མདོ་སྡེའི་རྒྱན་གྱི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๓ · หน้า 129b

༄༅༅། །རྒྱ་གར་སྐད་དུ། སཱུ་ཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ། བོད་སྐད་དུ། མདོ་སྡེའི་རྒྱན་གྱི་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། །སྡུག་བསྔལ་བསྒྲལ་

ཕྱིར་སྡུག་བསྔལ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད། །ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །འབྱོར་བའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི་བདག་ཉིད་སྟོན་པར་བྱད། །དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཅི་ཞེས་བསྟན་པ་

ལས་བརྩམས་པ་ཡིན་ནོ། །སུ་ཞིག་བརྒྱན་པར་བྱེད་ཅེ་ན། དོན་ཤེས་པའོ། །རྒྱན་ཅི་ཞིག་བརྒྱན་པར་བྱེད་ཅེ་ན། དོན་སྟོན་རབ་ཏུ་བྱེད་པའོ། །ཅིས་ཤེ་ན། ངག་དང་ཚིག་རྣམས་དྲི་མེད་པས་ཏེ། ངག་དྲི་མ་མེད་པས་ཞེས་བྱ་བ་ནི། གྲོང་ཁྱེར་པ་ལ་སོགས་པས་སོ། །ཚིག་དྲི་མ་མེད་པས་ཞེས་བྱ་བ་ནི། ཚིག་དང་

ཡི་གེ་རིགས་པ་དང་འབྲེལ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། ངག་དང་ཚིག་དང་ཡི་གེ་དག་པ་མེད་པར་ནི་དོན་བསྟན་པར་མི་ནུས་སོ། །གང་གི་ཕྱིར་ཞེ་ན། སྡུག་བསྔལ་བསྒྲལ་བའི་ཕྱིར་རོ། །གང་ལས་ཤེ་ན། །སྡུག་བསྔལ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ། དེའི་བདག་ཉིད་སྡུག་བསྔལ་བའི་

འགྲོ་བ་ལ་སྙིང་རྗེ་བ་གང་ཡིན་པའི་སྙིང་རྗེ་དེའི་ཕྱིར་རོ། །དེའི་བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་དོ། །ཅི་ཞིག་གི་རྒྱན་དུ་བྱེད་ཅེ་ན། ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་སྟེ། ཆོས་ཀྱི་རྣམ་གྲངས་གང་ལ་ཐེག་པ་མཆོག་བསྟན་པའི་རྣམ་པ་ཡོད་པའི་ཆོས་དེའིའོ། །གང་གི་ཆེད་དུ་

བརྒྱན་པར་བྱེད་ཅེ་ན། དེས་འགྲོ་བའི་སེམས་ཅན་ལའོ། །ལ་ཞེས་བྱ་བ་འདི་ནི་ཆེད་ཡིན་ཏེ། ཐེག་པ་ཆེན་པོས་འགྲོ་བའི་སེམས་ཅན་གྱི་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱན་རྣམ་པ་དུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། རྣམ་པ་ལྔ་སྟེ། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་རྣམ་པ་ལྔའི་

བདག་ཉིད་སྟོན་པར་བྱེད་དོ། །འབྱོར་པ་ཞེས་བྱ་བ་ནི་རིགས་པའོ། །བླ་མེད་གྱུར་པ་ཞེས་བྱ་བ་ནི་ཐེག་པ་བླ་ན་མེད་པར་གཏོགས་པའོ། །ད་ནི་དོན་གྱི་ཚུལ་ལྔའི་བདག་ཉིད་དེ་ཚིགས་སུ་བཅད་པ་གཉིས་པས་སྟོན་པར་བྱེད་དེ། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་

เล่ม ๑๒๓ · หน้า 130a

པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད་དོ། །ཚིགས་སུ་བཅད་པ་འདིས་ནི་དཔེ་ལྔས་ཆོས་དེའི་དོན་རྣམ་པར་ལྔའི་དབང་དུ་བྱས་ནས་སྟོན་ཏེ། བསྒྲུབ་པར་

བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ། །དེ་མདོ་སྡེའི་རྒྱན་འདིས་རྣམ་པར་བཀྲོལ་ན་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་

པ་ལ་སོགས་པ་ལྟ་བུ་ཡིན་ལ། མདོ་སྡེའི་རྒྱན་འདིས་རྣམ་པར་ཕྱེ་ན་དགའ་བའི་མཆོག་བསྐྱེད་དོ། །གང་གི་ཚེ་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཡིན་ན། ཇི་ལྟར་དེ་བརྒྱན་པར་བྱེད་ཅེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་གསུམ་པ་སྟེ།

གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །འདིས་

ཅི་སྟོན་ཞེ་ན། དཔེར་ན་གཟུགས་རྒྱན་དང་རང་བཞིན་ཉིད་ཀྱིས་ཡོན་ཏན་དང་ལྡན་པ་མེ་ལོང་གི་ནང་དུ་སོང་ན་མཐོང་བའི་དབང་གིས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། ལེགས་པར་གསུངས་པ་དག་གིས་རྟག་ཏུ་ཡོན་ཏན་དང་ལྡན་པའི་ཆོས་དེ་ཡང་དོན་རྣམ་པར་ཕྱེ་བ་བློ་དང་ལྡན་པ་རྣམས་

ལ་དགའ་བ་ཁྱད་པར་ཅན་བསྐྱེད་དེ། དེ་བས་ན་དགའ་བའི་ཁྱད་པར་ཅན་བསྐྱེད་པའི་ཕྱིར་བརྒྱན་པ་དང་འདྲ་བར་འགྱུར་རོ། །དེའི་འོག་ཏུ་ཚིགས་སུ་བཅད་པ་གསུམ་གྱིས་ཆོས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་ཕན་ཡོན་རྣམ་པ་གསུམ་སྟོན་ཏེ། ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་

སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡི་གེ་ཤེས་པར་བྱ། །ཆོས་དཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་མཉེས་པར་དཀའ། །མཉེས་པར་བྱས་ན་དེ་བཞིན་དུ། །ཡོན་ཏན་མཆོག་གིས་ནོར་སྦྱིན་བྱེད། །རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྟ་མི་

เล่ม ๑๒๓ · หน้า 130b

ཤེས་པའི་མི་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །བཟློག་ན་དེ་བཞིན་མགུ་བར་འགྱུར། །ཕན་ཡོན་རྣམ་པ་གསུམ་ལ། སྨན་གྱི་དཔེས་ནི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་དེ། གཉིས་སུ་གནས་ཞེས་བྱ་བ་ནི། ཡི་གེ་དང་དོན་དུ་རྣམ་པར་གནས་པའོ། །རྒྱལ་པོའི་དཔེས་ནི་དབང་འབྱོར་བའི་

རྒྱུ་ཉིད་དེ། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱིས་དབང་ཕྱུག་སྦྱིན་པར་བྱེད་པའི་ཕྱིར་རོ། །རིན་པོ་ཆེ་རིགས་དང་ལྡན་པའི་རིང་ཐང་མེད་པའི་དཔེས་ནི། འཕགས་པའི་ནོར་ལ་སྤྱོད་པའི་རྒྱུ་ཉིད་དེ། དེ་ལྟར་ཤེས་པའི་མི་ནི་འཕགས་པའི་སྐྱེ་བོ་ཡིན་པར་རིག་པར་བྱའོ། །

དང་པོའི་སྐབས་རྫོགས་སོ།། །།ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན། དེ་ལ་ཕན་ཡོན་འདི་ལྟ་ག་ལ་ཡོད་ཅེས་ལོག་པར་ཞུགས་པ་དེ་དག་ལ་འདི་སངས་རྒྱས་ཀྱི་བཀའ་ཉིད་དུ་སྒྲུབ་པའི་ཕྱིར། གཏན་ཚིགས་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། །

སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །སྔར་ལུང་མ་བསྟན་ཞེས་བྱ་བ་ནི། གལ་ཏེ་འདི་དམ་པའི་ཆོས་ཀྱི་བར་ཆད་བྱེད་པར་ཕྱིས་འགའ་ཞིག་གིས་ཕྱུང་བ་ཡིན་ན། ཅིའི་ཕྱིར་མ་འོངས་པའི་

འཇིགས་པ་བཞིན་དུ་སྔ་ནས་ལུང་མ་བསྟན། ལྷན་ཅིག་བྱུང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་དང་དུས་མཉམ་དུ་བྱུང་བར་དམིགས་ཀྱི། ཕྱིས་ནི་མ་ཡིན་ན་ཇི་ལྟར་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་ཤེས། སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི། དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཆོས་

འདི་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མུ་སྟེགས་ཅན་རྣམས་ཀྱི་བསྟན་བཅོས་ལ་དེ་ལྟ་བུ་མི་དམིགས་པའི་ཕྱིར་རོ། །བརྗོད་དུ་ཟིན་ཀྱང་དེ་ལ་མ་མོས་པའི་ཕྱིར་འདི་གཞན་དག་གིས་བཤད་དོ་ཞེས་བྱ་བར་ཡང་མི་རུང་ངོ་། །གྲུབ་པ་ཞེས་བྱ་བ་ནི་འོན་ཏེ་གཞན་ཞིག་གིས་མངོན་པར་རྫོགས་

པར་སངས་རྒྱས་ནས་བཤད་དོ་ཞེ་ན་ནི། འདི་སངས་རྒྱས་ཀྱི་བཀའ་ཡིན་པ་ཉིད་དུ་གྲུབ་སྟེ། གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་ནས། །དེ་སྐད་དུ་འཆད་པ་དེ་ཉིད་སངས་རྒྱས་ཡིན་ནོ། །ཡོད་དང་མེད་ན་ཡོད་མེད་དང་། །ཞེས་བྱ་བ་ནི། གལ་ཏེ་ཐེག་པ་ཆེན་པོ་ཅུང་ཟད་ཅིག་ཡོད་ན་ནི།

เล่ม ๑๒๓ · หน้า 131a

དེ་ཡོད་དང་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིར་རོ། །འོན་ཏེ་མེད་ན་ནི་དེ་མེད་དང་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པས་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་བཀའ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་

བྱ་བ་དེ་ཡང་མི་རུང་སྟེ། སངས་རྒྱས་ཀྱི་ཐེག་པ་མེད་པར་སངས་རྒྱས་རྣམས་མི་འབྱུང་བའི་ཕྱིར་རོ། །གཉེན་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་འགྱུར་ཏེ། དེ་ལྟ་བས་ན་སངས་

རྒྱས་ཀྱི་བཀའ་ཡིན་ནོ། །སྒྲ་གཞན་ཕྱིར་ཞེས་བྱ་བ་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ། །དེ་ལྟ་བས་ན་སྒྲ་ཇི་བཞིན་གྱི་དོན་གྱི་རྗེས་སུ་འབྲངས་ནས་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་པར་རིག་པར་ནི་མི་བྱའོ། །ལ་ལ་སྔར་ལུང་མ་བསྟན་ཞེས་བཤད་པ་གང་ཡིན་པ་བཅོམ་ལྡན་འདས་ཀྱིས་ཆེད་དུ་མ་

དགོངས་ནས་མ་འོངས་པ་འདི་ལུང་མ་བསྟན་པར་ཟད་དོ་སྙམ་དུ་སེམས་པ་ལ་བཏང་སྙོམས་སུ་གཞག་ཏུ་མི་རུང་བར་ཚིགས་སུ་བཅད་པ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་བསྒྲིབས་པ། །དེ་ཕྱིར་བཏང་སྙོམས་མི་རུང་ངོ་། །

ཚིགས་སུ་བཅད་པ་འདིས་ཅི་ཞིག་སྟོན་ཞེ་ན། རྒྱུ་གསུམ་གྱིས་མ་འོངས་པ་ན་བསྟན་པ་ལ་གནོད་པ་ཆེན་པོ་ལ་བཏང་སྙོམས་སུ་གཞག་ཏུ་མི་རུང་བར་སྟོན་ཏེ། སངས་རྒྱས་རྣམས་ནི་མངོན་སུམ་པའི་སྤྱན་ཉིད་ཀྱིས་འབད་པ་མི་མངའ་བར་ཡེ་ཤེས་འཇུག་པའི་ཕྱིར་དང་། བསྟན་པ་བསྲུང་བར་བྱ་བ་ལ་འབད་

པ་དང་བཅས་པའི་ཕྱིར་དང་། དུས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའ་པ་ཉིད་ཀྱིས་མ་འོངས་པ་མཁྱེན་པའི་མཐུས་སོ། །ལ་ལ་ཡོད་དང་མེད་ན་ཡོད་མེད་ཕྱིར། །ཞེས་བཤད་པ་གང་ཡིན་པ་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ཐེག་པ་ཆེན་པོ་ཡིན་པས་འདི་ཁོ་ནས་བྱང་ཆུབ་ཆེན་པོ་འཐོབ་བོ་སྙམ་

དུ་སེམས་པས་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ། ཐེག་པ་ཆེན་པོ་ཉིད་དུ་མི་རུང་བར་ཚིགས་སུ་བཅད་པ། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །མ་ཚང་བ་ཞེས་བྱ་བ་ནི། གཞན་གྱི་དོན་དུ་བསྟན་པ་

เล่ม ๑๒๓ · หน้า 131b

སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ནི་ཉན་ཐོས་རྣམས་བདག་ཉིད་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་ཙམ་གྱི་ཐབས་ཤིག་བསྟན་པའི་ཕྱིར་གཞན་གྱི་དོན་དུ་བསྟན་པ་ཅི་ཡང་མེད་ལ། རང་གི་དོན་ཁོ་ན་གཞན་དག་ལ་བསྟན་པ་ནི། གཞན་གྱི་དོན་དུ་འགྱུར་བར་འོས་པ་མ་ཡིན་

ནོ། །འགལ་བ་ཞེས་བྱ་བ་ནི་གཞན་རང་གི་དོན་ལ་སྦྱོར་བ་ན་རང་གི་དོན་ཁོ་ན་ལ་རབ་ཏུ་སྦྱོར་བ་ཡིན་ལ། བདག་ཉིད་མྱ་ངན་ལས་འདའ་བའི་དོན་དུ་རབ་ཏུ་སྦྱོར་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་འགལ་ཏེ། ཉན་ཐོས་ཀྱི་ཐེག་པ་

ཁོ་ནས་ནི་བྱང་ཆུབ་ཀྱི་ཕྱིར་རིང་མོ་ཞིག་ཏུ་འབད་ཀྱང་སངས་རྒྱས་སུ་འགྱུར་བར་འོས་པ་མ་ཡིན་ནོ། །ཐབས་མིན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཉིད་ཀྱི་ཐབས་མ་ཡིན་ནོ། །ཐབས་མ་ཡིན་པ་ནི་རིང་མོ་ཞིག་ཏུ་བཙལ་ཀྱང་འདོད་པའི་དོན་འཐོབ་པར་མི་འགྱུར་ཏེ། རྭ་ལ་སོགས་པ་ལས་འཇོ་བ་

བཞིན་ནོ། །འོན་ཏེ་འདིར་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བྱ་བ་གཞན་དུའང་བསྟན་ཏོ་ཞེ་ན། དེ་ལྟར་མ་བསྟན་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་པར་ནི་མི་འོས་ཏེ། འདི་ལས་དེ་ལྟ་བུ་བསྟན་པ་མི་དམིགས་སོ། །ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཕན་ཚུན་འགལ་བ་ཁོ་ན་ཡིན་པས་ཕན་

ཚུན་འགལ་བར་ཚིགས་སུ་བཅད་པ། བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་རྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ན་ཡིན། །ཇི་ལྟར་འགལ་ཞེ་ན། འགལ་བ་རྣམ་པ་ལྔ་སྟེ། བསམ་པ་དང་། བསྟན་པ་དང་། སྦྱོར་བ་དང་། རྟོན་པ་དང་། དུས་འགལ་

བ་དག་གིས་སོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་མྱ་ངན་ལས་འདས་པ་ཁོ་ནའི་ཕྱིར་བསམ་པ་དང་། དེ་ཉིད་ཀྱི་ཕྱིར་བསྟན་པ་དང་། དེ་ཉིད་ཀྱི་ཕྱིར་སྦྱོར་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་རྟོན་པ་ཡང་ཆུང་ལ་དུས་ཀྱང་ཐུང་སྟེ། ཚེ་གསུམ་གྱིས་ཀྱང་དེའི་དོན་འཐོབ་བོ། །

ཐེག་པ་ཆེན་པོ་ལས་ནི་ཐམས་ཅད་དེ་ལས་བཟློག་པ་ཡིན་ཏེ། དེ་ལྟ་བས་ན་ཕན་ཚུན་འགལ་བའི་ཕྱིར་ཐེག་པ་དམན་པ་གང་ཡིན་པ་དེ་ནི་དམན་པ་ཁོ་ན་ཡིན་གྱི། དེ་ཐེག་པ་ཆེན་པོ་ཡིན་པར་ནི་མི་འོས་སོ། །ལ་ལ་སངས་རྒྱས་ཀྱི་བཀའི་མཚན་ཉིད་ནི་འདི་ཡིན་ཏེ། གང་མདོ་སྡེ་ལ་ཡང་འཇུག །

เล่ม ๑๒๓ · หน้า 132a

འདུལ་བ་ལ་ཡང་སྣང་། ཆོས་ཉིད་དང་མི་འགལ་བ་ཉིད་ཡིན་ན། ཐེག་པ་ཆེན་པོ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་དུ་སྟོན་པའི་ཕྱིར་དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་མཚན་ཉིད་དང་མི་འགལ་བར་ཚིགས་སུ་

བཅད་པ། རང་གི་མདོ་ལའང་འཇུག་པ་དང་། །རང་གི་འདུལ་ལའང་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཚིགས་སུ་བཅད་པ་འདིས་ཅི་སྟོན་ཞེ་ན། འདི་ནི་རང་གི་ཐེག་པ་ཆེན་པོའི་མདོ་ལའང་འཇུག་པ་ཁོ་ནའོ། །རང་གི་ཉོན་མོངས་པ་ཐེག་པ་ཆེན་

པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་འབྱུང་བ་གང་ཡིན་པ་འདུལ་བ་ལ་ཡང་སྣང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ནོ། །ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཉིད་དང་ཡང་མི་འགལ་ཏེ། བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བའི་ཆོས་

ཉིད་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་མཚན་ཉིད་དང་འགལ་བ་མེད་དོ། །སྤྱོད་ཡུལ་མ་ཡིན་ཞེས་བཤད་པས་དེའི་ཕྱིར་རྟོག་གེའི་སྤྱོད་ཡུལ་ཉིད་དུ་མི་རུང་བས་ཚིགས་སུ་བཅད་པ། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེའི་ཡུལ་

མིན། །རྟོག་གེ་དེ་ཁོ་ན་ཉིད་མ་མཐོང་བ་ལ་བརྟེན་པ་ནི་ལུང་ཅུང་ཟད་ལ་བརྟེན་པ་ཡིན་ནོ། །དུས་གཞན་ན་གཞན་དུ་ཤེས་པའི་ཕྱིར་མ་ངེས་པ་ཡང་ཡིན་ནོ། །ཤེས་བྱ་ཐམས་ཅད་ཡུལ་མ་ཡིན་པས་མ་ཁྱབ་པ་ཡང་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་ཡིན་གྱི། དོན་དམ་པའི་བདེན་པའི་ཡུལ་

ཅན་ཡང་མ་ཡིན་ནོ། །སྤོབས་པ་ཡོངས་སུ་གཏུགས་པར་འགྱུར་བའི་ཕྱིར་སྐྱོ་བ་ཅན་ཡང་ཡིན་ནོ། །ཐེག་པ་ཆེན་པོ་ནི་མདོ་སྡེ་འབུམ་ཕྲག་དུ་མ་བསྟན་པའི་ཕྱིར་བརྟེན་པ་མེད་པ་ནས་སྐྱོ་བ་ཅན་མ་ཡིན་པའི་བར་དུ་ཡིན་ཏེ། དེའི་ཕྱིར་དེ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །ཐབས་མ་ཡིན་པའི་ཕྱིར་ཉན་

ཐོས་ཀྱི་ཐེག་པས་ནི་ཡུན་རིང་མོ་ཞིག་ཏུ་ཡང་སངས་རྒྱས་ཉིད་འཐོབ་པར་མི་ནུས་སོ་ཞེས་བཤད་པ། འོ་ན་ཐེག་པ་ཆེན་པོ་ཇི་ལྟར་ཐབས་སུ་རུང་ཞེ་ན། ཐབས་ཉིད་དུ་རུང་བར་ཚིགས་སུ་བཅད་པ། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། །

เล่ม ๑๒๓ · หน้า 132b

དེ་ནི་བླ་ན་མེད་པའི་ཐབས། །ཚིགས་སུ་བཅད་པ་འདིས་ཅི་སྟོན་ཞེ་ན། མཐུ་རྒྱ་ཆེན་པོ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། མཐུ་ལ་མོས་པའི་སྒོ་ནས་འབད་པའི་ཕྱིར་རོ། །ཟབ་མོ་བསྟན་པས་རྣམ་པར་མི་རྟོག་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་འདི་ལས་དེ་གཉིས་བསྟན་ཏོ། །

དེ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་ཐབས་ཡིན་ཏེ། དེ་གཉིས་ཀྱིས་གོ་རིམས་བཞིན་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དང་། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །གང་དག་འདིས་སྐྲག་པ་དེའི་ཕྱིར་གནས་མ་ཡིན་པ་ལ་སྐྲག་པའི་ཉེས་དམིགས་

དང་རྒྱུ་ཉིད་ཀྱི་ཚིགས་སུ་བཅད་པ། འགྲོ་བ་དེའི་གནས་མིན་ལ་སྐྲག་པ་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེན་འདི་ལས་ལྟུང་། །སྐྲག་པའི་གནས་

མ་ཡིན་པ་ལ་སྐྲག་པ་ནི་དེའི་གནས་མ་ཡིན་པ་ལ་སྐྲག་པ་སྟེ། ངན་སོང་དག་ཏུ་གདུང་བར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསགས་པ་བྱས་པའི་ཕྱིར་རོ། །དུས་ཇི་སྲིད་དུ་ཞེ་ན། ཡུན་རིང་པོར་ཏེ། དེ་ལྟར་ན་ཉེས་དམིགས་གང་ཡིན་པ་དང་། རྒྱུ་

གང་གིས་ཡིན་པ་དང་། དུས་ཇི་སྲིད་དུ་ཡིན་པ་དེ་བསྟན་ཏོ། །ཡང་ཅིའི་ཕྱིར་སྐྲག་ཅེ་ན། སྐྲག་པའི་རྒྱུ་རྣམ་པ་བཞི་སྟོན་ཏེ། འདི་ལ་རིགས་མེད་པའམ། གྲོགས་ངན་པའམ། ཐེག་པ་ཆེན་པོའི་ཆོས་ཉིད་ལ་བློ་གྲོས་མ་སྦྱངས་པའམ། སྔོན་དགེ་བ་མ་བསགས་པའོ། །དོན་ཆེན་འདི་ལས་

ལྟུང་ཞེས་བྱ་བ་ནི། བྱང་ཆུབ་ཆེན་པོའི་ཚོགས་ཀྱི་དོན་ལས་མ་ཐོབ་པའི་ཉམས་པ་སྟེ། འདི་ནི་ཉེས་དམིགས་གཞན་སྟོན་པ་ཡིན་ནོ། །སྐྲག་པའི་རྒྱུ་བཤད་ནས་མི་སྐྲག་པའི་རྒྱུ་བཤད་པར་བྱ་སྟེ། མི་སྐྲག་པའི་རྒྱུ་ཉིད་དུ་ཚིགས་སུ་བཅད་པ། དེ་ལས་གཞན་དང་གཞན་མེད་ཤིན་དུ་ཟབ་

ཅིང་རྗེས་སོང་ཕྱིར། །སྣ་ཚོགས་སྟོན་ཞིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིར་སྐྲག་མི་འགྱུར། །དེ་ལས་གཞན་མེད་ཅེས་བྱ་བ་ནི། དེ་ལས་གཞན་པའི་ཐེག་

เล่ม ๑๒๓ · หน้า 133a

པ་ཆེན་པོ་མེད་པའི་ཕྱིར་རོ། །འོན་ཏེ་ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་པར་གྱུར་ན་ནི། གཞན་ཉན་ཐོས་དང་རང་སངས་རྒྱས་མེད་པར་འགྱུར་ཏེ། ཐམས་ཅད་སངས་རྒྱས་ཁོ་ནར་འགྱུར་རོ། །ཤིན་ཏུ་ཟབ་ཅེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་

ཀྱི་ལམ་མོ། །རྗེས་སོང་ཞེས་བྱ་བ་ནི་དུས་མཉམ་དུ་བྱུང་བའི་ཕྱིར་རོ། །སྣ་ཚོགས་སྟོན་ཞེས་བྱ་བ་ནི། འདི་ལས་ཚོགས་ཀྱི་ལམ་སྣ་ཚོགས་སྟོན་གྱི། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་དགོངས་པ་ཅན་ཡིན་པར་འགྱུར་རོ། །མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན་ཞེས་བྱ་

བ་ནི་འདི་དག་མདོ་དེ་དང་དེ་དག་ལ་རྣམ་གྲངས་མང་པོ་དག་གིས་ཡང་དང་ཡང་དུ་སྟོང་པ་ཉིད་སྟོན་ཏེ། དེ་ལྟ་བས་ན་དགོས་པ་ཆེན་པོ་ཉིད་ཡོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ལན་ཅིག་དགག་པ་ཙམ་མཛད་པར་འགྱུར་རོ། །ཇི་སྐད་བཤད་བཞིན་དོན་མིན་ཞེས་བྱ་བ་འདིའི་དོན་ནི་སྒྲ་ཇི་བཞིན་མ་ཡིན་ཏེ། དེའི་

ཕྱིར་ཡང་སྐྲག་པར་རིགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་དགོངས་པ་ཤིན་ཏུ་ཟབ་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་སྟེ་ཤེས་པར་དཀའོ། །དེ་ལྟ་བས་ན་བདག་ཅག་གིས་དེ་མ་ཤེས་པའི་ཕྱིར་སྐྲག་པར་བྱ་བ་མ་ཡིན་ཏེ། མཁས་པ་རྣམས་ཀྱིས་དེ་

ལྟར་ཚུལ་བཞིན་བརྟགས་ན་སྐྲག་པར་མི་འགྱུར་རོ། །རིང་དུ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་ཚིགས་སུ་བཅད་པ། འདི་ནི་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་འཐོབ་དེ་ཡོད་དེ་

ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །དང་པོར་ཐོས་པ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་ངོ་། །ཚུལ་བཞིན་ཡིད་ལ་བྱ་བ་ནི། ཚུལ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་སྟེ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དེ་ཁོ་

ན་ཉིད་ཀྱི་དོན་གྱིས་ཡུལ་ཅན་གྱི་ཡེ་ཤེས་འབྱུང་ངོ་། །དེ་ལས་དེའི་འབྲས་བུ་ཆོས་འཐོབ་བོ། །ཐོབ་པ་དེ་ཡོད་ན་དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་རབ་ཏུ་སྐྱེའོ། །དེ་ལྟར་གང་གི་ཚེ་བློ་གྲོས་དེ་ནི་སོ་སོ་རང་གིས་རིག་པ་ཡིན་ན། དེ་མེད་ན་འདི་ཇི་ལྟར་ངེས་ཏེ། འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱ་

เล่ม ๑๒๓ · หน้า 133b

བར་ཇི་ལྟར་ངེས་པར་འགྱུར། སྐྲག་པའི་གཞིའི་གནས་མ་ཡིན་པ་ཉིད་དུ་ཚིགས་སུ་བཅད་པ། བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་མཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་

རིགས་མ་ཡིན། །རེ་ཞིག་གལ་ཏེ་བདག་གིས་འདི་མི་ཤེས་པས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་སངས་རྒྱས་ཀྱང་ཟབ་མོ་ཐུགས་སུ་ཆུད་པ་མ་ཡིན་ན། དེ་ཅིའི་ཕྱིར་ཟབ་མོ་སྟོན་པར་འགྱུར་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །འོན་

ཏེ་ཅིའི་ཕྱིར་ཟབ་མོ་རྟོག་གེའི་ཡུལ་མ་ཡིན་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །འོན་ཏེ་ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཁོ་ན་ཐར་པ་ཡིན་གྱི། རྟོག་གེ་པ་རྣམས་ནི་མ་ཡིན་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །མ་མོས་པ་ཉིད་ཀྱིས་

གྲུབ་པར་ཚིགས་སུ་བཅད་པ། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །གང་ཞིག་དམན་པ་ལ་མོས་པ་ནི། དེས་ན་ཀུན་གཞི་རྣམ་པར་ཤེས་

པ་ལ་བསྒོས་པའི་ཁམས་དམན་པ་ཁོ་ན་ཡང་དག་པར་འགྲུབ་སྟེ། གྲོགས་པོ་དམན་པ་ལ་མོས་པའི་ཁམས་ཙམ་དུ་མཚུངས་པ་དག་ཁོ་ནས་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་གལ་ཏེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལེགས་པར་བཤད་པ་འདི་ནི་མོས་པ་མེད་པ་ན། དེ་ཉིད་ཀྱིས་ཐེག་པ་ཆེན་པོ་འདི་

མཆོག་ཡིན་པར་གྲུབ་བོ། །མདོ་སྡེ་མ་ཐོས་པ་སྤང་དུ་མི་རུང་བར་ཚིགས་སུ་བཅད་པ། ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །དེ་ལ་མ་མོས་ལ་ནི་རག་ན་མདོ་སྡེ་

མ་ཐོས་པ་རྣམས་ཁྱད་པར་མེད་པར་སྤོང་བ་ནི་རིགས་པ་མ་ཡིན་ཏེ། གང་ཞིག་ཐོས་པའི་རྗེས་སུ་འབྲངས་པ་ཁོ་ནས་བློ་དང་ལྡན་པ་ཐོབ་ནས་ཐོས་པ་ཉིད་ལ་བརྙས་པར་བྱེད་པའི་རྨོངས་པ་དེ་ཐོས་པ་སྣ་ཚོགས་དཔག་ཏུ་མེད་པ་ལུས་པ་ཡོད་བཞིན་དུ་གཏན་ཚིགས་གང་གི་ཕྱིར། འདི་སངས་རྒྱས་ཀྱི་བཀའ་མ་ཡིན་

เล่ม ๑๒๓ · หน้า 134a

ནོ་ཞེས་ངེས་པར་བྱེད། དེ་ལ་ནི་ཐོས་པ་ལས་སྟོབས་གཞན་མེད་དེ། དེ་ལྟ་བས་ན་མ་ཐོས་པར་སྤོང་བ་ནི་རིགས་པ་མ་ཡིན་ནོ། །གང་ཐོས་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱའི། ཚུལ་བཞིན་མ་ཡིན་པར་ནི་མ་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའི་ཉེས་

དམིགས་ཀྱི་ཚིགས་སུ་བཅད་པ། དོན་སྒྲ་ཇི་བཞིན་ཡོངས་རྟོགས་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོ་སྒྲིབ། །བདག་ཉིད་སྙེམས་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལྟ་བ་མཆོག་ཏུ་འཛིན་གྱི་མཁས་པ་

ལས་དོན་མི་ཚོལ་བའོ། །བློ་ཉམས་འགྱུར་ཞེས་བྱ་བ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ལས་མ་ཐོབ་པར་ཡོངས་སུ་ཉམས་པའི་ཕྱིར་རོ། །ལེགས་པར་བཤད་པའི་ཆོས་སྤོང་བ་ནི། དེའི་གཞི་ལས་བསོད་ནམས་མ་ཡིན་པ་འཕེལ་བའི་ཕྱིར་བརླག་པར་འགྱུར་རོ། །ཆོས་ལ་ཁོང་ཁྲོ་བའི་

སྒྲིབ་པ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཏེ། འདི་ལ་ཉེས་དམིགས་ནི་དེ་ཡིན་ནོ། །སྒྲ་ཇི་བཞིན་མ་ཡིན་པའི་དོན་མི་ཤེས་པར་ཡང་ཁོང་ཁྲོ་བར་རིགས་པ་མ་ཡིན་པས་ཁོང་ཁྲོ་བར་མི་རུང་བར་ཚིགས་སུ་བཅད་པ། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་

མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །རང་བཞིན་གདུག་པ་ཞེས་བྱ་བ་ནི། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་ལྟ་བས་ན་བཏང་སྙོམས་སུ་གཞག་པ་བླའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉེས་པ་མེད་ཀྱི་ཁོང་ཁྲོ་

བ་ནི་ཉེས་པ་དང་བཅས་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཐེག་པ་ཆེན་པོ་སྒྲུབ་པའི་སྐབས་རྫོགས་སོ།། །།སྐྱབས་སུ་འགྲོ་བའི་ཁྱད་པར་བསྡུ་བར་ཚིགས་སུ་བཅད་པ། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་

གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང་། །དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །དེ་ཉིད་སྐྱབས་སུ་འགྲོ་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ཅིའི་ཕྱིར་བྱ་ཞེ་ན། རང་བཞིན་གྱི་དོན་གྱི་ཁྱད་པར་རྣམ་པ་བཞིའི་ཕྱིར་རོ། །དོན་རྣམ་པ་བཞི་ནི། ཀུན་ཏུ་འགྲོ་བ་དང་

เล่ม ๑๒๓ · หน้า 134b

ཁས་ལེན་པ་དང་། རྟོགས་པ་དང་། ཟིལ་གྱིས་གནོན་པར་བྱེད་པའི་སྒོ་ནས་རིག་པར་བྱ་སྟེ། ཀུན་ཏུ་འགྲོ་བའི་དོན་དང་། ཁས་ལེན་པའི་དོན་དང་། རྟོགས་པའི་དོན་དང་། ཟིལ་གྱིས་གནོན་པའི་དོན་ཏེ། དེ་དག་ནི་འོག་ནས་སྟོན་ཏོ། །དེ་ལྟ་མོད་ཀྱི་མཆོག་ལ་སྐྱབས་སུ་འགྲོ་བ་བྱ་དཀའ་བ་

མང་བའི་ཕྱིར། ཁ་ཅིག་མི་སྤྲོ་བས་སྐྱབས་སུ་འགྲོ་བར་སྤྲོ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་དཀའ་སྟེ། །དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའ། །གང་ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་ཏེ། །དེ་ཕྱིར་ཐེག་ཆེན་འདི་ལ་སྐྱབས་དོན་མཆོག་

ཡིན་ནོ། །འདིས་ནི་སྐྱབས་སུ་འགྲོ་བར་ངེས་པ་དེ་སྨོན་ལམ་དང་སྒྲུབ་པའི་ཁྱད་པར་དག་གིས་གྲགས་པའི་རྒྱུ་ཉིད་དུ་སྟོན་པར་བྱེད་དེ། འབྲས་བུ་ཐོབ་པའི་ཁྱད་པར་གྱི་དོན་ཆེན་པོ་ཉིད་དོ། །སྔར་གླེངས་པ་ཀུན་ཏུ་འགྲོ་བའི་དོན་གྱི་ཚིགས་སུ་བཅད་པ། གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་བར་

ཞུགས་པ་དང་། །ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། །གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོར་ཤེས་པར་བྱ། །འདིས་ནི་ཀུན་དུ་འགྲོ་བའི་དོན་རྣམ་པ་བཞི་སྟོན་ཏེ། སེམས་ཅན་ཀུན་ཏུ་འགྲོ་བའི་དོན་ནི། སེམས་ཅན་ཐམས་ཅད་

བསྒྲལ་བའི་ཕྱིར་ཞུགས་པས་སོ། །ཐེག་པ་ཀུན་ཏུ་འགྲོ་བའི་དོན་ནི་ཐེག་པ་གསུམ་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཀུན་ཏུ་འགྲོ་བའི་དོན་ནི་གང་ཟག་དང་ཆོས་ལ་བདག་མེད་པར་མཁས་པ་དང་ལྡན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བའི་དོན་ནི་འཁོར་བ་དང་ཞི་བ་རོ་གཅིག་

པའི་ཕྱིར་ཏེ། དེ་དག་གིས་ཉེས་པ་དང་ཡོན་ཏན་ལ་རྣམ་པར་མི་རྟོག་པའི་ཕྱིར། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་བྱེ་བྲག་མེད་དོ། །ཁས་ལེན་པའི་དོན་དུ་ཚིགས་སུ་བཅད་པ། གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་

དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །འདིར་ནི་ཁྱད་པར་རྣམ་པ་གསུམ་གྱིས་ཁས་ལེན་པ་ཉིད་ཀྱི་ཁྱད་པར་སྟོན་ཏེ། སྨོན་ལམ་གྱི་ཁྱད་པར་ནི་འདི་ལྟར་སངས་རྒྱས་གང་ཁོ་ན་ལས་སྐྱབས་སུ་འགྲོ་བ་དེ་ཁོ་ནའི་དངོས་པོ་

เล่ม ๑๒๓ · หน้า 135a

དོན་དུ་གཉེར་བ་སྟེ། དེའི་ཡོན་ཏན་གྱི་ཁྱད་པར་ཤེས་པ་ཉིད་ཀྱིས་རབ་ཏུ་དགའ་བ་མང་བའི་ཕྱིར་རོ། །སྒྲུབ་པའི་ཁྱད་པར་ནི། འདི་ལྟར་སྐྱོ་བ་མེད་པར་དཀའ་བ་སྤྱོད་པའོ། །ཐོབ་པའི་ཁྱད་པར་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཐམས་ཅད་

དང་མཉམ་པ་ཉིད་དུ་འགྱུར་བའོ། །ཡང་ཁས་ལེན་པའི་ཁྱད་པར་དེ་ཉིད་སངས་རྒྱས་ཀྱི་སྲས་ཀྱི་མཆོག་ཉིད་དུ་ལེགས་པར་སྐྱེས་པས་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་འདི། །ས་བོན་

མ་དང་མངལ་ནས་མ་མ་མཚུངས་པ་མེད། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །ལེགས་པར་སྐྱེས་པ་དེ་ཡང་བཙུན་པར་སྐྱེས་པའི་ཁྱད་པར་གྱིས་སྟོན་པར་བྱེད་དེ། ས་བོན་དང་། མ་དང་། མངལ་གྱི་གནས་དང་། མ་མ་མཚུངས་པ་མེད་པས་སོ། །སེམས་བསྐྱེད་པ་ནི་ས་

བོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་མའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མངལ་གྱི་གནས་ཏེ་རྟེན་དུ་གྱུར་པའི་ཕྱིར་རོ། །སྙིང་རྗེ་ནི་མ་མ་སྟེ་དེས་བསྐྱེད་པའི་ཕྱིར་རོ། །ལེགས་པར་སྐྱེས་པ་དེ་ཉིད་ལུས་ཀྱི་ཁྱད་ཀྱིས་ཁྱད་པར་དུ་བྱེད་ཅིང་། ཡང་ཁས་

ལེན་པ་དེ་ཉིད་ཀྱི་ཁྱད་པར་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། སྣ་ཚོགས་མཚན་རྣམས་ཀུན་གྱིས་དེའི་ལུས་བརྒྱན། །སེམས་ཅན་ཐམས་ཅད་སྨིན་པར་བྱེད་སྟོབས་ཐོབ། །སངས་རྒྱས་བདེ་ཆེན་མཐའ་ཡས་ཞི་བ་རྙེད། །སེམས་ཅན་ཀུན་བསྐྱབ་ཐབས་ཆེན་བཤམ་པ་ཤེས། །ལུས་ཀྱི་ཁྱད་

པར་ནི་ཁྱད་པར་རྣམ་པ་བཞིས་སྟོན་ཏེ། གཟུགས་བཟང་བའི་ཁྱད་པར་ནི། མཚན་རྣམས་ཀྱིས་བརྒྱན་པའི་ཕྱིར་རོ། །སྣ་ཚོགས་ཞེས་སྨོས་པ་ནི། འཁོར་ལོས་སྒྱུར་བ་ལ་སོགས་པའི་མཚན་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སྟོབས་ཀྱི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་

བའི་སྟོབས་ཐོབ་པའི་ཕྱིར་རོ། །བདེ་བའི་ཁྱད་པར་ནི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་མཐའ་ཡས་པ་ཞི་བ་རྙེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཁྱད་པར་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཐབས་ཆེན་པོ་བཤམ་པ་ཤེས་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་རྣམ་པ་འདི་བཞིས་རྒྱལ་པོའི་སྲས་བཙུན་

เล่ม ๑๒๓ · หน้า 135b

པར་སྐྱེས་སོ་ཞེས་བྱ་བར་ཤེས་ཏེ། འདི་ལྟ་སྟེ། གཟུགས་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། བདེ་བ་ཕུན་སུམ་ཚོགས་པ་དང་། རང་གི་བཟོ་ཤེས་པ་ཕུན་སུམ་ཚོགས་པའོ། །ཡང་ལེགས་པར་སྐྱེས་པ་དེ་ཉིད་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པའི་སྒོ་ནས་ཚིགས་

སུ་བཅད་པ་གཞན་གྱིས་སྟོན་ཏེ། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པར་ཤེས། །བསླབ་པ་བཅའ་བས་ཚར་བཅད་ཕན་འདོགས་བྱེད་ལ་བརྩོན། །རྒྱུ་བཞིས་རྒྱལ་

པོའི་སྲས་སུ་བཙུན་པར་སྐྱེས་པ་རང་གི་རིགས་མི་གཅོད་དེ། དབང་བསྐུར་བ་ཐོབ་པ་དང་། དབང་ཐོགས་པ་མེད་པ་དང་། རྩོད་པ་བརྟག་པ་ལ་མཁས་པ་དང་། ཚར་གཅོད་པ་དང་། ཕན་འདོགས་པར་བྱེད་པས་སོ། །དེ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའ་ཡང་འོད་ཟེར་དག་གིས་དབང་

བསྐུར་བ་ཐོབ་པ་དང་། ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་དང་ལྡན་པ་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྟོན་པའི་རྣམ་པ་ཤེས་པ་དང་། བསླབ་པའི་གཞི་བཅའ་བས་ཉེས་པ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་རྣམས་ཚར་བཅད་པ་དང་ཕན་འདོགས་པར་བྱེད་པ་ཉིད་དོ། །

ཡང་ཁས་ལེན་པའི་ཁྱད་པར་དེ་ཉིད་བློན་པོ་ཆེན་པོ་ལྟ་བུར་ཚིགས་སུ་བཅད་པ་གཞན་གྱིས་སྟོན་ཏེ། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་པའི་ཕྱིར། །བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་བདལ་ལ་རྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་དག་འཛིན་པའི་ཕྱིར། །

སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར། །འདི་ལ་རྒྱུ་བཞིས་བློན་པོ་ཆེན་པོར་བཞག་སྟེ། བཙུན་མོའི་ནང་དུ་འགྲོ་བའི་ཕྱིར་ནང་ན་སྤྱོད་པ་ཉིད་དང་། མཛོད་ཐམས་ཅད་ཀྱི་སྤྱན་ཉིད་དང་། གསང་གཏམ་ལ་ཡིད་བརྟན་པ་ཉིད་དང་། བགོ་བཤའ་ལ་དབང་པོ་ཉིད་ཀྱིས་

སོ། །དེ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའ་ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་དང་། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་ཆེན་པོའི་ཕྱོགས་དང་མཐུན་པ་བདལ་བ་རྣམས་ལ་མི་བརྗེད་པའི་ཆོས་ཅན་ཡིན་པའི་ཕྱིར་རྟག་ཏུ་སྤྱན་བྱེད་པ་དང་། རྟག་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་

เล่ม ๑๒๓ · หน้า 136a

གསང་བ་རྣམ་པ་གསུམ་འཛིན་པ་དང་། སེམས་ཅན་མཐའ་ཡས་པའི་དོན་བྱེད་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་མང་པོའི་དོན་བྱེད་པའོ། །རྟོགས་པའི་དོན་དུ་ཚིགས་སུ་བཅད་པ། བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་པའི་བདེ་བ་དང་། །

སྡུག་བསྔལ་ཕུང་པོ་ཆེན་པོ་རབ་ཞི་བློ་མཆོག་བདེ་བ་དང་། །ཆོས་མང་ཕུང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། །བག་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་གྲོལ་བ་འཐོབ། །དེ་ལ་ཆོས་འདི་ལ་མོས་པའི་དུས་ཉིད་ན་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་འཐོབ་བོ། །སེམས་བསྐྱེད་པའི་

དུས་ན་སྲིད་པ་གསུམ་གྱི་བླ་མ་ཉིད་དོ། །བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པའི་དུས་ན་སྲིད་པའི་བདེ་བའོ། །མངོན་པར་རྟོགས་པའི་དུས་ན་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཁས་བླངས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རབ་ཏུ་ཞི་བ་སྟེ། འདིས་རབ་ཏུ་ཞི་བར་བྱེད་པས་ན་རབ་ཏུ་ཞི་བའོ། །

མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དུས་ན་བློ་མཆོག་གི་བདེ་བའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ན་ཆོས་མང་པོའི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་མདོ་སྡེ་ལ་སོགས་པའི་ཆོས་མཐའ་ཡས་པའི་འབྱུང་གནས་ཡིན་པའི་ཕྱིར་ཆོས་མང་ཕུང་པོའོ། །ཆོས་ཐམས་

ཅད་ཀྱི་མཆོག་ཡིན་བའི་ཕྱིར་མཆོག་རབ་བོ། །ཟད་མི་ཤེས་པའི་ཕྱིར་རྟག་པའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་ཆོས་རྣམས་བསགས་པའི་ཕྱིར་དགེ་བའི་ཚོགས་སོ། །དེ་ལྟ་བུའི་སྐུ་དེ་ལ། བག་ཆགས་བཟློག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའི་

ཕྱིར་སྲིད་པ་དང་ཞི་བ་དག་ལས་རྣམ་པར་གྲོལ་བ་འཐོབ་སྟེ། རྣམ་པ་དེ་བརྒྱད་ནི་རྟོགས་པའི་དོན་ཏོ། །ཟིལ་གྱིས་གནོན་པའི་དོན་དུ་ཚིགས་སུ་བཅད་པ། བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བ་རྒྱ་ཆེན་དོན་ཆེ་དང་། །མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱིས་གནོན། །དགེ་བ་དེ་

ཡང་འཇིག་རྟེན་འཇིག་རྟེན་མ་ཡིན་ཡོངས་སྨིན་བྱེད། །དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས། །བྱང་ཆུབ་སེམས་དཔའ་རྒྱུ་བཞིས་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏེ། དགེ་བའི་རྩ་བརྒྱ་ཆེ་བ་ཉིད་དང་། དོན་ཆེ་བ་ཉིད་དང་། ཚད་མེད་པ་ཉིད་དང་། ཟད་མི་ཤེས་པ་ཉིད་ཀྱིས་སོ། །

เล่ม ๑๒๓ · หน้า 136b

དགེ་བ་རྣམ་པ་བཞི་བཤད་པ་གང་ཡིན་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། དབང་འབྱོར་པ་རྙེད་པ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། དབང་འབྱོར་པའོ། །ཡོན་ཏན་དེ་བཞི་ནི་དགེ་བའི་

དབང་དུ་བྱས་ཏེ་བསྟན་པ་ཡིན་ནོ། །དབང་འབྱོར་པ་གང་ཡིན་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས་པར་རིག་པར་བྱ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡང་མི་ཟད་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་བརྗོད་པར་ཚིགས་སུ་བཅད་པ། འདི་ནི་དེའི་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་

བརྩེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན། །འདིས་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་དང་། རྒྱུ་དང་།

འབྲས་བུ་དང་། ལས་དང་ལྡན་པ་དང་། དབྱེ་བའི་དོན་རྣམས་བསྟན་ཏེ། སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་སྙིང་རྗེ་ལས་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུའོ། །དེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་འབྲས་བུའོ། །སེམས་

ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་ཅིང་དཀའ་བ་སྤྱད་པ་དག་ལ་མི་སྐྱོ་བ་ནི་ལས་སོ། །ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ཅད་ཀྱིས་རྟོན་པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པའོ། །བརྡར་བཏགས་པ་དང་ཆོས་ཉིད་ཀྱིས་ཐོབ་པ་རགས་པ་དང་ཕྲ་བའི་ཁྱད་པར་གྱིས་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དབྱེ་

བའོ། །སྐྱབས་སུ་འགྲོ་བའི་ཁྱད་པར་གྱི་ཚིགས་སུ་བཅད་པ། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེ་ནི་དཔག་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱལ་བར་བྱེད། །འདིར་སྐྱབས་སུ་འགྲོ་བའི་

དོན་ཆེ་བ་ཉིད་ནི་རང་དང་གཞན་གྱི་དོན་སྒྲུབ་པ་དག་གིས་སྟོན་ཏེ། རང་གི་དོན་སྒྲུབ་པ་ནི་ཡོན་ཏན་རྣམ་པ་མང་པོ་དཔག་ཏུ་མེད་པ་འཕེལ་བས་སོ། །དཔག་ཏུ་མེད་པ་ཉིད་ནི་རྟོག་གེ་དང་གྲངས་དང་དུས་ཀྱིས་དཔག་ཏུ་མེད་པ་ཉིད་ལས་རིག་པར་བྱ་སྟེ། ཡོན་ཏན་འཕེལ་བ་དེ་ནི་རྟོག་གེས་ཀྱང་དཔག་ཏུ་

เล่ม ๑๒๓ · หน้า 137a

མེད་ལ་གྲངས་ཀྱིས་ཀྱང་མ་ཡིན་ནོ། །གཏན་དུ་བ་ཡིན་པའི་ཕྱིར་དུས་ཀྱིས་ཀྱང་མ་ཡིན་ནོ། །གཞན་གྱི་དོན་སྒྲུབ་པ་ཡང་བསམ་པའི་སྒོ་ནས་ནི་སྙིང་རྗེས་ཁྱབ་པས་སོ། །སྦྱོར་བའི་སྒོ་ནས་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱེད་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་ནི་

འཕགས་པ་ཆེན་པོ་རྣམས་ཀྱི་ཆོས་ཡིན་ནོ། །སྐྱབས་སུ་འགྲོ་བའི་སྐབས་རྫོགས་སོ།། །།རིགས་རབ་ཏུ་དབྱེ་བ་བསྡུ་བར་ཚིགས་སུ་བཅད་པ། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམ་གཉིས་ཏེ་

རྣམ་པ་བཞི། །འདིས་ནི་རིགས་ཡོད་པ་ཉིད་དང་། མཆོག་ཉིད་དང་། མཚན་ཉིད་དང་། རྟགས་དང་། རབ་ཏུ་དབྱེ་བ་དང་། ཉེས་དམིགས་དང་། ཕན་ཡོན་དང་། དཔེ་ཞེས་བྱ་བ་ཁྱད་པར་དེ་དག་བསྡུས་ཏེ། ཁྱད་པར་དེ་དག་ཀྱང་སོ་སོར་རྣམ་པ་བཞི་བཞིའོ། །ཡོད་པ་ཉིད་དུ་རྣམ་པར་དབྱེ་བར་

ཚིགས་སུ་བཅད་པ། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པ་ཡིན་པའི་ཕྱིར། ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་དེ། ཇི་སྐད་དུ། བ་རུ་རའི་

མདོ་ལས་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་ཁམས་ཀྱི་དབྱེ་བ་དེ་ལྟ་བུ་ཡང་ཡིད་ཆེས་པར་བྱ་དགོས་པས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་ཡང་དམིགས་ཏེ། ཐོག་མ་ཁོ་ནར་ལ་ལ་ཐེག་པ་འགའ་ཞིག་ཁོ་ན་ལ་མོས་པར་འགྱུར་རོ། །དེ་ནི་རིགས་ཀྱི་

དབྱེ་བ་མེད་པར་མི་འགྱུར་རོ། །རྐྱེན་གྱི་དབང་གིས་མོས་པ་བསྐྱེད་དུ་ཟིན་ཀྱང་སྒྲུབ་པ་ཐ་དད་པ་དམིགས་ཏེ། ཁ་ཅིག་ནི་ངེས་པར་སྒྲུབ་ལ། ཁ་ཅིག་ནི་མ་ཡིན་ནོ། །དེ་ཡང་རིགས་ཀྱི་དབྱེ་བ་མེད་པར་མི་འགྱུར་རོ། །འབྲས་བུ་ཐ་དད་པ་བྱང་ཆུབ་དམན་པ་དང་། འབྲིང་དང་། ཁྱད་པར་ཅན་རྣམས་ཀྱང་

དམིགས་ཏེ། དེ་ཡང་འབྲས་བུ་ནི་ས་བོན་གྱི་ངོ་བོ་དང་མཐུན་པའི་ཕྱིར། རིགས་ཀྱི་དབྱེ་བ་མེད་པར་མི་འགྱུར་རོ། །མཆོག་ཉིད་དུ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། དེ་དགེ་ཁྱད་པར་འཕགས་པ་དང་། །ཐམས་ཅད་དང་ནི་དོན་ཆེན་དང་། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་

เล่ม ๑๒๓ · หน้า 137b

ཉིད་ཅེས་བརྗོད་པ་ཡིན། །འདིར་རིགས་ནི་རྒྱུ་མཚན་རྣམ་པ་བཞིས་མཆོག་ཉིད་དུ་སྟོན་ཏེ། རིགས་དེ་ནི་དགེ་བའི་རྩ་བ་རྣམས་ཁྱད་པར་དུ་འཕགས་པ་དང་། ཐམས་ཅད་དང་། དོན་ཆེན་པོ་དང་། མི་ཟད་པ་ཉིད་ཀྱི་རྒྱུ་མཚན་ཡིན་ནོ། །ཉན་ཐོས་རྣམས་ཀྱི་དགེ་བའི་རྩ་བ་ནི་དེ་ལྟར་སྦྱངས་པ་མ་

ཡིན་ནོ། །ཐམས་ཅད་ཡོད་པ་ཡང་མ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དོན་ཆེན་པོ་ཡང་མ་ཡིན་ཏེ། གཞན་གྱི་དོན་མེད་པའི་ཕྱིར་རོ། །མི་ཟད་པ་ཡང་མ་ཡིན་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་མཐར་ཐུག་པའི་ཕྱིར་རོ། །མཚན་

ཉིད་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་གཉིས་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །འདིས་ནི་རིགས་རྣམ་པ་བཞི་སྟོན་ཏེ། རང་བཞིན་དུ་གནས་པ་དང་། ཡང་དག་པར་བསྒྲུབས་པ་དང་། རྟེན་གྱི་ངོ་བོ་ཉིད་དང་། བརྟེན་

པའི་ངོ་བོ་ཉིད་དེ་དེ་དག་ཉིད་དང་གོ་རིམས་བཞིན་ནོ། །དེ་ནི་རྒྱུའི་དངོས་པོར་ཡོད་དོ། །འབྲས་བུའི་དངོས་པོར་མེད་དོ། །རིགས་ནི་ཡོན་ཏན་སྒྲོལ་བའི་དོན་དུ་ཡང་རིག་པར་བྱ་སྟེ། འདི་ལས་ཡོན་ཏན་སྒྲོལ་ཞིང་འབྱུང་བའི་ཕྱིར་རོ། །རྟགས་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། སྦྱོར་བའི་སྔོན་དུ་

སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་ནི་རྣམ་པ་བཞི་སྟེ། སྦྱོར་བའི་སྔོན་རོལ་ཉིད་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་

སྤྱད་པ་དག་ལ་ཇི་མི་སྙམ་པའི་དོན་གྱིས་བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བ་ཡང་དག་པར་སྤྱོད་པའོ། །རབ་ཏུ་དབྱེ་བ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རིགས་ནི་ངེས་དང་མ་ངེས་པ། །རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་དང་། །འཕྲོག་པ་ཉིད་དེ་མདོར་ན་རིགས། །

དབྱེ་བ་འདི་ནི་རྣམ་པ་བཞི། །རིགས་ནི་མདོར་ན་རྣམ་པ་བཞི་སྟེ། ངེས་པ་དང་མ་ངེས་པ་དང་དེ་དག་ཉིད་གོ་རིམས་བཞིན་དུ་རྐྱེན་རྣམས་ཀྱིས་མི་འཕྲོགས་པ་དང་འཕྲོག་པའོ། །ཉེས་དམིགས་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། ཉོན་མོངས་གོམས་དང་གྲོགས་ངན་དང་། །ཕོངས་དང་གཞན་གྱི་

เล่ม ๑๒๓ · หน้า 138a

དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་རིགས་ཀྱི་ཉེས་དམིགས་ནི། གང་གིས་ན་རིགས་ལ་གནས་ཀྱང་ཡོན་ཏན་དག་ལ་མི་འཇུག་པ་ནི་མདོར་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་མང་བ་

དང་། མི་དགེ་བའི་གྲོགས་པོ་དང་། ཡོ་བྱད་ཀྱིས་ཕོངས་པ་དང་། གཞན་གྱི་དབང་དུ་གྱུར་པའོ། །ཕན་ཡོན་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང་། །དེ་ནའང་སྡུག་བསྔལ་ཆུང་དུ་མྱོང་། །སྐྱོ་བཅས་སེམས་ཅན་སྨིན་

པར་བྱེད། །བྱང་ཆུབ་སེམས་དཔའི་རིགས་ལ་ཕན་ཡོན་རྣམ་པ་བཞི་སྟེ། རིང་མོ་ཞིག་ན་ངན་སོང་དུ་འགྲོ་བ་དང་། དེ་དག་ནས་མྱུར་དུ་ཐར་པ་དང་། དེ་དག་ཏུ་སྐྱེས་ན་ཡང་སྡུག་བསྔལ་ཆུང་ངུ་མྱོང་བ་དང་། སེམས་སྐྱོ་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་སྙིང་རྗེས་ཡོངས་སུ་སྨིན་པར་བྱེད་པའོ། །

གསེར་གྱི་རིགས་ཆེན་པོ་དང་འདྲ་བར་ཚིགས་སུ་བཅད་པ། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །གསེར་གྱི་རིགས་ཆེན་པོ་ནི་གསེར་རྣམ་པ་བཞིའི་གནས་སུ་འགྱུར་ཏེ། མང་པོ་

དང་། འོད་གསལ་བ་དང་། དྲི་མ་མེད་པ་དང་། ལས་སུ་རུང་བའོ། །དེ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའི་རིགས་ཀྱང་དགེ་བའི་རྩ་བ་དཔག་ཏུ་མེད་པའི་གནས་དང་། ཡེ་ཤེས་ཀྱི་གནས་དང་། ཉོན་མོངས་པའི་དྲི་མ་མེད་པའི་གནས་དང་། མངོན་པར་ཤེས་པ་ལ་སོགས་པའི་མཐུའི་

གནས་ཡིན་ཏེ། དེ་ལྟ་བས་ན་གསེར་གྱི་རིགས་ཆེན་པོ་ལྟ་བུར་རིག་པར་བྱའོ། །རིན་པོ་ཆེའི་རིགས་ཆེན་པོ་དང་འདྲ་བར་ཚིགས་སུ་བཅད་པ། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་དང་ཏིང་འཛིན་འཕགས། །སེམས་ཅན་མང་

པོའི་དོན་གནས་ཕྱིར། །རིན་པོ་ཆེའི་རིགས་ཆེན་པོ་ནི་རིན་པོ་ཆེ་བཞིའི་གནས་སུ་འགྱུར་ཏེ། རིགས་དང་ལྡན་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། ཚད་ཕུན་སུམ་ཚོགས་པའི་འོ། །བྱང་ཆུབ་སེམས་དཔའི་རིགས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ།

เล่ม ๑๒๓ · หน้า 138b

བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིར་དང་། ཡེ་ཤེས་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིར་དང་། འཕགས་པའི་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་ནི་སེམས་ཡང་དག་པར་གནས་པའོ། །སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། སེམས་

ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །རིགས་མེད་པ་ལ་གནས་པ་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་བའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །

དོན་འདི་ལ་ནི་རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པར་བཞེད་དོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དེའི་དུས་དང་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་རྣམ་

པ་བཞི་སྟེ། །གཅིག་ཏུ་ཉེས་པར་སྤྱོད་པ་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མེད་པ་དང་། དགེ་བའི་རྩ་བ་དམན་པ་ཡོད་པ་ཚོགས་ཡོངས་སུ་མ་རྫོགས་པའོ། །གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྒྱུ་དང་བྲལ་བ་སྟེ། གང་

ལ་ཡོངས་སུ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ། །རང་བཞིན་དང་རྒྱས་པའི་རིགས་རྣམ་པར་དབྱེ་བ་ཉིད་དུ་ཚིགས་སུ་བཅད་པ། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་དག་ཐ་མར་

རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །ཟབ་ཅིང་རྒྱ་ཆེ་བར་བཤད་པ་གཞན་ལ་ཕན་པར་བྱ་བའི་ཕྱིར་བསྟན་པ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེན་པོ་ལ་ཟབ་ཅིང་རྒྱ་ཆེ་བའོ། །དོན་མི་ཤེས་བཞིན་དུ་མོས་པ་རྒྱ་

ཆེན་པོ་འབྱུང་ཞིང་སྒྲུབ་པ་ལ་ཡང་མི་སྐྱོ་ལ། ཐ་མར་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱི་མཆོག་བྱང་ཆུབ་ཆེན་པོ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དང་རྒྱས་པའི་ཆེ་བ་ཡིན་པར་རིག་པར་བྱའོ། །རྣམ་པ་གཉིས་

เล่ม ๑๒๓ · หน้า 139a

ཞེས་བྱ་བ་ནི། གཉིས་པོ་འཇིག་རྟེན་པ་དང་ཉན་ཐོས་དག་གོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །འབྲས་བུའི་སྒོ་ནས་རིགས་ཁྱད་པར་དུ་བྱ་བར་ཚིགས་སུ་བཅད་པ། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་

ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །འདིས་ནི་བྱང་ཆུབ་སེམས་དཔའི་རིགས་བྱང་ཆུབ་ཀྱི་ཤིང་རང་དང་གཞན་ལ་ཕན་པ་དང་བདེ་བ་བྱེད་པའི་འབྲས་བུ་ཅན་གྱི་རྩ་བ་བཟང་པོ་ཉིད་ཡིན་པར་བསྟན་ཏོ། །རིགས་ཀྱི་སྐབས་རྫོགས་

སོ།། །།སེམས་བསྐྱེད་པའི་མཚན་ཉིད་དུ་ཚིགས་སུ་བཅད་པ། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །སྤྲོ་བ་ཆེན་པོ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཏེ། ཟབ་མོ་དང་ཡུན་རིང་པོར་དཀའ་བ་

སྤྱད་པ་སྒྲུབ་པ་ལ་སྤྲོ་བའི་ཕྱིར་རོ། །རྩོམ་པ་ཆེན་པོ་ནི་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །དོན་ཆེན་པོ་ནི་བདག་དང་གཞན་ལ་ཕན་པའི་ཆེད་ཀྱི་ཕྱིར་རོ། །འབྱུང་བ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །འདིས་ནི་ཡོན་ཏན་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། སྐྱེས་

བུ་བྱེད་པའི་ཡོན་ཏན་ནི་ཚིག་གཉིས་ཀྱིས་སོ། །དོན་བྱེད་པའི་ཡོན་ཏན་དང་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི་ཚིག་གཉིས་ཀྱིས་སོ། །དོན་གཉིས་དང་ལྡན་པ་ནི་བྱང་ཆུབ་ཆེན་པོ་དང་སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་ཕྱིར་རོ། །ཡོན་ཏན་གསུམ་དང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་

ནི་སེམས་བསྐྱེད་པ་ཞེས་བྱའོ། །སེམས་བསྐྱེད་པ་རབ་ཏུ་དབྱེ་བར་ཚིགས་སུ་བཅད་པ། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། མོས་

པས་སྤྱོད་པའི་ས་ལ་ནི་མོས་པ་ལས་འབྱུང་བའོ། །ས་བདུན་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་བརྒྱད་པ་ལ་སོགས་པ་ལ་ནི་རྣམ་པར་སྨིན་པའོ། །སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་མེད་པའོ། །སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པར་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡི་རྩ་བ་སྙིང་རྗེར་

เล่ม ๑๒๓ · หน้า 139b

འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །གོང་དུ་འདུན་པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །

དགེ་བ་འཕེལ་བ་དེའི་ཕན་ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་བརྗོད། །འདི་ཡི་མཐར་ཐུག་ས་ཡིན་ཏེ། །སོ་སོ་རང་གི་དེར་སྦྱོར་བས། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། །རྣམ་པར་ངེས་པར་ཤེས་པར་བྱ། །དེ་ལ་རྣམ་པར་གཏན་ལ་དབབ་པ་ནི་འདི་ཡིན་ཏེ།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཞི་པོ་འདིའི་རྩ་བ་ནི་གང་། བསམ་པ་ནི་གང་། མོས་པ་ནི་གང་། དམིགས་པ་ནི་གང་། འགྲོ་བ་ནི་གང་། རྟེན་ནི་གང་། ཉེས་དམིགས་ནི་གང་། ཕན་ཡོན་ནི་གང་། ངེས་པར་འབྱུང་བ་ནི་གང་། མཐར་ཐུག་པ་ནི་གང་ཞེ་ན། སྨྲས་པ། སྙིང་རྗེ་ཆེན་པོ་ནི་རྩ་

བའོ། །རྟག་ཏུ་སེམས་ཅན་ལ་ཕན་པར་སེམས་པའོ། །ཐེག་པ་ཆེན་པོའི་ཆོས་ལ་མོས་པའོ། །དེའི་ཡེ་ཤེས་ལ་ཚོལ་བར་དམིགས་པ་སྟེ། དེའི་ཡེ་ཤེས་ལ་ཚོལ་བའི་རྣམ་པར་དམིགས་པའི་ཕྱིར་རོ། །གོང་ནས་གོང་དུ་འདུན་པ་ནི་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། །ལམ་གཅོད་པ་ནི་

ཉེས་དམིགས་ཏེ་ལམ་གཅོད་པ་དེ་ཡང་གང་ཞེ་ན། མི་མཐུན་པའི་ཕྱོགས་ཐེག་པ་གཞན་གྱི་སེམས་སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་དགེ་བའི་རྩ་བ་འཕེལ་བ་ནི་ཕན་ཡོན་ནོ། །རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་ནི་ངེས་པར་འབྱུང་བའོ། །ས་ནི་མཐར་

ཐུག་པ་ཡིན་ཏེ། སོ་སོ་རང་གི་ས་ལ་སྦྱོར་བས་གང་ཞིག་ས་གང་ལ་ཞུགས་པའི་ས་དེ་ནི་དེའི་མཐར་ཐུག་པ་ཡིན་ནོ། །ཡང་དག་པར་བླང་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་

དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །གཞན་གྱིས་བསྟན་ཞིང་གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ཏེ། དགེ་བའི་བཤེས་གཉེན་གྱི་ངོར་

เล่ม ๑๒๓ · หน้า 140a

སྐྱེ་བ་ཡང་ཡོད་དོ། །རྒྱུའི་སྟོབས་ལས་ཏེ། རིགས་ཀྱི་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བའི་སྟོབས་ལས་ཏེ། དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་སྐྱེ་བ་ཡང་ཡོད་དེ། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་

མང་དུ་བྱང་ཆུབ་ཏུ་སེམས་སྐྱེད་པའི་ཕྱིར་རོ། །དགེ་བ་གོམས་པ་ལས་ཏེ། ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་། འཛིན་པ་དང་། འཆང་བ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ནི་མི་བརྟན་པར་འབྱུང་བར་རིག་པར་བྱའོ། །རྒྱུ་ལ་སོགས་པའི་སྟོབས་ལས་ནི་

བརྟན་པ་འབྱུང་ངོ་། །དོན་དམ་པའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ་བདུན་ཏེ། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་

བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་དག་པ་དང་། །ལྷག་མ་དག་ལ་མཁས་པ་དང་། །ངེས་པར་འབྱུང་བར་ཤེས་པར་བྱ། །ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་

མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །རྒྱ་ཆེ་བར་ནི་ཤེས་པར་བྱ། །དཀའ་བ་ཡུན་རིང་མི་སྐྱེའི་ཕྱིར། །སྤྲོ་བར་ཁོང་དུ་ཆུད་པར་བྱ། །བྱང་ཆུབ་ཉེ་བར་རྟོགས་པ་དང་། །དེ་ཡི་ཐབས་ཤེས་རྙེད་པའི་

ཕྱིར། །བསམ་པ་དག་པར་ཤེས་པར་བྱ། །ས་གཞན་ཚུལ་ལ་མཁས་པ་ཉིད། །ཇི་ལྟར་རྣམ་གཞག་ཡིད་བྱེད་པས། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང་། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་བར་ཤེས་པར་བྱ། །ཚིགས་སུ་བཅད་པ་དང་པོས་ནི། ལུང་དང་བསྒྲུབ་པ་དང་རྟོགས་

པའི་ཁྱད་པར་དག་གིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་པར་བྱེད་དོ། །དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ས་རབ་ཏུ་དགའ་བ་ཡིན་པས་དེའི་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པའི་རྒྱུ་སྟོན་ཏེ། དེ་ལ་ཆོས་རྣམས་ལ་སེམས་མཉམ་པ་ཉིད་ནི་ཆོས་ལ་བདག་མེད་པར་རྟོགས་པའི་

เล่ม ๑๒๓ · หน้า 140b

ཕྱིར་རོ། །སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་ནི་བདག་དང་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །སེམས་ཅན་གྱི་བྱ་བ་དག་ལ་སེམས་མཉམ་པ་ཉིད་ནི་བདག་ཉིད་ཀྱི་སྡུག་བསྔལ་དང་འདྲ་བར་དེ་དག་གི་སྡུག་བསྔལ་ཟད་པར་འདོད་པའི་ཕྱིར་རོ། །སངས་རྒྱས་ཉིད་ལ་སེམས་མཉམ་

པ་ཉིད་ནི་དེའི་ཆོས་ཀྱི་དབྱིངས་དང་བདག་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། །དོན་དམ་པ་པའི་སེམས་བསྐྱེད་པ་དེ་ཉིད་ལ་དོན་དམ་པ་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྐྱེ་བ་དང་། རྒྱ་ཆེ་བ་དང་། སྤྲོ་བ་དང་། བསམ་པ་དག་པ་དང་། ལྷག་མ་ལ་མཁས་པ་དང་། ངེས་པར་འབྱུང་བའོ། །དེ་ལ་སྐྱེ་

བ་ནི་ས་བོན་དང་མ་དང་མངལ་དང་མ་མའི་བྱེ་བྲག་ལས་རིག་པར་བྱའོ། །རྒྱ་ཆེན་པོ་ནི་སྨོན་ལམ་ཆེན་པོ་བཅུ་མངོན་པར་བསྒྲུབ་པའི་ཕྱིར་རོ། །སྤྲོ་བ་ནི་དཀའ་བ་ཡུན་རིང་པོས་མི་སྐྱོ་བའི་ཕྱིར་རོ། །བསམ་པ་དག་པ་ནི། བྱང་ཆུབ་དང་ཉེ་བར་ཤེས་པའི་ཕྱིར་དང་། དེའི་ཐབས་ཤེས་པའི་ཕྱིར་རོ། །

ལྷག་མ་ལ་མཁས་པ་ནི། ས་གཞན་དག་ལ་མཁས་པའོ། །ངེས་པར་འབྱུང་བ་ནི། ས་ཇི་ལྟར་རྣམ་པར་གཞག་པ་བཞིན་ཡིད་ལ་བྱེད་པས་སོ། །ཇི་ལྟར་ཡིད་ལ་བྱེད་པས་ཤེ་ན། འདི་ནི་རྟོག་པ་ཙམ་མོ་ཞེས་ས་རྣམ་པར་གཞག་པ་དེ་རྟོག་པ་ཉིད་དུ་ཤེས་པའི་ཕྱིར་དང་། རྟོག་པ་ཉིད་དུ་

ཤེས་པ་དེ་ཉིད་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །དཔེའི་ཆེ་བ་ཉིད་དུ་ཚིགས་སུ་བཅད་པ་དྲུག་སྟེ། བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། །གཞན་ནི་མེ་དང་འདྲར་ཤེས་བྱ། །གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། །

གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་མཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང་། །གཞན་ནི་ཉི་མ་འདྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་

ནི་རྒྱལ་པོ་འདྲར་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་མ་འདྲ་བ་ཡིན། །ཀུན་དགའི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་པ། །སྤྲིན་

เล่ม ๑๒๓ · หน้า 141a

དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར་ཡོན་ཏན་ཕྱུག །སེམས་ནི་དགའ་བས་ཡང་དག་བསྐྱེད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་

ཕྱིར་རོ། །བསམ་པ་དང་ལྡན་པའི་སེམས་བསྐྱེད་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕན་པ་དང་བདེ་བའི་བསམ་པ་གཞན་དུ་འགྱུར་བ་མི་སྟེན་པའི་ཕྱིར་རོ། །སྦྱོར་བ་དང་ལྡན་པ་ནི་ཟླ་བ་ཡར་གྱི་ངོའི་ཚེས་པ་བཞིན་ཏེ། དགེ་བའི་ཆོས་འཕེལ་བར་འགྱུར་བའི་ཕྱིར་རོ། །ལྷག་པའི་བསམ་པ་

དང་ལྡན་པ་ནི་མེ་དང་འདྲ་སྟེ། ཤིང་གི་བྱེ་བྲག་དག་གིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །ལྷག་པའི་བསམ་པ་ནི་ཁྱད་པར་རྟོགས་པའི་བསམ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་བཞིན་ཏེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་

ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང་མི་ཟད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་དང་འདྲ་སྟེ། ཉམ་ང་བ་འབྱུང་བ་

ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་ལྟ་བུ་སྟེ། མི་ཤིགས་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། རྣམ་པར་གཡེང་བས་མི་གཡོ་བའི་ཕྱིར་རོ། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ཚད་མེད་པ་དང་ལྡན་པ་ནི་མཛའ་བོ་ཆེན་པོ་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བའི་ཕྱིར་རོ། །མངོན་

པར་ཤེས་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་འབྲས་བུ་འབྱོར་པའི་ཕྱིར་རོ། །བསྡུ་བའི་དངོས་པོ་དང་ལྡན་པ་བཞི་ནི་ཉི་མ་དང་འདྲ་སྟེ། གདུལ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ནི་དྲི་ཟའི་

เล่ม ๑๒๓ · หน้า 141b

དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་འདུལ་བར་བྱེད་བའི་ཆོས་སྟོན་པའི་ཕྱིར་རོ། །རྟོན་པ་དང་ལྡན་པ་ནི་རྒྱལ་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་

མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི། ཐེག་པ་ལྟ་བུ་སྟེ། བདེ་བླག་ཏུ་ཁྱེར་བའི་ཕྱིར་རོ། །

གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་ཞིང་མི་ཟད་པ་འབྱིན་པའི་ཕྱིར་རོ། །ཆོས་བཤད་པ་དང་ལྡན་པ་ནི། ཀུན་དགའ་བའི་སྒྲ་དང་འདྲ་སྟེ། ཐར་པ་འདོད་པའི་

གདུལ་བྱ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་རླུང་གི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པ་ཉིད་ནི། ས་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་

དད་པའི་ཕྱིར་རོ། །ཐབས་ལ་མཁས་པ་དང་ལྡན་པ་ནི་སྤྲིན་ལྟ་བུ་སྟེ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་ལྟར། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ། །དཔེ་ཉི་

ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་དེ་ནི། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །སེམས་མ་བསྐྱེད་པ་སྨད་པར་ཚིགས་སུ་བཅད་པ། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་

དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །སེམས་བསྐྱེད་པ་དེ་སྤངས་པའི་སེམས་ཅན་རྣམས་ཀྱིས་བདེ་བ་རྣམ་པ་བཞི་མི་འཐོབ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་སེམས་པས་བདེ་བ་གང་ཡིན་པ་དང་།

เล่ม ๑๒๓ · หน้า 142a

གཞན་གྱི་དོན་གྱི་ཐབས་རྙེད་པས་བདེ་བ་གང་ཡིན་པ་དང་། དགོངས་པ་ཆེན་པོའི་དོན་མཐོང་བ་སྟེ། ཐེག་པ་ཆེན་པོའི་མདོ་ཟབ་མོ་དགོངས་པ་ཅན་གྱི་དོན་རྟོགས་པས་བདེ་བ་གང་ཡིན་པ་དང་། དེ་ཁོ་ན་ཉིད་མཆོག་གི་དོན་ཆོས་ལ་བདག་མེད་པ་མཐོང་བས་བདེ་བ་གང་ཡིན་

པའོ། །ངན་འགྲོ་དང་ཡོངས་སུ་སྐྱོ་བས་འཇིགས་པ་མེད་པའི་ཕྱིར། སེམས་བསྐྱེད་པ་བསྔགས་པར་ཚིགས་སུ་བཅད་པ། བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡོམས། །གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང་། །བརྩེ་ལྡན་བདེ་དང་

སྡུག་བསྔལ་དག་གིས་དགའ། །བྱང་ཆུབ་སེམས་དཔའི་སེམས་ཀྱི་མཆོག་དེ་སྐྱེས་མ་ཐག་ཏུ་སེམས་ཅན་མཐའ་ཡས་པའི་རྟེན་ཅན་གྱི་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམས་པར་འགྱུར་ཏེ། དེའི་ཕྱིར་འདི་ངན་འགྲོས་འཇིགས་པར་མི་འགྱུར་རོ། །དེ་ནི་དགེ་བའི་ལས་དང་སྙིང་བརྩེ་བ་གཉིས་

འཕེལ་བར་བྱེད་པས་རྟག་ཏུ་དགེ་བ་དང་ལྡན་བ་དང་། སྙིང་བརྩེ་བ་དང་ལྡན་པར་ཡང་འགྱུར་ཏེ། དེས་ན་དེ་དགེ་བ་དང་ལྡན་པའི་ཕྱིར། བདེ་བས་ཀྱང་དགའ་ལ་སྙིང་བརྩེ་བ་དང་ལྡན་པའི་ཕྱིར་གཞན་གྱི་དོན་བྱེད་པའི་རྒྱུ་མཚན་ཅན་གྱི་སྡུག་བསྔལ་གྱིས་ཀྱང་དགའོ། །དེའི་ཕྱིར་འདི་བྱ་བ་མང་པོས་

ཡོངས་སུ་སྐྱོ་བས་ཀྱང་འཇིགས་པར་མི་འགྱུར་རོ། །མི་བྱེད་པའི་སྡོམ་པ་ཐོབ་པར་ཚིགས་སུ་བཅད་པ། གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱི་གནོད་པ་ཡིས། །ཇི་ལྟར་ངན་པར་བྱེད་པའི་ལས་ལ་འཇུག །དེའི་བསྡུས་པའི་

དོན་ནི། གང་ཞིག་གཞན་གྱི་དོན་གྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བའི་ཕྱིར། གཞན་ཉིད་ཆེས་སྡུག་གི་བདག་ཉིད་ནི་མ་ཡིན་པ་དེ་ཇི་ལྟར་གཞན་གྱིས་གནོད་པ་བྱས་པས་བདག་གི་དོན་དུ་ཉེས་པར་བྱེད་པའི་ལས་ལ་འཇུག་པར་འགྱུར། སེམས་མི་ལྡོག་པར་ཚིགས་སུ་བཅད་པ་གཉིས་

ཏེ། །དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་ན་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམས་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །

เล่ม ๑๒๓ · หน้า 142b

རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། །བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བའི་ཕྱིར། འབྱོར་པའི་དུས་ན་ཉོན་མོངས་པ་རྣམས་ཀྱིས་མི་འཇིགས་ལ། སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་ལྟ་བུར་མཐོང་བའི་ཕྱིར།

རྒུད་པའི་དུས་ན་སྡུག་བསྔལ་གྱིས་མི་འཇིགས་ན། དེའི་བྱང་ཆུབ་ཀྱི་སེམས་འཇིགས་པ་གང་གིས་ལྡོག་པར་འགྱུར། གཞན་ཡང་རང་གི་ཡོན་ཏན་གྱིས་རྒྱན་དང་། གཞན་ལ་ཕན་འདོགས་པས་དགའ་བའི་སྟོན་མོ་དང་། བསམས་བཞིན་དུ་སྐྱེ་བའི་སྐྱེད་མོས་ཚལ་གྱི་ས་དང་། རྫུ་

འཕྲུལ་གྱིས་རྣམ་པར་འཕྲུལ་པའི་རྩེད་མོས་དགའ་བའི་བྱང་ཆུབ་སེམས་དཔའ་དག་ཁོ་ན་ལ་ཡོད་ཀྱི། བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ལ་ནི་མེད་ན་དེ་དག་གིས་སེམས་ཇི་ལྟར་ཟློག་པར་འགྱུར། སྡུག་བསྔལ་གྱིས་འཇིགས་པ་དགག་པར་ཚིགས་སུ་བཅད་པ། གཞན་དོན་བརྩོན་ལྡན་སྙིང་

རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་པ་ལའང་དགའ་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །གཞན་ཡང་གཞན་གྱི་དོན་ལ་བརྩོན་པ་གང་ཞིག་སྙིང་རྗེའི་བདག་ཉིད་ཅན་ཡིན་པའི་ཕྱིར། མནར་མེད་པ་ལ་ཡང་དགའ་བར་

འཛིན་པ་དེ་ཇི་ལྟར་སྲིད་པ་ན་གཞན་གྱི་དོན་གྱི་རྒྱུ་མཚན་ཅན་གྱི་སྡུག་བསྔལ་འབྱུང་བ་དག་གིས་འཇིགས་པར་འགྱུར་ཏེ། གང་གི་ཕྱིར་ན་འདི་སྡུག་བསྔལ་གྱིས་འཇིགས་པའམ་སེམས་ལྡོག་པར་འགྱུར། སེམས་ཅན་ཡལ་བར་འདོར་བ་དགག་པར་ཚིགས་སུ་བཅད་པ། སློབ་དཔོན་བརྩེ་ཆེན་རྟག་ཏུ་

བསྟེན་པའི་བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །སློབ་དཔོན་སྙིང་རྗེ་རྟག་ཏུ་བསྟེན་པའི་བདག་ཉིད་ཅན་ཕ་རོལ་གྱི་སྡུག་བསྔལ་དག་གིས་སེམས་གདུང་བ་གང་ཡིན་པ་དེ་ལ་གལ་ཏེ་གཞན་གྱི་

དོན་བྱ་བ་བྱུང་བ་ལ་དགེ་བའི་བཤེས་གཉེན་གཞན་དག་གིས་བསྐུལ་བར་བྱ་དགོས་པ་ནི་ཏེ་བོར་ངོ་ཚ་བའོ། །ལེ་ལོ་སྨད་པར་ཚིགས་སུ་གཅད་པ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ། །

เล่ม ๑๒๓ · หน้า 143a

བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །བྱང་ཆུབ་སེམས་དཔའ་མགོ་ལ་སེམས་ཅན་གྱི་ཁུར་ཆེན་པོ་ཐོགས་ནས་ཕ་རོལ་གནོན་པ་དལ་བ་ནི་མི་མཛེས་ཀྱི། དེས་ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བར་རིགས་ཏེ། འདི་ལྟར་དེ་ནི་བདག་

དང་གཞན་གྱི་འཆིང་བ་རྣམ་པ་སྣ་ཚོགས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ངོ་བོ་དག་གིས་ཤིན་ཏུ་བཅིངས་པ་ཡིན་ནོ། །སེམས་བསྐྱེད་པའི་སྐབས་རྫོགས་སོ།། །།སྒྲུབ་པའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་

རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །དེ་ལ་གནས་ཆེན་པོ་ནི་སེམས་བསྐྱེད་པ་ལ་གནས་པའི་ཕྱིར་རོ། །རྩོམ་པ་ཆེན་པོ་ནི་རང་དང་གཞན་གྱི་དོན་རྩོམ་པའི་ཕྱིར་རོ། །འབྲས་བུ་འབྱུང་བ་ཆེན་པོ་ནི་འབྲས་བུ་བྱང་ཆུབ་

ཆེན་པོ་འཐོབ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གོ་རིམས་བཞིན་དུ་ལེན་པ་ཆེ་བ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར་རོ། །བཟོད་པ་ཆེ་བ་སྟེ། སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའི་ཕྱིར་རོ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད་པ་སྟེ། སེམས་ཅན་མང་པོའི་དོན་

ཡང་དག་པར་སྒྲུབ་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ཁྱད་པར་མེད་པར་ཚིགས་སུ་བཅད་པ། གཞན་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། །བདག་པས་གཞན་ཆེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་

ཡིན། །གཞན་དང་བདག་མཉམ་པའི་སེམས་ཉིད་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་རྙེད་པའི་ཚེ་མོས་པའི་སྒོ་ནས་སམ། དོན་དམ་པའི་སེམས་བསྐྱེད་པ་རྙེད་པའི་ཚེ། ཤེས་པའི་སྒོ་ནས་རྙེད་ནས་སམ། ཡང་ན་བདག་པས་གཞན་ཆེས་ཤིན་ཏུ་སྡུག་བསྔལ་བ་རྙེད་ནས་རྒྱུ་དེ་ཉིད་ཀྱིས་

བདག་པས་གཞན་གྱི་དོན་ལ་ཁྱད་པར་འཕགས་པར་འདུ་ཤེས་པའི་བྱང་ཆུབ་སེམས་དཔའི་ལ་རང་གི་དོན་ནི་གང་ཞིག་ཡིན་ལ་གཞན་གྱི་དོན་གང་ཞིག་ཡིན་ཏེ། དེ་ལ་གཉིས་ཀ་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་དོན་ཁྱད་པར་དུ་བྱ་བར་ཚིགས་སུ་བཅད་པ། ཇི་ལྟར་སྙིང་

เล่ม ๑๒๓ · หน้า 143b

རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བ་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལ། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། །ཇི་ལྟར་འདིའི་གཞན་གྱི་དོན་བདག་ཉིད་ཀྱི་དོན་ལས་ཁྱད་པར་དུ་འཕགས་པ་དེ་སྒྲུབ་

པར་བྱེད་དེ། གཞན་གྱི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་བྱེད་པའི་ཕྱིར་རོ། །གཞན་གྱི་དོན་སྒྲུབ་པར་རྣམ་པར་དབྱེ་བར་ཚིགས་སུ་བཅད་པ་གཉིས་ཏེ། ཐ་དད་འབྲིང་དང་མཆོག་ཆོས་ཉིད་གནས་ལ། །ལེགས་པར་སྟོན་དང་མགུ་བྱེད་འཇུག་པ་དང་། །དོན་ལ་རྣམ་ངེས་དགེ་ལ་

ཡོངས་སྨིན་བྱེད། །དེ་བཞིན་གདམས་ངག་གནས་དང་བློ་རྣམས་གྲོལ། །ཡོན་ཏན་ཁྱད་པར་ཅན་འགྲུབ་དེ་བཞིན་དུ། །རིགས་སུ་སྐྱེ་དང་ལུང་བསྟན་དབང་བསྐུར་དང་། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕང་སྟེ། །བཅུ་གསུམ་བདག་ཉིད་འདི་ནི་གཞན་གྱི་དོན། །སེམས་ཅན་

གྱི་རིས་རྣམ་པ་གསུམ་པོ་རིགས་དམན་པ་དང་འབྲིང་དང་ཁྱད་པར་ཅན་ལ་གནས་པ་ལ་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་རྣམ་པ་བཅུ་གསུམ་སྟེ། རྗེས་སུ་བསྟན་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དག་གིས་ལེགས་པར་སྟོན་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མགུ་བར་བྱེད་པ་དང་། བསྟན་

པ་ཁས་ལེན་དུ་གཞུག་པའི་ཕྱིར་འཇུག་པ་དང་། ཞུགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་དོན་ལ་རྣམ་པར་ངེས་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་དང་། འདོམས་པ་དང་། སེམས་གནས་པར་བྱེད་པ་དང་། ཤེས་རབ་རྣམ་པར་གྲོལ་བར་བྱེད་པ་དང་། མངོན་བར་ཤེས་

པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཡང་དག་པར་འགྲུབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང་། ས་བརྒྱད་པ་ལ་ལུང་བསྟན་པ་དང་། ས་བཅུ་པ་ལ་དབང་བསྐུར་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པའོ། །རྣམ་པ་བཅུ་གསུམ་པོ་འདི་དག་

ནི་ཅི་རིགས་པར་རིགས་ལ་གནས་པ་གསུམ་བྱང་ཆུབ་སེམས་དཔའི་དོན་ཡིན་ནོ། །གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པར་ཚིགས་སུ་བཅད་པ། སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་འཆད། །མི་འགྱིང་བ་དང་བདག་གི་མེད་ལ་མཁས། །བཟོད་དུལ་ཤིན་ཏུ་རིང་སོང་མི་བཟད་པ། །རྒྱལ་སྲས་

เล่ม ๑๒๓ · หน้า 144a

རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ། །འདིས་ནི་གཞན་གྱི་དོན་སྒྲུབ་པ་འདི་ཕུན་སུམ་ཚོགས་པ་ཡིན་པ་དེ་སྟོན་ཏོ། །འདི་ཇི་ལྟར་ཕུན་སུམ་ཚོགས་པ་ཡིན་ཞེ་ན། གལ་ཏེ་རིགས་ལ་གནས་པའི་སྐྱེ་བོ་དང་མཐུན་ཞིང་། ཕྱིན་ཅི་མ་ལོག་པར་འཆད་པར་འགྱུར་བ་དང་། འགྱིང་བ་

མེད་པར་མགུ་བར་འགྱུར་བ་དང་། མི་མཐུན་པ་མི་བྱེད་པས་བདག་གི་བ་མེད་པར་འཇུག་པ་སྟེ། རྫུ་འཕྲུལ་གྱིས་མི་རློམ་ཞིང་སེམས་ཅན་ཞུགས་པ་རྣམས་ལ་བདག་གི་བར་འཛིན་པ་མེད་པ་དང་། དོན་རྣམ་པར་ངེས་པར་བྱ་བ་ལ་མཁས་པའི་སྒྲུབ་པ་ཡིན་ཏེ། དགེ་བ་ཡོངས་སུ་སྨིན་པར་བྱ་བ་ལ་

བཟོད་པའི་སྒྲུབ་པ་ཡིན། དུལ་བས་འདོམས་པ་ལ་སོགས་པའི་སྒྲུབ་པ་ཡིན་ཏེ། མ་དུལ་བས་ནི་གཞན་དག་ལ་གདམས་པ་ལ་སོགས་བསྟན་པར་མི་ནུས་སོ། །རིགས་སུ་སྐྱེས་པ་ལ་སོགས་པ་ཤིན་ཏུ་རིང་དུ་སོང་བའི་སྒྲུབ་པ་ཡིན་ནོ། །རིང་དུ་མ་སོང་བའི་སྒྲུབ་པས་ནི། གཞན་དག་རིགས་སུ་

སྐྱེས་པ་ལ་སོགས་པར་བྱ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའི་སྒྲུབ་པ་འདི་དག་ཐམས་ཅད་ཀྱང་ཁས་བླངས་པའི་སེམས་ཅན་མི་ཟད་པའི་ཕྱིར་མི་ཟད་པ་ཡིན་ཏེ། དེའི་ཕྱིར་ཡང་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་ཁྱད་པར་དུ་བྱ་བར་ཚིགས་སུ་བཅད་པ་གཉིས་ཏེ།

འདོད་ལྡན་སྐྱེ་བོ་འཇིགས་པ་ཆེ་ལ་འཇུག །སྲིད་དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞི་དགའ་རང་གི་ལེན་པར་རབ་ཞི་ལ། །སྙིང་རྗེའི་བདག་ཉིད་ལེན་ཀུན་ཞི་ལ་རྟག །སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་

བརྩོན་པ་ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །དེ་ལ་འདོད་པ་རྣམས་འཇིགས་པ་ཆེན་པོ་ཉིད་ཡིན་པ་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་མང་པོ་དང་། ངན་འགྲོར་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་བདེ་བ་གཡོ་བ་ནི་གཟུགས་དང་གཟུགས་མེད་པའི་སྲིད་

པའི་དགའ་བ་རྣམས་མི་རྟག་པ་ཉིད་ཀྱི་ཕྱིར་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དོན་དམ་པར་སྡུག་བསྔལ་བའི་ཕྱིར་རོ། །ལེན་པ་དག་ནི་ཉོན་མོངས་པ་རྣམས་སུ་རིག་པར་བྱ་སྟེ། སྡུག་བསྔལ་ལེན་པའི་ཕྱིར་རོ། །སྐྱེ་བོ་རྨོངས་པ་རྟག་ཏུ་རང་བདེ་བའི་དོན་དུ་ཞུགས་པ་ནི་བདེ་བ་མི་

เล่ม ๑๒๓ · หน้า 144b

འཐོབ་ཀྱི། སྡུག་བསྔལ་ཁོ་ན་འཐོབ་བོ། །བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་ཞུགས་པ་ནི། རང་དང་གཞན་གྱི་དོན་བསྒྲུབས་ནས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་སྟེ། འདི་ནི་སྒྲུབ་པའི་ཁྱད་པར་གཞན་ཡིན་ནོ། །སྤྱོད་ཡུལ་ཡོངས་སུ་བསྔོ་བར་ཚིགས་སུ་བཅད་པ། རྒྱལ་སྲས་

སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །བྱང་ཆུབ་སེམས་དཔའ་སྤྱོད་ལམ་བྱེད་པའི་སྤྱོད་པ་ལ་འཇུག་པ་ན་རྣམ་པ་གང་དང་གང་གིས་མིག་ལ་སོགས་པའི་དབང་པོའི་

སྤྱོད་ཡུལ་སྣ་ཚོགས་ལ་འཇུག་པའི་རྣམ་པ་དེ་དང་དེར་འབྲེལ་ཞིང་འདྲ་བའི་ཚིག་གིས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་དེ་ཐམས་ཅད་ཇི་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་རྒྱས་པར་བསྟན་པ་བཞིན་མངོན་པར་འདུ་བྱེད་དོ། །སེམས་ཅན་རྣམས་ལ་མི་བཟོད་པ་དགག་པར་

ཚིགས་སུ་བཅད་པ། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །རྟག་ཏུ་ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར་བྱས་པའི་

སེམས་དང་ལྡན་པའི་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའ་ཉེས་པར་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་མི་འདོད་བཞིན་དུ་ལོག་པར་སྒྲུབ་པ་དག་ཏུ་འགྱུར་རོ་ཞེས་བྱ་བར་རིག་ནས་སྙིང་རྗེ་འཕེལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པའི་ཆེ་བ་ཉིད་ཀྱི་ཚིགས་སུ་བཅད་པ། སྒྲུབ་པ་འདི་ནི་སྲིད་དང་

འགྲོ་བ་ཀུན། །ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས་ཚོགས་ཀྱིས་རྣམ་པར་འཕེལ། །བྱམས་པའི་བསམ་པས་རྟག་ཏུ་འགྲོ་བ་སྡུད། །ཆེ་བ་ཉིད་ནི་རྣམ་པ་བཞི་སྟེ། ཟིལ་གྱིས་གནོན་པའི་ཆེ་བ་ཉིད་ནི། སྲིད་པ་གསུམ་དང་འགྲོ་བ་ལྔ་པོ་ཐམས་ཅད་ཟིལ་གྱིས་

མནན་ནས་འགྲོ་བའི་ཕྱིར་ཏེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གལ་ཏེ་གཟུགས་དངོས་པོར་འགྱུར་གྱི། དངོས་པོ་མེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་

เล่ม ๑๒๓ · หน้า 145a

འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟ་བུའོ། །མྱ་ངན་ལས་འདས་པའི་ཆེ་བ་ཉིད་ནི་མི་གནས་པའི་མྱ་ངན་ལས་འདས་པ་དང་ལྡན་པའི་ཕྱིར་རོ། །ཡོན་ཏན་གྱི་ཆེ་བ་ཉིད་དང་། སེམས་ཅན་ཡོངས་སུ་མི་གཏོང་བའི་ཆེ་བ་ཉིད་ནི་ཡོན་ཏན་གྱིས་འཕེལ་བ་

པ་དང་། འགྲོ་བ་སྡུད་པའི་ཕྱིར་རོ། །སྒྲུབ་པའི་སྐབས་རྫོགས་སོ།། །།དོན་དམ་པའི་མཚན་ཉིད་དུ་ཚིགས་སུ་བཅད་པ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། རྣམ་པར་དག་

འགྱུར་དེ་ནི་དོན་དམ་མཚན། །གཉིས་མེད་པའི་དོན་ནི་དོན་དམ་པ་སྟེ། གཉིས་མེད་པའི་དོན་དེ་ཡང་རྣམ་པ་ལྔས་ཡང་དག་པར་སྟོན་ཏོ། །ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ཀྱིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་

བརྟགས་པ་དང་གཞན་གྱི་དབང་དག་དང་ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པས་དེ་བཞིན་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་ཕྱིར་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང་

རྣམ་པར་བྱང་བ་དག་འགག་པ་དང་སྐྱེ་བ་དང་དེ་བཞིན་གནས་པའི་ཕྱིར་འབྲི་བར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མ་དག་

པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པར་ཚིགས་སུ་བཅད་པ། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར། །

གཉིས་ལས་གཞན་མེད་དེ་ནི་ནོར་པ་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །རེ་ཞིག་བདག་ཏུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །ངན་པར་གནས་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དེ་ནི་བདག་གི་མཚན་ཉིད་དུ་ཀུན་བརྟགས་པའི་བདག་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་

เล่ม ๑๒๓ · หน้า 145b

ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདི་གཉིས་ལས་གཞན་པའི་བདག་གི་མཚན་ཉིད་ཀྱང་མི་དམིགས་ཏེ། དེ་ལྟ་བས་ན་བདག་ནི་མེད་ཀྱི་བདག་ཏུ་ལྟ་བ་གང་ཡིན་པ་དེ་ནི་ནོར་པ་སྐྱེས་པ་ཡིན་ནོ། །བདག་མེད་པ་ཉིད་ཀྱི་ཕྱིར། ཐར་

པ་ཡང་ནོར་པ་ཙམ་དུ་ཟད་པ་ཡིན་པར་རིག་པར་བྱའི་གྲོལ་བ་ནི་འགའ་ཡང་མེད་དོ། །ཕྱིན་ཅི་ལོག་སྨད་པར་ཚིགས་སུ་བཅད་པ་གཉིས་ཏེ། ཇི་ལྟར་འཁྲུལ་པ་ཙམ་བརྟེན་སྐྱེ་བོ་ཡིས། །སྡུག་བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། །རིགས་མིན་རིག་ཉིད་སྡུག་བསྔལ་སྡུག་བསྔལ་

མེད། །ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་མིན། །བརྟེན་ནས་དངོས་རབ་སྐྱེ་བར་མངོན་འཇུག་པའི། །སྐྱེ་བོ་ཇི་ལྟར་གཞན་གྱིས་བྱས་ལ་བརྟེན། །གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཇི་ལྟར་ན་འཇིག་རྟེན་འདི་དག་ཏུ་ལྟ་བ་ནོར་པ་ཙམ་ལ་བརྟེན་

ནས་འདུ་བྱེད་རྣམས་ཀྱི་སྡུག་བསྔལ་གྱིས་ངོ་བོ་ཉིད་རྟག་ཏུ་རྗེས་སུ་འབྲེལ་པ་མི་མཐོང་སྟེ། སྡུག་བསྔལ་གྱི་རང་བཞིན་དེ་ནི་ཡེ་ཤེས་ཀྱིས་རིག་པར་བྱ་མི་དགོས་ཏེ། སྡུག་བསྔལ་ཉམས་སུ་མྱོང་བས་རིག་པ་ཡིན་ནོ། །སྡུག་བསྔལ་མ་སྤངས་པས་སྡུག་བསྔལ་བར་གྱུར་པ་ཡིན་ལ་

སྡུག་བསྔལ་དང་ལྡན་པའི་བདག་མེད་པའི་ཕྱིར་སྡུག་བསྔལ་བར་གྱུར་པ་མེད་དོ། །གང་ཟག་ལ་བདག་མེད་པས་ཆོས་ཙམ་དུ་ཟད་པའི་ཕྱིར་ཆོས་ཀྱི་རང་བཞིན་ཡིན་ནོ། །ཆོས་ལ་བདག་མེད་པས་ཆོས་ཀྱི་རང་བཞིན་མ་ཡིན་ནོ། །ཡང་གང་གི་ཚེ་འཇིག་རྟེན་གྱིས་དེ་དང་དེ་ལ་བརྟེན་ནས་དངོས་

པོ་དེ་དང་དེ་དག་འབྱུང་ངོ་ཞེས་བྱ་བར་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་སུམ་དུ་མཐོང་བ་ན་དེ་ཇི་ལྟར་མཐོང་བ་ལ་སོགས་པ་ནི་གཞན་གྱིས་བྱས་ཀྱི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ལྟ་བ་འདི་ལ་བརྟེན། འཇིག་རྟེན་གྱི་མུན་ནག་གང་རྟེན་ཅིང་

འབྲེལ་པར་འབྱུང་བ་ཡོད་པ་ནི་མི་མཐོང་གི །མེད་པ་བདག་ཏུ་རྟོགས་པ་འདི་འདྲ་བ་དེ་གང་ཞིག་ཡིན་ཏེ། ཡོད་པ་ནི་མུན་པས་མི་མཐོང་བར་ནུས་ཀྱི། མེད་པ་མཐོང་བར་ནི་མ་ཡིན་ནོ། །བདག་མེད་པར་ཞི་བ་རུང་བར་ཚིགས་སུ་བཅད་པ། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང་། །

เล่ม ๑๒๓ · หน้า 146a

སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ཟད་པས་ཞི་བ་འཐོབ་པར་བཤད། །དོན་དམ་པའི་ཚུལ་བདག་མེད་པར་མཉམ་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཡང་མེད་དོ། །

འོན་ཀྱང་གང་དག་ཐར་པའི་ལམ་སྒོམ་པ་དགེ་བའི་ལས་བྱེད་པ་དག་གི་སྐྱེ་བ་ཟད་པས་ཐར་པ་འཐོབ་པར་འགྱུར་བ་ཉིད་དོ། །ཕྱིན་ཅི་ལོག་སྨད་པ་བྱས་ནས་དེའི་གཉེན་པོ་དོན་དམ་པའི་ཡེ་ཤེས་ལ་འཇུག་པར་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་

ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་

གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན་

པའི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །གཅིག་གིས་ནི་ཚོགས་ཆེན་པོ་བསགས་པ་དང་། ཏིང་ངེ་འཛིན་ལ་བརྟེན་ནས་བསམ་པའི་ཕྱིར་ཆོས་

བསམ་པ་ཉིད་དུ་རྣམ་པར་ངེས་པ་ཉིད་དང་། ཡིད་ཀྱི་བརྗོད་པ་ཡིན་པའི་ཕྱིར་ཆོས་དེ་དག་དོན་དུ་སྣང་བར་རྟོགས་པའི་ཕྱིར་དེ་ལ་འཇུག་པ་རབ་ཏུ་སྟོན་ཏེ། དུས་རབ་ཏུ་དབྱེ་བ་གྲངས་མེད་པས་འདིའི་ཕ་རོལ་ཡོངས་སུ་རྫོགས་པས་ན་མཐའ་ཡས་ཕ་རོལ་ཡིན་ནོ། །གཉིས་པས་ནི་དོན་རྣམས་

ཡིད་ཀྱིས་བརྗོད་པ་ཙམ་དུ་རིག་ནས་དེར་སྣང་བའི་སེམས་ཙམ་ལ་གནས་པ་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཡིན་ནོ། །དེ་ཕན་ཆད་ནི་ཆོས་ཀྱི་དབྱིངས་གཉིས་ཀྱི་མཚན་ཉིད་གཟུང་བ་དང་། འཛིན་པའི་མཚན་ཉིད་དང་བྲལ་བ་མངོན་

เล่ม ๑๒๓ · หน้า 146b

སུམ་ཉིད་དུ་རྟོགས་ཏེ། འདི་ནི་མཐོང་བའི་ལམ་གྱི་སྐབས་ཡིན་ནོ། །གསུམ་པས་ནི་ཇི་ལྟར་འདིས་ཆོས་ཀྱི་དབྱིངས་མངོན་སུམ་ཉིད་དུ་རྟོགས་པ་སྟོན་ཏོ། །ཇི་ལྟར་འདིས་མངོན་སུམ་དུ་རྟོགས་ཤེ་ན། སེམས་ལས་གཞན་པའི་དམིགས་པ་གཟུང་བ་མེད་དོ་ཞེས་བྱ་བར་བློས་རྟོགས་ནས་གཟུང་

བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་སེམས་ཙམ་པོ་དེ་ཡང་མེད་པ་ཉིད་དུ་ཁོང་དུ་ཆུད་དོ། །དེ་གཉིས་མེད་པ་ཉིད་དུ་རིག་ནས་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་གཟུང་བ་དང་། འཛིན་པའི་མཚན་ཉིད་དག་དང་བྲལ་བ་ལ་གནས་ཏེ། དེ་ལྟར་ན་ཆོས་ཀྱི་དབྱིངས་མངོན་སུམ་ཉིད་དུ་རྟོགས་པ་

ཡིན་ནོ། །བཞི་པས་ནི་བསྒོམ་པའི་ལམ་གྱི་གནས་སྐབས་ན་གནས་ཡོངས་སུ་གྱུར་པས་དོན་དམ་པའི་ཡེ་ཤེས་ལ་འཇུག་པ་སྟོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དུས་ཀུན་དུ་མཉམ་པ་ཉིད་དུ་སོང་བས་དེ་ལ་བརྟེན་པའི་ཉེས་པའི་ཚོགས་རིང་དུ་རྗེས་སུ་ཞུགས་པ། གནས་ངན་

ལེན་གྱི་མཚན་ཉིད་དག་དུག་སྨན་ཆེན་པོས་དུག་བཞིན་དུ་སེལ་བའི་ཕྱིར་རོ། །དེ་གང་ལ་མཉམ་པ་ཉིད་དུ་སོང་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལའོ། །དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་ཀྱི་ཚིགས་སུ་བཅད་པ། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བའི་ཆོས་

ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ཙམ་རིག་བརྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །བྱང་ཆུབ་སེམས་དཔའ་དོན་དམ་པའི་ཡེ་ཤེས་ལ་ཞུགས་པ་དེས་སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་ལེགས་པར་བཞག་པའི་རྩ་བའི་སེམས་བསྡུས་པའི་ཆོས་

ལ་དམིགས་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག་ནས་དྲན་པ་གང་དང་གང་སྐྱེ་བའི་དྲན་པ་འཇུག་པ་དེ་དག་ཐམས་ཅད་རྟོག་པ་ཙམ་དུ་ཁོང་དུ་ཆུད་དེ། དེ་ལྟར་ན་མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་སངས་རྒྱས་ཉིད་དུ་འགྲོ་བར་འགྱུར་བས་འདི་ནི་དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་ཡིན་ནོ། །དེ་

ཁོ་ན་ཉིད་ཀྱི་སྐབས་རྫོགས་སོ།། །།མཐུའི་མཚན་ཉིད་རྣམ་པར་དབྱེ་བས་ཚིགས་སུ་བཅད་པ། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང་། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བསྟན་པ་ཐོབ་པའི་མཐུ་ཡིན་ནོ། །གཞན་

เล่ม ๑๒๓ · หน้า 147a

དག་གི་སྐྱེ་བ་ཤེས་པ་ནི། འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ཡིན་ནོ། །དེ་དང་དེ་དག་ཏུ་སྐྱེས་པ་རྣམས་ཅི་སྨྲ་བའི་ཚིག་ཤེས་པ་ནི། ལྷའི་རྣ་བའི་མངོན་པར་ཤེས་པ་ཡིན་ནོ། །སེམས་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ཡིན་ནོ། །སྔོན་

དགེ་བ་དང་མི་དགེ་བ་བསྐྱེད་པ་ཤེས་པ་ནི། སྔོན་གྱི་གནས་མངོན་པར་ཤེས་པ་ཡིན་ནོ། །གང་ན་གདུལ་བྱ་དག་འཁོད་པ་དེའི་གནས་སུ་འགྲོ་བ་ཤེས་པ་ནི། རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་པའོ། །ཇི་ལྟར་སེམས་ཅན་རྣམས་སྐྱེ་བ་ལས་འབྱུང་བར་འགྱུར་བའི་འབྱུང་བ་ཤེས་པ་

ནི། ཟག་པ་ཟད་པའི་མངོན་པར་ཤེས་པ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དོན་དྲུག་པོ་དེ་དག་རབ་ཏུ་དབྱེ་བ་དང་བཅས་པ་ལ་ཤེས་པ་མངོན་སུམ་དུ་གྱུར་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མངོན་པར་ཤེས་པས་བསྡུས་པ་

ཡིན་ནོ། །མཐུའི་མཚན་ཉིད་རྣམ་པར་དབྱེ་བ་ལ། རང་བཞིན་གྱི་དོན་ནི་བཤད་ཟིན་ཏོ། །རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་

འགྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །རྟེན་གང་དང་། ཡེ་ཤེས་གང་དང་། ཡིད་ལ་བྱེད་པ་གང་དག་གིས་མཐུ་དེ་ཡང་དག་པར་འགྲུབ་པ་དེ་སྟོན་ཏོ། །འབྲས་བུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་

རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད། །མཐུ་དེའི་འབྲས་བུ་རྣམ་པ་གསུམ་སྟོན་ཏེ། བདག་ཉིད་ཀྱིས་འཕགས་པ་ལ་སོགས་པའི་བདེ་བར་གནས་པ་མཚུངས་པ་མེད་པ་མཆོག་དང་འཇིག་རྟེན་གྱི་ཁམས་

གཞན་དག་ཏུ་སོང་སྟེ། སངས་རྒྱས་རྣམས་ལ་མཆོད་པ་དང་། སེམས་ཅན་རྣམས་རྣམ་པར་སྦྱོང་བའོ། །ལས་རྣམ་པ་དྲུག་གི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ་བཞི་སྟེ། མཐོང་བའི་ལམ་དང་སྟོན་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། འཆགས་དང་

เล่ม ๑๒๓ · หน้า 147b

འཇིག་བཅས་སེམས་ཅན་བཅས་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ་མ་ལྟ་བུར་མཐོང་། །དབང་ལྡན་ཇི་ལྟར་འདོད་བཞིན་དེ་དག་དང་། །རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན། །བདག་ཉིད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་འཆགས་པ་དང་འཇིག་པ་དང་བཅས་ཤིང་སེམས་

ཅན་དང་བཅས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་ལ། དབང་བཅུ་ཐོབ་པའི་ཕྱིར་དབང་དང་ལྡན་པ་གཞན་དག་ལ་ཡང་ཇི་ལྟར་འདོད་པ་བཞིན་དེ་དག་དང་། གཞན་ཡང་གཡོ་བ་ལ་སོགས་པའི་རྣམ་པ་སྣ་ཚོགས་སྟོན་པའི་ཕྱིར་ཏེ། དེ་དག་ཀྱང་ཇི་སྐད་དུ། ས་བཅུ་པའི་ས་བརྒྱད་པ་ལས་

བསྟན་པ་ལྟ་བུ་ཡིན་ནོ། །འོད་ཟེར་གྱི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། འོད་ཟེར་བཏང་བས་ཤིན་ཏུ་སྡུག་བསྔལ་བའི། །ངན་སོང་བ་དག་མཐོ་རིས་འགྲོ་བར་བྱེད། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག །བདུད་བཅས་ཀུན་དུ་བསྐྱོད་ཅིང་སྐྲག་པར་བྱེད། །འོད་ཟེར་

གྱི་ལས་རྣམ་པ་གཉིས་སྟོན་ཏེ། ངན་སོང་དུ་སྐྱེས་པ་རྣམས་དད་པ་བསྐྱེད་ནས་མཐོ་རིས་སུ་སྐྱེ་བར་བྱེད་པ་དང་། བདུད་ཀྱི་གནས་བདུད་དང་བཅས་པ་རྣམས་བསྐྱོད་པས་མི་དགའ་བར་བྱེད་པའོ། །རྣམ་པར་རོལ་པའི་ལས་དང་སྤྲུལ་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ།

དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང་། །ལས་དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པས་རྣམ་པར་རོལ་པ་

ཀུན་ཏུ་སྟོན་པའི་ཕྱིར་དང་། སྤྲུལ་པ་རྣམ་པ་གསུམ་གྱིས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཏེ། སྤྲུལ་པ་རྣམ་པ་གསུམ་ནི་བཟོའི་ལས་ཀྱི་གནས་སྤྲུལ་པ་དང་། འདུལ་བའི་དབང་གིས་ཇི་ལྟར་འདོད་པ་བཞིན་སྐྱེ་བ་སྤྲུལ་པ་དང་། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་

སོགས་པ་མཆོག་སྤྲུལ་པའོ། །ཞིང་ཡོངས་སུ་དག་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། །ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་འཐོབ། །སངས་རྒྱས་མཚན་མི་གྲགས་པར་སངས་རྒྱས་མཚན། །ཡང་དག་

เล่ม ๑๒๓ · หน้า 148a

བསྒྲགས་པས་དེ་དག་ཁམས་གཞན་འགྱེད། །ཡོངས་སུ་སྦྱོང་བ་རྣམ་པ་གཉིས་ཀྱིས་ཏེ། སྣོད་ཡོངས་སུ་སྦྱོང་བས་ནི་ཡེ་ཤེས་ལ་དབང་བའི་ཕྱིར་ཇི་ལྟར་འདོད་པ་བཞིན། སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་དུ་ཀུན་ཏུ་སྟོན་པའི་ཕྱིར་རོ། །

སེམས་ཅན་ཡོངས་སུ་སྦྱོང་བས་ནི། སངས་རྒྱས་ཀྱི་མཚན་མེད་པའི་འཇིག་རྟེན་གྱི་ཁམས་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཚན་ཡང་དག་པར་བསྒྲགས་པས་དད་པ་ལེན་དུ་བཅུག་ནས་དེ་དང་མི་འབྲལ་བའི་འཇིག་རྟེན་གྱི་ཁམས་དག་ཏུ་བསྐྱེད་པའི་ཕྱིར་རོ། །ལྡན་

པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། འདབ་གཤོག་ཀུན་དུ་རྒྱས་པའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་ཐོབ། །སྐྱེ་དགུ་རྣམས་ལ་ཚིག་གཟུང་འོས་པར་འགྱུར། །ལྡན་པ་རྣམ་པ་གསུམ་སྟོན་སྟེ། སེམས་

ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་དང་ལྡན་པ་དང་། བསྔགས་པ་དང་ལྡན་པ་དང་། ཚིག་གཟུང་བར་འོས་པ་དང་ལྡན་པའོ། །འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་

བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པར་བརྟན་པ་ཐོབ་པའི་མཐུ། །བྱང་ཆུབ་སེམས་དཔའི་མཐུ་ནི་རབ་ཏུ་དབྱེ་བ་དྲུག་གིས་འཇུག་སྟེ། མངོན་པར་ཤེས་པ་དང་། རིག་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་

གྱི་སྐྱེ་མཆེད་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པའི་རབ་ཏུ་དབྱེ་བ་དག་གིས་སོ། །དེ་ལྟར་རྣམ་པར་དབྱེ་བའི་མཚན་ཉིད་ཀྱི་དོན་དྲུག་གིས་མཐུ་བཤད་ནས། དེའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་ཚིགས་སུ་བཅད་པ། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན། །འགྲོ་བ་དབང་མེད་རང་དབང་

བཀོད་རྟག་ཏུ། །གཞན་ལ་ཕན་བྱ་གཅིག་ཏུ་མངོན་དགའ་སྟེ། །སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད། །ཆེ་བའི་བདག་ཉིད་རྣམ་པ་གསུམ་སྟོན་ཏེ། །བདག་ཉིད་ཡེ་ཤེས་ཀྱི་མཆོག་ལ་དབང་ཐོབ་པས་འགྲོ་བ་ཉོན་མོངས་པས་རང་དབང་མེད་པ་རང་དབང་ཡོད་པ་ལ་འགོད་པའི་ཕྱིར་དབང་གི་ཆེ་

เล่ม ๑๒๓ · หน้า 148b

བའི་བདག་ཉིད་དང་། རྟག་ཏུ་གཞན་ལ་ཕན་པར་བྱ་བ་ལ་གཅིག་ཏུ་མངོན་པར་དགའ་བའི་ཕྱིར་མངོན་པར་དགའ་བའི་ཆེ་བའི་བདག་ཉིད་དང་། སྲིད་པས་མི་འཇིགས་པའི་ཆེ་བའི་བདག་ཉིད་དོ། །མཐུའི་སྐབས་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བསྡུ་བར་

ཚིགས་སུ་བཅད་པ། དགའ་དང་དད་དང་རབ་ཞི་སྙིང་བརྩེ་དང་། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་དང་ཡན་ལག་ལྡན་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །དགའ་བ་ནི་ཐེག་པ་ཆེན་པོ་བཤད་པའི་ཆོས་ལའོ། །དད་པ་ནི་དེ་སྟོན་པར་བྱེད་པ་ལའོ། །

རབ་ཏུ་ཞི་བ་ནི་ཉོན་མོངས་པ་རྣམས་སོ། །སྙིང་བརྩེ་བ་ནི་སེམས་ཅན་རྣམས་ལའོ། །བཟོད་པ་ནི་དཀའ་བ་སྤྱོད་པ་ལའོ། །ཡིད་གཞུངས་པ་ནི་ལེན་པ་དང་། འཛིན་པ་དང་། ཁོང་དུ་ཆུད་པ་དག་ལའོ། །མཐུ་ཅན་ཉིད་ནི་རྟོགས་པར་བྱ་བ་ལའོ། །མི་འཕྲོགས་པ་ནི་བདུད་དང་ཕས་ཀྱི་རྒོལ་བ་

དག་གིས་སོ། །ཡན་ལག་ལྡན་པ་ནི། སྤོང་བའི་ཡན་ལག་རྣམས་དང་ལྡན་པ་ཉིད་དོ། །རབ་ཅེས་བྱ་བ་ནི། དགའ་བ་ལ་སོགས་པ་ཆེན་པོ་ཉིད་སྟོན་པར་བྱེད་དོ། །རྣམ་པ་དགུ་པོ་དེ་ནི་མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཡོངས་སུ་སྨིན་པ་ཡིན་པར་རིག་པར་བྱའོ། །དགའ་བ་

ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གྲོགས་མཆོག་ལ་སོགས་གསུམ་དང་བརྩོན་རབ་དང་། །མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་སྡུད། །དམ་ཆོས་ཆེར་གཟུང་ཕྱིར་ནི་སྙིང་རྗེ་ཅན། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །གྲོགས་པོ་མཆོག་ལ་

སོགས་པ་གསུམ་ནི་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའོ། །བརྩོན་པའི་རབ་ནི་བརྩོན་འགྲུས་ཆེན་པོ་རྩོམ་པའོ། །མཐར་ཕྱིན་པའི་དམ་པ་ནི། བསམ་གྱིས་མི་ཁྱབ་པའི་གནས་ཐམས་ཅད་ལ་ཐེ་ཚོམ་མེད་པའོ། །ཆོས་

ཀྱི་མཆོག་སྡུད་པ་ནི་ཐེག་པ་ཆེན་པོའི་ཆོས་སྲུང་བ་སྟེ། དེ་ལ་ཞུགས་པ་རྣམས་ལ་འཚེ་བ་དག་ལས་སྲུང་བའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཆོས་ཡོངས་སུ་གཟུང་བའི་དབང་དུ་བྱས་ནས། དགའ་བ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་རིག་པར་

เล่ม ๑๒๓ · หน้า 149a

བྱ་སྟེ། རྒྱུ་གང་གིས་ཡོངས་སུ་སྨིན་པར་འགྱུར་ཞེ་ན། གྲོགས་པོ་མཆོག་ལ་སོགས་པ་གསུམ་གྱིས་སོ། །དེའི་ཡོངས་སུ་སྨིན་པ་གང་ཡིན་ཞེ་ན། བརྩོན་པའི་རབ་དང་མཐར་ཕྱིན་པའི་དམ་པ་དང་ལྡན་པའོ། །ལས་གང་ཡིན་ཞེ་ན། ཆོས་ཀྱི་མཆོག་

སྡུད་པ་སྟེ། འདིས་ནི་དེ་དག་ཡོངས་སུ་བསྟན་ཏོ། །དད་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང་། །ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང་། །སྟོན་ལ་ཡིད་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱི། །ཡང་དག་

ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །དེ་ཡོངས་སུ་སྨིན་པ་ཡང་རྒྱུ་དང་རང་བཞིན་དང་ལས་ཀྱིས་བསྟན་ཏོ། །ཡོན་ཏན་ཤེས་པ་ནི་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལྟ་བུ་སྟེ་རྒྱུའོ། །ཤེས་ནས་དད་པ་ཐོབ་པའི་

ཕྱིར་སེམས་མི་ཕྱེད་པ་ནི་རང་བཞིན་ནོ། །ཏིང་ངེ་འཛིན་མྱུར་དུ་ཐོབ་པ་དང་། དེའི་འབྲས་བུ་མངོན་པར་ཤེས་པ་ལ་སོགས་པ་ཉམས་སུ་མྱོང་བ་ནི་ལས་སོ། །རབ་ཏུ་ཞི་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོག་པ་སྤོང་། །བར་

ཆད་མེད་ཅིང་དགེ་ལ་མངོན་པར་དགའ། །རྒྱལ་བའི་སྲས་ཀྱིས་ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཉོན་མོངས་སེལ་བ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་ཞི་བ་སྟེ། དེ་ཡོངས་སུ་སྨིན་པ་ཡང་རྒྱུ་དང་རང་བཞིན་དང་ལས་ཀྱིས་བསྟན་ཏོ། །

དྲན་པ་དང་ཤེས་བཞིན་དག་གིས་དབང་པོ་རྣམས་ཤིན་ཏུ་སྡོམ་པ་ནི་རྒྱུའོ། །ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་སྤོང་བ་ནི་རང་བཞིན་ནོ། །གཉེན་པོ་སྒོམ་པ་ལ་བར་ཆད་མེད་པ་དང་དགེ་བ་ལ་མངོན་པར་དགའ་བ་ནི་ལས་སོ། །སྙིང་བརྩེ་བ་ཡོངས་སུ་སྨིན་པའི་མཚན་ཉིད་ཀྱི་དབང་དུ་

བྱས་ཏེ་ཚིགས་སུ་བཅད་པ། རང་བཞིན་སྙིང་བརྩེ་གཞན་གྱི་སྡུག་བསྔལ་མཐོང་། །དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང་། །ཁྱད་པར་འགྲོ་དང་འགྲོ་བའི་མཆོག་གྱུར་ལུས། །གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན། །དེ་རང་བཞིན་ཏེ་རིགས་དང་། གཞན་སྡུག་

เล่ม ๑๒๓ · หน้า 149b

བསྔལ་བར་མཐོང་བ་དང་། ཐེག་པ་དམན་པ་ཡོངས་སུ་སྤོང་པས་ཡོངས་སུ་སྨིན་པར་འགྱུར་བ་ནི་རྒྱུའོ། །ཡོངས་སུ་སྨིན་པ་འཕེལ་བར་འགྱུར་བའི་ཕྱིར་ཁྱད་པར་དུ་འགྲོ་བ་ནི་རང་བཞིན་ནོ། །ཕྱིར་མི་ལྡོག་པའི་ས་ལ་འཇིག་རྟེན་ཐམས་ཅད་པས་ལུས་མཆོག་ཏུ་གྱུར་པ་ནི་ལས་སོ། །བཟོད་

པ་ཡོངས་སུ་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་བཞིན་བརྟན་པ་སོ་སོར་བརྟགས་སྒོམ་པ། །གྲང་སོགས་ཤིན་ཏུ་སྡུག་བསྔལ་རྟག་མི་མཇེད། །ཁྱད་པར་འགྲོ་དང་དགེ་ལ་མངོན་པར་དགའ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །བརྟན་པ་

དང་མི་མཇེད་པ་དང་བཟོད་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། ཡོངས་སུ་སྨིན་པ་ལ་རིགས་དང་སོ་སོར་བརྟགས་ཏེ་སྒོམ་པ་ནི་རྒྱུའོ། །གྲང་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་རྣམས་ཇི་མི་མཇེད་པ་ནི་རང་བཞིན་ནོ། །བཟོད་པ་ཁྱད་པར་དུ་འགྲོ་བ་དང་། དགེ་བ་ལ་མངོན་པར་འདོད་པ་

ནི་ལས་སོ། །ཡིད་གཞུངས་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་བརྗེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག །རབ་ཤེས་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན། །དེ་ལ་

ཡིད་གཞུངས་པ་དང་མཐུན་པའི་རྣམ་པར་སྨིན་པ་དག་ནི་རྒྱུའོ། །དྲན་པས་ཐོས་པ་དང་བསམས་པ་དང་བསྒོམས་པ་བྱས་ནས་རིང་མོ་ཞིག་ལོན་པ་དང་སྨྲས་ནས་རིང་མོ་ཞིག་ལོན་པ་མི་བརྗེད་པ་དང་། ལེགས་པར་བཤད་པ་དང་། ཉེས་པར་སྨྲས་པ་དོན་རབ་ཏུ་ཤེས་པ་ནི་ཡིད་གཞུངས་

པ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བར་རུང་བ་ཉིད་ནི་ལས་སོ། །མཐུ་ཐོབ་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དགེ་བ་གཉིས་ཀྱིས་ཁམས་གཉིས་བརྟས་པ་དང་། །རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག །ཡིད་

ལ་བསམ་གྲུབ་འགྲོ་བའི་མཆོག་གྱུར་པ། །མཐུ་ཐོབ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དེ་ལ་བསོད་ནམས་དང་ཡེ་ཤེས་གཉིས་ཀྱིས་བསོད་ནམས་དང་ཡེ་ཤེས་དེ་གཉིས་ཀྱི་ས་བོན་བརྟས་པ་ནི་དེ་ཡོངས་སུ་སྨིན་པའི་རྒྱུའོ། །རྟེན་རྟོགས་པར་བྱ་བར་རུང་བ་ནི། དེ་ཡོངས་སུ་སྨིན་

เล่ม ๑๒๓ · หน้า 150a

པའི་རང་བཞིན་ནོ། །ཡིད་ལ་བསམ་པ་ཕུན་སུམ་ཚོགས་པ་གྲུབ་པ་དང་འགྲོ་བའི་མཆོག་ཏུ་གྱུར་པ་ནི་ལས་སོ། །མི་འཕྲོགས་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཆོས་བཟངས་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་

བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དམ་པའི་ཆོས་ལ་རིགས་པས་རྣམ་པར་དཔྱད་པ་བྱས་པའི་བསམ་པ་ནི་དེ་ཡོངས་སུ་སྨིན་པའི་རྒྱུའོ། །ལམ་ལ་བདུད་ཀྱི་བར་ཆད་བྱ་བར་མི་ནུས་ཤིང་བདུད་

ཀྱི་བར་ཆད་མེད་པ་ནི་རང་བཞིན་ནོ། །ཁྱད་པར་རྟོགས་པ་དང་གཞན་གྱི་ཕྱོགས་སུན་འབྱིན་པ་ནི་ལས་སོ། །སྤོང་བའི་ཡན་ལག་དང་ལྡན་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དགེ་བ་བསགས་དང་རྟེན་ཀྱང་བརྩོན་པར་རུང་། །དབེན་དང་དགེ་བ་མཆོག་ལ་མངོན་པར་

དགའ། །རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །དེ་ཡོངས་སུ་སྨིན་པའི་རྒྱུ་ནི་དགེ་བའི་རྩ་བ་བསགས་པའོ། །རྟེན་བརྩོན་འགྲུས་རྩོམ་པར་བཟོད་པ་ནི་རང་བཞིན་ནོ། །དབེན་པ་དང་དགེ་བའི་མཆོག་ལ་མངོན་པར་དགའ་བ་ནི་ལས་སོ། །བདག་ཡོངས་སུ་སྨིན་པ་རྣམ་པ་

དགུའི་ཆེ་བའི་བདག་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དེ་ལྟར་དངོས་པོ་རྣམ་དགུ་སྨིན་པའི་བདག །ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཆོས་ཀྱི་རང་བཞིན་རྒྱུན་འཕེལ་བདག་ཉིད་ཅན། །རྟག་ཏུ་འགྲོ་བའི་གཉེན་མཆོག་གྱུར་པ་ཡིན། །དེའི་ཆེ་བའི་བདག་ཉིད་ནི་རྣམ་པ་གཉིས་

ཏེ། གཞན་ཡོངས་སུ་སྨིན་པར་བྱ་བའི་སྟོན་པར་གྱུར་པ་དང་། རྟག་ཏུ་ཆོས་ཀྱི་སྐུས་འཕེལ་བའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བའི་གཉེན་གྱི་མཆོག་ཏུ་གྱུར་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་བཅུ་གཅིག་གོ། །ཇི་ལྟར་རྨ་དང་ཟས་ལ་

དེ་དག་གི། །གཟག་དང་དཔྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་དཔྱད་པ་ཉིད་དུ་སྨིན་པ་བསྟན། །འདིས་ནི་ཡོངས་སུ་སྨིན་པའི་རང་བཞིན་སྟོན་ཏེ། ཇི་ལྟར་རྨའི་ཡོངས་སུ་སྨིན་པ་བརྟོལ་རན་པ་ཡིན་པ་དང་། ཁ་ཟས་ཀྱིས་ཡོངས་

เล่ม ๑๒๓ · หน้า 150b

སུ་སྨིན་པ་དཔྱད་དུ་རུང་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་རྟེན་རྨ་དང་ཁ་ཟས་ལྟ་བུ་ལ་གཟགས་པ་ལྟ་བུ་མི་མཐུན་པའི་ཕྱོགས་ཞི་བ་དང་དཔྱད་པ་ལྟ་བུ་གཉེན་པོའི་ཕྱོགས་དཔྱད་པ་དག་ཏུ་རུང་བ་ནི་རྟེན་ཡོངས་སུ་སྨིན་པ་སྟེ། ཕྱོགས་གཉིས་ནི་འདིར་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་

ཕྱོགས་ཡིན་པར་རིག་པར་བྱའོ། །ཚིགས་སུ་བཅད་པ་གཉིས་པ། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པ་སྨིན་བྱེད་དང་། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། །འདིས་ནི་ཡོངས་སུ་

སྨིན་པའི་རབ་ཏུ་དབྱེ་བ་སྟོན་ཏེ། ཉོན་མོངས་པ་དང་བྲལ་བར་སྨིན་པར་བྱེད་པ་ནི་བྲལ་བར་སྨིན་པར་བྱེད་པའོ། །ཐམས་ཅད་དུ་ཐེག་པ་གསུམ་གྱིས་སྨིན་པར་བྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །ཕྱི་རོལ་པའི་ཡོངས་སུ་སྨིན་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་ཏུ་སྨིན་

པར་བྱེད་པ་ནི། རབ་ཏུ་སྨིན་པར་བྱེད་པའོ། །གདུལ་བྱ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་ཕྱིར། འཚམ་པར་སྨིན་པར་བྱེད་པ་ནི་མཐུན་པར་སྨིན་པར་བྱེད་པའོ། །གུས་པར་སྨིན་པར་བྱེད་པ་ནི་ལེགས་པར་སྨིན་པར་བྱེད་པའོ། །རྟོགས་པས་སྨིན་པར་བྱེད་པ་ནི་རྟོགས་པ་སྨིན་པར་བྱེད་པའོ། །

ཕྱིན་ཅི་མ་ལོག་པའི་དོན་གྱིས་རྟག་ཏུ་སྨིན་པར་བྱེད་པ་ནི་རྟག་ཏུ་སྨིན་པར་བྱེད་པའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དོན་གྱིས་གོང་ནས་གོང་དུ་རིམ་གྱིས་སྨིན་པར་བྱེད་པ་ནི་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ། དེ་ལྟར་ན་རྣམ་པ་བརྒྱད་པོ་འདི་ནི་གཞན་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་

ཡིན་ནོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པ། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པོ་རྣམས་ལ་ལེགས་མི་གནས། །ཇི་ལྟར་བརྩེ་བདག་བདེ་དང་

ཕན་སྦྱོར་ཕྱིར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི། །སྐྱེ་བོ་བདག་ལ་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བོ་གཞན་བསྟན་སྨོས་ཅི་དགོས། །འདི་གཉིས་ཅིས་ཅི་སྟོན་ཞེ་ན། བྱང་ཆུབ་སེམས་དཔའ་བསམ་པ་ཇི་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་

เล่ม ๑๒๓ · หน้า 151a

བསམ་པ་དེ་སྟོན་པར་བྱེད་དེ། ཕན་པ་དང་བདེ་བ་ལ་ཡང་དག་པར་སྦྱོར་བའི་ཕྱིར། ཕ་མ་དང་གཉེན་བཤེས་ཀྱི་བསམ་པ་ལས་ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་བདག་ལ་བྱམས་པ་ལས་ཁྱད་པར་དུ་འཕགས་པའི་བསམ་པ་ཡིན་ནོ། །འཇིག་རྟེན་བདག་ལ་

བྱམས་པ་ནི་བདག་ཉིད་ཕན་པ་མ་ཡིན་པ་དང་། བདེ་བ་མ་ཡིན་པ་ལ་སྦྱོར་རོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པས་ཡང་དག་པར་སྟོན་ཏེ། སྦྱིན་པ་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་

ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དེ། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །སྦྱིན་པ་རྣམ་

པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་སྦྱིན་པ་དང་། མི་མཉམ་པ་མེད་པར་སྦྱིན་པ་དང་། ངོམས་པ་མེད་པར་སྦྱིན་པས་སོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་འདོགས་པས་ཏེ། ཕོངས་པ་མེད་

པར་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དང་། དེས་བསྡུས་ནས་དགེ་བ་ལ་འགོད་པའི་ཕྱིར་རོ། །ཚུལ་ཁྲིམས་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ། བསྟན་པ་རང་བཞིན་ལྷག་པར་འཚེ་བ་མེད། །བདག་

དགའ་བག་ཡོད་འདི་ལ་གཞན་འགོད་ཅིང་། །ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང་། །རྒྱུ་མཐུན་ཡོན་ཏན་བརྒྱུད་པས་གཞན་སྨིན་བྱེད། །ཚུལ་ཁྲིམས་རྣམ་པ་ལྔ་སྟེ། བསྟན་པའི་ཚུལ་ཁྲིམས་དང་། རང་བཞིན་གྱི་ཚུལ་ཁྲིམས་དང་། ལྷག་པར་འཚེ་བ་མེད་པའི་

ཕྱིར་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའི་ཕྱིར་འཚེ་བ་མེད་པ་ནི་ལྷག་པར་འཚེ་བ་མེད་པ་སྟེ། ས་གཉིས་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བདག་ཉིད་དེ་ལ་དགའ་བའི་ཕྱིར་རྟོགས་པའི་ཚུལ་ཁྲིམས་དང་། བག་ཡོད་

เล่ม ๑๒๓ · หน้า 151b

པའི་ཕྱིར་རྟག་ཏུ་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཀྱིས་སོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། ཚུལ་ཁྲིམས་ལ་འགོད་པས་ཚེ་འདི་དང་ཕྱི་མ་ལ་ཕན་པ་རྣམ་པ་གཉིས་བྱེད་པས་སོ། །གཞན་ལ་ཚེ་ཕྱི་མ་ལ་ཕན་འདོགས་པ་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་ཡོན་ཏན་དག་བརྒྱུད་

པས་བྱེད་དེ། དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་པའི་ཕྱིར་རོ། །བཟོད་པ་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ། གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་

བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག །གཞན་གནོད་པ་བྱེད་པ་ལ་ཕན་པ་བྱེད་པའི་བློ་དང་ལྡན་པའི་ཕྱིར། གནོད་པ་བྱེད་པ་དྲག་པོ་ལ་ཇི་མི་སྙམ་པའི་བཟོད་པས་ཡོངས་སུ་སྨིན་པར་བྱེད་དེ། ཕན་

པ་བྱེད་པའི་བློ་ཉིད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་མཐུན་པར་འཇུག་པ་ལས་རིག་པར་བྱའོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། གནོད་པ་བྱེད་པ་ལ་མི་མཇེད་པའི་ཕྱིར་ཚེ་འདི་ལ་ཕན་འདོགས་པ་དང་། ཐབས་ཤེས་པ་གནོད་པ་བྱེད་པ་ལ་མི་མཇེད་པ་དེ་

དག་གིས་གནོད་པ་བྱེད་པ་རྣམས་དད་པར་བྱས་ནས་དགེ་བ་ཡང་དག་པར་ལེན་དུ་འཇུག་པའི་ཕྱིར་ཚེ་ཕྱི་མ་ལ་ཕན་འདོགས་པས་སོ། །བརྩོན་འགྲུས་ཇི་ལྟ་བུས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་

བརྟེན་པ་སྟེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གིས་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །བརྩོན་འགྲུས་ཆེན་པོ་ཡུན་རིང་པོར་མི་སྐྱོ་བས་ཏེ། ཡུན་རིང་པོར་མི་སྐྱོ་བ་ཉིད་ནི་གཞན་གྱི་སེམས་དགེ་བ་གཅིག་གི་ཕྱིར་

ཡང་བསྐལ་པ་བྱེ་བ་སྟོང་ཕྲག་ཏུ་མི་སྐྱོ་བས་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། སེམས་དགེ་བ་ལ་ཡང་དག་པར་སྦྱོར་བས་ཚེ་འདི་དང་། ཚེ་ཕྱི་མ་ལ་ཕན་འདོགས་པས་སོ་ཞེས་བཤད་པར་འགྱུར་

เล่ม ๑๒๓ · หน้า 152a

རོ། །བསམ་གཏན་ཇི་ལྟ་བུས་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཡིད་ཀྱི་དབང་ནི་བླ་ན་མེད་ཐོབ་ནས། །གཞན་གྱིས་མཆོད་འདོད་ཐམས་ཅད་ངེས་བཅོམ་སྟེ། །མཆོག་གི་བསྟན་ལ་གཞན་དག་

འདུན་བྱེད་ཅིང་། །དེ་དག་དགེ་བས་ཡང་དག་འཕེལ་བར་བྱེད། །བསམ་གཏན་གྱི་དབང་བླ་ན་མེད་པ་ཐོབ་པ་དང་། ཟང་ཟིང་མེད་པ་གཞན་གྱིས་མཆོད་པར་འདོད་པ་ཐམས་ཅད་ངེས་པར་བཅོམ་པས་ཡོངས་སུ་སྨིན་པར་བྱེད་དེ། གཞན་སངས་རྒྱས་ཀྱི་བསྟན་པ་ལ་འདུན་པར་

བྱེད་པ་དང་། འདུན་པར་བྱས་པ་ལ་དགེ་བའི་ཆོས་སྤེལ་བའི་སྒོ་ནས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་རབ་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དེ་ཉིད་དགོངས་དོན་ཚུལ་ལས་རབ་ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་

བར་བྱེད། །དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །རང་གཞན་དགེ་བའི་ཡོན་ཏན་རྣམ་འཕེལ་བྱེད། །བྱང་ཆུབ་སེམས་དཔའ་དེ་དེ་ཁོ་ནའི་དོན་གྱི་ཚུལ་དང་། དགོངས་པའི་དོན་གྱི་ཚུལ་ལ་ཤིན་ཏུ་རྣམ་པར་ངེས་པའི་ཤེས་རབ་ཀྱིས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་ཡོངས་

སུ་སྨིན་པར་བྱེད་ཅེ་ན། སེམས་ཅན་རྣམས་ཀྱི་ཐེ་ཚོམ་རྣམ་པར་སེལ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་བསྟན་པ་ལ་གུས་པས་བདག་དང་གཞན་གྱི་ཡོན་ཏན་ཡང་དག་པར་འཕེལ་བར་བྱེད་པ་ཉིད་ཀྱིས་སོ། །མཇུག་བསྡུ་བའི་ཚིགས་སུ་བཅད་པ། དེ་ལྟར་བྱང་ཆུབ་སེམས་

དཔའ་སྙིང་རྗེ་ཡིས། །འགྲོ་ཀུན་བདེ་འགྲོར་འགྲོ་བའམ་དགེ་གསུམ་ལ། །རྣམ་པ་ཆུང་དང་མཆོག་དང་འབྲིང་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ། །འདིས་ནི་སུས་འདུལ་བ་སྟེ། བྱང་ཆུབ་སེམས་དཔའ་དང་། གང་གིས་འདུལ་བ་སྟེ་སྙིང་རྗེ་དང་།

གང་འདུལ་བ་སྟེ་འགྲོ་བ་མཐའ་དག་དང་། གང་དུ་འདུལ་བ་སྟེ་བདེ་འགྲོར་འགྲོ་བའམ། ཐེག་པ་གསུམ་དང་། ཡོངས་སུ་སྨིན་པར་བྱེད་པའི་རྣམ་པ་ཇི་ལྟ་བུ་དག་དང་། དུས་ཇི་སྲིད་པ་དེ་དག་ཡོངས་སུ་བསྟན་པས་ཡོངས་སུ་སྨིན་པའི་ཆེ་བའི་བདག་ཉིད་མདོར་བསྟན་ཏོ། །དེ་ལ་རྣམ་པ་

เล่ม ๑๒๓ · หน้า 152b

ཆུང་ངུ་ནི་མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའིའོ། །མཆོག་ནི་བརྒྱད་པ་ལ་སོགས་པ་ལ་གནས་པའིའོ། །འབྲིང་ནི་བདུན་པ་ལ་གནས་པའི་ཡིན་པར་རིག་པར་བྱའོ། །འཇིག་རྟེན་ཡོད་པ་ཇི་སྲིད་པ་དེ་དང་མཉམ་པར་འཇུག་པས་ཏེ། གཏན་དུ་ཞེས་བྱ་བའི་ཐ་ཚིག་

གོ། །ཡོངས་སུ་སྨིན་པའི་སྐབས་རྫོགས་སོ།། །།ཐམས་ཅད་མཁྱེན་པ་ཉིད་ལ་ཚིགས་སུ་བཅད་པ་གཉིས་ཏེ། གསུམ་པ་ནི་དེ་དག་ཉིད་ཀྱི་བཤད་པར་གྱུར་པའོ། །དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང་། དཔག་མེད་དགེ་བ་བསགས་པ་དང་། དཔག་ཏུ་མེད་པའི་དུས་དང་ནི། །

དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ངལ་བརྒྱས་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །བསྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ཟད། །

སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྣོད་ཕྱེ་བཞིན། །ཡང་དག་པར་འགྲུབ་པ་དང་། ངོ་བོ་ཉིད་དང་། དཔེའི་སྒོ་ནས་སངས་རྒྱས་ཉིད་བསྟན་ཏོ། །དཀའ་བ་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་དང་། དགེ་བའི་ཚོགས་ཇི་སྙེད་དང་། དུས་ཇི་སྲིད་དང་། ཉོན་

མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཇི་ཙམ་སྤངས་པས་ཡང་དག་པར་འགྲུབ་པ་འདི་ནི་ཡང་དག་པར་འགྲུབ་པའོ། །སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ནི་ངོ་བོ་ཉིད་དོ། །རིན་པོ་ཆེའི་སྣོད་ཕྱེ་བ་ནི་དེའི་དཔེའོ། །སངས་རྒྱས་ཉིད་དེའི་གཉིས་སུ་མེད་པའི་

མཚན་ཉིད་མཐུ་དང་བཅས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། གསུམ་པ་ནི་དེ་དག་ཉིད་ཀྱི་བཤད་པར་གྱུར་པའོ། །ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་བཞིན་ཡང་། །དེ་ཡིས་དེ་ནི་བརྗོད་མ་ཡིན། །རིན་ཆེན་ཆོས་ཀྱི་རྒྱུ་

མཚན་ཕྱིར། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །དེ་ནི་སྤྲིན་དང་འདྲ་བར་འདོད། །དེ་བཞིན་ཉིད་ཐ་དད་པའི་རང་བཞིན་མ་ཡིན་པའི་ཕྱིར་དང་། སངས་རྒྱས་ཉིད་ཀྱང་དེ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཉིད་

เล่ม ๑๒๓ · หน้า 153a

ཡིན་ལ་ཆོས་གང་ཡང་ཀུན་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བ་རྣམས་དེའི་ངོ་བོར་ཡོངས་སུ་གྱུར་པའི་ཕྱིར་སངས་རྒྱས་ཉིད་དེ་ནི་ཆོས་དཀར་པོའི་རང་བཞིན་ཡང་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་

ཏུ་ཕྱིན་པའི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར། དེ་དག་གིས་དེ་བསྟན་པར་བྱ་བ་ཡང་མ་ཡིན་ཏེ། འདི་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་ནོ། །རིན་པོ་ཆེའི་འབྱུང་གནས་དང་། སྤྲིན་ལྟ་བུ་ཉིད་ནི་མཐུ་ཡིན་ཏེ། བསྟན་པའི་ཆོས་རིན་པོ་ཆེ་རྣམས་དེ་ལས་རབ་ཏུ་འབྱུང་བའི་ཕྱིར་

དང་། གདུལ་བྱའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་རྣམས་རབ་ཏུ་བསྐྲུན་པའི་ཕྱིར་རོ། །སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ན་ཆོས་ཀུན་བྲལ་བ་སྟེ། །རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན། །སྐྱེ་དགུ་རྣམས་ལ་ལེགས་བཤད་མི་ཟད་

ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་པོའི་ལོ་ཏོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ། །ཚིགས་སུ་བཅད་པ་གསུམ་པ་འདིས་ནི་དོན་དེ་ཉིད་སྟོན་ཏེ། ཆོས་རིན་པོ་ཆེ་རབ་ཏུ་ཆེ་ཞིང་ཡངས་པ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རིན་པོ་ཆེའི་འབྱུང་གནས་བཞིན་ནོ། །

སྐྱེ་དགུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཞེས་བྱ་བར་འདིར་ཚིག་རྣམ་པར་སྦྱར་བར་རིག་པར་བྱའོ། །འབྱུང་པོ་རྣམས་ཀྱི་དཀར་པོའི་ལོ་ཏོག་ཤིན་ཏུ་ཆེན་པོ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་སྤྲིན་དང་འདྲའོ། །སངས་རྒྱས་དེ་ཉིད་སྐྱབས་བླ་ན་མེད་

པ་ཡིན་པ་ལ་ཚིགས་སུ་བཅད་པ་ལྔའོ། །རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འདིས་ནི་མདོར་ན་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཡོངས་སུ་སྐྱོབ་

པའི་དོན་གྱིས་སྐྱབས་ཉིད་ཡིན་པར་སྟོན་ཏོ། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །གཉིས་པ་འདིས་ནི་འཚེ་བ་ལ་སོགས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རྒྱ་ཆེར་བསྟན་ཏོ། །དེ་

เล่ม ๑๒๓ · หน้า 153b

ལ་འཚེ་བ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ཉིད་ནི། སངས་རྒྱས་ཀྱི་མཐུས་ལོང་བ་རྣམས་ཀྱིས་ནི་མིག་ཐོབ་པོ། །འོན་པ་རྣམས་ཀྱིས་ནི་རྣ་བ་ཐོབ་པོ། །སེམས་འཁྲུགས་པ་རྣམས་ཀྱིས་ནི་རང་གི་སེམས་ཐོབ་པོ། །ནད་འགོ་བ་རྣམས་ནི་ཞི་བར་གྱུར་ཏོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་

གང་ཡིན་པའོ། །ངན་སོང་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་སངས་རྒྱས་ཀྱི་འོད་ཀྱིས་དེར་སོང་བ་རྣམས་ཐར་པར་བྱས་པའི་ཕྱིར་དང་། དེར་མི་འགྲོ་བ་ལ་འགོད་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་མུ་སྟེགས་ཅན་གྱི་ལྟ་བ་ལས་སློང་བའི་ཕྱིར་རོ། །འཇིག་ཚོགས་

ལས་ཡོངས་སུ་སྐྱོབ་པ་ཉིད་ནི་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕྱིར་རོ། །ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་པ་ཉིད་ནི་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོ་ལ་བགྲོད་པ་གཅིག་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །

སྣ་ཚོགས་འཇིགས་འགྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང་། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་དང་ཉོན་མོངས་ངན་སོང་ཀུན་ལས་སྲུང་། །གསུམ་པ་འདིས་ནི་གང་གིས་ན་སྐྱབས་དེ་ཉིད་དཔེ་མེད་ཅིང་མཆོག་ཉིད་ཀྱིས་བླ་ན་མེད་པ་ཡིན་པ་དེ་དོན་དེ་ཉིད་

ཀྱིས་སྟོན་ཏོ། །སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་གང་། །འགྲོ་བ་ཀུན་ལ་ཐུགས་རྗེ་ཕ་རོལ་ཕྱིན་པ་གང་། །སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །བཞི་པ་འདིས་ནི་རྒྱུ་གང་དག་གིས་

སྐྱབས་དེ་དེ་ལྟར་བླ་ན་མེད་པ་ཡིན་པ་དེ་སྟོན་ཏེ། རང་གི་དོན་གྱི་མཐར་ཐུག་པའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན་ཏུ་རྫོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཞན་གྱི་དོན་མཐར་ཐུག་པའི་དབང་དུ་བྱས་ནས་དམ་པའི་ཆོས་ལ་སེམས་ཅན་འདུལ་

བའི་ཐབས་མཁྱེན་པའི་ཕྱིར་དང་། ཐུགས་རྗེས་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །ཚིགས་སུ་བཅད་པ་ལྔ་པ་འདིས་ནི་དུས་ཇི་སྲིད་

เล่ม ๑๒๓ · หน้า 154a

ཅིག་ཏུ་སེམས་ཅན་ཇི་རྙེད་ཅིག་གི་གང་གི་དོན་དུ་སྐྱབས་ཡིན་པ་དེ་མདོར་བསྟན་ཏོ། །གང་གི་དོན་དུ་ཞེས་བྱ་བ་ནི། གནོད་པ་ཐམས་ཅད་བཟློག་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པར་བྱ་བའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ལ་ཚིགས་སུ་བཅད་པ་དྲུག་པ་སྟེ།

གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱིས་འཐོབ། །འདིས་

ནི་མི་མཐུན་པའི་ཕྱོགས་ཀྱི་ས་བོན་དང་བྲལ་བ་དང་། གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པས་གནས་ཡོངས་སུ་གྱུར་པ་དང་། ལམ་རྣམ་པ་གཉིས་ཐོབ་པས་དེ་ཇི་ལྟར་འཐོབ་པ་ཡང་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་དང་། དེའི་རྫས་ལ་

ཐོབ་པ་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་འཐོབ་པས་སོ། །དུས་རིང་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སོ། །སྤོང་བ་ཤིན་ཏུ་རྒྱ་ཆེ་རྣམ་པ་ཀུན་གྱིས་ཞེས་བྱ་བ་ནི་སའི་རྣམ་པ་དག་གིས་སོ། །དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་

བཞིན་འགྲོ་ལ་གཟིགས། །ཞི་བར་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སྐྱེ་བོ་གཞན་ཅི་སྨོས། །གཉིས་པ་འདིས་ནི་གནས་ཡོངས་སུ་གྱུར་པ་དེ་གཞན་ལས་ཁྱད་པར་དུ་སྟོན་ཏེ། དེ་ལ་གནས་པ་ནི་རིའི་དབང་པོ་མཐོན་པོ་ལ་བཞུགས་པ་བཞིན་དུ་འཇིག་རྟེན་ཆེས་ཤིན་ཏུ་དམན་

པ་ལ་གཟིགས་སོ། །གཟིགས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་ཐུགས་རྗེ་ན། དེ་དག་ལས་གཞན་པ་ལ་ལྟ་སྨོས་ཀྱང་ཅི་དགོས། གནས་ལ་འཇུག་དང་རབ་འཇུག་མི་འཇུག་དང་། །ལྡོག་དང་ཀུན་འཇུག་གཉིས་དང་གཉིས་མིན་དང་། །མཉམ་དང་ཁྱད་འཕགས་ཀུན་འགྲོ་

བདག་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་གྱུར་འདོད། །གསུམ་པ་འདིས་ནི་དེའི་ཕན་ཡོན་གྱི་དབྱེ་བ་སྟོན་ཏེ། གནས་ལ་ཞེས་བྱ་བ་ནི་གནས་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་གྱུར་པ་དེ་ནི་གཞན་གྱི་དོན་དུ་

เล่ม ๑๒๓ · หน้า 154b

འཇུག་པས་ན་འཇུག་པའོ། །ཆོས་ཐམས་ཅད་ལས་ཁྱད་ཞུགས་པའི་ཕྱིར་མཆོག་ཏུ་འཇུག་པ་ནི་རབ་ཏུ་འཇུག་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ལ་མི་འཇུག་པས་མི་འཇུག་པའོ། །ཀུན་ནས་ཉོན་མོངས་པ་ལས་ལྡོག་པས་ཟློག་པའོ། །གཏན་དུ་བ་ཡིན་པའི་ཕྱིར་ཀུན་ཏུ་འཇུག་པ་ནི་ཀུན་ཏུ་འཇུག་

པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པར་འཇུག་པས་གཉིས་སུ་འཇུག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཉིད་གཉིས་སུ་མི་འཇུག་པ་ནི་གཉིས་མ་ཡིན་པར་འཇུག་པའོ། །ཉན་ཐོས་

དང་རང་སངས་རྒྱས་དག་དང་རྣམ་པར་གྲོལ་བ་འདྲ་བ་ཉིད་ཀྱིས་མཉམ་དུ་འཇུག་པའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་མི་མཉམ་པའི་ཕྱིར་ཁྱད་པར་དུ་འཕགས་པར་འཇུག་པའོ། །ཐེག་པ་ཐམས་ཅད་སྟོན་པར་འགྲོ་བའི་ཕྱིར་ཀུན་ཏུ་འགྲོ་བའི་

འཇུག་པའོ། །ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང་། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང་། །བཞི་པ་འདིས་ནི་བསྟན་པ་དང་བཤད་པ་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་དག་གིས་དེའི་

རང་བཞིན་གྱིས་སངས་རྒྱས་ཀྱི་ཐམས་ཅད་དུ་སོང་བ་ཉིད་ནམ་མཁའ་དང་ཆོས་མཐུན་པར་སྟོན་ཏོ། །སངས་རྒྱས་ཀྱི་སེམས་ཅན་གྱི་ཚོགས་ཀུན་ཏུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡོངས་སུ་གྲུབ་པ་ལས་རིག་པར་བྱའོ། །ཇི་ལྟར་ཆུ་ཡི་སྣོད་ཆག་ན། །

ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ལྔ་པ་འདིས་ནི་ཐམས་ཅད་དུ་སོང་བ་ཡིན་ཡང་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྐུ་མི་སྣང་བ་དཔེས་སྒྲུབ་པར་བྱེད་དོ། །ཇི་ལྟར་མེ་ནི་གཞན་དུ་

འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང་། །སྣང་དང་མི་སྣང་ཤེས་པར་བྱ། །དྲུག་པ་འདིས་ནི་སངས་རྒྱས་ཀྱིས་གདུལ་བ་དག་ཡོད་ན་སངས་རྒྱས་འབྱུང་བས་དེ་སྣང་ལ། བཏུལ་ནས་ཡོངས་སུ་མྱ་ངན་ལས་འདའ་བས་དེ་མི་སྣང་བ་མེ་འབར་བ་དང་

เล่ม ๑๒๓ · หน้า 155a

ཞི་བ་དང་ཆོས་མཐུན་པས་སྒྲུབ་པར་བྱེད་དོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པ་ལ་ཚིགས་སུ་བཅད་པ་བཞི་སྟེ། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་

འབྱུང་། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་རྔ་མ་བརྡུངས་པའི་སྒྲ་དང་། ནོར་བུའི་འོད་དང་ཆོས་མཐུན་པར་སངས་རྒྱས་ཀྱི་མཛད་པ་ལྷུན་

གྱིས་གྲུབ་པར་སྒྲུབ་པོ། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང་། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཇི་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ཉམས་ཞིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་

ཕྲིན་ལས་སྐྱེ་ཞིང་འབྲི། །འདི་གཉིས་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་སྟོན་ཏེ། སངས་རྒྱས་ཀྱི་མཛད་པ་ནི་རྒྱུན་མི་འཆད་པའི་ཕྱིར་ནམ་མཁའ་འཆད་པ་མེད་པ་ལ་འཇིག་རྟེན་གྱི་བྱ་བ་གཞན་དང་གཞན་འབྱུང་བ་དང་འཇིག་པ་དེ་དང་འདྲའོ། །ཟག་པ་མེད་པའི་དབྱིངས་ཟབ་པ་

ལ་ཚིགས་སུ་བཅད་པ་བཅུ་དྲུག་གོ། །སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྔ་མ་དང་ཕྱི་མར་ཁྱད་པར་མེད་པའི་ཕྱིར་དག་པ་ཡང་མ་ཡིན་ལ། ཕྱིས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པའི་ཕྱིར་མ་དག་པ་

ཡང་མ་ཡིན་ཏེ། དྲི་མ་དང་བྲལ་བས་སོ། །སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་གྱུར། །ཟག་པ་མེད་པའི་དབྱིངས་དེ་ལ་སངས་རྒྱས་རྣམས་ཀྱི་བདག་ཉིད་ཀྱི་མཆོག་སྟོན་ཏེ། ཅིའི་

ཕྱིར་ཞེ་ན། བདག་མེད་པ་མཆོག་གི་བདག་ཉིད་ཀྱི་ཕྱིར་རོ། །བདག་མེད་པ་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས་རྒྱས་རྣམས་ཀྱི་བདག་ཡིན་ནོ། །དེ་རྣམ་པར་དག་ན་སངས་རྒྱས་རྣམས་ཀྱིས་བདག་མེད་པ་མཆོག་གི་བདག་ཉིད་དག་པ་འཐོབ་

เล่ม ๑๒๓ · หน้า 155b

པོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་དག་པའི་བདག་ཐོབ་པའི་ཕྱིར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་པ་ཡིན་ཏེ། དགོངས་པ་འདི་ནི་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་རྣམ་པར་འཇོག་གོ། །དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང་། །མེད་པར་ཡང་ནི་མི་བརྗོད་དོ། །

དེ་ལྟས་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །རྒྱུ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་ཡོད་པ་ཞེས་ཀྱང་མི་བརྗོད་དེ། དེ་བཞིན་ཉིད་ནི་གང་ཟག་དང་ཆོས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ཉིད་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་མེད་པ་ཞེས་ཀྱང་མི་བརྗོད་དོ། །

དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ལ་དེ་བཞིན་གཤེགས་པ་ནོངས་ཕན་ཆད་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་ཡོད་པ་དང་མེད་པ་འདྲི་བ་ལ་ལུང་མ་བསྟན་པའི་ཚུལ་དུ་འདོད་དོ། །ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་

རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །ཇི་ལྟར་ལྕགས་ལ་ཚ་བ་ཞི་བ་དང་། མིག་ལ་རབ་རིབ་ཞི་བ་ནི་གདུང་བ་དང་རབ་རིབ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པའང་མ་ཡིན་ལ། ཞི་བའི་མཚན་ཉིད་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་པ་དེ་བཞིན་དུ། སངས་

རྒྱས་རྣམས་ཀྱི་སེམས་དང་ཡེ་ཤེས་ལ་གདུང་བ་དང་རབ་རིབ་ལྟ་བུ་འདོད་ཆགས་དང་མ་རིག་པ་དག་ཞི་བ་ནི་ཡོད་པར་མི་བརྗོད་དེ། སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དག་ནི་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུར་ཡོད་པའི་ཕྱིར་རོ། །

ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། ཟག་པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་སྔོན་གྱི་ལུས་ཀྱི་རྗེས་སུ་འབྲང་བས་ནི་གཅིག་པ་ཉིད་ཀྱང་མ་ཡིན་ལ། ནམ་མཁའ་ལྟར་

ལུས་མེད་པས་ན་མང་པོ་ཉིད་ཀྱང་མ་ཡིན་ནོ། །སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །བསོད་ནམས་ཡེ་ཤེས་རབ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཡེ་ཤེས་

เล่ม ๑๒๓ · หน้า 156a

སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །རིན་པོ་ཆེའི་འབྱུང་གནས་དང་། སྤྲིན་ལྟ་བུ་ཉིད་དང་། ཟླ་བ་ཉ་བ་ཉིད་དང་། ཉི་མ་ཆེན་པོ་ལྟ་བུའི་ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ནི་གོ་བར་ཟད་དོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་

ཏུ་མེད་འདྲེས་ཤིང་། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང་། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །གཅིག་གིས་ནི་འོད་ཟེར་འདྲེས་པར་བྱ་

བ་གཅིག་པ་ཉིད་ཀྱི་དཔེས་ཕྲིན་ལས་འདྲ་བ་ཉིད་སྟོན་ཏེ། འོད་ཟེར་རྣམས་ཀྱི་བྱ་བ་གཅིག་ཉིད་ནི་སྨིན་པ་དང་སྐེམས་པ་ལ་སོགས་པར་བྱ་བ་མཐུན་པ་ཉིད་ལས་རིག་པར་བྱའོ། །གཉིས་པས་ནི་ཟག་པ་མེད་པའི་དབྱིངས་ན་སྤྲུལ་པ་ལ་སོགས་པའི་མཛད་པ་གཅིག་པ་ཉིད་སྟོན་ཏོ། །དཔེར་ན་ཉི་མའི་

འོད་ཟེར་གཅིག་བྱུང་ན་འོད་ཟེར་ཀུན་འབྱུང་བ། དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །དུས་གཅིག་ཏུ་འོད་ཟེར་ཐམས་ཅད་འབྱུང་བ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་པར་སྟོན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་དག །

འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང་། །འཇུག་ལ་བདག་གིར་མཛད་མི་མངའ། །ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་འདི་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་། །བདག་གིར་བྱ་

བ་མེད་པ་དང་། །ཤེས་བྱ་ཅིག་ཅར་སྣང་བར་བྱེད་པ་ལ་གོ་རིམས་བཞིན་དུ་ཚིགས་སུ་བཅད་པ་གཉིས་ཏེ། དོན་བརྡ་ཕྲད་པར་ཟད་དོ། །ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་

ཉེས་པས་བསྒྲིབས། །ཇི་ལྟར་འོད་ཟེར་རྣམས་རབ་ཏུ་སྣང་བར་བྱ་བ་ལ་སྤྲིན་ལ་སོགས་པས་བསྒྲིབས་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སེམས་ཅན་རྣམས་སྙིགས་མ་ལྔ་ཤས་ཆེ་བའི་ཉེས་པས་སྣོད་དུ་མ་གྱུར་པ་ཉིད་ཀྱིས་བསྒྲིབས་སོ། །ཇི་ལྟར་མདུད་པའི་དབང་གིས་ན། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด