤིང་གོམས་ཀྱང་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤོང་ཞིང་། སྐྱེས་བུ་ལ་ཉེ་བར་མཁོ་བའི་དོན་ཐོབ་པ་ལ་མི་ཕན་པས་དེ་འདྲ་བ་གཏན་ལ་ཕབ་པ་ནི་དགོས་པ་མེད་
ཅེས་པའོ། །གལ་ཏེ་དེ་ལྟར་ན་མི་སྲིད་པའི་སྟོང་པ་ཉིད་ཀྱང་ཕྱི་རོལ་པ་རྣམས་ཀྱི་འདོད་པའི་སྟོང་པ་ཉིད་བཞི་སྟེ། སྔ་ན་མེད་པ་དང་། ཞིག་ནས་མེད་པ་དང་། གཅིག་ལ་གཅིག་མེད་པ་དང་གཏན་ནས་མེད་པ་བཤད་པ་ལས། སྔ་ན་མེད་པའི་ཁྱད་པར་ཉི་ཚེ་བའི་སྟོང་པ་ཉིད་ཡིན་ཏེ་དེ་
འདྲེ་བ་གཏན་ལ་ཕབ་པ་ལ་ཡང་དགོས་པ་མེད་དོ་ཞེ་ན། སྐྱོན་མེད་དེ། དེ་འདྲ་བ་ཉི་ཚེ་བའི་སྟོང་བའི་ཁྱད་པར་བསྟན་པས་བྱིས་པའི་སྐྱེ་བོ་རྣམས་ཟག་པ་དང་བཅས་པའི་ཕུང་པོ་ལ། མྱ་ངན་ལས་འདས་པ་ཞི་བ་དང་བསལ་བར་གནས་པའི་བདེ་བ་མེད་དོ་ཞེས་སྐྱོ་ཞིང་ཡིད་བྱུང་བས་དེ་སྤངས་
པའི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་འགྱུར་བ་ལ་སོགས་པ་དང་གཞན་ཡང་མྱ་ངན་ལས་འདས་པ་སྔར་ནས་ཡོད་པའི་རྟག་པ་ཐེར་ཟུག་པའི་དངོས་པོར་ཕྱིན་ཅི་ལོག་སྤོང་བའོ། །གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་ཡང་གྲུབ་མཐའ་ཕྱིན་ཅི་ལོག་གིས་བསླང་བ་ཁ་ཅིག་
เล่ม ๑๒๒ · หน้า 131b
གཙོ་བོའི་རང་བཞིན་དུ་གཅིག་པའམ། སྤྱིའི་སྒོ་ནས་གཅིག་པ་ཉིད་དུ་ཕྱིན་ཅི་ལོག་པ་མ་ཡིན་ནམ། དེས་ན་དེ་དག་ཕན་ཚུན་སྟོང་པར་བསྟན་པས་དེ་འདྲ་བའི་ཕྱིན་ཅི་ལོག་བསལ་བའི་དགོས་པ་ཡོད་དོ་ཞེ་ན། མ་ཡིན་ཏེ། དེ་དག་གིས་ཀྱང་གཟུགས་ལ་སོགས་པའི་གནས་སྐབས་དང་།
བསལ་བའི་བྱེ་བྲག་ཕན་ཚུན་གཅིག་གིས་གཅིག་སྟོང་པ་ཉིད་ཀྱི་དོན་རྟོགས་པ་འབའ་ཞིག་ཏུ་ཟད་དོ། །གཞན་ཡང་དེ་འདྲ་བའི་སྟོང་པར་རྟོགས་པ་དང་། དེ་ལྟར་མ་རྟོགས་ཤིང་གཅིག་ཏུ་འཛིན་པ་ནི་འཆིང་བའི་རྒྱུ་ཉིད་དུ་མཚུངས་པས་གཅིག་ཏུ་འཛིན་པ་བཀག་ནས་ཐ་དད་པའི་དངོས་པོར་
བསྟན་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་ཅེས་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་ཀྱི་རྣམ་གྲངས་མི་སྟོན་ཏེ། དེའི་དོན་ཡང་ཏིང་ངེ་འཛིན་གྱི་གནས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་
རྫོབ་ཏུ་ཡང་མི་སྐྱེ་ལ། དེ་ལས་གཞན་པའི་གནས་སྐབས་སུ་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་དོན་དམ་པར་རྒྱུ་མེད་པར་རང་འབྱུང་བའི་ཚུལ་དུ་ཡང་མི་སྐྱེ་ལ། ཡང་ཞེས་པས་བསྡུས་པ་བདག་དང་གཞན་དང་གཉིས་ཀ་ལས་ཀྱང་མི་སྐྱེ་ཞིང་། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་རྒྱུ་
རྐྱེན་གཞན་གྱི་དབང་གིས་སྐྱེ་བས་མི་སྐྱེ་བ་ཡང་མ་ཡིན་ཞེས་པ་སྟེ། དེའི་ཕྱིར་མི་སྐྱེ་བའི་དོན་ཡང་ཟུང་འཇུག་སྒྱུ་མ་ལྟ་བུ་འབའ་ཞིག་གོ། །དེའི་ཕྱིར་ཞེས་པ་ནི་ཟུང་དུ་འཇུག་པའི་དོན་དེ་ལྟར་ཡིན་པས་དོན་དམ་པར་མ་སྐྱེས་པ་ལ་སོགས་པ་ལ་དགོངས་ཏེ། དངོས་པོ་ཐམས་ཅད་རང་
བཞིན་མེད་པར་བསྟན་ཞེས་པའོ། །དོན་དམ་པ་རང་བཞིན་མེད་པའི་རྒྱུ་མཚན་ཡང་གཞན་དབང་སྐད་ཅིག་མའི་རྒྱུན་རྒྱུད་ནི་སྐད་ཅིག་མའི་བཀོད་པ་ཡིན་པས་བཀོད་པ་ཙམ་གྱི་སྐད་ཅིག་ལས་ལོགས་ན་མེད་ལ། སྐད་ཅིག་གཅིག་པ་ཉིད་ཀྱང་སྔར་བསྟན་པ་ལྟར་མེད་པ་དང་། ཡང་གཞན་
གྱི་དབང་གི་དངོས་པོར་ནི་གཞན་དུ་འགྱུར་བར་སྣང་བའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་ཞེས་པ་སྟེ། འདིར་ཁྱབ་པའི་དོན་ནི་སྔར་བསྟན་པ་ལྟར་གཞན་དུ་འགྱུར་བར་སྣང་བ་ནི་དེ་ལས་གཞན་རྟག་པ་འགྱུར་བ་མེད་པའི་དངོས་པོར་མི་འཐད་ལ། གཞན་དུ་འགྱུར་བའི་དངོས་པོར་
เล่ม ๑๒๒ · หน้า 132a
བདེན་པ་ཡང་འགལ་ཏེ། སྔར་གྱི་བདག་ཉིད་དེ་ཉིད་མ་སྤངས་པར་གཞན་དུ་འགྱུར་ན་ནི་དུས་གཅིག་ཏུ་དངོས་པོ་གཅིག་ཉིད་ལྡོག་པར་གཞན་ལ་མ་ལྟོས་པར་དེ་ཉིད་དང་གཞན་ཡིན་པ་མི་འགལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་སྔར་གྱི་རང་བཞིན་དེ་ཉིད་སྤངས་ནས་
གཞན་དུ་འགྱུར་ན་ནི། སྔ་མ་བདག་ཉིད་ཐམས་ཅད་ཀྱིས་འགགས་ལ། ཕྱི་མ་ལ་གློ་བུར་བ་གཞན་སྐྱེས་པས་སྔ་མ་དེ་ཉིད་གཞན་དུ་འགྱུར་བ་མ་ཡིན་ཏེ། ཇི་ལྟར་ལྷ་སྦྱིན་ཤི་ནས་མཆོད་སྦྱིན་སྐྱེས་པས་ནི་ལྷ་སྦྱིན་དུ་གྱུར་པ་མ་ཡིན་པ་བཞིན་ནོ། །སྐབས་ཀྱི་དོན་འདི་ཡང་སྔར་ཡོད་མེད་སྐྱེ་
འགག་གི་སྐབས་སུ་ཡོད་པ་དང་མེད་པ་ནི་གཅིག་ལ་རིམ་གྱིས་ཀྱང་འགལ་ལོ་ཞེས་བསྟན་པ་དང་མཚུངས་ཏེ། བསམས་པས་གོ་བར་ཟད་དོ། །སློབ་དཔོན་གྱིས་ཀྱང་། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་གསུངས་སོ། །
གཉིས་སུ་མེད་པའི་དོན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལྟར། དོན་དམ་པར་གཉིས་ཀྱི་དངོས་པོར་མ་གྲུབ་ལ། ཀུན་རྫོབ་དུ་གཉིས་སུ་སྣང་བ་ཐ་དད་པ་སྟེ། སྒྱུ་མ་ལྟ་བུའི་དོན་འབའ་ཞིག་བསྟན་པའོ། །གྲིབ་མ་དང་ཉི་མ་ལ་སོགས་པའི་དཔེ་གཞན་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །
གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་རྫོབ་དུ་ཇི་ལྟར་ཐ་དད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་པ་སྟེ། དོན་གོ་བར་ཟད་དོ། །རྟག་ཏུ་སྟོང་པ་ཉིད་བཤད་ཀྱང་། །ལས་ནི་རྣམ་པར་མི་འཇིག་གོ། །ཞེས་པའི་དོན་ནི་དོན་དམ་པར་སྟོང་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་
པར་བསྟན་ཀྱང་ཀུན་རྫོབ་དུ་ཟབ་པ་དང་བཅས་པའི་ལས་དང་། དེའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་འཁོར་བའི་རང་བཞིན་ཡོད་ཅེས་པའོ། །དེ་ལྟ་ན་ཡང་བྱིས་པའི་སྐྱེ་བོ་འགའ་ཞིག་དེ་དག་སྟོང་པར་བསྟན་པ་ལ་བརྟེན་ནས་མེད་པའི་མཐར་རྟོག་པའོ། །ཡང་ལ་ལ་དག་རང་བཞིན་
གྱིས་མྱ་ངན་ལས་འདས་པ་དང་། ནམ་མཁའ་དང་སོ་སོར་བརྟགས་པར་འགོག་པ་སྟེ་གཉེན་པོའི་སྟོབས་ཀྱིས་སྤང་བྱ་སྤངས་པ་དང་། བརྟགས་མིན་གྱི་འགོག་པ་སྟེ། སྐྱེ་བར་འགྱུར་རྒྱུའི་ཆོས་མ་སྐྱེད་པ་རྣམས་འདུས་མ་བྱས་པའི་རྫས་དངོས་པོའི་རང་བཞིན་ཉིད་དུ་རྟོག་ལ། འཕགས་པ་དེ་
เล่ม ๑๒๒ · หน้า 132b
དེ་དག་གིས་མཐར་རྟོག་པ་སྤངས་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་སྐབས་ཀྱི་དོན་དེ་ཉིད་གསུང་རབ་དག་ལས་སྟོང་པ་ཉིད་ལ་སོགས་པ་དོན་དམ་པའི་རྣམ་གྲངས་བསྟན་པ་ཐམས་ཅད་ལ་སྦྱར་བར་བྱ་ཞེས་པའོ། །དེ་ལྟར་བདེན་པ་གཉིས་སུ་རྣམ་པར་ཕྱེ་བ་ལས། དོན་དམ་པའི་
དབང་དུ་བྱས་ཏེ། སྟོང་པ་ཉིད་ལ་སོགས་པར་བསྟན་པ་མ་ཡིན་པ་སྤྱིར་སྟོང་པ་ཉིད་ལ་སོགས་པར་བསྟན་པ་དང་། ཐེག་པ་ཆུང་ངུའི་གསུང་རབ་དག་ལས་ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ། ཡོད་པ་དང་སྐྱེ་བ་ལ་སོགས་པར་བསྟན་པ་མ་ཡིན་པ་སྤྱིར་ཕུང་པོ་ལ་སོགས་པ་ཡོད་པ་དང་སྐྱེ་
བ་ལ་སོགས་པར་བསྟན་པ་ནི། སེམས་ཅན་གྱི་བསམ་པ་ལ་ལྟོས་ནས་བསྟན་པ་དོན་འཁྲུལ་པ་ཡིན་ཏེ། ཀུན་རྫོབ་ཏུ་གཞན་གྱི་དབང་གི་ངོ་བོར་གྲུབ་པ་དང་། དོན་དམ་པར་གྲུབ་པ་མེད་པའི་ཕྱིར། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མ་ལྟོས་པར་ཡོད་པ་དང་མེད་པ་འབའ་
ཞིག་གི་མཐར་རྟོག་པ་ནི་མི་བདེན་ཞེས་པའོ། །གཞན་ཡང་ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་དངོས་པོར་ཡང་སྟོང་ཞེས་པ་དང་། ཡང་དོན་དམ་པའི་དངོས་པོར་ཡང་ཡོད་དོ་ཞེས་པ་ལ་སོགས་པར་བསྟན་པ་ནི་ཤིན་དུ་ཡང་དྲང་བའི་དོན་འཁྲུལ་པ་ཞེས་བྱའོ། །དེ་ལྟར་ན་ངེས་པའི་དོན་
ནི་སྔར་བསྟན་པ་ལྟར་ཟུང་དུ་འཇུག་པའི་དབུ་མ་གཞན་གྱི་དབང་གིས་བསྡུས་པའི་ཆོས་རྣམས། །ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཞེས་བསྟན་པ་འབའ་ཞིག་གོ། །སྔ་མ་ལྟར་བསྟན་པ་རྣམས་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པའི་དེ་ཁོ་
ན་ཉིད་རྣམ་པར་དགོད་པའི་གཏམ་མ་ཡིན་ཞེས་པའོ། །དེ་ལྟ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། རྟོན་པ་རྣམ་པ་བཞིས་གསུངས་ཏེ། ཇི་སྐད་དུ། ངེས་པའི་དོན་ལ་རྟོན་གྱི་དྲང་བའི་དོན་ལ་མི་རྟོན་ཅེས་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་
ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང་། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པར་བྱའོ་ཞེས་གསུངས་པའི་རྗེས་སུ་འབྲང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་སྔར་བསྟན་པ་ལྟར་ཤེས་བྱ་ཐམས་ཅད་སེམས་སུ་འདུས་ཤིང་། སེམས་ཀྱི་ཆོས་ཉིད་ཀྱང་སྟོང་
เล่ม ๑๒๒ · หน้า 133a
པ་ཉིད་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པས་གཞན་དག་གི་ལོག་པར་རྟོག་པ་སེལ་བར་མཛད་དེ། དེའི་དོན་ནི་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་། མྱ་ངན་ལས་འདས་པའི་མདོ་ལ་སོགས་པ་
ལས་དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པ་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་དྲི་མ་རྣམ་པར་དག་པ་དང་། ཐོག་མ་ནས་རྣམ་པར་དག་པ་སྟེ་རང་བཞིན་གྱིས་ཀྱང་དག་པ་གདུལ་བྱ་ལ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པར་སྟོན་པར་ནུས་པ། སེམས་
ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཕུང་པོ་ལ་སོགས་པ་ནི་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །འདོད་ཆགས་ལ་སོགས་པ་ནི་ཀུན་འབྱུང་བ་ལས་དང་ཉོན་མོངས་པའོ། །ཡོངས་སུ་རྟོག་པ་ནི་ཤེས་བྱའི་སྒྲིབ་པའོ། །རྟག་པ་དང་
བདག་ལ་སོགས་པའི་དངོས་པོར་གསུངས་ཏེ། ཇི་སྐད་དུ་ཆུ་བོ་དགའ་སྐྱེད་ཀྱི་དྲུང་དུ་ཀུན་ཏུ་རྒྱུ་ལྔ་བརྒྱ་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་ལྟ་བུའོ། །དེ་ལྟ་ན་མུ་སྟེགས་བྱེད་རྣམས་ཀྱང་ལུས་ཅན་ཐམས་ཅད་ལ་ཐར་པའམ་གྲོལ་བའི་རྒྱུར་གྱུར་པ་བདག་དམ་པ་གཉིས་སུ་མེད་པའི་
དོན་ཡོད་པར་འདོད་དེ། ཇི་སྐད་དུ། འབྱུང་པོ་ཀུན་ལ་ཞི་བ་ཡོད། །ཞི་བ་གང་ཡིན་དེ་ང་ཉིད། །ཅེས་པ་འམ། ལུས་ཅན་ཀུན་ལ་བདག་ཡོད་དེ། །ཞེས་པ་ལ་སོགས་པ་སྨྲ་བ་དང་། ཅིའི་ཕྱིར་མི་མཚུངས་ཞེས་པའོ། །དེ་ལ་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིགས་པའོ་ཞེས་
པ་ནི་བདག་རྟག་པ་ཤེས་པ་རིགས་པ་དེ་ཉིད་ཡུལ་ལ་ལོངས་སྤྱོད་པའི་བྱ་བ་བྱེད་པའམ། དེ་ལ་བརྟེན་ནས་ཐར་པ་ཐོབ་པའོ། །ཡོན་རྟན་མེད་པ་ནི་གཟུགས་དང་བདེ་བ་ལ་སོགས་པའི་ཡོན་ཏན་གྱིས་སྟོང་པའོ། །ཁྱབ་པ་ནི་ལུས་ཅན་སོ་སོ་ལ་བདག་ཐ་དད་པ་རེ་གནས་པར་འདོད་པ་
དང་། ཐམས་ཅད་ལ་ཐུན་མོང་བའི་བདག་གཅིག་ཏུ་གྱུར་པ་ཡོད་པར་འདོད་པའོ། །ལན་གྱི་དོན་ནི་ང་ཡིས་བསྟན་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཀུན་གཞི་རྣམ་པར་ཤེས་པའི་མཐར་ཐུག་པ་དོན་དམ་པར་སྟོང་ཞིང་ཀུན་རྫོབ་ཏུ་མྱོང་བ་ཙམ་གྱི་བདག་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་རང་
เล่ม ๑๒๒ · หน้า 133b
བཞིན་གྱིས་རྣམ་པར་དག་པ་སྟེ། ཐེར་ཟུག་པའི་དངོས་པོ་དོན་དམ་པ་ཉིད་དུ་ཁས་མི་ལེན་པས་གཞན་དང་མི་མཚུངས་ཞེས་པའོ། །སྙིང་པོ་ཞེས་ཡོད་པའི་སྒྲར་བསྟན་པ་ནི་བྱིས་པ་རྣམས་བདག་མེད་པས་ཆད་པའི་ལྟ་བས་འཇིགས་པ་རྣམས་ལ་བསྟན་པའོ། །གཞན་ཡང་གདུལ་བྱའི་
ཁྱད་པར་འགའ་ཞིག་ལ་ནི་སྔར་བསྟན་པ་ལྟར་བདག་ལ་སོགས་པ་རང་གི་མིང་གིས་ཀྱང་བསྟན་ནོ། །ཡང་གསུང་རབ་དག་ལས་ཕལ་ཆེར་བྱིས་པའི་སྐྱེ་བོ་བདག་རྟོགས་པར་འགྱུར་བས་དེ་ལྟར་མ་གསུངས་ཏེ་ཇི་སྐད་དུ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། འདི་ནི་
བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པའམ། གཞན་ཡང་འཕགས་པ་མྱ་ངན་ལས་འདས་པ་ལས། དེ་འདྲ་བ་བཤད་པ་ན་སེམས་ཅན་ཐམས་ཅད་ལ། བདག་འདི་ལྟ་བུ་འདི་འདྲ་བ་ཅིག་ཡོད་དོ་སྙམ་སྟེ་ལོག་པར་མཐོང་ནས་ཤེས་རབ་མེད་པ་རྣམས་ལ་རྨི་ལམ་
དུ་རྨིས་པ་བཞིན་སྟོན་པར་བྱེད་དེ། འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ་ཐོས་ནས་རང་གི་ལུས་ལ་བདག་ཡོད་དོ་སྙམ་དུ་རྟོག་པར་བྱེད་ལ། དེ་དག་གིས་བདག་དེའི་རང་བཞིན་ནི་མི་ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག་པར་བཟུང་སྟེ། འཇིག་རྟེན་པ་རྣམས་
སྐྱེས་བུ་མཐེ་བོང་ཙམ་ཞེས་བྱ་བ་དང་། ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་ཞིག་སྙིང་ལ་གནས་ཏེ་འབར་རོ་ཞེས་ལོག་པར་རྟོག་པར་བྱེད་དོ་ཞེས་པ་ལ་སོགས་པར་གསུངས་པ་དང་། ཡང་ལ་ལ་དག་བདག་གཟུགས་ཅན་མ་ཡིན་པ་རྣམ་པར་ཤེས་པ་
ཙམ་གྱི་རང་བཞིན་འགའ་ཞིག་སྙིང་གི་ཕྱོགས་ན་གནས་ཤིང་འབར་རོ་ཞེས་ལོག་པར་རྟོག་པ་ཉིད་དུ་གསུངས་སོ། །དེ་ལ་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ལས། སྲིད་པ་ཉི་ཤུ་རྩ་ལྔ་ལ་བདེན་པ་གཅིག་ཙམ་ཡང་ཡོད་པར་མ་མཐོང་ཞེས་པའོ། །སྨོན་པ་མེད་པ་ནི་དེ་རྣམས་སྟོང་པ་
དང་ཀུན་རྫོབ་ཏུ་ཉེས་སྐྱོན་དང་བཅས་པས་སྨོན་པ་དང་འཚོལ་བར་བྱེད་པའོ། །མཚན་མ་མེད་པ་ནི་མཚན་མ་བཅུ་མེད་པ་སྟེ། གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔའི་མཚན་མ་དང་སྐྱེ་འཇིག་གནས་པ་གསུམ་གྱི་མཚན་མ་དང་། ཕོ་དང་མོའི་མཚན་མ་མེད་པ་སྟེ། དེ་རྣམས་
เล่ม ๑๒๒ · หน้า 134a
ཀྱིས་ཀྱང་ལུས་དང་ལོངས་སྤྱོད་དང་གནས་ཀྱི་མཚན་མ་གསུམ་སྤངས་པའོ། །ཡང་དག་པའི་མཐའ་ནི་ཡང་དག་པའི་དོན་གང་གི་མཐར་ཐུག་པའི་གནས་ལུགས་དེ་བཞིན་ཉིད་དོ། །མྱ་ངན་ལ་འདས་པ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །
དེ་ལ་སོགས་པ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཞེས་པ་ལ་སོགས་པ་སྟེ། དོན་དམ་པའི་རྣམ་གྲངས་སུ་གཏོགས་པའི་སྙིང་པོའི་སྒོ་ནི་དངོས་པོ་ལྟ་བུར་བསྟན་པའི་ཐབས་ཏེ། དེས་སྣང་བ་མེད་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་སྟོན་
ཏོ། །བཟོ་ནི་རིག་པའི་ཁྱད་པར་རོ། །ནན་ཏན་ནི་ཡིད་གཞུངས་པའོ། །ཇི་ལྟར་རྫ་མཁན་གྱི་དཔེ་དང་འདྲ་བར་དེ་བཞིན་གཤེགས་པ་ཡང་འཇིམ་པ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་པོ་ལས། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་དང་། སེམས་ཅན་འདུལ་བའི་ཐབས་
ལ་མཁས་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་འམ། ཡང་བདག་ཏུ་སྨྲ་བས་འཇིགས་པ་དང་བདག་ཏུ་ཕྱིན་ཅི་ལོག་དུ་འགྱུར་བ་སྤང་བའི་དོན་དུ་གང་ཟག་གིས་བདག་མེད་པར་བསྟན་པས་ཀྱང་རུང་སྟེ། སེམས་ཅན་སོ་སོ་ལ་གྲགས་པའི་ཚིག་དང་ཡི་གེའི་རྣམ་
གྲངས་རྣམ་པ་སྣ་ཚོགས་ཀྱིས་དངོས་སམ་བརྒྱུད་པའི་སྒོ་ནས་སྙིང་པོ་དེ་ཉིད་རྟོགས་པར་བྱེད་ཅིང་། གནས་སྐབས་ཀྱི་ལམ་མི་འདྲ་བ་ལ་བརྟེན་ནས་རིགས་གཅིག་པོ་དེ་ཉིད་ལས་གནས་སྐབས་ཀྱི་འབྲས་བུ་མི་འདྲ་བ་སྣ་ཚོགས་བྱེད་པའོ། །སྙིང་པོ་བསྟན་པས་སྙིང་པོ་སྟོན་ཞེས་པ་ནི།
དངོས་པོའི་སྒྲར་བསྟན་པའི་ཐབས་ཀྱི་སྙིང་པོ་ཡང་དག་རྟོགས་པར་བྱེད་པའོ། །མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའི་དོན་ནི། ཇི་ལྟར་འགྱུར་ཞེས་དགོངས་པའི་ཚུལ་བསྟན་ནས་འཚང་རྒྱ་བར་བྱ་བའི་དོན་དུ་སྙིང་པོའི་སྒྲར་བསྟན་ཞེས་
པའོ། །གང་ཟག་རྒྱུན་ནི་ཕྱི་རོལ་པ་རྣམས་ཀྱིས་བརྟགས་པ་ལྟ་བུའམ། རང་གི་སྡེ་པ་གང་དག་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཁྱད་པར་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་ལས་དང་ལས་ཀྱི་ཁུར་ཁྱེར་བ་ཡོད་པར་འདོད་པ་ལྟ་བུའོ། །རྐྱེན་ནི་མ་རིག་པ་ལ་སོགས་པའོ། །རྡུལ་ནི་
เล่ม ๑๒๒ · หน้า 134b
རང་གི་སྡེ་པས་འདོད་པ་འམ། ཡང་ཕྱི་རོལ་པས་རྡུལ་ཕྲ་རབ་རྟག་པ་ཉིད་དུ་འདོད་པའོ། །དོན་འདི་རྣམས་ཀྱང་། སྙིང་པོ་ཇི་ལྟར་འབྱུང་བར་འགྱུར། །ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས། རྣལ་འབྱོར་ལས་ནི་ཇི་ལྟར་
ལྡོག །རྣལ་འབྱོར་ལ་ཡང་ཇི་ལྟར་འཇུག །ཅི་འདྲའི་སྐྱེས་བུ་ཅི་ཚུལ་དུ། །རྣལ་འབྱོར་གཞག་པ་བདག་ལ་གསུངས། །ཞེས་དྲིས་པའི་ལན་བཏབ་པའི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ཐབས་སྟོན་པའོ། །དེ་ལ་གཡོ་བ་མེད་པ་ནི་དེ་ཁོ་ན་ཉིད་དུ་
སེམས་ཀྱི་འཇུག་པ་འམ། མི་རྟག་པ་དངོས་པོར་ཡང་གྲུབ་པ་མེད་པའོ། །བག་ཆགས་ལ་མངོན་པར་ཞེན་པས་བསྒོས་པ། ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ་པ་ཞེས་པ་ནི་ཁམས་གསུམ་པོ་བག་ཆགས་ཀྱིས་གཞག་ཅིང་། དེ་
ཡང་ཁམས་གསུམ་གྱིས་བསྡུས་པའི་ཚུལ་ལུགས་རྣམ་པ་སྣ་ཚོགས་འདོད་པའི་དགའ་བ་དང་། བསམ་གཏན་དང་ཏིང་ངེ་འཛིན་གྱི་རོ་ལ་མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་པས་འཁོར་བར་རྗེས་སུ་འབྲེལ་པའོ། །སྒྱུ་མ་ལ་སོགས་པའི་གཟུགས་སྐྱེ་བ་དང་འདྲ་བར་ཞེས་
པ་ལ་སོགས་པའི་དོན་ནི་གཟུགས་དེ་དག་ལ་རང་དང་གཞན་དང་གཉིས་ཀར་གྱུར་པའི་རྒྱུ་མེད་པའི་ཕྱིར། མི་སྐྱེ་བ་དང་འདྲ་བར་དངོས་པོ་ཐམས་ཅད་མི་སྐྱེ་ཞེས་པ་སྟེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །གཞན་ཡང་སྲིད་པའི་ཡན་ལག་གི་རྐྱེན་རྣམས་ཀྱི་རྡུལ་ཕྲ་རབ་
བམ། སྐད་ཅིག་མ་འདུས་པའི་ཕུང་པོ་དང་། དབང་ཕྱུག་ལ་སོགས་པ་གང་དག་གིས་ཆེད་དུ་སྤངས་པ་མེད་པར་མཐོང་ནས་ཀུན་རྫོབ་ཏུ་རང་དགའ་བའི་རྟོགས་པས་བརྟགས་པ་ཉིད་དུ་ཤེས་པའོ། །རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་ཅེས་པ་ནི་རྟོགས་པ་དེ་ཉིད་ཁྱད་པར་དུ་གྱུར་པ་
སོ་སོ་རང་རིག་པའི་ཚུལ་གྱིས་མངོན་དུ་བྱས་པ་སྟེ། དེར་རྣམ་པར་ཤེས་པ་རྣམས་ཀྱི་སྣང་བ་ཡང་གནས་པར་གྱུར་པའོ། །ཡང་འདིར་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་རང་བཞིན་མེད་པར་མཐོང་བས་དེ་འདྲ་བའི་ཕྱིན་ཅི་ལོག་ས་བོན་དང་བཅས་ཏེ་སྤངས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་ཡུལ་དང་།
เล่ม ๑๒๒ · หน้า 135a
ཡུལ་ཅན་ཆོས་ཀྱི་སྐུའི་ཡེ་ཤེས་ལ་མངོན་པར་མོས་པའོ། །འདིས་ནི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་བསྟན་ལ། སྔ་མ་གསུམ་གྱིས་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ཤེས་རབ་ཞི་གནས་དང་ལྷག་མཐོང་ཟུང་དུ་
འབྲེལ་པའི་རྣལ་འབྱོར་བསྟན་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ལམ་ནི་འཕགས་པའི་རིགས་སྦྱོང་བར་བྱེད་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འདྲེན་པར་བྱེད་པ་སྟེ། སྔར་ཇི་སྐད་བསྟན་པ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཀྱང་།
འགྲོ་བ་དག་དང་ལུས་འཛིན་པ། ཅི་ཡི་སླད་དུ་བྱ་བ་འབྱུང་། །ཞེས་པ་དང་། རྐྱེན་གྱིས་སྐྱེ་བ་ཇི་ལྟ་བུ་འབྲས་བུ་གང་ལགས་རྒྱུ་ནི་ཅི་ཞེས་དྲིས་པའི་ལན་ནི་སྔར་བསྟན་པ་ལས་ཚུལ་གཞན་པའི་སྒོ་ནས་རྒྱས་པར་འཆད་དེ། དེ་ཡང་རྒྱུ་དང་རྐྱེན་གྱི་མཚན་ཉིད་རྟོགས་པས་དོན་དམ་
པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་འཇུག་པར་འགྱུར་བ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཕྱི་ནི་ཕྱི་རོལ་དུ་སྣང་བའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ལ།
མ་རིག་པ་དང་སྲེད་པ་དང་ལས་དང་ཆོས་འདི་དག་ལ་སོགས་པ་ནི་ཞེས་པ་ལ། ལེན་པ་དང་སྲིད་པ་དང་རྣམ་པར་ཤེས་པ་རྒྱུས་བསྡུས་པ་ཡང་སྟེ། དེ་ལ་སྲིད་པ་ལ་སོགས་པ་གསུམ་ནི་མ་རིག་པའི་རྐྱེན་གྱིས་ལས་མངོན་པར་འདུ་བྱས་ཀྱང་། སྲེད་པ་ལ་སོགས་པའི་རྐྱེན་གྱིས་མ་
ཟིན་ན། ཡང་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་བས་འདིར་སྨོས་པའོ། །རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་མིང་ཐོབ་ཞེས་བྱ་བ་ནི་རྒྱུས་བསྡུས་པ་དྲུག་གམ་རྣམ་པ་ལྔའོ། །བློ་གྲོས་ཆེན་པོ་འདི་དག་ལས་སྐྱེས་པའི་ཕུང་པོ་དང་ཞེས་པ་ལ་སོགས་པས་ནི་འབྲས་བུས་བསྡུས་པའི་
རྣམ་པར་ཤེས་པ་འམ། མིང་དང་གཟུགས་ལ་སོགས་པ་འབྲས་བུས་བསྡུས་པ་དྲུག་གམ། ཡང་ན་བདུན་ཉིད་དོ། །འདི་རྣམས་ཀྱི་དོན་ཅུང་ཟད་བསྡུས་ཏེ་གསལ་བ་བསྟན་པ་ནི་འཕགས་པ་ས་བཅུ་པའི་མདོ་ལས་རྣམ་པ་བཅུའི་སྒོ་ནས་གསུངས་ཏེ། འདི་ལྟར་སྲིད་པའི་ཡན་ལག་
เล่ม ๑๒๒ · หน้า 135b
རྗེས་སུ་འབྲེལ་པ་དང་། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང་། རང་གི་ལས་མ་འདྲེས་པ་དང་། ཐ་དད་པ་མ་ཡིན་པ་སྟེ། ཀུན་ནས་ཉོན་མོངས་པའི་རྒྱུད་དུ་གཅིག་པ་འམ། རང་རང་གི་འབྲས་བུ་རྒྱུན་མི་འཆད་པ་དང་། རྟོན་པར་བྱེད་པ་ཉིད་དུ་མཚུངས་པ་དང་། ལམ་གསུམ་
གྱི་རྒྱུད་དུ་འབྲང་བ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བ་དང་ཕྱི་མའི་མཐའ་ལ་ལྟོས་པ་དང་། སྡུག་བསྔལ་གསུམ་ཀུན་དུ་འབྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ་དང་། སྐྱེ་བ་དང་འཇིག་པ་དང་འབྲེལ་པ་དང་། མེད་པས་ཟད་པར་སོ་སོར་རྟོགས་པའོ། །དེ་ལས་དང་པོ་པའི་
དབང་དུ་བྱས་ཏེ། མ་རིག་པ་ནི་བདེན་པ་རྣམས་མངོན་པར་མི་ཤེས་པ་སྟེ། དེ་ཡང་ཀུན་དུ་བརྟགས་པའི་མ་རིག་པའོ། །འདུ་བྱེད་སེམས་པ་དང་བསམ་པའི་ལས་སོ། །རྣམ་པར་ཤེས་པ་ནི་གཙོ་བོར་ཀུན་གཞི་རྣམ་པར་ཤེས་པའོ། །མིང་དང་གཟུགས་ནི་དབང་པོ་མ་དོད་པའི་
གནས་སྐབས་སོ། །སྐྱེ་མཆེད་དྲུག་ནི་དབང་པོ་ཐམས་ཅད་རྫོགས་པའི་གནས་སྐབས་སོ། །རེག་པ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པའོ། །དེ་ཡང་སྡུག་བསྔལ་དང་བདེ་བའི་བྱེ་བྲག་མི་ཕྱེད་པ་ནི་རེག་པའོ་ཞེས་མྱ་ངན་ལས་འདས་
པ་ལས་གསུངས་སོ། །ཚོར་བ་ནི་ཉམས་སུ་མྱོང་བའོ། །སྲིད་པ་ནི་ཚོར་བ་ལ་ཆགས་པའོ། །ལེན་པ་ནི་ཚོར་བའི་རྒྱུ་ལ་ཆགས་པའོ། །སྲིད་པ་ནི་མིང་དང་གཟུགས་ཀྱི་ས་བོན་ཀུན་གཞི་ལ་ཡོད་པ་ལེན་པས་གསོས་བཏབ་སྟེ། མཐུ་དང་ལྡན་པར་སོང་བའོ། །སྐྱེ་བ་ནི་
མིང་དང་གཟུགས་ལ་སོགས་པ་དེ་ཉིད་དང་ཐོག་མར་བྱུང་བའོ། །རྒ་ཤི་ནི་མིང་དང་གཟུགས་ལ་སོགས་པ་དེ་ཉིད་གནས་སྐབས་གཞན་དུ་གྱུར་པ་དང་རྒྱུན་ཆད་པའོ། །ཡང་རྒས་པ་ནི་ཕུང་པོ་ཡོངས་སུ་སྨིན་པའོ། །ཞེས་ཀྱང་གསུངས་སོ། །སྤྱིའི་ངེས་པའི་ཚིག་ནི་སྔ་མ་སྔ་མ་རྣམས་
ལ་རྟེན་ཅིང་འབྲེལ་ཏེ་ཕྱི་མ་རྣམས་འབྱུང་བས་སོ། །སོ་སོའི་དབྱེ་བ་ལ་མ་རིག་པ་ནི་གཉིས་ཏེ། ལས་རྒྱུ་འབྲས་ལ་རྨོངས་པ་སྲོག་གི་མཆོད་སྦྱིན་ལ་སོགས་པས་ཐར་པར་འདོད་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ་བདག་དང་བདག་གི་ལ་སོགས་པར་ཕྱིན་ཅི་ལོག་པ་དང་དེ་རྣམས་ཇི་ལྟ་བ་བཞིན་
เล่ม ๑๒๒ · หน้า 136a
མ་རྟོགས་པའོ། །འདུ་བྱེད་ལ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་སོ། །ཡང་ན་སྒོ་གསུམ་གྱི་ལས་གསུམ་མོ། །རྣམ་པར་ཤེས་པ་ནི་རྒྱུ་དང་། འབྲས་བུས་བསྡུས་པ་གཉིས་སོ། །མིང་དང་གཟུགས་ནི་རྣམ་
པ་ལྔའོ། །སྐྱེ་མཆེད་ནི་དྲུག་གོ། །རེག་པ་ཡང་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་དྲུག་གོ། །ཚོར་བ་ཡང་དེ་ཉིད་དང་རྗེས་སུ་མཐུན་པའམ། རྣམ་པ་གསུམ་མམ་ལྔའོ། །སྲེད་པ་ནི་གསུམ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་སྲེད་པའོ། །ལེན་པ་ནི་བཞི་སྟེ།
འདོད་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པའོ། །འདིར་ཉེ་བར་ལེན་ཞེས་པ་ནི་དེ་དག་ལ་ཆགས་པའོ། །སྲིད་པ་ཡང་རྣམ་པ་བཞི་སྟེ། སྔོན་དུས་ཀྱི་སྲིད་པ་དང་། འཆི་བའི་སྲིད་པ་དང་།
བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པའོ། །འདིར་ནི་དེ་རྣམས་ཀྱིས་བསྡུས་པའི་མིང་དང་གཟུགས་ཀྱི་ས་བོན་ལེན་པས་མཐུ་དང་ལྡན་པར་བྱས་པའོ། །སྐྱེ་བ་དང་རྒ་ཤི་ལས་སྐྱེ་བ་ནི་གསུམ་སྟེ། སྐད་ཅིག་གི་སྐྱེ་བ་དང་། མངོན་པར་འགྲུབ་པའི་སྐྱེ་བ་དང་། ཉིང་མཚམས་སྦྱོར་
བའི་སྐྱེ་བའོ། །རྒས་པ་ཡང་གསུམ་སྟེ། ཉེ་བར་སྤྱད་པས་རྒས་པ་དང་། གཞན་ཉིད་ཀྱིས་རྒས་པ་དང་། གཞན་དུ་འགྱུར་བས་རྒས་པའོ། །གཉིས་པ་དེ་རྣམས་སེམས་གཅིག་ཏུ་ཡང་དག་པར་འདུ་བ་ནི། སྔར་བསྟན་པ་ལྟར་ཀུན་རྫོབ་ཏུ་ཐམས་ཅད་སེམས་ཉིད་ཡིན་ལ།
དེ་ཡང་སྤྱིར་ཀུན་གཞི་རྣམ་པར་ཤེས་པ་གཅིག་ཉིད་དེ། རྒྱ་མཚོ་དང་དབའ་རླབས་བཞིན་ཞེས་སྔར་བསྟན་ཏོ། །གཞན་ཡང་རྒྱུན་དང་ལྡན་པའི་ཀུན་གཞི་ནི་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་དེར་འདུ་ཤེས་པའོ། །དེ་སྐད་དུ་ཡང་། དེ་དག་ཐམས་ཅད་ཀྱང་སེམས་གཅིག་
ལ་གནས་པ་དག་གོ་ཞེས་གསུངས་སོ། །རང་གི་ལས་མ་འདྲེས་པ་ནི་དང་པོར་མ་རིག་པའི་དབང་དུ་བྱས་ན་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་དམིགས་པ་ལ་ཀུན་དུ་རྨོངས་པར་བྱེད་པ་དང་། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །འདུ་བྱེད་རྣམས་ཀྱང་
เล่ม ๑๒๒ · หน้า 136b
བྱ་བ་གཉིས་སུ་ཉེ་བར་གནས་པ་མ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་འགྲུབ་པར་བྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །དེ་བཞིན་དུ་ཡན་ལག་ལྷག་མ་རྣམས་ཀྱིས་ཀྱང་། རང་རང་གི་འབྲས་བུ་ཕྱི་མ་རྣམས་མངོན་པར་
འགྲུབ་པའི་རྒྱུ་འབྱིན་པ་དང་། ཁྱད་པར་དུ་རྣམ་པར་ཤེས་པས་སྲིད་པ་ཉིང་མཚམས་སྦྱོར་བར་ཡང་བྱེད་པ་དང་། མིང་དང་གཟུགས་ཀྱིས་ཕན་ཚུན་སྟོན་པར་བྱེད་པ་དང་། སྐྱེ་མཆེད་དྲུག་གིས་རང་གི་ཡུལ་རྣམས་ཕྱེ་བ་ཡང་སྟོན་པ་དང་། རེག་པས་དམིགས་པ་ལ་རེག་པར་
མེད་པ་དང་། ཚོར་བས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉི་ག་ལས་རྣམ་པར་གྲོལ་བ་མྱོང་བར་ཡང་བྱེད་པ་དང་། སྲེད་པས་ཆགས་པར་གྱུར་པའི་དངོས་པོ་ལ་ཀུན་དུ་ཆགས་པར་ཡང་བྱེད་པ་དང་། ལེན་པས་ཀུན་ནས་ཉོན་མོངས་པ་དང་འབྲེལ་བར་ཡང་བྱེད་པ་དང་། སྲིད་པས་
སྲིད་པའི་རྒྱུད་གཞན་ཡང་གནས་པར་བྱེད་པ་དང་། སྐྱེ་བས་ཕུང་པོ་འབྱུང་བར་བྱེད་པ་དང་། རྒ་བས་དབང་པོ་ཡོངས་སུ་འགྱུར་བར་བྱེད་པ་དང་། འཆི་བས་འདུ་བྱེད་འཇིག་པར་བྱེད་པ་དང་། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ་ཞེས་གསུངས་ཏེ། རྟེན་
ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་མ་རྟོགས་པས་ཚེ་རབས་གཞན་དང་གཞན་གྱི་རྒྱུར་ཡང་འགྱུར་བའི་ཕྱིར་རོ། །དེ་ལ་བྱེད་པ་འདི་རྣམས་ཀྱི་དོན་ནི་ཇི་ལྟར་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་ཞེས་པ་དང་། ཚད་མ་ནི་ཡུལ་ལ་སྒྲོ་འདོགས་གཅོད་པར་བྱེད་ཅེས་པ་ལྟ་བུ་སྟེ། བྱེད་
པ་རང་གི་ངོ་བོར་གྱུར་པ་ཡིན་གྱི་དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །ཐ་དད་པ་མ་ཡིན་པའི་དོན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་། རྟོན་པར་བྱེད་པ་སྟེ། དེ་ཡང་མ་རིག་པ་ནི་ས་བོན་གྱི་གནས་སྐབས་དང་།
འབྲས་བུའི་གནས་སྐབས་གཉིས་སོ། །དེ་ལ་ས་བོན་གྱི་གནས་སྐབས་ཀྱིས་ནི། འདུ་བྱེད་རྒྱུན་མི་འཆད་པར་བྱེད་དོ། །ས་བོན་མ་སྤངས་པ་དེ་སྲིད་དུ་འདུ་བྱེད་ཀྱི་རྒྱུན་འབྱུང་བའི་ཕྱིར་རོ། །འབྲས་བུའི་གནས་སྐབས་ཀྱིས་ནི་སྐྱེད་ཅིང་རྟོན་པར་བྱེད་དེ། དེ་སྐྱེས་པས་དེ་ཡང་རྗེས་ཐོགས་སུ་སྐྱེ་
เล่ม ๑๒๒ · หน้า 137a
བའི་ཕྱིར་རོ། །དོན་འདི་གཉིས་ཀྱང་འདི་ཡོད་པས་འདི་འབྱུང་ཞེས་པ་དང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་བྱ་བའི་དོན་རྣམ་པ་གཉིས་བསྟན་ཏོ། །ཡན་ལག་ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ལམ་གསུམ་གྱི་རྒྱུན་དུ་འབྲང་བ་ནི་དེ་ལ་མ་རིག་
པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་རྒྱུན་མི་འཆད་
པར་རབ་ཏུ་ཕྱེ་བ་སྟེ། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ཉིད་ས་བཅུའི་མགོན་པོས་ཀྱང་། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་དག་ནི་ཚེ་ཡིན་ནོ། །ཞེས་གསུངས་ཏེ། འདིས་ཀྱང་ད་ལྟར་གྱི་ཉོན་མོངས་པའི་ཀུན་ནས་ཉོན་
མོངས་པ་དང་། དེས་ཀུན་ནས་བསླང་བའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལ་བརྟེན་ནས་མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་ཅིང་དེ་དག་ཏུ་ཡང་སྔ་མ་བཞིན་དུ་ཉོན་མོངས་པས་ཀུན་ནས་བསླང་ཞིང་། ལས་མངོན་པར་འདུས་བྱས་པས་ཡང་གཞན་དུ་སྐྱེ་བ་མངོན་པར་འགྲུབ་
པ་སྟེ། སྡུག་བསྔལ་ཀྱི་ཕུང་པོ་འབའ་ཞིག་འབྱུང་ཞེས་པའོ། །དུས་གསུམ་ལ་ལྟོས་པ་ཡང་མ་རིག་པ་དང་འདུ་བྱེད་ནི་སྔོན་གྱི་མཐའི་ལྟོས་པ་སྟེ། ད་ལྟར་གྱི་ཕུང་པོའི་རྒྱུ་ཉིད་དུ་གྱུར་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་ནི་ད་ལྟར་བྱུང་བའི་ལྟོས་པ་སྟེ། སྔ་མ་ལ་ལྟོས་པའི་
འབྲས་བུ་དང་། ཕྱི་མའི་རྒྱུར་གྱུར་པས་ལྟོས་པའོ། །སྲེད་པ་ལ་སོགས་པ་གསུམ་ནི་ཕྱི་མའི་མཐའི་ལྟོས་པ་སྟེ། མ་འོངས་པའི་སྐྱེ་བ་ལ་སོགས་པས་བསྡུས་པ་མིང་དང་གཟུགས་ལ་སོགས་པའི་རྒྱུར་གྱུར་པའོ། །དེ་ལྟར་བསྟན་པས་ཀྱང་སྲིད་པའི་རྒྱུ་དང་འབྲས་བུའི་ཚུལ་དུ་གོ་
རིམས་སུ་བསྟན་པ་འདི་རྣམས་ཚེ་གསུམ་ལ་རྫོགས་པ་སྟེ། དང་པོ་གཉིས་ནི་སྔ་མ་ལྔའོ། །དེ་ནས་རྣམ་པ་བརྒྱད་ནི་ཚེ་འདི་ཉིད་ལ་རྫོགས་པ་སྟེ། སྲེད་པ་ལ་སོགས་པ་གསུམ་ཕྱི་མའི་མཐའི་ལྟོས་པའོ་ཞེས་གསུངས་པ་ནི་དེའི་ཉེ་བའི་རྒྱུར་གྱུར་པ་སྟེ། ཚེའི་དབང་དུ་བྱས་ན་ད་
เล่ม ๑๒๒ · หน้า 137b
ལྟར་བས་བསྡུས་པའོ། །སྐྱེ་བ་དང་རྒ་ཤི་ནི་ཚེ་ཕྱི་མས་བསྡུས་པའོ། །ཕྱི་མ་ཕན་ཆད་དུ་ཡང་དེ་བཞིན་དུ་རབ་ཏུ་འབྱུང་བ་སྟེ། ཕྱི་མ་ཉིད་ཀྱི་དུས་མངོན་དུ་གྱུར་པ་ན་དེ་ལ་ལྟོས་ཏེ། དེ་ལྟར་བ་ནི་སྔོན་གྱི་མཐའ་ལ་ལྟོས་ཞེས་པ་སྟེ། ཤེས་པར་ཟད་དོ། དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་
བུ་ཡང་ཚར་གཉིས་ཀྱིས་བསྡུས་པ་སྟེ། དང་པོ་གཉིས་ནི་རྒྱུ་ལ། དེ་ནས་རྣམ་པ་ལྔ་ནི་འབྲས་བུར་གྱུར་པའོ། །ཡང་སྲེད་པ་ལ་སོགས་པ་གསུམ་ནི་ཕྱི་མའི་རྒྱུར་གྱུར་པ་ཡིན་ལ། སྐྱེ་བ་དང་རྒ་ཤི་ནི་འབྲས་བུར་གྱུར་པའོ། །གཞན་ཡང་འདི་རྣམས་ཀྱིས་ནི་གང་དག་མ་རིག་པ་
དང་འདུ་བྱེད་ལ་སོགས་པའི་རྒྱུ་ཁྱད་པར་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལུས་ཅིག་ཅར་འགྲུབ་པར་ཐལ་ཞེས་པ་དང་། གཞན་ཡང་གང་ཟག་གི་བདག་མེད་པར་འདུ་བྱེད་ཐམས་ཅད་སྐད་ཅིག་མར་གྱུར་པ་དེའི་ཚེ། བྱེད་པ་པོ་མེད་པས་ལས་བདག་གིར་བྱ་བ་
མེད་པར་འགྱུར་ཏེ། ཇི་སྐད་དུ། །ལས་བྱས་ནས་ནི་ཞིག་པ་ན། །སུ་ཡི་ལས་སུ་འགྱུར་ཞེ་ན། །ཞེས་པ་སྟེ། རྣམ་པར་སྨིན་པའི་དུས་ན་ལས་བྱེད་པ་པོ་འགགས་ནས་མེད་པས་དེས་རྣམ་པར་སྨིན་པ་མྱོང་བ་མེད་ཅིང་། གཞན་ལ་སྨིན་པར་འགྱུར་བར་བྱས་པ་ཆུད་ཟོས་པ་དང་། མ་
བྱས་པ་དང་ཕྲད་པའི་ཉེས་པར་འགྱུར་ཞེས་པའོ། །གཞན་ཡང་སྔོན་གྱི་ལས་ནི་འབྲས་བུ་མ་བསྐྱེད་པར་འགགས་པས་ཕྱིས་འབྲས་བུ་སྐྱེད་པའི་དུས་ན་མེད་པའི་ཕྱིར་ལས་རྣམས་ཆུད་ཟོས་པའི་ཉེས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་ལས་བྱས་པ་དང་། བྱས་ཀྱང་འབྲས་བུ་
བསྐྱེད་ཟིན་པ་དང་། བྱས་ཤིང་འབྲས་བུ་མ་བསྐྱེད་ཀྱང་གཉེན་པོ་རྙེད་པས་སྤངས་ཟིན་པ་ན་ཡང་སྲིད་པ་མངོན་པར་འགྲུབ་པ་མི་འཐད་ལ། དེའི་ཕྱིར་ལས་འགའ་ཞིག་ནི་བྱས་ལ་འགའ་ཞིག་ནི་མ་བྱས་པ་འམ། བྱས་པ་ཡང་འགའ་ཞིག་གིས་ནི་འབྲས་བུ་བསྐྱེད་ཟིན་པ་འམ། །འགའ་
ཞིག་གིས་མ་བསྐྱེད་པ་འམ། མ་བསྐྱེད་པ་ཡང་འགའ་ཞིག་ནི་གཉེན་པོས་སྤངས་པ་འམ། འགའ་ཞིག་ནི་མ་སྤངས་པ་སྟེ། དེའི་ཕྱིར་ཐམས་ཅད་ཀྱི་ལུས་ཅིག་ཅར་མངོན་པར་འགྲུབ་པར་མི་འགྱུར་ཏེ། ལས་མ་བྱས་པ་འམ་བྱས་པའམ་བྱས་ཀྱང་འབྲས་བུ་བསྐྱེད་ཟིན་པ་འམ། བྱས་ལ་མ་
เล่ม ๑๒๒ · หน้า 138a
བསྐྱེད་ཀྱང་གཉེན་པོ་མངོན་པར་ཐོབ་པ་རྣམས་ཀྱི་འབྲས་བུ་ནི་འབྱུང་བར་མི་འགྱུར་ལ། དེ་ལས་བཟློག་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འབྱུང་བར་འགྱུར་བ་སྟེ། དེས་ན་རྒྱུ་ལས་ཁྱད་པར་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པས་
ཉེས་པ་དང་པོ་ལས་གྲོལ་ལོ། །གཉིས་པ་ཡང་མི་འཐད་དེ། ཀུན་གཞི་རྣམ་པར་ཤེས་པ་རྒྱུན་དང་ལྡན་པས་དེའི་རང་བཞིན་དུ་གྱུར་པའི་ས་བོན་གྱི་ཀུན་ནས་བསླང་བའི་རྣམ་པར་ཤེས་པས་ལས་བསགས་ཤིང་། ལས་ཀྱི་སྐད་ཅིག་འགགས་པ་ན་ཡང་དེའི་ས་བོན་ཀུན་གཞི་
ལ་བསྒོས་པ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་ལས་བྱུང་བའི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའི་ཕུང་པོས་བསྡུས་པ་དང་ལྷན་ཅིག་པའི་ཀུན་གཞི་རྣམ་པར་ཤེས་པར་རེད་ཅིང་སྨིན་པ་སྟེ། གནས་དང་ལུས་ལ་སོགས་པ་འདོད་བྱ་དང་འདོད་བྱ་མ་ཡིན་པའི་རྣམ་པར་
སྣང་བ་རྒྱུ་བ་ཆ་ཕྲ་བ་སྟེ། དེའི་ཕྱིར། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པ་ཞེས་བྱར་བསྟན། །ཞེས་པའོ། །དེས་ན་འདིར་ཀུན་གཞི་རྣམ་པར་ཤེས་པ་ཉིད་འཁོར་གྱི་དེ་མེད་པར་གྱུར་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི་འཁོར་བ་མི་འཐད་དོ་ཞེས་འོག་
ནས་སྟོན་པར་འགྱུར་ཏེ། ཕ་རོལ་པོས་བརྗོད་པའི་ཉེས་པ་དང་འབྲེལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་འབྲས་བུ་མ་བསྐྱེད་པར་ལས་ཟད་པ་དེ་ལྟ་ན་ཡང་། ལས་ཀྱིས་བསྒོས་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུན་ཆགས་སུ་གནས་པ་དེ་ཉིད་ལས་འབྲས་བུ་
འབྱུང་བས་ལས་ཆུད་ཟོས་པའི་ཉེས་པ་ལས་ཀྱང་གྲོལ་ཏེ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་གཉེན་པོ་མ་ཐོབ་པའི་གང་ཟག་
གི་དབང་དུ་བྱས་པའོ། །དེས་ན་ལས་འགའ་ཞིག་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་སྟེ། ཚེ་དེ་ཉིད་ལ་འབྲས་བུ་བསྐྱེད་ཟིན་པས་ཕྱི་མ་ལ་སྐྱེ་བར་མི་འགྱུར་བའོ། །འགའ་ཞིག་ནི་སྲེད་པ་དང་ལེན་པའི་རྐྱེན་ཚང་ཞིང་གཉེན་པོ་མ་ཐོབ་པས་སྐྱེས་ནས་འབྲས་བུ་མྱོང་བར་འགྱུར་
เล่ม ๑๒๒ · หน้า 138b
བའོ། །འགའ་ཞིག་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་ལ། འགའ་ཞིག་མྱོང་བར་མ་ངེས་ཏེ། གཉེན་པོའི་སྟོབས་ཀྱིས་ཟད་པར་འགྱུར་བ་དག་ཀྱང་སྲིད་དོ། །འདིར་ཆོས་མངོན་པའི་བསྟན་བཅོས་དག་ལས། སྲིད་པའི་ཡན་ལག་བཅུ་གཉིས་སུ་གྲངས་
ངེས་པའི་རྒྱུ་མཚན་ནི་འདི་རྣམས་ལ་རྒྱུས་བསྡུས་པ་དང་། འབྲས་བུས་བསྡུས་པ་གཉིས་ལས། རྒྱུས་བསྡུས་པ་ཡང་རྣམ་པ་གཉིས་ཏེ། འཕེན་པར་བྱེད་པའི་རྒྱུ་རིང་བར་གྱུར་པ་དང་། མངོན་པར་འགྲུབ་པའི་རྒྱུ་ཉེ་བར་འགྱུར་བའི་རྒྱུའོ། །དེ་ལ་འཕེན་པར་བྱེད་པ་ནི་མ་རིག་
པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྒྱུས་བསྡུས་པ་སྟེ། དེ་ཡང་གང་ལ་བརྟེན་ཏེ་འཕེན་པ་དང་། གང་གིས་འཕེན་པ་དང་། ཚུལ་ཇི་ལྟར་འཕེན་ཏེ། རྣམ་པ་གསུམ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་འཕེན་པར་བྱེད་པ་ཡང་དེ་རྣམས་ལས་མང་བ་མི་དགོས་ཤིང་།
ཉུང་ན་ཡན་ལག་མ་ཚང་བར་འགྱུར་བས་དེ་དག་ཙམ་དུ་གྲངས་ངེས་པའོ། །མངོན་པར་འགྲུབ་པའི་རྒྱུ་ལ་ཡང་། རྣམ་པ་གསུམ་སྟེ། གང་ལ་བརྟེན་ཏེ་འགྲུབ་པ་དང་། གང་གིས་འགྲུབ་པ་དང་། ཇི་ལྟར་འགྲུབ་སྟེ། རིམ་པ་བཞིན་སྲེད་ལེན་སྲིད་པ་གསུམ་དང་སྦྱར་རོ། །
འབྲས་བུའི་དབང་དུ་བྱས་ཏེ་འཕེན་པར་བྱེད་པས་འཕངས་པ་རིང་བའི་འབྲས་བུ་ནི་བཞི་སྟེ། ལུས་ཐོབ་པ་དང་། ཐོབ་པ་གང་ལས་ལོངས་སྤྱོད་པ་ལས། དང་པོ་ནི་གཉིས་ཏེ། ཐོག་མ་ཉིད་དུ་ཐོབ་པ་དང་། ཐོབ་པ་ཡོངས་སུ་རྫོགས་པ་སྟེ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རིམ་པ་
བཞིན་དུ་སྦྱར་བར་བྱའོ། །གཉིས་པའི་དབང་དུ་བྱས་ནས་ཐོབ་པ་ཡུལ་ལ་ལོངས་སྤྱོད་པ་རེག་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པ་ཚོར་བའོ། །དེ་ལྟར་ན་རྣམ་པ་བཞིར་ངེས་སོ། །མངོན་པར་འགྲུབ་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། རྟེན་གྱི་དབང་དུ་བྱས་པ་སྐྱེ་བ་དང་། བརྟེན་པའི་དབང་དུ་བྱས་ནས་
རྒ་ཤིའོ། །གཞན་ཡང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞི་ལས། གནས་པ་མ་སྨོས་པ་ནི་སྲིད་པའི་ཡན་ལག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྟག་པར་བྱ་བའི་དོན་འདི་རྣམས་བསྟན་པ་ནི་ཅུང་ཟད་འཁོར་བ་ལས་སྐྱོ་བ་སྐྱེད་པའི་ཕྱིར་ཡིན་ལ། གནས་པ་ནི་སྐྱོ་བ་སྐྱེད་པའི་ཡན་ལག་ཏུ་མི་འགྱུར་
เล่ม ๑๒๒ · หน้า 139a
བས་མ་སྨོས་པའོ། །རྒས་པ་དང་ཤི་བ་གཉིས་ཡན་ལག་གཅིག་ཏུ་གཞག་པ་ཡང་། མ་རྒས་པར་འཆི་བ་ཡོད་པས་དེ་ལ་ཡན་ལག་འགའ་ཞིག་མ་ཚང་བར་འགྱུར་བ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྫུས་ཏེ་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་ལ་མིང་དང་
གཟུགས་མེད་པའི་སྐྱེ་མཆེད་དྲུག་ཡོད་པས་དེ་གཉིས་ཀྱང་གཅིག་ཏུ་གཞག་པར་རིགས་སོ་ཞེ་ན། དེ་ཅི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་མེད་མོད་ཀྱི། དེ་ཙམ་གྱིས་མིང་དང་གཟུགས་ལ་སོགས་པ་མེད་པར་ཇི་ལྟར་འགྱུར། གཞན་ཡང་འདི་ནི་གཙོ་བོར་མངལ་ནས་སྐྱེ་བ་
དང་། སྒོ་ང་ལས་སྐྱེ་བའི་དབང་དུ་བྱས་ཏེ་རྣམ་པར་གཞག་པས་ཉེས་པ་མེད་དོ། །སྲིད་པའི་ཡན་ལག་འདི་རྣམས་ཀྱི་གོ་རིམས་ནི་སྐྱེ་བའི་རིམ་པའོ། །གཞན་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། མ་རིག་པ་དང་། འདུ་བྱེད་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་
སྟེ། ལྔ་ནི་རྒྱུ་ཡིས་བསྡུས་པ་ལ། ལྷག་མ་རྣམས་ནི་འབྲས་བུའོ། །ཞེས་གསུངས་པ་དང་། འཕགས་པ་ཐོགས་མེད་ཀྱིས། ལྔ་པོ་དེ་རྣམས་ལས་ལྷག་ཏུ་རྣམ་པར་ཤེས་པ་ཡང་རྒྱུས་བསྡུས་པ་སྟེ། དེ་ལྟར་ན་རྒྱུ་དང་འབྲས་བུ་རྣམ་པ་དྲུག་ཏུ་ངེས་པའོ་ཞེས་གསུངས་ཏེ། དེ་
ལྟར་རྒྱུ་འབྲས་ཚར་གཅིག་གིས་བསྡུས་པའོ། །དེ་དག་ཀྱང་ཚེ་གཉིས་ཀྱིས་བསྡུས་པ་སྟེ། སྔ་མ་ནས་འདིར་འཕོ་བའི་དབང་དུ་བྱས་ན་རྒྱུ་དྲུག་ནི་ཚེ་སྔ་མ་ལ་རྫོགས་ཤིང་དེས་བསྡུས་པ་ཡིན་ལ། འབྲས་བུ་དྲུག་ནི་ཚེ་འདི་ཉིད་ལའོ། །འདི་ནས་ཕྱི་མར་འཕོ་བའི་དབང་དུ་བྱས་
ན་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་གསུངས་སོ། །འདི་རྣམས་ནི་ཅུང་ཟད་དཔྱད་པར་བྱ་བ་སྟེ། སྲིད་པ་ནི་ཡན་ལག་བཅུ་གཉིས་པོ་འདི་རྣམས་མདོ་ལས་གསུངས་པ་བཞིན་དུ་སྔ་མ་སྔ་མ་རྣམས་ཀྱི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བ། དོན་གྱི་གོ་རིམས་སུ་བསྟན་པ་དེ་ལྟར་ན་
སྲེད་པ་དང་ལེན་པ་ལ་སོགས་པ་གསུམ་ནི་ཚེ་སྔ་མ་ལ་བསྡུས་པར་མི་འཐད་དེ། ཚོར་བ་ད་ལྟར་བ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ད་ལྟར་བའི་ཚོར་བའི་རྐྱེན་གྱིས་ཚེ་སྔ་མས་བསྡུས་པའི་སྲེད་པ་སྐྱེད་པས་མ་འོངས་པ་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་ཚོར་བ་ཡང་སྲེད་
เล่ม ๑๒๒ · หน้า 139b
པའི་སྔོན་དུ་འགྲོ་བའི་ཚེ་སྔ་མས་བསྡུས་པ་ཉིད་དོ་ཞེ་ན། དེ་ལྟ་ན་དེའི་རྒྱུར་གྱུར་པའི་རེག་པ་ལ་སོགས་པ་ཡང་ཚེ་སྔ་མ་ཉིད་ཀྱིས་བསྡུས་པས་འབྲས་བུ་དེ་རྣམས་ད་ལྟར་བའི་སྲེད་པས་བསྡུས་པ་ཉམས་པར་འགྱུར་རོ། །གཞན་ཡང་དེ་ལྟར་ན་འཕེན་པར་བྱེད་པའི་རྒྱུ་དང་། མངོན་པར་
འགྲུབ་པའི་རྒྱུ་དང་། དེ་རྣམས་ཀྱིས་འཕངས་པའི་འབྲས་བུ་དང་། མངོན་པར་བསྒྲུབ་པའི་འབྲས་བུའི་བྱེ་བྲག་རྣམ་པར་གཞག་པ་ཡང་མི་འཐད་དེ། མངོན་པར་བསྒྲུབ་པའི་འབྲས་བུ་སྐྱེ་བ་དང་རྒ་ཤི་དེ་དག་ཚེ་འདི་ཉིད་ཀྱིས་བསྡུས་པའི་མིང་དང་གཟུགས་ལ་སོགས་པའི་
བདག་ཉིད་ཡིན་ནམ། འོན་ཏེ་འདིའི་འོག་རོ་ལ་ཚེ་ཕྱི་མས་བསྡུས་པ་གཅིག་ཡིན་ཞེས་བརྟག་པར་བྱའོ། །དང་པོ་ལྟར་ན་འཕེན་བྱེད་ཀྱིས་འཕངས་པའི་མིང་དང་གཟུགས་ལ་སོགས་པ་དང་། མངོན་པར་བསྒྲུབ་པའི་འབྲས་བུ་གཅིག་ཉིད་ཡིན་པས་མིང་དང་གཟུགས་ལ་
སོགས་པ་ནི་འཕེན་བྱེད་ཀྱི་རྒྱུས་འཕངས་པའི་འབྲས་བུའི་བར་དུ་ཆོད་པ་ཡིན་ལ། སྐྱེ་བ་དང་རྒ་ཤི་ནི་དེ་ལས་བཟློག་པ་མངོན་པར་འགྲུབ་པའི་རྒྱུས་མངོན་པར་བསྒྲུབ་པའི་འབྲས་བུ་བར་དུ་མ་ཆོད་པ་ཡིན་ཞེས་པ་མི་འཐད་དེ། ཆ་ཤས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་
མིང་དང་གཟུགས་ལ་སོགས་པ་འཕེན་བྱེད་ཀྱི་རྒྱུས་འཕངས་ཤིང་བསྐྱེད་པ་བཞིན་དུ། སྐྱེ་བ་དང་རྒ་ཤི་ཡང་འཕངས་ཤིང་སྐྱེད་པར་འགྱུར་ལ། སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པར་བྱེད་པའི་རྒྱུས་བསྒྲུབས་ཤིང་བསྐྱེད་པ་ལྟར། མིང་དང་གཟུགས་ལ་སོགས་པ་ཡང་སྐྱེད་པར་འགྱུར་བའོ། །ཕྱོགས་གཉིས་པ་ལྟར་ན་
ཡང་། སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པའི་རྒྱུ་ལ་ལྟོས་ཏེ། བར་དུ་མ་ཆོད་པའི་འབྲས་བུ་ཉིད་དུ་མི་འཐད་ཅིང་། དེ་རྣམས་ཚེ་གསུམ་ལ་རྫོགས་པའི་ཕྱོགས་ཉིད་དུ་འགྱུར་རོ། །དེས་ན་མདོ་སྡེ་དག་ལས་བསྟན་པ་སྲིད་པའི་ཡན་ལག་སྐྱེ་བའི་གོ་རིམས་སུ་བསྟན་པ་རྣམས་
ནི་ཁོ་བོས་སྔར་བསྟན་པ་ལྟར་འཐད་ཀྱི་གཞན་དུ་མ་ཡིན་ནོ། །སྤྱིར་སྲེད་པའི་ཡན་ལག་འདི་རྣམས་ཀྱི་རིགས་ཙམ་གྱི་དབང་དུ་བྱས་ན་ཁམས་གསུམ་པོ་སྐྱེ་བ་རྣམ་པ་བཞིས་བསྡུས་པ་རྣམས་ཀྱི་ཚེ་རེ་རེ་ལ་ཡང་ཕལ་ཆེར་རྫོགས་པ་སྟེ། མ་རིག་པ་དང་འདུ་བྱེད་ལ་སོགས་པས་རྣམ་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด