ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๔ · หน้า 94b
སེམས་དཔའི་སྤྱོད་པ་བོར་ནས་ཉན་ཐོས་ཉིད་དུ་ངེས་པར་འབྱུང་བ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་དག་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཟིགས་ཏེ། ཐོབ་པ་གང་ཞིག་སངས་རྒྱས་དང་རྒྱུད་ཐ་མི་དད་པར་མོས་པ་
ཉིད་ཀྱིས་འཐོབ་པར་འགྱུར་བས་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་ལ་སྦྱོར་བར་མཛད་དོ། །དེ་བཞིན་གཤེགས་པས་རྗེས་སུ་གཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་གང་ཞིག་རྒྱུད་ཐ་མི་དད་པར་མོས་པའི་སྒོ་ནས་ཐོབ་
པའི་དགོངས་པ་ཐོབ་པ་དེ་ཕྱོགས་ཙམ་ཞིག་ཐོབ་ཀྱི་དུས་གཏན་དུ་ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་ཙམ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེའི་ཆེད་ཀྱི་བཞི་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་འཛིན་དུ་འཛུད་པ་མཛད་
དོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་དེའི་ཉན་ཐོས་རྣམས་བསམ་པ་གཅིག་པ་ཉིད་རྙེད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །མཐར་ཐུག་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དེ། །གང་ཕན་ཆད་བགྲོད་པར་བྱ་བ་མེད་པ་དེ་ནི་ཐེག་པ་ཡིན་པས་སངས་རྒྱས་ཉིད་ཁོ་ན་ཐེག་པ་གཅིག་
ཡིན་ནོ་ཞེས་བྱ་བ་ནི་དཔེར་ན། སྒྲ་ངན་རྒྱ་མཚོས་ཀླས་པ་ཅན། །གཞུ་བདུང་མི་ནི་ཇི་སྙེད་པ། །གཞུ་མཆོག་ཅན་གྱི་གན་ན་ནི། །བུད་མེད་ཡིན་པར་ཤེས་པར་གྱིས། །ཞེས་བྱ་བ་ལྟ་བུ་སྟེ། འདི་སྐད་དུ། མི་ཕོ་ནི་དེ་གཅིག་ཁོ་ནར་ཟད་ཀྱི་དེ་ལས་རྩལ་ཆེ་བ་གཞན་ན་མེད་དོ་ཞེས་སྨྲས་པ་ཡིན་
ནོ། དེ་བཞིན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་ཐེག་པ་ཆེན་པོ་ཡིན་ཏེ། དེའི་ཕ་རོལ་ན་ཐེག་པ་ཁྱད་པར་ཅན་གཞན་མེད་པས་ཐེག་པ་གཅིག་པ་ཉིད་དོ། །ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ་ཞེས་བྱ་བ་ཇི་ལྟར་ན་ཉན་ཐོས་ཀྱི་རིགས་ཅན་ཡང་ཡིན་ལ་མ་ངེས་པ་ཡིན་ཞེས་
ཀྱང་བྱ་ཞེ་ན། དེ་དག་ནི་ཉན་ཐོས་ཁོ་ན་མ་ཡིན་པའོ། །འོ་ན་ཅི་ཞེ་ན། མ་ངེས་པའི་རིགས་ཅན་དག་ཅིག་ཉན་ཐོས་ཀྱི་སྤྱོད་པ་ལ་སྤྱད་པས་ན་དེའི་ཕྱིར་ཉན་ཐོས་ཀྱི་རིགས་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས་ཅན་མ་ངེས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡང་ཅིའི་ཕྱིར་
เล่ม ๑๒๔ · หน้า 95a
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ངེས་པའི་རིགས་ཅན་དག་ཡལ་བར་དོར། གང་གིས་ན་ཉན་ཐོས་ཀྱི་སྤྱོད་པ་ལ་རབ་ཏུ་སྦྱོར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་ཡིན་ཞེ་ན། གནས་སྐབས་ངེས་པའི་ཕྱིར་བཏང་སྙོམས་སུ་འཇོག་གོ། །
གནས་སྐབས་དེར་མ་ཕྱིན་པར་མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་ནི་མི་ནུས་ཏེ། ཇི་སྐད་དུ་འཕགས་པ་མ་ཁོལ་གྱི་ཞལ་སྔ་ནས་ཀྱིས། འདི་ནི་གཡང་སའི་ཡུལ་གྱི་མུར་མ་ཕྱིན་པར་ནོར་ཅན་ཉིད་མི་འགྱུར་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུ་ཡིན་ནོ། །
ཉན་ཐོས་མ་ངེས་པ་ཡང་རྣམ་པ་གཉིས་ཏེ། ཐེག་པའི་དོན་མཐོང་བ་དང་ཐེག་པའི་དོན་མ་མཐོང་བའོ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དང་བདེན་པ་མ་མཐོང་བའོ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་དེ་སྐྱེ་བར་བསྒྱུར་བ་ནི་བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བ་ནི། འཕགས་པའི་
ལམ་གྱི་སྐྱེ་བ་ལ་སྡང་བ་ཡིན་ན་ཇི་ལྟར་ན་སྐྱེ་བར་སྒྱུར་བར་བྱེད་ཅེ་ན། དེ་ནི་བདེན་ན་དེ་འཕགས་པའི་ལམ་ཁོ་ནས་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཉོན་མོངས་པ་ལྷག་མ་མ་སྤངས་པ་རྣམས་ཀྱིས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་
དེ་དག་ལ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཅི་ནས་ཀྱང་ལྷག་མཐོང་ལྷུར་ལེན་ཅིང་ཐར་པ་ལ་སྨོན་པའི་ལམ་འདོར་ཞིང་འཁོར་བ་ལ་མངོན་དུ་ཕྱོགས་པ་སྙིང་རྗེ་བསྒོམ་པའི་ལམ་ལ་སྦྱོར་བ་དེ་ལྟར་འདོམས་ལ། སྙིང་རྗེའི་དབང་གིས་ན་འཕགས་པའི་ལམ་སྲིད་པ་ལ་སྡང་བ་དེ་ཅི་ནས་ཀྱང་སྲིད་
པ་ལ་རྒྱབ་ཀྱིས་ཕྱོགས་ཏེ་མི་གནས་པ་དང་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་བ་དང་། སེམས་ཅན་གྱི་དོན་དུ་ཡང་དང་ཡང་དུ་སྐྱེ་བ་ལོན་པ་དེ་ལྟར་ངེས་པར་བྱེད་དེ། དེ་ལྟར་ན་སྐྱེ་བར་བསྒྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་དེ་ནི་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡིན་ནོ། །གཅིག་
སྟེ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་འཛིན་ཏོ། །ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་ཡོངས་སུ་འཛིན་པའི་སྒོ་ནས་ཡིན་གྱི། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། །
เล่ม ๑๒๔ · หน้า 95b
དེ་ནི་འདོད་ཆགས་དང་བྲལ་བ་ཡིན་ཏེ། གང་དང་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེ་དང་དེར་སྐྱེ་བར་སྨོན་ལམ་འདེབས་སོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་ནི་ཕྱིར་མི་འོང་པ་དང་ལྡན་པའི་སྟོབས་ཀྱིས། ཞེས་བྱ་བ་ནི་བསམ་གཏན་གྱི་སྟོབས་ཀྱིས་ཞེས་བྱ་བའི་
དོན་ཏེ། །བསམ་གཏན་གྱི་སྟོབས་ཀྱིས་སྤྲུལ་པ་རྣམས་སྤྲུལ་ནས་དེ་དང་དེ་དག་ཏུ་སྐྱེ་བ་ཀུན་དུ་བསྟན་པས་སེམས་ཅན་གྱི་དོན་བྱེད་དོ། །བདེན་པ་མཐོང་བ་འདོད་ཆགས་དང་མ་བྲལ་བའི་དོན་མ་བྱས་པ་སློབ་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་སློབ་པ་དང་འདོད་ཆགས་དང་མ་བྲལ་བ་སྟེ། འདོད་
པ་ན་སྤྱོད་པའི་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་ལ། འདིར་ནི་བསྟན་པ་ནུབ་པར་འགྱུར་བ་དང་དེའི་འོག་ཏུ་ཤི་འཕོས་ནས་སངས་རྒྱས་མེད་པའི་ཡུལ་དུ་སྐྱེས་ཏེ་བསམ་གཏན་གྱི་དོན་དུ་བརྩོན་པར་འགྱུར་རོ། །ཅིའི་ཕྱིར་བསམ་གཏན་གྱི་དོན་དུ་བརྩོན་ཞེ་ན། སྤྲུལ་པའི་དོན་དུ་གཉེར་བས་
ཏེ། དེ་ནི་སྔོན་འཕགས་པའི་ལམ་ཐོབ་པའི་སྟོབས་ཀྱིས་འདོད་པའི་ཁམས་ཀྱང་རྣམ་པར་སུན་འབྱིན་པར་བྱེད་ལ་དེའི་སེམས་ཡུལ་དག་ལ་ཡང་མངོན་པར་མི་དགའོ། །དེ་ནས་སྔོན་གོམས་པའི་སྟོབས་ཀྱིས་སློབ་དཔོན་མེད་པར་འཕགས་པའི་ལམ་མངོན་སུམ་དུ་བྱེད་ཅིང་བསམ་གཏན་
དག་སྐྱེད་པར་བྱེད་དོ། །དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་རང་གི་ལུས་ཡུན་རིང་པོར་གནས་པར་བྱ་བའི་ཕྱིར་སྤྲུལ་པར་བྱེད་དེ། འདི་ནི་དེའི་རང་སངས་རྒྱས་ཀྱི་གནས་སྐབས་ཡིན་ནོ། །ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྲུལ་པ་གཞན་དང་གཞན་དག་ཀྱང་སྤྲུལ་
ཏེ། དེ་ནས་རིམ་གྱིས་ཤེས་བྱའི་སྒྲིབ་པ་སྤངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པོ། །མེའི་དཔེ་ཞེས་བྱ་བ་ནི་དཔེར་ན་ལྕི་བའི་མེ་ལས་རྩྭའི་མེར་འགྱུར་ལ། རྩྭའི་མེ་ལས་ཤིང་གི་མེར་འགྱུར་བ་ལྟར་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་སྔོན་བདེན་པ་མཐོང་
བའི་གནས་སྐབས་དང་། གང་གི་ཚེ་སངས་རྒྱས་མེད་པའི་དུས་སུ་བདག་ཉིད་ཀྱིས་ཡོངས་སུ་བསམ་གཏན་བསྐྱེད་ནས་སྐྱེ་བའི་ལུས་བོར་ཏེ་ཞེས་བྱ་བ་ནི་འདིས་དུས་འདི་སྲིད་ཅིག་ཐུབ་པོ་ཞེས་བྱ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་གནས་སྐབས་དེ་བོར་ནས་སྤྲུལ་པའི་ལུས་
เล่ม ๑๒๔ · หน้า 96a
ཡོངས་སུ་འཛིན་ཏེ། དེའི་འོག་ཏུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པོ། །རྟེན་ལ་དེ་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དེ་དག་རྗེས་སུ་དྲན་པ་ནི་དེ་རྗེས་སུ་དྲན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་དྲན་པ་ཞེས་བྱ་བའི་
སྒྲས་ནི་མཐོང་བའི་བྱ་བ་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་བྱེད་པས། རྟེན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེས་སུ་མཐོང་བ་དང་ཞེས་བཤད་དོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྟེན་ནི་བྱང་ཆུབ་ཀྱི་སེམས་སོ། །ཕ་རོལ་ཏུ་ཕྱིན་པའི་རྟེན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་རྗེས་སུ་མཐོང་བ་དང་
ཞེས་བྱ་བས་ནི་དྲན་པ་ཤེས་རབ་དང་བཅས་པ་སྟོན་ཏེ། ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེས་སུ་མཐོང་ཞིང་དྲན་པས་བཤད་མ་ཐག་པའི་རིགས་ཡང་དག་པར་རྗེས་སུ་དྲན་ཞིང་ངོ་། །ཇི་ལྟར་བྱང་ཆུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་སྟེ། དེ་
ཉིད་ཀྱི་ཕྱིར་མཇུག་ཐོགས་སུ། །ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཐུ་རྣམ་པ་བཞི་ཡང་དག་པར་མཐོང་ནས་དགའ་བའི་ཕྱིར་ཞེས་བྱ་བ་ལ། མཐུ་ནི་མཐུ་སྟོབས་སོ། །མཐུ་སྟོབས་མེད་པར་སེམས་ཅན་གྱི་དོན་བྱ་བ་མི་
འགྲུབ་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་མོས་ནས་མཐུ་སྟོབས་དང་ལྡན་པའི་ཡིད་ལ་བྱེད་པ་ཡོངས་སུ་ཚོལ་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་མཐུ་ཡིད་ལ་བྱེད་པ་རྣམ་པ་བཞིའོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་
བུ་འབྱིན་པ་ཉིད་དོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་ནི་དབང་ཕྱུག་གོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་བདེ་འགྲོའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ནི་འཁོར་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་ལས་ཀྱི་མཐའ་གྲུབ་པ་ཉིད་དོ། །བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པའི་ནི་གནོད་པ་ཆུང་ངུ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྦྱིན་པ་ལ་སོགས་པ་གོང་ནས་གོང་དུ་བྱ་བ་ཀུན་ཏུ་སྤྱོད་པ་གང་ཡིན་པའོ། །སེམས་ཅན་དང་རང་གི་སངས་རྒྱས་
เล่ม ๑๒๔ · หน้า 96b
ཀྱི་ཆོས་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པ་ལས་བརྩམས་པ་དང་། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ལས་བརྩམས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་ལོག་པར་བསྒྲུབ་པས་སྐྱོ་བ་མེད་ལ།
རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལ་ཕྱི་དང་ནང་གི་སྡུག་བསྔལ་འབབ་པ་ཐམས་ཅད་ཀྱིས་སྐྱོ་བ་མེད་དོ། །སྒྲུབ་པ་རྣམ་པ་བཞི་ཡིད་ལ་བྱེད་པ་ལ་མདོའི་ཚིག་བཞི་སྟེ། སྡིག་པ་ཐམས་ཅད་འཆགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ་། །སངས་
རྒྱས་ཐམས་ཅད་ལ་གསོལ་བ་འཚལ་ལོ། །བདག་གི་ཡེ་ཤེས་བླ་ན་མེད་པའི་མཆོག་ཏུ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རབ་ཏུ་དང་བ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་དད་པས་མོས་པ་དང་བཅས་པ་ཡོངས་སུ་གཟུང་ངོ་། །ཆོས་དེ་ཉིད་ལ་མི་སྨོད་པའི་ཚུལ་གྱིས་ཞེས་བྱ་བ་ལ། མི་སྨོད་པ་ནི་
མི་སྤོང་བ་སྟེ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་ལ་གུས་པས་ཡང་དག་པར་ནོད་ཅིང་ལེན་ཅེས་བྱ་བའི་ཐ་ཚིག་གོ། །ཡིད་ལ་བྱེད་པ་གསུམ་པོ་འདི་དག་ཁོ་ན་གདམས་ངག་རྗེས་སུ་སྟོན་པ་དང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གོ་ཆ་དང་སྨོན་ལམ་དང་མངོན་པར་དགའ་བ་ཡིད་ལ་བྱེད་པ་རྣམས་ཏེ། འདི་
ལྟར། དེ་བཞིན་བསྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་སྟོན་པ་དང་། །ཞེས་འབྱུང་བའི་ཕྱིར་བསྒྲུབ་པའི་འོག་ཏུ་གདམས་ངག་རྗེས་སུ་སྟོན་པ་ཡིན་པས་སོ། །གདམས་ངག་གི་དོན་དུ་གོ་ཆ་གྱོན་པར་བྱེད། སྨོན་ལམ་འདེབས། མངོན་པར་དགའ་སྟེ། ཨ་ལ་ལ་བདག་
ནི་འདོམས་པ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བདག་ལ་འདོམས་པར་འགྱུར་རོ་སྙམ་ནས་མངོན་པར་དགའོ། །གདམས་ངག་རྗེས་སུ་སྟོན་པའི་སྐབས་ཀྱི་འོག་ཏུ་ཐབས་དང་ལྡན་པའི་ལས་ཀྱི་སྐབས་ཡིན་པས་དེའི་ཕྱིར་དེ་ཡིད་ལ་བྱེད་པའི་འོག་ཏུ་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པའི་སྐབས་སོ། །སྦྱིན་པའི་སྦྱིན་པ་ཞེས་བྱ་བ་ལ། སྦྱིན་པ་ནི་དགེ་བའི་ཕུང་པོ་ལྔའོ། །སྦྱིན་པའི་ངོ་བོ་ཉིད་དེ་དག་གིས་གང་གི་ཚེ་གཞན་ལ་ནང་དང་ཕྱིའི་སྦྱིན་པ་སྦྱིན་པར་བྱེད་པ་ནི་སྦྱིན་པའི་སྦྱིན་པ་ཡིན་ནོ། །ཡང་ན་ནང་དང་ཕྱིའི་ནོར་དང་འབྲུ་ལ་སོགས་པ་གང་ཡིན་པ་དེ་ནི་སྦྱིན་
เล่ม ๑๒๔ · หน้า 97a
པ་ཞེས་བྱའོ། །དེ་ནི་སྦྱིན་པའི་ཕྱིར་སྦྱིན་པའི་སྦྱིན་པ་ཡིན་ནོ། །ཚུལ་ཁྲིམས་ལ་སོགས་པའི་སྦྱིན་པ་ནི་གང་གི་ཚེ་གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་ལ་སོགས་པ་འཇོག་པའམ་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པ་དག་ཁོ་ནས་བསྡུ་བའི་དངོས་པོའི་སྦྱོར་བས་སེམས་ཅན་
ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་སྤྲོ་བ་ཡིད་ལ་བྱེད་པ་ཞེས་བྱ་བར་སྦྱར་ཏེ། ནམ་ཞིག་ན་བདག་བསྡུ་བའི་དངོས་པོ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེར་འགྱུར་སྙམ་ནས། དེ་ནས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྦྱིན་པས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །
སྙན་པར་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཁོ་ན་ཡིན་ནོ། །དོན་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་དུ་འཇུག་པའོ། །དོན་མཐུན་པ་ཉིད་ནི་གང་ལ་གཞན་ཡང་དག་པར་ལེན་དུ་འཇུག་པ་དེ་ལ་བདག་རྗེས་སུ་འཇུག་པའོ། །ལྷག་མ་རྣམས་ཀྱིས་བསྒྲུབ་པའི་མཆོད་པ་དང་ཞེས་བྱ་བ་ནི་ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་སྒྲུབ་པས་མཆོད་པའོ། །སྦྱིན་པ་ལ་སོགས་པ་སྒྲུབ་པས་བྱམས་པ་ཞེས་བྱ་བ་ལ། བྱམས་པ་ནི་བདེ་བ་དང་ཕྲད་པར་འདོད་པ་སྟེ་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་
འདོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་བདེ་བ་དང་སྦྱོར་བར་ཡང་བྱེད་དོ། །སེར་སྣ་ལ་སོགས་པ་དང་འགྲོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཞེས་བྱ་བ་ལ། སྙིང་རྗེ་བ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པའོ། །སེར་སྣ་ལ་སོགས་པ་དང་འགྲོགས་པའི་རྣམ་པ་ནི་སེམས་ཅན་
རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་སྡུག་བསྔལ་ཡིན་ཏེ། དེའི་ཕྱིར་སེམས་ཅན་སེར་སྣ་ཅན་རྣམས་ལ་སྙིང་རྗེའོ། །སྙིང་རྗེ་འབའ་ཞིག་ཏུ་མ་ཟད་ཀྱི་སེར་སྣ་འདོར་དུ་ཡང་འཇུག་གོ། །དེ་དག་ལ་ཀུན་ནས་ཉོན་མོངས་པ་མེད་པར་མོས་པའི་སྒོ་ནས་བཏང་སྙོམས་སུ་བྱེད་ཅེས་བྱ་བ་ནི་
སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་ནི་སེམས་ཅན་འདི་དག་བདེ་བ་ལ་སོགས་པ་ལ་རྗེས་སུ་ཆགས་པར་མ་གྱུར་ཅིག །དེ་འཕྲོག་པར་བྱེད་པ་རྣམས་ལ་ནི་ཀུན་ནས་ཉོན་མོངས་པ། ཁྲོ་བར་མ་གྱུར་པར་བཏང་སྙོམས་སུ་གྱུར་ཅིག་ཅེས་དེ་དག་ལ་ཀུན་ནས་ཉོན་མོངས་པ་མེད་པར་མོས་
เล่ม ๑๒๔ · หน้า 97b
པར་བྱེད་དོ། །སྦྱིན་པ་ལ་སོགས་པ་མ་བྱས་པའམ། ཡོངས་སུ་མ་རྫོགས་པའམ། ལོག་པར་བྱས་པ་དག་ལ་ཞེས་བྱ་བ་ནི་མི་བྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པ་གང་ཡིན་པའོ། །ཡོངས་སུ་མ་རྫོགས་པར་བྱེད་པ་ནི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དང་།
མི་འཇིགས་པ་སྦྱིན་པ་དག་ལས་གང་ཡང་རུང་བ་ཞིག་ལ་འཇུག་པ་དང་། གང་ལ་འཇུག་པ་དེ་ཡང་ཡོངས་སུ་རྫོགས་པར་མི་བྱེད་པའོ། །ལོག་པར་བྱེད་པ་ནི་བཅོས་པ་བྱེད་པ་གང་ཡིན་པའོ། །ངོ་ཚ་ནས་ནི་འཇུག་པ་དང་ལྡོག་པར་བྱ་བའི་ཕྱིར་ཡུན་མི་རིང་བར་འགྱོད་པ་བྱེད་དོ་ཞེས་
བྱ་བ་ལ། ཡུན་རིང་པོ་ནི་རྟག་ཏུ་རྗེས་སུ་འབྲེལ་བའོ། །གང་གི་ཚེ་སྦྱིན་པ་ལ་སོགས་པ་མ་བྱས་པ་ལ་འགྱོད་པ་ནི་རྒྱུན་ཆགས་སུ་རྗེས་སུ་འབྲེལ་པར་འགྱོད་པར་ནི་མི་བྱེད་དེ། འདི་ལྟར་རྒྱུན་ཆགས་པར་འགྱོད་ན་དགེ་བ་ལ་འཇུག་པ་ཉིད་དུ་ཡང་མི་འགྱུར་རོ། །དེ་བས་ན་སྦྱིན་
པ་ལ་སོགས་པ་མ་བྱས་པའམ། ངན་པར་བྱས་པ་གང་ཡིན་པ་དེ་ལ་ཡུད་ཙམ་ཞིག་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པ་མི་བྱེད་པའམ་ངན་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ལ་བསམས་ནས་དེའི་འོག་ཏུ་སྦྱིན་པ་ལ་སོགས་པ་མ་བྱས་པའམ་ཡོངས་
སུ་རྫོགས་པར་མ་བྱས་པ་དག་ལ་འགྱོད་པ་བཟློག་པའི་ཕྱིར་མ་བྱས་པ་གང་ཡིན་པ་དེ་ལ་ནི་བྱ་བའི་ཕྱིར་འཇུག་ལ། རྫོགས་པར་མ་བྱས་པ་གང་ཡིན་པ་དེ་ལ་ནི་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་བྱ་བ་དང་གུས་པར་བྱས་ཏེ་འཇུག་གོ། །སྦྱིན་པ་ལ་སོགས་པ་ལོག་པར་བྱས་པ་དག་ལ་
ནི་ཕྱིན་ཆད་ལོག་པར་མི་འཇུག་གོ་ཞེས་ལོག་པར་བྱེད་པ་ལྡོག་པར་བྱེད་དོ། །དེ་ལྟར་ན་འདིའི་འགྱོད་པ་དེ་ལས་ལྡོག་གོ། །ཡུལ་ལ་དགའ་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཡུལ་ལ་སྟེ། སྦྱིན་པ་ལ་སོགས་པ་དམིགས་པ་ལ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་
བསྟན་བཅོས་འགོད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་མདོ་སྡེ་རྒྱན་འདི་ཉིད་ལས་གྲངས་དང་དེའི་མཚན་ཉིད་གོ་རིམས་དང་ཞེས་བྱ་བའི་རིམ་པ་ཕ་རོལ་ཏུ་ཕྱིན་པ་འགོད་པ་མངོན་པར་འདུ་བྱེད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་འགོད་པར་མངོན་པར་འདུ་བྱེད་པ་ཡིན་ནོ། །སྣོད་
เล่ม ๑๒๔ · หน้า 98a
ཇི་ལྟ་བ་བཞིན་དུ་བརྗོད་པ་ཞེས་བྱ་བ་ལ་ནི་ཁ་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་དུ་རུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་དུ་རུང་བའི་བར་ཡིན་ནོ། །རྟེན་ནི་སྦྱིན་པ་ལ་སོགས་པ་ཡིན་གྱི། དབང་ཕྱུག་ལ་སོགས་པ་མ་ཡིན་པའི་ཕྱིར་
རོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་དབང་ཕྱུག་ལ་སོགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་མི་འགྱུར་བའོ། །སེར་སྣ་ལ་སོགས་པ་ལ་ནི་སྐྱོན་ཉིད་དུ་སོ་སོ་ཡང་དག་པ་ཉིད་དུ་རིག་ལ། སྦྱིན་པ་ལ་སོགས་པ་སེར་སྣ་ལ་སོགས་པའི་གཉེན་པོ་ལ་ནི་ཡོན་ཏན་ཉིད་དུ་སོ་སོ་
ཡང་དག་པར་རིག་གོ། །སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་འཐོབ་པའི་དོན་དུ་ཡང་དག་པར་མཐོང་བའི་ཕྱིར་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཕ་རོལ་ཏུ་
ཕྱིན་པ་འདི་དག་བསྒོམས་ན་བྱང་ཆུབ་ཆེན་པོ་དེའི་ཕྱོགས་དང་མཐུན་པའི་ངོ་བོར་གནས་སོ། །ཚོགས་ཀྱི་འོག་ཏུ་ཡང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པར་བསྒོམ་པ་འབྱུང་སྟེ། འདི་དང་ལྡན་པའི་ཡིད་ལ་བྱེད་པ་ནི་དོན་ཆེན་པོ་ཡིན་ནོ། །རྣམ་པར་མི་རྟོག་པ་འདོད་པ་ཡིད་ལ་བྱེད་པ་
ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཐབས་ལ་མཁས་པ་འདོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་འདོད་པ་ཡིད་ལ་བྱ་བ་བྱེད་དོ། །ཡང་ན་སྦྱོར་བའི་གནས་སྐབས་ཉིད་ན་རྟོག་
པ་མེད་ཅིང་རྣམ་པར་རྟོག་པ་མེད་པར་སྦྱིན་པ་ལ་སོགས་པ་འཇུག་པར་འགྱུར་བར་མངོན་པར་འདུ་བྱེད་དོ། །དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་ནི་རྣམ་པར་མི་རྟོག་པ་ཁོ་ནར་སྦྱིན་པ་ལ་སོགས་པ་འཇུག་པར་འགྱུར་རོ། །འཛིན་པ་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་
གཟུངས་ཀྱི་དབང་དུ་བྱས་ནས། རྣམ་སྨིན་ཐོས་ལ་གོམས་པ་དང་། །ཏིང་ངེ་འཛིན་གྱི་གཟུངས་དག་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡིན་ནོ། །རྐྱེན་དང་ཕྲད་པ་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་
เล่ม ๑๒๔ · หน้า 98b
ཕྱིར་དེ་སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པ་དང་ལྡན་པར་གྱུར་ཅིག་ཅེས་རྐྱེན་ཚོགས་པར་སྨོན་ལམ་འདེབས་པ་ཡིན་ནོ། །མེད་པ་ལ་ཡོད་པར་འཛིན་པ་ཞེས་བྱ་བ་ནི་བདག་མེད་པའམ། ཀུན་བརྟགས་པའི་ཆོས་རྣམས་ལ་ཡོད་པ་ཉིད་དུ་འཛིན་
པ་སྟེ། དེའི་གཉེན་པོར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཉེས་པ་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་པ་ཞེས་བྱ་བ་ནི་འཁོར་བའི་ཉེས་པ་དང་ལྡན་པ་ཡིན་ན་དེ་རྟག་པ་དང་བདེ་བ་དང་གཙང་བ་ལ་སོགས་པར་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་ཏེ། དེའི་གཉེན་
པོར་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཡོན་ཏན་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་མ་ཡིན་པ་ཉིད་དུ་འཛིན་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱིས་པ་རྣམས་ཆད་པའི་འཇིགས་པས་ཡོན་ཏན་དང་ལྡན་པ་མ་ཡིན་པར་འཛིན་
ཏོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དག་ཁོ་ན་སྟེ། ཐམས་ཅད་ཅེས་བྱ་བའི་སྒྲ་ཕྱོགས་གཅིག་བརྗོད་པ་ཡིན་པར་བལྟའོ། །
ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་རྣམས་ཏེ། ཐམས་ཅད་ཅེས་བྱ་བའི་སྒྲ་འདིར་ནི་རི་ལ་བརྗོད་པ་ཡིན་པར་བལྟའོ། །ངོ་མཚར་ལ་འདུ་ཤེས་རྣམ་པ་བཞི་ཡིད་ལ་
བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྒྱ་ཆེ་བའི་འདུ་ཤེས་དང་ཞེས་བྱ་བ་ནི་འདི་ལ་ངོ་མཚར་ཆེ་བ་དེ་ཅི་ཞིག་ཅེ་ན། རེ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རང་གི་ལུས་གཏོང་བ་ངོ་མཚར་ཆེའོ། །ཚུལ་ཁྲིམས་ལ་ནི་སྡོམ་པའི་ཕྱིར་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་གཏོང་བ་ནི་ངོ་མཚར་ཆེའོ། །
བཟོད་པ་ལ་ནི་མཐུ་མེད་པ་དག་ལ་བཟོད་པ་སྟེ། མ་རབས་བཀྲེན་པ་གདོལ་པའི་བུ་ལ་སོགས་པས་ལན་ཅིག་མ་ཡིན་པར་གནོད་པ་བྱས་ཀྱང་བུ་གཅིག་པ་ལ་བྱམས་པ་བཞིན་དུ་བཟོད་པ་ངོ་མཚར་ཆེའོ། །བསམ་གཏན་ལ་ནི་བདེ་བའི་བདག་ཉིད་ཀྱི་བསམ་གཏན་དག་ལ་ཡང་རོ་མྱང་བ་མེད་
เล่ม ๑๒๔ · หน้า 99a
པ་ངོ་མཚར་ཆེའོ། །ཤེས་རབ་ལ་ནི་མི་རྟོག་པ་ངོ་མཚར་ཆེ་བ་སྟེ། དེ་ལྟར་ན་འདི་དག་ནི་ངོ་མཚར་ཆེ་བ་ཉིད་ཀྱིས་རྒྱ་ཆེ་བ་ཡིན་ནོ། །ཡུན་རིང་བའི་འདུ་ཤེས་ཞེས་བྱ་བ་ནི་དེ་ལྟར་ངོ་མཚར་ཆེ་བ་ཉིད་ཀྱིས། རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་བསྐལ་པ་
གྲངས་མེད་པ་གསུམ་དུ་ཀུན་ཏུ་སྤྱོད་དེ། འདི་ཡང་ངོ་མཚར་ཆེ་བ་ཡིན་ནོ། །སེམས་ཅན་གང་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཕན་འདོགས་པར་བྱེད་པ་ཡང་ལེན་ལ་རེ་བ་མེད་པར་བྱེད་པ་འདི་ཡང་ངོ་མཚར་ཆེ་བ་ཡིན་ནོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་འདུ་ཤེས་སོ་ཞེས་བྱ་བ་
ནི་སྦྱིན་པ་ལ་སོགས་པ་ཚེ་ཕྱི་མའི་དབང་ཕྱུག་ལ་སོགས་པ་ལ་མི་ལྟ་བའོ། །ངོ་མཚར་མེད་པ་ལ་ཡང་འདུ་ཤེས་རྣམ་པ་བཞི་ཡིད་ལ་བྱེད་དེ་ཞེས་བྱ་བ་ལ། ངོ་མཚར་མེད་པ་རྣམ་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་ཡིན་ན་ནི་འབྲས་བུ་སངས་རྒྱས་ཉིད་མངོན་པར་
འགྲུབ་པ་དང་ཞེས་བྱ་བ་ནི་རྒྱུ་འདི་ལྟ་བུའི་འབྲས་བུ་སངས་རྒྱས་ཉིད་ཡིན་ནོ་ཞེས་བྱ་བ་ལ་ངོ་མཚར་ཆེ་བ་མེད་དོ། །གཉིས་པོ་དེ་ཉིད་ཡོད་ན་ཞེས་བྱ་བ་ནི་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་དོ། །རང་དང་གཞན་ལ་སེམས་མཉམ་པར་འཇོག་པ་གང་ཡིན་པ་དེ་ངོ་མཚར་ཆེ་བ་མེད་དོ་ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཕལ་པ་བཞིན་དུ་གཞན་ལ་གནོད་པས་རང་གི་དོན་བསྒྲུབ་པའམ། གཞན་ལ་མི་ལྟ་བར་བདག་ཉིད་ཁོ་ནའི་དོན་བྱེད་པ་མ་ཡིན་གྱི་འདི་ལྟར་དེ་ནི་རང་གི་ལུས་ཡོངས་སུ་གཏོང་བ་ལ་སོགས་པ་བྱེད་ལ། རང་གི་ལུས་ཡོངས་སུ་གཏོང་བ་ལ་
སོགས་པ་དེ་ཡང་བསྐལ་པ་མི་ཉུང་བར་ཀུན་དུ་སྤྱོད་དེ་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་འདིས་རང་དང་གཞན་ལ་སེམས་མཉམ་པར་འགྱུར་བ་ལ་ངོ་མཚར་ཆེ་བ་མེད་དོ། །དེ་དག་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་སེམས་ཅན་སྐྱེ་བོ་སྡུག་བསྔལ་བར་གྱུར་པ་དག་པས་ཁྱད་པར་དུ་
འཕགས་པ་སྟེ། བརྒྱ་བྱིན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་བར་གྱུར་པ་གང་དག་ལ་སྦྱིན་པ་ལ་སོགས་པས་ཕན་འདོགས་པར་བྱེད་པ་དེ་དག་ལ་ལྟོས་ན་ཁྱད་པར་དུ་འཕགས་པ་ཡིན་ནོ། །བརྒྱ་བྱིན་ལ་སོགས་པ་ལས་མཆོད་པ་ལ་སོགས་པ་རྙེད་དུ་
เล่ม ๑๒๔ · หน้า 99b
ཟིན་ཀྱང་ལན་ལ་མི་ལྟ་ན། གང་དག་ལ་སྦྱིན་པར་བྱ་བ་ཉིད་ཀྱང་མེད་པའི་སེམས་ཅན་སྡུག་བསྔལ་བར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ་ངོ་མཚར་ཆེ་བ་མེད་དེ། གང་ཞིག་བརྒྱ་བྱིན་ལ་སོགས་པ་ཆེས་ཁྱད་པར་དུ་འཕགས་པ་ལ་ཡང་ལན་ལ་མི་ལྟ་བ་དེ་ཇི་ལྟར་
སྐྱེ་བོ་གཞན་ལ་ཡང་ལན་རེ་བར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པའི་ལུས་དང་ལོངས་སྤྱོད་འཐོབ་ཏུ་ཟིན་ཀྱང་རྣམ་པར་སྨིན་པ་ལ་མི་ལྟ་བ་ཉིད་དོ། །ཞེས་བྱ་བ་ནི་གང་ཞིག་སྦྱིན་པ་ལ་སོགས་པའི་འབྲས་བུ་དབང་ཕྱུག་ལ་སོགས་པའི་བདག་ཉིད་མི་འདོད་བཞིན་
དུ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་ཀྱང་འཐོབ་ལ། ལོངས་སྤྱོད་རྣམ་པ་སྣ་ཚོགས་ཀྱང་འཐོབ་པ་དེ་རྣམ་པར་སྨིན་པ་ལས་མི་ལྟའོ་ཞེས་བྱ་བ་འདི་ནི་ངོ་མཚར་ཆེ་བ་མེད་དོ་སྙམ་པ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་མཉམ་
པ་ཉིད་འཇུག་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པའི་བྱ་བ་ལ་ཞུགས་པ་ལ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་གཉེན་པོ་ལ་སོགས་པ་སྟེ། བདག་ལ་བྱམས་པ་ཡིན་པས་འདི་དག་ནི་སྦྱིན་པ་ལ་སོགས་པ་རབ་ཏུ་སྦྱིན་པར་བྱའོ། །འདི་དག་
ནི་གཉེན་པ་མ་ཡིན་ཏེ། བྱམས་པ་མ་ཡིན་པ་འདི་དག་ལ་ནི་རབ་ཏུ་སྦྱིན་པར་མི་བྱའོ་སྙམ་དུ་སེམས་པའི་མ་སྙོམས་པར་འགྱུར་བ་མེད་དོ། །འོ་ན་ཅི་ཞེ་ན། ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ལ་འཇུག་གོ། །བདག་ཉིད་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་
ཕྱིན་པ་རྣམས་ལ་སེམས་ཅན་ལ་ཕན་པ་ཉིད་དུ་ཡང་དག་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱིན་པས་ནི་སེམས་ཅན་རྣམས་དགེ་བ་བྱ་བའི་སྣོད་ཉིད་ལ་འགོད་པར་བྱེད་དོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕན་པ་ཉིད་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕན་པ་ཉིད་ནི་གཞན་དག་སྡོམ་
པ་ལ་སོགས་པ་ཚུལ་ཁྲིམས་གསུམ་ལ་འགོད་པ་ཡིན་ནོ། །བཟོད་པས་ཕན་པ་ཉིད་ནི་གནོད་པ་བྱེད་པ་ལ་བཟོད་པ་ཡིན་ནོ། །བརྩོན་འགྲུས་ཀྱིས་ནི་དོན་བྱེད་པར་འགྱུར་བ་ཉིད་ཡིན་ནོ། །བསམ་གཏན་གྱིས་ནི་མཐུའི་ཁྱད་པར་དང་ལྡན་པའི་ཕྱིར་དང་བར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱིས་ནི་ཐེ་ཚོམ་ཅན་
เล่ม ๑๒๔ · หน้า 100a
རྣམས་ཀྱི་ཐེ་ཚོམ་གཅོད་པ་ཡིན་ནོ། །ལན་རེ་ཡིད་ལ་བྱེད་པ་ནི་གཞན་དག་ལ་སྦྱིན་པ་ལ་སོགས་པའི་ཡོན་ཏན་ལ་འཇུག་པས་སོ་ཞེས་བྱ་བ་ནི་གལ་ཏེ་གཞན་དག་ལ་སྦྱིན་པ་ལ་སོགས་པ་རབ་ཏུ་སྦྱོར་ན་དེ་ལྟར་ན་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ལན་དུ་ཕན་བཏགས་པར་འགྱུར་
རོ། །སྨོན་པ་ཡིད་ལ་བྱེད་པ་ནི་སེམས་ཅན་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་གནས་གསུམ་དུ་སྨོན་པའི་ཕྱིར་ཏེ་ཞེས་བྱ་བ་ནི། རྟག་ཏུ་འཕེལ་དང་ཉམས་པ་དང་། །སེམས་ཅན་རབ་ཏུ་སྨིན་པ་དང་། །ས་ལ་ཁྱད་པར་འགྲོ་བ་དང་། །བླ་ན་མེད་པའི་བྱང་ཆུབ་འདོད། །ཅེས་འབྱུང་བ་ལྟ་བུ་
ཡིན་ནོ། །རྒྱུན་དུ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པས་དུས་དོན་ཡོད་པར་བྱེད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འཇིགས་སྤངས་ཡང་དག་བསྐྱེད་པ་དང་། །ཐེ་ཚོམ་དག་ནི་གཅོད་པ་དང་། །ཞེས་བྱ་བ་ལ་སོགས་པ་ལྟ་བུས་དུས་དོན་ཡོད་པར་བྱེད་པར་མངོན་པར་འདུ་བྱེད་དོ། །
ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ཡིད་ལ་བྱེད་པ་དང་། ཚུ་རོལ་དུ་མི་གནས་པའི་ཡིད་ལ་བྱེད་པས་དེ་སྟོན་པར་བྱེད་དེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པས་ཞེས་བྱ་བ་ལ་སོགས་པས་
ཇི་སྲིད་ཀྱིས་ཐོབ་པར་བྱ་བའི་དོན་མཐར་ཕྱིན་པ་དེ་སྲིད་དུ་ཕྱིན་ཅི་མ་ལོག་པའི་སྦྱོར་བས་རབ་ཏུ་སྦྱོར་རོ། །ཇི་སྲིད་དུ་ཐོབ་པར་བྱ་བའི་དོན་དེ་མ་ཐོབ་པ་དེ་སྲིད་དུ་རྣམ་པ་གང་གིས་ཀྱང་ཚུ་རོལ་དུ་མི་གནས་སོ་ཞེས་འབྱུང་བ་ལྟ་བུ་སྟེ། ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་དེ་ལྟ་བུ་ཡིན་པར་རིག་
པར་བྱའོ། །མ་དད་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ལ་མ་དད་པ་ཞེས་བྱ་བར་སྦྱར་རོ། །ཡང་དག་པ་ལ་ནི་དད་པ་སྟེ། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡིན་ནོ། །དང་དུ་མི་ལེན་པ་
ཡིད་ལ་བྱེད་པ་ཞེས་བྱ་བ་ཇི་ལྟར་ན་དང་དུ་ལེན་པར་མི་བྱེད་ཅེ་ན། འདི་ལྟར་སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་འདུལ་བར་མངོན་པར་འདུ་བྱེད་པས་ཏེ། མི་མཐུན་པའི་ཕྱོགས་དེ་དག་ཅི་ནས་ཀྱང་ཡང་མི་འབྱུང་བ་དེ་ལྟར་འདུལ་བར་བྱེད་དོ། །དགའ་བ་ཡིད་ལ་བྱེད་པ་ནི་
เล่ม ๑๒๔ · หน้า 100b
རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལུང་བསྟན་པ་ཐོབ་པར་དགའ་བ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་བསྟན་པར། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་
ཡིན་ནོ། །དགའ་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལུང་བསྟན་པ་ཐོབ་པར་བྱ་བའི་ཆེད་དུ་སྟེ། དུས་འདི་སྲིད་ཅིག་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དེ་ལྟར་ལུང་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ལ་ནི་ལུང་སྟོན་པ་དེ་
ལྟ་བུ་ལ་དགའ་བ་ཡིད་ལ་བྱེད་པ་འབྱུང་ངོ་། །ཕ་རོལ་ཏུ་ཕྱིན་པ་ངེས་པའི་ས་ལ་གནས་པ་འཐོབ་པར་དགའ་བ་ཡིད་ལ་བྱེད་པའོ། །ཞེས་བྱ་བ་ནི་བདག་ནམ་ཞིག་ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པའི་ས་ལ་གནས་པ་འཐོབ་པར་འགྱུར་བ་གང་ཡིན་པ་དེར་འགྱུར་སྙམ་དུ་དེ་ལྟར་དགའ་བ་ཡིད་
ལ་བྱེད་པ་བསྐྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པའི་ས་ལ་གནས་འཐོབ་པ་ནི་ས་ཐོབ་པའི་དུས་ནས་བཟུང་སྟེ། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་སུམ་ཚོགས་དང་སྐྱེ་བ་ངེས། །ཞེས་བྱ་བ་ལ་སོགས་པ་ངེས་པར་འགྱུར་བ་རྣམ་པ་དྲུག་འཆད་པར་འགྱུར་བ་ལྟ་བུ་ཡིན་ནོ། །
ཕུན་སུམ་ཚོགས་པ་ངེས་པར་གྱུར་པ་ནི་རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའིའོ། །སྐྱེ་བ་ལ་སོགས་པ་ངེས་པར་འགྱུར་བ་ནི་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་
པ་ཡིན་པར་རིག་པར་བྱའོ། །ཚེ་ཕྱི་མ་ལ་མཐོང་བའི་ཕྱིར་འཇུག་པ་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཕན་ཆད་འགྲོ་བ་གང་དུ་སོན་ཡང་སྦྱིན་པ་ལ་སོགས་པ་གདོན་མི་ཟ་བར་བྱ་དགོས་སོ་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་
རིགས་ལ་གནས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ནམ་ཡང་རུང་སྟེ། གདོན་མི་ཟ་བར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་པར་བྱ་དགོས་སོ། །འདི་དག་ལ་མི་གནས་ཕན་ཆད་བྱང་ཆུབ་སེམས་དཔའ་ཉིད་ཀྱང་མ་ཡིན་ནོ་ཞེས་དེ་ལྟར་ལྟ་སྟེ། མཆོད་བསླབ་ཡང་དག་བླང་བ་དང་། །
เล่ม ๑๒๔ · หน้า 101a
སྙིང་རྗེ་དགེ་བ་བསྒོམ་པ་དང་། །ཞེས་བྱ་བ་ལ་སོགས་འབྱུང་བ་ལྟ་བུ་ཡིན་ནོ། །མཉམ་པ་ཉིད་དུ་ལྟ་བ་ཡིད་ལ་བྱེད་པ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་ལྷན་ཅིག་ཕ་རོལ་ཏུ་ཕྱིན་པ་རྟག་ཏུ་བྱ་བར་མོས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདག་གང་ཡིན་
པ་དེ་ཉིད་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་ཡིན་ནོ་ཞེས་མཉམ་པ་ཉིད་དུ་ལྟ་བའི་ཕྱིར་ཏེ། དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་བདག་གི་ཡང་ཡིན་ལ། བདག་ལ་བདག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་བྱེད་པ་གང་ཡིན་པ་དེ་ལ་གཞན་དག་ཀྱང་སྦྱོར་བ་ཡིན་
ནོ་ཞེས་དེ་ལྟར་མོས་པའི་ཕྱིར་རྟག་ཏུ་བྱེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་རེ་རེ་རྟག་ཏུ་གུས་པར་བྱས་ཏེ། སྦྱོར་བས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་སྦྱོར་རོ། །བདག་ཉིད་མཆོག་ཏུ་ངེས་
པར་འཛིན་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་ཆོས་ལ་ཞུགས་པས་བདག་ཉིད་གཙོ་བོའི་ངོ་བོར་ཡང་དག་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ནི་འཇིག་རྟེན་གྱི་ཆོས་དག་
པས་མཆོག་གཙོ་བོ་དམ་པ་ཡིན་ནོ་ཞེས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་མཆོག་ཉིད་དུ་འཛིན་ཏོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་པོ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་རྣམས་ཀྱི་ནང་ན་ནི་ཆོས་ཀྱི་སྦྱིན་པ་གཙོ་བོ་ཡིན་ལ། ཚུལ་ཁྲིམས་རྣམ་པ་གསུམ་
ལ་ནི་ཟློག་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རོ། །ཕ་རོལ་ཕྱིན་བཅུའི་རྒྱུས་བྱུང་བ། །དགེ་བ་ཡིད་བྱེད་འདི་དག་ནི། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པའི་ཕྱིར་རྒྱུ་ལས་བྱུང་བ་ཞེས་བྱའོ། །རྟག་ཏུ་བྱང་ཆུབ་སེམས་དཔའ་ཡི། །
ཁམས་ནི་བརྟས་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་བརྟས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཡོངས་སུ་ཚོལ་བའི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཞེས་བྱ་བ་ནི་ཆོས་ཡོངས་སུ་ཚོལ་བའི་རབ་ཏུ་དབྱེ་བ་གང་དག་ཡིན་པ་དེ་དག་གི་
เล่ม ๑๒๔ · หน้า 101b
དབང་དུ་བྱས་ཏེ། ཚིགས་སུ་བཅད་པ་གཉིས་སོ། །ཐོས་པ་ལ་མོས་པ་རྒྱས་པས་སོ་ཞེས་བྱ་བ་ནི་ལས་དང་པོའི་གནས་སྐབས་ན་ཐེག་པ་ཆེན་པོ་ལ་མོས་པ་སྐྱེ་བ་གང་ཡིན་པའོ། །ལྷག་པའི་བསམ་པ་ནི་ཆོས་ཀྱི་སྒོའི་རྒྱུན་གྱིས་སོ་ཞེས་བྱ་བ་ལ། བསམ་པ་ལྷག་པ་ནི་ལྷག་
པའི་བསམ་པས་ཏེ་ས་དང་པོ་ཐོབ་པའི་དུས་ཀྱི་ནའོ། །ལྷག་པའི་བསམ་པ་དེ་ནི་ཆོས་ཀྱི་རྒྱུན་གྱིས་འཐོབ་སྟེ། འདི་ལྟར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་མོས་པས་སྤྱོད་པའི་སའི་རྩེར་ཕྱིན་པ་ལས་འབྱུང་ལ་དེའི་མཇུག་ཐོགས་སུ་ནི་ས་ཐོབ་པོ། །དེ་ཉིད་ཀྱི་ཕྱིར་སྤང་བ་མེད་པ་ནི་གཉིས་པའོ་ཞེས་
འཆད་པར་འགྱུར་རོ། །ཆེན་པོ་ནི་དབང་འབྱོར་པ་ཐོབ་པ་རྣམས་ཀྱིའོ་ཞེས་བྱ་བ་ལ། དབང་འབྱོར་པ་ནི་བརྒྱད་པ་ལ་སོགས་པས་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཡིན་ནོ། །སྐུ་དང་བཅས་པ་ནི་མོས་པས་སྤྱོད་པ་ནི་བསྒོམས་པ་ལས་བྱུང་བའོ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་
སྐབས་ནའོ། །ས་དང་པོ་མ་ཐོབ་པར་ཇི་ལྟར་སྐུ་དང་བཅས་པ་ཡིན་ཞེ་ན། གཟུང་བ་དང་འཛིན་པའི་དོན་འཇིག་པས་ཅུང་ཟད་ཅིག་ཐོབ་པའི་ཕྱིར་སྐུ་དང་བཅས་པ་ཡིན་ནོ། །ས་དང་པོ་ལ་སོགས་པ་ལ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤངས་པའི་ཕྱིར་
དང་གཉིས་སུ་འཛིན་པ་དང་བྲལ་བའི་ཕྱིར་སྐུ་ཐོབ་པ་ཞེས་བྱའོ། །རྒྱུ་ཉིད་ཀྱི་ཆོས་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཡོངས་སུ་བཙལ་ན་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པའི་རྒྱུར་འགྱུར་བས་སོ། །ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ་ཞེས་བྱ་བ་ནི་
གཟུགས་ཀྱི་ཕུང་པོ་ལ་མཚན་རྣམས་གསལ་གྱི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་ལ་ནི་མ་ཡིན་པས། དེའི་ཕྱིར་ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ་ཞེས་བཤད་དོ། །གཟུགས་ཅན་མ་ཡིན་པ་ལ་ནི་ནད་མེད་པའི་རྒྱུ་ཞེས་བྱ་བ་ལ་ཆོས་གཟུགས་ཅན་མ་ཡིན་པ་ལ་ནི་
སེམས་དང་སེམས་ལས་བྱུང་རྣམས་ཏེ། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་གང་གིས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དེ་དག་ཉེ་བར་ཞི་བར་བྱེད་པས་དེའི་ཕྱིར་ཆོས་ནི་ནད་མེད་པའི་རྒྱུར་བཤད་དོ། །དེ་དག་ཟད་མི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་མྱ་ངན་ལས་
เล่ม ๑๒๔ · หน้า 102a
འདས་པར་འདུ་ཤེས་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བའི་སྒྲས་ནི་མངོན་པར་ཤེས་པ་ལ་སོགས་པའི་ནོར་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་ནི་རྣམ་པ་གང་གིས་ཀྱང་ཟད་པ་མེད་པས་དེའི་ཕྱིར་མྱ་ངན་ལས་
འདས་པ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པའི་ནོར་ཡང་ཡོངས་སུ་ཟད་པར་མི་འགྱུར་རོ། །འཇིག་རྟེན་ནི་ནོར་ཟད་པས་འཇིགས་པར་འགྱུར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལ་སོགས་པའི་ནོར་ལ་ནི་ཟད་པ་མེད་པས་དེའི་ཕྱིར་འཇིགས་
པ་མེད་དོ། །རྣམ་པར་རྟོག་པ་ནི་དང་པོ་མེད་པ་དང་ཡོད་པར་རྣམ་པར་རྟོག་པ་དེ་དག་ནི་གང་ཟག་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ནོ། །གཉིས་པ་དག་ནི་ཆོས་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་
དང་ཆོས་ཅན་གཞན་མ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་ཡང་དེ་དང་འདྲའོ། །ཐབས་ཀྱི་ཆེ་བ་ཉིད་ནི་བརྩོན་འགྲུས་དྲག་པོ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་མི་དམན་པ་དང་མི་འཁྲུག་པ་དང་ཆོག་པར་མི་འཛིན་པས་ཏེ། བརྩོན་འགྲུས་དྲག་པོ་དེ་ཡང་ཐབས་ཀྱིས་
ཡོངས་སུ་ཟིན་པ་ཡིན་གྱི། གཟུ་ལུམས་ཀྱི་བརྩོན་འགྲུས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ཡོངས་བཙལ་བ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་དང་། དོན་དམ་པའི་བདེན་པའི་ཆོས་ཉིད་དོ། །དེ་ཡོངས་སུ་ཚོལ་བ་ནི་གཉིས་ཀྱིས་ཡོངས་སུ་
ཚོལ་བ་སྟེ། འདི་སྐད་དུ་ཀུན་རྫོབ་ཀྱི་བདེན་པའི་ཆོས་ལ་མཁས་པ་དང་། དོན་དམ་པའི་བདེན་པའི་ཆོས་ལ་མཁས་པ་ཞེས་བཤད་པ་ཡིན་ནོ། །ཆོས་ཡོངས་སུ་ཚོལ་བའི་སྐབས་རྫོགས་སོ།། །།ཆོས་ཡོངས་སུ་ཚོལ་བའི་སྐབས་ཀྱི་འོག་ཏུ་ཆོས་སྟོན་པའི་སྐབས་ཏེ།
འདིའི་འབྲེལ་པ་གང་ཡིན་ཞེ་ན། གོང་དུ་རྣམ་པ་གང་དག་གི་དེའི་སྦྱོར་བའི་ས་ལ་སློབ་པ་དེ་དག་ནི་སློབ་པའི་རྣམ་པའི་ཁྱད་པར་ཡིན་ཏེ། དེ་དག་ཀྱང་བསམ་པའི་ཁྱད་པར་ལ་སོགས་པའོ་ཞེས་བཤད་པ་ལ་བསམ་པ་དང་སྦྱོར་བའི་ཁྱད་པར་དག་ནི་མོས་པ་ཡོངས་སུ་ཚོལ་བའི་སྐབས་སུ་བཤད་
เล่ม ๑๒๔ · หน้า 102b
ཟིན་ཏོ། །ད་ནི་གཞན་ལ་ཕན་པ་བསྒྲུབ་པའི་ཁྱད་པར་གྱི་སྐབས་ལ་བབ་པས་དེ་བརྗོད་དོ། །ཇི་ལྟར་ན་གཞན་ལ་ཕན་པ་སྒྲུབ་པ་ཡིན་ཞེ་ན། གཞན་དག་ལ་དམ་པའི་ཆོས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ཏེ། དེ་བས་ན་ཆོས་ཡོངས་སུ་ཚོལ་བའི་སྐབས་ཀྱི་འོག་ཏུ་ཆོས་སྟོན་པའི་སྐབས་
ཡིན་ནོ། །ཆོས་སྟོན་པ་ལ་སེར་སྣ་དགག་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་ཇི་ལྟར་ན་ཆོས་སྟོན་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེར་སྣའི་སྐབས་ཉིད་མེད་པ་དེ་སྟོན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམ་པ་ནི་སྙིང་རྗེས་སྲོག་དང་ལོངས་སྤྱོད་ཚེགས་ཆེན་པོས་རྙེད་ཅིང་ཟད་པར་འགྱུར་
བས་སྙིང་པོ་མེད་པ་དག་ཀྱང་སེམས་ཅན་སྡུག་བསྔལ་བར་གྱུར་པ་རྣམས་ལ་སྦྱིན་པར་བྱེད་པ་ན་ཞེས་བྱ་བ་ནི་ཡོ་བྱད་ཟད་ནའང་སྡུག་བསྔལ་བར་འགྱུར་ལ། སྲོག་ཟད་ན་ཡང་འཆི་བར་འགྱུར་བས་གང་ཞིག་ཟད་པར་འགྱུར་བ་དེ་ནི་སྦྱིན་པར་མི་ནུས་ཀྱི། གང་ཞིག་སྦྱིན་ཡང་ཟད་པ་མེད་པ་དེ་ལ་ནི་
སེམས་ཞུམ་པར་མི་འགྱུར་རོ། །ཆོས་ནི་བྱིན་ཡང་ཟད་པར་མི་འགྱུར་གྱི། མར་མེ་ལས་མར་གྱི་མེ་སྤར་བ་དེ་བཞིན་དུ་འཕེལ་བར་འགྱུར་རོ། །ལོངས་སྤྱོད་ཀྱང་ཚེགས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ལ། མི་ཉིད་ཀྱང་ཡིད་ལ་སྨོན་པ་བརྒྱ་ཕྲག་མང་པོས་འཐོབ་སྟེ། གང་ཞིག་དེ་
ལྟར་ཚེགས་ཆེན་པོས་རྙེད་པའི་ལུས་དང་ལོངས་སྤྱོད་དེ་དག་ཀྱང་ཡོངས་སུ་གཏོང་བ་དེ་ཇི་ལྟར་ཚེགས་ཆེན་པོས་རྙེད་པ་མ་ཡིན་པ་ཆོས་ཡོངས་སུ་གཏོང་བར་མི་བྱེད། ཆོས་ནི་སྲོག་དང་ལོངས་སྤྱོད་དག་པས་ཀྱང་ཆོས་ཤིན་ཏུ་རྙེད་པར་དཀའ་བས་ཚིགས་སུ་བཅད་པ་ཕྱེད་ཙམ་གྱི་ཕྱིར་ཡང་བྱང་ཆུབ་
སེམས་དཔའ་བདག་ཉིད་ཡོངས་སུ་བཏང་སྟེ། ཇི་སྐད་དུ། ལེགས་གསུངས་ཚིགས་བཅད་ཕྱེད་ཙམ་ཡང་། །ཉིད་ཀྱི་སྐུ་ཡི་དྲིན་གྱིས་བསྒྲུབས། །ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུ་དང་། ཇི་སྐད་དུ་བདག་ནི་ཚིགས་བཅད་གཅིག་གི་ཕྱིར་ཡང་བདག་ཉིད་ཚངས་པའི་འཇིག་རྟེན་
ནས་མེའི་འོབས་སུ་འདོར་བར་སྤྲོའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་གང་ཞིག་དེ་ལྟར་རྙེད་དཀའ་བ་དེ་ལ་འདི་སྐད་དུ། རྙེད་པར་སླ་བ་ཞེས་ཇི་སྐད་དུ་བརྗོད་ཅེ་ན། དེ་ནི་དེ་ལྟར་མི་གཟུང་གི །སངས་རྒྱས་བྱུང་བ་ནས་བཟུང་སྟེ། །ཇི་སྲིད་དུ་བསྟན་པ་གནས་པ་དེའི་བར་དུ་ནི་དམ་པའི་
เล่ม ๑๒๔ · หน้า 103a
ཆོས་ཚེགས་ཆེན་པོས་རྙེད་པ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བའི་སྐྱེ་བོའི་ཐད་དུ་གཤེགས་ཤིང་གཤེགས་ནས་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ཏེ། སེམས་ཅན་དག་ལ་ནི་མི་འདོད་བཞིན་དུ་ཡང་སྟོན་པར་མཛད་པས་དེའི་
ཕྱིར་ཚེགས་ཆེན་པོས་རྙེད་པ་མ་ཡིན་པ་ཞེས་བྱའོ། །ཆོས་ཡངས་པ་ནི་ཐེག་པ་ཆེན་པོའི་ཆོས་སོ། །གང་ཕྱིར་རང་རིག་ཆོས་པས་བཅོམ་ལྡན་འདས་ཀྱིས་མ་བསྟན་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་མ་བསྟན་པ་དེའི་ཕྱིར་ཆོས་
བསྟན་པ་དོན་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་ཆུད་པའི་ཆོས་སོ་སོ་རང་གིས་རིག་པར་བྱ་བའི་གནས་སྐབས་གང་ཡིན་པའི་སོ་སོ་རང་གིས་རིག་པར་བྱ་བ་དེ་ནི་གཞན་དག་ལ་བསྟན་པར་མི་ནུས་སོ། །མེ་ཞེས་བྱ་བའི་སྒྲས་ནི་མེའི་རང་གི་ངོ་བོ་བརྗོད་པར་མི་ནུས་
ཏེ། གལ་ཏེ་མེ་ཞེས་བྱ་བའི་སྒྲས་མེའི་རང་གི་ངོ་བོ་བརྗོད་ན་ནི་མེ་ཞེས་བྱ་བའི་སྒྲས་བརྗོད་པའི་དུས་ན་ཁ་ཚིག་པར་འགྱུར་རོ་ཞེ་ན། ཚིག་གིས་ཆོས་རྣམས་ཀྱི་ངོ་བོ་ཉིད་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་དང་མཐུན་པའི་གཏམ་བསྙད་པ་ཆོས་
བསྟན་པས་སོ་སོ་རང་གིས་རིག་པར་བྱ་བ་ལ་གདུལ་བ་རྣམས་ཀྱི་རྟོགས་པ་སྐྱེད་པར་མཛད་དོ། །དེའི་ཕྱིར་འདི་སྐད་དུ། རིགས་པ་བཤད་པ་ཆོས་རྣམས་ཀྱིས། །སྐྱེ་བོ་ཉིད་ཀྱི་ཆོས་ལ་ཀུན་ནས་དྲངས། །ཞེས་བྱ་བ་སྨོས་སོ། །འདི་ལྟར་རིགས་པར་བཤད་པའི་ཆོས་བསྟན་པས་འཇིག་རྟེན་ཉིད་ཀྱི་
ཆོས་ལ་ཀུན་ནས་དྲངས་ཏེ། རྒྱུ་འདིས་ན་ཆོས་བསྟན་པ་དོན་མེད་པ་མ་ཡིན་ནོ། །ཉིད་ཀྱི་ཆོས་ནི་བཅོམ་ལྡན་འདས་ཀྱི་བཀའ་སྟེ། ཆོས་བསྟན་པ་དེ་ལ་འགོད་པར་མཛད་དོ། །ཡང་ན་ཉིད་ཀྱི་ཆོས་ནི་བསྟན་པ་ལ་འཇུག་པ་སྟེ། ཞུགས་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་
གྱིས་རྟོགས་པ་འཐོབ་པས་ཆོས་བསྟན་པ་དོན་མེད་པར་མི་འགྱུར་རོ། །ཇི་ལྟར་ན་ཆོས་བསྟན་པ་དོན་མེད་པར་མི་འགྱུར་བ་ནི་ཚིགས་སུ་བཅད་པ་གཉིས་པའི་ཕྱེད་ཀྱིས་སྟོན་ཏོ། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དོན་
เล่ม ๑๒๔ · หน้า 103b
མཐོང་བ་ཞེས་བྱ་བ་ནི་དོན་རྟོགས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དོན་གང་ཞིག་རྟོགས་པས་མངོན་སུམ་དུ་བྱ་བ་དེ་ཐོས་པ་ཙམ་ཁོ་ནས་མངོན་དུ་བྱེད་ཅིང་རྟོགས་པར་འགྱུར་ན་ནི་དེའི་ཕྱིར་བསྒོམ་པ་དོན་མེད་པར་ཡང་འགྱུར་བ་ཞིག་ན། གང་གི་ཕྱིར་དོན་དེ་བསྒོམས་པས་
མངོན་སུམ་དུ་བྱེད་པ་དེའི་ཕྱིར་བསྒོམ་པ་དོན་མེད་པར་མི་འགྱུར་རོ། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །ཞེས་བྱ་བ་ཇི་ལྟར་བསྟན་པ་དོན་མེད་པར་མི་འགྱུར་བ་དེ་ནི་རྐང་པ་ཐ་མ། གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་
འགྱུར། །ཞེས་བྱ་བས་སྟོན་ཏེ། མཉམ་པ་མེད་པར་ནི་བསྒོམ་པར་མི་འགྱུར་རོ། །དེ་ལྟ་བས་ན་ཆོས་བསྟན་པ་དོན་མེད་པ་མ་ཡིན་ཏེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། གཉིས་ལ་བརྟེན་ནས་གཉི་གར་གནས་པར་འགྱུར་རོ་ཞེས་བཤད་པ་ལྟ་བུ་ཡིན་ནོ། །སྟོན་
པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ཇི་ལྟར་ན་ལུང་ལ་སོགས་པས་སྟོན་པ་རྣམ་པར་དབྱེ་བ་ཡིན་ཞེ་ན། ལུང་ལས་རྣམ་པར་དབྱེ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དག་ལས་ཆོས་ཐོས་ནས་གཞན་དག་ལ་སྟོན་པར་བྱེད་དེ། དེ་ལྟ་བས་ལུང་ལས་ཀྱང་ཆོས་རྣམ་
པར་དབྱེ་བ་བྱས་པ་ཡིན་ནོ། །རྟོགས་པ་ལས་ཀྱང་ཞེས་བྱ་བ་ནི། ཆོས་རྟོགས་ནས་དེ་ཉིད་སེམས་ཅན་དག་ལ་སྟོན་པར་བྱེད་དེ། དེ་ལྟར་ན་རྟོགས་པ་ལས་ཀྱང་རྣམ་པར་ཕྱེ་བ་ཡིན་ནོ། །གཟུགས་ལས་ཀྱང་ཞེས་བྱ་བ་ནི་ཆོས་གཟུགས་ཅན་ཤིང་དང་སིལ་སྙན་ལ་སོགས་པ་ལས་
ཆོས་སྟོན་པ་འབྱུང་བ་གང་ཡིན་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པས་ནི་དོན་སྣ་ཚོགས་ཀྱང་རྟོགས་པར་འགྱུར་ལ། མང་དུ་ཐོས་པ་ཡང་འཕེལ་བར་འགྱུར་ཏེ། དེ་བས་ན་སྟོན་པ་རྒྱ་ཆེན་པོར་འགྱུར་རོ། །སྐྱེས་བུ་དམ་པའི་ལས་བྱེད་པ་ཞེས་བྱ་བ་ནི་གལ་ཏེ་ཁ་ན་མ་ཐོ་བ་མེད་པའི་
ལས་བྱེད་པས་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་སྒྲུབ་པ་ལ་གནས་པ་ཞིག་ཆོས་སྟོན་ན་དེས་ན་སྟོན་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ལྟར་ན་ཚིག་བཟུང་བར་འོས་པར་འགྱུར་རོ། །ཆོས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་འབྱེད་དོ་ཞེས་བྱ་བ་ནི་གཞན་དག་ལ་རྣམ་པར་འབྱེད་ཅིང་ཚིག་དང་དོན་རྒྱས་པར་
เล่ม ๑๒๔ · หน้า 104a
སྟོན་པ་ཡིན་ནོ། །རྒྱགས་པ་དང་བྲལ་བ་ནི་བསྟོད་དམ་གྲུབ་ན་རྒྱགས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་བཤད་པ་དེས་རངས་པར་བྱས་པ་གང་ཡིན་པས་བསྟོད་ན་ཡང་རྒྱགས་པའམ་ཁེངས་པར་མི་འགྱུར་ལ། གང་གི་ཚེ་དོན་རྟོགས་པར་དཀའ་བ་གང་ཡིན་པ་དེ་
བཤད་པས་གསལ་བར་བྱེད་སྒྲུབ་པར་བྱེད་ལ། དེ་གྲུབ་ན་དེ་འདི་སྙམ་དུ་ཨ་ལ་ལ་བདག་གིས་དོན་རྟོགས་པར་དཀའ་བ་བསྒྲུབས་སོ་སྙམ་དུ་རྒྱགས་པར་མི་འགྱུར་བ་ཡིན་ནོ། །མི་སྐྱོ་བ་ནི་དུབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་དུབ་པ་ནི་སྐྱོ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་སྟོན་
པ་ལ་དུབ་པ་ཉིད་མེད་པའི་ཕྱིར་སྟོན་པ་མི་སྐྱོ་བ་ཞེས་བྱའོ། །ཟང་ཟིང་མེད་པ་ནི་དད་པའི་ལྷག་པར་བྱ་བ་དོན་དུ་མི་གཉེར་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་སེམས་ལ་འདི་སྙམ་དུ་འཇིག་རྟེན་གྱི་ཆོས་ཐོས་ཏེ་ཡི་རངས་ནས་རྙེད་པ་དང་བཀུར་སྟི་ལ་སོགས་པས་མཆོད་པ་བྱེད་པར་
འགྱུར་རོ་སྙམ་དུ་བསམས་ནས། ཆོས་སྟོན་པར་མི་བྱེད་ཀྱི། འོན་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་བཀུར་སྟི་ལ་སོགས་པ་དོན་དུ་མི་གཉེར་བར་སྙིང་རྗེས་ཆོས་སྟོན་ཏོ། །གྲོང་ཁྱེར་པའི་གསུང་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་
རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། བརྟེན་པ་མེད་པ་དང་། མི་མཐུན་པ་མེད་པ་དང་། གཏུགས་པ་མེད་པས་ཆོས་སྟོན་ཏོ་ཞེས་བྱ་བའི་མདོའི་ཚིག་འདི་དག །རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཅིང་ལེགས་བཤད་གྲགས་པ་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པའི་
ཚིག་འདི་དག་གི་འགྲེལ་པ་ལས་སྦྱར་བར་ཤེས་པར་བྱ་སྟེ། སྙན་ཅིང་འཇེབས་པ་ནི་བཟང་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །རན་པ་ནི་མི་མཐུན་པ་མེད་པ་སྟེ། ཇི་ལྟར་མི་མཐུན་པ་མེད་ཅེ་ན། དེ་སྟོན་ཏེ། ཚིག་རན་པ་ལ་མི་སྐྱོ་བའི་ཕྱིར་རོ། །འདི་ལྟར་བཤད་པའི་ཚད་ངེས་པ་མེད་པ་ནི་འཇིག་རྟེན་དང་
མི་མཐུན་པར་འགྱུར་རོ། །མི་མཐུན་པའི་ཕྱིར་སྐྱོ་བ་སྐྱེའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་འགྲེལ་པ་ལས་རན་པ་ལ་མི་སྐྱོ་བའི་ཕྱིར་རོ་ཞེས་བསྟན་ཏེ། ཡི་གེ་མདོར་བསྡུས་ཏེ་བསྟན་ན་དགའ་བར་འགྱུར་ཞིང་སྐྱོ་བ་མི་སྐྱེའོ། །ཡངས་པས་ནི་གཏུགས་པ་མེད་པའོ་ཞེས་བྱ་བ་ནི་ཚིག་འདི་ལ་
เล่ม ๑๒๔ · หน้า 104b
གཏུགས་ཤིང་ཡོངས་སུ་ཟད་པ་མེད་པས་གཏུགས་པ་མེད་པ་ཞེས་བྱའོ། །ཚིག་དང་ཡི་གེ་རིགས་པ་དང་། འབྲེལ་པ་དང་། མཐུན་པ་དང་། རུང་བ་དང་། འབྱོར་པ་དང་། འཕྲོད་པ་དང་། འཚམ་པ་དང་། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དག་གིས་ཞེས་བྱ་བའི་མདོའི་ཚིག་འདི་དག་གིས་
སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། བསྟན་དང་དེ་བཞིན་བཤད་པ་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་འགྲེལ་པ་ལས་སྦྱར་བར་ཤེས་པར་བྱའོ། །རྟག་ཏུ་མཁས་པར་སྐྱོང་བའི་ཕྱིར་འགྲུས་སྐྱོང་སྟེ་སློབ་པ་ལ་བྱའོ། །དེ་མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་
ཡིན་ཞེས་བྱ། །བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་དེ་རྣམ་པར་སྦྱངས་ན། སངས་རྒྱས་ཀྱི་གནས་སྐབས་ན་གསུང་རྣམ་པ་དྲུག་ཅུ་དང་ལྡན་པ་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །
མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་ཆུ་མཉེན་པོ་རྩྭ་དང་། གེལ་བ་དང་། སྨན་དང་། ནགས་ཚལ་རྣམས་ཀྱི་རྩ་བ་ཉེ་བར་སྟོན་པར་བྱེད་ཅིང་། དེ་དག་ཉེ་བར་བསྟན་ན་འཕེལ་ཞིང་རྒྱས་པ་ཉིད་དུ་འགྱུར་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་གསུང་མཉེན་པ་དེ་ཐོས་པའི་སྒོ་ནས་སེམས་ཅན་དགེ་བའི་རྩ་བ་མ་བསགས་པ་རྣམས་དགེ་བའི་རྩ་བ་བསོགས་པར་འགྱུར་ཞིང་། དེ་དག་ཉེ་བར་བསགས་ན་དགེ་བའི་ཆོས་འཕེལ་བར་འགྱུར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ་ཞེས་བྱ་བ་ནི་དར་དང་།
རས་བལ་གྱི་འདའ་བ་དང་། ཀ་ཙ་ལིན་དི་ཀའི་རས་ལ་སོགས་པ་འཇམ་པའི་ཕྱིར་ལུས་ཀྱི་དབང་པོ་རེག་པ་ཙམ་ཁོ་ནས་བདེ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་འཇམ་པོ་ཡང་མཐོང་བའི་ཆོས་ཁོ་ན་ལ་མཉན་པའི་དུས་ཉིད་ན་བདེ་བའི་རེག་པ་བསྐྱེད་དོ། །ཡིད་དུ་
འོང་བ་ནི་དོན་བཟང་པོའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཡིད་ཀྱིས་དོན་རྣམས་བྱེ་བྲག་ཏུ་ཤེས་ཀྱི། རྣ་བའི་རྣམ་པར་ཤེས་པས་ནི་དོན་ངེས་པར་གཟུང་བར་བྱ་མི་ནུས་པས་སོ། །དག་པ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱང་འཇིག་རྟེན་ལས་
เล่ม ๑๒๔ · หน้า 105a
འདས་པ་ཡིན་མོད་ཀྱི། ཉན་ཐོས་རྣམས་ཀྱང་འཇིག་རྟེན་ལས་འདས་པ་ཉིད་ཡིན་དུ་ཟིན་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ལྟོས་ན་གོང་མ་དང་བཅས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་བཀའ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པ་ཡིན་ཏེ། དེ་བས་ཆེས་
གོང་མར་གྱུར་པའི་ཚིག་མེད་པས་ན་འཇིག་རྟེན་ལས་འདས་པ་གོང་ན་མེད་པ་ཞེས་བྱའོ། །མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པར་བྱེད་པའི་སྟོབས་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་སོ། །སྟོབས་ཉིད་ཡོན་ཏན་ཡིན་པས་ན་སྟོབས་
ཀྱི་ཡོན་ཏན་ནོ། །དེ་དང་ལྡན་པའི་ཕྱིར་སྟོབས་ཀྱི་ཡོན་ཏན་དང་ལྡན་པ་ཞེས་བྱ་སྟེ། ལྡན་པའི་ཕྱིར་སྙན་ཅིང་འཇེབས་པ་ཡིན་ནོ། །མཉན་པར་འོས་པ་ནི་བསྒྲུབས་པས་ངེས་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་མཉན་པའི་སྒོ་ནས་ཉན་པ་པོ་སྒྲུབ་པ་དང་ལྡན་པར་འགྱུར་ཞིང་དེའི་འོག་ཏུ་ངེས་
པར་འབྱུང་བར་འགྱུར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར། བུང་བའི་སྦྲང་རྩི་གནོད་མེད་པ། །བདུད་རྩི་ལྟ་བུ་འདོད་པ་ལྟར། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས། །བརྫི་ཞིང་གནོད་པར་མི་ནུས་སོ། །མི་རྩུབ་པ་ནི་བསླབ་པ་
བཅའ་བའི་ཐབས་བདེ་བའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་བདེ་བ་ཡིན་གྱི། དགེ་སྦྱོང་གཅེར་བུ་པ་ལ་སོགས་པ་ལྟ་བུར་གདུང་བ་དང་། ཡོངས་སུ་གདུང་བ་དང་། སྐྲ་འབལ་བ་དང་། རི་དང་གཡང་ས་ནས་
མཆོང་བ་དང་། མེ་དང་ཆུར་འཇུག་པ་ལ་སོགས་པས་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ནི་མ་ཡིན་ནོ། །ཡང་ན་བསླབ་པའི་གཞི་འཆའ་བའི་དུས་ན་འདི་ནི་ཁྱེད་ལ་ཕན་པར་འགྱུར་བ་དང་། བདེ་བར་འགྱུར་བ་ཡིན་ནོ་ཞེས་དེ་སྐད་དུ་སྙན་པར་བརྗོད་པའི་ཕྱིར་མི་རྩུབ་པ་
ཡིན་ནོ། །མི་བརླང་བ་ནི་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བསླབ་པ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པས་དེའི་ཕྱིར་མི་བརླང་བ་ཞེས་བྱའོ། །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ་
เล่ม ๑๒๔ · หน้า 105b
ཞེས་བྱ་བ་ནི་འདི་ལྟར་ཞི་གནས་ཀྱི་ལམ་བསྐྱེད་པས་སོ། །ཡོངས་སུ་གདུང་བ་མེད་པ་ནི་སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེའི་ཚེ་དེ་མཉན་པའི་སྒོ་ནས་སྒྲུབ་པ་ལ་སྦྱོར་ཞིང་བསྒྲུབས་ནས་མཇུག་ཏུ་མངོན་སུམ་དུ་མཐོང་ན་འགྱོད་པ་མེད་པར་འགྱུར་རོ། །ཀུན་ཤེས་པར་བྱེད་པ་ནི་
བསམ་གྱིས་མི་ཁྱབ་པའི་ཕྱིར་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་ཆོས་ནི་སོ་སོ་རང་གིས་རིག་པར་བྱ་བ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་དབང་བཅུ་ལ་སོགས་པའོ། །ཡང་ན་ཆོས་ཉིད་གང་ཞིག་བསམས་ན་སྨྱོ་བ་དང་། ཁྲག་ཏུ་སྐྱུགས་པ་ལ་སོགས་པར་འགྱུར་བ་ཕྱི་
རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་འགྲུབ་པར་བྱེད་པའི་ལས་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཆོས་དེ་ལྟ་བུ་ལ་སོགས་པ་ཅི་ནས་ཀྱང་བསམ་གྱིས་མི་ཁྱབ་པ་དེ་དག་ལ་ཉན་པ་པོ་མངོན་པར་མི་བརྩོན་ཞིང་ཡོངས་སུ་སྤང་བར་བྱ་བའི་གནས་རྣམས་ཡོངས་སུ་སྡོང་བར་འགྱུར་བར་ཡང་དག་པར་
སྟོན་ཏོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མ་རིག་པ་གང་ཞེ་ན། ཀུན་ཏུ་རྨོངས་པའོ་ཞེས་བྱ་བའི་ཚིག་དེ་ལྟ་བུ་དག་ནི་ཟློས་པའི་སྐྱོན་མེད་པ་ཡིན་ཏེ། འདི་ལྟར་འདུལ་བ་མང་པོ་ཉེ་བར་གནས་ནལ་ལ་རྣམ་གྲངས་འགའ་ཞིག་གིས་གོ་བར་འགྱུར་རོ། །
དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྟོན་པ་དོན་ཡོད་པར་མཛད་པ་ཡིན་ནོ། །གཞན་དག་གི་སོ་སོ་ཡང་དག་པར་རིག་པའི་ས་བོན་སྐྱེད་པའི་ཕྱིར་ཡང་རྣམ་གྲངས་བརྗོད་དེ། རྣམ་གྲངས་རྣམས་ཀྱི་དགོངས་པ་རྒྱས་པར་ནི་རྣམ་པར་བཤད་པའི་རིགས་པ་ལས་བལྟ་བར་བྱའོ། །
གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ་ཞེས་བྱ་བ་ལ། གླང་པོ་ཆེ་ནི་གླང་པོ་ཆེ་ས་སྲུང་གི་བུ་ལ་སོགས་པ་གཟུང་ངོ་། །དེ་དག་གི་སྒྲ་ནི་རྒྱ་ཆེ་བ་དང་། བརྗིད་ཆེ་བ་ཡིན་ནོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་རྣམས་ནི་ཀླུའི་གནས་དག་ན་ཚིག་མཉན་པ་ཡིན་
ཏེ། ཀླུ་གཞན་དག་དེ་དག་གི་ཚིག་ལས་མི་འདའོ། །ཀ་ལ་པིང་ཀའི་སྒྲ་དབྱངས་ནི་རྣོ་བ་དང་འཇིག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀ་ལ་པིང་ཀའི་སྒྲ་ནི་ཞེན་པར་འཇུག་པ་དང་། འཇིག་པའི་ངང་ཅན་ཡིན་ལ་ཡིད་དུ་འོང་བ་ཉིད་ཀྱིས་ཞིག་ན། ཡང་མཉན་པར་བྱ་བའི་དགའ་བ་ཆེན་པོ་སྐྱེ་བ་དེ་བཞིན་
เล่ม ๑๒๔ · หน้า 106a
དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཡང་ཉན་པ་པོ་རྣམས་ཀྱི་སྙིང་ལ་འབབ་ཅིང་གསུང་དབྱངས་ཞིག་ན་ཡང་དེ་ཉན་པར་བྱ་བའི་དགའ་བ་འབྱུང་ངོ་། །གཞན་དག་ནི་ཡང་དང་ཡང་དུ་འཇིག་པའི་ཕྱིར་རོ་ཞེས་བྱ་བར་འདོན་ཏེ། དེ་དག་གི་ལྟར་ན་བ་དན་བཞིན་དུ་ཡང་དང་
ཡང་དུ་འཇིག་པ་ཡིན་ཏེ། ཡང་དང་ཡང་དུ་གཞན་རྣམ་པ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་ཐམས་ཅད་ལུང་བསྟན་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཐམས་ཅད་དུ་ལུང་བསྟན་པ་ཞེས་བྱ་བ་ནི་ཉན་ཐོས་དང་
བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་གང་དག་ཡིན་པ་སྟེ་ཇི་ལྟར་ཉན་ཐོས་རྣམས་སྐྱེ་བར་ལུང་སྟོན་པ་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཉིད་དུ་ལུང་སྟོན་པ་ཞེས་བྱ་བ་དེའི་སྒྲ་ལ་ཞུགས་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ། །ཐ་བ་དང་བཅས་པའི་ཆེད་ནི་
སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་ཐ་བ་ཅན་དང་བཅས་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཏེ། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་ཐ་བར་གྱུར་པ་ཡིན་ནོ། །དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཐ་བ་མ་ཡིན་པའོ། །དེ་
དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་ཐ་བ་དང་བཅས་པའི་ཆེད་ཅེས་བྱའོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་ངོ་བོ་ཉིད་གཅིག་སྟོན་པ་ཡིན་ཡང་གསུང་གིས་
བསྙད་པར་བྱ་བ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ཡི་དགས་དང་། རི་ཁྲོད་པ་དང་། གདོལ་པ་དང་། ཀླ་ཀློ་ལ་སོགས་པ་གང་ཞིག་སྒྲའི་ཁྱད་པར་ཇི་ལྟ་བུ་མངོན་པར་ཤེས་པ་དེས་དེ་ཁོ་ན་བཞིན་དུ་ཐོས་སོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་
གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཞིག་དོན་གྱི་རྣམ་པར་རིག་པ་ཇི་ལྟ་བུ་ལ་ཡིད་ཆེས་པར་འགྱུར་བ་དེ་ལ་དེ་བཞིན་དུ་གཅིག་ཡིན་པ་ལས་གདུལ་བ་ཐམས་ཅད་ཀྱི་དོན་རྟོགས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ཡིན། ཡང་ན་དད་པའི་དབང་པོ་ལ་སོགས་པའི་དོན་ཚིམ་པར་བྱེད་པ་ཡིན་ནོ། །
เล่ม ๑๒๔ · หน้า 106b
མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་དམ་བཅས་པ་དེ་ཁོ་ན་བཞིན་དུ་མང་པོས་སྒྲུབ་པར་བྱེད་པས་དེའི་ཕྱིར་མ་སྨད་པ་ཞེས་བྱའོ། །མི་འགྱུར་བ་ནི་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཞིག་དུས་གང་དུ་དགེ་བའི་ཕྱོགས་ལ་ཡང་རུང་བར་འགྱུར་བ་དེ་
ལ་དེའི་དུས་ཁོ་ནར་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པས་སོ་སོར་ཐར་པ་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ། ལ་ལར་ཞུས་ཀྱང་མི་གསུང་ལ། །ཆེད་ཀར་ཡང་ནི་གསུང་བར་མཛད། །ཅེས་བཤད་པ་ལྟ་བུ་ཡིན་ནོ། །བརྗོད་དོ། །འདོགས་སོ། །རབ་ཏུ་འཇོག་གོ། །རྣམ་པར་འབྱེད་དོ། །
རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ། །སྟོན་ཏོ། །ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་བྱ་བའི་མདོའི་ཚིག་འདི་དག་སློབ་དཔོན་གྱིས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིའི་འགྲེལ་པ་ལས་སྦྱར་བར་ཤེས་
པར་བྱ་སྟེ། འདོགས་པ་ནི་ཚིག་ཤིན་ཏུ་རིགས་པ་དག་གིས་སོ་ཞེས་བྱ་བ་ནི་རིགས་པའི་དོན་རྗོད་པར་བྱེད་པ་དག་གིས་སོ། །འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ལ། འཁོར་ཞེས་བྱ་བའི་སྒྲ་ནི་རྣམ་པར་དག་པ་བརྗོད་པ་ཡིན་པར་བལྟ་བར་བྱའོ། །གང་གིས་སྟོན་པ་སྟེ། ངག་དང་ཚིག་
དག་དང་ཞེས་བྱ་བའི་ངག་དག་པ་དང་། ཚིག་དག་པ་ནི་འཁོར་བ་དག་པ་གཅིག་ཡིན་ནོ། །ཇི་ལྟར་སྟོན་པ་ནི་བསྟན་པ་དང་རྣམ་པར་འབྱེད་པ་དང་། ཐེ་ཚོམ་གཅོད་པ་དང་། ལན་མང་དུ་བྱེད་པ་དག་ཏུ་སྟེ། བསྟན་པ་དག་དང་། རྣམ་པར་འབྱེད་པ་དག་དང་། ཐེ་ཚོམ་གཅོད་པ་དག་
དང་། ལན་མང་དུ་བྱེད་པ་དག་དང་། དག་པ་བཞི་དག་པ་གཅིག་ཏུ་བྱའོ། །འདི་ལྟར་རྣམ་པ་འདི་བཞིས་སྟོན་པར་བྱེད་པས་འདི་ནི་སྟོན་པ་དག་པ་ཡིན་ཏེ། དེ་ནི་འཁོར་དག་པ་གཉིས་པ་ཡིན་ནོ། །མགོ་སྨོས་པ་དང་རྣམ་པར་སྤྲོས་པ་ན་གོ་བ་རྣམས་ལ་དོན་སྟོན་པ་ནི་འཁོར་དག་པ་གསུམ་
པ་ཡིན་ཏེ། གང་ཞིག་གླེངས་པ་ཙམ་གྱིས་གོ་བ་དེ་ནི་མགོ་སྨོས་པས་གོ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་
เล่ม ๑๒๔ · หน้า 107a
སུ་བྱང་བ་སྟོན་ཏོ་ཞེས་བྱ་བ་མདོའི་ཚིག་འདི་དག །དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལས་སྦྱར་བར་ཤེས་པར་བྱའོ། །ཆོས་ཐོག་མ་དང་། བར་དང་། ཐ་མར་དགེ་བ་ཡིན་ནོ་ཞེས་བྱ་བ་
ལ། ཐོས་པས་ནི་ཐོག་མར་དགེ་སྟེ། འདི་ལྟར་ཐོས་ནས་འདི་ལ་ཡིད་ཆེས་པ་ལས་སྐྱེས་པའི་མོས་པ་འབྱུང་སྟེ། ཐོས་པ་དེ་ནི་འདིའི་མོས་པའི་རྒྱུ་ཡིན་ནོ། །བསམས་པས་ནི་བར་དུ་དགེ་སྟེ་རིགས་པས་ངེས་པ་བརྟགས་པ་ལས་སྐྱེས་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་ཐོབ་པར་
ནུས་པས་དགའ་བའི་རྒྱུར་འགྱུར་རོ། །བསྒོམས་པས་ནི་ཐ་མར་དགེ་བ་ཡིན་ཏེ། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲི་མ་རྣམ་པར་དག་པའི་སྒོ་ནས་ཟག་པ་ཟད་པ་རྣམས་ཀྱི་རྒྱུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་
ཟག་པ་དང་བཅས་པའི་ཆོས་དང་ལྡན་པས་རྒྱུད་དྲི་མ་དང་བཅས་པར་གྱུར་བ་ལས་ཟག་པ་མེད་པའི་ཆོས་དང་ལྡན་པས་དྲི་མ་ཡོངས་སུ་བྱང་བ་ཞེས་བྱའོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་འཇུག་པར་བྱ་བའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་
གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་དོ་ཞེས་ཆོས་ཡོད་པ་ཉིད་དུ་ཞལ་གྱིས་བཞེས་ནས་གང་ཟག་ལ་བདག་མེད་པར་གཟུད་པར་སྤྱོད་དོ། །དེ་ལྟ་མ་ཡིན་ན་གང་ཟག་ཀྱང་མེད་ལ་གཟུགས་ལ་སོགས་པའི་
ཆོས་རྣམས་ཀྱང་མེད་དོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བསྟན་པས་དང་ཞིང་འཇུག་པར་མི་འགྱུར་རོ། །དེ་བས་ན་བསྟན་པ་ལ་འཛུད་པ་ལ་ལྟོས་ནས་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་སྟོན་པར་མཛད་དེ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་པ་ལ་སོགས་པ་ངོ་བོ་ཉིད་
གསུམ་ལས་བལྟ་བར་བྱ་སྟེ་ཞེས་བྱ་བ་ནི་གང་དུ་མེད་པར་བཤད་པ་བསྟན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །གང་དུ་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་ལ་སོགས་པ་ལྟ་བུར་བཤད་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པ་ཡིན་པར་ཤེས་པར་བྱའོ། །གང་དུ་ས་དང་།
เล่ม ๑๒๔ · หน้า 107b
ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་ཆོས་བཤད་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་གདུལ་བ་ལ་བལྟ་བར་བྱ་སྟེ། གང་དུ་མི་སྡུག་པ་བཤད་པ་དེ་ནི་འདོད་ཆགས་ཀྱི་
གཉེན་པོར་བཤད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཅི་རིགས་པར་ཞེ་སྡང་ལ་སོགས་པ་བྱམས་པ་ལ་སོགས་པར་བཤད་པ་ནི་གཉེན་པོར་བཤད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཕྱིན་ཅི་ལོག་པར་ལེགས་པར་གནས། །ཞེས་བྱ་བ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་
ཏུ་འཛིན་པ་ལས་བཟློག་པ་སྟེ། ཕྱིན་ཅི་ལོག་མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་མི་ཉམས་པའི་སྒོ་ནས་ལེགས་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་བཟློག་སྟེ་གནས་པའི་ཕྱིན་ཅི་ལོག་གོ། །མི་རྟག་པ་ལ་སོགས་པ་ནི་རྟག་པ་ལ་སོགས་པ་ལས་བཟློག་པ་ཡིན་ཏེ། མི་རྟག་པ་ལ་
སོགས་པ་དེ་དག་ལ་ཡོངས་སུ་མི་ཉམས་པའི་སྒོ་ནས་གནས་པ་ནི་ཕྱིན་ཅི་ལོག་ལ་ལེགས་པར་གནས་ཞེས་བྱའོ། །ཡང་ན་ཕྱིན་ཅི་ལོག་ལ་ལེགས་པར་གནས་ཞེས་བྱ་བ་ནི་རྟག་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་ཁོ་ན་ལ་ལེགས་པར་གནས་པ་ཡིན་ནོ། །ཇི་ལྟར་ལེགས་པར་
གནས་ཤེ་ན། དེའི་བློ་ལ་འདི་སྙམ་དུ་དངོས་པོ་རྟག་པ་ལ་སོགས་པ་ནི་དུས་རྟག་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་ཁོ་ན་ཡིན་གྱི་དེ་དག་ནམ་ཡང་ཕྱིན་ཅི་ལོག་ཏུ་མ་གྱུར་པ་ནི་མ་ཡིན་ནོ་སྙམ་དུ་མི་གཡོ་བ་ཡིན་ནོ། །འདོད་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དུ་བཅོམ་
ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་ཤིན་ཏུ་བསྔགས་པ་ལྟ་བུའོ་ཞེས་བྱ་བ་ནི། གང་དག་ལ་ཁམས་གསུམ་པའི་འདོད་ཆགས་མངོན་པར་ཞེན་ན་ཁམས་གསུམ་པས་བསྡུས་པའི་ཕུན་སུམ་ཚོགས་པ་གང་ཡིན་པ་ཉིད་མཆོག་དང་གཙོ་བོ་ཡིན་ནོ་སྙམ་པ་ཡོད་པ་དེའི་གཉེན་པོར་
སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་སོ། །ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུའོ་ཞེས་བྱ་བ་ལ། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་
เล่ม ๑๒๔ · หน้า 108a
ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སེམས་ཁེངས་པ་གང་ཡིན་པའོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་ཁ་ཅིག་བདག་ནི་གཟུགས་དང་ལྡན་པ་སྟེ། བལྟ་ན་སྡུག་པ་དང་ལྡན་པ་མཐུ་དང་ལྡན་པ་ཡིན་ནོ། །བདག་པས་མཐུ་ལ་སོགས་
པས་ཆེས་ཁྱད་པར་དུ་འཕགས་པ་གཞན་ནི་མེད་དོ་སྙམ་ནས། གཟུགས་དང་མཐུ་དང་ཡངས་པ་དང་དབང་ཕྱུག་ལ་སོགས་པས་སེམས་ཁེངས་པར་འགྱུར་རོ། །རྒྱགས་པས་གོས་པ་དེ་ལྟ་བུ་དེ་དག་གི་ཁེངས་པ་སྤང་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕུན་སུམ་
ཚོགས་པ་ནི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་ཏེ། དེས་ན་གཟུགས་དང་། ན་ཚོད་དང་། དབང་ཕྱུག་དང་། རིགས་ལ་སོགས་པས་དྲེགས་པ་
ཡོངས་སུ་འདོར་བར་འགྱུར་རོ། །འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའོ་ཞེས་བྱ་བ་ནི་གང་དག་མི་ཤེས་པས་སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་དགེ་བའི་བཤེས་གཉེན་དང་ཕྲད་ནས་འགྱོད་པ་ཆེན་པོ་སྐྱེས་ཏེ། བསོད་ནམས་ཕུང་པོ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱས་སོ་སྙམ་ནས་རྟག་ཏུ་འགྱོད་པ་རྒྱུན་ཆགས་པ་ཁོ་ནར་འགྱུར་ཞིང་། དགེ་བའི་ལས་ལ་ཡང་མི་སྦྱོར།
འགྱོད་པའི་གཉེན་པོ་ཡང་མི་བསྟེན་པས། དེ་དག་གི་ཆེད་དུ་འདི་སྐད་དུ། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་སྐད་དུ་བཤད་ན་དེའི་ཚེ་སེམས་ཅན་དེ་དག་འདི་ལྟར་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱས་པས་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་ན་ཕན་པ་བྱས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྗེས་སུ་འབྲེལ་པའི་འགྱོད་པ་ཡོངས་སུ་འདོར་རོ། །དེ་ནས་གཉེན་པོ་བསྟེན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་
เล่ม ๑๒๔ · หน้า 108b
སྟི་རྣམ་པ་མང་པོ་བྱེད་པར་འགྱུར་རོ། །དེ་བས་ན་གནོད་པར་བྱེད་པ་སྔོན་དུ་འགྲོ་བའི་ཕན་པ་བྱེད་པས་མཐོ་རིས་སུ་འགྲོ་བར་འགྱུར་བས་གནོད་པ་བྱེད་པས་མཐོ་རིས་སུ་འགྲོའོ་ཞེས་བྱ་བ་ཐ་སྙད་འཐོབ་པོ། །མ་ངེས་པ་བཟློག་པ་སྒྲིབ་པའི་གཉེན་པོར་གསུངས་པ་ནི་དེ་ལ་མ་ངེས་པ་ལ་བཟློག་པ་
ནི་བྱང་ཆུབ་སེམས་དཔའ་མ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་བཟློག་པ་སྟེ། བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དེ་དག་མི་དགེ་བའི་གྲོགས་པོ་དང་ཕྲད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཡོངས་སུ་པོར་ནས་ཉན་ཐོས་ཀྱི་ཐེག་པས་
མྱ་ངན་ལས་འདའ་བར་འདོད་དོ། །དེ་དག་གི་ཐེག་པ་དམན་པར་འགྲོ་ཞིང་ལྷུང་བ་དེ་ནི་སྒྲིབ་པ་ཡིན་ཏེ། དེའི་གཉེན་པོར་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས་ཐེག་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མེད་དོ་ཞེས་ཐེག་པ་ཡང་གཅིག་ཏུ་བཤད་ལ། ཉན་ཐོས་ཆེན་པོ་
རྣམས་ཀྱང་སངས་རྒྱས་ཉིད་དུ་ལུང་བསྟན་ཏོ། །ཉན་ཐོས་ལུང་བསྟན་པ་དག་ཐེག་པ་གཅིག་བཤད་པ་དེ་ཐོས་ནས་ཀྱང་བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་དེ་དག་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་བོར་ནས་ཐེག་པ་ཆེན་པོ་ཁོ་ན་བསྟེན་ཅིང་དེ་ཁོ་ན་ལ་སྦྱོར་བར་བྱེད་དོ། །རྒྱུ་ལྔ་ནི་གང་གིས་ཕྱིན་ཅི་མ་ལོག་
པར་འཆད་པ་ཞེས་བྱ་བ་ནི་དེ་ལྟར་བློ་བཟང་ཞེས་བྱ་བའི་ཚིག་འདིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་བློ་བཟང་པོས་ཕྱིན་ཅི་མ་ལོག་པར་འཆད་པ་ཡིན་ནོ། །ཡང་དང་ཡང་དུ་འཆད་པ་ཞེས་བྱ་བ་ནི་སྐྱོ་བ་མེད་ལྡན་ཞེས་བྱ་བའི་ཚིག་འདིས་སོ། །ཟང་ཟིང་མེད་པའི་སེམས་ཀྱིས་འཆད་པ་ནི་བརྩེ་བ་ཅན་
ཞེས་བྱ་བའི་ཚིག་འདིས་སོ། །ཚིག་གཟུང་བར་འོས་པས་འཆད་པ་ཞེས་བྱ་བ་ནི་སྙན་པར་རབ་གྲགས་ཞེས་བྱ་བའི་ཚིག་འདིས་སོ། །གདུལ་བ་དང་འཚམ་པར་འཆད་པ་ཞེས་བྱ་བ་ནི། ཆོག་བཟང་ཤེས་ལྡན་པ་ཡི། །ཞེས་བྱ་བའི་ཚིག་འདིས་སོ། །ཆོས་སྟོན་
པའི་འོག་ཏུ་སྒྲུབ་པའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། གཞན་ལ་ཕན་བསྒྲུབ་པ་ནི་ཆོས་བཤད་པ་ཡིན་ནོ། །བདག་ལ་ཕན་པ་བསྒྲུབ་པ་ནི་བདག་ཉིད་དེའི་དོན་སྤྱོད་པ་ཡིན་ནོ། །གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་ཡང་མང་དུ་ཐོས་པས་བྱ་དགོས་ལ་རང་གི་དོན་ཡང་
เล่ม ๑๒๔ · หน้า 109a
བསྒྲུབས་པས་བསྒྲུབ་དགོས་པས་ཆོས་སྟོན་པའི་འོག་ཏུ་སྒྲུབ་པའི་སྐབས་ཡིན་ནོ། །ཇི་སྐད་དུ་དོན་ཀུན་ཤེས་ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ཆོས་ལ་ཞུགས་པ་ཡིན། མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་བྱ་བ་མདོའི་ཚིག་འདི་
དག་ནི་སྒྲུབ་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་དེ་ལ་མདོའི་ཚིག་བཞིན་དུ་ནི་ཚིགས་སུ་བཅད་པ་བཞི་དང་། གོ་རིམས་བཞིན་དུ་སྦྱར་རོ། །ཚིག་ཐ་མ་མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་བྱ་བ་འདི་ནི་ཚིགས་སུ་བཅད་པ་གཉིས་དང་སྦྱར་བར་བྱའོ། །གང་ཟག་དང་ཆོས་ལ་
བདག་མེད་པར་ཤེས་པ་ཇི་ལྟར་རྣམ་པ་གཉིས་ཡིན་ཞེ་ན། དེ་སྟོན་པར་བྱེད་དོ། །གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རོ། །གང་ཟག་ཀྱང་གཟུང་བ་ཉིད་འཛིན་པ་ཉིད་དུ་མེད་ལ། བྱིས་པས་ཀུན་བརྟགས་པའི་ཆོས་རྣམས་ཀྱང་དེ་དང་འདྲ་བ་འདི་ནི་བདག་མེད་པ་རྣམ་པ་གཉིས་ཡིན་ནོ། །གང་
ལ་ཤེས་ཤེ་ན། མེད་པ་དང་ཡོད་པ་གཉིས་ལ་སྟེ། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་ལ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཀུན་བརྟགས་པའི་གང་ཟག་མེད་པ་དང་ཆོས་མེད་པར་ཤེས་སོ། །ཡོད་པ་ལ་ནི་སྨོན་པ་མེད་པ་དང་། མཚན་མ་མེད་པའི་
ཏིང་ངེ་འཛིན་དག་ཡིན་ཏེ། གཞན་གྱི་དབང་ལ་ནི་སྨོན་པ་མེད་པའོ། །ཡོངས་སུ་གྲུབ་པ་ལ་ནི་མཚན་མ་མེད་པ་སྟེ། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་གྱི་དབང་ཞེས་བྱ་བ་ཉེས་པ་མང་པོས་སྐྱོན་ཅན་དུ་གྱུར་པ་ལ་སྨོན་པར་མི་བྱེད་དོ། །
མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་མཚན་མའི་ཉེས་པ་ཐམས་ཅད་དང་བྲལ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཤེས་སོ། །ཏིང་ངེ་འཛིན་གསུམ་པོ་དེ་ཇི་ལྟར་ཡང་དག་པ་ཉིད་དམ་ལོག་པ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་
ལྟོས་པའི་ཕྱིར་རོ། །དེ་ལྟར་ན་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པས་དོན་ཤེས་པ་ཡིན་ནོ། །དེ་ལྟར་དོན་ཤེས་པ་ནི་ཆོས་ཐམས་ཅད་གཟིངས་ལྟ་བུར་ཤེས་ཤིང་ཞེས་བྱ་བ་ནི་འདི་སྐད་དུ་བསམས་པ་ལས་བྱུང་བའི་ཤེས་རབ་ལ་གུས་པ་སྐྱེ་བར་འགྱུར་གྱི། ཐོས་པ་ལས་བྱུང་བ་ལ་ནི་མ་
เล่ม ๑๒๔ · หน้า 109b
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་བར་བྱེད་དེ་ཞེས་སྨོས་པ་ཡིན་ཏེ། དེ་ལྟར་ན་ཆོས་ཤེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཐོས་པའི་གནས་སྐབས་དང་། བསམས་པའི་གནས་སྐབས་ན་སོ་སོའི་སྐྱེ་བོའི་ཤེས་པས་དོན་དང་ཆོས་ཤེས་ནས་སོ་སོའི་སྐྱེ་
བོའི་ཤེས་པ་དེ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པོ། །འདི་སྐད་དུ་དོན་དང་ཆོས་དེ་ཇི་ལྟ་བ་བཞིན་དུ་ཐོས་པ་དང་བསམས་པས་ཤེས་ནས་དེའི་འོག་ཏུ་བསྒྲུབ་པ་སྟེ། བསྒོམས་པས་ཆོས་དང་མཐུན་པའི་ཆོས་སྒྲུབ་ཅིང་ཏིང་ངེ་འཛིན་འཐོབ་སྟེ། དེ་ལྟར་ན་ཆོས་དང་མཐུན་
པའི་ཆོས་ལ་ཞུགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཡིན་ཏེ། དེའི་འོག་ཏུ་ནི་བསྒོམ་པ་ལ་རབ་ཏུ་སྦྱོར་རོ། །རྣམ་པར་འཇོག་པར་བྱེད་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་གང་གིས་ས་ན་རྣམ་པར་
གཞག་པ་ཤེས་ནས་དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ས་དེ་ཡོངས་སུ་སྦྱོང་བར་བྱེད་ཅིང་ས་མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད་དེ། དེ་ལྟར་མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ནོ། །ལྷན་ཅིག་སྤྱོད་པ་ཡིས་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པར་སྤྱོད་པ་སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་དང་རྣམ་པར་མི་རྟོག་
པའི་རྗེས་ལ་ཐོབ་པའི་ཡེ་ཤེས་བར་དུ་ཆོད་པ་དང་བཅས་པ་དང་། བར་དུ་ཆོད་པ་མེད་པར་ཀུན་ཏུ་འབྱུང་བས་སོ། །འཁོར་ལོ་བཞིས་བག་ཡོད་པའི་ཤིང་རྟ་འགྲོ་བར་འགྱུར་ཏེ། འཁོར་ལོ་བཞི་ནི་མཐུན་པའི་ཡུལ་དུ་གནས་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། བདག་ཉིད་ཀྱི་ཡང་དག་
པའི་སྨོན་ལམ་དང་། སྔོན་བསོད་ནམས་བྱས་པ་ཉིད་དོ། །མདོའི་ཚིག་འདི་དག་ནི་སྒྲུབ་པ་ལ་བག་ཡོད་པར་བྱ་བའི་ཚིགས་སུ་བཅད་པ་བཞི་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །གྲོགས་བཟང་པོ་ནི་གྲོགས་ཚུལ་ཁྲིམས་དང་། ལྟ་བ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་ཡུལ་དེ་ན་རྣལ་
འབྱོར་པ་དེ་ལ་གྲོགས་བཟང་པོ་ཚུལ་ཁྲིམས་དང་མཐུན་པ་དང་ལྟ་བ་མཐུན་པ་དག་ཡོད་ན་དེ་ལྟ་ན་ཡུལ་གྲོགས་བཟང་པོ་ཅན་ཡིན་པར་རིག་པར་བྱའོ། །རྣལ་འབྱོར་བདེ་བ་ནི་ཉིན་པར་འདུ་འཛི་ཉུང་ཞིང་ལྗན་ལྗིན་ཉུང་བའི་ཕྱིར་ཞེས་བྱ་བ་ལ། རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་
เล่ม ๑๒๔ · หน้า 110a
ལམ་ཟུང་དུ་འབྲེལ་པར་འབྱུང་བ་ཡིན་ནོ། །གལ་ཏེ་ཞི་གནས་དང་ལྷག་མཐོང་གི་མི་མཐུན་པའི་ཕྱོགས་སྤངས་པར་གྱུར་ན་དེ་ལྟ་ན་ཡུལ་དེ་རྣལ་འབྱོར་བདེ་བ་ཅན་ཡིན་ཏེ། དེས་ན་རྣལ་འབྱོར་པ་དེ་ཡུལ་དེར་སེམས་མཉམ་པར་འཇོག་པ་ཡིན་ནོ། །དེའི་མི་མཐུན་པའི་
ཕྱོགས་ནི་ཁྱེའུ་དང་བུ་མོའི་འདུ་འཛི་དང་སྐྱེ་བོ་ཁྱིམ་པ་དང་འདྲ་སྟེ། དེ་ཉིན་ལྗན་ལྗིན་ཏེ་ལང་ལོང་ཡིན་ནོ། །ཡང་ན་ཕྱག་དར་ལ་སོགས་པ་ཡིན་ནོ། །མཚན་མོ་སྒྲ་ཆུང་བ་ལ་སོགས་པའི་ཕྱིར་རོ་ཞེས་བྱ་བ་ལ། སོགས་པ་ཞེས་སྨོས་པས་ནི་སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་།
སྡིག་སྦྲུལ་ལ་སོགས་པ་ཤེས་པར་བྱ་སྟེ། སྒྲ་ནི་བསམ་གཏན་གྱི་ཚེར་མ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་ན་ཡུལ་རྣལ་འབྱོར་བདེ་བ་ཅན་ཡིན་པར་བཤད་པ་ཡིན་ནོ། །ཞི་གནས་ལ་སོགས་པའི་རྒྱུ་མཚན་དུས་སུ་བསྒོམ་པ་ཞེས་བྱ་བ་ལ། འདི་དག་དུས་སུ་བསྒོམ་པ་གང་ཡིན་ཞེ་ན། གང་གི་ཚེ་
སེམས་རྒོད་པར་འགྱུར་བ་དེའི་ཚེ་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པ་ལ་རབ་ཏུ་སྦྱོར་རོ། །གང་གི་ཚེ་ཞུམ་པ་དེའི་ཚེ་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པ་ལ་རབ་ཏུ་སྦྱོར་རོ། །གང་གི་ཚེ་མཉམ་པར་འདུག་པ་དེའི་ཚེ་བཏང་སྙོམས་སུ་འཇུག་གོ། །དེ་ལྟར་ན་དེ་ཐབས་བཟང་པོ་ཅན་དུ་བསྟན་པ་ཡིན་ཏེ། ཡང་དག་
པའི་སྨོན་ལམ་དང་སྦྱར་རོ། །ངེས་པར་འབྱུང་བ་བཟང་བ་ཉིད་ཀྱིས་ནི་གང་དུ་བྱ་བ་ཡོད་པས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་ཡིན་ནོ། །སྦྱོར་བ་ཞེས་བྱ་བའི་སྒྲས་ནི་རྟག་ཏུ་གུས་པར་བྱས་ཏེ། སྦྱོར་བ་ཉིད་སྟོན་ཏོ། །དགའ་བའི་རྒྱུ་ཉིད་ཅེས་བྱ་བ་ནི་འདིས་སྔོན་གྱི་མི་མཐུན་པའི་ཡུལ་ན་གནས་ན་ཡང་དགའ་
བའི་རྒྱུར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་རྒྱུ་བསོད་ནམས་བྱས་པ་ཡིན་ནོ། །ཚད་མེད་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྒྱུ་ནི་འདིས་སྔོན་གང་གིས་ན་ཡང་དག་པར་འཇོག་པའི་རྒྱུར་འགྱུར་བ་དེ་ལྟ་བུ་བསྩགས་པ་ཡིན་ཏེ། ཡང་དག་པར་འཇོག་པ་ནི་དོན་ཐམས་ཅད་འགྲུབ་པོ། །མ་རིག་པ་དང་བྱང་ཆུབ་ཀྱི་
ཆོས་ཉིད་དེ་དག་ལ་ཉེ་བར་བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་རིག་པ་དང་། བྱང་ཆུབ་ཀྱི་ཆོས་ཉིད་གང་ཡིན་པའི་ཆོས་ཉིད་དེ་ལ་མ་རིག་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ་ཞེས་མ་རིག་པ་དང་བྱང་ཆུབ་ཉེ་བར་བརྟགས་ཏེ་ཆོས་དང་ཆོས་ཅན་དག་ཐ་མི་དད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་
เล่ม ๑๒๔ · หน้า 110b
པ་དེ་དག་ཁོ་ན་ལ་ཚུལ་བཞིན་དུ་འཇུག་ན་དེ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་ཚུལ་བཞིན་དུ་འཇུག་ཅེ་ན། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་མི་དགེ་བ། སྡུག་བསྔལ་གྱི་རྩ་བ། རིམས་ནད་དང་བཅས་པ། འཁྲུག་པ་དང་བཅས་པ་སྟེ། འདོད་
ཆགས་ལ་སོགས་པ་ཀུན་འབྱུང་བའི་བདེན་པའི་གནས་ལྟ་བུ་དག་ཡོད་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བས་འདི་དག་ནི་སྤང་བར་བྱ་ཞིང་དོར་བར་བྱ་བ་དགེ་བའི་ཆོས་རྣམས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་ཡང་དག་
པར་བསྒྲུབས་ན་སྤོང་སྟེ་དེས་ན་རྣམ་པར་གྲོལ་བར་འགྱུར་རོ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཞེས་བྱ་བ་ལ། དྲི་མ་མེད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །ཡངས་པ་ནི་ཤེས་བྱ་ཐམས་ཅད་ཡུལ་ཡིན་པའི་ཕྱིར་རོ། །གཞན་གྱི་
དབང་གི་སེམས་ནི་རྟག་ཏུ་རང་བཞིན་གྱིས་འོད་གསལ་བར་རུང་བ་མ་ཡིན་ཏེ། གང་གི་ཕྱིར་སེམས་དེ་ནི་སྐད་ཅིག་གཅིག་ལ་འདོད་ཆགས་དང་དད་པ་ལ་སོགས་པ་ཟག་པ་དང་བཅས་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ལ་ཐོག་མ་མེད་པའི་དུས་ནས་ཟག་པ་
དང་བཅས་པའི་ཆོས་རྣམས་དང་འབྲེལ་པ་ཡང་ཡིན་པ་དེའི་ཕྱིར་གཞན་གྱི་དབང་གི་སེམས་ནི་རྟག་ཏུ་འོད་གསལ་བ་ཉིད་དུ་མི་འཐད་དོ། །སེམས་ཀྱི་ཆོས་ཉིད་ནི་རྟག་ཏུ་འོད་གསལ་བ་སྟེ། དེར་ནི་རེས་འགའ་ཡང་འཁོར་བ་པའི་ཆོས་ཟག་པ་དང་བཅས་པ་དག་གིས་ལྷན་ཅིག་སྐྱེ་བ་དང་འགག་པའི་
རིམས་ཀྱིས་མ་རྙོགས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ཁོ་ན་རྟག་ཏུ་འོད་གསལ་བ་ཉིད་དུ་བརྗོད་དོ། །སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་པ་གང་ཡིན་པ་ནི་འདིར་འདོད་ཆགས་སུ་དགོངས་
ཏེ་ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་ཤིང་དགའ་བ་གང་ཡིན་པ་དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕན་པ་ཡིན་ཏེ། དེས་ན་དེ་དག་ལ་དེས་བྱས་པའི་ལྟུང་བ་དགག་གོ། །ཁོང་ཁྲོ་བ་ལས་སྐྱེས་པའི་ལྟུང་བ་ནི་ཉེས་པ་མང་སྟེ། འདི་ལྟར་ཡིད་ཀྱི་ཉེས་པ་ནི་
เล่ม ๑๒๔ · หน้า 111a
རང་བཞིན་གྱིས་སྐྱོན་ཆགས་པ་ཡིན་ནོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་སེམས་ཅན་ཐམས་ཅད་ལས་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་རྣམ་པར་མི་གཞག་གོ། །བྱང་ཆུབ་སེམས་དཔའ་ཁྱིམ་པའི་བུ་དང་ཆུང་མ་ལ་སོགས་པ་ལ་བྱམས་པས་བྱས་པའི་འདོད་
ཆགས་གང་ཡིན་པ་དེ་ཡང་ཧ་ཅང་ཉེས་པ་མང་བ་མ་ཡིན་ཏེ། འདོད་ཆགས་ཀྱིས་ནི་སེམས་ཅན་ཡོངས་སུ་གཏང་བ་མེད་ལ། ཁོང་ཁྲོ་བ་ནི་ཡོངས་སུ་གཏང་བའི་མཚན་ཉིད་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་ནི་ཁོང་ཁྲོ་བས་བྱས་པ་ཁོ་ནའི་ལྟུང་བ་རྣམ་པར་གཞག་གི་འདོད་ཆགས་ལས་སྐྱེས་པ་
ནི་མ་ཡིན་ནོ། །གང་གི་ཕྱིར་དོན་བྱེད་དེ། ཕྱིར་སྒྱུ་སེམས་འགལ་ཞེས་བྱ་བ་ལ། སྒྱུ་ནི་གཡོ་ཡིན་ཏེ། འདི་ལྟར་དོན་བསྒྲུབ་པར་འདོད་ལ་དེ་གཡོ་དང་སྒྱུ་དང་དོར་དང་ཐབས་ལ་སོགས་པས་གཞན་སླུ་བར་བྱེད་དོ་ཞེས་བྱ་བ་དེ་ནི་འགལ་ལོ། །ཇི་ལྟར་ནད་པ་སྨན་བཟང་པོ་ཁ་ཞིང་ཚ་བ་ལ་སོགས་པ་ལ་
ཡང་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་འཇུག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཁོར་བ་ལ་སོ་སོར་བརྟགས་ནས་ཡོངས་སུ་མི་འདོར་བར་འཇུག་གོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྨན་པ་ཕན་པར་འདོད་པས་ནད་པ་ལ་བསྒྲུབས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕན་པར་འདོད་པ་སྨན་
པ་ལྟ་བུ་ཡང་སེམས་ཅན་ནད་པ་ལྟ་བུ་རྣམས་ལ་བསྒྲུབ་པོ། །ཇི་ལྟར་ན་རྗེ་བོ་བྲན་མ་གྲུབ་པ་ལ་གྲུབ་པར་བྱ་བའི་ཕྱིར་བསྒྲུབས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བདག་ཉིད་ལ་སྒྲུབ་པར་བྱེད་དེ། སེམས་ལ་བདག་ཉིད་ཅེས་ཉེ་བར་བཏགས་སོ། །སེམས་མ་གྲུབ་པ་ལ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་
སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། རྟ་མཁན་མཁས་པས་ནི་གང་དང་གང་དུ་རྟ་འབྲུམ་པའམ། མི་སྲུན་པར་གྱུར་པ་དེ་དང་དེར་དེ་ཚར་གཅོད་པར་བྱེད་དོ། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྤྱོད་པ་ཡང་གང་དང་གང་ཁོ་ནར་སེམས་འགྱུར་བར་
མཐོང་བ་དེ་དང་དེ་ཁོ་ནར་དེ་ཚར་གཅད་པའི་ཕྱིར་སྒྲུབ་སྟེ། དེ་ནི་ཅི་ནས་ཀྱང་ཕྱིས་འཁྲུག་པར་མི་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཚར་གཅོད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ལ་སྒྲུབ་པ་ཡིན་ཏེ། འདི་ནི་རང་གི་སེམས་ལེགས་པར་འཆོས་པའི་ཕྱིར་ཞེས་བྱ་བ་འདིས་
เล่ม ๑๒๔ · หน้า 111b
རྣམ་པར་བཤད་དོ། །ཇི་ལྟར་ཚོང་པ་ཟོང་ལ་བསྒྲུབས་པ་བཞིན་ཏེ། ཚོང་པ་རྣམས་ནི་ཟོང་འདིས་དར་བར་བྱའོ་ཞེས་དར་བར་བྱ་བའི་དོན་དུ་ཟོང་སྒྲུབ་པར་བྱེད་དོ། །ཚོང་པ་རྣམས་རང་དར་བར་བྱ་བའི་ཕྱིར་དང་། བུ་དང་ཆུང་མའི་དོན་དུ་སྲེད་པས་ཀྱང་ཟོང་སྒྲུབ་པར་བྱེད་པས་དེ་ནི་འདིར་མི་སྦྱར་གྱི། འདིར་
ནི་དར་བ་ཙམ་ཞིག་ཆོས་དང་མཐུན་པ་ཡིན་ཏེ། དེ་དང་འདྲ་བར་རོ། །ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་འདོད་པ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདོད་པ་འདོད་རྣམས་ཞེས་བྱ་བའི་འདོད་པ་འདི་ནི་ཡུལ་ལྔའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །བྱང་
ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་འཕེལ་བར་བྱ་བའི་ཕྱིར་ཡུལ་དེ་དག་སྒྲུབ་པོ། །ཇི་ལྟར་བཙོ་བླག་མཁན་གོས་ལ་གོས་དག་པར་བྱ་བའི་ཕྱིར་བསྒྲུབས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལུས་ལ་སོགས་པའི་ལས་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྒྲུབ་པོ། །ཡིད་བརྟན་པ་ནི་
འདིར་དཀོར་གྱི་བླ་ལྟ་བུ་སྟེ་དཀོར་སྤྱན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྒྱལ་པོའི་དཀོར་སྤྱན་གཙང་མ་རྒྱལ་པོའི་དཀོར་ལ་རྣམ་པ་གང་གིས་ཀྱང་སྲེད་པ་མི་སྐྱེ། རང་གིར་བྱ་བར་མི་སྣོམ་ན་དེ་ལྟ་ན་འདི་ཡིད་བརྟན་པར་འོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་
ཏུ་སྦྱོར་བ་ན་སྲེད་པའི་རོ་མྱང་བ་ལ་སོགས་པའི་ཉེས་པ་དང་བྲལ་བས་རབ་ཏུ་སྦྱོར་རོ། །རྟག་ཏུ་བརྩོན་འགྲུས་དང་ལྡན་པ་ཉིད་ནི་རྟག་ཏུ་རྒྱུན་ཆགས་པས་སོ། །བརྩོན་འགྲུས་རྒྱ་ཆེན་པོ་དང་ལྡན་པ་ཉིད་ནི་ཐེག་པ་ཆེན་པོ་ལས་བསྟན་ཏེ། བརྩོན་འགྲུས་རྒྱ་ཆེན་པོའི་ཚུལ་གྱིས་སོ། །སྒྲུབ་པའི་
སྐབས་རྫོགས་སོ།། །།སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་ངག་རྗེས་སུ་བསྟན་པའི་སྐབས་ཏེ། དེའི་འབྲེལ་པ་གང་ཡིན་ཞེ་ན། འདི་ནི་བསླབ་པའི་རྣམ་པ་བཤད་པར་བྱ་བའི་སྐབས་ཡིན་ནོ། །བསླབ་པའི་རྣམ་པའི་ཁྱད་པར་ཡང་མོས་པའི་སྐབས་ནས་བཟུང་སྟེ། གདམས་ངག་རྗེས་
སུ་བསྟན་པའི་སྐབས་ཀྱི་བར་འདི་དག་ཡིན་ཏེ། དེ་ལ་མོས་པ་འདི་ལ་སྐབས་ལ་སོགས་པ་ལ་ནི་བསམ་པ་དང་སྦྱོར་བའི་ཁྱད་པར་ལ་སོགས་པ་རྣམ་པར་བཤད་ཟིན་ཏོ། །ད་ནི་རང་དང་གཞན་ལ་ཕན་པ་རྣམ་པར་དག་པའི་མཐར་ཐུག་པར་ངེས་པར་འབྱུང་བའི་ཁྱད་པར་གྱིས་གདམས་ངག་རྗེས་སུ་བསྟན་
เล่ม ๑๒๔ · หน้า 112a
པའི་སྐབས་རྣམ་པར་བཤད་དེ། བྱང་ཆུབ་སེམས་དཔའ་སྒྲུབ་པ་དང་ལྡན་པས་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གིས་རྣམ་པར་དག་པའི་མཐར་ཐུག་པར་བྱ་བའི་ཕྱིར་གདམས་ངག་རྗེས་སུ་བསྟན་པ་བཙལ་བ་དང་། གཞན་དག་ལ་ཡང་གདམས་ངག་བྱ་དགོས་སོ། །དེ་བས་ན་
བསྒྲུབ་པའི་འོག་ཏུ་གདམས་ངག་རྗེས་སུ་བསྟན་པའི་སྐབས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འོག་ནས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་འཆད་པར་འགྱུར་རོ། །བསྐལ་པ་གྲངས་མེད་
ངེས་འབྱུང་ཞིང་། །ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་དང་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ཆོས་ཀྱི་རྒྱུན་ལ་སངས་རྒྱས་རྣམས་ལས་གདམས་ངག་འཐོབ་པོ་ཞེས་བྱ་བ་གདམས་ངག་ཇི་ལྟ་བུ་ཞིག་འཐོབ་ཅེ་ན། རྒྱ་ཆེན་པོ་སྟེ། སར་གཏོགས་པར་བཏུབ་པ་ཡིན་ནོ། །
འདིས་ནི་ཉན་ཐོས་ཀྱི་གདམས་ངག་བསལ་བར་བྱས་པ་ཡིན་ནོ། །ཅིའི་ཕྱིར་འདོམས་ཤེ་ན། ཞི་གནས་དང་ཡེ་ཤེས་ཡངས་པ་ཐོབ་པར་བྱ་བའི་ཕྱིར་ཏེ། ཞི་གནས་ཡངས་པ་ཐོབ་པར་བྱ་བའི་ཕྱིར་དང་། ལྷག་མཐོང་ཡངས་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་དང་པོར་སྡོམ་བརྩོན་དེ། །མོད་ཡི་སྡེ་ལ་
སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པ། །ཞེས་བྱ་བ་ལ། གཉིས་སུ་མེད་པའི་ཆོས་གཟུང་བ་དང་། འཛིན་པ་དང་བྲལ་བ་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་ཆོས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཡིན་ནོ། །སེམས་དྲུག་ནི་རྩ་བའི་སེམས་དང་། རྗེས་སུ་སྤྱོད་པའི་
སེམས་དང་། རྣམ་པར་དཔྱོད་པའི་སེམས་དང་། ངེས་པར་འཛིན་པའི་སེམས་དང་། སྡོམ་པའི་སེམས་དང་། སྨོན་པའི་སེམས་སོ། །དེ་ལ་རྩ་བའི་སེམས་ནི་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པ་སྟེ། གདམས་ངག་ཐོབ་ནས་སམ། བདག་ཉིད་ཀྱིས་
བརྟགས་ནས་འདི་ལྟ་སྟེ། འདི་ནི་ས་བཅུ་པའི་མདོ་སྡེ་ཡིན་ནོ་སྙམ་པ་ཡིན་ནོ། །ལ་སོགས་པ་ཞེས་བྱ་བ་སྨོས་པས་ནི་ཚིགས་སུ་བཅད་པའི་སྡེ་དང་གླེང་གཞིའི་སྡེ་ལ་སོགས་པ་བཟུང་ངོ་། །རྗེས་སུ་སྤྱོད་པའི་སེམས་ནི་གང་གིས་མདོའི་སྡེ་ལ་སོགས་པ་མིང་གི་སྒོ་ནས་དམིགས་པ་རྣམས་ཀྱི་ཚིག་གི་དོན་
เล่ม ๑๒๔ · หน้า 112b
གྱི་རྗེས་སུ་འགྲོ་བའོ། །རྣམ་པར་དཔྱོད་པའི་སེམས་ནི་གང་གིས་ན་དོན་དང་ཡི་གེ་དཔྱོད་པར་བྱེད་པའོ། །དེ་ལ་དོན་ནི་རྣམ་པ་བཞིས་སྤྱོད་པར་བྱེད་དེ། བགྲང་བ་དང་། འཇལ་བ་དང་། རྟོག་པ་དང་། སོ་སོར་རྟོག་པས་སོ། །དེ་ལ་བགྲང་བ་ནི་གྲངས་འཛིན་པ་སྟེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་
བཅུ་དང་། གཅིག་གི་ཕྱོགས་སོ། །ཚོར་བ་ནི་ཚོར་བ་དྲུག་གི་ཚོགས་སོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འཇལ་བ་ནི་གྲངས་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར་འཚམ་པར་འཛིན་པའོ། །རྟོག་པ་ནི་ཚད་མས་རྟོག་པའོ། །སོ་སོར་
རྟོག་པ་ནི་བགྲང་བ་དང་། གཞལ་བ་དང་བརྟགས་པའི་དོན་ལ་བལྟ་བའོ། །རྣམ་པར་དཔྱོད་པའི་སེམས་གཉིས་པ་ནི་ཡི་གེ་ནི་རྣམ་པ་གཉིས་ཀྱིས་དཔྱོད་པར་བྱེད་དེ། ཡི་གེ་ཚོགས་པ་རྣམས་དོན་དང་བཅས་པ་ཉིད་དང་། སིལ་བུ་རྣམས་དོན་མེད་པ་ཉིད་ཀྱིས་སོ། །ངེས་པར་འཛིན་པའི་
སེམས་ནི་གང་གིས་ཇི་ལྟར་རྗེས་སུ་དཔྱད་པའམ། རྣམ་པར་དཔྱད་པ་དེའི་རྒྱུ་མཚན་ངེས་པར་འཛིན་པའོ། །སྡོམ་པའི་སེམས་ནི་ཇི་ལྟར་རྣམ་པར་དཔྱད་པའི་དོན་ནི་རྩ་བའི་སེམས་ལ་བསྡུས་ཏེ་ཀུན་ནས་སྡོམ་པའི་རྣམ་པར་འབྱུང་བའོ། །སྨོན་པའི་སེམས་ནི་ཏིང་ངེ་འཛིན་གྱི་དོན་ཏམ། དེ་ཡོངས་
སུ་རྫོགས་པར་བྱ་བའི་དོན་ཏམ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་དོན་ཏམ། ས་ལ་འཇུག་པའི་དོན་ཏམ། ཁྱད་པར་དུ་འགྲོ་བའི་དོན་ཀྱང་རུང་། གང་གི་དོན་དུ་རབ་ཏུ་བརྩོན་པ་དེ་ལ་འདུན་པ་དང་ལྷན་ཅིག་འབྱུང་བའོ། །འདི་སེམས་ཁོ་ན་དམིགས་པར་སྣང་བར་འབྱུང་གི །སེམས་
ལས་མ་གཏོགས་པའི་དམིགས་པ་ནི་མེད་དོ་ཞེས་སེམས་ཙམ་དུ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་སྟེ། དམིགས་པ་ནི་སེམས་ཡིན་གྱི་གཞན་ནི་མ་ཡིན་པས་སེམས་རྣམ་པ་དྲུག་པོ་དམིགས་པར་སྣང་བར་རྣམ་པར་གཞག་གོ། །བཙལ་བྱ་ཞེས་བྱ་བ་འདིས་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་
པའི་ཡིད་ལ་བྱེད་པ་བཤད་དོ། །ཚོལ་བ་ཞེས་བྱ་བ་འདི་ནི་ཀུན་ཏུ་ཚོལ་བའི་རྣམ་པར་རྟོག་པའི་མིང་གི་རྣམ་གྲངས་ཡིན་ཏེ། རྟོག་པའི་མཚན་ཉིད་ལས་ཇི་སྐད་དུ། རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་སྟེ། སེམས་རགས་པ་གང་ཡིན་པའོ་ཞེས་
เล่ม ๑๒๔ · หน้า 113a
བཤད་པ་ལྟ་བུའོ། །འདོད་ཆགས་དང་མ་བྲལ་བ་ནི། གང་ལ་རྟོག་པ་ཡོད་པ་དེ་ལ་གདོན་མི་ཟ་བར་དཔྱོད་པ་ཡོད་པས་ཚོལ་བ་ཞེས་བྱ་བའི་སྒྲས་གཉི་ག་ཡང་བསྡུས་སོ། །སོ་སོར་བརྟག་པར་བྱ་ཞེས་བྱ་བ་འདིས་ནི་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཡིད་ལ་བྱེད་པ་བསྟན་
ཏོ། །སོ་སོར་རྟོག་པ་ཞེས་བྱ་བའི་སྒྲས་དཔྱོད་པ་བསྟན་པར་ཅིས་མངོན་ཞེ་ན། དཔྱོད་པའི་མཚན་ཉིད་ལས་ཇི་སྐད་དུ་དཔྱོད་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་སོ་སོར་རྟོག་པ་ཡིད་ཀྱི་བརྗོད་པ་སྟེ། ཞེས་ཇི་སྐད་དུ་བཤད་པ་ལྟ་བུ་སྟེ། འདི་ལས་མངོན་ནོ། །ཡིད་ལ་བྱེད་པ་
བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཞེས་བྱ་བ་འདིས་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་བསྟན་ཏོ། །ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞེས་བྱ་བ་ནི་མིང་གང་གིས་བསྡོམས་པའི་ཆོས་འཛིན་པར་བྱེད་པ་བསྡོམས་པའི་ཆོས་ལ་དམིགས་པའི་མིང་དེ་ལ་སེམས་
ཉེ་བར་གཏོད་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲས་ནི་གཏོད་པ་འདྲེན་ཏོ། །དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་བྱ་བ་ནི་སེམས་འཇོག་པ་ཡིན་ནོ། །དེའི་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་བྱ་བ་ནི་ཀུན་ཏུ་འཇོག་པ་ཡིན་ནོ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་
ནི་བླན་པར་བྱ། །ཞེས་བྱ་བ་ནི་སེམས་ངེས་པར་གནས་པ་ཡིན་ཏེ། མྱུར་དུ་རྟོགས་པར་བྱས་ནས་ཞེས་བྱ་བ་ནི་མྱུར་དུ་ཤེས་པར་བྱ་བ་ནས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཡེང་བ་རྟོགས་པར་བྱས་ནས་སེམས་དེ་ངེས་པར་འཇོག་པར་བྱེད་དོ། །གང་གི་ཚེ་རྣལ་འབྱོར་པའི་སེམས་དེ་རྣམ་
བར་གཡེང་བ་དེའི་ཚེ་རྣམ་པར་གཡེང་བ་དེ་ལ་སྐྱོན་དུ་བལྟ་བར་འགྱུར་རོ། །རྣམ་པར་གཡེངས་ན་ཡང་སེམས་དེ་དམིགས་པ་དེ་ལ་མི་དགའོ། །གཉེན་པོ་བསྒོམས་པས་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིར་མི་དགའ་བ་དེ་ཞི་བར་བྱེད་དེ། དེ་བས་ན་ཞི་གནས་ཀྱི་རྣམ་པར་སེམས་
གནས་པ་ཞེས་བྱའོ། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །ཡིད་ལ་བྱེད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་ཚེ་རྣལ་འབྱོར་པ་དེ་ཡིད་ལ་བྱེད་པ་ཐོབ་པ་ཞེས་བྱའོ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །ཞེས་བྱ་བ་ནི་རྣལ་འབྱོར་
เล่ม ๑๒๔ · หน้า 113b
པ་དེས་ཡིད་ལ་བྱེད་པ་བཤད་མ་ཐག་པ་བཅུ་གཅིག་པོ་འཕེལ་བར་བྱས་ནའོ། །འཕེལ་བའི་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་པོ། །དེ་ཉེར་བསྡོགས་ལས་དངོས་གཞིའི་བསམ་གཏན་ལ་འཇུག་སྟེ། དེ་ནི་དངོས་གཞིའི་གནས་པ་ཡིན་ནོ། །མངོན་ཤེས་དོན་དུ་
གཉེར་བས་དེ། །སྦྱངས་ན་ལས་སུ་རུང་བའི་མཆོག །བསམ་གཏན་ལས་འཐོབ་ཅེས་བྱ་བ་ནི་དངོས་གཞིའི་བསམ་གཏན་དེ་ཐོབ་ནས། དེའི་འོག་ཏུ་སྦྱངས་ན་ལས་སུ་རུང་བའི་མཆོག་འཐོབ་པོ། གང་ལས་འཐོབ་ཅེ་ན། བསམ་གཏན་ལས་ཏེ། མངོན་པར་ཤེས་པ་བསྒྲུབ་པའི་
བསམ་གཏན་ལ་ལས་སུ་རུང་བའི་མཆོག་འཐོབ་པོ། །དེ་ནས་རྣལ་འབྱོར་བ་དེ་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོའོ། །ཅིའི་ཕྱིར་འགྲོ་ཞེ་ན། སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པའི་ཕྱིར་དང་། ཐེག་པ་ཆེན་པོའི་ཆོས་མཉན་པའི་ཕྱིར་རོ། །ལྷག་པའི་བསམ་པ་དག་པའི་ས་ནི་
ས་དང་པོ་སྟེ། ཇི་སྲིད་དུ་ས་དེ་མ་ཐོབ་པ་དེ་མངོན་པར་རྟོགས་པའི་སྔོན་རོལ་དུ་ལུས་ལ་གནས་ངན་ལེན་གྱི་ལུས་ཀུན་ཟད་པར་འགྱུར་བ་ལ་སོགས་པ་ཕན་ཡོན་ལྔ་འཐོབ་པོ། །འདིའི་ལུས་གནས་ངན་ལེན་ལུས་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ཞེས་བྱ་བ་ནི་ཞི་གནས་ནི་ཆུ་ལྟ་
བུ་སྟེ། དེས་གནས་ངན་ལེན་དེ་བུལ་ཏོག་གི་ཆུས་གོས་ཀྱི་དྲི་མ་བཞིན་དུ་ལུས་ལས་འདག་པར་བྱེད་དོ། །ལུས་དང་སེམས་ནི་ཀུན་ཏུ་ཡང་། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ཞེས་བྱ་བ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པས་རབ་ཏུ་གང་བ་སྟེ། གནས་ངན་ལེན་འདག་པ་དང་།
ཕན་ཡོན་འདི་གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་ཆད་པ་མེད་པ་དང་། །ཡང་དག་པ་ཡི་མཚན་མ་ནི། །མ་བརྟགས་པ་དག་རབ་ཏུ་མཐོང་། །ཞེས་བྱ་བ་ས་ཐོབ་པའི་དུས་ན་ལུས་ལས་སྲིན་བུ་ཕྱིར་འབྱུང་བར་མཐོང་བ་དང་། ལུས་མི་གཙང་བས་
སྤགས་པ་སྦྱོང་བར་མཐོང་བ་དང་། དེ་ལྟ་བུ་ལ་སོགས་པ་བརྟགས་པ་མ་ཡིན་པའི་མཚན་མ་དག་མཐོང་བ་སྟེ། རྒྱས་པར་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ཆུང་ངུ་ལས་མཚན་མ་ཀུན་ཏུ་འབྱུང་བ་བཞིན་བལྟ་བར་བྱའོ། །འདི་དག་ནི་ཡོངས་སུ་ཆད་པ་མེད་པ་དང་། མ་བརྟགས་པའི་ཕན་ཡོན་
เล่ม ๑๒๔ · หน้า 114a
ཡིན་ཏེ། འདི་གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱའོ། །རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་སྣང་བར་ཞེས་བྱ་བ་ལ་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་ཆོས་
རྣམས་ཀྱི་རང་གི་མཚན་ཉིད་དོ། །ཆོས་ཟག་པ་དང་བཅས་པ་དང་། ཆོས་ཟག་པ་མེད་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། གཟུགས་ཅན་རྣམས་དང་། གཟུགས་ཅན་མ་ཡིན་པ་རྣམས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ། །མི་རྟག་པ་དང་
སྡུག་བསྔལ་བ་ལ་སོགས་པ་ཡང་སྤྱིའི་མཚན་ཉིད་ཡིན་ནོ། །སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་ངེས་པར་བརྟགས་པའི་བཟོད་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་གཟུང་བའི་དོན་རྣམ་པར་གཞིག་པའི་སྒོ་ནས་ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་བྱ་བར་བཟོད་པའི་ཕྱིར་
ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་སྟེ། དེ་ཉིད་ཆོས་རྣམས་ཀྱི་སྣང་བ་ཡིན་ནོ། །འདི་དག་སེམས་ཡིན་པར་རྟོགས་པའི་ཕྱིར་དེའི་ཚེ་དེ་ལ་མཉམ་པར་གཞག་པའི་གནས་སྐབས་ན་འདིའི་སེམས་ཁོ་ནར་ཟད་དོ་སྙམ་པའི་ཤེས་པ་ཡང་དག་པ་འབྱུང་ངོ་། །གཟུང་བའི་རྣམ་པར་རྟོག་པ་རྣམ་
པར་བཤིག་སྟེ་གཟུང་བ་མེད་ན་གང་ལ་འཛིན་ཞེས་དེའི་འོག་ཏུ་འཛིན་པའི་རྣམ་པར་རྟོག་པ་རྣམ་པར་འཇིག་པར་བྱེད་དེ། །འདི་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཡིན་ནོ། །དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་
པ་གཉིས་པ་བྲལ་བ་འཐོབ། །གཟུང་བ་དང་འཛིན་པའི་རྡུལ་དང་བྲལ་བའི་ཕྱིར་རྡུལ་དང་བྲལ་བའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་དྲི་མ་དང་བྲལ་བའོ། །རང་དང་གཞན་གྱི་རྒྱུད་དག་ལ་བདག་མེད་པ་དང་སྡུག་བསྔལ་བ་དག་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་
ནི་ཇི་ལྟར་བདག་ལ་བདག་མེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་ལ། ཇི་ལྟར་རང་གིས་བདག་ཉིད་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་དགོས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་དང་འདྲ་བས་སོ། །རྣམ་པ་གཅིག་ཏུ་ན་ཇི་ལྟར་རང་གི་འདུ་བྱེད་ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་ཡིན་པ་ལྟར་
เล่ม ๑๒๔ · หน้า 114b
སེམས་ཅན་ཐམས་ཅད་ཀྱི་ཡང་དེ་དང་འདྲ་བས་སོ། །སྡུག་བསྔལ་གྱི་རྣམ་པ་ནི་རྒྱུ་མི་རྟག་པའི་རྣམ་པས་འདྲེན་ཏེ། དེ་བས་ན་སྡུག་བསྔལ་གྱི་རྣམ་པ་ཁོ་ན་སྨོས་སོ། །བདག་མེད་པའི་རྣམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པས་འདྲེན་ཏེ། དེ་བས་ན་བདག་མེད་པའི་རྣམ་པ་ཁོ་ན་སྨོས་ཏེ། དེའི་ཕྱིར་
མཚུངས་པ་ཉིད་གཉིས་ཁོ་ན་སྨོས་པ་ཡིན་ནོ། །དེས་ནི་ཁམས་གསུམ་པའི་འདུས་བྱས་རྣམས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དུ་མཐོང་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བ་དེ་ལྟར་ཕྱིན་ཅི་མ་ལོག་པ་ནི་བསྒོམ་པའི་ལམ་ལ་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་
ཤེས་ཀྱིས་སྒྱུ་མ་མཁན་གྱིས་སྒྱུ་མ་ལྟ་བུར་གཞན་གྱི་དབང་གི་ངོ་བོ་ཉིད་མཐོང་ངོ་། །མེད་པའི་སྟོང་པ་ཉིད་ཤེས་ཤིང་། །ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིའོ། །དེ་བཞིན་ཡོད་པའི་སྟོང་ཉིད་དང་། །ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་བྱིས་
པ་ཕྱིན་ཅི་ལོག་གི་བློ་ཅན་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཇི་ལྟར་བཟུང་བ་དེ་ལྟར་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ཤེས་ནས། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་དེའི་ངོ་བོ་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་
གང་ཡིན་པའི་དེ་བཞིན་ཉིད་དེ་ཤེས་ནས་སོ། །དེའི་ངོ་བོ་ཉིད་ཀྱང་གང་ཞེ་ན། ཀུན་བརྟགས་པའི་གཉིས་མེད་པའི་ངོ་བོ་གང་ཡིན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བའི་གནས་སྐབས་བསྟན་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྟོག་གེའི་སྤྱོད་ཡུལ་ལས་
ཡང་དག་པར་འདས་པ་སྟེ། ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པ་ལས། ཆོས་ཀྱི་སྐུ་དེ་བཞིན་ཉིད་ཀྱི་མཚན་ཉིད་ནི་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དེ། དེ་བཞིན་ཉིད་དེ་ནི་འཇིག་རྟེན་ན་དཔེ་མེད་པའི་ཕྱིར་དང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་སོ་སོ་རང་གིས་རིག་པར་བྱ་བ་ཡིན་
ནོ་ཞེས་བཤད་པ་ལྟ་བུ་དང་། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་དོན་དམ་པ་བསྟན་པའི་སྐབས་ནས་ཇི་ལྟར་བསྟན་པ་ལྟ་བུ་ཡིན་ནོ། །མཚན་མེད་གཞི་ནི་རྣམ་རྟོག་རྣམས། །ཡང་དག་ཟད་པ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། རྣམ་པར་རྟོག་པ་ཡང་དག་པར་ཟད་པ་
เล่ม ๑๒๔ · หน้า 115a
ནི་རྣམ་པར་རྟོག་པ་འགགས་པའོ། །གང་དུ་རྣམ་པར་རྟོག་པ་ཡང་དག་པར་ཟད་པ་དེ་ནི་གཞི་ཞེས་བྱ་སྟེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། འགོག་པའི་བདེན་པའི་མཚན་ཉིད་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། གང་དུ་འགོག་པར་འགྱུར་བ་དེ་
བཞིན་ཉིད་དང་། གང་གིས་འགག་པར་འགྱུར་བ་ལམ་དང་། འགག་པ་གང་ཡིན་པ་ཉོན་མོངས་པ་མི་སྐྱེ་བའོ་ཞེས་བཤད་པ་ལྟ་བུ་སྟེ། དེ་བཞིན་ཉིད་གང་དུ་རྣམ་པར་རྟོག་པ་ཟད་པ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དམིགས་པ་ཞེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་དེ། ཡང་
དག་མ་ཡིན་ཀུན་རྟོག་གོ། །གཞི་སྟེ་དམིགས་པའི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཞེས་བྱ་བའི་སྒྲས་ནི་གཞི་སྟེ། དམིགས་པ་བཟུང་ངོ་། །སྡུག་བསྔལ་རྒྱས་པ་ཙམ་ཤེས་ཏེ། ཞེས་བྱ་བ་ནི་འདི་ནི་འདུ་བྱེད་ཙམ་སྟེ་ཀུན་བརྟགས་པའི་གང་ཟག་དང་ཆོས་དང་བྲལ་བ་སྡུག་བསྔལ་རྒྱས་ཤིང་རྒྱ་ཆེ་
བར་ཤེས་སོ། །སེམས་ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་སེམས་རྙེད་པའི་ཕྱིར། བདག་ཏུ་ལྟ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་སྟེ། དེ་ཐོབ་པས་ན་སེམས་ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་ལྟ་བ་ཅན་དུ་འགྱུར་རོ། །འདི་ན་འཇིག་རྟེན་ཚེ་གཅིག་རང་སྡུག་བཀུར་མི་ནུས། །འཇིག་
རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ། །བསྡོམས་པ་སྨོས་ཅི་དགོས་ཏེ་བསམ་དུ་མེད། །ཅེས་བྱ་བ་ནི་འཇིག་རྟེན་ནི་ཚེ་གཅིག་རང་གི་སྡུག་བསྔལ་བཀུར་བར་ཡང་མི་ནུས་ན། འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ་རང་གི་སྡུག་བསྔལ་བཀུར་ཞེས་བྱ་བ་འདི་ལ་ལྟ་བསམ་དུ་ཡང་མེད་པ་ཉིད་དོ། །བྱང་ཆུབ་
སེམས་དཔའ་ནི་འཇིག་རྟེན་དེ་ལ་དེ་ལས་བཟློག་པ་ཡིན་པས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ་སྡུག་བསྔལ་བསྡོམས་པ་ཐམས་ཅད་བཀུར་བར་ནུས་ཏེ། བྱང་ཆུབ་སེམས་དཔའ་ཕན་པ་དང་བདེ་བ་བཞེད་པས། བ་བེའུ་ལ་བྱམས་པ་བཞིན་དུ་སེམས་ཅན་དེ་དག་བྱམས་པས་ལེན་ཏོ། །དེ་ནས་འདི་ནི་ལྷག་
མ་ཡི། །ས་རྣམས་བསྒོམ་པའི་ལམ་འདི་ལ། །ཞེས་བྱ་བ་ནི་ས་དང་པོ་ལ་ཡང་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་ཡོད་མོད་ཀྱི། ས་མ་ལུས་པར་ཡོངས་སུ་དག་པ་ལས་ས་གཉིས་པ་ལ་སོགས་པའི་བསྒོམ་པའི་ལམ་གང་ཡིན་པ་དེའི་དབང་དུ་མཛད་ནས། འདི་སྐད་དུ། དེ་ནས་འདི་
เล่ม ๑๒๔ · หน้า 115b
ནི་ལྷག་མ་ཡི། །ས་རྣམས་བསྒོམ་པའི་ལམ་འདི་ལ། །ཞེས་བཤད་དོ། །གང་གི་ཕྱིར། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་
འདོད། །འདིའི་དེ་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །ཞེས་བཤད་པ་འདི་ལྟ་བུ་ལས་ཀྱང་ས་དང་པོ་ལ་ཡང་བསྒོམ་པའི་ལམ་ཡོད་པར་མངོན་ཏེ། ས་ཐོབ་པ་དེ་བསྐལ་པ་དཔག་ཏུ་མེད་པས་ཡོངས་སུ་སྦྱོང་བ་གང་ཡིན་པ་ཡང་ནས་ཡང་དུ་གོམས་པར་བྱེད་པ་དེ་ནི་བསྒོམ་
པའི་ལམ་ཞེས་བྱའོ། །རྣམ་པར་རྟོག་པའི་བག་ལ་ཉལ་གྱིས་མི་ཤིགས་པའི་དོན་གྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་ལས་རྣམ་པར་རྟོག་པ་གང་དག་འབྱུང་བའི་རྣམ་པར་རྟོག་པ་དེ་དག་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་གཞིག་པར་མི་ནུས་ལ། དེས་ནི་རྣམ་པར་རྟོག་པའི་བག་ཆགས་
ཐམས་ཅད་མ་ལུས་པར་ཤིགས་པས་སོ། །དེའི་འོག་ཏུ་གནས་གཞན་དུ་འགྱུར་བའི་མཐར་ཕྱིན་པ་འཐོབ་པོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་ངན་ལེན་མ་ལུས་པར་སྤངས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་གནས་གཞན་དུ་གྱུར་པ་མཐར་ཐུག་པ་འཐོབ་པོ། །
ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་བླ་ན་མེད་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་འཐོབ་པོ་ཞེས་བྱ་བ་ནི་ལམ་གྱི་གནས་ཡོངས་སུ་གྱུར་པ་ཐོབ་པའོ། །སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང་དག་པར་སྦྱོར་ལ་ལེགས་པར་བསྔགས་པ་དང་། ཞེས་བྱ་བ་ནི་
གདམས་ངག་རྗེས་སུ་བསྟན་པ་མདོར་བསྡུས་ནས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས། རང་དོན་ཡང་དག་པར་སྦྱོར་ལ་ཞེས་བྱ་བ་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་སྟེ། བྱང་ཆུབ་སེམས་
དཔའི་རང་གི་དོན་ཡིན་ནོ། །དེ་ལ་ཡང་དག་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལེགས་སོ་ལེགས་སོ། །ཞེས་ཡང་དག་པར་གཟེངས་སྟོད་ཅིང་བསྔགས་པ་མཛད་དོ། །ལོག་པར་སྦྱར་བ་ལེ་ལོ་ཅན་རབ་ཏུ་མི་སྦྱར་བ་རྣམས་ལ་ནི་སྨོད་པར་མཛད་དོ། །ལྷག་
เล่ม ๑๒๔ · หน้า 116a
པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས། གནས་དང་རྣམ་འབྱེད་ལྷུར་ལེན་ཞེས་བྱ་བ་གསུངས་ཏེ། ཞི་གནས་དང་། གནས་པ་དང་། ཏིང་ངེ་འཛིན་ཞེས་བྱ་བ་ནི་རྣམ་གྲངས་སོ། །རྣམ་པར་འབྱེད་པ་ནི་ལྷག་མཐོང་གི་རྣམ་གྲངས་སོ། །གང་ཞིག་སྤངས་པ་དང་
བརྟེན་པས་ཞེས་བྱ་བ་ནི་བར་ཆད་དང་བཅས་པའི་ཆོས་རྣམས་ནི་སྤོང་ལ་མཐུན་པ་ནི་བརྟེན་ཏོ། །དེ་ནི་མཐོང་བ་རབ་དག་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །མི་རྟོག་བྱང་ཆུབ་ཀྱིས་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཡེ་ཤེས་ཀྱིས་ཞེས་བྱ་བའི་ཐ་ཚིག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་
སོགས་པ་རྟོག་པ་དང་བྲལ་བ་དེ་དག་གིས་སོ། །མུན་པ་ཆེན་པོ་ཞེས་བྱ་བ་ལ། མུན་པ་ཆེན་པོ་ནི་ཤེས་བྱའི་ཚོགས་ཆེན་པོ་ལ་སྒྲིབ་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཡིན་ཏེ། མུན་པ་དེ་ཡེ་ཤེས་འདི་དག་གིས་བསལ་ནས་སོ། །ཉི་མ་ཆེན་པོ་དག་ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལམ་མེའོ། །
ཞེས་བྱ་བ་ནི་ཉི་མ་བརྟགས་པར་བྱས་པ་སྟེ། ཉི་མ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འགྲོ་བ་ཐམས་ཅད་སྣང་བར་ཡང་བྱེད་ལ་རྟག་ཏུ་ཡང་སྣང་བར་བྱེད་ཅིང་། ནུབ་པར་ཡང་མི་འགྱུར་བ་དེ་ལྟ་བུ་འགའ་ཞིག་ཡོད་པར་གྱུར་ན་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་མུན་པ་ཆེན་པོ་ཤེས་བྱའི་
སྒྲིབ་པ་བསལ་ནས་ཡེ་ཤེས་ཀྱི་འོད་ཟེར་དག་གིས་འགྲོ་བ་ཐམས་ཅད་ལ་སྣང་བར་བྱེད་དོ། །གདམས་ངག་རྗེས་སུ་བསྟན་པའི་སྐབས་རྫོགས་སོ།། །།གདམས་ངག་རྗེས་སུ་བསྟན་པའི་སྐབས་ཀྱི་འོག་ཏུ་ཐབས་དང་ལྡན་པའི་ལས་ཀྱི་སྐབས་ཏེ། འདི་འབྲེལ་པ་གང་ཡིན་ཞེ་ན།
འདི་སྐད་དུ། བསླབ་པ་གང་ཡིན་པ་དང་ཞེས་བཤད་པས་དེའི་ཕྱིར་ད་ནི་དམིགས་པ་གང་ལ་རྣམ་པ་འདི་དག་གིས་འཇུག་པ་དེ་བརྗོད་དགོས་པས་མཇུག་ཐོགས་སུ་བསླབ་པའི་ཁྱད་པར་བརྗོད་པར་བྱའོ། །དེ་ལ་བསླབ་པ་ནི་གང་ཡིན། དེའི་ཁྱད་པར་ནི་གང་ཡིན་ཞེ་ན། བསླབ་པ་ནི་རང་གི་བྱ་བ་སྒྲུབ་
པ་ཡིན་ནོ། །དེའི་ཁྱད་པར་ནི་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །རང་གི་བྱ་བ་སྒྲུབ་པ་ནི་འདིར་ཐུན་མོང་དང་ཁྱད་པར་ཏེ། དེ་ལ་ཐུན་མོང་ནི་ལས་མངོན་པར་འདུ་བྱ་བ་ཕྱིན་ཅི་མ་ལོག་པར་བྱེད་པ་སྟེ། ཐབས་དང་ལྡན་པའི་ལས་ཞེས་གང་བཤད་པ་ཡིན་ནོ། །དེའི་ཐུན་མོང་ནི་ལས་མངོན་པར་འདུ་བྱེད་པ་དགེ་
เล่ม ๑๒๔ · หน้า 116b
བ་ཐམས་ཅད་ལ་ཀུན་ཏུ་འགྲོ་བའི་ཕྱིར་རོ། །ཁྱད་པར་ནི་ཕ་རོལ་ཏུ་ཕྱིན་པ་འཆད་པར་འགྱུར་བ་དག་ལྟ་བུ་ཡིན་ནོ། །ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ཞེས་བྱ་བ་ལ། ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ནི་འདི་ལྟར་འཇུག་ནས། དེས་ན་འདི་ནི་དེའི་ཐབས་ཡང་དག་གཟུང་བའི་ཕྱིར། །
ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་རོལ་འགྲོ། །ཞེས་འཆད་པར་འགྱུར་བ་ལྟ་བུ་ཡིན་ནོ། །དཔེར་ན་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲང་བའི་རྟེན་ས་ཡིན་པ་ལྟ་བུ་སྟེ། སེམས་ཅན་སྨོས་པས་ནི་སེམས་ཅན་དུ་བགྲང་བ་ཇི་སྙེད་པ་ཐམས་ཅད་བསྡུས་ཏེ། དེ་དག་ཀྱང་ཉེ་བར་སྤྱོད་པ་པོ་
ཉིད་དུ་བསྟན་ཏོ། །སེམས་ཅན་མ་ཡིན་པར་བགྲང་བ་ནི་ནགས་ཚལ་དང་། རི་དང་། ཆུ་བོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཉེ་བར་སྤྱད་པར་བྱ་བ་ཉིད་དུ་བསྟན་ཏོ། །བརྟན་པ་ནི་རི་ལ་སོགས་པའོ། །མི་བརྟན་པ་ནི་ཆུ་བོ་ལ་སོགས་པའོ། །འདི་དག་ཐམས་ཅད་ཀྱི་རྟེན་ས་ཡིན་པ་དེ་བཞིན་དུ། སྦྱིན་
པ་ལ་སོགས་པའི་དགེ་བ་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་རྟེན་ཀྱང་ལུས་ལ་སོགས་པའི་ལས་གསུམ་ཡིན་ནོ། །འདི་ནི་ལས་དགེ་བའི་ཐབས་ཡིན་ཏེ། ཇི་ལྟར་ས་ལ་བརྟེན་ནས་ནགས་ཚལ་ལ་སོགས་པ་སྐྱེ་བ་དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱང་ལུས་
ལ་སོགས་པའི་ལས་གསུམ་ལ་བརྟེན་པ་ཡིན་གྱི། ལུས་ལ་སོགས་པའི་ལས་གསུམ་མེད་པར་ནི་དགེ་བའི་ཆོས་འགའ་ཡང་ཀུན་ནས་ལྡང་བ་མེད་དོ་ཞེས་དེ་ལྟར་ཐབས་ཡིན་པར་ཁོང་དུ་ཆུད་ནས། བྱང་ཆུབ་སེམས་དཔའ་ལས་གསུམ་ཡོངས་སུ་སྦྱོང་བའི་ཕྱིར་འཇུག་པས་ན། ཀུན་ནས་སློང་བའི་ཐབས་
ཞེས་བྱའོ། །ཤིན་ཏུ་དཀའ་བའི་ལས་ནི་ངོ་བོ་སྣ་ཚོགས་པ། །བསྐལ་པ་མང་པོས་མཐར་ཕྱིན་སྔོན་བརྩོན་བདག་ཉིད་ཅན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཤིན་ཏུ་དགའ་བ་ངོ་བོ་སྣ་ཚོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལས་བསྡུས་པ་རྣམས་སོ། །
སྦྱིན་པ་ལ་སོགས་པའི་ལས་ཡན་ལག་གི་དམ་པ་མགོ་དང་ལག་པ་དང་རྐང་པ་དང་མིག་ལ་སོགས་པ་ཡོངས་སུ་གཏོང་བས་ལྷག་པར་སྤྱོད་པ་གང་ཡིན་པ་སྣ་ཚོགས་པ་དེ་དག་ཉིད་བསྐལ་པ་མང་པོས་ཡོངས་སུ་རྫོགས་པར་འགྱུར་ཏེ། བསྐལ་པ་རྫོགས་པ་ནི་ཚར་ཕྱིན་པ་ཞེས་བྱའོ། །དེ་ལྟར་རབ་
เล่ม ๑๒๔ · หน้า 117a
ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ལ་སོགས་པའི་ལས་ལ་སྐྱོ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཡུན་རིང་པོ་ནས་འདྲིས་པའི་ཕྱིར་རོ། །དེས་ནི་ཡུན་རིང་པོ་ནས་ཐེག་པ་ཆེན་པོའི་ཆོས་ལ་གོམས་པ་ངང་དུ་གྱུར་པ་ཡིན་ཏེ། ཇི་སྐད་དུ། དགེ་བའི་ཆོས་
འདི་དག་ཉིད་གོམས་པ་ལ་བརྟེན་ནས་གང་གིས་ན་སོ་སོར་མ་བརྟགས་པར་དེ་དག་ཁོ་ན་ལ་དགའ་བར་འགྱུར་བ་དེ་ལྟ་བུའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསྐལ་པ་མང་པོ་ཚར་ཕྱིན་པས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་སྐྱོ་བ་འབྱུང་བར་མི་
འགྱུར་ཏེ། ངང་དུ་གྱུར་པ་ནི་རྨི་ལམ་ན་ཡང་ཀུན་ཏུ་སྤྱོད་དོ། །འདི་ལྟར་བདག་ལ་ཕན་པར་འདོད་ཅིང་གསོན་པར་འདོད་པ་ནི་དུག་དང་མཚོན་དང་གནམ་ལྕགས་ཆེན་པོ་དང་། དགྲ་ལས་བདག་ཉིད་སྐྱོབ་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལུས་ལ་སོགས་པའི་ལས་ཉན་
ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ལས་སྐྱོབ་པར་བྱེད་ཅིང་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མི་བསྔོའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་ཞུགས་པ་དེ་ཡོངས་སུ་བོར་ནས་ཐེག་པ་དམན་པ་ལ་བརྟེན་པ་ནི་འཆི་བ་ཡིན་པས་བྱང་ཆུབ་སེམས་དཔའི་ལུས་ལ་
སོགས་པའི་ལས་དགེ་བ་ཐེག་པ་དམན་པར་ཡོངས་སུ་བསྔོས་པ་ནི་དུག་དང་མཚོན་དང་གནམ་ལྕགས་ཆེན་པོ་དང་དགྲ་དང་འདྲའོ་ཞེས་བྱ་བར་རིག་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཡང་དེ་ཡོངས་སུ་དོར་བ་ནི་རིགས་པ་མ་ཡིན་ནོ་སྙམ་ནས་ཐེག་པ་དམན་པར་ཡོངས་སུ་བསྔོས་པའི་
སེམས་དེ་དེ་ལས་བསླང་སྟེ་ཐེག་པ་ཆེན་པོ་ཁོ་ན་ལ་འཇུག་པར་བྱེད་པས་ན་ལྡང་བའི་ཐབས་ཞེས་བྱའོ། །ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པའི་ཕྱིར་དང་། དགེ་བ་མ་སྐྱེས་པ་མི་སྐྱེད་ཅིང་ཞེས་བྱ་བ་ནི་ཇི་ལྟར་མཚོན་ལ་སོགས་པས་ཤིང་ལ་སོགས་པའི་རྩ་བ་བཅད་ན། ཡལ་ག་དང་ལོ་མ་
དང་། མེ་ཏོག་ལ་སོགས་པ་མ་སྐྱེས་པ་རྣམས་མི་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ལ་སོགས་པའི་ལས་ཐེག་པ་དམན་པར་ཡོངས་སུ་བསྔོས་པས་མཚོན་ལ་སོགས་པ་དང་འདྲ་བས་དེ་བཞིན་གཤེགས་པའི་ལྗོན་ཤིང་སྐྱེ་བར་འདོད་པའི་རྩ་བ་ཀུན་ཆད་པར་འགྱུར་རོ། །དེས་ན་ས་དང་
เล่ม ๑๒๔ · หน้า 117b
ཕ་རོལ་ཏུ་ཕྱིན་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟ་བུ་དག་སྐྱེ་བར་མི་འགྱུར་རོ། །དགེ་བའི་ལོ་ཏོག་སྐྱེས་པ་འཇོམས་པ་ནི་གནམ་ལྕགས་དང་ཆོས་མཐུན་པས་སོ། །སངས་རྒྱས་ཉིད་ཕུན་སུམ་ཚོགས་པ་འཐོབ་པའི་གགས་སུ་གྱུར་
པ་ནི་དགྲ་དང་ཆོས་མཐུན་པས་སོ། །རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང་། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་མི་རྟོག་པ་ནི། བྱེད་པ་པོར་ཡང་མི་རྟོག །ལས་སུ་ཡང་མ་ཡིན། ལས་ཀྱི་བྱ་བར་ཡང་མ་ཡིན་
ནོ། །ལས་མངོན་པར་འདུ་བྱེད་པ་ནི་དགེ་བའི་ཆོས་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་བསླབ་པའི་ཕྱིར་བསྟན་ཏོ། །ད་ནི་ཁྱད་པར་བརྗོད་དགོས་ཏེ། དེ་བསྙད་དོ། །ལས་ནི་རང་གི་སངས་རྒྱས་ཀྱི་ཆོས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འཛིན་པའི་བྱ་བ་དགེ་བའི་ལས་ཀུན་ཏུ་
འགྲོ་བའི་ཕྱིར་གཙོ་བོ་ཡིན་ཏེ། དེའི་ཕྱིར་འདི་དང་པོར་སྨོས་སོ། །རང་ལ་ཕན་པ་ཕུན་སུམ་ཚོགས་ན་གཞན་ལ་ཕན་པ་སྒྲུབ་པར་བཟོད་པར་འགྱུར་བས་དེའི་ཕྱིར་དང་པོར་རང་ལ་ཕན་པ་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེའི་འོག་ཏུ་གཞན་རྗེས་སུ་གཟུང་བའི་ཕྱིར་བསྡུ་བའི་དངོས་
པོ་རྣམས་འབྱུང་ངོ་། །སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་ནི་མངོན་པར་མཐོ་བ་རྣམ་པ་བཞི་བསྟན་ཞེས་བྱ་བ་ནི་དེ་དག་བསྟན་པས་ཚེ་ཕྱི་མ་ལ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དང་ལུས་ཁྱད་པར་དུ་འཕགས་པ་འཐོབ་པ་ལ་སོགས་པ་
ལས་གང་ཡིན་པ་དེ་དག་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་བ་བརྩམ་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་ཏོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ནི་འདི་ཙམ་དུ་ཟད་ལ། དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཁོ་ནས་འགྱུར་གྱི། ཉུང་ངུས་ཀྱང་མ་
ཡིན་ལ་མང་པོས་ཀྱང་མ་ཡིན་ནོ། །རྣམ་པར་མི་འཚེ་བ་ཞེས་བྱ་བ་ནི་བདག་ཉིད་རྣམ་པར་འཚེ་བར་མི་བྱེད་པའོ། །རྣམ་པར་འཚེ་བ་བཟོད་པ་ཞེས་བྱ་བ་ནི་གཞན་དག་གིས་དབྱུག་པ་དང་། མཚོན་ལ་སོགས་པས་རྣམ་པར་གཙེས་པ་ཐམས་ཅད་བཟོད་པའོ། །སེམས་ཅན་དང་སེམས་ཅན་མ་
เล่ม ๑๒๔ · หน้า 118a
ཡིན་པས་བྱས་པའི་སྡུག་བསྔལ་ཞེས་བྱ་བ་ལ། སེམས་ཅན་གྱིས་བྱས་པའི་སྡུག་བསྔལ་ནི་མི་ལ་སོགས་པས་བྱས་པ་གང་ཡིན་པའོ། །སེམས་ཅན་མ་ཡིན་པས་བྱས་པ་ནི་རླུང་དང་ཉི་མ་དང་ཆར་པ་དང་སེར་བ་ལ་སོགས་པས་བྱས་པ་གང་ཡིན་པའོ། །ཚུལ་
ཁྲིམས་ནི་དེ་ཐོབ་པའི་རྣམ་པར་གཡེང་བ་ཡང་དག་པར་སྡོམ་པ་རྣམས་ཀྱི་ལམ་སྟེ་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲས་ནི་ཡུལ་གཟུང་ངོ་། །དེ་དག་ཐོབ་པ་ནི་དེ་ཐོབ་པའོ། །དེ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་གཡེང་བ་ནི་དེ་ཐོབ་པའི་རྣམ་པར་གཡེང་བའོ། །དེ་ཐོབ་པའི་རྣམ་པར་གཡེང་བ་ཡང་དག་
པར་སྡོམ་པ་ནི་དེ་ཐོབ་པའི་རྣམ་པར་གཡེང་བར་ཡང་དག་པར་སྡོམ་པ་སྟེ། དགེ་སློང་གི་སྡོམ་པ་ལ་གནས་པ་ལ་ཡུལ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་གཡེང་བ་གང་དག་ཡིན་པ་དེ་དག་མི་འབྱུང་ངོ་། །དེ་གཉིས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཕྱིར་རོ་ཞེས་བྱ་བ་ནི་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་རྣམ་པར་གནོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མ་ལུས་པར་རྩ་ནས་འདོན་པར་བྱེད་དོ། །དང་པོ་གསུམ་ཞེས་བྱ་བ་ལ་བསླབ་པ་དང་པོ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སྦྱིན་པ་དང་
ཚུལ་ཁྲིམས་དང་བཟོད་པ་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །ཚོགས་དང་བཅས་པ་དང་འཁོར་དང་བཅས་པ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཚོགས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ངོ་བོ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
འཁོར་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པ་ནི་མི་མཐུན་པའི་ཕྱོགས་སེར་སྣ་ཉམས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། མཚན་ཉིད་རྣམ་པ་འདི་བཞི་དང་ལྡན་
པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །གཞན་དག་ལ་ལུས་དང་ངག་ཐམས་ཅད་ཡང་དག་པར་སྡོམ་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་གཞན་འདི་སྙམ་དུ། ཀྱེ་མ་བདག་ལ་ལུས་དང་ངག་དང་
เล่ม ๑๒๔ · หน้า 118b
ཡིད་ཀྱིས་རྣམ་པར་མི་འཚེ་ཡང་ཅི་མ་རུང་སྙམ་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་གཞན་ལ་རྣམ་པར་འཚེ་བ་མི་སྐྱེད་དོ། །གནོད་པ་བྱེད་པ་ལ་བཟོད་པས་གཞན་དག་གི་འདོད་པ་ཡོངས་སུ་རྫོགས་པ་ནི་གལ་ཏེ་གཞན་དག་ལུས་ལ་སོགས་པས་བྱང་ཆུབ་སེམས་དཔའ་
ལ་གནོད་པ་རྣམ་པ་སྣ་ཚོགས་བྱེད་ཅིང་གནོད་པ་བྱེད་པ་དེ་དག་ཀྱང་འདི་སྙམ་དུ། ཀྱེ་མ་བདག་གི་ལུས་ལ་སོགས་པས་གནོད་པ་བྱས་པ་བཟོད་དོ་སྙམ་དུ་སེམས་ལ་བྱང་ཆུབ་སེམས་དཔའ་ཡང་བུ་གཅིག་པ་ལ་བྱམས་པ་ལྟ་བུས་ཐམས་ཅད་བཟོད་དེ། ལན་མང་པོ་ཞིག་ཏུ་རྣམ་པར་གཙེས་ཀྱང་
གཞན་དག་ལ་གནོད་པ་བྱ་བའི་ཕྱིར་མི་འཇུག་གོ། །དེ་བཞིན་དུ་བརྩོན་འགྲུས་ལ་སོགས་པས་གྲོགས་བྱེད་པར་འདོད་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །སྦྱིན་པ་ནི་ཉོན་མོངས་པ་མང་བ་ཉིད་ཀྱིས་དམན་ལ་ཚུལ་ཁྲིམས་ནི་མཆོག་ཡིན་ཏེ། ལུས་དང་ངག་དང་ཡིད་བསྡམས་པ་ལ་
ཉོན་མོངས་པ་ཉུང་བའི་ཕྱིར་རོ། །སྦྱིན་པ་ནི་འཇུག་སླ་བའི་ཕྱིར་ཞེས་བྱ་བ་ནི་སྦྱིན་པ་ལ་ནི་འཇུག་པར་ཡང་སླ་ལ་བྱ་བར་ཡང་སླ་སྟེ། འདི་ལྟར་སྦྱིན་པ་ནི་ཀླ་ཀློ་དང་གདོལ་པ་ལ་སོགས་པ་ཡང་སྦྱིན་པར་བྱེད་ལ། དེ་དག་ཚུལ་ཁྲིམས་ཡང་དག་པར་བླང་བར་ནི་རྣམ་པ་གང་གིས་ཀྱང་མི་བཟོད་
དོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་བཞི་ཞེས་བྱ་བ་ནི་དངོས་པོ་ལ་བརྟེན་པ་ནི་རྣམ་པ་བཞིའོ། །ཡིད་ལ་བྱེད་པ་ལ་བརྟེན་པ་ཡང་རྣམ་པ་བཞིའོ། །བསམ་པ་ལ་བརྟེན་པ་ཡང་རྣམ་པ་དྲུག་གོ། །ཐབས་ལ་བརྟེན་པ་ནི་རྣམ་པ་གསུམ་མོ། །དབང་འབྱོར་པ་ཉིད་ལ་བརྟེན་པ་ཡང་རྣམ་
པ་གསུམ་ཁོ་ན་སྟེ། འདི་དག་གི་རྣམ་པར་དབྱེ་བ་ནི་འགྲེལ་པ་ཁོ་ན་ལ་ལེགས་པར་རྣམ་པར་ཕྱེ་བ་ཡིན་ནོ། །དངོས་པོ་ལ་བརྟེན་པ་ཞེས་བྱ་བ་ལ། དངོས་པོ་ནི་གཞི་ཞེས་བྱ་བ་ལ་དོན་ཐ་དད་པ་མ་ཡིན་པས་གཞི་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། དངོས་པོ་ལས་བྱུང་
བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་གཞི་དང་བཅས་པའི་བསོད་ནམས་བྱ་བའི་གཞི་ཞེས་བྱ་བར་མངོན་པ་ལྟ་བུའོ། །རྒྱུ་ལ་བརྟེན་པ་ནི་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྒྲུབ་པ་གོམས་
เล่ม ๑๒๔ · หน้า 119a
པ་གང་ཡིན་པའོ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་སོགས་པ་མེད་པར་སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ན་དེ་འདྲ་སྟེ། དེའི་སྟོབས་ཁོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་གང་
ཡིན་པ་དེ་ནི་རྒྱུ་ལ་བརྟེན་པ་ཞེས་བྱའོ། །རྣམ་པར་སྨིན་པ་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་གང་ཡིན་པའོ་ཞེས་བྱ་བ་ནི་སྔོན་སྦྱིན་པ་ལ་སོགས་པ་ལ་གང་གིས་ན་ཚེ་རབས་གཞན་དག་ན་སོ་སོར་བརྟག་པ་མེད་པར་ཡང་སྦྱིན་པ་ལ་སོགས་པ་ལ་དགའ་བ་འབྱུང་བར་འགྱུར་བ་དེ་
ལྟ་བུའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་བ་དེ་ལྟར་ཤིན་ཏུ་གོམས་པ་ཡིན་ནོ། །སྨོན་ལམ་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་སྔོན་སྦྱིན་པ་ལ་སོགས་པ་ལ་གོམས་པ་མེད་ཀྱི་སྨོན་ལམ་བཏབ་པ་འབའ་ཞིག་ཏུ་ཟད་པ་སྟེ། ང་དང་ང་ཡི་ཞེས་བྱ་བྲལ། །དངོས་པོ་ཀུན་ལ་མི་བརྟེན་ཞིང་། །
སེར་སྣ་མེད་པར་སེམས་ཅན་དག །ཀུན་ལ་ཕན་ཕྱིར་སྦྱིན་པ་སྦྱིན། །ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་སྨོན་ལམ་གྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་སྟོབས་ཀྱིས་ཞེས་བྱའོ། །སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་
ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གོམས་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཡུལ་གྱི་ཉེ་བར་སྤྱད་པ་རྣམས་ནི་རྨི་ལམ་གྱི་ཉེ་བར་སྤྱད་པ་ལྟ་བུ་སྟེ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འཇིག་པའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་ཡོངས་སུ་དཔྱད་ནས་སྦྱིན་པ་ལ་སོགས་པ་ལ་
འཇུག་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ཞེས་བྱའོ། །མོས་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལ་མོས་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་མོས་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཁམས་བརྟས་པར་འགྱུར་བའོ། །ངོམས་མི་ཤེས་
པའི་བསམ་པ་རྣམ་པ་བཞི་ལ་དངོས་པོས་ངོམས་མི་ཤེས་པའི་བསམ་པ་ནི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་སྦྱིན་པར་བྱེད་ཅེས་གང་བཤད་པ་ཡིན་ནོ། །བདག་ཉིད་ཡོངས་སུ་གཏང་བ་ཡིན་པས་ངོམས་མི་ཤེས་པའི་བསམ་པ་ནི་ལུས་གངྒཱའི་
เล่ม ๑๒๔ · หน้า 119b
ཀླུང་གི་བྱེ་མ་སྙེད་སྦྱིན་པར་བྱེད་ཅིང་ཞེས་གང་བཤད་པ་ཡིན་ནོ། །དུས་ཀྱིས་ངོམས་མི་ཤེས་པའི་བསམ་པ་ནི་དེ་བཞིན་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྐད་ཅིག་མ་རེ་རེ་ལ་སྦྱིན་པར་བྱེད་ཅེས་གང་བཤད་པ་ཡིན་ནོ། །སེམས་ཅན་རྣམས་ལ་ངོམས་མི་ཤེས་པའི་བསམ་པ་ནི་སེམས་ཅན་
གཅིག་ལ་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་ལ་རྣམ་གྲངས་འདིས་སྦྱིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་སྦྱིན་པའི་བསམ་པ་ལ་ངོམས་པ་མེད་པ་ཉིད་ཅེས་བཤད་པ་ཡིན་ཏེ། དེ་ནི་
མདོར་བསྡུ་ན་དངོས་པོས་ངོམས་མི་ཤེས་པའི་བསམ་པ་དང་། བདག་ཉིད་ཡོངས་སུ་གཏང་བ་ངོམས་མི་ཤེས་པའི་བསམ་པ་དང་། དུས་ཀྱིས་ངོམས་མི་ཤེས་པའི་བསམ་པ་དང་། སེམས་ཅན་རྣམས་ལ་ངོམས་མི་ཤེས་པའི་བསམ་པ་ཡིན་ནོ། །ཉམས་པར་མི་བྱེད་ཅེས་བྱ་བ་ནི་སྐད་
ཅིག་མ་འདབ་ཆགས་སུ་ཟིན་ཀྱང་གལ་ཏེ་ན་དུས་ཅུང་ཟད་ཅིག་འཇུག་སྲིད་པས་དེ་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་ཅེས་བྱ་བ་སྨོས་སོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་
སེམས་ཅན་དེ་དག་ལ་དེ་ལྟར་ཕན་བཏགས་ན་བྱང་ཆུབ་ཉེ་བར་སྟོན་པར་འགྱུར་བའོ། །ལུས་གཅིག་གིས་སྡུག་བསྔལ་ཉམས་སུ་མྱོང་བ་ནི་ཧ་ཅང་དཀའ་བ་མ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཞེས་བྱ་བ་སྨོས་ཏེ་མང་བ་ཉིད་དུ་སྟོན་ཏོ། །ལུས་
མང་དུ་ཟིན་ཀྱང་ཚེའི་ཚད་ལོ་བརྒྱ་ལ་སོགས་པར་སྡུག་བསྔལ་ཉམས་སུ་མྱོང་བ་ནི་ཧ་ཅང་དཀའ་བ་མ་ཡིན་པས་དེའི་ཕྱིར། ཚེའི་ཚད་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཞེས་བྱ་བ་སྨོས་སོ། །རྟག་པར་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་མེ་མ་མུར་གྱིས་རབ་ཏུ་གང་བར་ཞེས་བྱ་བ་ནི་མེས་བསྲེགས་པ་ལ་མེ་ཞི་བར་བྱེད་པའི་ཡོ་བྱད་ཆུ་དང་། ཙནྡན་དང་བྱུག་པ་ལ་སོགས་པ་ཐམས་ཅད་ཀྱིས་ཕོངས་པ་སྟེ། སྲེག་པ་ལ་གཉེན་པོར་གྱུར་པ་ཆུ་ལ་སོགས་པ་དེ་དག་མེད་པར་རོ། །དེ་ལྟར་སྲེག་ཀྱང་གལ་ཏེ་
เล่ม ๑๒๔ · หน้า 120a
སྤྱོད་ལམ་འགའ་ཞིག་གིས་ཏེ། འདུག་པའམ་ཉལ་བ་ལ་མེའི་ཚ་བ་ཧ་ཅང་བྱ་དཀའ་བ་མ་ཡིན་པ་དེའི་ཕྱིར། སྤྱོད་ལམ་རྣམ་པ་བཞི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱོད་ལམ་བཞི་ལ་ཞུགས་པའི་ཡང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་
མཐའ་དག་ཡོངས་སུ་རྫོགས་པར་གྱུར་ན་ནི་ཧ་ཅང་བྱ་དཀའ་བ་མ་ཡིན་པས་དེའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྐད་ཅིག་མ་གཅིག་སྒོམ་པར་བྱེད་ཅིང་ཞེས་བྱ་བ་སྨོས་ཏེ། རྣམ་གྲངས་འདིས་ན་བྱང་ཆུབ་སེམས་དཔའི་ངོམས་མི་ཤེས་པའི་བསམ་པ་ཉིད་
ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་རྗེས་སུ་འཛིན་པ་ན་ཞེས་བྱ་བ་ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྗེས་སུ་འཛིན་ཅེ་ན། སྡོམ་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་ལྷག་པར་མི་སྤྱོད་
དེ། དེ་ལྟར་ན་དེ་དག་རྗེས་སུ་བཟུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་གྱི་དོན་ཁོ་ན་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་དེས་དངོས་པོ་ཁོ་ནར་སེམས་ཅན་རྣམས་རྗེས་སུ་འཛིན་ཏེ། དེ་ལྟར་ཚུལ་
ཁྲིམས་རྣམ་པ་གསུམ་གྱིས་ཀྱང་རྗེས་སུ་བཟུང་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཐབས་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོག་པ་སྟེ། སྦྱིན་པ་པོ་མི་དམིགས་ཞེས་བྱ་བས་ནི་གང་ཟག་ལ་བདག་མེད་པར་སྟོན་ཏོ། །
འདིས་ནི་བདག་མངོན་པར་ཞེན་པ་གང་ཡིན་པ་དེ་མི་འབྱུང་ངོ་། །སྦྱིན་པར་བྱ་བ་དང་ལེན་པ་པོ་མི་དམིགས་ཞེས་བྱ་བ་འདིས་ནི་ཆོས་ལ་བདག་མེད་པར་སྟོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བཟུང་བས་དངོས་པོ་ལ་མངོན་པར་ཞེན་པ་དང་། འདི་ལ་ནི་སྦྱིན་ནོ་ཞེས་
འདི་ལ་ནི་མི་སྦྱིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལེན་པ་པོ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་མི་འབྱུང་ངོ་། །ཡང་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དེ་གསུམ་ཆར་ཡང་མི་འབྱུང་བས་ཡོངས་སུ་འཛིན་པ་མེད་པ་ཉིད་མཆོག་ཡིན་ནོ། །སྐུ་ལ་དབང་འབྱོར་པ་ཉིད་ནི་
เล่ม ๑๒๔ · หน้า 120b
དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་དང་། ལོངས་སྤྱོད་རྫོགས་པའི་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་འདི་གཉིས་ནི་དབང་འབྱོར་པ་ཐུན་མོང་མ་ཡིན་པ་བརྙེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་སོ་སོ་རང་
གིས་རིག་པར་བྱ་བ་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་དབང་འབྱོར་པ་བརྙེས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་ལ་རྫོགས་པར་ལོངས་སྤྱོད་པ་དང་། སངས་རྒྱས་ཀྱི་འབྱོར་
པ་སྟོན་པས་དབང་འབྱོར་པ་བརྙེས་པ་ཡིན་ནོ། །རྒྱུ་ནི་མ་ཆགས་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པའོ་ཞེས་བྱ་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དེ་ནི་རྒྱུ་ཡིན་ཏེ། རྒྱུ་འདིས་སྦྱིན་པ་ལ་
འཇུག་གོ། །གནས་ལྔ་པའི་མདོ་ལས་བྱུང་བ་བཞིན་ནོ་ཞེས་བྱ་བ་ནི་གཞན་དག་ལ་ཟས་བྱིན་ན་གནས་ལྔ་འཐོབ་པར་འགྱུར་ཏེ། ཚེ་དང་ཁ་དོག་དང་སྟོབས་དང་བདེ་བ་དང་ལྔ་པ་ནི་སྤོབས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ནི་འབྲས་བུ་ཡིན་ནོ། །གཉིས་རྗེས་སུ་འཛིན་པ་ཞེས་བྱ་བ་ནི་
རང་དང་གཞན་རྗེས་སུ་འཛིན་པའོ། །རྫོགས་པར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འདི་ནི་ལས་ཡིན་ནོ། །དེ་ཡང་སེར་སྣ་མེད་པ་དང་ལྡན་ཞེས་བྱ་བ་ནི་སེམས་ཅན་སེར་སྣ་མེད་པ་དག་ལས་ཡོད་དེ་འདི་ནི་ལྡན་པ་ཡིན་ནོ། །ཆོས་དང་
ཟང་ཟིང་དང་མི་འཇིགས་པ་ལ་མཐོང་ཞེས་བྱ་བའི་བདུན་པ་ནི་གསུམ་པའི་དོན་ཡིན་ནོ། །ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་
ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ལ་ཡང་དག་པར་བསླངས་ཏེ་སློབ་པ་ཡིན་ནོ། །མྱ་ངན་ལས་འདས་པའི་བསམས་པས་ཡང་དག་པར་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྒྱུ་ཅན་གྱི་ཚུལ་ཁྲིམས་ཡང་དག་པར་
เล่ม ๑๒๔ · หน้า 121a
ལེན་པར་བྱེད་དེ། དཔེར་ན་ཟས་ཀྱི་གནས་སོ། །རིག་པ་གནས་སོ་ཞེས་བྱ་བ་ནི་ཟས་ཀྱི་རྒྱུ་ཅན་དང་རིག་པའི་རྒྱུ་ཅན་དུ་གནས་པ་ཡིན་པར་ཁོང་དུ་ཆུད་པ་དེ་བཞིན་དུ་མྱ་ངན་ལས་འདས་པའི་རྒྱུ་ཅན་གྱི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ཡིན་ནོ། །ཉོན་མོངས་པའི་
ཡོངས་སུ་གདུང་བ་ཞི་བས་ཞི་བའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པས་ཉོན་མོངས་པ་རྣམས་རྣམ་པར་གནོན་པར་བྱེད་དོ། །དེ་ནས་ཚུལ་ཁྲིམས་ལ་ལེགས་པར་བརྟེན་ནས་བསམ་གཏན་ཐོབ་པ་རེ་ཞིག་ཙམ་སྤོང་ལ། འཕགས་པའི་ཤེས་རབ་ཀྱི་ས་བོན་ཀུན་ནས་བཅོམ་
པས་བཅོམ་པའི་སྒོ་ནས་དེ་གཏན་དུ་སྤོང་སྟེ། དེ་ལྟར་ན་ཉོན་མོངས་པའི་ཡོངས་སུ་གདུང་བ་ཞི་བས་ཞི་བ་ཞེས་བྱའོ། །སྲོག་གཅོད་པ་ལ་སོགས་པའི་རྐྱེན་ཅན་གྱིས་འཇིགས་པ་དང་། ཁ་ན་མ་ཐོ་བ་དང་ཁོ་ན་རྣམས་མི་འབྱུང་བའི་ཕྱིར་འཇིགས་པ་མེད་པའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་
དག་པར་བླངས་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་རྐྱེན་ཅན་གང་དག་ཡིན་པ་སྟེ། དེའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་གང་ཞེ་ན། འཇིགས་པ་དང་མྱ་ངན་ལ་སོགས་པ་མི་འབྱུང་བ་སྟེ། དེ་དག་ནི་དེའི་རྩ་བ་ཅན་ཡིན་པས་དེ་དང་བྲལ་བའི་
ཕྱིར་དེ་དག་ཀྱང་མེད་དེ། དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པས་སེམས་ཅན་དམྱལ་བ་ལ་སོགས་པར་འགྲོ་བ་གང་ཡིན་པ་དེ་ཡང་མི་འབྱུང་ངོ་། །མི་དགེ་བ་བྱེད་པ་སྲོག་གཅོད་པ་པ་དེ་ཉིད་ལ་ཤ་ཁོན་དུ་འཛིན་པ་རྣམས་ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཕྱིར་དེ་ལ་མི་འབྱུང་སྟེ།
དེ་ལྟར་ན། རྟེན་དང་གཞི་དང་འཇིགས་པ་མེད། །ཅེས་བྱའོ། །རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང་། བསམ་གཏན་གྱི་སྡོམ་པས་བསྡུས་པ་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ། །མི་མཇེད་ཇི་མི་སྙམ་
ཤེས་དང་། །ཞེས་བྱ་བ་ནི་བཟོད་པ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་ནི་མི་མཇེད་པ་ཞེས་བྱ་བའི་སྒྲར་བཤད་དེ། མི་མཇེད་པ་ནི་མི་མཐོང་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ནི་ཇི་མི་སྙམ་པ་ཞེས་བྱ་བའི་སྒྲར་བཤད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด