མདོ་སྡེའི་རྒྱན་གྱི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๓ · หน้า 239b

ཡོངས་སུ་ཤེས་པའི་མདོ་ལས་ནི། ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ། །ཡོངས་སུ་ཤེས་པ་ནི་རྣམ་པར་བྱང་བའོ་ཞེས་བཤད་དོ། །ཁུར་ཁྱེར་བའི་མདོ་ལས་ནི། ཁུར་དང་ཁུར་ཁྱེར་བ་ནི་ཀུན་ནས་ཉོན་མོངས་པའོ། །ཁུར་འདོར་བ་ནི་རྣམ་པར་

བྱང་བའོ་ཞེས་བཤད་པ་དེ་དག་གི་འཇུག་པའི་བྱེ་བྲག་དང་། རྒྱུན་གྱི་བྱེ་བྲག་ཀྱང་ཀུན་ཤེས་པ་དང་ལྡན་པ་དང་། ཁུར་ཁྱེར་བའི་གང་ཟག་གདགས་པ་མེད་པར་བཤད་མི་ནུས་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་གནས་སྐབས་སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། མཐར་ཐུག་

པའི་ལམ་གྱི་བྱེ་བྲག་གི་རྣམ་པ་དུ་མ་ཞིག་ཡོད་པ་དེ་དག་གི་འཇུག་པའི་བྱེ་བྲག་དང་། རྒྱུན་གྱི་བྱེ་བྲག་ཀྱང་དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་གདགས་པ་མེད་པར་བཤད་པར་མི་ནུས་ཏེ། གང་ཟག་རྫས་སུ་མེད་པ་ཉིད་གཅིག་ཡིན་ན་ནི་ཅིའི་ཕྱིར་བཤད་ཅེས་བྱ་བ་འདི་

ལ་ཚུལ་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་ན། གང་ཟག་བཤད་པ་དགོས་པ་མེད་པར་འགྱུར་ཏེ། རེ་ཞིག་འདི་བདག་ཏུ་ལྟ་བ་བསྐྱེད་པའི་ཕྱིར། དགོས་པ་ནི་མ་ཡིན་ཏེ། འདི་ལྟར་བདག་ཏུ་ལྟ་བ་བསྐྱེད་མི་དགོས། གནའ་ནས་སྐྱེས་ཟིན་པའི་ཕྱིར་རོ། །དེ་གོམས་

པར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། འདི་ལྟར། གོམས་པ་ཐོག་མ་མེད་དུས་ཅན། །གལ་ཏེ་ཡང་བདག་ཏུ་ལྟ་བས་ཐར་པས་འདི་བཤད་དོ་ཞེ་ན། དེ་ལྟ་ཡིན་ན་ནི། ཐམས་ཅད་འབད་པ་མེད་པར་ཐར་བར་འགྱུར་ཏེ། །འདི་ལྟར་བདག་ཏུ་ལྟ་བ་ནི། བདེན་པ་མ་མཐོང་བ་ཐམས་ཅད་ལ་ཡོད་

དོ། །ཡང་ན་ནི་ཐར་པ་མེད་པ་ཁོ་ནར་འགྱུར་ཏེ། ཇི་ལྟར་སྡུག་བསྔལ་ལ་སྔར་སྡུག་བསྔལ་དུ་མ་བཟུང་བ་ལས་ཕྱིས་འཛིན་པ་ལྟ་བུར། སྔར་བདག་ལ་བདག་མེད་པར་མ་བཟུང་བ་ལས། བདེན་པ་མངོན་པར་རྟོགས་པའི་དུས་ན་བདག་ཏུ་འཛིན་པ་ནི་འགའ་ཡང་མེད་ཀྱི། སྔོན་ཇི་ལྟ་བ་ཕྱིས་

ཀྱང་དེ་དང་འདྲ་བར་ཐར་པར་མི་འགྱུར་རོ། །ཡང་བདག་ཅིག་ཡོད་ན་ནི་གདོན་མི་ཟ་བར་ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་གིས་བདག་ལ་སྲེད་པ་དང་། དེའི་རྒྱུ་ཅན་གྱིས་ཉོན་མོངས་པ་དག་གདོན་མི་ཟ་བར་འབྱུང་བར་འགྱུར་བས་དེའི་ཕྱིར་ཡང་ཐར་པར་མི་འགྱུར་རོ། །ཡང་ན་ནི་གང་ཟག་

เล่ม ๑๒๓ · หน้า 240a

ཡོད་པར་ཁས་བླང་བར་མི་བྱ་སྟེ། དེ་ཡོད་ན་ནི་གདོན་མི་ཟ་བར་ཉེས་པ་འདི་དག་ཏུ་ཐལ་བར་འགྱུར་རོ། །དེ་ལྟར་ཡོན་ཏན་དེ་དག་དང་། །རྟག་ལྡན་བྱང་ཆུབ་སེམས་དཔའ་ནི། །བདག་ཉིད་དོན་ཡང་མི་འདོར་ཞིང་། །གཞན་གྱི་དོན་ཡང་སྒྲུབ་པར་བྱེད། །ངོ་ཚ་ཤེས་པ་དང་བརྟན་

པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་ལས་མདོར་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་རྫོགས་སོ།། །།ངོ་མཚར་ཆེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། རང་གི་ལུས་དང་སྡོམ་པའི་ཕྱིར། །ཕུན་སུམ་ཚོགས་པ་ཡོངས་གཏོང་དང་། །ཉམ་

ཆུང་རྣམས་ལ་བཟོད་པ་དང་། །ལུས་དང་སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་དང་བསམ་གཏན་གྱི། །བདེ་ལ་རོ་མྱོང་མེད་ཉིད་དང་། །ཤེས་རབ་ལ་ནི་མི་རྟོག་པ། །བློ་ལྡན་རྣམས་ཀྱི་ངོ་མཚར་འདོད། །དེ་བཞིན་གཤེགས་རིགས་སྐྱེ་བ་དང་། །ལུང་བསྟན་པ་དང་དབང་བསྐུར་དང་། །བྱང་

ཆུབ་རབ་ཏུ་ཐོབ་པ་ཡང་། །ངོ་མཚར་ཆེ་བ་ཡིན་པར་འདོད། །དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ། །སྒྲུབ་པའི་ངོ་མཚར་ཆེ་བ་བཤད་དོ། །སྦྱིན་པ་ལ་ནི་རང་གི་ལུས་གཏོང་བ་ངོ་མཚར་ཆེ་ལ། ཚུལ་ཁྲིམས་ཀྱི་སྡོམ་པའི་ཆེད་དུ་ནི་ཕུན་སུམ་ཚོགས་པ་

རྒྱ་ཆེན་པོ་གཏོང་བ་ངོ་མཚར་ཆེའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཚིགས་སུ་བཅད་པ་གསུམ་པས་ནི། བྱང་ཆུབ་སེམས་དཔའི་འབྲས་བུ་བཞི་ལས་བརྩམས་ཏེ་འབྲས་བུའི་ངོ་མཚར་ཆེ་བ་བཤད་དེ། ས་དང་པོ་དང་བརྒྱད་པ་དང་བཅུ་པ་ལ་སློབ་པའི་འབྲས་བུ་གསུམ་དང་། སངས་

རྒྱས་ཀྱི་ས་ལ་མི་སློབ་པའི་འབྲས་བུ་བཞི་པ་མཆོག་ཡིན་ནོ། །ངོ་མཚར་མི་ཆེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འདོད་ཆགས་བྲལ་དང་སྙིང་རྗེ་དང་། །དེ་བཞིན་སྒོམ་མཆོག་ཐོབ་པ་དང་། །སེམས་མཉམ་ཕྱིར་ན་དེ་དག་ལ། །སྦྱོར་བ་ངོ་མཚར་ཆེ་མ་ཡིན། །དེ་དག་ལ་ཞེས་བྱ་བ་

ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྟེ། འདོད་ཆགས་དང་བྲལ་བ་ལ་བརྟེན་ནས་སྦྱིན་པ་ལ་སྦྱོར་བ་ལ་ངོ་མཚར་མི་ཆེའོ། །སྙིང་རྗེ་ལ་བརྟེན་ནས་ཚུལ་ཁྲིམས་དང་བཟོད་པ་དང་། སྒོམ་པ་མཆོག་ལ་བརྟེན་ནས་ས་བརྒྱད་པ་ལ་མངོན་པར་འདུ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་པའི་བརྩོན་འགྲུས་ལ་སོགས་

เล่ม ๑๒๓ · หน้า 240b

པ་ལ་སྦྱོར་བ་ངོ་མཚར་མི་ཆེའོ། །བདག་དང་གཞན་མཉམ་པའི་སེམས་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་བ་ཡང་ངོ་མཚར་མི་ཆེ་བ་ཉིད་དེ། བདག་ཉིད་ཀྱི་དོན་བཞིན་དུ་གཞན་གྱི་དོན་ལ་སྐྱོ་བ་མེད་པའི་ཕྱིར་རོ། །སེམས་མཉམ་པ་ཉིད་ཀྱི་ཚིགས་སུ་བཅད་པ་གསུམ་སྟེ། ཇི་

ལྟར་བློ་ལྡན་སེམས་ཅན་ལ། །རབ་ཏུ་བྱམས་པར་གྱུར་པ་ལྟར། །སེམས་ཅན་བདག་དང་ཆུང་མ་དང་། །བུ་བཤེས་གཉེན་ལ་དེ་ལྟ་མིན། །དོན་གཉེར་བ་ལ་ཕྱོགས་མེད་དང་། །ཚུལ་ཁྲིམས་རྟག་ཏུ་མ་ཉམས་དང་། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ཕྱིར། །བརྩོན་འགྲུས་ཆེན་པོ་

རྩོམ་པ་དང་། །རྟག་ཏུ་བསམ་གཏན་དགེ་བ་དང་། །ཤེས་རབ་རྣམ་པར་མི་རྟོག་ཉིད། །བྱང་ཆུབ་སེམས་དཔའ་དེ་དག་ལ། །དེ་ལྟར་སེམས་མཉམ་ཤེས་པར་བྱ། །ཚིགས་སུ་བཅད་པ་གཅིག་གིས་ནི་སེམས་ཅན་རྣམས་ལ་སེམས་མཉམ་པ་བསྟན་ཏོ། །གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་

པ་རྣམས་ལའོ། །སེམས་ཅན་རྣམས་ནི་བདག་ཉིད་ལ་སོགས་པ་ལ་བྱམས་པ་མཉམ་པ་ཉིད་དང་ལྡན་པ་ཡང་མ་ཡིན་ལ་གཏན་དུ་བ་ཡང་མ་ཡིན་ཏེ། འདི་ལྟར་རེས་འགའ་བདག་ཉིད་ཀྱང་གསོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སེམས་ཅན་ཐམས་ཅད་ལ་མཉམ་

པ་ཉིད་དང་། གཏན་དུ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱིན་པ་ལ་སེམས་མཉམ་པ་ཉིད་ནི་དོན་དུ་གཉེར་བ་ལ་ཕྱོགས་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་ནི་རྟག་ཏུ་ཕྲ་རབ་ཙམ་ཡང་མི་ཉམས་པའི་ཕྱིར་རོ། །ཀུན་ཏུ་བཟོད་ཅིང་ཞེས་བྱ་བ་ནི་ཡུལ་དང་དུས་དང་སེམས་ཅན་

རྣམས་ལ་བྱེ་བྲག་མེད་པར་རོ། །ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་རང་དང་གཞན་གྱི་དོན་དང་དགེ་བ་ཐམས་ཅད་ཀྱི་དོན་དུ་མཉམ་པར་སྦྱོར་བའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཕན་འདོགས་པ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་དྲུག་སྟེ། སྣོད་ཉིད་དུ་

ནི་བྱེད་པ་དང་། །ཚུལ་ཁྲིམས་དག་ལ་འགོད་པ་དང་། །གནོད་པ་ལ་ནི་བཟོད་པ་དང་། །དོན་བྱེད་པར་ནི་འགྲོ་བ་དང་། །བསྟན་པ་འདི་ལ་འཛུད་པ་དང་། །ཐེ་ཚོམ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱི་སེམས་ཅན་ལ། །ཕན་འདོགས་ཉིད་དུ་འདོད་པ་ཡིན། །ཚིགས་

เล่ม ๑๒๓ · หน้า 241a

སུ་བཅད་པ་འདི་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པ་ཉིད་ཇི་ལྟ་བུ་ཡིན་པ་དེ་ཡོངས་སུ་བསྟན་ཏེ། །སྦྱིན་པས་ནི་སེམས་ཅན་རྣམས་དགེ་བ་བྱ་བ་ལ་སྣོད་ཉིད་དུ་བྱེད་དོ། །བསམ་གཏན་གྱིས་འཛུད་པར་བྱེད་དོ། །མཐུའི་

ཁྱད་པར་དང་ལྡན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་ཕན་འདོགས་པ་ཉིད་མ་ལ་སོགས་པ་དང་ཆོས་མཐུན་པར་བསྟན་ཏེ། གང་དག་རྟག་ཏུ་སེམས་ཅན་རྣམས། །བསམ་པ་མཉམ་པས་འཛིན་བྱེད་ཅིང་། །འཕགས་པའི་ས་ལ་བསྐྱེད་པ་དང་། །དགེ་བ་

འཕེལ་བར་བྱེད་པ་དང་། །ཉེས་བྱས་ལས་ནི་ཡོངས་བསྲུང་དང་། །ཐོས་པ་བྱང་བར་བྱེད་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མ་དང་འདྲ་བ་ཡིན། །སེམས་ཅན་གྱི་མ་དང་འདྲ་བ་ནི་སེམས་ཅན་རྣམས་ཀྱི་མ་ལྟ་བུའོ། །མ་ནི་བུ་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་

དེ། ཁོང་ན་འཛིན་པར་བྱེད། སྐྱེད་པར་བྱེད། སྣུན་པར་བྱེད། གསོ་བར་བྱེད། ཀུན་ཏུ་སྐྱེད་པར་བྱེད། ངམ་གྲོག་ལས་ཀྱང་སྲུང་བར་བྱེད། སྨྲ་བ་ལ་ཡང་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ།

འཕགས་པའི་ས་ནི་འཕགས་པའི་ཆོས་ཡིན་པར་རིག་པར་བྱའོ། །སེམས་ཅན་ཀུན་ལ་རྟག་པར་ནི། །དད་པ་སྐྱེད་པར་བྱེད་པ་དང་། །ལྷག་པའི་ཁྲིམས་སོགས་སློབ་པ་དང་། །རྣམ་པར་གྲོལ་ལ་སྦྱོར་བའི་ཕྱིར། །སངས་རྒྱས་ལ་ནི་གསོལ་བ་དང་། །དེ་དག་སྒྲིབ་པ་སྦྱོང་བའི་

ཕྱིར། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འདྲ་བ་ཡིན། །ཕ་ནི་བུ་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། དེ་དག་གི་ས་བོན་འདེབས་པར་བྱེད། བཟོ་སློབ་པར་བྱེད། ཐབ་རིར་བབ་པའི་ཆུང་མ་ལེན་པར་བྱེད། བཤེས་གཉེན་དམ་པ་དག་ལ་འདོམས་པར་བྱེད།

ཇི་ལྟར་ཕའི་བུ་ལོན་དེས་གཞལ་དགོས་པ་མེད་པ་ལྟར་ཆགས་ཉེན་མེད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ལས་ལྔ་པོ་འདི་དག་ཀྱང་། དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་ལུས་ཐོབ་པའི་ས་བོན་ནི་དད་པ་ཡིན་ནོ། །བཟོ་ནི་སློབ་

เล่ม ๑๒๓ · หน้า 241b

པ་ཡིན་ནོ། །ཆུང་མ་ནི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་དག་པར་མྱོང་བའི་ཕྱིར་རོ། །དགེ་བའི་བཤེས་གཉེན་དག་ནི་སངས་རྒྱས་རྣམས་སོ། །ཆགས་ཉེན་ལྟ་བུ་ནི་སྒྲིབ་པའོ། །གང་དག་བསྟན་པར་མི་འོས་པ། །སེམས་ཅན་རྣམས་ལ་གསང་

བྱེད་ཅིང་། །བསླབ་ལས་ཉམས་ལ་སྨོད་པ་དང་། །ཕུན་སུམ་ཚོགས་པ་བསྔགས་པ་ཉིད། །གདམས་ངག་སྦྱིན་པར་བྱེད་པ་དང་། །བདུད་རྣམས་སྦྲོན་པར་བྱེད་པ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །རྩ་ལག་དག་ནི་རྩ་ལག་རྣམས་ལ་ཕན་པ་རྣམ་

པ་ལྔ་བྱེད་དེ། གསང་བར་བྱ་བ་གསང་བར་བྱེད། སྤྱོད་པ་ངན་པ་ལ་སྨོད་པར་བྱེད། སྤྱོད་པ་བཟང་པོ་ལ་བསྔགས་པར་བྱེད། བྱ་བ་རྣམས་ལ་གྲོགས་ཀྱི་ངོ་བོར་འགྲོ་བར་བྱེད། ཉམ་ང་བའི་གནས་དག་ལས་ཟློག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་

དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། འོས་པ་མ་ཡིན་པ་དག་ལ་ཟབ་མོ་བཤད་པ་གསང་བའི་ཕྱིར་དང་། བསླབ་པ་ཉམས་པ་དང་། ཕུན་སུམ་ཚོགས་པ་དག་ལ་གོ་རིམས་བཞིན་དུ་སྨོད་པ་དང་བསྔགས་པའི་ཕྱིར་དང་། རྟོགས་པར་བྱ་བའི་ཆེད་དུ་འདོམས་པའི་ཕྱིར་དང་། བདུད་

ཀྱི་ལས་སྦྲོན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མིན་པ་ཡི། །ཕུན་ཚོགས་ཟད་པར་སྦྱིན་པར་བྱེད། །སྐྱོ་བ་མེད་པས་མི་ཕྱེད་ཅིང་། །རྟག་ཏུ་ཕན་དང་བདེ་འདོད་པ། །ལས་ལྔ་དག་གིས་རྒྱལ་སྲས་

རྣམས། །སེམས་ཅན་གྲོགས་པོ་འདྲ་བ་ཡིན། །གྲོགས་པོའི་ཕན་པ་དང་བདེ་བ་ལ་ཕྱིན་ཅི་མ་ལོག་པ་དང་། བདེ་བ་དང་ཕན་པ་ཉེ་བར་སྒྲུབ་པ་དང་། མི་ཕྱེད་པར་འགྱུར་བ་དང་། རྟག་ཏུ་ཕན་པ་དང་བདེ་བ་འདོད་པ་གང་ཡིན་པ་དེ་ནི་གྲོགས་པོ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་

དཔའ་རྣམས་ཀྱང་ལས་ལྔས་སེམས་ཅན་རྣམས་ལ་ཕན་འདོགས་པར་རིག་པར་བྱའོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་བདེ་བ་སྟེ། དེས་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ནི་ཕན་པ་སྟེ། ཀུན་ནས་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་ཕྱིར་

เล่ม ๑๒๓ · หน้า 242a

རོ། །གང་དག་སེམས་ཅན་སྨིན་བྱ་ལ། །རྟག་ཏུ་བརྩོན་པ་དང་ལྡན་ཞིང་། །ཡང་དག་ངེས་པར་འབྱུང་བ་སྨྲ། །ལོག་པར་སྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད། །དེ་ཡི་ཐབས་ལ་མཁས་པ་ནི། །ལས་ལྔ་དག་གིས་རྒྱལ་

སྲས་རྣམས། །སེམས་ཅན་བྲན་དང་འདྲ་བ་ཡིན། བྲན་ནི་ཇོ་བོ་ལ་ལས་ལྔས་ཡང་དག་པར་འཇུག་སྟེ། ལྡང་བ་ཕུན་སུམ་ཚོགས་པ་ཡིན། བྱ་བ་རྣམས་ལ་མི་བསླུ་བ་ཡིན། སྤྱོ་བ་དང་བརྡེག་པ་ལ་སོགས་པ་ལ་བཟོད་པ་ཡིན། དགོས་པ་ཐམས་ཅད་བྱེད་པའི་ཕྱིར་གཟོ་

པ་ཡིན། མཁས་ཤིང་ཐབས་ཤེས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱ་སྟེ། ཕུན་སུམ་ཚོགས་པ་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ། །གང་དག་མི་སྐྱེའི་ཆོས་ལ་ནི། །

བཟོད་པ་ཐོབ་པར་འདོད་པ་དང་། །ཐེག་པ་ཐམས་ཅད་སྟོན་པ་དང་། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང་། །བཞིན་མཛེས་ལན་དུ་ཕན་འདོགས་དང་། །རྣམ་པར་སྨིན་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་སློབ་དཔོན་འདྲ་བ་ཡིན། །སློབ་དཔོན་ནི་སློབ་མ་རྣམས་

ལ་ལས་རྣམ་པ་ལྔས་ཕན་འདོགས་པར་འགྱུར་ཏེ། བདག་ཉིད་ལེགས་པར་བསླབ་པ་ཡིན། ཐམས་ཅད་སློབ་པ་ཡིན། མྱུར་དུ་སློབ་པ་ཡིན། བཞིན་མཛེས་ཤིང་ངེས་པའི་རང་བཞིན་ཅན་ཡིན། །སེམས་ལ་ཟང་ཟིང་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ལྔ་

པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱའོ། །སེམས་ཅན་དོན་ལ་ཤིན་ཏུ་བརྩོན། །ཚོགས་རྣམས་རྫོགས་པར་བྱེད་པ་དང་། །ཚོགས་བསགས་མྱུར་དུ་གྲོལ་བར་བྱེད། །མི་མཐུན་ཕྱོགས་ནི་སྤོང་བྱེད་ཅིང་། །འཇིག་རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུམ་སྣ་ཚོགས་

ལ་སྦྱོར་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མཁན་པོ་འདྲ་བ་ཡིན། །མཁན་པོ་ནི་ལྷན་ཅིག་གནས་པ་རྣམས་ལ་ལས་རྣམ་པ་ལྔས་ཕན་འདོགས་པ་ཡིན་ཏེ། རབ་ཏུ་འབྱིན་པར་བྱེད། །བསྙེན་པར་རྫོགས་པར་བྱེད། ཉེས་པ་ཡོངས་སུ་སྤངས་པ་ལ་རྗེས་སུ་སྟོན་པར་

เล่ม ๑๒๓ · หน้า 242b

བྱེད། ཟང་ཟིང་དང་། ཆོས་ཀྱིས་ཡོངས་སུ་སྡུད་པར་བྱེད་དོ། །བྱང་ཆུབ་སེམས་དཔལ་རྣམས་ཀྱི་ལས་ལྔ་པོ་འདི་དག་ཀྱང་དེ་དང་ཆོས་མཐུན་པར་རིག་པར་བྱའོ། །ལན་དུ་ཕན་འདོགས་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། ལོངས་སྤྱོད་རྣམས་ལ་མ་ཆགས་དང་། །ཚུལ་

ཁྲིམས་ཉམས་པ་མེད་པ་དང་། །བྱས་པ་གཟོ་དང་ལྡན་པ་དང་། །སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །དེ་ལྟར་འཇུག་པའི་ལུས་ཅན་དག །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །དེ་བཞིན་ལན་དུ་ཕན་འདོགས་ཡིན། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱང་

ཆུབ་སེམས་དཔའ་རྣམས་དེ་དག་ལ་ཕན་འདོགས་པ་བཞིན་དུའོ། །དེ་ལ་ལོངས་སྤྱོད་རྣམས་ལ་མ་ཆགས་པས་ནི་སྦྱིན་པ་ལ་འཇུག་གོ། །ཚུལ་ཁྲིམས་ཉམས་པ་མེད་པས་ནི་ཚུལ་ཁྲིམས་ལའོ། །ཕན་འདོགས་པའི་བྱང་ཆུབ་སེམས་དཔའ་ལ་དྲིན་ཆགས་པའི་སྒོ་ནས་བྱས་པ་གཟོ་

བ་དང་ལྡན་པས་ནི་བཟོད་པ་ལ་སྟེ། དེ་དག་ནི་བཟོད་པ་ལ་དགའ་བས་སོ། །སྒྲུབ་པ་ལ་སྦྱོར་བས་ནི། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་དག་ལ་སྟེ། གང་གིས་དང་གང་དུ་བསྒྲུབ་པའི་ཕྱིར་རོ། །སྨོན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། རྟག་ཏུ་འཕེལ་དང་

ཉམས་པ་དང་། །སེམས་ཅན་རབ་ཏུ་སྨིན་པ་དང་། །ས་ལ་ཁྱད་པར་འགྲོ་བ་དང་། །བླ་ན་མེད་པའི་བྱང་ཆུབ་འདོད། །བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་འཕེལ་བ་དང་། དེའི་མི་མཐུན་པའི་ཕྱོགས་ཉམས་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། ས་ལ་ཁྱད་

པར་དུ་འགྲོ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་གནས་ལྔ་འདོད་དོ། །སྦྱོར་བ་ཆུད་མི་ཟ་བ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འཇིགས་སྤངས་ཡང་དག་བསྐྱེད་པ་དང་། །ཐེ་ཚོམ་དག་ནི་གཅོད་པ་དང་། །སྒྲུབ་པ་ཡི་ནི་གདམས་ངག་ལ། །རྒྱལ་སྲས་རྟག་ཏུ་

ཆུད་མི་ཟ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ནི། སེམས་ཅན་གྱི་དོན་རྣམ་པ་བཞི་པོ་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་པ་སྤང་བ་དང་། བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་

เล่ม ๑๒๓ · หน้า 243a

གདམས་ངག་ལ་ཆུད་མི་ཟ་བ་ཡིན་པར་རིག་པར་བྱའོ། །ཡང་དག་པར་སྦྱོར་བ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་འབྱུང་

བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་ཡིན། །ཤེས་རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱི་ཡང་དག་སྦྱོར། །ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་

པ་རྒྱས་པར་འབྱུང་བ་ལྟ་བུའོ། །ཡོངས་སུ་ཉམས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་པ་ཅན་གྱི་ཆོས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། ལོངས་སྤྱོད་ཆགས་དང་ཉམས་བཅས་དང་། །ང་རྒྱལ་ཉིད་དང་བསོད་ཉམས་དང་། །རོ་མྱང་བ་དང་རྣམ་རྟོག་ནི། །བརྟན་པ་རྣམས་

ཀྱི་ཉམས་པའི་རྒྱུ། །དེ་དག་གཉེན་པོ་ལ་གནས་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དེ་ལས་བཟློག་ཕྱིར་ཁྱད་པར་གྱི། །སྐལ་ཅན་ཆོས་སུ་ཤེས་པར་བྱ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་ཉམས་པའི་སྐལ་བ་ཅན་ཡིན་ལ། དེ་དག་གི་གཉེན་པོ་ནི། ཁྱད་

པར་དུ་འགྱུར་བའི་སྐལ་བ་ཅན་ཡིན་པར་རིག་པར་བྱའོ། །བཅོས་མ་དང་ཡང་དག་པའི་ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་ནི་རྩ་བ་དྲུག་པ་ཡིན་ནོ། །སྤྲུལ་པ་དང་ནི་ཚུལ་འཆོས་དང་། །བཞིན་མཛེས་པ་ནི་སྟོན་པ་དང་། །དེ་བཞིན་འཕྲལ་ལ་འཇུག་པ་དང་། །

ལུས་དང་ངག་ནི་ཞི་བ་དང་། །དེ་བཞིན་སྨྲ་མཁས་ཕུན་སུམ་ཚོགས། །དེ་དག་སྒྲུབ་དང་བྲལ་བ་ནི། །བྱང་ཆུབ་སེམས་དཔའ་རྣམས་དག་གི །ཡང་དག་མིན་པ་ཉིད་དུ་བཤད། །བཟློག་པར་རབ་ཏུ་སྦྱོར་རྣམས་ཀྱི། །དེ་དག་ཡང་དག་ཉིད་དུ་བཤད། །བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ཡོན་ཏན་སྤྲུལ་པ་ལ་སོགས་པ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བཅོས་མ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདུལ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། བློ་ལྡན་དེ་དག་ས་ཀུན་ཏུ། །སྦྱིན་ལ་སོགས་པ་ཉེར་བསྒྲུབས་པས། །སེམས་

เล่ม ๑๒๓ · หน้า 243b

ཅན་རྣམས་ཀྱི་མི་མཐུན་ཕྱོགས། །རྣམ་པ་དྲུག་ནི་འདུལ་བར་བྱེད། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་དག་དང་། གོ་

རིམས་བཞིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ལུང་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པ། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ཐོབ་

པ་ཡིས། །ང་རྒྱལ་རྩོལ་བ་སྤངས་པ་དང་། །སངས་རྒྱས་རྒྱལ་སྲས་ཐམས་ཅད་དང་། །ངོ་བོ་གཅིག་ཏུ་གྱུར་པ་ལས། །ཡང་དེ་ཞིང་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང་། །གནས་པའི་སྒོ་ནས་དེར་འདོད་དོ། །དེ་ལ་གང་ཟག་གི་བྱེ་བྲག་

གིས་ལུང་སྟོན་པ་ནི། །གང་ཟག་རིགས་ལ་གནས་པ་སེམས་བསྐྱེད་པ་མངོན་སུམ་དང་། མངོན་སུམ་མ་ཡིན་པར་གནས་པ་ལ་ལུང་སྟོན་པའི་ཕྱིར་རོ། །དུས་ཀྱི་བྱེ་བྲག་གིས་ནི་དུས་དཔག་ཏུ་ཡོད་པ་དང་། །དཔག་ཏུ་མེད་པར་ལུང་སྟོན་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་ཏུའམ།

འདི་དུས་ཆེ་གེ་མོ་ཞིག་ན་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བས་ལུང་བསྟན་པས་ལུང་སྟོན་པར་འགྱུར་རོ། །གཞན་ཡང་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བདག་ནི་སངས་རྒྱས་སུ་འགྱུར་རོ་སྙམ་པའི་ང་རྒྱལ་སྤངས་པ་དང་། མཚན་མའི་རྩོལ་བ་ཐམས་ཅད་སྤངས་པ་

དང་། དེ་དག་དང་བདག་གི་རྒྱུད་ཐ་དད་པར་མ་མཐོང་བའི་སྒོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷན་ཅིག་ངོ་བོ་གཅིག་པར་གྱུར་པ་ལས་ལུང་བསྟན་པ་གཞན་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ནོ། །ཡང་ཞིང་ལ་སོགས་པས་ལུང་སྟོན་པ་ནི་དུས་འདི་ཙམ་ཞིག་ན་བསྐལ་པ་

འདི་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ཏུ་སངས་རྒྱས་མཚན་འདི་ཞེས་བྱ་བར་འགྱུར་ཏེ། འདིའི་འཁོར་ནི་འདི་ལྟ་བུར་འགྱུར་རོ། །འདིའི་དམ་པའི་ཆོས་ནི་དུས་འདི་སྲིད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་བྱ་བར་རོ། །ངེས་པར་འགྱུར་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་

เล่ม ๑๒๓ · หน้า 244a

པ་རྩ་བ་དྲུག་པ་སྟེ། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་ཚོགས་སྐྱེ་དང་མི་སྐྱོ་དང་། །རྟག་ཏུ་སྒོམ་པར་བྱེད་པ་དང་། །ཏིང་འཛིན་ཉམས་པ་མེད་པ་དང་། །བྱ་བ་གྲུབ་དང་ལྷུན་གྲུབ་པའི། །བཟོད་པ་འཐོབ་ལ་ངེས་པར་འགྱུར། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་དུ་བྱས་

ནས་ངེས་པར་འགྱུར་བ་རྣམ་པ་འདི་དྲུག་བསྟན་ཏེ། ཕུན་སུམ་ཚོགས་པ་ལ་ངེས་པར་འགྱུར་བ་ནི་རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་འཐོབ་པའི་ཕྱིར་རོ། །སྐྱེ་བ་ལ་ངེས་པར་འགྱུར་བ་ནི་རྟག་ཏུ་ཇི་ལྟར་འདོད་པ་བཞིན་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །མི་སྐྱོ་བ་ལ་ངེས་པར་འགྱུར་

བ་ནི། རྟག་ཏུ་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བའི་ཕྱིར་རོ། །རྟག་ཏུ་སྒོམ་པ་ལ་ངེས་པར་འགྱུར་བ་ནི། །རྟག་ཏུ་སྒོམ་པ་རྒྱུན་མི་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ཉམས་པ་མེད་པ་དང་། བྱ་བ་གྲུབ་པ་ལ་ངེས་པར་འགྱུར་བ་ནི། རྟག་ཏུ་ཏིང་ངེ་འཛིན་ཡོངས་སུ་མི་ཉམས་པའི་ཕྱིར་

དང་། སེམས་ཅན་གྱི་བྱ་བ་སྒྲུབ་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ངེས་པར་འགྱུར་བ་ནི། རྟག་ཏུ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་པའི་ཕྱིར་རོ། །གདོན་མི་ཟ་བར་བྱ་དགོས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་

སྟེ། མཆོད་བསླབ་ཡང་དག་བླང་བ་དང་། །སྙིང་རྗེ་དགེ་བ་བསྒོམ་པ་དང་། །དེ་བཞིན་དགོན་པར་བག་ཡོད་དང་། །ཐོས་དོན་ངོམས་མི་ཤེས་པ་ཉིད། །ས་རྣམས་ཀུན་ལ་བརྟན་པ་ཡི། །གདོན་མི་ཟ་བར་བྱ་བ་ཉིད། །གདོན་མི་ཟ་བར་བྱ་དགོས་པ་འདི་དྲུག་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་

དུ་བྱས་པ་སྟེ། ཚིགས་སུ་བཅད་པའི་དོན་ནི་གོ་བར་ཟད་དོ། །རྟག་ཏུ་བྱ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། འདོད་པའི་ཉེས་དམིགས་ཤེས་པ་དང་། །འཁྲུལ་པ་དག་ལ་རྟོག་པ་དང་། །སྡུག་བསྔལ་དང་དུ་ལེན་ཉིད་དང་། །དགེ་བ་དག་ནི་སྒོམ་པ་དང་། །བདེ་ལ་རོ་མྱང་མེད་ཉིད་དང་། །

མཚན་མ་རྣམ་པར་མི་རྟོག་པ། །ས་རྣམས་ཀུན་ལ་བརྟན་པ་ཡི། །རྟག་ཏུ་བྱ་བ་དག་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྒྲུབ་པའི་ཕྱིར་རྟག་ཏུ་བྱ་བ་དྲུག་སྟེ། ཚིགས་སུ་བཅད་པ་དག་གི་དོན་ནི་གོ་བར་ཟད་དོ། །གཙོ་བོའི་དངོས་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ།

เล่ม ๑๒๓ · หน้า 244b

ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང་། །མི་སྐྱེ་བཟོད་པ་ཐོབ་ཉིད་དང་། ཐེག་ཆེན་བརྩོན་འགྲུས་རྩོམ་པ་དང་། །མཐའ་ལ་སྙིང་རྗེ་ལྡན་གནས་དང་། །ཤེས་རབ་བློ་དང་ལྡན་རྣམས་ཀྱི། །ཕ་རོལ་ཕྱིན་པའི་གཙོ་བོར་འདོད། །རྣམ་པ་འདི་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཙོ་བོ་ཡིན་ཏེ། དེ་ལ་ཚུལ་

ཁྲིམས་རྣམ་པར་དག་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། །མཐའ་ལ་སྙིང་རྗེ་དང་ལྡན་པར་གནས་པ་ནི་བསམ་གཏན་བཞི་པ་སྙིང་རྗེ་ཚད་མེད་པ་དང་ལྡན་པ་སྟེ། ལྷག་མ་ནི་དོན་གོ་བར་ཟད་དོ། །གདགས་པ་རྣམ་པར་གཞག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ།

མདོ་སོགས་རྣམ་པའི་བྱེ་བྲག་གིས། །རིག་པའི་གནས་ནི་རྣམ་གཞག་པ། །ས་རྣམས་ཀུན་ལ་བརྟགས་པ་ཡི། །ཆོས་རྣམས་གཞག་པ་ཡིན་ཤེས་བྱ། །དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་ནས་བདེན་པ་རྣམ་པར་གཞག །རིགས་པ་ཐེག་པ་རྣམ་གཞག་པ། །རྣམ་པ་བཞི་དང་རྣམ་

གསུམ་ཉིད། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །ཡང་དག་ལྟ་བ་འབྲས་ལྡན་དང་། །ཚད་མས་རྣམ་འབྱེད་བསམ་མི་ཁྱབ། །རིགས་པ་བཞིར་ནི་ཤེས་པར་བྱ། །བསམ་པ་དང་ནི་བཤད་ཉིད་དང་། །སྦྱོར་བ་དང་ནི་ཚོགས་དག་དང་། །འགྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་

གསུམ་དུ་འདོད། །ཆོས་དང་། བདེན་པ་དང་། རིགས་པ་དང་། ཐེག་པ་གདགས་པ་རྣམ་པར་གཞག་པའི་དབྱེ་བས་གདགས་པ་རྣམ་པར་གཞག་པ་རྣམ་པ་བཞིའོ། །དེ་ལ་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་རིག་པའི་གནས་ལྔ་རྣམ་པར་གཞག་

པ་ནི། ཆོས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་པའི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཁོ་ན་སྟེ། ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ། །དེ་བཞིན་ཉིད་རྣམ་པ་བདུན་པོ་འཇུག་པའི་དེ་བཞིན་ཉིད་དང་། མཚན་

ཉིད་ཀྱི་དེ་བཞིན་ཉིད་དང་། རྣམ་པར་རིག་པའི་དེ་བཞིན་ཉིད་དང་། གནས་པའི་དེ་བཞིན་ཉིད་དང་། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང་། རྣམ་པར་དག་པའི་དེ་བཞིན་ཉིད་དང་། ཡང་དག་པའི་སྒྲུབ་པའི་དེ་བཞིན་ཉིད་ལ་བརྟེན་ནས་བདེན་པ་རྣམ་པར་གཞག་པ་ཡིན་ནོ། །རིགས་

เล่ม ๑๒๓ · หน้า 245a

པ་གདགས་པ་རྣམ་པར་གཞག་པ་ནི་རྣམ་པ་བཞི་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །ཐེག་པ་གདགས་པ་རྣམ་པར་གཞག་པ་ནི་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་

ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །དེ་ལ་ལྟོས་པའི་རིགས་པ་ནི། ཐེག་པ་གསུམ་ཅར་ལ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེ་ལ་ལྟོས་ནས་རྐྱེན་དེས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་ཕྱིར་རོ། །བྱ་བ་བྱེད་པའི་རིགས་པ་ནི། ཡང་དག་པའི་

ལྟ་བ་འབྲས་བུ་དང་བཅས་པའོ། །འཐད་པ་སྒྲུབ་པའི་རིགས་པ་ནི། མངོན་སུམ་ལ་སོགས་པའི་ཚད་མས་ཡོངས་སུ་རྟོག་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། ཆོས་ཉིད་ནི་གྲུབ་པ་ཡིན་པས་གདོད་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་

པའི་ལྟ་བར་འགྱུར་ཞེའམ། །དེ་ལས་འབྲས་བུ་ཉོན་མོངས་པ་སྤོང་བར་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསམ་པར་བྱ་བ་ནི་མ་ཡིན་ནོ། །ཐེག་པ་གསུམ་རྣམ་པར་གཞག་པ་ནི་བསམ་པ་དང་། བཤད་པ་དང་། སྦྱོར་བ་དང་། ཚོགས་དང་། ཡང་དག་པར་འགྲུབ་པ་དང་། རྣམ་པ་ལྔའི་

སྒོ་ནས་རིག་པར་བྱ་སྟེ། བསམ་པ་དང་། བཤད་པ་དང་། སྦྱོར་བ་དང་། ཚོགས་དང་། ཡང་དག་པར་འགྲུབ་པ་དམན་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའོ། །འབྲིང་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །མཆོག་རྣམས་ནི་ཐེག་པ་ཆེན་པོ་སྟེ། བསམ་པ་ཇི་ལྟ་བ་དང་། འདོད་པ་ཇི་ལྟ་

བར་ཆོས་བཤད་པ་ཡིན་ནོ། །ཆོས་བཤད་པ་ཇི་ལྟ་བར་དེ་ལ་སྦྱོར་རོ། །སྦྱོར་བ་ཇི་ལྟ་བར་ཚོགས་སྩོགས་སོ། །ཚོགས་ཇི་ལྟ་བར་བྱང་ཆུབ་ཡང་དག་པར་འགྲུབ་པོ། །ཡོངས་སུ་ཚོལ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། མིང་དང་དངོས་དག་ཕན་ཚུན་དུ། །གློ་བུར་བ་ནི་ཉིད་དུ་

བཙལ། །འདོགས་པ་རྣམ་པ་གཉིས་པོ་འདིར། །དེ་ཙམ་ཉིད་དུ་ཚོལ་བའོ། །ཆོས་རྣམས་ལ་ཡོངས་སུ་ཚོལ་བ་ནི་རྣམ་པ་བཞི་སྟེ། མིང་ཡོངས་སུ་ཚོལ་བ་དང་། །དངོས་པོ་ཡོངས་སུ་ཚོལ་བ་དང་། །ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བ་དང་། ཁྱད་པར་གདགས་

เล่ม ๑๒๓ · หน้า 245b

པ་ཡོངས་སུ་ཚོལ་བའོ། །དེ་ལ་དངོས་པོ་ལ་མིང་གློ་བུར་བ་ཉིད་དུ་ཡོངས་སུ་ཚོལ་བ་ནི་མིང་ཡོངས་སུ་ཚོལ་བ་ཡིན་པར་རིག་པར་བྱའོ། །མིང་ལ་དངོས་པོ་གློ་བུར་བ་ཉིད་དུ་ཡོངས་སུ་ཚོལ་བ་ནི་དངོས་པོ་ཡོངས་སུ་ཚོལ་བ་ཡིན་པར་རིག་པར་བྱའོ། །དེ་གཉིས་འབྲེལ་བ་ལ་ངོ་བོ་ཉིད་དང་ཁྱད་

པར་འདོགས་པ་དག་གདགས་པ་ཙམ་དུ་ཡོངས་སུ་ཚོལ་བ་ནི། ངོ་བོ་ཉིད་དང་ཁྱད་པར་འདོགས་པ་ཡོངས་སུ་ཚོལ་བ་ཡིན་པར་རིག་པར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བརྒྱད་དེ། ཐམས་ཅད་དམིགས་སུ་མེད་པའི་ཕྱིར། །ཡང་དག་

ཡེ་ཤེས་རྣམ་པ་བཞི། །ས་རྣམས་ཀུན་ལ་བརྟན་པ་ཡི། །དོན་ཀུན་གྲུབ་པར་བྱེད་པར་འགྱུར། །ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་རྣམ་པ་བཞི་སྟེ། མིང་ཡོངས་སུ་ཚོལ་བ་དང་ལྡན་པ་སྟེ། དངོས་པོ་ཡོངས་སུ་ཚོལ་བ་དང་ལྡན་པ་དང་། ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་

པ་ཡོངས་སུ་ཚོལ་བ་དང་ལྡན་པའོ། །དེ་ཡང་མིང་ལ་སོགས་པ་འདི་དག་ཐམས་ཅད་མི་དམིགས་པ་ལས་རིག་པར་བྱ་སྟེ། ཕྱེད་འོག་མས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ནི་ཆེ་བའི་བདག་ཉིད་དང་ལས་ཀྱིས་སྟོན་ཏོ། །འཆིང་བ་ཡི་ནི་རྟེན་དག་དང་། །ལོངས་སྤྱོད་ས་བོན་རྒྱུ་མཚན་འདིར། །

སེམས་དང་སེམས་ལས་བྱུང་བ་རྣམས། །རྟེན་བཅས་ས་བོན་བཅས་ཏེ་བཅིངས། །དེ་ལ་རྟེན་གྱི་རྒྱུ་མཚན་ནི་སྣོད་ཀྱི་འཇིག་རྟེན་ནོ། །ལོངས་སྤྱོད་ཀྱི་རྒྱུ་མཚན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ། །ས་བོན་གྱི་རྒྱུ་མཚན་ནི། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་

སྟེ། རྒྱུ་མཚན་རྣམ་པ་གསུམ་པོ་འདིར་སེམས་དང་སེམས་ལས་བྱུང་བ་རྟེན་དང་བཅས་པ་རྣམས་དང་། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་ཡང་བཅིངས་སོ། །རྟེན་ནི་མིག་ལ་སོགས་པ་ཡིན་པར་རིག་པར་བྱའོ། །མདུན་བཞག་མཚན་མ་གང་ཡིན་དང་། བདག་

ཉིད་འདུག་པ་གང་ཡིན་པ། །ཐམས་ཅད་རྣམ་འཇིག་བློ་ལྡན་གྱིས། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དེ་ལྟར་མི་རྟོག་པ་རིམ་པ་དེ་ལྟ་བུས་ཞེས་བརྗོད་པར་བྱ་སྟེ། དེ་ལ་མདུན་དུ་བཞག་པའི་མཚན་མ་ནི། ཐོས་པ་དང་བསམ་པ་དང་བསྒོམ་པའི་སྦྱོར་བས་དམིགས་པར་བྱས་པའི་

เล่ม ๑๒๓ · หน้า 246a

ཀུན་བརྟགས་པ་གང་ཡིན་པའོ། །བདག་ཉིད་འདུག་པ་ནི་རང་བཞིན་གྱིས་དམིགས་པར་འགྱུར་གྱི། འབད་པས་ཀུན་བརྟགས་པ་མ་ཡིན་པ་གང་ཡིན་པའོ། །དེ་རྣམ་པར་འཇིག་པ་ནི་འབྲལ་བ་སྟེ། དམིགས་པ་མེད་པའི་ངོ་བོའོ། །དེའི་ཐབས་ནི་མཚན་མའི་

གཉེན་པོ་རྣམ་པར་མི་རྟོག་པའོ། །དེ་གཉི་ག་ཡང་རིམ་གྱིས་འབྱུང་སྟེ། སྔར་ནི་གཞག་པ་ལའོ། །ཕྱིས་ནི་བདག་ཉིད་འདུག་པ་ལའོ། །དེ་ལ་ཕྱིན་ཅི་ལོག་བཞི་དང་ལྡན་པའི་གང་ཟག་གི་མཚན་མ་རྣམ་པར་འཇིག་པའི་རྣལ་འབྱོར་པས་ནི་ཉན་ཐོས་ཀྱི་བྱང་ཆུབ་བམ། རང་སངས་རྒྱས་ཀྱི་

བྱང་ཆུབ་འཐོབ་པོ། །ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་འཇིག་པས་ནི་བྱང་ཆུབ་ཆེན་པོ་འཐོབ་སྟེ། འདིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་འཆིང་བ་ཇི་ལྟར་ཡོངས་སུ་ཤེས་ན་ཐར་པར་འགྱུར་བ་དེ་བསྟན་ཏོ། །དེ་བཞིན་ཉིད་དམིགས་ཤེས་པ་དང་། གཉིས་སུ་

འཛིན་པ་རྣམ་སྤངས་དང་། །གནས་ངན་ལེན་ལུས་མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། །འདིས་ནི་ངོ་བོ་ཉིད་གསུམ་ཇི་ལྟར་ཡོངས་སུ་ཤེས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཟད་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏེ། །དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་

ཉིད་ཡོངས་སུ་ཤེས་པ་དང་། གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བརྟགས་པ་དང་། གནས་ངན་ལེན་གྱི་ལུས་མངོན་སུམ་པ་ཉིད་ཀྱིས་གཞན་གྱི་དབང་ཡོངས་སུ་ཤེས་པས་གནས་ངན་ལེན་གྱི་ལུས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་དེ་ཉིད་ཟད་པར་འགྱུར་རོ། །དེ་ཟད་

པར་བྱེད་པ་ནི་དེ་ཟད་པའི་ཆེད་དུའོ། །དེ་བཞིན་ཉིད་དམིགས་ཡེ་ཤེས་ནི། །རྣམ་པ་ཐ་དད་མེད་བསྒོམས་ཤིང་། །ཡོད་དང་མེད་དོན་མངོན་སུམ་པ། །རྣམ་རྟོག་དབང་འབྱོར་ཉིད་ཅེས་བྱ། །རྣམ་པ་ཐ་དད་པ་མེད་པ་བསྒོམ་པ་ནི་མཚན་མ་དང་དེ་བཞིན་ཉིད་དག་ཐ་མི་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདིས་ནི་

ཉན་ཐོས་ཀྱི་མཚན་མ་མེད་པ་ལས་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་ཁྱད་ཞུགས་པར་ཡོངས་སུ་བསྟན་ཏེ། །དེ་དག་ནི་མཚན་མ་དང་མཚན་མ་མེད་པ་དག་ཐ་དད་པ་ཉིད་དུ་མཐོང་བས་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་སྒོ་ནས་མཚན་མ་

เล่ม ๑๒๓ · หน้า 246b

མེད་པ་ལ་སྙོམས་པར་འཇུག་གོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་ཉིད་ལས་མ་གཏོགས་པའི་མཚན་མ་མ་མཐོང་བས་མཚན་མ་ཉིད་མཚན་མ་མེད་པར་མཐོང་སྟེ། དེའི་ཕྱིར་དེ་དག་གི་ཡེ་ཤེས་དེ་ནི་རྣམ་པ་ཐ་དད་པ་མེད་པར་བསྒོམ་པ་ཡིན་ནོ། །ཡོད་པའི་དོན་དེ་བཞིན་ཉིད་དང་མེད་པའི་དོན་

མཚན་མ་མངོན་སུམ་པ་སྟེ་རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དོན་ཐམས་ཅད་གྲུབ་པའི་སྒོ་ནས་རྣམ་པར་རྟོག་པ་ལ་དབང་འབྱོར་པ་ཉིད་ཐོབ་པའི་ཕྱིར། རྣམ་པར་རྟོག་པ་ལ་དབང་འབྱོར་པ་ཉིད་ཅེས་བྱའོ། །བྱིས་པ་ཡང་དག་ཉིད་བསྒྲིབས་ནས། ཡང་དག་མ་ཡིན་ཀུན་ཏུ་སྣང་། །བྱང་ཆུབ་སེམས་དཔའ་

དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང་། །འདིས་ནི་ཇི་ལྟར་བྱིས་པ་རྣམས་ལ་རང་གི་ངང་གིས་ཡང་དག་པ་མ་ཡིན་པ་མཚན་མ་ཁོ་ན་སྣང་གི །ཡང་དག་པ་ཇི་བཞིན་ཉིད་ནི་མ་ཡིན་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི །ཡང་

དག་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཉེ་བར་བསྟན་ཏོ། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཤེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །དོན་མེད་པ་མཚན་མ་མི་སྣང་བ་ཉིད་དང་། དོན་ཡོད་པ་དེ་བཞིན་ཉིད་སྣང་བ་ཉིད་ནི་གནས་གཞན་དུ་གྱུར་པ་ཡིན་

པར་རིག་པར་བྱ་སྟེ། དེ་དེ་དག་མི་སྣང་བ་ཉིད་དང་སྣང་བ་ཡིན་ནོ། །དེ་ཉིད་ཐར་པ་ཡིན་པར་ཡང་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་དགུར་སྤྱོད་པའི་ཕྱིར་ཏེ། དེའི་ཚེ་རང་དབང་དུ་འགྱུར་ཞིང་རང་བཞིན་གྱིས་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རང་གི་སེམས་ལ་དབང་སྒྱུར་བར་འགྱུར་རོ། །

དོན་ཆེན་རྣམ་པ་ཐམས་ཅད་དུ། །གཞན་དང་གཞན་རིགས་མཐུན་སྣང་བ། །བར་ཆད་བྱེད་ཡིན་དེ་ལྟ་བས། །ཡོངས་ཤེས་བྱས་ནས་དེ་སྤང་ངོ་། །འདི་ནི་ཞིང་ཡོངས་སུ་སྦྱོང་བའི་ཐབས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཡིན་ནོ། །དོན་ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཏེ། །གཞན་དང་གཞན་

འབྱུང་བ་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་རིགས་མཐུན་པར་སྣང་ངོ་། །དེ་ནི་དེ་ལྟར་སྣང་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་བར་ཆད་བྱེད་པར་འགྱུར་ཏེ། །དེ་ལྟ་བས་ན་བར་ཆད་བྱེད་པར་ཡོངས་སུ་ཤེས་པར་བྱས་ནས་དེ་ལྟར་སྣང་བ་དེ་སྤང་བར་བྱའོ། །དཔག་ཏུ་མེད་པ་རྣམ་པར་དབྱེ་བའི་

เล่ม ๑๒๓ · หน้า 247a

ཚིགས་སུ་བཅད་པ། ཡོངས་སྨིན་རྣམ་པར་སྦྱང་བྱ་དང་། །ཐོབ་བྱ་སྨིན་པར་རུང་བྱ་དང་། །ཡང་དག་བཤད་པའི་དངོས་པོ་ནི། །བློ་ལྡན་རྣམས་ཀྱི་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པའི་དངོས་པོ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་སྨིན་པར་བྱ་བའི་

དངོས་པོ་ནི་སེམས་ཅན་གྱི་ཁམས་ཁྱད་པར་མེད་པར་རོ། །རྣམ་པར་སྦྱང་བར་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སོ། །ཐོབ་པར་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །ཡོངས་སུ་སྨིན་པར་རུང་བར་བྱ་བ་ནི་གདུལ་བའི་ཁམས་སོ། །ཡང་དག་པར་བཤད་པའི་དངོས་པོ་ནི་འདུལ་

བའི་ཐབས་ཀྱི་ཁམས་སོ། །བཤད་པའི་འབྲས་བུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་ནི་སྐྱེ་བ་དང་། །མི་སྐྱེ་བ་ཡི་བཟོད་པ་ཉིད། །དྲི་མེད་མིག་ནི་དམན་པ་དང་། །ཟག་པ་ཟད་པ་ཉིད་དང་ནི། །དམ་ཆོས་ཡུན་རིང་གནས་པ་དང་། །བྱེ་བྲག་ཤེས་གཅོད་

ལོངས་སྤྱོད་ཉིད། །དེ་ལ་ཞུགས་པ་བློ་ལྡན་གྱི། །བཤད་པའི་འབྲས་བུ་ཡིན་ཤེས་བྱ། །བཤད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཉན་པ་པོ་རྣམས་ལ་བཤད་པའི་འབྲས་བུ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་ནི་མི་སྐྱེ་བའི་

ཆོས་ལ་བཟོད་པ་ཐོབ་པོ། །ཁ་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐེག་པ་དམན་པས་བསྡུས་པ་སྐྱེད་དོ། །ཁ་ཅིག་ནི་ཟག་པ་ཟད་པ་འཐོབ་པོ། །རྒྱུད་དེ་འཛིན་པས་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ། །དོན་བྱེ་བྲག་ཏུ་མི་ཤེས་པ་རྣམས་ཀྱང་

བྱེ་བྲག་ཏུ་ཤེས་པར་འགྱུར་རོ། །ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་ཡང་གཅོད་པར་འགྱུར་རོ། །ངེས་པ་རྣམས་ཀྱང་དམ་པའི་ཆོས་ཀྱི་དགའ་བའི་རོ་ཁ་ན་མ་ཐོ་བ་མེད་པ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་རོ། །ཐེག་པ་ཆེན་པོ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དམིགས་པ་ཆེ་བ་

ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པ་བརྗོད། །ཆེན་པོ་

เล่ม ๑๒๓ · หน้า 247b

ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་ངེས་པར་བརྗོད་དེ། དམིགས་པ་ཆེན་པོ་ཉིད་ནི་མདོའི་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ཉིད་ནི། རང་གི་དོན་དང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཉིད་

ནི་རྟོགས་པའི་དུས་ན་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་གཉིས་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པ་ཆེན་པོ་ཉིད་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་

ཞིང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་ཉིད་ནི། ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་

པ་དང་། །མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་བསྡུས་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་སེམས་ནི་བསྐྱེད་པ་དང་། །སྦྱིན་ལ་སོགས་པ་སྒྲུབ་པ་དང་། །སྐྱོན་མེད་པ་

ལ་འཇུག་ཉིད་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང་། །ཞིང་ནི་རྣམ་པར་སྦྱོང་བ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་དང་སྟོན་པའོ། །དངོས་པོ་རྣམ་པ་བཅུ་པོ་འདིས་ཐེག་པ་ཆེན་པོ་མཐའ་དག་བསྡུས་ཏེ། །དེས་སེམས་ཅན་རྣམས་ཡོངས་སུ་སྨིན་

པར་བྱེད་པ་ནི་ས་ལ་ཞུགས་པའི་ས་བདུན་པའི་བར་ལ་རིག་པར་བྱའོ། །ཞིང་ཡོངས་སུ་སྦྱོང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ནི་ཕྱིར་མི་ལྡོག་པའི་ས་རྣམ་པ་གསུམ་ལའོ། །བྱང་ཆུབ་མཆོག་ནི་སངས་རྒྱས་ཀྱི་ས་ལ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་

ལས་འདས་པ་ཆེན་པོ་སྟོན་པ་ཡང་དེ་ཉིད་ལ་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་སྟེ། གཅིག་ནི་མོས་པ་དང་ལྡན་པ། །ལྷག་པའི་བསམ་པ་དག་པ་གཞན། །མཚན་མ་དང་ནི་མཚན་མེད་དང་། །

เล่ม ๑๒๓ · หน้า 248a

མངོན་པར་འདུ་བྱེད་མེད་སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཤེས་བྱ། །དེ་ལ་མཚན་མ་ལ་སྤྱོད་པ་ནི་ས་གཉིས་པ་ནས་བཟུང་སྟེ་ས་དྲུག་པའི་བར་དུའོ། །མཚན་མ་མེད་པར་སྤྱོད་པ་ནི་ས་བདུན་པ་ལའོ། །མངོན་པར་འདུ་བྱེད་པ་

མེད་པར་སྤྱོད་པ་ནི་དེ་ཡན་ཆད་དོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག །ཁྲོ་བ་ཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ལས་མི་གཡོ་དེ་ཉིད་ཟབ་མོ་མཐོང་། །བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། །འདིས་ནི་ཕ་

རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་བྱང་ཆུབ་ཆེན་པོར་སྨོན་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་མཚན་ཉིད་ཡོངས་སུ་བསྟན་ཏོ། །ཕན་འདོགས་འདོད་དང་གནོད་པ་མེད་ལྟ་དང་། །གཞན་གྱི་གནོད་པ་དང་དུ་ལེན་པ་དང་། །བརྟན་པ་བག་ཡོད་མང་དུ་ཐོས་པ་དང་། །གཞན་གྱི་དོན་བརྩོན་

བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་བརྟན་པ་ནི་བརྩོན་འགྲུས་བརྩམས་པ་སྡུག་བསྔལ་དག་གིས་སྤ་མི་འགོང་བའི་ཕྱིར་རོ། །བག་ཡོད་པ་ནི་བསམ་གཏན་གྱི་བདེ་བ་དག་ལ་མ་ཆགས་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །རང་གིས་ཡོངས་སུ་བཟུང་བའི་ཉེས་དམིགས་

ཤེས། །ལོངས་སྤྱོད་མ་ཆགས་ཞེ་ལ་ཁོན་མི་འཛིན། །རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད། །ནང་དུ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་ལོངས་སྤྱོད་དག་ལ་མ་ཆགས་པ་ནི་གང་ཞིག་དེ་དག་སྤངས་ནས་རབ་ཏུ་འབྱུང་བ་ཡིན་ནོ། །རྒྱུ་མཚན་ལ་མཁས་པ་ནི་ཞི་

གནས་ལ་སོགས་པའི་རྒྱུ་མཚན་གསུམ་ལ་མཁས་པའི་ཕྱིར་རོ། །ནང་ལ་རབ་ཏུ་གནས་པ་ནི་ཐེག་པ་ཆེན་པོ་ལས་མི་གཡོ་བའི་ཕྱིར་ཏེ། ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ཡིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བརྩེ་དང་ལྡན་པ་ངོ་ཚ་ཡོན་ཏན་གནས། །སྡུག་

བསྔལ་དང་ལེན་རང་གི་བདེར་མ་ཆགས། །དྲན་གཙོ་ཤིན་ཏུ་མཉམ་པར་གཞག་པའི་བདག །ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་དྲན་པ་གཙོ་བོ་ནི་བསམ་གཏན་དང་ལྡན་པ་དྲན་པའི་སྟོབས་ཀྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཤིན་ཏུ་མཉམ་

เล่ม ๑๒๓ · หน้า 248b

པར་གཞག་པའི་བདག་ཉིད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྡུག་བསྔལ་སེལ་བ་སྡུག་བསྔལ་མི་བྱེད་ཉིད། །སྡུག་བསྔལ་བཟོད་པ་སྡུག་བསྔལ་འཇིགས་པ་མེད། །སྡུག་བསྔལ་རྣམ་གྲོལ་སྡུག་བསྔལ་མི་རྟོག་པ། །སྡུག་བསྔལ་ཁས་

ལེན་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ནི། །བསམ་གཏན་དང་ལྡན་པའི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལས་གྲོལ་བའི་ཕྱིར་རོ། །སྡུག་བསྔལ་ཁས་ལེན་པ་ནི་འཁོར་བ་ཁས་ལེན་པའི་ཕྱིར་

རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཆོས་ལ་མི་དགའ་རང་བཞིན་ཆོས་ལ་དགའ། །ཆོས་ལ་སྨོད་ཅིང་ཆོས་ལ་མངོན་པར་བརྩོན། །ཆོས་ལ་དབང་བ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་ཆོས་ལ་སྨོད་པ་ནི། མི་བཟོད་པ་ལ་སྨོད་

པའི་ཕྱིར་རོ། །ཆོས་ལ་དབང་བ་ནི་སྙོམས་པར་འཇུག་པ་ལའོ། །ཆོས་གཙོར་བྱེད་པ་ནི་བྱང་ཆུབ་ཆེན་པོར་ལྷུར་ལེན་པའོ། །ཚིག་སྦྱར་བ་ལ་བདེ་བས་ཆོས་ཉིད་འདིར་ཆོས་སུ་བཤད་དོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ལོངས་སྤྱོད་བག་ཡོད་ངེས་ལ་བག་ཡོད་དང་། །བསྲུང་ལ་

བག་ཡོད་དགེ་ལ་བག་ཡོད་དང་། །བདེ་ལ་བག་ཡོད་ཆོས་ལ་བག་ཡོད་དང་། །ཐེག་པ་བག་ཡོད་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་བསྲུང་བ་ལ་བག་ཡོད་པ་ནི་བཟོད་པ་དང་ལྡན་པ་རང་དང་གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཕྱིར་རོ། །ཆོས་ལ་བག་ཡོད་པ་ནི། ཡང་དག་པ་

ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང་། །མི་བཟོད་ངོ་ཚ་ཡོངས་ཉམས་ངོ་ཚ་དང་། །རྣམ་འཕྲོ་ངོ་ཚ་ལྟ་ཆུང་ངོ་ཚ་དང་། །ཐེག་ཆེན་ངོ་ཚ་བྱང་ཆུབ་སེམས་དཔའ་ཡིན། །དེ་ལ་མ་གུས་བས་ངོ་ཚ་བ་ནི། གང་ཞིག་སློང་བ་

ལ་ཁྱད་དུ་གསོད་པས་སོ། །ཉེས་པ་ཆུང་ངུས་ངོ་ཚ་བ་ནི། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བས་སོ། །ལྟ་བ་ཆུང་ངུས་ངོ་ཚ་བ་ནི། ཆོས་ལ་བདག་མེད་པར་མ་རྟོགས་པས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཚིགས་སུ་བཅད་པ་འདི་དག་ཐམས་

เล่ม ๑๒๓ · หน้า 249a

ཅད་ཀྱིས་ནི་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་། བྱང་ཆུབ་ཆེན་པོར་སྨོན་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་མཚན་ཉིད་རིག་པར་བྱའོ། །འདི་དང་ཕ་རོལ་དང་ནི་བཏང་སྙོམས་དང་། །འདུ་བྱེད་ལྡན་དང་དབང་འབྱོར་ཉིད་ཐོབ་དང་། །མཚུངས་

པར་སྟོན་དང་འབྲས་བུ་ཆེན་པོ་ཡིས། །བྱང་ཆུབ་སེམས་དཔའ་ཕན་འདོགས་བྱེད་ལ་འཇུག །སྦྱིན་པས་ནི་འདི་ཁོ་ན་ལ་སེམས་ཅན་རྣམས་ལ་ཕན་པ་ལ་འཇུག་གོ། །ཚུལ་ཁྲིམས་ཀྱིས་ནི་སྐྱེ་བ་ཁྱད་པར་ཅན་ཐོབ་ནས་གཞན་དུའོ། །འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་

འགྲུས་དང་ལྡན་པའོ། །འབྲས་བུ་ཆེན་པོ་ཡིས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །འདིས་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཆེན་པོར་སྨོན་པས་ཇི་ལྟར་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་བ་དེ་ཡོངས་སུ་བསྟན་

ཏོ། །བྱང་ཆུབ་སེམས་དཔའི་མཚན་སྤྱིར་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བརྒྱད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང་། །རྩལ་ལྡན་དང་ནི་འཕགས་མཆོག་

དང་། །དེད་དཔོན་དང་ནི་གྲགས་མཆོག་དང་། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །བཅུ་དྲུག་པོ་འདི་དག་ནི་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་དོན་དང་མཐུན་པ་ཡིན་ནོ། །དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང་། །དོན་ཀུན་

རྟོགས་དང་རྟག་ཏུ་རྟོགས་པ་དང་། །ཐབས་རྣམས་རྟོགས་པར་འགྱུར་བའི་ཁྱད་པར་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རྟོགས་པའི་ཁྱད་པར་རྣམ་པ་ལྔས་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པ་དང་། །རང་དང་གཞན་གྱི་

དོན་རྟོགས་པ་དང་། དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ན་ཡང་མི་ཟད་པར་རྟོགས་པ་དང་། གདུལ་བྱ་ཇི་ལྟ་བ་བཞིན་དུ་འདུལ་བའི་ཐབས་རྟོགས་པས་སོ། །བདག་རྗེས་རྟོགས་དང་ལྟ་བ་ཕྲ་རྟོགས་དང་། །རྣམ་རིག་སྣ་

เล่ม ๑๒๓ · หน้า 249b

ཚོགས་རྣམ་པར་རྟོགས་དང་ཀུན། །ཡང་དག་མིན་རྟོག་ཡིན་པར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདིར་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྟོགས་པ་དང་། དེ་རྣམས་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་རྟོགས་པའི་སྒོ་ནས་རྟོགས་

པའི་ཁྱད་པར་རྣམ་པ་བཞི་སྟོན་ཏེ། དེ་ལ་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡིད་ནི་དེ་ལ་དམིགས་པ་བདག་ཏུ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །མ་རྟོགས་རྟོགས་དང་རྗེས་སུ་རྟོགས་པ་རྟོགས། །

དངོས་མེད་རྟོགས་དང་རབ་ཏུ་སྐྱེ་བ་རྟོགས། །མ་རྟོགས་རྟོགས་པ་སོ་སོར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདིར་ནི་མ་རིག་པ་རྟོགས་པ་དང་། རིག་པ་རྟོགས་པ་དང་། ཀུན་བརྟག་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་རྟོག་པའི་སྒོ་ནས་རྟོགས་པའི་ཁྱད་པར་

རྣམ་པ་ལྔ་སྟོན་ཏེ། དེ་ལ་མ་རྟོགས་པ་ཉིད་དུ་རྟོགས་པ་སོ་སོར་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རིག་པར་བྱའོ། །དོན་མེད་རྟོགས་དང་དོན་དམ་རྟོགས་པ་དང་། །དོན་ཀུན་རྟོགས་དང་མཐའ་དག་དོན་རྟོགས་དང་། །རྟོགས་བྱ་རྟོགས་གཞི་རྟོགས་པ་རྟོགས་པའི་རྒྱུ། །དེས་ན་བྱང་

ཆུབ་སེམས་དཔའ་ཞེས་བྱའོ། །འདིར་ནི་རྟོགས་པའི་ཁྱད་པར་རྣམ་པ་ལྔ་སྟོན་ཏེ། གཞན་གྱི་དབང་གི་མཚན་ཉིད་རྟོགས་པ་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་རྟོགས་པ་དང་། ཀུན་བརྟགས་པའི་མཚན་ཉིད་རྟོགས་པ་དང་། ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་

པ་དང་། རྟོགས་པར་བྱ་བ་དང་། རྟོགས་པ་པོ་དང་། རྟོགས་པ་འཁོར་གསུམ་ཡོངས་སུ་དག་པར་རྟོགས་པའི་ཕྱིར་རོ། །གྲུབ་པར་གྱུར་པ་རྟོགས་དང་གནས་རྟོགས་དང་། ལྷུམས་རྗེས་རྟོགས་དང་རིམ་པ་རྟོགས་པ་དང་། །རབ་ཏུ་རྟོགས་དང་ཐེ་ཚོམ་བསལ་རྟོགས་རྒྱུ། །དེས་ན་བྱང་ཆུབ་

སེམས་དཔའ་ཞེས་བྱའོ། །དེ་ལ་གྲུབ་པར་གྱུར་པ་རྟོགས་པ་ནི་སངས་རྒྱས་ཉིད་དོ། །གནས་རྟོགས་པ་ནི་གང་གིས་ན་དགའ་ལྡན་གྱི་གནས་ན་བཞུགས་པའོ། །ལྷུམས་རྗེས་སུ་རྟོགས་པ་ནི་གང་གིས་ན་ཡུམ་གྱི་ལྷུམས་སུ་འཇུག་པའོ། །རིམ་པ་སྟོན་པ་རྟོགས་པ་ནི་གང་གིས་ན་

เล่ม ๑๒๓ · หน้า 250a

ལྷུམས་ནས་བལྟམས་ཤིང་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང་། རབ་ཏུ་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་སྟོན་པ་ཡིན་ནོ། །རབ་ཏུ་རྟོགས་པ་དང་ཐེ་ཚོམ་བསལ་བ་རྟོགས་པ་ནི། གང་གིས་ན་སེམས་ཅན་

རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བཅད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །བློ་དང་ལྡན་པ་བློ་ཐོབ་མ་ཐོབ་དང་། །རབ་གནས་རྟོགས་དང་རྗེས་སུ་རྟོགས་པ་དང་། །སོ་སོར་ཆད་བློ་བརྗོད་མེད་ང་བཅོམ་དང་། །ང་ཅན་བློ་གྲོས་མ་སྨིན་ཡང་དག་སྨིན། །འདིར་ནི་

འདས་པ་ལ་སོགས་པའི་རྟོགས་པ་རྣམ་པ་བཅུ་གཅིག་གིས་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྟན་ཏེ། །དེ་ལ་བློ་ཐོབ་པ་དང་། མ་ཐོབ་པ་དང་རབ་ཏུ་གནས་པ་ནི་རྟོགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དག་དང་གོ་རིམས་བཞིན་ནོ། །རྟོགས་པ་ནི་རང་

གིས་རྟོགས་པའི་ཕྱིར་རོ། །རྗེས་སུ་རྟོགས་པ་ནི་གཞན་ལས་རྟོགས་པའི་ཕྱིར་ཏེ། འདིས་ནི་ནང་དང་ཕྱིའི་རྟོགས་པ་སྟོན་ཏོ། །སོ་སོར་འཆད་པར་བྱེད་པ་དང་། །བརྗོད་པ་མེད་པའི་བློ་ཞེས་བྱ་བ་ནི་རིགས་པ་དང་ཕྲ་བའོ། །ང་རྒྱལ་ཅན་དང་ང་རྒྱལ་བཅོམ་པ་ཞེས་བྱ་བ་

ནི་དམན་པ་དང་གྱ་ནོམ་པའོ། །བློ་གྲོས་མ་སྨིན་པ་དང་ཡང་དག་པར་སྨིན་པ་ཞེས་བྱ་བ་ནི་རྟོགས་པ་རིང་བ་དང་ཉེ་བ་སྟོན་པ་ཡིན་ནོ། །ཡོན་ཏན་གྱི་སྐབས་རྫོགས་སོ།། །།རྟགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། བརྩེ་དང་སྙན་པར་སྨྲ་བ་དང་། །

བརྟེན་པ་ཉིད་དང་ལག་བརྐྱང་ཉིད། །དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཡོངས་གཟུང་མོས་པ་ཐོབ་པ་དང་། །མི་སྐྱོ་གཉིས་ཀྱིས་བསྡུ་བའི་ཕྱིར། །བསམ་པ་དང་ནི་སྦྱོར་བ་ལས། །རྟགས་ལྔར་རྣམ་པར་ཤེས་

པར་བྱ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་བྱང་ཆུབ་སེམས་དཔའི་རྟགས་ལྔ་སྟོན་ཏོ། །གཉིས་པས་ནི་དེ་དག་གི་ལས་དང་མདོར་བསྡུ་བའོ། །དེ་ལ་བརྩེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཡོངས་སུ་བཟུང་བའི་ཕྱིར་རོ། །སྙན་པར་སྨྲ་བ་ནི། སེམས་

เล่ม ๑๒๓ · หน้า 250b

ཅན་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་མོས་པ་ཐོབ་པར་བྱ་བའི་ཕྱིར་རོ། །བརྟན་པ་ཉིད་ནི་བྱ་དཀའ་བ་སྤྱོད་པ་ལ་སོགས་པས་མི་སྐྱོ་བར་བྱ་བའི་ཕྱིར་རོ། །ལག་བརྐྱང་བ་ཉིད་དང་། དགོངས་པ་ངེས་པར་འགྲེལ་པ་ནི་གཉིས་ཀྱིས་བསྡུ་བའི་ཕྱིར་ཏེ། ཟང་ཟིང་དང་ཆོས་ཀྱིས་གོ་རིམས་བཞིན་ནོ། །

རྟགས་ལྔ་པོ་འདི་དག་ལས་བརྩེ་བ་ནི་བསམ་པའི་སྒོ་ནས་རིག་པར་བྱའོ། །ལྷག་མ་ནི་སྦྱོར་བའི་སྒོ་ནས་སོ། །ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །

སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ས་རྣམས་ཀུན་ལ་བློ་ལྡན་གྱིས། །རབ་བྱུང་ལེན་པས་ཐོབ་པ་དང་། །ཆོས་ཉིད་ཀྱིས་ནི་ཐོབ་པ་གཞན། །རབ་ཏུ་བྱུང་བ་སྟོན་བྱེད་ཡིན། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །

བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་ཇི་ལྟ་བུ་ཞིག་ལ་གནས་ཏེ། སེམས་ཅན་གྱི་དོན་བྱེད་པ་དེ་ཡོངས་སུ་བསྟན་ཏོ། །གཉིས་པས་ནི་རབ་ཏུ་བྱུང་བའི་ཕྱོགས་ཇི་ལྟ་བུ་ཞིག་ལའོ། །དེ་ལ་རབ་ཏུ་བྱུང་བ་ནི། རྣམ་

པ་གསུམ་དུ་རིག་པར་བྱ་སྟེ། ཡང་དག་པར་ལེན་པས་ཐོབ་པ་དང་། ཆོས་ཉིད་ཀྱིས་ཐོབ་པ་དང་། སྤྲུལ་པ་རྣམས་ཀྱིས་སྟོན་པར་བྱེད་པའོ། །གསུམ་པས་ནི་རབ་ཏུ་བྱུང་བའི་ཕྱོགས་ཁྱིམ་པའི་ཕྱོགས་ལས་ཁྱད་པར་དུ་འཕགས་པར་ཡོངས་སུ་བསྟན་ཏོ། །ལྷག་པའི་བསམ་པ་རྣམ་པར་དབྱེ་བའི་

ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ། ས་རྣམས་ཀུན་ལ་བརྟན་པ་ཡི། །ཕ་རོལ་སྡུག་པའི་འབྲས་བུ་དང་། །འདི་ལ་དགེ་བ་འཇུག་འདོད་དང་། །མྱ་ངན་འདས་པར་འདོད་པ་དང་། །མ་དག་རྣམ་དག་རབ་དག་པ། །སེམས་ཅན་རྣམས་ལ་བསམ་པར་འདོད། །འདིས་ནི་མདོར་ན་ལྷག་པའི་བསམ་པ་རྣམ་

པ་ལྔ་ཡོངས་སུ་བསྟན་ཏེ། བདེ་བའི་ལྷག་པའི་བསམ་པ་ནི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་འདོད་པའོ། །ཕན་པའི་ལྷག་པའི་བསམ་པ་ནི། འདི་ཉིད་ལ་དགེ་བ་ལ་འཇུག་པར་འདོད་པའོ། །མྱ་ངན་ལ་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི་བསམ་པ་ཁོ་ན་ཡིན་པས་གཞན་མ་ཡིན་པར་རིག་པར་བྱའོ། །

เล่ม ๑๒๓ · หน้า 251a

ལྷག་པའི་བསམ་པ་མ་དག་པ་ལ་སོགས་པ་གསུམ་ནི་མ་ཞུགས་པ་རྣམས་དང་། ས་ལ་ཞུགས་པ་རྣམས་དང་། ཕྱིར་མི་ལྡོག་པའི་ས་ཐོབ་པ་རྣམས་ཀྱི་སྟེ་གོ་རིམས་བཞིན་ནོ། །ཡོངས་སུ་འཛིན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ས་རྣམས་ཀུན་ལ་བློ་ལྡན་པའི། །སྨོན་ལམ་

དང་ནི་སེམས་མཉམ་དང་། །བདག་པོར་གྱུར་པ་དག་དང་ནི། །འཁོར་སྡུད་པ་ཡིས་ཡོངས་སུ་འཛིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ཡོངས་སུ་འཛིན་པ་ནི་རྣམ་པ་བཞི་སྟེ། སྨོན་ལམ་གྱིས་ཡོངས་སུ་འཛིན་པ་ནི། །བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་

འཛིན་པའི་ཕྱིར་རོ། །སེམས་མཉམ་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་ནི་མངོན་པར་རྟོགས་པའི་དུས་ན་བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །བདག་པོས་ཡོངས་སུ་འཛིན་པ་ནི། རྗེ་བོར་གྱུར་པ་འདི་གང་དག་གི་རྗེ་བོ་ཡིན་པའོ། །འཁོར་སྡུད་པས་ཡོངས་སུ་འཛིན་པ་ནི། སློབ་མའི་ཚོགས་

ཉེ་བར་ལེན་པའི་ཕྱིར་རོ། །སྐྱེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་པའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ནི་རྣམ་པ་བཞི་སྟེ། ལས་ཀྱི་

དབང་གིས་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ལས་ཀྱི་དབང་གིས་འདོད་པའི་གནས་སུ་སྐྱེ་བ་གང་ཡིན་པའོ། །སྨོན་ལམ་གྱི་དབང་གིས་ནི་ས་ལ་ཞུགས་པ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །དུད་འགྲོ་ལ་སོགས་པའི་གནས་དམན་པར་ཡང་སྐྱེ་བ་གང་ཡིན་པའོ། །ཏིང་ངེ་

འཛིན་གྱི་དབང་གིས་ནི་བསམ་གཏན་རྣམས་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བ་གང་ཡིན་པའོ། །དབང་འབྱོར་པའི་དབང་གིས་ནི། སྤྲུལ་པ་དག་གིས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བར་ཀུན་ཏུ་སྟོན་པ་གང་ཡིན་པའོ། །གནས་པ་དང་ས་རྣམ་པར་དབྱེ་བའི་སྡོམ་གྱི་ཚིགས་སུ་བཅད་པ།

མཚན་ཉིད་གང་ཟག་བསླབ་པ་དང་། །ཕུང་པོ་གྲུབ་པ་རྟགས་དང་ནི། །ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །མཚན་ཉིད་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་ལྔ་སྟེ། སྟོང་པ་ཉིད་ནི་མཆོག་རྟོགས་ནས། །ལས་རྣམས་ཆུད་མི་ཟ་བར་གནས། །བསམ་གཏན་རབ་

เล่ม ๑๒๓ · หน้า 251b

བདེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་བསྔོ། །སེམས་ཀུན་ཉོན་མོངས་མེད་པར་ནི། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཆེད་དུ་བསམས་ཏེ་སྐྱེ་བས་ན། །ཀུན་ནས་ཉོན་མོངས་རྗེས་སུ་གསུང་། །བགྲོད་པ་གཅིག་

པའི་ལམ་དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་བ་སྟེ། །དེ་ཡི་འོག་ཏུ་སེམས་ཅན་ནི། །སྨིན་པར་བྱེད་པ་འགྲུབ་པར་འགྱུར། །ཏིང་ངེ་འཛིན་དང་གཟུགས་རྣམ་དང་། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་གཞག་པ་

འདི་དག་གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །གནས་པ་བཅུ་གཅིག་ནི་ས་བཅུ་གཅིག་གོ། །དེ་དག་གི་མཚན་ཉིད་ལས་དང་པོའི་མཚན་ཉིད་ནི་སྟོང་པ་ཉིད་མཆོག་མངོན་པར་རྟོགས་པ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་མངོན་པར་རྟོགས་པའི་ཕྱིར་རོ། །གཉིས་པའི་ནི་ལས་

རྣམས་ཆུད་མི་ཟ་བ་ལ་རྣམ་པར་གནས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་དང་དེའི་འབྲས་བུ་རྣམ་པ་སྣ་ཚོགས་ཤེས་པའི་ཕྱིར་རོ། །གསུམ་པའི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་བདེ་བ་ཕུལ་དུ་བྱུང་བ་དག་གིས་གནས་ནས་དེ་དག་ལས་ཡོངས་སུ་མ་ཉམས་བཞིན་དུ་འདོད་པའི་

ཁམས་སུ་སྐྱེ་བ་ཡིན་ནོ། །བཞི་པའི་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་མང་དུ་གནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་འཁོར་བར་ཡོངས་སུ་བསྔོ་བ་ཡིན་ནོ། །ལྔ་པའི་ནི་འཕགས་པའི་བདེན་པ་བཞིས་མང་དུ་གནས་པས་བདག་ཉིད་ཀྱི་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་སེམས་

ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། བསྟན་བཅོས་དང་བཟོ་སྣ་ཚོགས་བྱེད་པའི་ཕྱིར་རོ། །དྲུག་པའི་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་མང་དུ་གནས་པས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་དེར་ཀུན་ནས་ཉོན་མོངས་པ་རྗེས་སུ་བསྲུང་བ་ཡིན་ནོ། །བདུན་པའི་ནི་འདྲེས་པ་ཉེ་བར་འདྲིས་པ་

ཉིད་ཀྱིས་བགྲོད་པ་གཅིག་པའི་ལམ་ལ་གནས་པ་བརྒྱད་པ་དང་འབྲེལ་པ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཡིན་ནོ། །བརྒྱད་པའི་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་མ་མེད་པ་ལ་གནས་པའི་ཕྱིར། མཚན་མ་མེད་པ་ཡང་ལྷུན་གྱིས་གྲུབ་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་

เล่ม ๑๒๓ · หน้า 252a

སུ་སྦྱོང་བ་ཡིན་ནོ། །དགུ་པའི་ནི་སོ་སོ་ཡང་དག་པར་རིག་པ་ལ་དབང་བ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པ་འགྲུབ་པར་འགྱུར་བ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་ནུས་པའི་ཕྱིར་རོ། །བཅུ་པའི་ནི་ཏིང་ངེ་འཛིན་གྱི་སྒོ་ནས། གཟུངས་ཀྱི་སྒོ་

རྣམས་རྣམ་པར་དག་པ་ཉིད་ཡིན་ནོ། །བཅུ་གཅིག་པ་སངས་རྒྱས་ཀྱི་སའི་མཚན་ཉིད་ནི། །བྱང་ཆུབ་རྣམ་པར་དག་པ་ཉིད་ཡིན་ཏེ། ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་སྤངས་བའི་ཕྱིར་རོ། །ས་རྣམས་ཁོ་ན་ལ་གང་ཟག་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་

གཉིས་ཏེ། །བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་

པ། །ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང་། །ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ས་བཅུ་པོ་དག་ལ་བྱང་ཆུབ་སེམས་དཔའ་བཅུ་རྣམ་པར་གཞག་སྟེ། ས་དང་པོ་ལ་ནི། གང་ཟག་དང་ཆོས་སུ་ལྟ་བའི་

གཉེན་པོའི་ཡེ་ཤེས་ཐོབ་པའི་ཕྱིར། ལྟ་བ་རྣམ་པར་དག་པ་ཡིན་ནོ། །གཉིས་པ་ལ་ནི་ལྟུང་བའི་འཁྲུལ་པ་ཕྲ་མོ་ཀུན་ཏུ་སྤྱོད་པ་ཡང་མེད་པའི་ཕྱིར་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །གསུམ་པ་ལ་ནི་མི་ཉམས་པའི་བསམ་གཏན་དང་། ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཉམ་པར་གཞག་པ་

ཡིན་ནོ། །བཞི་པ་ལ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ལ་ཐ་དད་པ་ཉིད་ཀྱི་ང་རྒྱལ་སྤངས་པའི་ཕྱིར། ཆོས་ལ་ང་རྒྱལ་སྤངས་པ་ཡིན་ནོ། ལྔ་པ་ལ་ནི་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རྒྱུད་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་རྒྱུད་ཐ་དད་པར་ང་རྒྱལ་མེད་པ་

ཡིན་ནོ། །དྲུག་པ་ལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཀྱིས་མང་དུ་གནས་པས་ན་ནག་པོ་དང་དཀར་པོའི་ཕྱོགས་དག་གི་དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་ལྟ་བའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐ་དད་པར་ང་རྒྱལ་མེད་པ་ཡིན་ཏེ།

เล่ม ๑๒๓ · หน้า 252b

རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །བདུན་པ་ལ་ནི་མཚན་མ་མེད་པར་གནས་པའི་མཐུས། སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་བསྒོམ་པའི་ཕྱིར། སྐད་ཅིག་གཅིག་དང་ལྡན་པའི་བློ་ཐོབ་པ་ཡིན་ནོ། །བརྒྱད་པ་ལ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་

གནས་པའི་ཕྱིར་དང་། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པ་རྣམས་དང་འདྲེས་པ་ཉེ་བར་འདྲེས་པའི་ཕྱིར་བཏང་སྙོམས་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་པར་བྱེད་པ་ཡིན་ནོ། །དགུ་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་སྟེ་སྔ་མ་བཞིན་ནོ། །བྱང་ཆུབ་

སེམས་དཔའི་ས་བཅུ་པ་ལ་ནི། མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་དང་། མཐུ་ཆེན་པོར་ཡང་རྣམ་པར་གཞག་གོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཚད་མེད་པས་ཁྱབ་པའི་ཕྱིར། ལུས་ཡོངས་སུ་རྫོགས་པར་ཡང་རྣམ་པར་གཞག་གོ། །དགའ་ལྡན་གྱི་གནས་ན་གནས་པ་ལ་

སོགས་པའི་སྤྲུལ་པ་ངེས་པར་སྟོན་པའི་ཕྱིར་ལུས་ངེས་པར་སྟོན་པ་ལ་མཁས་པར་ཡང་རྣམ་པར་གཞག་གོ། །དེ་ནས་སངས་རྒྱས་ཐམས་ཅད་ལས་དབང་བསྐུར་བ་ཐོབ་པའི་ཕྱིར། སངས་རྒྱས་ཉིད་དུ་དབང་བསྐུར་བ་ཡིན་པར་ཡང་རྣམ་པར་གཞག་གོ། །བསླབ་པ་རྣམ་པར་གཞག་པ་ལས་བརྩམས་ནས་

ཚིགས་སུ་བཅད་པ་ལྔ་སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དེ་དང་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་

ཡུལ་དེ་ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །བསླབས་པ་རྣམས་དང་བསྒོམས་པ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང་། །ཞིང་ནི་རྣམ་པར་དག་པ་དག །འབྲས་བུ་

གཉིས་པར་འདད་པ་ཡིན། །སེམས་ཅན་སྨིན་པར་འགྲུབ་ཉིད་དང་། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བསྟན། །ས་དང་པོ་ལ་ཆོས་ཉིད་དེ་བཞིན་ཉིད་རྟོགས་ནས་གཉིས་པ་ལ་ལྷག་པའི་ཚུལ་

เล่ม ๑๒๓ · หน้า 253a

ཁྲིམས་ལ་སློབ་པའོ། །གསུམ་པ་ལ་ལྷག་པའི་སེམས་ལའོ། །བཞི་པ་དང་ལྔ་པ་དང་དྲུག་པ་དག་ལ་ནི་ལྷག་པའི་ཤེས་རབ་ལ་སྟེ། ས་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་བསྡུས་པའི་ཤེས་རབ་པོ། །དེ་ཡང་ས་གཉིས་ལ་ནི་སྤྱོད་ཡུལ་གཉིས་པ་ཅན་

ཏེ། གཉིས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་སྡུག་བསྔལ་ལ་སོགས་པའི་བདེན་པ་དང་། དེ་མི་ཤེས་པ་དང་ཤེས་པ་ལ་སོགས་པའི་འཇུག་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའོ། །དེ་མི་ཤེས་པ་ལ་སོགས་པའི་འཇུག་པ་ནི་མ་རིག་པ་ལ་སོགས་པའོ། །

དེ་ཤེས་པ་ལ་སོགས་པའི་འཇུག་པ་ནི་རིགས་པ་ལ་སོགས་པ་སྟེ། དེ་ལྟ་བས་ན་ས་གཉི་ག་ལ་ཡང་ལྷག་པའི་ཤེས་རབ་རྣམ་པར་གཞག་གོ། །དེ་ཡན་ཆད་བསླབ་པའི་འབྲས་བུ་རྣམ་པ་བཞི་ནི་གོ་རིམས་བཞིན་དུ་ས་བཞི་ལ་བརྟེན་པར་རིག་པར་བྱ་སྟེ། །དེ་ལ་འབྲས་བུ་དང་པོ་ནི་མཚན་མ་མེད་

པར་གནས་པ་འདུ་བྱེད་པ་དང་བཅས་པའོ། །འབྲས་བུ་གཉིས་པ་ནི་མཚན་མ་མེད་པར་གནས་པ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང་། ཞིང་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཕུང་པོ་རྣམ་པར་གཞག་པ་ལས་བརྩམས་ནས། །ཚིགས་སུ་བཅད་

པ་གཉིས་ཏེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱིས་ནི་ཕུང་པོ་སྦྱོང་། །དེ་ཡི་འོག་ཏུ་ཏིང་འཛིན་དང་། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང་། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང་། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང་། །དེ་

ལས་གཞན་པ་དག་ལ་ཞེས་བྱ་བ་ནི་ས་བདུན་པ་ནས་སངས་རྒྱས་ཀྱི་སའི་བར་དུ་སྟེ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཉི་ག་རྣམ་པར་སྦྱོང་ངོ་། །རྣམ་པར་གྲོལ་བ་དེ་ཡང་འབྲས་བུ་རྣམ་པ་བཞིའི་སྒྲིབ་པ་ལས་རིག་པར་བྱའོ། །སངས་རྒྱས་ཀྱི་ས་ལ་ནི། ཐོགས་པའི་

སྒྲིབ་པ་ལས་ཏེ། སངས་རྒྱས་རྣམས་ནི་གང་གིས་ན་གཞན་དག་ཤེས་བྱ་ལ་ཤེས་པ་ཐོགས་པར་འགྱུར་བ་དེ་ལས་རྣམ་པར་གྲོལ་བས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གྲུབ་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་

เล่ม ๑๒๓ · หน้า 253b

གསུམ་སྟེ། །ས་རྣམས་ཐམས་ཅད་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །གྲུབ་པ་ཇི་ལྟར་རྣམ་གཞག་བཞིན། །ཡིད་ལ་བྱེད་པས་དེ་རྟོགས་པར། །ཤེས་པའི་ཕྱིར་དང་དེ་ཉིད་ལ། །རྣམ་མི་

རྟོག་ཕྱིར་རྣམ་ཤེས་བྱ། །སོ་སོ་རང་རིག་བྱ་ཕྱིར་དང་། །སངས་རྒྱས་རྣམས་ཀྱི་ཡུལ་གྱི་ཕྱིར། །ས་རྣམས་ཀུན་ལ་སྒོམ་པ་དང་། །གྲུབ་པ་ཡང་ནི་བསམ་མི་ཁྱབ། །དེ་ལ་མོས་པས་སྤྱོད་པའི་ས་ལ་ནི་མ་གྲུབ་པའོ། །ལྷག་མ་རྣམས་ནི་གྲུབ་པ་སྟེ། །དེ་ལྟར་ན་དེ་དག་ནི་ས་

ཐམས་ཅད་ཡིན་ནོ། །གྲུབ་པ་དག་ལ་ཡང་བདུན་ནི་མ་གྲུབ་པ་ཡིན་ནོ། །ལྷག་མ་དག་ནི་གྲུབ་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ། །གང་ཡང་གོང་དུ་ས་རབ་ཏུ་དགའ་བ་གྲུང་པར་བཤད་པ་དེ་ལ་གྲུབ་པ་ནི་ས་ཇི་ལྟར་རྣམ་པར་གཞག་པ་བཞིན་ཡིད་ལ་བྱེད་པས་

ས་རྣམ་པར་གཞག་པ་དེ་རྟོག་པ་ཙམ་དུ་ཤེས་པའི་ཕྱིར་དང་། དེ་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་རིག་པར་བྱ་སྟེ། གང་གི་ཚེ་ས་རྣམ་པར་གཞག་པ་དེ་རྟོག་པ་ཙམ་དུ་ཤེས་ཤིང་རྟོག་པ་ཙམ་དེ་ལ་ཡང་རྣམ་པར་རྟོག་པར་མི་བྱེད་ན། དེ་ལྟར་ན་གཟུང་བ་དང་འཛིན་པའི་

རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ས་ཡོངས་སུ་གྲུབ་པ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ས་ཐམས་ཅད་ལ་ས་རྣམས་བསྒོམ་པ་དང་། གྲུབ་པ་གཉི་ག་བསམ་གྱིས་མི་ཁྱབ་སྟེ། །འདི་ལྟར་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་རང་གིས་རིག་པར་

བྱ་བ་དང་། སངས་རྒྱས་རྣམས་ཀྱི་ཡུལ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །ས་ལ་ཞུགས་པའི་རྟགས་རྣམ་པར་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་སྟེ། སྣང་དང་བཅས་དང་མོས་པ་དང་། །མ་ཞུམ་པ་དང་མི་དམན་ཉིད། །གཞན་དྲིང་མི་

འཇོག་བདག་ཉིད་དང་། །ཐམས་ཅད་རབ་ཏུ་རྟོགས་པ་དང་། །ཀུན་ལ་སེམས་ནི་མཉམ་པ་དང་། །བཀྲི་དང་རྗེས་སུ་ཆགས་མེད་དང་། །ཐབས་ཤེས་འཁོར་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །རྣམ་པ་བཅུ་པོ་འདི་དག་ནི། །ས་ཐམས་ཅད་ལ་བྱང་ཆུབ་

เล่ม ๑๒๓ · หน้า 254a

སེམས་དཔའ་ས་ལ་ཞུགས་པའི་རྟགས་ཡིན་པར་རིག་པར་བྱ་སྟེ། ས་གང་ལ་ཞུགས་པ་དེ་ལ་སྣང་བ་དང་། གང་ལ་མ་ཞུགས་པ་དེ་ལ་མོས་པ་ཞེས་བྱ་བ་འདི་ནི་རྟགས་གཅིག་གོ། །མ་ཞུམ་པ་ཉིད་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་དམ་པ་དག་ལའོ། །མི་དམན་

པ་ཉིད་ནི་དཀའ་བ་སྤྱོད་པ་རྣམས་ལའོ། །གཞན་གྱི་དྲིང་མི་འཇོག་པ་ཉིད་ནི་རང་གི་ས་ལའོ། །ས་ཐམས་ཅད་རབ་ཏུ་རྟོགས་པ་ནི་དེ་དག་མངོན་པར་སྒྲུབ་པ་ལ་མཁས་པའི་ཕྱིར་རོ། །ཀུན་ལ་སེམས་མཉམ་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་བདག་དང་སེམས་མཉམ་པ་ཉིད་དོ། །བཀྲིར་

མི་བཏུབ་པ་ཉིད་ནི་སྙན་པ་དང་མི་སྙན་པའི་སྒྲ་དག་གིས་སོ། །རྗེས་སུ་ཆགས་པ་མེད་པ་ནི། འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའི་ཕུན་སུམ་ཚོགས་པ་དག་ལའོ། །ཐབས་ལ་མཁས་པ་ནི། མི་དམིགས་པར་སངས་རྒྱས་ཉིད་ཀྱི་ཐབས་ཤེས་པའི་ཕྱིར་རོ། །སྐྱེ་བ་ནི་

དུས་རྟག་ཏུ་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་སུ་སྐྱེ་བ་སྟེ། འདི་དག་ནི་ས་རྣམས་ལ་བྱང་ཆུབ་སེམས་དཔའི་རྟགས་གཞན་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སྟེ། འདུན་པ་མེད་པ་མ་ཡིན་ཆགས་དང་འཁུ་

བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་རྣམ་རྟོག་ངན་རྟོག་འཕྲོགས་པ་མེད། །བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོགས་སྡུག་བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་ལ་ཉེ་བར་བརྟེན་ཞིང་ཐོས་པ་

ལྷུར་ལེན་སྟོན་པ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང་། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་

མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའི་རྟགས་རྣམ་པ་བཅུ་དྲུག་སྟོན་ཏེ། རྟགས་རྣམ་པ་བཅུ་དྲུག་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་

เล่ม ๑๒๓ · หน้า 254b

པའི་འདུན་པ་དང་མ་བྲལ་བ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་ཐེག་པ་གཞན་ཡིད་ལ་བྱེད་པས་སེམས་རྣམ་པར་མ་གཡེངས་པ་ཉིད་དང་། །ཕུན་སུམ་ཚོགས་པའི་བདེ་བ་དག་

ལ་མ་ཆགས་པ་ཉིད་དང་། རྒུད་པ་དང་དཀའ་བ་སྤྱོད་པའི་སྡུག་བསྔལ་དག་གིས་སྦྱོར་བ་ལས་མི་ལྡོག་པ་ཉིད་དང་། དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་ལྷུར་ལེན་པ་ཉིད་དང་། སྟོན་པ་མཆོད་པ་གཙོར་བྱེད་པ་ཉིད་དང་། དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་

ཏུ་ཡོངས་སུ་བསྔོ་བ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་སུ་སྐྱེ་བའི་ཕྱིར་གནས་བཟང་པོར་སྐྱེ་བ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་དང་མ་འདྲེས་པའི་ཕྱིར་རྟག་ཏུ་དགེ་བ་བྱེད་པ་ཉིད་

དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་ཤེས་པའི་ཡོན་ཏན་གྱིས་རྣམ་པར་རྩེ་བའོ། །དེ་ལ་བྱམས་པ་ནི། གནོད་སེམས་ཀྱི་གཉེན་པོ་སྟེ། བདེ་བ་ཉེ་བར་སྒྲུབ་པའི་རྣམ་པ་ཅན་གྱི་བསམ་པ་ཡིན་ནོ། །སྙིང་རྗེ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ། སྡུག་བསྔལ་

དང་བྲལ་བའི་བསམ་པ་ཡིན་ནོ། །རྟོག་པ་ནི་ངོ་བོ་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་པ་ནི་ཁྱད་པར་དུ་རྟོག་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕན་ཡོན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ས་རྣམས་ཀུན་ལ་རྣམ་ཀུན་དུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་

ལྷག་མཐོང་གཉི་ག་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དེ་ཉིད་ཀྱི་ཕན་ཡོན་གྱི་རྣམ་པ་ཐམས་ཅད་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་ཟད་པར་

འགྱུར། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ཆོས་ཀྱི་དགའ་བ་ལ་ཡང་དགའ་བ་འཐོབ་པར་འགྱུར། །ས་ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་ཡང་དག་པར་ཤེས་པར་འགྱུར། འདིའི་རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་

เล่ม ๑๒๓ · หน้า 255a

པའི་རྒྱུ་མཚན་རྣམ་པར་བརྟགས་པ་མ་ཡིན་པ་དག་ཀྱང་ཀུན་ཏུ་སྤྱོད་པར་འགྱུར། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་འགྲུབ་པར་བྱ་བའི་ཕྱིར། གོང་ནས་ཆེས་གོང་དུ་རྒྱུ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལ་དང་པོ་དང་

གཉིས་པ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དག་ཡིན་པར་རིག་པར་བྱའོ། །གསུམ་པ་དང་བཞི་པ་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་དག་ཡིན་ནོ། །ལྷག་མ་ནི་གཉི་གའི་ཕྱོགས་དང་མཐུན་པ་ཡིན་ནོ། །སའི་ངེས་པའི་ཚིག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དགུ་

སྟེ། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འདི་ལ་ནི་བཤད་དུ་ཅུང་ཟད་ཀྱང་མེད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །འཆལ་

བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ཐེག་པ་གཞན་ཡིད་ལ་བྱེད་པའི་དྲི་མ་ལས་འདས་པའི་ཕྱིར། དྲི་མ་མེད་པའི་ས་ཞེས་བྱ་སྟེ། དེ་ལྟ་བས་ན་བདག་གིས་བསྒྲུབ་ཏུ་མཚུངས་པ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་བ་མངོན་པར་སྒྲུབ་པ་ཁོ་ན་ལ་བརྩོན་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་སྣང་བ་

ཆེན་པོ་ནི། བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་དེ་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་ཡོངས་སུ་ཚོལ་ཞིང་འཛིན་པའི་ཕྱིར་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་དོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་

ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེད་ཕྱིར་འོད་འཕྲོ་ཅན། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བདག་ཉིད་ཀྱི་ཤེས་རབ་དེ་ནི། དེ་ལ་ཕལ་ཆེར་གཉིས་པོ་སྲེག་པར་ཉེ་བར་གནས་ཏེ། གཉིས་ན་འདིར་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཡིན་པར་རིག་པར་བྱའོ། །

སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །དེ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མངོན་པར་བརྩོན་ཡང་། སེམས་ཅན་གྱི་ལོག་པར་བསྒྲུབས་པས་ཀུན་ནས་

เล่ม ๑๒๓ · หน้า 255b

ཉོན་མོངས་པར་མི་འགྱུར་ཏེ། །དེ་གཉི་ག་ཡང་བྱ་དཀའ་བའི་ཕྱིར་སྦྱང་དཀའ་བ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་བསྟན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་བརྟེན་ནས། མྱ་ངན་ལས་འདས་པ་དང་འཁོར་བ་དག་ལ་མི་གནས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མངོན་དུ་གྱུར་པ་ཡིན་ནོ། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །བགྲོད་པ་གཅིག་པའི་ལམ་ནི་སྔར་

བསྟན་པ་ཡིན་ནོ། །དེ་དང་འབྲེལ་པའི་ཕྱིར་རིང་དུ་སོང་བ་ཡིན་ཏེ། །སྦྱོར་བའི་མཐར་ཕྱིན་པར་སོང་བའི་ཕྱིར་རོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །མཚན་མ་ལ་སོགས་པའི་འདུ་ཤེས་དང་། མཚན་མ་མེད་པ་ལ་སོགས་པའི་

འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར་རོ། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར། ཞེས་བྱ་བ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་

པའི་ཕྱིར་ན་ཆོས་ཀྱི་སྤྲིན། །གཉིས་ཀྱིས་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུར་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དགེ་བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་

དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །དགེ་བ་སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱི་ཕྱིར་དགའ་བས་རྟག་པར་ཐམས་ཅད་དུ་གནས་པའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དག་ནི་གནས་པ་ཞེས་བྱའོ། །འབྱུང་པོ་དཔག་

མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱ་བའི་ཕྱིར་དཔག་ཏུ་མེད་པ་དེ་དག་ལ་ཕྱི་ཕྱིར་ཞིང་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་གནས་པ་དེ་དག་ཉིད་ལ་ཡང་

เล่ม ๑๒๓ · หน้า 256a

ས་རྣམས་ཞེས་བྱ་སྟེ། འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འབྱུང་པོ་དཔག་ཏུ་མེད་པ་རྣམས་ཀྱི་འཇིགས་པ་སྤང་བའི་ཕྱིར་རོ། །དཔག་ཏུ་མེད་པ་དེ་དག་ལ་ཞེས་བྱ་བ་ནི་རེ་རེ་ལ་ཡང་ཚད་མེད་པའི་ཕྱིར་རོ། །གོང་དུ་

འགྲོ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ས་གོང་མར་འགྲོ་བ་དང་ལྡན་པའི་ཕྱིར་རོ། །ཐོབ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ས་ཐོབ་པ་ནི་མོས་པ་དང་། །སྤྱོད་པ་དག་ལ་འཇུག་པ་དང་། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །འགྲུབ་པའི་སྒོ་ནས་རྣམ་པ་བཞི། །ས་

རྣམས་ཐོབ་པ་ནི་རྣམ་པ་བཞི་སྟེ། མོས་པས་ཐོབ་པ་ནི་མོས་པས་སྤྱོད་པའི་ས་ལ་ཇི་སྐད་བཤད་པ་ལ་མོས་པས་སོ། །སྤྱོད་པས་ཐོབ་པ་ནི། དེ་ཉིད་ལ་ཆོས་སྤྱོད་པ་བཅུ་ལ་འཇུག་པས་སོ། །རྟོགས་པས་ཐོབ་པ་ནི། ས་ལ་འཇུག་པའི་ཚེ་དོན་དམ་པ་རབ་ཏུ་རྟོགས་

པས་སོ། །འགྲུབ་པས་ཐོབ་པ་ནི་ཕྱིར་མི་ལྡོག་པའི་ས་ལ་འཇུག་པའི་ཚེའོ། །སྤྱོད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ། ལུས་ཅན་ཐེག་པ་ཆེན་པོ་དང་། །ཐེག་པ་དམན་ལ་མོས་པ་རྣམས། །གཉི་ག་འདུན་པར་བྱ་བ་དང་། །གདུལ་བའི་ཕྱིར་

ནི་བརྟེན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་ཕྱིར་བཤད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ནི། ཉན་ཐོས་དང་རང་སངས་རྒྱས་

ཀྱི་ཐེག་པ་ལ་མོས་པ་རྣམ་ཀྱི་ཕྱིར་རོ། མངོན་པར་ཤེས་པའི་སྤྱོད་པ་ནི། །ཐེག་པ་ཆེན་པོ་དང་དམན་པ་ལ་མོས་པ་གཉི་ག་མཐུས་འདུན་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ནི། གཉིས་པོ་ཉིད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ཡོངས་སུ་སྨིན་

པ་ནི། འདིར་འདུལ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་མང་སྟེ། རེ་ཞིག་ཚད་མེད་པ་རྣམ་པར་དབྱེ་བ་ལས་སངས་རྒྱས་ལ་བསྟོད་པ་ལས་བརྩམས་ཏེ། །ཚིགས་སུ་བཅད་པ་གཅིག་གོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །

เล่ม ๑๒๓ · หน้า 256b

ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །འདིར་སེམས་ཅན་རྣམས་ལ་བརྩེ་བ་ཉིད་ནི། ཕན་པ་དང་བདེ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏོ། །བདེ་བའི་དགོངས་པ་ཉིད་ཀྱང་བྱམས་པས་བདེ་བ་དང་ཕྲད་པར་

དགོངས་པ་ཉིད་དང་། སྙིང་རྗེས་སྡུག་བསྔལ་དང་བྲལ་བའི་དགོངས་པ་ཉིད་དང་། དགའ་བས་བདེ་བ་དང་མི་འབྲེལ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏོ། །ཕན་པའི་དགོངས་པ་ཉིད་ནི་བཏང་སྙོམས་ཀྱིས་བསྟན་ཏེ། དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་

དགོངས་པའི་མཚན་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །

ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པའི་ཁྱད་པར་ནི། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཉིད་ཀྱིས་སྟོན་ཏོ། །ཟིལ་གྱིས་གནོན་པའི་སྐྱེ་

མཆེད་ཀྱི་ཁྱད་པར་ནི། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་ཉིད་དང་། ཉིད་ཀྱི་ཐུགས་ལ་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་བཞིན་དམིགས་པ་དང་སྤྲུལ་པ་དང་། ཡོངས་སུ་བསྒྱུར་བས་བྱིན་གྱིས་རློབས་པ་ཉིད་ཀྱིས་སོ། །ཟད་པར་གྱི་སྐྱེ་མཆེད་ཀྱི་ཁྱད་པར་ནི། ཤེས་བྱ་

ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པས་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ལ་སོགས་པའི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་ལས་གྲོལ་བས་ན་ཐུགས་གྲོལ་བ་ཡིན་ནོ། །ཉོན་མོངས་པ་མེད་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །

ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །ཐུགས་རྗེར་བཅས་ཁྱོད་ལ་ཕྱག་འཚལ། །འདིར་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་མེད་པའི་ཁྱད་པར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདུལ་བ་དང་། །ཉོན་མོངས་པ་བསྐྱེད་པ་རྣམས་ལ་

เล่ม ๑๒๓ · หน้า 257a

ཡང་དེ་དག་གི་ཉོན་མོངས་པའི་གཉེན་པོ་མཛད་པ་དང་། སྐྱེ་བོ་ཉོན་མོངས་པ་ཅན་ལ་རྗེས་སུ་བརྩེ་བས་ཡང་དག་པར་བསྟན་ཏེ། ཉོན་མོངས་པ་མེད་པར་གནས་པ་གཞན་དག་ནི། སེམས་ཅན་རྣམས་ཀྱི་དེ་དག་ལ་དམིགས་པའི་ཉོན་མོངས་པ་འགའ་ཁོ་ན་ཞིག་སྐྱེ་

བའི་རྐྱེན་ཙམ་ཡོངས་སུ་སྤོང་གི །ཉོན་མོངས་པ་སྐྱེས་པ་རྒྱུད་ལས་སེལ་བར་ནི་མི་བྱེད་དོ། །སྨོན་ནས་ཤེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །

ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱི་སྨོན་ནས་མཁྱེན་པའི་ཁྱད་པར་ནི་རྣམ་པ་ལྔས་ཡང་དག་པར་བསྟན་ཏེ། ལྷུན་གྱིས་གྲུབ་པར་མངོན་དུ་འགྱུར་བ་ཉིད་དང་། ཆགས་པ་མི་མངའ་བར་མངོན་དུ་འགྱུར་བ་ཉིད་དང་། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་

མངའ་བ་ཉིད་དང་། རྟག་ཏུ་མཉམ་པར་གཞག་པ་ཉིད་དང་། སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཉིད་ཀྱིས་སྟོན་ཏེ། སྨོན་ནས་ཤེས་པ་ཐོབ་པ་གཞན་དག་ནི་སྨོན་པ། ལྷུན་གྱིས་གྲུབ་པས་སྨོན་ནས་ཤེས་པ་མངོན་དུ་བྱེད་པ་མ་ཡིན་ནོ། །ཆགས་པ་མེད་པ་ཡང་མ་

ཡིན་ཏེ། སྙོམས་པར་འཇུག་པ་ལ་ལྟོས་པའི་ཕྱིར་རོ། །ཐོགས་པ་མེད་པ་ཡང་མ་ཡིན་ཏེ། ཉི་ཚེ་ཤེས་པའི་ཕྱིར་རོ། །རྟག་ཏུ་མཉམ་པར་གཞག་པ་ཡང་མ་ཡིན་ལ། ཐེ་ཚོམ་ཐམས་ཅད་གཅོད་པ་ཡང་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་

པ། རྟེན་དང་རྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །འདིར་ནི་མདོར་ན་གང་དང་གང་གིས་བཤད་པར་བྱ་བ་དེ་ལ་བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བ་ཉིད་ཀྱིས། བཅོམ་ལྡན་འདས་

ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། དེ་ལ་རྟེན་ཆོས་དང་། །དེ་ལ་བརྟེན་པ་དོན་དང་གཉིས་ནི་བཤད་པར་བྱའོ། །གསུང་དང་མཁྱེན་པ་དང་གཉིས་ཀྱིས་ནི་འཆད་པར་བྱེད་དོ། །ལེགས་པར་སྟོན་པ་ཉིད་ཀྱིས་ནི་འདི་དག་གི་ལས་ཡང་དག་པར་བསྟན་ཏོ། །མངོན་པར་ཤེས་པ་རྣམ་

เล่ม ๑๒๓ · หน้า 257b

པར་དབྱེ་བའི་ཚིགས་སུ་བཅད་པ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་མངོན་པར་ཤེས་པ་དྲུག་གིས་བཅོམ་ལྡན་འདས་ཀྱི་ཡང་དག་པར་འདོམས་པ་

ཉིད་བསྟན་ཏེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བའི་དྲུང་དུ་གཤེགས་ནས་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པས་སེམས་ཀྱི་སྤྱོད་པ་མཁྱེན་པར་མཛད་དེ། ལྷའི་རྣ་བའི་མངོན་པར་ཤེས་པས་དེ་དག་གི་སྐད་ཀྱིས། མངོན་པར་ཤེས་པ་ལྷག་མ་གསུམ་གྱིས། གོ་རིམས་

བཞིན་དུ་ཇི་ལྟར་སྔོན་གྱི་མཐའ་ནས་འདིར་འོང་བ་དང་། ཇི་ལྟར་ཕྱི་མའི་མཐར་འགྲོ་བ་དང་། ཇི་ལྟར་འཁོར་བ་ལས་ངེས་པར་འབྱུང་བ་མཁྱེན་པས་དེ་བཞིན་དུ་གདམས་ངག་སྩོལ་བར་མཛད་དོ། །མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ལུས་ཅན་ཀུན་

གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ལ་སྐྱེས་བུ་ཆེན་པོ་ཉིད་དུ་ཡིད་ཆེས་པས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱི་ལས་མཐོང་བ་ཙམ་གྱིས་གཞན་

དག་རབ་ཏུ་དང་བ་སྐྱེད་པར་མཛད་པ་ཉིད་ཡང་དག་པར་བསྟན་ཏོ། །ཡོངས་སུ་དག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །

འདིར་དབང་རྣམ་པ་བཞིས་བཅོམ་ལྡན་འདས་ཀྱི་ཡོངས་སུ་དག་པ་བཞི་པོ་རྣམ་པ་ཐམས་ཅད་དུ་ཡོངས་སུ་བསྟན་ཏེ། །རྟེན་ཡོངས་སུ་དག་པ་ནི། ལུས་ལེན་པ་དང་། གནས་པ་དང་། གཏོང་བ་ལ་མངའ་བས་སོ། །དམིགས་པ་ཡོངས་སུ་དག་པ་ནི། སྤྲུལ་པ་དང་། ཡོངས་སུ་

བསྒྱུར་བ་ལ་མངའ་བས་སོ། །ཐུགས་ཡོངས་སུ་དག་པ་ནི། རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ལ་མངའ་བས་སོ། །ཤེས་རབ་ཡོངས་སུ་དག་པ་ནི། རྣམ་པ་ཐམས་ཅད་དུ་ཡེ་ཤེས་ལ་མངའ་བས་སོ། །སྟོབས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཐབས་དང་སྐྱབས་

เล่ม ๑๒๓ · หน้า 258a

དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་དོན་བཞི་ལ་སེམས་ཅན་རྣམས་ལ་རབ་ཏུ་སླུ་བར་བྱེད་པའི་བདུད་གང་ཡིན་པ་དེ་འཇོམས་པར་མཛད་པ་ཉིད་ཀྱིས། བཅོམ་

ལྡན་འདས་ཀྱི་སྟོབས་རྣམས་ཀྱི་ལས་ཡང་དག་པར་བསྟན་ཏེ། འདི་ལྟ་སྟེ། བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཐབས་ལ་རབ་ཏུ་སླུ་བ་དང་། ལྷ་ལ་སོགས་པ་སྐྱབས་མ་ཡིན་པ་ལ་སྐྱབས་སུ་རབ་ཏུ་སླུ་བ་དང་། ཟག་པ་དང་བཅས་པའི་འདག་པ་ཙམ་གྱིས་དག་པར་རབ་ཏུ་སླུ་བ་

དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་སླུ་བར་བྱེད་པའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི། བཅོམ་ལྡན་འདས་དོན་དང་པོ་ལ་བདུད་འཇོམས་པར་མཛད་པ་ཡིན་པར་རིག་པར་བྱའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་

ཀྱིས་ནི་གཉིས་པ་ལའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་གསུམ་པ་ལའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ལ་སོགས་པ་མཁྱེན་པའི་སྟོབས་ཀྱིས་ནི་བཞི་པ་ལ་སྟེ། དབང་པོ་དམན་པ་ལ་

སོགས་པ་སྤངས་ནས་མཆོག་དག་ལ་སྦྱོར་བའི་ཕྱིར་རོ། །མི་འཇིགས་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་བགེགས་བྱེད་པར། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་

འཚལ་ལོ། །འདིར་རང་གི་དོན་དུ་ཡེ་ཤེས་དང་སྤངས་པ་སྟོན་པར་མཛད་པ་ཉིད་དང་། གཞན་གྱི་དོན་དུ་ངེས་པར་འབྱུང་བ་དང་། བགེགས་བྱེད་པ་སྟོན་པར་མཛད་པ་ཉིད་ཀྱིས་གཞན་མུ་སྟེགས་ཅན་རྣམས་ཀྱིས་མི་བརྫི་བའི་ཕྱིར། །གོ་རིམས་བཞིན་དུ་བཅོམ་ལྡན་འདས་

ཀྱིས་མི་འཇིགས་པ་རྣམ་པ་བཞི་བསྙད་དོ། །བསྲུང་བ་མེད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་ན་བག་བརྐྱང་གསུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་

เล่ม ๑๒๓ · หน้า 258b

སྡུད་ཁྱོད་ལ་ཕྱག་འཚལ་ལོ། །འདིར་ནི་བཅོམ་ལྡན་འདས་ཀྱི་བསྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། དེ་དག་གི་ལས་འཁོར་སྡུད་པ་ཉིད་ཡོངས་སུ་བསྟན་ཏེ། དེ་དག་གིས་ནི་གོ་རིམས་བཞིན་དུ་འཁོར་གྱི་ནང་དུ་བསྲུང་བ་མེད་པའི་ཕྱིར། བག་

བརྐྱང་སྟེ་གསུང་བ་ཡང་ཡིན་ལ། བསྙེལ་བ་མི་མངའ་བ་ཉིད་ཀྱིས་རྟག་ཏུ་དགོངས་པ་ཉེ་བར་གནས་པས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་གཉིས་སྤངས་པ་ཡང་ཡིན་ནོ། །བག་ཆགས་ཡང་དག་པར་བཅོམ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་

པ། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མི་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །འདིས་ནི་རྒྱུ་བ་དང་གནས་པ་ཐམས་ཅད་ལ་རྟག་ཏུ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་མི་མངའ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་

བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་ཡོངས་སུ་བསྟན་ཏོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ནི། ཉོན་མོངས་པ་ཟད་ཀྱང་། བག་ཆགས་ཡང་དག་པར་མ་བཅོམ་པའི་ཕྱིར། རེས་འགའ་གླང་པོ་ཆེ་འཁྲུལ་པ་དང་། ཤིང་རྟ་འཁྲུལ་པ་དང་ལྷན་ཅིག་ཐུག་པ་ལ་སོགས་པ་

ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་བྱེད་དེ། ཇི་སྐད་དུ། བཞག་པའི་བུའི་མདོ་ལས་གསུངས་པ་ལྟ་བུའོ། །ཡང་དག་པའི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ལ་ནི་དེ་མི་མངའོ། །བསྙེལ་བ་མི་མངའ་བ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་

པ། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་སེམས་ཅན་གང་གི་དོན་གང་ཡིན་པ། གང་གི་དུས་སུ་བྱ་བ་དེའི་དུས་ལས་མི་འདའ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་མཛད་པ་

རྟག་ཏུ་འབྲས་བུ་ཡོད་པ་ཡིན་ནོ་ཞེས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ངོ་བོ་ཉིད་དང་། ལས་ཀྱི་སྒོ་ནས་ཡང་དག་པར་བསྟན་ཏོ། །ཐུགས་རྗེ་ཆེན་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་

เล่ม ๑๒๓ · หน้า 259a

པོ་དང་ལྡན་པས། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ལས་དང་ངོ་བོ་ཉིད་ཀྱིས་ཡོངས་སུ་བསྟན་ཏེ། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་ཏུ། སུ་ནི་ཉམས། སུ་

ནི་འཕེལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་ལ་སོ་སོར་གཟིགས་སོ། །དེ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་ཕན་པར་དགོངས་པ་ཡིན་ནོ། །མ་འདྲེས་པའི་ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སྤྱོད་པ་དང་ནི་རྟོགས་

པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྤྱོད་པས་བསྡུས་པ་དྲུག་དང་། རྟོགས་པས་བསྡུས་པ་དྲུག་དང་། ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང་།

ཕྲིན་ལས་ཀྱི་བསྡུས་པ་གསུམ་གྱིས། དེ་ལས་གཞན་པའི་སེམས་ཅན་མཆོག །ཉན་ཐོས་དང་རང་སངས་རྒྱས་རྣམས་པས་ཀྱང་མཆོག་ཏུ་གྱུར་པ་ཉིད་ཀྱིས། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་ཡོངས་སུ་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལ་འཁྲུལ་

པ་མི་མངའ། ཅ་ཅོ་མི་མངའ། བསྙེལ་བ་མི་མངའ། ཐུགས་མཉམ་པར་མ་བཞག་པ་མི་མངའ། ཐ་དད་པའི་འདུ་ཤེས་མི་མངའ། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་དག་སངས་རྒྱས་ཁོ་ན་ལ་མངའི།

གཞན་དག་ལ་མེད་པ་སྤྱོད་པས་བསྡུས་པ་དྲུག་ཡིན་ནོ། །འདུན་པ་ཉམས་པ་མི་མངའ། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ཉམས་པ་མི་མངའ་ཞེས་བྱ་བ་ནི་རྟོགས་པས་བསྡུས་པ་དྲུག་ཡིན་ནོ། །གང་འདས་

པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཆགས་མ་ཐོགས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཆགས་མ་ཐོགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཐམས་

เล่ม ๑๒๓ · หน้า 259b

ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི། ཕྲིན་ལས་ཀྱིས་བསྡུས་པ་གསུམ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་

པ། སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་སྐུ་གསུམ་གྱི་རྣམ་པ་ཐམས་ཅད་བྱང་ཆུབ་པ་བརྙེས་པའི་ཕྱིར་དང་། །ཤེས་བྱ་ཐམས་ཅད་རྣམ་པ་

ཐམས་ཅད་དུ་མཁྱེན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྟན་ཏེ། སྐུ་གསུམ་ནི་ངོ་བོ་ཉིད་མེད་པ་པ་དང་། ལོངས་སྤྱོད་རྫོགས་པ་པ་དང་། སྤྲུལ་པ་པའོ། །ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ནི། འདིར་

ལྷ་དང་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྲིན་ལས་ཀྱིས་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། འཛིན་པ་མེད་ཅིང་ཉེས་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །

མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་མཐའ་དག་ལས་ངེས་པར་གྲོལ་བས། བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བརྗོད་དེ། དེ་

ལ་འཛིན་པ་ཉིད་ནི། ལོངས་སྤྱོད་ལ་ཀུན་ཏུ་འཛིན་པ་མེད་པའི་ཕྱིར་རིག་པར་བྱའོ། །ཉེས་པ་མེད་པ་ཉིད་ནི། ལུས་ལ་སོགས་པའི་ལས་དྲི་མ་མེད་པའི་ཕྱིར་རོ། །རྙོག་པ་མེད་པ་ནི། འཇིག་རྟེན་གྱི་ཆོས་དང་། སྡུག་བསྔལ་དག་གིས་སེམས་རྙོག་པ་ཅན་དུ་

མི་བྱེད་པའི་ཕྱིར་རོ། །མི་གནས་པ་ཉིད་ནི་རྟོགས་པ་ཆུང་ངུ་དང་། དན་ངོན་ཙམ་ལ་མི་གནས་པའི་ཕྱིར་རོ། །མི་གཡོ་བ་ཉིད་ནི། །རྣམ་པར་མི་གཡེང་བའི་ཕྱིར་རོ། །སྤྲོས་པ་མེད་པ་ཉིད་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀུན་ཏུ་མི་སྤྱོད་པའི་ཕྱིར་

เล่ม ๑๒๓ · หน้า 260a

རོ། །སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དམ་པའི་དོན་ནི་གྲུབ་པ་སྟེ། །ས་ཀུན་ལས་ནི་ངེས་པར་བྱུང་། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད། །ཡོན་ཏན་མི་

ཟད་མཉམ་མེད་ལྡན། །འཇིག་རྟེན་དག་དང་དཀྱིལ་འཁོར་ནའང་། །སྣང་ལ་ལྷ་དང་མི་རྣམས་ཀྱིས། །རྣམ་པ་ཀུན་ཏུ་མི་མཐོང་ངོ་། །འདིར་ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་ལྡན་པ་དང་། འཇུག་པའི་དོན་དྲུག་གིས་སངས་རྒྱས་ཀྱི་མཚན་ཉིད་

ཡོངས་སུ་བསྟན་ཏེ། དེ་ལ་དོན་དམ་པ་གྲུབ་པ་ནི། དེ་བཞིན་ཉིད་རྣམ་པར་དག་པ་སྟེ། དེ་ནི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལས་ངེས་པར་བྱུང་བ་ཉིད་ནི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཉིད་ནི་

འབྲས་བུའོ། །སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་མཛད་པ་ཉིད་ནི་ལས་སོ། །ཡོན་ཏན་མི་ཟད་པ་དང་། མཉམ་པ་མེད་པ་དང་ལྡན་པ་ཉིད་ནི་ལྡན་པའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་ཉིད་ནི། སྤྲུལ་པའི་སྐུས་སོ། །འཁོར་གྱི་

དཀྱིལ་འཁོར་རྣམས་ནའང་སྣང་བ་ཉིད་ནི། ལོངས་སྤྱོད་རྫོགས་པའི་སྐུས་སོ། །རྣམ་པ་ཐམས་ཅད་དུ་མི་སྣང་བ་ཉིད་ནི་ཆོས་ཀྱི་སྐུས་ཏེ། འཇུག་པའི་རབ་ཏུ་དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་བྱང་ཆུབ་སེམས་དཔའ་ཆེན་པོ་རྟོགས་པ་རྣམ་

པར་བྱང་བས་བཤད་པ་ལས། སྤྱོད་པ་དང་མཐར་ཐུག་པའི་སྐབས་ཞེས་བྱ་བ་སྟེ། ལེའུ་ཉི་ཤུ་རྩ་གཅིག་པའོ།། །།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་

དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན། །བཤད་པ་འདིའི་གཞུང་ཚད་ནི། །ཤ་ལོ་ཀ་སུམ་སྟོང་དག་དང་རྩ། །དྲུག་བརྒྱ་ལྔ་བཅུ་ཡིན་པར་བསྒྲགས།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด