མདོ་སྡེ་རྒྱན་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๖ · หน้า 56a

སོགས་པ་དང་ཕྲད་ན་ཡང་འདོད་ཆགས་སྐྱེ་བར་མ་གྱུར་ཅིག །ཚོར་བ་སྡུག་བསྔལ་བ་དང་དགྲ་ལ་སོགས་པ་དང་ཕྲད་ན་ཡང་ཞེ་སྡང་བར་མ་གྱུར་ཅིག་ཅེས་དམིགས་པའི་ཕྱིར་ཏེ། དེ་དག་གིས་ཚད་མེད་པ་གང་གིས་སེམས་ཅན་གྱི་ཚོགས་གང་ལ་དམིགས་པ་བསྟན་ཏོ། །

དེ་བསྟན་ཆོས་ཞེས་བྱ་བ་ལ། །དེའི་སྒྲས་ནི་ཚད་མེད་པ་བཞི་ལ་བྱ་སྟེ། ཆོས་ལ་དམིགས་པའི་བྱམས་པས་ནི་ཚད་མེད་པ་བཞི་སྟོན་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་དམིགས་སོ་ཞེས་བྱ་བའི་དོན་ཏོ། །དེའི་དེ་ཉིད་ལ་ནི་བརྟེན་པ་རྣམས་འཇུག་གོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བའི་སྒྲས་ནི་བདེ་

བ་འདོད་པ་དང་། སྡུག་བསྔལ་གྱིས་གཟིར་བ་དང་། བདེ་བ་དང་ལྡན་པ་དང་། ཉོན་མོངས་པའི་སེམས་ཅན་རྣམས་དང་། ཚད་མེད་པ་བཞི་སྟོན་པའི་མདོ་སྡེ་ལ་སྙེགས་ཏེ། དེ་ཉིད་ཅེས་བྱ་བ་ནི་སེམས་ཅན་རྣམ་པ་བཞིའི་སྟོང་པ་ཉིད་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་སྟོང་པ་ཉིད་ལ་བྱ་སྟེ། མི་

དམིགས་པའི་བྱམས་པས་ནི། དེ་དག་གི་སྟོང་པ་ཉིད་ལ་དམིགས་ཀྱི་སེམས་ཅན་སོ་སོ་དང་ཆོས་ལ་ནི་དམིགས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པ་ནི་དེའི་དེ་བཞིན་ཉིད་ལ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། མི་དམིགས་པའི་བྱམས་པས་ནི་སེམས་ཅན་དང་ཆོས་ཀྱི་སྟོང་པ་ཉིད་

ལ་དམིགས་ཏེ། དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་ཚོགས་རྣམས་ཅི་ལ་ཡང་མི་རྟོག་པའི་མཚན་ཉིད་དུ་རོ་གཅིག་པར་གནས་པས་སེམས་ཅན་ཐ་དད་པ་དང་། ཆོས་ཐ་དད་པ་བྱེད་པ་མེད་པས་ན་མི་དམིགས་པའི་བྱམས་པ་ཞེས་བྱའོ། །གཞན་ཡང་ཞེས་བྱ་བས། དམིགས་སུ་མེད་པའི་བྱམས་

པའི་རབ་ཏུ་དབྱེ་བ་སྟོན་ཏོ། །དམིགས་སུ་མེད་པའི་བྱམས་པ་ལ་ཕྱེ་ན་རྣམ་པ་བཞི་ཡོད་པར་འདོད་དོ། །དེ་ཡང་དེ་བཞིན་ཉིད་ཀྱི་ཕྱིར། །ཞེས་བྱ་བ་འདིས་རྣམ་པ་གཅིག་བསྟན་ཏེ། སེམས་ཅན་རྣམས་དང་ཆོས་རྣམས་ཀྱི་སྟོང་པ་ཉིད་ལ་དམིགས་པའི་བྱམས་པ་ལ་མི་དམིགས་པའི་བྱམས་པ་

ཞེས་བྱ་སྟེ། བདག་དང་ཆོས་སུ་དམིགས་པའམ། ཕྱི་དང་ནང་དུ་དམིགས་པ་མེད་པའི་ཕྱིར་རོ། །བཟོད་པ་ཐོབ་པས་རྣམ་པར་དག །ཅེས་བྱ་བས། རྣམ་པ་གཉིས་པ་བསྟན་ཏེ། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། བྱམས་པ་ལ་

เล่ม ๑๒๖ · หน้า 56b

སོགས་པ་ཚད་མེད་པའི་ས་བོན་བརྟས་པའི་ཕྱིར་ཚད་མེད་པ་རྣམ་པར་དག་སྟེ། རྣམ་པར་དག་ཅེས་བྱ་བ་ནི་བརྩལ་འབད་དང་རྟོག་དཔྱོད་མེད་པར་ཚད་མེད་པ་བཞི་ལྷུན་གྱིས་གྲུབ་སྟེ། དེ་བས་ན་ས་བརྒྱད་ཀྱི་དུས་ཀྱི་ཚད་མེད་པ་བཞི་ནི་མི་དམིགས་པར་གཞག་གོ། །ལས་གཉིས་ཞེས་བྱ་བས་རྣམ་པ་

གསུམ་པ་བསྟན་ཏེ། བྱམས་པའི་རྒྱུ་མཐུན་པ་ལས་བྱུང་བའི་ལུས་ཀྱི་ལས་བརྡེག་འཚོག་ལ་སོགས་པ་མི་བྱེད་པ་དང་། ངག་གི་ལས་ཚིག་རྩུབ་མོ་ལ་སོགས་པ་མི་འབྱིན་པ་ལ་ཡང་མི་དམིགས་པའི་བྱམས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི་

མི་དམིགས་པ་དང་རྟོག་པ་ཡོད་ན་ལུས་དང་ངག་གཉིས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་གཟུགས་ཀྱི་ཕུང་པོར་གཏོགས་པས་རྟོག་པ་མེད་པའི་ཕྱིར་མི་དམིགས་པའི་བྱམས་པར་གཞག་གོ། །བྱམས་པ་ནི་སེམས་ཀྱི་ཆོས་ཡིན་ཡང་ལུས་དང་ངག་གཉིས་བྱམས་པའི་སེམས་ལས་

བྱུང་བ་དང་། བརྡེག་འཚོག་ལ་སོགས་པའི་གནོད་པས་སེམས་ཅན་ལ་གནོད་པར་མི་བྱེད་པས་ན་མི་དམིགས་པའི་བྱམས་པར་བཏགས་སོ། །ཉོན་མོངས་ཟད་པས་ཀྱང་ཞེས་བྱ་བས་རྣམ་པ་བཞི་པ་བསྟན་ཏོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ནི་སེམས་དང་སེམས་ལས་

བྱུང་བའི་དམིགས་པ་ཡིན་ལ། ཉོན་མོངས་པ་སྤངས་ཏེ་ཟད་ན་སེམས་ཀྱིས་དམིགས་པར་བྱ་བའི་ཡུལ་མེད་པས་ཉོན་མོངས་པ་ཟད་པ་རྣམས་ཀྱི་འཕགས་པ་བྱམས་པ་ཡང་མི་དམིགས་པའི་བྱམས་པ་ཞེས་བྱའོ། །ས་བརྒྱད་པ་ལ་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕྱིར་ཁམས་རྒྱས་པས་དེ་རྣམ་

པར་དག་པ་དང་ཞེས་བྱ་བ་ལ། ས་བརྒྱད་པའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་དཀར་པོའི་ཆོས་འཕེལ་ཞིང་མི་མཐུན་པའི་ཕྱོགས་སྤངས་པས་ཁམས་རྒྱས་པ་ཞེས་བྱའོ། །བྱམས་པ་ལ་སོགས་པའི་ས་བོན་བརྟས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ས་

བོན་བརྟས་པས་ན་ས་བརྒྱད་པ་ལ་སོགས་པའི་དུས་ན་བྱམས་པ་ལ་སོགས་པས་རྣམ་པར་དག་སྟེ། རྣམ་པར་དག་ཅེས་བྱ་བའི་དོན་ནི། བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་དམིགས་སུ་མེད་པའི་བྱམས་པར་གཞག་གོ། །རྒྱུ་མཐུན་པ་ཞེས་

เล่ม ๑๒๖ · หน้า 57a

བྱ་བ་ལ། བྱམས་པའི་སེམས་ཀྱིས་རྒྱུ་བྱས་ནས་ལུས་དང་ངག་གི་ལས་སྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཉོན་མོངས་པ་ནི་དམིགས་པར་གསུངས་ཏེ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་སེམས་ཀྱིས་དམིགས་

པར་བྱ་བའི་ཡུལ་དུ་བཤད་ལ། ཉོན་མོངས་པ་ཟད་ན་ཡུལ་དམིགས་སུ་མེད་པས་ན་མི་དམིགས་པའི་བྱམས་པར་བཤད་དོ། །ཉོན་མོངས་པ་ལ་དམིགས་པ་ཞེས་བྱ་བར་ཡང་ཅི་མངོན་ཞེ་ན། དེའི་ཕྱིར། སེམས་ཀྱི་མདུད་པ་སྤངས་པའི་ཕྱིར་དམིགས་པ་ཆད་དོ་ཞེས་གསུངས་

པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མདོ་ལས་ཀྱང་། སེམས་ལ་ཡོད་པའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྤངས་པས་སེམས་ཀྱི་དམིགས་པ་མེད་དོ་ཞེས་གསུངས་པས་ན་ཉོན་མོངས་པ་ལ་དམིགས་པ་ཞེས་བྱ་བར་མངོན་ནོ། །དེ་ནི་གཡོ་དང་མི་གཡོ་དང་། །ཆགས་པས་

མྱོང་དང་མི་མྱོང་ཤེས། །ཞེས་བྱ་བ་འདིས་ཚངས་པའི་གནས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཞི་སྟོན་ཏེ། རྣམ་པ་བཞི་ནི་འབྲི་བའི་ཆ་ཅན་དང་། གནས་པ་དང་ཁྱད་པར་གྱི་ཆ་ཅན་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པའོ། །དེ་ལ་འབྲི་བའི་ཆ་ཅན་གྱི་ཚད་མེད་པ་བཞི་ལ་ནི་

གཡོ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཕྱིས་ཉམས་ཤིང་མེད་པར་གྱུར་པའི་ཕྱིར་རོ། །གནས་པ་དང་ཁྱད་པར་དུ་འགྱུར་བའི་ཆ་ཅན་གྱི་ཚད་མེད་པ་བཞི་ལ་ནི་མི་གཡོ་བ་ཞེས་བྱ་སྟེ། ཉམས་པ་མེད་ཅིང་ཁྱད་པར་དུ་འཕགས་ཀྱི་ཉམས་པ་དང་མེད་པར་མི་འགྱུར་བའི་ཕྱིར་རོ། །ཚད་མེད་པ་

བཞིའི་ཏིང་ངེ་འཛིན་ཐོབ་ནས་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པའི་འདོད་ཆགས་ཀྱིས་ཏིང་ངེ་འཛིན་གྱི་རོ་མྱང་བའི་བདེ་བར་བྱེད་པ་རྣམས་ལ་ནི་ཉོན་མོངས་པ་དང་བཅས་པ་ཞེས་བྱའོ། །ཚད་མེད་པ་བཞིའི་བསམ་གཏན་ཐོབ་ཀྱང་དེའི་བདེ་བའི་རོ་ལ་མྱོང་བར་མི་བྱེད་པ་ནི། ཉོན་མོངས་པ་མེད་པ་

ཞེས་བྱའོ། །ཆགས་པ་ཞེས་བྱ་བ་ནི་བདེ་བ་ལ་ཞེན་པ་དང་། སེམས་རྒྱ་ཆུང་བའོ་ཞེས་བྱ་བ་ལ། ཆགས་པའི་དོན་འཆད་དེ་བྱམས་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་ཆགས་ཤིང་ཞེན་པར་གྱུར་ན་གོང་ནས་གོང་དུ་ཡོན་ཏན་རྒྱ་ཆེན་པོ་ལ་སེམས་མི་འཇུག་པས་ན་ཆགས་པས་རོ་མྱང་བ་ནི་ཉོན་མོངས་པ་

เล่ม ๑๒๖ · หน้า 57b

ཅན་ཞེས་བྱའོ། །བསམ་གཏན་གྱི་བདེ་བ་ཅུང་ཟད་ཙམ་གྱིས་ཚོག་པར་འཛིན་ཅིང་གོང་ནས་གོང་དུ་ཡོན་ཏན་རྒྱ་ཆེན་པོ་མི་ཚོལ་བ་ཡང་ཉོན་མོངས་པ་ཅན་ཞེས་བྱའོ། །དེ་རྣམས་ཀྱང་ཞེས་བྱ་བ་ལ། ཚད་མེད་པ་བཞི་ལ་ཕྱེ་ན་འབྲི་བའི་ཆ་ཅན་དང་། གནས་ཤིང་ཁྱད་པར་དུ་འགྲོ་བའི་ཆ་ཅན་དང་། ཉོན་

མོངས་པ་ཅན་དང་། ཉོན་མོངས་པ་མེད་པ་སྟེ་རྣམ་པ་བཞི་ཡོད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་གང་ལ་གནས་ཤིང་སྒོམ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར། བྱང་ཆུབ་སེམས་དཔའ་མི་གཡོ་བ། །ཆགས་པ་མེད་པ་གནས་པ་ནི། །གཡོ་ལ་མ་ཡིན་རོ་མྱང་བ་ལ་མིན། །

ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཚངས་པའི་གནས་ལ་རྣམ་པ་བཞི་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་གནས་པ་དང་ཁྱད་པར་གྱི་ཆ་ཅན་ལ་གནས་པས་ན་མི་གཡོ་བ་ལ་གནས་པ་དང་། ཉོན་མོངས་པ་མེད་པ་ལ་གནས་པས་ན་ཆགས་པ་མེད་པ་ལ་གནས་ཀྱི། གཡོ་བས་དེ་འབྲི་

བའི་ཆ་ཅན་ལ་མི་གནས། རོ་མྱང་བ་སྟེ་ཉོན་མོངས་པ་ཅན་རོ་མྱང་བ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚད་མེད་པ་བཞི་ཆུང་ངུ་དང་ཆེན་པོའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། མཉམ་པར་མ་བཞག་རང་བཞིན་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་སོ། །དེ་ལ་

མཉམ་པར་བཞག་པ་ནི་མཉམ་པར་མ་བཞག་པའི་ས་པ་སྟེ་འདོད་པའི་ཁམས་ལ་བྱའོ། །དེ་ལ་མཉམ་པར་མ་བཞག་པའི་ཚད་མེད་པ་བཞི་ནི་ཐམས་ཅད་ཀྱང་ཆུང་ངུར་རྣམ་པར་གཞག་སྟེ། འདི་ནི་ཆུང་ངུ་རྣམ་པ་གཅིག་གོ། །ཆུང་ངུ་བར་མ་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པའི་

ཁམས་ནི་མཉམ་པར་གཞག་པའི་ས་པ་ཞེས་བྱ་སྟེ། མཉམ་པར་གཞག་པའི་ས་པའི་ཚད་མེད་པ་ལ་ཡང་། ཆུང་ངུ་དང་། བར་མ་དང་། ཆེན་པོ་སྟེ་རྣམ་པ་གསུམ་ཡོད་དོ། །དེ་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་

ཏེ་ས་གསུམ་མོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ཡང་ས་གསུམ། གསུམ་པ་ལ་ཡང་ས་གསུམ། བཞི་པ་ལ་ས་བརྒྱད་དོ། །དེ་ལ་ཚངས་རིས་ཀྱི་ཚད་མེད་པ་བཞི་ནི་ཆུང་ངུའོ། །ཚངས་ལྷ་ཉེ་ཕན་གྱི་ཚད་མེད་པ་བཞི་ནི་འབྲིང་པོའོ། །ཚངས་ཆེན་གྱི་ཚད་མེད་པ་བཞི་ནི་ཆེན་

เล่ม ๑๒๖ · หน้า 58a

པོའོ། །དེ་ལྟར་མཉམ་པར་གཞག་པའི་ས་ལ་ཚད་མེད་པ་ཆེ་ཆུང་རྣམ་པ་གསུམ་དུ་ཞུགས་པ་ལས་མཉམ་པར་གཞག་པ་ཚད་མེད་པ་ཆུང་ངུ་དང་། བར་མ་གཉིས་ཀྱང་ཆུང་ངུའི་ནང་དུ་བསྡུའོ་ཞེས་བྱ་བའི་དོན་ཏོ། །འོག་མའི་ས་ཞེས་བྱ་བ་ལ། ས་དང་པོ་ལ་ལྟོས་ནས་མོས་

པས་སྤྱོད་པའི་ས་འོག་མ་ཡིན་ལ། ས་གཉིས་པ་ལ་ལྟོས་ནས་དང་པོ་ཡང་ས་འོག་མ་ཡིན་ཏེ། དེ་བས་ན་ས་དང་པོ་ལས་ནི་མོས་པས་སྤྱོད་པའི་ས་འོག་མ་ཡིན་པས་མོས་པས་སྤྱོད་པའི་ཚད་མེད་པ་ནི་ཆུང་ངུའི་ནང་དུ་བསྡུས་ཏེ། དེ་བཞིན་དུ་ས་གཉིས་པ་དང་། གསུམ་པ་ལ་སོགས་པ་

ཡང་གོང་མ་ལ་ལྟོས་ནས་ས་འོག་མ་རྣམས་ཆུང་ངུར་གཞག་གོ། །བསམ་པ་ཐ་མ་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ནི་བསམ་པ་ཆུང་ངུ་ཡིན་ཏེ། དེ་དག་གི་ཚད་མེད་པ་ཡང་ཆུང་ངུར་གཞག་གོ་ཞེས་བྱ་བའི་དོན་ཏོ། །ངར་བཅས་ཞེས་བྱ་བ་ལ། ས་དང་པོ་ཡན་ཆད།

ས་བདུན་པ་མན་ཆད་ཀྱི་ཚད་མེད་པ་ནི་བརྩལ་འབད་དང་བཅས་པས་ན་ངར་བཅས་པ་ཞེས་བྱ་སྟེ། དེ་དག་ཀྱང་ཆུང་ངུར་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཐ་མ་གཞན་མཆོག་གོ། །ཞེས་བྱ་བ་ལ། མཉམ་པར་མ་བཞག་པ་ཐམས་ཅད་དང་། མཉམ་པར་བཞག་པའི་ཆུང་ངུ་དང་།

བར་མ་དང་། ས་འོག་མ་དང་། བསམ་པ་ཐ་མ་དང་། ངར་བཅས་པ་སྟེ། དེ་དྲུག་ཐ་མར་བཞག་ན་དེ་ལས་བཟློག་པ་ཐམས་ཅད་མཆོག་ཏུ་འགྱུར་རོ། །ཇི་ལྟ་ཞེ་ན། མཉམ་པར་མ་བཞག་པའི་ས་ཐ་མར་གཞག་པ་དང་། བསམ་པར་གཞག་པ་ཐམས་ཅད་མཆོག་དང་ཆེན་པོར་

གཞག་གོ། །མཉམ་པར་གཞག་པར་ཡང་ཆུང་ངུ་དང་འབྲིང་དང་ཐ་མར་གཞག་དང་ཆེན་པོ་རྣམས་མཆོག་ཏུ་གཞག་གོ། །ས་འོག་མ་ཐ་མར་གཞག་དང་། ས་འོག་མ་རྣམས་མཆོག་ཏུ་གཞག་གོ། །བསམ་པ་ཐ་མ་ཐ་མར་གཞག་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་

རྣམས་ཀྱི་དགོངས་པ་ཆེན་པོའི་ཚད་མེད་པ་རྣམས་མཆོག་ཏུ་གཞག་གོ། །ས་བདུན་པ་ངར་བཅས་པས་ཆུང་ངུར་གཞག་དང་། ས་བརྒྱད་པ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཚད་མེད་པ་མཆོག་ཏུ་གཞག་གོ། །ད་ནི་ཚིགས་སུ་བཅད་པ་གཉིས་ཤིག་གིས་

เล่ม ๑๒๖ · หน้า 58b

ཚད་མེད་པའི་རྒྱུ་དང་འབྲས་བུ་དང་མཚན་མའི་རྣམ་པ་གསུམ་སྟོན་ཏོ། །ཚངས་པའི་གནས་པས་གནས་ནས་སུ། །ཞེས་བྱ་བས་རྒྱུ་བསྟན་ཏེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པ་བཞི་ལ་གནས་ཤིང་བསྒོམས་ན་འབྲས་བུ་རྣམ་པ་ལྔ་འཐོབ་པར་འགྱུར་

རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་རྣམ་པ་ལྔ་ནི་རྣམ་པར་སྨིན་པའི་འབྲས་བུ་དང་། དབང་བྱེད་པའི་འབྲས་བུ་དང་། སྐྱེས་བུའི་རྩལ་གྱི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །མཁས་པ་འདོད་པའི་གནས་སུ་སྐྱེ། །ཞེས་བྱ་བ་ལ་ཚད་མེད་པ་བཞི་ལ་བསྒོམས་ན་གཟུགས་

ཀྱི་ཁམས་སུ་སྐྱེ་བ་ཡིན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པས་སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དེ། དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེས་ནི་ཚོགས་རྣམས་རྫོགས་པ་དང་། །ཞེས་བྱ་བ་ལ། བྱང་

ཆུབ་སེམས་དཔའ་རྣམས་ཀྱི་ཚད་མེད་པ་བཞི་བསྒོམས་ན་དེའི་དབང་གིས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ནི་དབང་བྱེད་པའི་འབྲས་བུའོ། །སེམས་ཅན་རྣམ་པར་སྨིན་བྱེད་ཅེས་བྱ་བ་ལ། ཚད་མེད་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་

རྣམས་སེམས་ཅན་བསྟན་པ་འདི་ལ་མ་ཞུགས་པ་དག་བསྟན་པ་ལ་གཞུག་པ་དང་། བསྟན་པ་ལ་ཞུགས་པ་རྣམས་རིམ་པར་བཀོད་ནས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་སྐྱེས་བུའི་རྩལ་གྱི་འབྲས་བུའོ། །སྐྱེས་བུའི་རྩལ་ནི་བརྩོན་འགྲུས་ཀྱི་ཁྱད་པར་མེད་པར་མི་འབྱུང་ལ། བརྩོན་འགྲུས་

ཀྱི་ཁྱད་པར་གྱིས་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བས་ན། སྐྱེས་བུའི་རྩལ་གྱི་འབྲས་བུར་གཞག་གོ། །ཚངས་དང་མ་བྲལ་ཐམས་ཅད་དུ། །ཞེས་བྱ་བ་ལ། ཚེ་འདིར་བྱང་ཆུབ་སེམས་དཔའ་ཚད་མེད་པ་བཞི་བསྒོམས་ན། ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་ཚད་མེད་པ་བཞི་དང་ལྡན་

ཞིང་དུས་ཐམས་ཅད་དུ་ཚད་མེད་པ་བཞི་དང་མི་འབྲལ་བར་འགྱུར་ཏེ། དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་རྒྱུ་མཐུན་པ་ཞེས་བྱ་བའི་དོན་ཡང་རྒྱུ་ཅི་འདྲ་བ་བཏབ་པ་འབྲས་བུའང་དེ་འདྲ་བར་སྐྱེ་སྟེ། དཔེར་ན་ཚེ་འདིར་སྦྱིན་པ་བྱས་ན་ཚེ་རབས་གཞན་དུ་ཡང་སྦྱིན་པ་ལ་དགའ་བར་འགྱུར་བའོ། །

เล่ม ๑๒๖ · หน้า 59a

དེ་ཡི་མི་མཐུན་ཕྱོགས་སྤངས་པ། །ཞེས་བྱ་བ་ལ། ཚད་མེད་པ་བཞིའི་མི་མཐུན་པའི་ཕྱོགས་ནི་གནོད་སེམས་དང་། འཚེ་བ་དང་། མི་དགའ་བ་མེད་པ་དང་། འདོད་ཆགས་དང་ཁོང་ཁྲོ་བ་སྟེ། ཚད་མེད་པ་བཞི་དང་ལྡན་ན་དེ་བཞི་མེད་པར་འགྱུར་བས་ན་མི་མཐུན་པའི་ཕྱོགས་

སྤངས་པ་ཞེས་བྱ་སྟེ། དེ་ནི་བྲལ་བའི་འབྲས་བུའོ། །བག་མེད་དེ་ཡི་རྐྱེན་དྲག་གིས། །རྣམ་པར་འགྱུར་བར་མི་འགྱུར་རོ། །ཞེས་བྱ་བས་མཚན་མ་བསྟན་ཏེ། བག་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་གནོད་སེམས་ལ་སོགས་པའི་གཉེན་པོ་བྱམས་པ་ལ་སོགས་

པ་མངོན་སུམ་དུ་མ་བྱས་པ་ནི་བག་མེད་པ་ཞེས་བྱ་སྟེ། གཉེན་པོ་མངོན་སུམ་དུ་མ་བྱས་ཀྱང་། གནོད་སེམས་དང་འཚེ་བ་ལ་སོགས་པ་སྐྱེ་བའི་རྐྱེན་དྲག་པོ་མངོན་སུམ་དུ་འོངས་ཀྱང་ཡུལ་གྱི་དབང་དུ་མི་འགྱུར་ཞིང་། གནོད་སེམས་དང་འཚེ་བ་ལ་སོགས་པ་མི་འབྱུང་ན་ཚད་མེད་པ་ཐོབ་པ་ཡིན་པར་

རིག་པར་བྱ་སྟེ། རྣམ་པར་འགྱུར་བར་མི་འགྱུར་བ་ནི་ཚད་མེད་པ་ཐོབ་པའི་མཚན་མ་དང་རྟགས་ཡིན་ནོ། །ཚིགས་སུ་བཅད་པ་བཞི་པོ་གཞན་དག་གིས་ནི་ཉེས་པ་དང་ཡོན་ཏན་གྱི་རྣམ་པ་སྟེ་ཞེས་བྱ་བ་ལ། འདི་མན་ཆད་ཚིགས་སུ་བཅད་པ་བདུན་ཞིག་གིས་ཚད་མེད་པ་བཞིའི་ཉེས་པ་དང་སྐྱོན་

གང་ཡིན་པ་དང་། ཚད་མེད་པ་བཞིའི་ཡོན་ཏན་གང་ཡིན་པ་དེ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གནོད་སེམས་འཚེ་བ་གཉིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཚད་མེད་པ་བཞིའི་ཉེས་པ་དང་སྐྱོན་དག་སྟོན་ཏེ། སེམས་ཅན་ལ་བསད་པ་དང་བརྡེག་པ་

ལ་སོགས་པའི་གནོད་པ་བྱ་བར་སེམས་པའི་གནོད་སེམས་ནི་བྱམས་པའི་མི་མཐུན་པའི་ཕྱོགས་སོ། །ལུས་ཀྱི་སྒོ་ནས་བསད་པ་དང་བརྡེག་པ་ལ་སོགས་པའི་འཚེ་བ་བྱེད་པ་ནི་སྙིང་རྗེའི་མི་མཐུན་པའི་ཕྱོགས་སོ། །མི་དགའ་ཞེས་བྱ་བ་ལ། སེམས་ཅན་རྣམས་བདེ་བ་དང་ལྡན་པར་མཐོང་ནས་

སེམས་ཅན་ཕྲག་དོག་ཅིང་། མ་མོས་མི་དགའ་བ་ནི་དགའ་བའི་མི་མཐུན་པའི་ཕྱོགས་སོ། །གནོད་སེམས་འདོད་པའི་འདོད་ཆགས་ཞེས་བྱ་བ་ལ། ཚོར་བ་སྡུག་བསྔལ་བ་དང་དགྲ་ལ་སོགས་པ་མཐོང་ནས་གནོད་སེམས་སྐྱེ་བ་དང་ཚོར་བ་བདེ་བ་དང་མཛའ་བ་ལ་སོགས་པ་མཐོང་ནས་འདོད་

เล่ม ๑๒๖ · หน้า 59b

ཆགས་སྐྱེ་བ་ནི་བཏང་སྙོམས་ཀྱི་མི་མཐུན་པའི་ཕྱོགས་སོ། །ལྡན་པས་ཉེས་པ་རྣམ་མང་མྱོང་། །ཞེས་བྱ་བ་ལ། ཚད་མེད་པ་བཞིའི་མི་མཐུན་པའི་ཕྱོགས་དང་ལྡན་ན་ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་རྣམ་པ་མང་

པོ་ཇི་ལྟར་མྱོང་ཞེ་ན་ཞེས་བྱ་བ་ལ། ཚད་མེད་པ་བཞིའི་མི་མཐུན་པའི་ཕྱོགས་བཞི་དང་ལྡན་ན་ཉེས་པ་རྣམ་པ་མང་པོ་མྱོང་ངོ་ཞེས་བྱ་བ་ལ་ཉེས་པ་གང་དང་གང་མྱོང་ཞེ་ན་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པས་ནི་བདག་ཉིད་བཅོམ། །ཞེས་བྱ་བ་ལ། གནོད་སེམས་དང་འཚེ་བ་ལ་སོགས་པ་ཚད་མེད་

པའི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་རྣམས་ཀྱིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་བྱས་ན། བདག་ཉིད་བཅོམ་པ་ཞེས་བྱ་སྟེ། ཇི་ལྟར་ཞེ་ན། དེའི་རྐྱེན་གྱིས་ཚེ་འདི་ལ་ཡང་བསད་པ་དང་བཅིང་བ་ལ་སོགས་པའི་གནོད་པ་འབྱུང་ལ། ཚེ་རབས་གཞན་དུ་ཡང་སེམས་

ཅན་དམྱལ་བ་ལ་སོགས་པར་སྐྱེ་བའི་གནོད་པ་འབྱུང་བའི་ཕྱིར་རོ། །སེམས་ཅན་བཅོམ་ཞེས་བྱ་བ་ལ། དེ་ལྟར་ཚུལ་ཁྲིམས་འཁྲུགས་པ་དང་། སེམས་ཅན་གྱི་སྲོག་གཅོད་པ་དང་། ནོར་ལ་མ་བྱིན་པར་ལེན་པ་ལ་སོགས་པའི་གནོད་པ་བྱེད་པས་ན་སེམས་ཅན་བཅོམ་པ་ཞེས་བྱའོ། །

ཚུལ་ཁྲིམས་བཅོམ་ཞེས་བྱ་བ་ལ། དེ་ལྟར་སྲོག་གཅོད་པ་དང་། མ་བྱིན་པར་བླངས་པས། ཚུལ་ཁྲིམས་ཡང་དག་པར་བླངས་པ་རྣམས་ཉམས་པར་འགྱུར་བས་ཚུལ་ཁྲིམས་བཅོམ་པ་ཞེས་བྱའོ། །འགྱོད་བཅས་ཞེས་བྱ་བ་ལ། དེ་ལྟར་ཚུལ་ཁྲིམས་ཉམས་པའི་གང་ཟག་དེ་འདི་སྙམ་དུ་

སེམས་པར་འགྱུར་ཏེ། འདི་ལྟར་བདག་གིས་ནི་འཕགས་པ་རྣམས་ཀྱིས་བསྟོད་པའི་ལམ་མཐོ་རིས་སུ་སྐྱེ་བ་ནི་བོར་ལ། སོ་སོའི་སྐྱེ་བོ་སྡིག་ཅན་གྱིས་བསྟེན་པའི་ལམ་ངན་སོང་གི་ལམ་དུ་ཞུགས་པས་བདག་ནི་བརླག་པ་ཡིན་ནོ་སྙམ་ནས་སེམས་ལ་གདུང་བ་སྐྱེ་སྟེ། དེ་བས་ན་འགྱོད་

པ་དང་བཅས་པ་ཞེས་བྱའོ། །རྙེད་དང་བྲལ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཉམས་པ་དེ་སྔོན་སྦྱིན་བདག་གིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འབུལ་བ་དེ་ཡང་དེ་ཕན་ཆད་གང་ཟག་འདི་ནི་སྡིག་པ་བྱེད་པ་ཡིན་པས་སྦྱིན་གནས་མ་ཡིན་ནོ་ཞེས་ཅི་ཡང་འབུལ་བར་མི་བྱེད་དེ། དེ་བས་ན་

เล่ม ๑๒๖ · หน้า 60a

རྙེད་པ་དང་བྲལ་བ་ཞེས་བྱའོ། །སྲུང་བ་བྲལ་དང་ཞེས་བྱ་བ་ལ། སྔོན་ཚུལ་ཁྲིམས་དང་ལྡན་པའི་དུས་ན་ལྷ་ལ་སོགས་པས་སྲུང་བར་བྱེད་པ་ཡང་དེ་ཕན་ཆད་སྲུང་བར་མི་བྱེད་དེ། དེ་བས་ན་སྲུང་བ་དང་བྲལ་བ་ཞེས་བྱའོ། །དེ་བཞིན་སྟོན་ཞེས་བྱ་བ་ལ། སྟོན་པ་སངས་རྒྱས་

བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་དེ་དེ་ཕན་ཆད་གཏོང་བར་བྱེད་དེ། གང་ཟག་འདི་ནི་ཚུལ་ཁྲིམས་ཉམས་པས་ཤི་བའི་རོ་དང་འདྲའོ་ཞེས་རྣམ་པ་དུ་མར་སྨོད་པར་མཛད་དོ། །རྩོད་པའི་གཞི་བཅས་ཞེས་བྱ་བ་ལ། ཚུལ་ཁྲིམས་ཉམས་པ་དེ་ཚངས་པ་དང་མཚུངས་པ་རྣམས་ཀྱིས་ཆོས་ཉིད་

ཀྱིས་རྩོད་པར་བྱེད་དེ་ཆད་པས་གཅོད་པ་དང་། སྐྲོད་པ་ལ་སོགས་པའི་ལས་བྱེད་པའི་ཕྱིར་རོ། །གྲགས་ལྡན་མེད་ཅེས་བྱ་བ་ལ། ཚུལ་ཁྲིམས་ཉམས་པའི་གང་ཟག་དེ་གང་ཟག་ཆེ་གེ་མོ་ཞིག་གིས་བསླབ་པ་ཉམས་ཤིང་སྡིག་པའི་ཆོས་བྱེད་པའོ་ཞེས་ཕྱོགས་ཕྱོགས་ཀུན་དུ་མི་སྙན་པར་གྲགས་པར་

འགྱུར་བས་ན་གྲགས་ལྡན་མེད་ཅེས་བྱའོ། །དེ་ཡང་གཞན་དུ་མི་ཁོམ་སྐྱེ། །ཞེས་བྱ་བ་ལ། ཚེ་འདིར་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་བར་མ་ཟད་ཀྱི། ཚེ་རབས་གཞན་དུའང་སེམས་ཅན་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐོབ་དང་

མ་ཐོབ་རྣམ་པར་སྤངས། །ཞེས་བྱ་བ་ལ། ཚུལ་ཁྲིམས་ཉམས་ན་ཚེ་འདིར་ཚད་མེད་པ་རྣམ་པ་བཞི་ཡང་མེད་པར་འགྱུར་བས་ཐོབ་པ་ལས་ཉམས་པ་དང་། ཚེ་རབས་གཞན་དུ་ཚད་མེད་པ་བཞི་ཐོབ་པར་འགྱུར་བ་ཡང་མི་ཐོབ་པར་འོངས་པས་ན་མ་ཐོབ་པ་ལས་ཉམས་པའོ། །སེམས་ལས་

སྡུག་བསྔལ་ཆེན་པོ་ཐོབ། །ཅེས་བྱ་བ་ལ། གཞན་ཡང་བསླབ་པ་ཉམས་ན་སེམས་ལ་སྡུག་བསྔལ་ཆེན་པོས་ཀྱང་གཟིར་བར་འགྱུར་ཏེ། ཇི་ལྟ་ཞེ་ན། འདི་སྙམ་དུ་སེམས་ཏེ་བདག་གིས་ནི་བསླབ་པ་དྲལ་ཞིང་ཁྲིམས་ཉམས་པར་བྱས་པས་བདག་ནི་མི་རིགས་པར་བྱེད་པའོ་སྙམ་ནས་

སེམས་ལ་གདུང་བ་ཆེན་པོ་སྐྱེ་བར་འགྱུར་རོ། །དེ་ལ་ཚིག་ཐོག་མ་གསུམ་གྱིས་ནི་བདག་ལ་གནོད་པ་དང་། ཕ་རོལ་ལ་གནོད་པ་དང་། གཉི་ག་ལ་གནོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་བཅོམ་པ་དང་། སེམས་ཅན་བཅོམ་པ་དང་། ཚུལ་ཁྲིམས་བཅོམ་པ་དང་

เล่ม ๑๒๖ · หน้า 60b

གསུམ་གྱིས་བདག་ལ་གནོད་པ་དང་། ཕ་རོལ་ལ་གནོད་པ་དང་། གཉི་ག་ལ་གནོད་པར་འགྱུར་བས་ཉེས་དམིགས་སུ་འགྱུར་བ་སྟོན་ཏོ། །དེ་ལ་གནོད་སེམས་དང་འཚེ་བ་ལ་སོགས་པ་ལ་གནས་པ་རྣམས་ནི་མི་མཐུན་པའི་ཕྱོགས་མཐུ་ཆེ་ཞིང་། གཉེན་པོའི་སྟོབས་ཆུང་བས་གནོད་སེམས་

དང་འཚེ་བ་ལ་སོགས་པ་སྤྱད་པས་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་མི་དགེ་བའི་ཆོས་ལ་ཞུགས་པས་ཚུལ་ཁྲིམས་ཉམས་ཏེ། དེ་བས་ན་ཚུལ་ཁྲིམས་བཅོམ་མོ། །བདག་བཅོམ་བས་ནི་བདག་ལ་གནོད་པར་སྟོན་ཏོ། །ཇི་ལྟ་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་

བྱས་པ་དེའི་རྐྱེན་གྱིས་ཚེ་འདིར་ཡང་བསད་པ་དང་། བཅིང་བ་ལ་སོགས་པ་གནོད་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ལ། ཚེ་རབས་གཞན་དུ་ཡང་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་བས་བདག་ལ་གནོད་དོ། །སེམས་ཅན་བཅོམ་པས་གཞན་ལ་གནོད་པར་སྟོན་ཏེ། ཚུལ་

ཁྲིམས་འཁྲུགས་པར་གྱུར་ན་ནི་སྡིག་པའི་ལས་ལ་འཛེམ་པ་མེད་པར་འཇུག་སྟེ། གཞན་གྱི་སྲོག་གཅོད་པ་དང་། ནོར་ལས་མ་བྱིན་པར་ལེན་པས་ན་གཞན་ལ་གནོད་དོ། །དེ་ལྟར་བདག་ལ་ཡང་སྡུག་བསྔལ་བསྐྱེད། གཞན་ལ་ཡང་སྡུག་བསྔལ་བསྐྱེད་པས་ན། གཉི་ག་ལ་གནོད་

དོ། །འགྱོད་པ་དང་བཅས་པ་ལ་སོགས་པ་ཚིག་རྣམ་པ་དྲུག་གིས་སོ་ཞེས་བྱ་བ་ལ་སོགས་པ་ལ། འགྱོད་པ་དང་བཅས་པ་དང་། རྙེད་པ་དང་བྲལ་བ་དང་། བསྲུང་བ་དང་བྲལ་བ་དང་། སྟོན་པས་སྨད་པ་དང་། རྩོད་པའི་གཞིར་བཅས་པ་དང་། གྲགས་ལྡན་མེད་པ་དང་དྲུག་གིས་ཚེ་འདི་

ལ་ཁ་ན་མ་ཐོ་བ་འཕེལ་བར་འགྱུར་བ་སྟོན་ཏེ། ཇི་ལྟར་འཕེལ་བར་འགྱུར་ཞེ་ན། དེའི་ཕྱིར་ཇི་ལྟར་འབྱུང་ཞེ་ན། དེ་བདག་དང་ཕ་རོལ་རྣམས་ལྷ་དང་སྟོན་པ་ཡང་སླུ་འཕྱ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྱོད་པ་དང་བཅས་པས་ནི་བདག་གིས་བདག་བསླུས་པ་དང་། བདག་

ལ་བདག་སྨོད་པར་བྱེད་པ་སྟོན་ཏེ། ཇི་ལྟ་ཞེ་ན། སྡིག་པ་མི་དགེ་བ་བྱས་པའི་གང་ཟག་དེ་ནི་འདི་སྙམ་དུ་སེམས་ཏེ། བསོད་ནམས་བྱེད་པའི་གང་ཟག་དག་ནི་ཐར་པའི་ལམ་དུ་ཞུགས་པ་ཡིན་ལ། འཕགས་བདག་ནི་འཇིགས་པ་མེད་པ་ཡིན་ནོ། །སྡིག་པ་བྱེད་པ་དག་ནི་ངན་སོང་གི་

เล่ม ๑๒๖ · หน้า 61a

ལམ་དུ་ཞུགས་པ་ཡིན་ལ། སྡིག་པ་བྱེད་པའི་གང་ཟག་དག་ནི་འཇིགས་པ་དང་བཅས་པ་ཡིན་ཏེ། བདག་གིས་ཀྱང་སྡིག་པ་བྱས་པ་ཡིན་པས། ངན་སོང་གི་ལམ་དུ་ཞུགས་པ་འཇིགས་པ་དང་བཅས་པ་ཡིན་པས་བདག་ནི་བརླག་པའོ་ཆུད་ཟོས་པའོ་ཞེས་བདག་ཉིད་

ཀྱིས་བདག་ཉིད་ཀྱི་ལུས་དང་སེམས་ལ་སྨོད་པར་བྱེད་དོ། །རྙེད་པ་དང་བྲལ་བ་ཞེས་བྱ་བས། ཕ་རོལ་སླུ་ཞིང་ཕ་རོལ་གྱིས་སྨོད་པར་བྱེད་པ་བསྟན་ཏེ། འདི་ལྟར་སྡིག་པ་བྱེད་པའི་གང་ཟག་དེ་ལ་སྦྱིན་པའི་བདག་པོ་རྣམས་ཀྱང་འདི་སྐད་དུ་ཟེར་ཏེ། ཚེ་དང་ལྡན་པ་འདི་ནི་འདི་ལྟར་སྡིག་པ་

བྱེད་པ་མི་གཙང་བ་གྲོང་གི་ཚེར་མ་དང་འདྲ་བར་འགྱུར་བ་འདི་ལ་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྦྱིན་པའི་གནས་ཀྱང་མ་ཡིན་ནོ་ཞེས་ཟེར་ཞིང་། བསོད་སྙོམས་ལ་སོགས་པ་ཡང་མི་སྟེར་ལ། མཐོང་ན་ཡང་ཁ་ཟེར་ཞིང་སྨོད་པར་བྱེད་པས་ན། གཞན་སླུ་ཞིང་འཕྱ་བར་བྱེད་པའོ། །

སྲུང་བ་དང་བྲལ་ཞེས་བྱ་བས། ལྷ་སླུ་ཞིང་ལྷས་སྨོད་པར་བྱེད་པ་སྟོན་ཏེ། འདི་ལྟར་སྔོན་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང་། ཚུལ་ཁྲིམས་ཀྱི་ལྷ་རྣམས་ཀྱིས་སྲུང་བར་བྱེད་པ་དེ་ཕན་ཆད་ལྷ་དེ་དག་སྲུང་བར་མི་བྱེད་ལ། གང་ཟག་འདི་ནི་ཚུལ་ཁྲིམས་ཉམས་པ་སྡིག་པའི་ཆོས་སྤྱོད་

པའོ་ཞེས་སྨོད་པར་བྱེད་དོ། །དེ་བཞིན་སྟོན་པ་ཞེས་བྱ་བས་སྟོན་པ་སངས་རྒྱས་ཀྱང་སླུ་ཞིང་སྨོད་པར་མཛད་པ་སྟོན་ཏོ། །སྟོན་པ་སངས་རྒྱས་ཀྱིས་ཀྱང་གང་ཟག་འདི་ནི་ཚུལ་ཁྲིམས་ཉམས་པ་བོང་བུའི་སྒྲ་སྐད་ཅན་ཡང་དག་པའི་རྗེས་སུ་མི་འབྲང་བ་སྟེ། ཤི་བའི་རོ་དང་འདྲའོ་ཞེས་རྣམ་པ་དུ་མར་

སྨོད་པར་མཛད་དོ། །གཞན་ཡང་ཚངས་པ་མཚུངས་པར་སྤྱོད་པ་ཤེས་པ་དང་། ཆོས་ཉིད་ཀྱིས་སྨོད་པར་བྱེད་དོ་ཞེས་བྱ་བ་ལ། རྩོད་པའི་གཞིར་གྱུར་པས་གཞན་ཡང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་སྨོད་པར་བྱེད་པ་སྟོན་ཏེ། འདི་ལྟར་ཚངས་པ་མཚུངས་པར་སྤྱོད་

པ་དག་ཀྱང་གང་ཟག་དེ་ལ། གང་ཟག་དེ་ནི་འདི་ལྟར་སྡིག་པར་བྱེད་པ་བསླབ་པ་ཉམས་པ་སྟེ། ཤི་བའི་རོ་དང་འདྲའོ་ཞེས་སྨོད་པར་བྱེད་ཅིང་། གཙུག་ལག་ཁང་ནས་བསྐྲད་པ་ལ་སོགས་པའི་ལས་ཀྱང་བྱེད་པའི་ཕྱིར་རོ། །ཕྱོགས་དང་མཚམས་སུ་ཞེས་བྱ་བ་ལ་སོགས་པ་ལ། གྲགས་པ་དང་ལྡན་

เล่ม ๑๒๖ · หน้า 61b

པ་མེད་པས་ཕྱོགས་མཚམས་སུ་དེའི་སྡིག་པ་བྱེད་པའི་སྒྲ་མི་སྙན་པའི་སྒྲ་འབྱུང་བ་སྟོན་ཏེ། བསླབ་པ་ཉམས་པའི་གང་ཟག་དེ་ཕྱོགས་ཀུན་དུ་ཡང་གང་ཟག་ཆེ་གེ་མོ་ཞིག་གིས་ཚུལ་ཁྲིམས་ཉམས་པ། ངན་པའི་ངང་ཚུལ་ཅན། སྡིག་པའི་ལས་བྱེད་པའོ་ཞེས་མི་སྙན་པ་ཀུན་དུ་གྲགས་པར་འགྱུར་རོ། །ཚེ་

རབས་གཞན་དུ་མི་ཁོམ་པར་སྐྱེ་བས་ཚེ་རབས་གཞན་དུ་ཁ་ན་མ་ཐོ་བར་འབྱུང་བ་སྟོན་ཏེ། ཚེ་ཕྱི་མར་ཡང་ངན་སོང་གསུམ་དུ་སྐྱེ་བའི་ཕྱིར་རོ། །ཐོབ་པ་དང་མ་ཐོབ་པ་རྣམ་པར་སྤངས་པ་དང་། སེམས་ལ་སྡུག་བསྔལ་ཆེན་པོ་ཐོབ་པ་ཉིད་ཀྱིས་ཚེ་འདི་དང་ཚེ་རབས་ཕྱི་མར་ཁ་ན་མ་ཐོ་བ་འབྱུང་བ་སྟོན་ཏེ།

ཚེ་འདིར་ཚད་མེད་པ་བཞི་ཐོབ་པ་ལས་ཉམས་པ་དང་། ཚེ་འདིར་ལུས་དང་སེམས་ལ་གདུང་བ་ཆེན་པོ་མྱོང་བར་གྱུར་པ་ནི་ཚེ་འདིའི་ཁ་ན་མ་ཐོ་བ་འབྱུང་བའོ། །ཚེ་རབས་གཞན་དུ་ཚད་མེད་པ་བཞི་ཐོབ་པ་ལས་མི་འཐོབ་པར་འགྱུར་བ་ལས་ཚེ་རབས་གཞན་དུ་ལུས་དང་སེམས་ལ་གནོད་པར་འབྱུང་བ་

འདི་ཚེ་རབས་གཞན་དུ་ཁ་ན་མ་ཐོ་བ་འབྱུང་བའོ། །དེ་ལྟར་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་རྣམ་པ་མང་པོ་འབྱུང་བ་བསྟན་ནས། ད་ནི་ཡོན་ཏན་སྟོན་ཏེ། ཡོན་ཏན་དང་ནི་ཉེས་པ་མེད་པ་དང་། སེམས་ཅན་གྱི་དོན་དུ་འཁོར་བ་ལས་ཡོངས་སུ་མི་གཏོང་བའོ། །དེ་བསྟན་པའི་ཕྱིར། ཉེས་པ་དེ་

དག་ཐམས་ཅད་ནི། །བྱམས་པ་ལ་སོགས་གནས་མི་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ་བཤད་པའི་ཉེས་པ་བདག་བཅོམ་པ་དང་། གཞན་བཅོམ་པ་ལ་སོགས་པའི་ཉེས་པ་དེ་དག །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་རྣམས་ལ་

མི་འབྱུང་སྟེ། འདིས་ནི་ཉེས་པ་མེད་པ་བསྟན་ཏོ། །ཉོན་མོངས་མེད་པས་སེམས་ཅན་དོན། །འཁོར་བ་འདོར་བར་མི་བྱེད་དོ། །ཞེས་བྱ་བ་ལ། ཤེས་རབ་དང་ལྡན་པ་འཁོར་བ་ལ་གནས་ཀྱང་འཁོར་བའི་སྐྱོན་འདོད་ཆགས་དང་ཞེ་སྡང་ལ་སོགས་པས་མི་གོས་ཏེ། དེ་བས་ན་ཉོན་མོངས་པ་

མེད་པ་ཞེས་བྱ་སྟེ། འདིས་ནི་འཁོར་བ་ན་མི་གནས་པ་བསྟན་ཏོ། །སྙིང་རྗེ་དང་ལྡན་པས་སེམས་ཅན་གྱི་དོན་དུ་འཁོར་བ་ཡོངས་སུ་མི་གཏོང་སྟེ། དེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་པ་བསྟན་ཏེ། དཔེར་ན་ཚིགས་བཅད་རྐང་པ་གཉིས་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བ་

เล่ม ๑๒๖ · หน้า 62a

ཡོངས་སུ་མི་གཏོང་བ་བསྟན་ཏེ། ཇི་ལྟར་རྒྱལ་བའི་སྲས་རྣམས་ཀྱིས། །བྱམས་ལ་སོགས་པས་སེམས་ཅན་ལ། །ཡོན་ཏན་ལྡན་པའི་བུ་གཅིག་ལ། །སེམས་ཅན་ཀུན་གྱིས་དེ་ལྟར་མིན། །ཞེས་བྱ་བའི་ཚིགས་བཅད་གཅིག་གིས་བྱང་ཆུབ་སེམས་དཔའི་བྱམས་

པ་ལ་སོགས་པ་རྒྱ་ཆེར་སྟོན་ཏོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། ཕན་པ་དང་བདེ་བ་མཛད་པ་ལྟར་ཕ་མ་གཉིས་བདག་གིས་བུ་གཅིག་པའི་ཡོན་ཏན་དང་ལྡན་ཞིང་མཛངས་པ་

དང་། མཁས་པ་ཡོད་པ་ལ་ཡང་བྱམས་པ་དང་ཕངས་པའི་བསམ་པ་མི་འབྱུང་ངོ་། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བྱམས་པ་ལ་སོགས་པ་མཛད་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་གཅིག་ཏུ་བསྡུས་ཀྱང་། བྱང་ཆུབ་སེམས་དཔའ་

གཅིག་གི་བྱམས་པ་དང་། སྙིང་རྗེ་ཙམ་མི་འབྱུང་ངོ་། །སྙིང་རྗེའི་དབྱེ་བ་དང་། དེའི་དམིགས་པས་བརྩམས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་ཕྱེ་ན་དུ་ཡོད་པ་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པ་བྱ་བའི་ཡུལ་གང་ཡིན་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་

གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྙིང་རྗེས་དམིགས་པར་བྱ་བའི་ཡུལ་ནི་སེམས་ཅན་རྣམ་པ་བཅུ་སྟེ། དེ་ལྟར་ན་སྙིང་རྗེ་ཡང་ཕྱེ་ན་རྣམ་པ་བཅུར་འགྱུར་རོ། །རབ་ཏུ་འབར་དང་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་སེམས་ཅན་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་

རྣམས་ནི། རབ་ཏུ་འབར་བ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་འདོད་པའི་འདོད་ཆགས་ཀྱི་མེ་རབ་ཏུ་འབར་བས་རང་དབང་མེད་པར་བྱས་སོ་ཞེས་བྱང་ཆུབ་སེམས་དཔའི་ཐུགས་རྗེ་རབ་ཏུ་སྐྱེའོ། །དགྲ་དབང་སོང་ཞེས་བྱ་བ་ལ། དགེ་བ་ལ་ཞུགས་

པ་རྣམས་བདུད་ཀྱི་དབང་དུ་སོང་ནས་དགེ་བ་བྱེད་པ་བཏང་སྟེ། བར་ཆད་བྱས་པ་རྣམས་ནི་དགྲའི་དབང་དུ་སོང་བ་ཞེས་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་བདུད་ཀྱི་དབང་དུ་སོང་བས་རང་དབང་མེད་པར་བྱས་སོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་

เล่ม ๑๒๖ · หน้า 62b

པོ་སྐྱེའོ། །སྡུག་བསྔལ་གཟིར་དང་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེས་པ་རྣམས་ནི་སྡུག་བསྔལ་གྱིས་གཟིར་བ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་མནར་མེད་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་

ཞིང་ཉམ་ཐག་གོ་ཞེས་ཐུགས་རྗེ་ཆེན་པོ་སྐྱེའོ། །མུན་པས་བསྒྲིབས་ཞེས་བྱ་བ་ལ། ཤན་པ་དང་རྔོན་པ་ལ་སོགས་པ་སྲོག་གཅོད་པ་ལ་སོགས་པའི་ལམ་ལ་ཞེན་པ་རྣམས་ནི་དེ་ལས་དེའི་རྐྱེན་གྱིས་མ་འོངས་པ་ན་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བར་མ་མཐོང་བས་ན་མུན་པས་

བསྒྲིབས་པ་ཞེས་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདི་དག་ནི་སྲོག་གཅོད་པ་ལ་སོགས་པའི་ལམ་ལ་ཞེན་པས་མ་འོངས་པ་ན་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྐྱེའོ། །ལམ་ངན་པར་ནི་ཞུགས་པ་དག་ཅེས་བྱ་བ་ལ།

གང་ཟག་རིགས་ཆད་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་ལམ་ངན་པར་ཞུགས་པ་ཞེས་བྱ་སྟེ། རྟག་ཏུ་འཁོར་བ་འབའ་ཞིག་ཏུ་སྐྱེ་བའི་ཕྱིར་རོ། །དེ་དག་ལ་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་འཁོར་བ་འབའ་ཞིག་ཏུ་རྒྱུན་མ་ཆད་པར་སྐྱེའི། ནམས་ཀྱང་

མྱ་ངན་ལས་འདས་པའི་སྐལ་བ་མེད་དོ་ཞེས་ཐུགས་རྗེ་ཆེན་པོ་སྐྱེའོ། །བཅིང་བ་ཆེ་དང་ལྡན་པ་རྣམས། །ཞེས་བྱ་བ་ལ། མུ་སྟེགས་པ་བདག་དང་བདག་གིར་རྟོག་པ་ལྟ་བ་སྣ་ཚོགས་ཀྱིས་ཐར་པ་ཚོལ་བ་རྣམས་ནི་བཅིང་བ་དམ་པོས་བཅིངས་པ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་

དཔའ་ཨེ་མའོ་སེམས་ཅན་འདི་དག་བདག་དང་བདག་གིར་ལྟ་བའི་བཅིང་བ་དམ་པོས་བཅིངས་སོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྐྱེའོ། །ཟས་མཆོག་དུག་དང་འདྲེས་ལ་ཞེན། །ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་

རྣམས་ནི། ཁ་ཟས་ངན་པ་དུག་དང་འདྲེས་པ་ཟ་བ་དང་འདྲ་སྟེ། དཔེར་ན་ཁ་ཟས་ཞིམ་པོ་དུག་དང་འདྲེས་པ་ཟ་བའི་ཚེ་ན་བདེ་ཡང་། ཟོས་པའི་འོག་ཏུ་ཤི་བར་འགྱུར་བ་དེ་བཞིན་དུ། བསམ་གཏན་དང་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་རྣམས་ཀྱང་ཐང་ཅིག་བདེ་ཞིང་ཚིམ་མོད་ཀྱི། ཕྱིས་བདེ་

เล่ม ๑๒๖ · หน้า 63a

བ་ལ་ཆགས་ཤིང་ཞེན་པའི་ཤུགས་ཀྱིས་བསམ་གཏན་ལས་ཉམས་ཤིང་འཕོ་བར་འགྱུར་བས་ན་ཉོན་མོངས་པ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་ཆགས་པ་མ་ཡིན་པ་ལ་མངོན་པར་ཆགས་སོ་ཞེས་བྱང་ཆུབ་སེམས་དཔའ་

ཐུགས་རྗེ་ཆེན་པོ་སྐྱེའོ། །ལམ་ནི་རབ་ཏུ་སྟོར་བ་དག །ཅེས་བྱ་བ་ལ། མུ་སྟེགས་པ་བྲག་ཁ་ནས་མཆོང་བ་དང་། མི་ལྔའི་དཀའ་ཐུབ་བྱེད་པ་ལ་སོགས་པ་ཐར་པའི་ལམ་མ་ཡིན་པ་ལ་ཐར་པའི་ལམ་དུ་མངོན་པའི་ང་རྒྱལ་བྱེད་པ་རྣམས་ནི་ལམ་སྟོར་བ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་

དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་ལམ་མ་ཡིན་པ་ལ་ལམ་དུ་ང་རྒྱལ་བྱེད་དོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྐྱེའོ། །ལམ་ལོག་ཞུགས་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་མ་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་ཞེས་བྱ་སྟེ།

དེ་དག་ལ་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་བདག་དང་གཞན་གྱི་དོན་དུ་ཞུགས་པའི་ཐེག་པ་ཆེན་པོའི་ལམ་བཏང་ནས། བདག་འབའ་ཞིག་ཐར་པར་འགྱུར་བའི་ལམ་དུ་ཞུགས་སོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྐྱེའོ། །ཉམ་ཆུང་བ་ཡི་ཞེས་བྱ་བ་ལ།

མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཟིལ་གྱིས་གནོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་མི་ནུས་པ་རྣམས་ནི་ཉམ་ཆུང་བ་ཞེས་བྱ་སྟེ། དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ཨེ་མའོ་སེམས་ཅན་འདི་དག་ནི་བསོད་ནམས་དང་ཡེ་ཤེས་

ཀྱི་ཚོགས་ཉིད་ཀྱི་སྟོབས་ཆུང་ངོ་ཞེས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྐྱེའོ། །སྙིང་རྗེ་བར་བྱ་བའི་དམིགས་པའི་འབྲས་བུ་ལྔ་བསྟན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སྙིང་རྗེའི་དམིགས་པའི་ཡུལ་བསྟན་ནས། སྙིང་རྗེས་སེམས་ཅན་ལ་དམིགས་ན་འབྲས་བུ་ཅི་འཐོབ་པར་འགྱུར་བ་

བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། འབྲས་བུའང་རྣམ་པ་ལྔ་འཐོབ་པོ། །ཞེས་བྱ་བའི་དོན་ཏོ། །འཚེ་སྤངས་ཞེས་བྱ་བ་ལ། སྙིང་རྗེ་དང་ལྡན་པ་རྣམས་ནི་སེམས་ཅན་ལ་བརྡེག་པ་དང་འཚོག་པ་ལ་སོགས་པའི་འཚེ་བ་མི་བྱེད་པས་འཚེ་བ་སྤང་ཞེས་བྱ་སྟེ། འདིས་ནི་བྲལ་བའི་འབྲས་བུ་

เล่ม ๑๒๖ · หน้า 63b

བསྟན་ཏོ། །བྱང་ཆུབ་མཆོག་གི་ས་བོན་དང་། །ཞེས་བྱ་བ་ལ། སྙིང་རྗེའི་དབང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །འདི་ནི་དབང་གི་འབྲས་བུའོ། །བདེ་ཐོབ་དཀའ་ཐུབ་པ་དང་ཞེས་བྱ་བ་ལ། སྙིང་རྗེ་དང་ལྡན་པ་རྣམས་

སེམས་ཅན་གཞན་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པར་བྱེད་པ་དང་། སེམས་ཅན་གྱི་དོན་དུ་བདག་ཉིད་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་དཀའ་ཐུབ་སྣ་ཚོགས་ཉམས་སུ་ལེན་པར་བྱེད་དེ། འདིས་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །འདོད་པའི་

རྒྱུ་ཞེས་བྱ་བ་ལ། སྙིང་རྗེ་དང་ལྡན་པ་རྣམས་གང་དང་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་ཏེ། དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རང་བཞིན་གཏོང་བ་ཞེས་བྱ་བ་ལ། སྙིང་རྗེ་ཅན་རྣམས་སྙིང་རྗེ་ལ་གོམས་པར་བྱས་པས། ཚེ་འདིར་ཡང་སྙིང་རྗེའི་ཁྱད་པར་ཞུགས་པ་འབྱུང་བ་དང་། ཚེ་

རབས་གཞན་དུ་ཡང་སྙིང་རྗེའི་རང་བཞིན་སེམས་ལ་རྒྱུན་དུ་འབྱུང་བས་རང་བཞིན་གཏོང་བ་ཞེས་བྱ་སྟེ། འདི་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཆོས་ལ་གནས་པའི་རྒྱལ་བའི་སྲས་ཀྱི་བྱང་ཆུབ་ཐག་མི་རིང་། །ཞེས་བྱ་བ་ལ། སྙིང་རྗེའི་གནས་ནི་ཆོས་ལ་གནས་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཆོས་

ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཐག་མི་རིང་སྟེ། མྱུར་དུ་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། སྙིང་རྗེའི་དམིགས་པ་དང་འབྲས་བུ་བསྟན་ནས་སྙིང་རྗེ་དང་

ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་སྐྱེ་བོ་བཞིན་དུ་འཁོར་བར་གནས་པ་ཡང་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་མ་ཡིན་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འཁོར་བར་གཏོགས་པ་ཐམས་

ཅད་སྡུག་བསྔལ་ཉིད། །ཅེས་བྱ་བ་ལ། ཉིད་ཀྱི་སྒྲ་ནི་རང་བཞིན་ལ་བྱ་སྟེ། ཁམས་གསུམ་དུ་གཏོགས་པའི་ཕྱི་དང་ནང་གི་ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བར་མཁྱེན་ནས་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ནི་ཤེས་པར་བྱས་ནས་ཀྱང་། །ཞེས་བྱ་བ་ལ་མི་རྟག་པ་དང་

เล่ม ๑๒๖ · หน้า 64a

སྡུག་བསྔལ་བ་འབའ་ཞིག་ཏུ་མཁྱེན་པར་མ་ཟད་ཀྱི། སྟོང་པ་དང་བདག་མེད་པ་ཡང་ཐུགས་སུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ཡོད་པའི་བློ་མཆོག་སྐྱོ་མི་འགྱུར། །ཉེས་པ་དག་གིས་གཟིར་བར་འགྱུར་བ་མེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་འཁོར་

བའི་ཆོས་ཐམས་ཅད་མི་རྟག་པ་ལ་སོགས་པར་ཐུགས་སུ་ཆུད་ནས་སྙིང་རྗེ་དང་ལྡན་པའི་ཕྱིར་སེམས་ཅན་གྱི་དོན་དང་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་བར་མི་འགྱུར་ཏེ། འདིས་ནི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྟན་ཏོ། །གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་

དུ་ཆུད་པའི་བློ་མཆོག་དང་ལྡན་པས་འཁོར་བའི་སྐྱོན་སྐྱེ་རྒ་ན་འཆི་ལ་སོགས་པས་ཀྱང་གཟིར་བར་མི་འགྱུར་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པས་ཀྱང་གོས་པར་མི་འགྱུར་ཏེ། འདིས་ནི་སོ་སོའི་སྐྱེ་བོ་བཞིན་དུ་འཁོར་བ་ན་མི་གནས་པ་བསྟན་ཏོ། །དེ་ལྟར་ན་མྱ་ངན་ལས་འདས་པ་དང་།

འཁོར་བ་ལ་གནས་པ་མ་ཡིན་ཏེ་ཞེས་བྱ་བ་ལ། སྙིང་རྗེ་ཡོད་པས་མྱ་ངན་ལས་འདས་པ་ལ་གནས་པ་མ་ཡིན། ཤེས་རབ་ཡོད་པས་འཁོར་བ་ལ་གནས་པ་མ་ཡིན་ནོ་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འཁོར་བ་ཡོངས་སུ་ཤེས་པར་བྱ་བའི་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། སྙིང་རྗེ་ཅན་

གྱི་བྱང་ཆུབ་སེམས་དཔའ་འཁོར་བའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་ལ། ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་སྡུག་བསྔལ་ཉིད་དུ་བལྟ་བ་ན། །སྡུག་བསྔལ་འགྱུར་ཞེས་བྱ་བ་ལ། ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་

གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་ལྟ་ཞིང་གཟིགས་པས་ན་བྱང་ཆུབ་སེམས་དཔའ་སྡུག་བསྔལ་བར་འགྱུར་ཏེ། བརྩེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྡུག་བསྔལ་གྱི་བདེན་པ་མཐོང་ནས་ཐུགས་རྗེ་སྐྱེ་བར་

བསྟན་ཏོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་ཞེས་བྱ་བ་ལ། སྡུག་བསྔལ་འབའ་ཞིག་ཏུ་མཁྱེན་པར་མ་ཟད་ཀྱི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་ཡང་ཡིན་པར་མཁྱེན་ནས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྤངས་ཕྱིར་དེ་ཡི་ཐབས་ཤེས་ནས། །

เล่ม ๑๒๖ · หน้า 64b

ཞེས་བྱ་བ་ལ། གཞན་ཡང་སྡུག་བསྔལ་དང་ཀུན་འབྱུང་སྤངས་ཏེ། འགོག་པའི་བདེན་པ་མངོན་སུམ་དུ་བྱ་བའི་ཕྱིར། ཐབས་ལམ་གང་གིས་འགོག་པའི་བདེན་པ་མངོན་སུམ་དུ་འགྱུར་བའི་ལམ་དང་ཐབས་ཤེས་ནས་ཞེས་བྱ་བའི་དོན་ཏོ། །འགོག་པའི་བདེན་པ་ཐོབ་པར་བྱ་བའི་

ཐབས་ལམ་གྱི་བདེན་པ་ཡིན་པར་ཐུགས་སུ་ཆུད་པར་སྟོན་ཏེ། སྙིང་རྗེ་ཅན་ནི་སྐྱོ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དེ་ལྟར་ཐབས་ཐུགས་སུ་ཆུད་པས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་སེམས་ཅན་གྱི་སྡུག་བསྔལ་སྤང་བར་བྱ་བ་ལ་སྐྱོ་བར་མི་མཛད་དོ་ཞེས་བྱ་བའི་དོན་ཏོ། །

ཐབས་ཤེས་པ་དང་སྐྱོ་བར་མི་འགྱུར་རོ་ཞེས་བྱ་བ་ལ། སྐྱོ་བ་མི་མངའ་བ་ཡང་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཐབས་ཐུགས་སུ་ཆུད་པས་ནི་མི་སྐྱོའོ་ཞེས་བྱ་བའི་དོན་ཏོ། །གང་གིས་དེའི་སྡུག་བསྔལ་འགོག་པར་བྱེད་པའོ་ཞེས་བྱ་བ་ལ། ཐབས་གང་གིས་སེམས་ཅན་རྣམས་ཀྱི་

སྡུག་བསྔལ་བཀག་ནས་འགོག་པ་མངོན་སུམ་དུ་བྱེད་པའི་ཐབས་དང་ལམ་མཁྱེན་ཅེས་བྱ་བའི་དོན་ཏོ། །སྙིང་རྗེའི་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་སྟེ། བྱང་ཆུབ་

སེམས་དཔའི་སྙིང་རྗེ་ནི་རྣམ་པ་བཞི་སྟེ། རིགས་ཀྱི་ཁྱད་པར་དང་། ཡོན་ཏན་དང་ཉེས་པ་ཀུན་བརྟགས་པ་དང་། ཚེ་གཞན་ལ་ཡོངས་སུ་བསྒོམ་པ་དང་། འདོད་ཆགས་དང་བྲལ་བ་ཐོབ་པའོ། །རང་བཞིན་དང་ནི་ཞེས་བྱ་བ་ལ། རང་བཞིན་ནི་རིགས་ལ་བྱ་སྟེ། སྙིང་རྗེའི་

རིགས་ཡོད་པ་ལས་སྙིང་རྗེ་འབྱུང་བ་ནི་རང་བཞིན་ཞེས་བྱ་སྟེ། འདིས་ནི་རིགས་ཀྱི་ཁྱད་པར་བསྟན་ཏོ། །སོ་སོར་རྟོག་པ་དང་ཞེས་བྱ་བ་ལ། ཁ་ཅིག་ཐེག་པ་ཆེན་པོའི་མདོ་སྡེའི་སྙིང་པོ་ཆེན་པོ་འཆད་པ་དག་ཐོབ་ནས་ཡོན་ཏན་དང་ཉེས་པ་ཀུན་བརྟགས་པ་ལས་སྙིང་རྗེ་འབྱུང་

བ་ནི། ཡོན་ཏན་དང་ཉེས་པ་ཀུན་དུ་བརྟགས་པའི་སྙིང་རྗེ་ཞེས་བྱ་སྟེ། དེ་ལ་ཉེས་པ་བརྟགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་འཚེ་བ་དང་། ཞེ་སྡང་སྐྱེ་བར་བྱེད་པ་ནི་སྙིང་རྗེ་ཅན་གྱི་ཆ་མ་ཡིན་ཏེ། ཉེས་པ་དང་སྐྱོན་ཡིན་ནོ་ཞེས་རྟོག་པའོ། །ཡང་ན་

เล่ม ๑๒๖ · หน้า 65a

སྙིང་རྗེ་མེད་དང་། བདག་བཅོམ་པ་དང་སེམས་ཅན་བཅོམ་པ་ལ་སོགས་པའི་སྐྱོན་འབྱུང་བར་རྟོག་པ་ནི་ཉེས་པ་ཀུན་དུ་རྟོག་པའོ། །ཡོན་ཏན་ཀུན་དུ་རྟོག་པ་ནི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བྱེད་པ་ནི་སྙིང་རྗེ་དང་རྗེས་སུ་མཐུན་པའི་བྱང་ཆུབ་སེམས་དཔའི་ཆ་ཡིན་ནོ་

ཞེས་ཡོན་ཏན་དུ་རྟོག་པའོ། །ཡང་ན་གོང་དུ་བཤད་པ་ལྟར་ཉེས་པ་དེ་དག་ཐམས་ཅད་ནི། བྱམས་པ་ལ་སོགས་གནས་མི་འབྱུང་། །ཉོན་མོངས་མེད་པར་སེམས་ཅན་དོན། །འཁོར་བ་འདོར་བར་མི་བྱེད་དོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རྟོག་པ་ནི་ཡོན་ཏན་རྟོག་པའོ། །སྔོན་དེ་བསྒོམ་པའི་

རྣམ་པར་ལྡན་པ་དང་། །ཞེས་བྱ་བ་ལ། ཚེ་རབས་སྔ་མར་སྙིང་རྗེ་ཆེན་པོར་གོམས་པར་བྱས་པས་གར་སྐྱེས་ཀྱང་སྔོན་གོམས་པའི་མཐུས་སྙིང་རྗེ་དང་ལྡན་པར་འགྱུར་བ་ནི་ཚེ་རབས་གཞན་ལ་ཡོངས་སུ་བསྒོམས་པ་ལས་བྱུང་བའི་སྙིང་རྗེ་ཞེས་བྱའོ། །མི་མཐུན་ཕྱོགས་སྤངས་རྣམ་པར་དག་ཐོབ་ཕྱིར། །ཞེས་

བྱ་བ་ལ། སྙིང་རྗེའི་མི་མཐུན་པའི་ཕྱོགས་ནི་གནོད་སེམས་དང་འཚེ་བ་ལ་སོགས་པ་སྟེ། དེ་དག་སྤངས་ན་རྣམ་པར་དག་པའི་སྙིང་རྗེ་འཐོབ་སྟེ། རྣམ་པར་དག་ཅེས་བྱ་བ་ནི། གང་ལ་ཡང་ཆགས་པ་དང་ཞེ་སྡང་མི་སྐྱེ་བའི་འདོད་ཆགས་དང་བྲལ་བའི་སྙིང་རྗེ་ཐོབ་ཅེས་བྱ་བའི་དོན་ཏོ། །མཉམ་

མེད་རྟག་མེད་སྙིང་རྗེ་ཅན་མ་ཡིན། །ཞེས་བྱ་བ་ལ། མཉམ་པའི་སྙིང་རྗེ་མེད་ན་ཡང་སྙིང་རྗེ་ཆེན་པོ་ཅན་མ་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྙིང་རྗེ་ལྟ་བུའོ། །དེ་དག་ནི་སྡུག་བསྔལ་བའི་སེམས་ཅན་སྡུག་བསྔལ་གྱི་ཚོར་བས་ཟིལ་གྱིས་ནོན་པ་

རྣམས་ལ་སྙིང་རྗེ་སྐྱེའི་བདེ་བའི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སྙིང་རྗེ་མི་སྐྱེ་བའི་ཕྱིར་མཉམ་པ་ཉིད་ཀྱི་སྙིང་རྗེ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཅུང་ཟད་ཚོར་བ་བདེ་བ་མྱོང་བ་དང་། ཅུང་ཟད་སྡུག་

བསྔལ་མྱོང་བ་དང་། ཅུང་ཟད་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བ་དེ་དག་ཐམས་ཅད་སྡུག་བསྔལ་ཡིན་པར་ཐུགས་སུ་ཆུད་ནས་ཇི་ལྟར་མནར་མེད་པའི་སེམས་ཅན་རྣམས་ལ་ཐུགས་རྗེ་སྐྱེ་བ་དེ་བཞིན་དུ། སྲིད་པའི་རྩེ་མོར་སྐྱེས་པའི་སེམས་ཅན་རྣམས་ལ་ཡང་

เล่ม ๑๒๖ · หน้า 65b

ཐུགས་རྗེ་སྐྱེ་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་སྐྱེ་བས་ན། བྱང་ཆུབ་སེམས་དཔའི་ཐུགས་རྗེ་ནི་མཉམ་པ་ཉིད་དེ། དེ་བས་ན་ཐུགས་རྗེ་ཆེན་པོར་གཞག་གོ། །བར་འགའ་འབྱུང་ལ། བར་འགའ་ནི་མི་འབྱུང་སྟེ། རྟག་པ་མ་ཡིན་པའི་སྙིང་རྗེ་ནི་སྙིང་རྗེ་ཆེན་པོ་

ཅན་མ་ཡིན་ཏེ། དཔེར་ན་རང་སངས་རྒྱས་ཀྱི་སྙིང་རྗེ་ལྟ་བུའོ། །དེ་དག་གི་ལྷག་མ་ནི་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་ན་ཟད་པར་འགྱུར་བའི་ཕྱིར་རྟག་པ་མ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ནི་ཕུང་

པོའི་ལྷག་མ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་ཀྱང་། ཟད་པར་མི་འགྱུར་བས་ན་རྟག་པ་སྟེ། དེ་བས་ན་སྙིང་རྗེ་ཆེན་པོར་གཞག་གོ། །ལྷག་པའི་བསམ་པ་མེད་དེ་ཞེས་བྱ་བ་ལ། གང་ལ་བདག་དང་གཞན་དུ་མཉམ་པ་ཉིད་དེ་ལྷག་པའི་བསམ་པ་མ་ཐོབ་

པ། དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ཉན་ཐོས་དང་རང་སངས་རྒྱས་ལྟ་བུའོ། །དེ་དག་ནི་ཆོས་ལ་བདག་མེད་པ་ཁོང་དུ་མ་ཆུད་པས་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་བོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཞུགས་པ་ཡན་ཆད་ནི་བདག་དང་གཞན་

དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པའི་ཕྱིར། བདག་བཞིན་དུ་སེམས་ཅན་གྱི་སྡུག་བསྔལ་ཡང་སྒྲོལ་བར་བྱེད་པས་ལྷག་པའི་བསམ་པ་ལ་གནས་པ་དང་། དེ་བས་ན་དེ་ནི་སྙིང་རྗེ་ཆེན་པོར་གཞག་གོ། །སྒྲུབ་པ་ཡང་ཞེས་བྱ་བ་ལ། མེད་ཅེས་བྱ་བར་སྦྱར་ཏེ། གང་ལ་སེམས་ཅན་སྡུག་

བསྔལ་བ་མཐོང་ནས་སེམས་ལ་བརྩེ་བ་ཡོད་པ་ཙམ་དུ་ཟད་ཀྱི། སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་སྒྲུབ་པར་མི་བྱེད་ན་སྙིང་རྗེ་ཆེན་པོ་ཅན་མ་ཡིན་ཏེ། དཔེར་ན་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོ། །དེ་དག་ནི་སེམས་ཅན་སྡུག་བསྔལ་བར་ཤེས་ཀྱང་སྡུག་བསྔལ་ལས་བསྐྱབ་

པའི་ཕྱིར་སྒྲུབ་བར་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་སྡུག་བསྔལ་བར་མཁྱེན་ནས་སྡུག་བསྔལ་བསྐྱབ་པའི་ཕྱིར་སྒྲུབ་པར་ཡང་མཛད་དེ། དེ་བས་ན་སྙིང་རྗེ་ཆེན་པོར་གཞག་གོ། །འདོད་ཆགས་བྲལ་དང་ཞེས་བྱ་བ་ལ། གང་ལ་སྙིང་རྗེ་ཡོད་ཀྱང་སྙིང་རྗེའི་མི་མཐུན་

เล่ม ๑๒๖ · หน้า 66a

པའི་ཕྱོགས་ཞེ་སྡང་དང་འཚེ་བ་དང་བཅས་པ་ཞེ་སྡང་དང་འཚེ་བའི་བག་ལ་ཉལ་དང་མ་བྲལ་བ་དེ་དག་སྙིང་རྗེ་ཆེན་པོ་ཞེས་མི་བྱ་སྟེ། དཔེར་ན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་ལྟ་བུའོ། །དེ་ལ་སོ་སོའི་སྐྱེ་བོ་དག་ནི་ཁ་ཅིག་ལ་སྙིང་རྗེ་ཡོད་ཀྱང་དེ་ཉིད་ལ་

བར་འགའ་ཞེ་སྡང་འབྱུང་བ་དང་། མཛའ་བ་ལ་སྙིང་རྗེ་ཡོད་ཀྱང་དགྲ་ལ་ཞེ་སྡང་ཡོད་དོ། །འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཞེ་སྡང་དངོས་སུ་མི་འབྱུང་ཡང་ཞེ་སྡང་གི་བག་ལ་ཉལ་ཕྲ་མོ་མ་སྤངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་འཚེ་བ་དང་ཞེ་སྡང་གི་

བག་ལ་ཉལ་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་པས་འདོད་ཆགས་དང་བྲལ་བ་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོར་གཞག་གོ། །མི་དམིགས་མ་ཡིན་དང་ཞེས་བྱ་བ་ལ། གང་ལ་དམིགས་པ་དང་བཅས་པ་དང་། བརྩལ་འབད་དང་བཅས་པ་དེ་དག་སྙིང་རྗེ་ཅན་མ་ཡིན་ནོ། །ས་བརྒྱད་པའི་བྱང་

ཆུབ་སེམས་དཔའ་རྣམས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །བདག་དང་གཞན་དུ་དམིགས་པ་དང་། བརྩལ་དང་འབད་པ་མེད་པར་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་སྙིང་རྗེ་འབྱུང་བས་ན་སྙིང་རྗེ་ཆེན་པོར་གཞག་གོ། །དེ་བཞིན་གང་ལ་སྙིང་རྗེ་

མེད་པ་བྱང་ཆུབ་མིན། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུའི་མཉམ་པ་མེད་པས་ན། མི་དམིགས་པ་མ་ཡིན་པའི་བར་དག་གི་སྙིང་རྗེ་མེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤིང་ལྗོན་པ་ལྟ་བུར་སྙིང་རྗེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ།

འདི་མན་ཆད་ཚིགས་སུ་བཅད་པ་ལྔས་ཤིང་ལྗོན་པ་ལ་དཔེ་བླངས་ནས། སྙིང་རྗེའི་ཤིང་དང་འདྲ་བར་སྟོན་ཏེ། ཤིང་ལྗོན་པ་ལ་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ཡོད་པ་བཞིན་དུ། སྙིང་རྗེའི་ཤིང་གི་རྩ་བ་དང་། སྡོང་པོ་དང་། ཡལ་

ག་དང་། ལོ་མ་དང་འདབ་མ་དང་། མེ་ཏོག་དང་། འབྲས་བུ་གང་ཡིན་པ་སྟོན་ཏོ། །སྙིང་རྗེ་བཟོད་པ་སེམས་པ་དང་། སྨོན་ལམ་སྐྱེ་བ་སེམས་ཅན་སྨིན། །འདི་ནི་སྙིང་རྗེའི་ཤིང་ཡིན་ཏེ། །ཞེས་བྱ་བ་ལ། སྙིང་རྗེའི་ཤིང་གི་རྩ་བ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའོ། །སྡོང་པོ་ནི་བཟོད་

เล่ม ๑๒๖ · หน้า 66b

པའོ། །ཡལ་ག་ནི་སེམས་ཅན་གྱི་དོན་ལ་སེམས་པའོ། །ལོ་མ་ནི་སྨོན་ལམ་མོ། །སྐྱེ་བ་ནི་མེ་ཏོག་གོ། །སེམས་ཅན་སྨིན་པར་བྱེད་པ་ནི་འབྲས་བུའོ་ཞེས་བྱ་བའི་དོན་ཏོ། །རྩ་བ་ཆེ་སོགས་འབྲས་བུ་ཆེན་པོའི་མཆོག །ཅེས་བྱ་བ་ལ། སྙིང་རྗེའི་ཤིང་ལ་སྙིང་རྗེ་ཉིད་རྩ་བ་ཡིན་པས་ན་རྩ་བ་ཆེའོ། །

སོགས་པའི་ནང་དུ་ནི་བཟོད་པ་སྡོང་པོར་གྱུར་པས་ན་སྡོང་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། ཐ་མར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་འབྲས་བུ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་གནས་ཏེ་ཞེས་བྱ་

བ་ལ། དཔེར་ན་ཤིང་ལྗོན་པའི་རྩ་བ་བཟང་པོ་ལས་སྡོང་པོ་འབྱུང་ངོ་། །སྡོང་པོ་ལས་ཡལ་ག་འབྱུང་ངོ་། །ཡལ་ག་ལས་ལོ་མ་འབྱུང་ངོ་། །ལོ་མ་ལས་མེ་ཏོག་འབྱུང་ངོ་། །མེ་ཏོག་ལས་འབྲས་བུ་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་ཤིང་ལ་ཡང་། སྙིང་རྗེ་

ཆེན་པོ་ཉིད་ནི་རྩ་བའི་གནས་སུ་གཞག་སྟེ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་མི་ཟད་པ་སྟེ།

ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་ཕྱིར་འབུད་པ་དང་རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའོ་

ཞེས་གསུངས་སོ། །འཕགས་པ་ག་ཡའི་རྩེ་མོའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོའོ། །སེམས་ཅན་ནི་དམིགས་པའོ་ཞེས་བཤད་དོ། །གང་ལ་སྙིང་རྗེ་ཡོད་པ་དེ་དག་སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་བཟོད་ཀྱི།

སུ་ལ་སྙིང་རྗེ་མེད་པ་དེ་དག་ནི་སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་བཟོད་པར་མི་འགྱུར་ཏེ། དེ་བས་ན་སྙིང་རྗེ་ལས་སེམས་ཅན་གྱི་དོན་དུ་གྲང་བ་དང་། ཚ་བ་ལ་སོགས་པ་བཟོད་པར་འབྱུང་སྟེ། བཟོད་པ་ནི་སྡོང་པོའི་གནས་ལྟ་བུའོ། །དེ་ལྟར་བཟོད་པ་སྡོང་པོ་ལྟ་བུའི་ཤུགས་

เล่ม ๑๒๖ · หน้า 67a

ཀྱིས་སེམས་ཅན་རྣམས་བསྒྲལ་བར་བྱ་བའི་བསམ་པས་རྣམ་པ་སྣ་ཚོགས་ལ་སེམས་པའི་བསམ་པ་འབྱུང་སྟེ་བསམ་པ་དེ་ནི་ཡལ་གའི་གནས་ལྟ་བུའོ། །དེ་ལྟར་སེམས་ཅན་གྱི་དོན་ལ་སེམས་པའི་བསམ་པ་དེ་ལས་ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་སེམས་ཅན་

རྣམས་ལ་ཕན་ཐོགས་པར་འགྱུར་བའི་ལུས་དང་ལོངས་སྤྱོད་དང་འཁོར་དང་གནས་ཕུན་སུམ་ཚོགས་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་འབྱུང་སྟེ། སྨོན་ལམ་ནི་ལོ་མའི་གནས་ལྟ་བུའོ། །དེ་ལྟར་སྨོན་ལམ་ལོ་མ་ལྟ་བུའི་ཤུགས་ཀྱིས་ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་བདག་དང་གཞན་ལ་

ཕན་འདོགས་པར་འགྱུར་བའི་གནས་བཟང་པོར་སྐྱེ་སྟེ། སྐྱེ་བ་བཟང་པོ་ལེན་པ་ནི་མེ་ཏོག་གི་གནས་ལྟ་བུའོ། །དེ་ལྟར་སྐྱེ་བ་བཟང་པོ་བླངས་པ་ལས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་འབྱུང་སྟེ། དེ་ནི་འབྲས་བུའི་གནས་ལྟ་བུའོ། །དེ་ལྟར་ཚིགས་སུ་བཅད་པ་གཅིག་གིས་སྙིང་རྗེ་ཡོད་ན་སྙིང་རྗེ་

ལས་བཟོད་པ་ལ་སོགས་པའི་ཆོས་འབྱུང་སྟེ། རྗེས་སུ་འཇུག་པ་བསྟན་ནས། ད་ནི་སྙིང་རྗེ་མེད་ན་བཟོད་པ་ལ་སོགས་པ་ཕྱི་མ་མི་འབྱུང་སྟེ་ལྡོག་པར་བསྟན་པའི་ཕྱིར། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་བར་སྤྱོད་པ་བཟོད་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ཤིང་གི་རྩ་བ་མེད་ན་སྡོང་

པོ་མེད་པར་འགྱུར་རོ། །སྡོང་པོ་མེད་ན་ཡལ་ག་མེད་པར་འགྱུར་རོ། །ཡལ་ག་མེད་ན་འདབ་མ་མེད་པར་འགྱུར་རོ། །འདབ་མ་མེད་ན་མེ་ཏོག་མེད་པར་འགྱུར་རོ། །མེ་ཏོག་མེད་ན་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཤིང་ལ་ཡང་། སྙིང་རྗེ་རྩ་

བར་གྱུར་བ་མེད་ན་སེམས་ཅན་གྱི་དོན་ཕྱི་ནང་གི་སྡུག་བསྔལ་དཀའ་བར་སྤྱོད་པ་ཐམས་ཅད་བཟོད་པའི་བཟོད་པ་སྡོང་པོ་ལྟ་བུར་གྱུར་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་ཞིག་ག་ལ་སེམས། །ཞེས་བྱ་བ་ལ། དེ་ལྟར་བཟོད་པ་སྡོང་པོར་

གྱུར་པ་ལྟ་བུར་མེད་དེ་སྡུག་བསྔལ་བ་ལ་མི་བཟོད་ན་སེམས་ཅན་གྱི་དོན་ལ་སེམས་པའི་བསམ་པ་ཡལ་ག་ལྟ་བུར་གྱུར་པ་ག་ལ་ཞིག་ཡོད་དེ། བསམ་པ་དེ་ཡང་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་པ་རྣམ་པར་སྤངས་པའི་བློ། །ཚེ་རབས་བཟང་པོར་སྨིན་མི་བྱེད། །ཅེས་བྱ་བ་ལ།

เล่ม ๑๒๖ · หน้า 67b

དེ་ལྟར་སེམས་ཅན་གྱི་དོན་དུ་བསམས་པའི་བསམ་པ་སྤངས་ཏེ་མེད་ན་སེམས་ཅན་གྱི་དོན་དུ་ཚེ་རབས་བཟང་པོ་དེ་དང་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་མི་འདེབས་ཏེ། དེ་བས་ན་སྨོན་ལམ་འདབ་མ་ལྟ་བུར་གྱུར་པ་མི་འབྱུང་ངོ་། །དེ་ལྟར་སྨོན་ལམ་བཏབ་ན་ཡང་ཚེ་རབས་བཟང་པོར་སྐྱེ་བར་མི་

འགྱུར་ཏེ། དེ་བས་ན་ཚེ་རབས་བཟང་པོར་སྐྱེ་བ་མེ་ཏོག་ལྟ་བུ་མི་འབྱུང་ངོ་། །ཚེ་རབས་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སུ་སྨིན་བྱེད་མེད། །ཅེས་བྱ་བ་ལ། དེ་ལྟར་ཚེ་རབས་བཟང་པོ་མེ་ཏོག་ལྟ་བུ་མ་ཐོབ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་མི་ནུས་ཏེ། དེ་བས་ན་སེམས་ཅན་ཡོངས་

སུ་སྨིན་པར་བྱེད་པ་འབྲས་བུ་ལྟ་བུར་གྱུར་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཤིང་ལྗོན་པའི་རྩ་བ་ཆུས་བརླན་ན། རྩ་བ་བརྟན་པ་དང་རྒྱས་པར་གྱུར་བས་དེའི་ཞོར་གྱིས་སྡོང་པོ་ལ་སོགས་པ་ཡང་འཕེལ་བར་འགྱུར་བ་བཞིན་དུ་འདིར་ཡང་ཚིགས་སུ་བཅད་པ་གཉིས་ཤིག་གིས་

སྙིང་རྗེ་ཆེན་པོ་རྩ་བར་གྱུར་པ་ལ། དེ་བརླན་ཞིང་བརྟས་པར་བྱེད་པའི་ཆུ་གང་ཡིན་པ་བསྟན་པའི་ཕྱིར། སྙིང་རྗེའི་ཆུ་ནི་བྱམས་པ་སྟེ། །སྡུག་བསྔལ་བདེ་བ་རྒྱ་ཆེར་རྒྱས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ཤིང་གི་རྩ་བ་ལ་ཆུས་བརླན་ན་འཕེལ་ཞིང་རྒྱས་པ་བཞིན་དུ། སྙིང་རྗེའི་རྩ་

བར་གྱུར་པ་ལ་བྱམས་པའི་ཆུས་བརླན་ན། སྙིང་རྗེའི་རྩ་བར་གྱུར་པ་བརྟས་ཤིང་འཕེལ་བར་འགྱུར་ཏེ། དེ་ལས་བཟོད་པ་སྡོང་པོ་ལྟ་བུར་གྱུར་པ་ལ་སོགས་པ་ཡང་བརྟས་ཤིང་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱམས་

པའི་སེམས་ཆུ་དང་འདྲ་བ་སྙིང་རྗེས་བརླན་ན། སྙིང་རྗེ་འཕེལ་བར་འགྱུར་ཏེ། སྙིང་རྗེ་འཕེལ་དང་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སྡུག་བསྔལ་མཐོང་ནས་བདག་ཉིད་སྡུག་བསྔལ་བར་འགྱུར་རོ། །དེ་ལྟར་ན་སེམས་ཅན་གྱི་དོན་དུ་ཞུགས་པ་ལས་སྡུག་བསྔལ་འབྱུང་བ་དེ་ཉིད་སྡུག་བསྔལ་མ་ཡིན་གྱི་

བདེ་བ་རྒྱ་ཆེན་པོ་ཡིན་ཏེ། དེ་བས་ན་ཅི་ལ་ཡང་མི་བཟོད་པ་མེད་པས་ན། བཟོད་པ་སྡོང་པོ་ལྟ་བུ་དང་ལྡན་པར་འགྱུར་ཏེ། རྒྱས་བཞེས་བྱ་བ་ནི་འདིའི་སྐབས་སུ་བཟོད་པ་ལ་བྱའོ། །ཡལ་ག་འཕེལ་ཞིང་གྱེས་པ་ནི། །ཚུལ་བཞིན་ཡིད་བྱེད་ཤེས་པར་བྱ། །ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་དོན་གང་

เล่ม ๑๒๖ · หน้า 68a

ཟག་དང་ཆོས་ལ་བདག་མེད་པ་དང་། བདག་དང་གཞན་གྱི་དོན་བྱ་བ་ལ་སེམས་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་བས་ན་སེམས་པ་ནི་ཡལ་ག་ལྟ་བུར་འཕེལ་ཞིང་གྱེས་པར་བལྟའོ། །སྨོན་ལམ་རྒྱུན་ནི་མ་ཆད་པས། །འདབ་མ་དག་ནི་ལྷགས་ཤིང་སྐྱེ། །ཞེས་

བྱ་བ་ལ། དཔེར་ན་ཤིང་ལྗོན་པ་ཡང་འདབ་མ་རྙིངས་པ་དག་ནི་འདོར་ཞིང་འདབ་མ་གསར་པ་དག་སྐྱེ་ཞིང་འཛིན་པ་དང་འདྲ་བར། བྱང་ཆུབ་སེམས་དཔའ་སྔར་བཏབ་པའི་སྨོན་ལམ་རྒྱ་ཆུང་ངུ་དང་སྐྱེ་བ་རྒྱ་ཆུང་ངུ་རྣམས་ནི་བོར་ནས། ཕྱིས་སྨོན་ལམ་རྒྱ་ཆེན་པོ་དང་སྐྱེ་བ་རྒྱ་ཆེན་པོ་དག་རྒྱུན་དུ་ལེན་

ཅིང་འཛིན་པར་བྱེད་དེ། དེ་ལྟར་སྨོན་ལམ་སྔ་མ་འདོར་ཞིང་ཕྱི་མ་ལེན་པའི་རྒྱུན་མི་གཅོད་པ་ནི་འདབ་མ་སྔ་མ་ལྷགས་ཤིང་ཕྱི་མ་སྐྱེ་བ་བཞིན་ནོ། །རྣམ་པ་གཉིས་ཀྱིས་རྐྱེན་གྲུབ་ཕྱིར། །མེ་ཏོག་མི་སྟོངས་དེ་ལས་འབྲས། །ཞེས་བྱ་བ་ལ། འདི་ལྟར་ཤིང་ལྗོན་པ་ཡང་རྐྱེན་རྣམ་པ་གཉིས་ཀྱིས་

གྲུབ་སྟེ། ནང་གི་རྐྱེན་གྱིས་གྲུབ་པ་དང་། ཕྱིའི་རྐྱེན་གྱིས་གྲུབ་པའོ། །དེ་ལ་ནང་གི་རྐྱེན་གྱིས་གྲུབ་པ་ནི་རྩ་བ་ལས་སྡོང་པོ་གྲུབ། སྡོང་པོ་ལས་ཡལ་ག་གྲུབ་པ་ལ་སོགས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཤིང་ལ་ནང་གི་རྐྱེན་སྨོན་ལམ་ཡོངས་སུ་གྲུབ་པས་རང་གི་སྐྱེ་བ་

བཟང་པོར་ཡོངས་སུ་སྨིན་པའི་ཕྱིར་མེ་ཏོག་ལྟ་བུའི་སྐྱེ་བ་ཡང་མ་སྟོངས་ཏེ། སྐྱེ་བ་དོན་མེད་པར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཤིང་ལྗོན་པ་ལ་ས་ཆུ་མེ་རླུང་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་གྱིས་གྲོགས་བྱས་ན་མེ་ཏོག་ལས་འབྲས་བུ་སྐྱེ་བ་བཞིན་དུ། བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཤིང་

ལ་ཡང་ཕྱི་རོལ་གྱི་རྐྱེན་དུ་གྲུབ་སྟེ། ཚེ་རབས་གང་ནས་གང་དུ་སྐྱེས་པར་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་གྲུབ་པས་ན་འབྲས་བུ་ཡོངས་སུ་མ་སྟོངས་སོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེའི་བསྔགས་པའི་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། ད་ནི་ཚིགས་སུ་བཅད་པ་གཅིག་གིས་སྙིང་རྗེའི་

ལེགས་པ་དང་། ཡོན་ཏན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ཆེན་པོའི་ཡོན་ཏན་བྱེད་པ་ཡི། །སེམས་ཅན་རྣམས་ནི་སྙིང་རྗེས་སུ་མི་བྱེད། །ཅེས་བྱ་བ་ལ་སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བའི་ཐུགས་རྗེ་ལ་བྱའོ། །འདི་ལྟར་སྟོབས་དང་མི་འཇིགས་པ་ལ་

เล่ม ๑๒๖ · หน้า 68b

སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་ཡིན་པ་བཞིན་དུ། ཐུགས་རྗེ་ཆེན་པོ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་ནོ། །ཐུགས་རྗེ་ཆེན་པོའི་ཡོན་ཏན་དེ་ཡང་སེམས་ཅན་ཐམས་ཅད་ལ་དམིགས་ན་འདོད་པ་ཐོབ་པར་འགྱུར་བས་ན། སེམས་ཅན་རྣམས་ནི་སྙིང་རྗེ་ཆེན་པོའི་ཡོན་ཏན་བྱེད་པ་ཞེས་

བྱ་སྟེ། དེ་ལྟ་བུར་སྙིང་རྗེ་ཆེན་པོ་ཡོན་ཏན་ཐོབ་པར་བྱེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་སུ་ཞིག་མི་བྱེད་དེ་ཀུན་གྱིས་ཀྱང་སྙིང་རྗེ་བར་བྱ་བའི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྙིང་རྗེའི་ཡོན་ཏན་ཉིད་བསྟན་པའི་ཕྱིར། སྙིང་རྗེ་སྐྱེད་པ་གང་ཡིན་དེ་དག་ནི། །

སྡུག་བསྔལ་ན་ཡང་མཚུངས་མེད་བདེ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ལས་སྐྱེས་པའི་སྡུག་བསྔལ་རྣམ་པ་མང་པོ་གང་ཡིན་པ་དེ་དག་སྡུག་བསྔལ་བར་མི་འགྱུར་གྱི། ལྷ་དང་མི་ལ་སོགས་པའི་འཇིག་རྟེན་པའི་བདེ་བ་དང་། ཉན་ཐོས་དང་རང་སངས་རྒྱས་

ལ་སོགས་པའི་འཇིག་རྟེན་ལས་འདས་པའི་བདེ་བ་ལས་ཀྱང་འདས་ཤིང་འཕགས་པའི་བདེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མདོ་སྡེ་རྒྱན་བམ་པོ་ལྔའི་བཤད་པ་རྫོགས་སོ།། །།སྙིང་རྗེ་ཆགས་པ་མེད་པའི་ཚིགས་སུ་བཅད་པ་སྟེ། ཞེས་བྱ་བ་ལ། སྙིང་རྗེས་ཟིན་པའི་བྱང་ཆུབ་

སེམས་དཔའ་རྣམས། །སོ་སོའི་སྐྱེ་བོ་བཞིན་འཁོར་བ་ལ་ཡང་མ་ཆགས་མི་གནས། ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་མ་ཆགས་མི་གནས་པར་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གཅིག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེས་བརླན་པའི་སྙིང་རྗེ་ཅན། །

ཞི་བ་ལ་ཡང་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་བྱ་བ་ལ། འཇིག་རྟེན་པ་དག་ནི་འཇིག་རྟེན་པའི་འདོད་པ་ལྔའི་ཡོན་ཏན་གྱི་བདེ་བ་ལ་ཆགས་པ་དང་། རང་གི་སྲོག་དང་ལུས་ལ་ཆགས་ཏེ། དེ་བས་ན་འཁོར་བ་ལ་གནས་པའོ། །

འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་འཇིག་རྟེན་གྱི་བདེ་བ་དང་སྲོག་ལ་ཆགས་པ་མེད་ཀྱང་སྡུག་བསྔལ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ལ་ཆགས་པས་མྱ་ངན་ལས་འདས་པ་ལ་གནས་པའོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་ཐུགས་རྗེས་བྱིན་གྱིས་བརླབས་

เล่ม ๑๒๖ · หน้า 69a

ཤིང་ཐུགས་རྗེའི་དབང་དུ་གྱུར་ལ་ཐུགས་རྗེས་ཟིན་པ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་དེ་ལ་ཡང་མ་ཆགས་མི་གནས་ཏེ། འདིས་ནི་མྱ་ངན་ལས་འདས་པ་

ལ་མི་གནས་པ་བསྟན་ཏོ། །དེ་ལྟ་བུ་ལ་ཡང་མ་ཆགས་ན་འཇིག་རྟེན་པའི་འདོད་པ་ལྔའི་བདེ་བ་དང་ལུས་དང་སྲོག་ལ་ཆགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། མ་ཆགས་ཆེས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འཁོར་བ་ན་མི་གནས་པར་བསྟན་ཏོ། །སྙིང་རྗེས་སྡུག་པའི་ཁྱད་པར་ལ་ཚིགས་སུ་བཅད་པ་

གསུམ་མོ་ཞེས་བྱ་བ་ལ། ཇི་ལྟར་འཇིག་རྟེན་པ་དག་ཕ་མ་བུ་ཚ་གཉེན་བཤེས་ལ་སྡུག་པ་ཡོད་པ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་རྣམས་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྡུག་པ་ཡོད་མོད་ཀྱི། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ཐུགས་རྗེའི་རྒྱུས་སེམས་ཅན་ཐམས་ཅད་

ལ་སྡུག་པར་བྱེད་པ་སྡུག་པ་གཞན་དང་ཁྱད་ཞུགས་པར་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གསུམ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཁ་ན་མ་ཐོ་མེད་པ་ཡི། །སྡུག་པ་མེད་དེ་འཇིག་རྟེན་མིན། །ཞེས་བྱ་བ་ལ། འཇིག་རྟེན་ཕ་མ་ལ་སོགས་པ་བུ་ཚ་ལ་སྡུག་པ་ཡོད་ཀྱང་འཇིག་རྟེན་པའི་སྡུག་པ་ཐམས་

ཅད་ནི་ཁ་ན་མ་ཐོ་བ་མེད་པའི་སྡུག་པ་གང་ཡང་མེད་དེ་འཇིག་རྟེན་པའི་སྡུག་པ་ཐམས་ཅད་ཁ་ན་མ་ཐོ་བ་དང་བཅས་ཤིང་སྡིག་པ་དང་སྐྱོན་དང་བཅས་པ་ཤ་སྟག་གོ། །དེ་ཅིའི་ཕྱིར་ཞེ་ན། མ་བྱིན་པར་ལེན་པ་དང་། སྲོག་གཅོད་པ་ལ་སོགས་པའི་ལས་ལ་འཛུད་པས་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལ་

འཇོག་པ་དང་། མི་ཤེས་པའི་ཆུ་བོ་ཆེན་པོས་ནོན་པའི་ཕྱིར། ཐམས་ཅད་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཤ་སྟག་གོ། །འཇིག་རྟེན་གྱི་སྡུག་པ་ལ་འཇིག་རྟེན་ལས་འདས་པ་ཡང་མེད་དེ། འཇིག་རྟེན་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དང་ཆོས་ལ་བདག་མེད་

པར་མ་རྟོགས་པས་བདག་དང་གཞན་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པའི་ཕྱིར་རོ། །བློ་ལྡན་སྙིང་རྗེའི་སྡུག་པ་ནི། །ཁ་ན་མ་ཐོ་མེད་ཅེས་འཇིག་རྟེན་འདས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་རྒྱུ་ལས་བྱུང་བའི་སེམས་ཅན་ལ་སྡུག་པར་བྱེད་པ་ནི་ཁ་ན་མ་ཐོ་བ་ཡང་མེད་ལ་

เล่ม ๑๒๖ · หน้า 69b

འཇིག་རྟེན་ལས་འདས་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་སྙིང་རྗེ་ལ་གནས་པ་རྣམས་ཀྱིས་ཁ་ན་མ་ཐོ་བ་མེད་ཀྱང་འཇིག་རྟེན་པའོ་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་སེམས་ཅན་སྡུག་པར་བྱེད་པ་དང་། འཇིག་རྟེན་པ་

དྲང་སྲོང་ལ་སོགས་པའི་སྙིང་རྗེས་སེམས་ཅན་ལ་སྡུག་པར་བྱེད་པ་ནི་སྡིག་པ་ལ་མི་འཇོག་སྟེ། ཁ་ན་མ་ཐོ་བ་མེད་ཀྱང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པས་འཇིག་རྟེན་པར་འཇོག་གོ། །ཇི་ལྟར་ཁ་ན་མ་ཐོ་བ་མེད་ཅེ་ན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་

རྒྱུ་ལས་བྱུང་བའི་སེམས་ཅན་ལ་སྡུག་པར་བྱེད་པ་ཁ་ན་མ་ཐོ་བ་མེད་དོ་ཞེས་བཤད་པ་ཇི་ལྟར་ཁ་ན་མ་ཐོ་བ་མེད་ཅེ་ན་ཞེས་བྱ་བའི་དོན་ཏེ། དེའི་ཕྱིར་སྨྲས་པ། སྡུག་བསྔལ་ཆུ་བོ་ཆེན་པོ་དང་། །མི་ཤེས་མུན་ནག་གནས་པའི་འཇིག་རྟེན་དག །དྲང་བའི་ཐབས་རྣམས་ཤོམས་པ་དེས། །ཇི་ལྟར་ཁ་

ན་མ་ཐོ་མེད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་རྣམ་པ་གསུམ་དང་བརྒྱད་ལ་སོགས་པའི་ཆུ་བོ་ཆེན་པོ་ལ་གནས་པ་དང་། འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པའི་མུན་པ་ལ་གནས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་སྟེ། དེ་ལྟ་བུའི་འཇིག་རྟེན་གྱི་སྡུག་

བསྔལ་གྱི་ཆུ་བོ་ལ་གནས་པ་དང་མི་ཤེས་པའི་མུན་པ་ལ་གནས་པ་རྣམས་དྲང་ཞིང་གདོན་པར་བྱ་བའི་ཐབས་ཆེན་པོ་བཤམས་པ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ལས་འབྱུང་བ་སྡུག་པ་སྟེ། ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། ཁ་ན་མ་ཐོ་བ་མེད་པ་ཡིད་ཆེས་སོ་ཞེས་བྱ་བའི་དོན་

ཏོ། །ཇི་ལྟར་ན་འཇིག་རྟེན་ལས་འདས་ཤེ་ན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྡུག་པ་འཇིག་རྟེན་ལས་འདས་ཞེས་བཤད་ན། བྱང་ཆུབ་སེམས་དཔའི་ཐུགས་རྗེ་ལས་བྱུང་བའི་སྡུག་པ་སྟེ། ཇི་ལྟར་ན་འཇིག་རྟེན་ལས་འདས་པ་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རང་

བྱང་ཆུབ་ཏུ་སངས་རྒྱས་དང་། འཇིག་རྟེན་དགྲ་བཅོམ་དེ་སྡུག་མེད། །དེ་ལས་གཞན་ལ་སྨོས་ཅི་དགོས། །ཇི་ལྟར་འཇིག་རྟེན་འདས་མ་ཡིན། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཐུགས་རྗེའི་རྒྱུ་ལས་བྱུང་བའི་སྡུག་པ་དེ་ལྟ་བུ་ནི་འཇིག་རྟེན་ན་གང་ཟག་མཆོག་

เล่ม ๑๒๖ · หน้า 70a

དང་གཙོ་བོར་བྱ་བ་རང་སངས་རྒྱས་དང་འཕགས་པ་དགྲ་བཅོམ་པ་རྣམས་ལ་ཡང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལས་བྱུང་བའི་སེམས་ཅན་ཐམས་ཅད་ལ་སྡུག་པ་དེ་ལྟ་བུ་དེ་མེད་ན་འཇིག་རྟེན་ཕལ་པ་རྣམས་ལ་དེ་ལྟ་བུའི་སྡུག་པ་ལྟ་ག་ལ་ཞིག་ཡོད་དེ་མེད་ཅེས་སོ་ཞེས་

བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སེམས་ཅན་ལ་སྡུག་པར་ལྟ་བ་འཕགས་པ་རྣམས་ལ་ཡང་མེད་ན། འཇིག་རྟེན་པ་ལ་ལྟ་ག་ལ་ཡོད་མེད་ན། བྱང་ཆུབ་སེམས་དཔའི་སྡུག་པར་ལྟ་བ་དེ་འཇིག་རྟེན་ལས་འདས་པ་ཇི་ལྟར་མ་ཡིན་ཏེ། འཇིག་རྟེན་ལས་འདས་པ་ཡིད་ཆེས་སོ་ཞེས་བྱ་བའི་

དོན་ཏོ། །རང་བྱང་ཆུབ་ཏུ་སངས་རྒྱས་པས་ན་ཞེས་བྱ་བ་ལ། མཁན་པོ་དང་སློབ་དཔོན་མེད་པར་རང་གི་བློས་མྱ་ངན་ལས་འདས་པ་མངོན་དུ་བྱས་པས་ན་རང་བྱང་ཆུབ་ཏུ་སངས་རྒྱས་པ་ཞེས་བྱའོ། །སྐྲག་པ་དང་མངོན་པར་དགའ་བའི་རྒྱུ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་

དཔའ་ཐུགས་རྗེའི་རྒྱུས། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་བའི་སྡུག་བསྔལ་ལ་ཁ་ཅིག་སྐྲག་པ་ཡོད་ལ། བྱང་ཆུབ་སེམས་དཔའ་ཁ་ཅིག་སྡུག་བསྔལ་དེ་ཉིད་ལ་བདེ་བར་འཛིན་ཅིང་དགའ་བ་ཡོད་དེ། དེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་རྩོམ་མོ་ཞེས་བྱ་བའི་

དོན་ཏོ། །བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །སྙིང་བརྩེ་བ་ཡི་སྡུག་བསྔལ་འགྱུར། །དེ་ནི་ཐོག་མར་ཤིན་ཏུ་སྐྲག །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཐུགས་རྗེའི་རྒྱུས་སེམས་ཅན་གྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་ཞུགས་པ་དེ་སེམས་ཅན་སྡུག་བསྔལ་བ་མང་དུ་མཐོང་

བས་སྙིང་རྗེའི་རྒྱུས་བདག་ཉིད་ཀྱང་སྡུག་བསྔལ་བར་འགྱུར་ལ། དང་པོ་མོས་བ་སྤྱོད་པའི་ས་ན་ནི་སྡུག་བསྔལ་དེ་ལྟ་བུ་ལས་བསྒྲལ་བར་མི་ནུས་སོ་སྙམ་ནས་སྐྲག་པ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པ་དང་། སྡུག་བསྔལ་ཐམས་ཅད་སྟོང་པ་ཉིད་

དུ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །རེག་ནས་རབ་ཏུ་མངོན་པར་དགའ། །ཞེས་བྱ་བ་ལ། དེ་ལ་རེག་པ་ནི་ས་དང་པོ་རབ་ཏུ་དགའ་བ་ལ་རེག་པ་སྟེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་ནས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་ན་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དང་།

เล่ม ๑๒๖ · หน้า 70b

སྡུག་བསྔལ་ཐམས་ཅད་སྟོང་པ་ཉིད་དུ་ཁོང་དུ་ཆུད་པས་ན་སེམས་ཅན་གྱི་དོན་དུ་སྡུག་བསྔལ་མྱོང་བར་འགྱུར་བ་ཡིན་ཡང་ཤིན་ཏུ་དགའ་བ་དང་བདེ་བའི་སེམས་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་མཚན་མ་སེམས་ཅན་ལ་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྡུག་བསྔལ་མེད་ཅེས་

བྱ་བའི་དོན་འཆད་དེ། མེད་ཅེས་བྱ་བ་ནི་མཚན་མའི་དོན་ཏོ། །མཚན་མའི་དོན་ཡང་ཕྱིར་གྱི་དོན་དུ་འདྲེན་ཏེ། སེམས་ཅན་གྱི་སྡུག་བསྔལ་རྣམ་པ་བདུན་དང་བརྒྱད་ལ་སོགས་པ་མེད་པར་བྱ་བའི་ཕྱིར་ཞུགས་པ་དེ་སེམས་ཅན་གྱི་སྡུག་བསྔལ་མཐོང་ནས་བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཤུགས་

ཀྱིས་བདག་ཉིད་སྡུག་བསྔལ་སྐྱེ་བར་འགྱུར་ཏེ་མོས་པ་སྤྱོད་པའི་ས་ནི་སྡུག་བསྔལ་དེས་སྐྲག་པར་འགྱུར་རོ། །བདག་དང་གཞན་མཉམ་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་མོས་པ་སྤྱོད་པའི་ས་ན་སྡུག་བསྔལ་གྱིས་སྐྲག་པ་ནི་བདག་དང་གཞན་དུ་མཉམ་པ་ཉིད་མ་རྟོགས་པ་དང་། སྡུག་བསྔལ་

ཐམས་ཅད་སྟོང་པར་མ་རྟོགས་པས་ན་སྐྲག་གོ་ཞེས་བྱ་བའི་དོན་ཏོ། །རེག་པ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ་ཞེས་བྱ་བ་ལ། རེག་པ་ཞེས་བྱ་བ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ་རེག་པ་སྟེ་ས་དང་པོ་ཡན་ཆད་ཐོབ་པའོ། །དེ་དག་གི་ཚེ་ན་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་

བའི་མཚན་ཉིད་རྟོགས་པས་བདག་དང་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དང་། སྡུག་བསྔལ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་སྡུག་བསྔལ་ལ་སྐྲག་པ་མི་སྐྱེ་སྟེ་བདེ་བར་འཛིན་པའི་བསམ་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས་གནོན་པའི་

ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བ་ནི་སྙིང་རྗེའི་རྒྱུ་ལས་བྱུང་སྟེ། སྡུག་བསྔལ་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་བདེ་བར་འཛིན་ཏོ། །སྡུག་བསྔལ་ལས་བྱུང་བའི་བདེ་བ་དེ་ནི་བདེ་བ་ཐམས་ཅད་ཀྱི་

དམ་པ་དང་མཆོག་ཡིན་ཏེ། དེས་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་ཅིང་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ལས་འཕགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེས་བསྐྱེད་པའི་སྡུག་བསྔལ་ནི། །འཇིག་རྟེན་བདེ་བ་ཐམས་ཅད་ཟིལ་གནོན་

เล่ม ๑๒๖ · หน้า 71a

ཅིང་། །ཞེས་བྱ་བ་ལ། གང་སྐྱེ་བ་དང་རྒ་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ཀྱིས་མགོ་མྱོས་པའི་སེམས་ཅན་རྣམས་བསྐྱབ་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་རྒྱུ་ལས་སྐྱེས་པའི་སྡུག་བསྔལ་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡང་།

སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པ་ལ་ལྟོས་ནས། དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་བདེ་བ་ཆེན་པོར་འགྱུར་ཏེ། བདེ་བ་དེ་ནི་བདེ་བ་ཐམས་ཅད་ཀྱི་མཆོག་དང་ཕུལ་ཡིན་པས་བདེ་བ་དེ་འཇིག་རྟེན་གྱི་ལྷ་དང་མི་ལ་སོགས་པའི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་ཏེ་བདེ་བ་ཐམས་ཅད་པས་ལྷག་གོ་

ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྡུག་བསྔལ་ཉིད་བདེ་བའི་མཆོག་ཏུ་གྱུར་པ་འདི་ངོ་མཚར་དུ་བྱ་བ་ཡིན་པར་བསྟན་པའི་ཕྱིར། དོན་བྱས་པ་ཡང་དེ་དང་བྲལ་བ་ཡིན་པས་ན། །དེ་ལས་ངོ་མཚར་ཆེ་བ་གཞན་ཅི་སྨོས། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཕགས་པ་དགྲ་བཅོམ་པ་སྡུག་བསྔལ་

ཐམས་ཅད་ནི་སྤངས། བདེ་བ་ཐམས་ཅད་ནི་ཕུན་སུམ་ཚོགས་ཏེ། རྣམ་པ་ཐམས་ཅད་དུ་བདག་གི་དོན་བསྒྲུབས་ཏེ་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་ལས་བྱུང་བའི་སྡུག་བསྔལ་ཉིད་བདེ་བར་གྱུར་པའི་བདེ་བ་དེ་ལྟ་བུ་མེད་ན་འཇིག་རྟེན་ཕལ་པ་ལྟ་ཞིག་ག་ལ་ཡོད་དེ། དེ་བས་ན་གང་

སྡུག་བསྔལ་བ་དེ་ཉིད་བདེ་བ་མཆོག་ཏུ་གྱུར་པ་དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད་དེ། ངོ་མཚར་གྱི་མཆོག་ཏུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་བྱས་པའི་སྦྱིན་པ་ལ་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འཇིག་རྟེན་ན་སྦྱིན་པ་གཏོང་བར་བྱེད་པ་ཡོད་ཀྱང་ཕན་བཏགས་པའི་

ལན་ལ་རེ་བས་གཏོང་བ་དང་། སྔོན་ཕན་བཏགས་པས་ལན་དུ་ཕན་གདགས་པའི་ཕྱིར་གཏོང་བ་ཡོད་དེ། བྱང་ཆུབ་སེམས་དཔའ་སྦྱིན་པ་གཏོང་བར་བྱེད་པ་ནི་དེ་ལྟ་བུ་མ་ཡིན་གྱི། སྙིང་རྗེའི་ཤུགས་ཀྱིས་གཏོང་བས་དེ་ལྟར་བཏང་བའི་སྦྱིན་པ་ལ་ཡོན་ཏན་དང་ལེགས་པ་ཡོད་པ་བསྟན་པའི་ཕྱིར།

ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་དག་དང་ལྡན་པའི་སྦྱིན་པས་ནི། །བསྟན་པ་རྣམས་ལ་སྦྱིན་པ་བདེ་བྱེད་པ། །ཁམས་གསུམ་པ་ཡི་ལོངས་སྤྱོད་དེ་དག་གིས། །བདེ་བ་དེ་ལ་དེ་ཡི་ཆར་མི་འགྲོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་གཏོང་བ་ནི་སེམས་ཅན་བྲེལ་

เล่ม ๑๒๖ · หน้า 71b

བ་དང་ཕོངས་པ་རྣམས་ལ་ཐུགས་བརྩེ་བའི་དབང་གིས་སྦྱིན་པ་བཏང་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དགའ་བ་དང་བདེ་བ་སྐྱེ་བར་འགྱུར་ཏེ། དགའ་བ་དང་བདེ་བ་དེ་ལ་ནི་ཁམས་གསུམ་པའི་ལྷ་དང་མིའི་བདེ་བ་གང་གིས་ཀྱང་བརྒྱའི་ཆའམ་སྟོང་གི་ཆ་འམ་བྱེ་བའི་ཆ་འམ་བྱེ་བ་བརྒྱ་

སྟོང་གི་ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་དག་དང་ལྡན་པའི་སྦྱིན་པས་ནི། །བསྟན་པ་རྣམས་ལ་བདེ་བ་བྱེད་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་སླ་བས་མ་བཤད་ཀྱི། ཁམས་གསུམ་པ་ཡི་ལོངས་སྤྱོད་དག་གིས་ནི། །ཞེས་བྱ་བ་ཡན་ཆད་ཀྱི་ཚིགས་སུ་བཅད་པ་ཕྱེད་ཀྱི་

དོན་འགྲེལ་པས་བཀྲོལ་ཏེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེས་སྡུག་བསྔལ་ཁས་ལེན་པ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཁ་ཅིག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་འཁོར་བ་ཁས་བླངས་ཀྱང་འཁོར་བའི་སྡུག་བསྔལ་ཁས་མ་བླངས་སོ་སྙམ་པ་ལ། བྱང་

ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བ་ཁས་བླངས་པས་ན། འཁོར་བའི་སྡུག་བསྔལ་རྣམས་ཀྱང་ཁས་བླངས་པ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་དག་ནི་སྡུག་བསྔལ་རང་བཞིན་ཏེ། །སེམས་ཅན་དོན་དུ་སྙིང་རྗེ་གང་མི་གཏོང་། །གཞན་དག་ལ་ནི་

ཕན་ཕྱིར་སྡུག་བསྔལ་ནི། །སྙིང་རྗེ་ཅན་གྱིས་ཁས་ཀྱང་མ་བླངས་སམ། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་མདོ་དག་ལས། སྐྱེ་བ་སྡུག་བསྔལ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྡུག་བསྔལ་བ་དང་། འདོད་པ་ཇི་སྙེད་པ་སྡུག་བསྔལ་བ་དང་། མི་མཛའ་བ་དང་ཕྲད་པ་སྡུག་

བསྔལ་བ་དང་། མཛའ་བ་དང་བྲལ་བ་སྡུག་བསྔལ་བ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ་ཞེས་འཁོར་བ་ཡང་སྡུག་བསྔལ་གྱི་རང་བཞིན་དུ་བཤད་ལ། སྡུག་བསྔལ་ཐམས་ཅད་ཀྱང་འཁོར་བར་མ་འདུས་པ་གང་ཡང་མེད་དེ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་

དུ་སྙིང་རྗེའི་ཤུགས་ཀྱིས་འཁོར་བ་ཡོངས་སུ་མ་བཏང་སྟེ། འཁོར་བ་ཁས་བླངས་ན་སེམས་ཅན་གཞན་ལ་ཕན་པ་བྱ་བའི་ཕྱིར། སྙིང་རྗེ་ཅན་གྱིས་འཁོར་བའི་སྡུག་བསྔལ་ཐམས་ཅད་ཁས་མ་བླངས་པ་ཅི་ཞིག་ཡོད་དེ། སྡུག་བསྔལ་ཐམས་ཅད་ཀྱང་ཁས་བླངས་ཆེས་སོ་ཞེས་བྱ་བའི་དོན་ཏོ། །དེའི་

เล่ม ๑๒๖ · หน้า 72a

འབྲས་བུ་དང་གསུམ་འཕེལ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་རྣམས་ཆོས་གསུམ་འཕེལ་བ་དང་། ཆོས་གསུམ་གྱི་འབྲས་བུ་འཕེལ་བ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་དང་ནི་སྦྱིན་དང་ལོངས་

སྤྱོད་རྣམས། །སྙིང་རྗེ་ཅན་གྱིས་རྟག་ཏུ་རྣམ་འཕེལ་འགྱུར། །ཞེས་བྱ་བ་ལ། །སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་ཆོས་རྣམ་པ་གསུམ་འཕེལ་བར་འགྱུར་ཏེ། ཆོས་གསུམ་ནི་སྙིང་རྗེ་འཕེལ་བ་དང་། སྦྱིན་པ་འཕེལ་བ་དང་། ལོངས་སྤྱོད་འཕེལ་བའོ། །བྱམས་པ་ནི་ཕན་པ་བསྐྱེད་པ་

དང་། དེ་མཐུས་བྱས་བདེ་དེ་ཡང་དེ་ལས་སོ། །ཞེས་བྱ་བ་ལ། འབྲས་བུ་གསུམ་འཕེལ་བ་ནི་སྙིང་རྗེའི་དབང་གིས་སེམས་ཅན་ཀུན་ལ་ཕན་པར་སེམས་པའི་བྱམས་པ་འཕེལ་བར་འགྱུར་བ་དང་། སྦྱིན་པའི་དབང་གིས་ཕོངས་པ་རྣམས་ལ་ཡོ་བྱད་ཀྱིས་ཕན་བཏགས་པས་ཕན་པ་བསྐྱེད་པ་འཕེལ་བ་

དང་། ལོངས་སྤྱོད་ཀྱི་དབང་གིས་ལོངས་སྤྱོད་ལས་ནི་སེམས་ཅན་ལ་བདེ་བའི་མཐུ་བསྐྱེད་པས་འཕེལ་བར་འགྱུར་ཏེ། ལོངས་སྤྱོད་ཡོད་ན་གདོད་སེམས་ཅན་ལ་ཡོ་བྱད་ཀྱིས་ཕན་གདགས་པའི་མཐུ་ཡོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ཐམས་ཅད་དུ་གསུམ་འཕེལ་བར་འགྱུར་

བ་ནི་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཚེ་རབས་ཀུན་དུ་སྙིང་རྗེ་འཕེལ་བ་དང་། སྦྱིན་པ་འཕེལ་བ་དང་། ལོངས་སྤྱོད་འཕེལ་བ་ནི་སྙིང་རྗེའི་སྟོབས་ཀྱིས་འཕེལ་ཏེ། དེ་ལ་སྙིང་རྗེ་ཉིད་ལ་གོམས་པར་བྱས་པ་ནི་ཚེ་རབས་གཞན་དུ་སྙིང་རྗེ་ཉིད་ཤས་ཆེར་འཕེལ་བར་འགྱུར་བའི་

ཕྱིར་རོ། །སྦྱིན་པའང་སྙིང་རྗེའི་སྟོབས་ལས་སོ། །ཞེས་བྱ་བ་ལ། སྦྱིན་པ་འཕེལ་བ་ཡང་སྙིང་རྗེའི་སྟོབས་ཀྱིས་འཕེལ་ཏེ། །སེམས་ཅན་བྲེལ་བ་དང་ཕོངས་པ་རྣམས་ལ་སྙིང་རྗེ་ཡོད་ན་གདོད་ཕྱི་དང་ནང་གི་དངོས་པོ་གཏོང་བའི་ཕྱིར་རོ། །ལོངས་སྤྱོད་ཀྱང་སྦྱིན་པའི་སྟོབས་ལས་ཏེ་ཞེས་བྱ་བ་ལ།

ཚེ་རབས་གཞན་དུ་ལོངས་སྤྱོད་འཕེལ་བར་འགྱུར་བ་ཡང་ཚེ་འདིར་སྦྱིན་པ་བྱས་པའི་སྟོབས་ཀྱིས་འཕེལ་བར་འགྱུར་ཏེ། ཚེ་འདིར་སྦྱིན་པ་བཏང་བ་དང་། གདོད་ཚེ་ཕྱི་མར་ལོངས་སྤྱོད་ཆེན་པོར་འགྱུར་བའི་ཕྱིར་རོ། །དེ་གསུམ་ལས་འབྲས་བུ་བདེ་བ་གསུམ་དུ་འགྱུར་ཏེ་ཞེས་བྱ་བ་ལ། ཆོས་

เล่ม ๑๒๖ · หน้า 72b

རྣམ་པ་གསུམ་འཕེལ་བས་འབྲས་བུ་བདེ་བ་རྣམ་པ་གསུམ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ལས་ནི་བྱམས་པ་བསྐྱེད་པའོ་ཞེས་བྱ་བ་ལ། སེམས་ཅན་གྱི་སྡུག་བསྔལ་བསལ་ལོ་སྙམ་དུ་སེམས་པའི་སྙིང་རྗེའི་ཆོས་ལས་ནི་སེམས་ཅན་རྣམས་བདེ་བ་ལ་གཞག་པར་བྱའོ་སྙམ་དུ་སེམས་

པའི་བྱམས་པའི་སེམས་བསྐྱེད་པའི་འབྲས་བུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པས་ནི་སེམས་ཅན་ལ་ཕན་འདོགས་པ་སྐྱེད་པའོ་ཞེས་བྱ་བ་ལ། སྦྱིན་པའི་ཆོས་འཕེལ་བས་ནི་སེམས་ཅན་ལ་ཟང་ཟིང་གིས་ཕན་འདོགས་པའི་འབྲས་བུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་

ལས་ནི་དེ་ལ་ཕན་གདགས་པར་བྱ་བའི་མཐུ་བྱས་པའོ་ཞེས་བྱ་བ་ལ། ལོངས་སྤྱོད་ཀྱི་ཆོས་འཕེལ་བས་ནི་སེམས་ཅན་ལ་ཡོ་བྱད་ཀྱིས་ཕན་གདགས་པར་བྱ་བའི་མཐུ་ཡོད་པའི་འབྲས་བུ་མྱོང་བར་འགྱུར་ཏེ། ལོངས་སྤྱོད་ཡོད་ན་གདོད་སེམས་ཅན་ལ་ཟང་ཟིང་གིས་ཕན་འདོགས་པའི་མཐུ་

ཡོད་པའི་ཕྱིར་རོ། །སྦྱིན་པ་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དཔེར་ན་མི་ལེ་ལོ་ཅན་འགའ་ཞིག་ལ་དེ་ལ་ཕན་པར་འདོད་པའི་མི་འགའ་ཞིག་གིས་ལེ་ལོ་སྤང་བར་བྱ་བའི་ཕྱིར་སེམས་གཟེངས་བསྟོད་ཅིང་སྤྲོ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། སྦྱིན་པ་ལེ་ལོར་གྱུར་ནས་སེམས་ཅན་

ལ་མི་འཇུག་པ་ལ། སྙིང་རྗེས་སྦྱིན་པ་བྱས་ན་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བས་སྦྱིན་པ་ལ་ཁྱོད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་སྦྱིན་པ་ལ་གཟེངས་བསྟོད་ཅིང་སྤྲོ་བར་བྱེད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འཕེལ་བ་དང་ནི་རབ་ཏུ་སྤེལ་བར་བྱ། །སྦྱིན་པས་

རབ་ཏུ་བདེ་བྱ་སྨིན་པར་བྱ། །དྲང་བར་བྱ་ཞིང་ཀུན་དུ་བཀྲི་བར་བྱ། །སྙིང་རྗེ་ལེ་ལོ་ཅན་ལ་སྨྲ་བ་བཞིན། །ཞེས་བྱ་བ་ལ། སྙིང་རྗེ་ལེ་ལོ་ཅན་ལ་སྨྲ་བ་བཞིན་ཞེས་བྱ་བའི་ཚིག་དང་པོར་བཤད་དེ། དཔེར་ན་ལེ་ལོ་ཅན་འགའ་ཞིག་ལ་དེ་ལ་ཕན་པར་འདོད་པའི་མི་ལ་ལ་ཞིག་གིས་ལེ་ལོ་བྱ་བར་

མི་རིགས་པར་སྨྲ་བར་བྱེད་པ་དང་འདྲ་བར་སྦྱིན་པ་ལེ་ལོ་ཅན་ལ་སྙིང་རྗེ་སྨྲ་བར་བྱེད་དེ་ཇི་ལྟར་སྨྲ་བར་བྱེད་ཅེ་ན། སྦྱིན་པ་བྱས་དང་ཡོན་ཏན་དྲུག་འཕེལ་བར་འགྱུར་བས་ན་སྦྱིན་པ་ཁྱོད་ལེ་ལོ་བྱེད་པར་མི་རིགས་སོ་ཞེས་སྦྱིན་པ་ལ་སྨྲ་བར་བྱེད་དོ། །དེ་ལ་འཕེལ་བ་དང་ཞེས་པ་ནི། སྦྱིན་པ་ཁྱོད་

เล่ม ๑๒๖ · หน้า 73a

ཀྱིས་སྦྱིན་པ་བྱས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་འཕེལ་བར་འགྱུར་བས་སྦྱིན་པ་བྱ་བའི་རིགས་ཏེ། འདིས་ནི་སྙིང་རྗེའི་རང་བཞིན་འཕེལ་བར་འགྱུར་བ་བསྟན་ཏོ། །དེ་ལ་སྤེལ་བར་བྱ་ཞེས་བྱ་བ་ནི་སྙིང་རྗེའི་ཤུགས་ཀྱིས་སྦྱིན་པ་བྱས་ན་རྣམ་པ་གཉིས་འཕེལ་

བར་འགྱུར་ཏེ། ལོངས་སྤྱོད་འཕེལ་བར་འགྱུར་བ་དང་། སྦྱིན་པ་ཉིད་འཕེལ་བར་འགྱུར་བའོ། །དེ་ལ་ལོངས་སྤྱོད་འཕེལ་བར་འགྱུར་བ་ནི་སྦྱིན་པའི་མཐུས་མ་འོངས་པ་ན་ལོངས་སྤྱོད་ཆེན་པོ་རྣམ་པར་སྨིན་པར་འགྱུར་ཏེ། དེས་ནི་ལོངས་སྤྱོད་སྤེལ་བར་བྱ་བ་ཡིན་ནོ། །སྦྱིན་པ་སྤེལ་བར་བྱས་པ་ནི།

སྦྱིན་པའི་མཐུས་མ་འོངས་པ་ན་རྒྱུ་མཐུན་པའི་འབྲས་བུ་ཡང་སྦྱིན་པ་གཏོང་བ་ལ་དགའ་བར་འགྱུར་ཏེ། དེ་ལྟར་སྦྱིན་པ་སྤེལ་བར་བྱས་པ་ཡིན་ནོ། །སྦྱིན་པས་རབ་ཏུ་སྨིན་བྱ་ཞེས་བྱ་བ་ནི། སྦྱིན་པ་བཏང་ནས་སེམས་ཅན་བསྡུས་ཏེ། དགེ་བ་ལ་གཞག་པའི་སྒོ་ནས་སེམས་ཅན་སྨིན་པར་

བྱའོ་ཞེས་བྱ་བའི་དོན་ཏོ། །བདེ་བར་བྱས་ཞེས་བྱ་བ་ནི། ལེན་པ་པོའི་གང་ཟག་རྣམས་ཀྱང་བདེ་བ་དང་དགའ་བ་བསྐྱེད་པར་བྱ་བ་དང་། གཏོང་བ་པོའི་གང་ཟག་རྣམས་ཀྱང་བདེ་བ་དང་དགའ་བ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲང་བར་བྱ་ཞེས་བྱ་བ་ནི། སྦྱིན་པ་གཏང་བའི་སྒོ་ནས་

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་སོགས་སོ། །ཆོས་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་སོགས་སོ། །བཀྲི་བར་བྱ་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་བཀྲི་

བའམ་དེར་གཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་བྱ་བ་ལེ་ལོ་ཅན་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་ལ། མི་ལེ་ལོ་ཅན་དང་། དེ་ལ་ཕན་པར་འདོད་པ་གཉིས་ཕན་ཚུན་སྨྲ་བ་དང་འདྲ་བར་སྦྱིན་པ་ལེ་ལོར་གྱུར་ནས་སེམས་ཅན་ལ་མི་འཇུག་པ་ལ་སྙིང་རྗེ་སྨྲ་བར་བྱེད་དེ། ཇི་ལྟར་སྨྲ་བར་བྱེད་ཅེ་ན།

སྙིང་རྗེ་འཕེལ་བར་བྱ། སྦྱིན་པས་ལོངས་སྤྱོད་དང་སྦྱིན་པ་ཉིད་སྤེལ་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སྨྲ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་བདེ་བས་བདེ་བ་རྗེས་སུ་མྱོང་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འཇིག་རྟེན་པ་རྣམས་ནི་ཕྲག་དོག་གི་བསམ་པ་ཡོད་པས་

เล่ม ๑๒๖ · หน้า 73b

གཞན་བདེ་བ་མཐོང་ན་བདག་སྡུག་བསྔལ་བར་འགྱུར་ལ། སེམས་ཅན་རྣམས་སྡུག་པར་མཐོང་ན་བདག་དགའ་བར་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ཏེ། སེམས་ཅན་གཞན་སྡུག་བསྔལ་ན་བྱང་ཆུབ་སེམས་དཔའ་སྡུག་བསྔལ་བར་འགྱུར་ལ། སེམས་ཅན་གཞན་བདེ་

ན་བྱང་ཆུབ་སེམས་དཔའ་ཅིའང་མི་བདོག་ཀྱང་བདེ་བར་འགྱུར་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེས་སྡུག་བསྔལ་བས་ནི་སྡུག་བསྔལ་ན། །གཞན་བདེ་མ་བསྐྱེད་ཅི་ཕྱིར་བདེ་བར་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་

རྣམས་ནི་སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་གཞན་སྡུག་བསྔལ་བ་མཐོང་བས་བདག་ཉིད་སྡུག་བསྔལ་བར་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདག་ཉིད་བདེ་བ་འདོད་པས་སེམས་ཅན་བདེ་བ་ལ་མ་བཀོད་པར་བདག་ཉིད་བདེ་བར་ག་ལ་འགྱུར་ཏེ་ནམས་ཀྱང་བདེ་བར་མི་འགྱུར་རོ་

ཞེས་བྱ་བའི་དོན་ཏོ། །དེ་བས་ན་འཕགས་པ་དྲི་མ་མེད་པར་གྲགས་པའི་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ནད་ཇི་སྲིད་ཀྱི་བར་དུ་བདག་གི་ནད་ཀྱང་དེ་སྲིད་དུ་མི་འཚོའོ་ཞེས་བཤད་པ་ལྟ་བུའོ། །དེ་བས་གདག་ནི་བདེ་བར་འགྱུར་འདོད་ན། །སྙིང་རྗེ་གཞན་གྱི་བདེ་བ་བསྐྱེད་

པར་བྱའོ། །ཞེས་བྱ་བ་ལ། དེ་ལྟར་སེམས་ཅན་སྡུག་བསྔལ་ན་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ལ་སེམས་ཅན་བདེ་ན་བྱང་ཆུབ་སེམས་དཔའ་བདེ་བས་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་བདག་ཉིད་བདེ་བ་མྱོང་ཞིང་ཐོབ་པར་འདོད་ན་སེམས་ཅན་སྡུག་བསྔལ་བ་རྣམས་བདེ་བ་ལ་

དགོད་པར་བྱ་སྟེ། གཞན་བདེ་བ་སྐྱེད་དང་གདོད་བྱང་ཆུབ་སེམས་དཔའ་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་བས། །ཞེས་བྱ་བ་ནི། སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཤུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །གཞན་གྱི་སྡུག་བསྔལ་

གྱིས་སྡུག་བསྔལ་བར་འགྱུར། ཞེས་བྱ་བ་ནི། གཞན་སྡུག་བསྔལ་བ་མཐོང་ན་བྱང་ཆུབ་སེམས་དཔའ་ཉིད་སྡུག་བསྔལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ལ་བདེ་བ་སྐྱེད་པར་ཇི་ལྟར་བདེ་བར་འགྱུར་ཞེས་བྱ་བ་ནི། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཉིད་ལ་སྡུག་བསྔལ་

เล่ม ๑๒๖ · หน้า 74a

མི་འབྱུང་ཞིང་བདེ་བ་ཐོབ་པར་འདོད་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ཞིང་སེམས་ཅན་བདེ་བ་ལ་དགོད་པར་བྱ་སྟེ། དེ་ལྟར་མ་བྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བདེ་བ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེས་སྦྱིན་པ་རྗེས་སུ་

སྟོན་པ་ལ་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་ལ། དཔེར་ན་མཁན་པོ་དང་སློབ་དཔོན་གྱིས་སློབ་མ་ལ་འདི་ལྟར་གྱིས་ཤིག་ཅེས་སྟོན་ཅིང་སློབ་པར་བྱེད་པ་བཞིན་དུ་སྙིང་རྗེ་སློབ་དཔོན་དུ་གྱུར་པས་སྦྱིན་པ་སློབ་མ་ལྟ་བུར་གྱུར་པ་ལ་འདི་ལྟ་འདི་ལྟར་གྱིས་ཤིག་ཅེས་སྟོན་ཅིང་སློབ་པར་བྱེད་དེ། དེ་བསྟན་

པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་དྲུག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ནི་ཕྱིའི་དངོས་པོ་ཡིན་པས་དེ་ལ་སེམས་མེད་ན་ཇི་ལྟར་བསྟན་ཅིང་བསླབ་ཅེ་ན་ཡང་ལན་དུ་སེམས་མེད་པར་བདེན་མོད་ཀྱི་སློབ་པ་བཞིན་ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་སློབ་དཔོན་གྱིས་སློབ་མ་ལ་བསླབས་ནས་སློབ་

མ་ལས་དམ་པ་དག་ལ་འཇུག་པར་བྱེད་པ་བཞིན་དུ་སྙིང་རྗེས་སྦྱིན་པ་སྐྱོང་ནས་སྦྱིན་པ་ལས་དམ་པ་འཇུག་པར་བྱེད་པ་སྙིང་རྗེས་ནི་སྦྱིན་པ་ལ་སློབ་པ་བཞིན་ནོ། །སྙིང་རྗེ་ཅན་ནི་བདག་གི་སྦྱིན་པ་ལ། །བདག་བདེ་མི་འདོད་རྟག་ཏུ་སློབ་པར་བྱེད། །ཅེས་བྱ་བ་ལ། སྙིང་རྗེ་དང་ལྡན་པའི་

བྱང་ཆུབ་ཀྱི་སེམས་ཀྱི་སྙིང་རྗེ་ནི་བདག་བདེ་བ་མི་འདོད་པ་སྟེ། རྣམ་པ་ཐམས་ཅད་དུ་བདག་གི་བདེ་བ་སེམས་ཅན་ལ་སྟོབས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་སྙིང་རྗེ་བདག་བདེ་བ་མི་འདོད་པ་དེ་རྟག་ཏུ་བདག་ཉིད་ཀྱི་སྦྱིན་པ་ལ་སློབ་ཅིང་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སློབ་

པར་བྱེད་ཅེ་ན། དེའི་ཕྱིར། ལོངས་སྤྱོད་ཀྱིས་ནི་བདེ་བ་ཕ་རོལ་ལམ། །ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་དེ་སྦྱིན་པ་ལ་འདི་ལྟར་སློབ་སྟེ། འདི་ལྟར་སྦྱིན་པ་བཏང་བའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་བདེ་བ་དེའང་སྦྱིན་པ་ཁྱོད་ཀྱིས་ལོངས་སྤྱོད་ཀྱི་འབྲས་བུ་དེ་སེམས་ཅན་གཞན་གྱིས་མྱོང་བར་

བགྱིས་པ་དེ་ལྟར་གྱིས་ཤིག །གལ་ཏེ་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་སེམས་ཅན་གཞན་ལ་མ་སྨིན། དེ་བདག་ལ་སྨིན་པར་གྱུར་ན། དེ་ལྟར་ན་ནི་རྣམ་པར་སྨིན་པ་དེ་བདག་ལ་མ་སྨིན་ཡང་རུང་ངོ་ཞེས་སྦྱིན་པ་ལ་དེ་ལྟར་སློབ་པར་བྱེད་དོ། །སྙིང་རྗེ་དེ་སྦྱིན་པའི་འབྲས་བུ་ལོངས་སྤྱོད་

เล่ม ๑๒๖ · หน้า 74b

ཆེན་པོ་ཅིའི་ཕྱིར་སེམས་ཅན་ལ་སྟོབས་པར་བྱེད་ཅེ་ན། དེའི་ཕྱིར། བདག་དང་བདེ་བ་ཐ་དད་མ་ཡིན་པས། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་སྡུག་བསྔལ་ནི་བྱང་ཆུབ་སེམས་དཔའ་སྡུག་བསྔལ་བར་འགྱུར་ཏེ། སེམས་ཅན་དང་བྱང་ཆུབ་སེམས་དཔའ་སྡུག་བསྔལ་གཅིག་སྟེ་ཐ་མི་དད་པའི་ཕྱིར་དང་།

གཞན་བདེ་ན་བྱང་ཆུབ་སེམས་དཔའ་བདེ་སྟེ། སེམས་ཅན་དང་བྱང་ཆུབ་སེམས་དཔའ་བདེ་བ་གཅིག་ཅིང་ཐ་མི་དད་པས་ན་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་སེམས་ཅན་རྣམས་ལ་སྔོ་བར་བྱེད་དོ། །དེ་མེད་པར་བདག་གི་སྦྱིན་པའི་འབྲས་བུ་མི་འདོད་དོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་

དཔའ་དང་སེམས་ཅན་དུ་བདེ་བ་ཐ་མི་དད་དེ་གཅིག་པས་ན་སྙིང་རྗེས་སྦྱིན་པ་ལ་འདི་ལྟར་སློབ་པར་བྱེད་དེ། གལ་ཏེ་སྦྱིན་པ་ཁྱོད་ཀྱི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཞིག་སྨིན་པར་བྱས་ན་འབྲས་བུ་སེམས་ཅན་རྣམས་ཀྱིས་མྱོང་བར་འགྱུར་བར་བྱ་བ་དེ་ལྟར་སྨིན་པར་གྱིས་ཤིག །གལ་ཏེ་རྣམ་པར་སྨིན་པ་དེ་

སེམས་ཅན་ལ་སྦྱིན་པ་མེད་དེ་སེམས་ཅན་གྱིས་མྱོང་བར་མ་གྱུར་ན་ནི། དེ་ལྟར་ན་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་འདོད་པ་མེད་པས་སེམས་ཅན་སྨིན་ཡང་རུང་ངོ་ཞེས་སྦྱིན་པ་ལ་ཟེར་རོ། །འབྲས་བུ་བཅས་པའི་སྦྱིན་པ་སྦྱིན་བྱེད་ན། །སེམས་ཅན་སྦྱིན་པའི་བདེ་བས་བདག་བདེར་འགྱུར། །

ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་ཡོངས་སུ་གཏོང་བ་ན་སྦྱིན་པའི་རྫས་ཀྱི་དངོས་པོ་འབའ་ཞིག་གཏོང་བར་མ་ཟད་ཀྱི། སྦྱིན་པ་དེའི་འབྲས་བུ་ལོངས་སྤྱོད་ཆེན་པོ་རྣམ་པར་སྨིན་པ་ཡང་སེམས་ཅན་གྱིས་མྱོང་བར་གྱུར་ཅིག་ཅེས་སེམས་ཅན་ལ་བསྔོ་ཞིང་སྦྱིན་པར་བྱེད་དེ། །དེ་ལྟར་

སེམས་ཅན་རྣམས་ལ་རྫས་ཀྱི་དངོས་པོ་སྦྱིན་པ་དང་། སྦྱིན་པ་དེའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཡང་བྱིན་ནས་སེམས་ཅན་བདེ་བར་གྱུར་ན་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བར་འགྱུར་གྱི། རྫས་ཀྱི་དངོས་པོ་བཏང་སྟེ་སེམས་ཅན་བདེ་ལ་སྦྱིན་པའི་འབྲས་བུ་ལོངས་སྤྱོད་བྱང་ཆུབ་སེམས་དཔའ་

ཉིད་ཀྱིས་མྱོང་བ་ལ་ནི་བྱང་ཆུབ་སེམས་དཔའ་བདེ་བར་མི་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱོད་ཀྱིས་བྱ་བ་ང་ལ་ཡོད། །དེ་རྣམས་ལ་ནི་ཤིན་ཏུ་འབྲས་བུར་འགྱུར། །ཞེས་བྱ་བ་ལ། སྙིང་རྗེ་དེ་སྦྱིན་པ་ལ་འདི་ལྟར་སློབ་པར་བྱེད་དེ། གལ་ཏེ་སྦྱིན་པ་ཁྱོད་ཀྱིས་ང་ལ་ཕན་བཏགས་ཤིང་།

เล่ม ๑๒๖ · หน้า 75a

སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཞིག་སྦྱིན་པར་བྱ་བ་ཡོད། འབྲས་བུ་དེ་རྣམས་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྦྱིན་ཏེ། སེམས་ཅན་རྣམས་ཀྱིས་ཇི་ནས་ཀྱང་མྱོང་བར་འགྱུར་བ་དེ་ལྟར་ཁྱོད་ཀྱིས་གྱིས་ཤིག་དང་། དེ་ལྟར་བྱས་ན་གདོད་ཁྱོད་ཀྱིས་ང་ལ་ཕན་བཏགས་པ་

ཡིན་ནོ་ཞེས་སྙིང་རྗེ་སྦྱིན་པ་ལ་དེ་ལྟར་སྟོན་ཅིང་སློབ་པར་བྱེད་དོ། །སྦྱིན་པ་བྱིན་ན་སྦྱིན་པ་དང་སྦྱིན་པའི་འབྲས་བུ་དེ་དག་བདག་གིས་སེམས་ཅན་ལ་བྱིན་པས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་གཏོང་བའི་དུས་ན་ཡང་ཚུལ་འདི་ལྟར་གཏོང་སྟེ། སྦྱིན་པའི་དངོས་པོ་དང་། སྦྱིན་པ་དེ་བཏང་

བའི་འབྲས་བུ་གཉིས་ཀ་སེམས་ཅན་གྱིས་མྱོང་བར་གྱུར་ཅིག་ཅེས་བསྔོ་ཞིང་སྦྱིན་པར་བྱེད་དེ་དེ་ལྟར་ཟང་ཟིང་དང་འབྲས་བུ་གཉིས་ཀ་སེམས་ཅན་གྱིས་མྱོང་སྟེ། སེམས་ཅན་བདེ་བར་གྱུར་ན་གདོད་བྱང་ཆུབ་སེམས་དཔའ་བདེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ཉིད་ཀྱིས་ཇི་ཙམ་དུ་འབྲས་བུར་

བྱ་བ་དེ་ཙམ་དུ་འབྲས་བུར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས། གང་གི་ཕྱིར་སྦྱིན་པའི་དངོས་པོ་དང་། འབྲས་བུ་གཉི་ག་སེམས་ཅན་ལ་བཏང་ནས་སེམས་ཅན་བདེ་བར་གྱུར་ན་བྱང་ཆུབ་སེམས་དཔའ་ཡང་བདེ་བར་འགྱུར་བས། སྦྱིན་པ་ཁྱོད་ཀྱིས་སྦྱིན་པ་ཇི་སྙེད་ཅིག་བཏང་བའི་འབྲས་བུ་བདག་ལ་

ཇི་ཙམ་ཞིག་སྦྱིན་པར་བྱ་བའི་འབྲས་བུའི་འབྲས་བུ་དེ་དག་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱིས་ཤིག་དང་། དེ་ཉིད་ཀྱིས་ང་ལ་ཕན་བཏགས་པ་ཡིན་ནོ་ཞེས་སྙིང་རྗེས་སྦྱིན་པ་ལ་སྟོན་ཅིང་སློབ་པར་བྱེད་དོ། །སྦྱིན་པ་ཡི་ནི་ལོངས་སྤྱོད་མི་འདོད་པས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྦྱིན་

པ་གཏོང་བ་ཡང་། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར་བ་དེ་དག་བདག་གིས་མྱོང་བར་ནི་མི་འདོད་དེ་འབྲས་བུ་ལ་ཐམས་ཅད་ནས་ཐམས་ཅད་དུ་རྒྱབ་ཀྱིས་ལྟ་ཞིང་ལོངས་སྤྱོད་མྱོང་བར་བྱ་བ་ལ་གཅིག་ཏུ་མ་མྱོང་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་མང་པོ་མཆོག་དང་ཕྲད་གྱུར་ན། །ཞེས་བྱ་བ་ལ།

དེ་ལྟར་འབྲས་བུ་ལ་མོས་པ་མེད་ན། འབྲས་བུ་མི་འདོད་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་རྒྱ་ཆེན་པོ་དང་ལྡན་པ་དང་། ཆོས་ཉིད་ཀྱིས་ནི་སྦྱིན་པ་བཏང་བ་དང་། ལོངས་སྤྱོད་ཆེན་པོ་མི་མྱོང་དུ་མི་རུང་བ་ཡིན་པས་གང་དང་གང་དུ་སྐྱེས་པར་ལོངས་སྤྱོད་མང་པོ་རྒྱ་ཆེན་པོ་རྣམས་དང་བྱང་ཆུབ་སེམས་དཔའ་

เล่ม ๑๒๖ · หน้า 75b

རྟག་ཏུ་ཕྲད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་བདེ་བ་དག་ནི་བདག་མི་འདོད། །སྦྱིན་པ་རྒྱུན་དེ་ཡང་ནི་སྦྱིན་པར་འདོད། །ཅེས་བྱ་བ་ལ། དེ་ལྟར་ལོངས་སྤྱོད་རྒྱ་ཆེན་པོ་དང་ཕྲད་དུ་ཟིན་ཀྱང་ལོངས་སྤྱོད་ཀྱི་བདེ་བ་དེ་དག་ནི་བྱང་ཆུབ་སེམས་དཔའ་ནི་མི་འདོད་ཀྱི་ཅི་ཞིག་འདོད་ཅེ་ན། ཇི་ལྟར་བཏང་

བའི་སྦྱིན་པའི་འབྲས་བུའི་ཚེ་རབས་གཞན་དུ་ཡང་སྦྱིན་པ་རྒྱུན་དུ་གཏོང་ཞིང་སྦྱིན་པ་བྱེད་པར་འགྱུར་བ་ཙམ་འདོད་པར་ཟད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྦྱིན་པ་རྒྱུན་དུ་བྱེད་པ་དེ་རྒྱུན་དུ་མི་འདོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ལོངས་སྤྱོད་ཆེན་པོ་ལོངས་སྤྱོད་དམ་པ་དང་རྟག་ཏུ་ཕྲད་ཀྱང་ལོངས་སྤྱོད་ཀྱི་བདེ་

བ་ལ་ཅུང་ཟད་ཀྱང་འདོད་པ་མེད་ཀྱི། གཞན་དུ་ན་བདག་གི་སྦྱིན་པ་ཡོངས་སུ་བཏང་བའི་འབྲས་བུ་ཚེ་རབས་གཞན་དུ་སེམས་ཅན་རྣམས་ལ་སྦྱིན་པ་རྒྱུན་དུ་གཏོང་བ་དང་། སྦྱིན་པ་གཏོང་བ་དེ་རྒྱུན་མི་འཆད་པར་གཏོང་བ་ཙམ་དུ་ཟད་དོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ། །སྙིང་རྗེས་བདག་ལ་

རྟག་ཏུ་རབ་ལྟ་ན། །ཞེས་བྱ་བ་ལ། གཞན་སྙིང་རྗེ་ནི་སྦྱིན་པ་ལ་འདི་ལྟར་སློབ་སྟེ། སྙིང་རྗེ་ལག་ན་བདོག་པའི་དངོས་པོ་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་གཏོང་བ་ཡང་སྦྱིན་པའི་འབྲས་བུ་འདོད་པའི་ཕྱིར་གཏོང་བ་ནི་མ་ཡིན་གྱི། སེམས་ཅན་ལ་སྙིང་རྗེ་བས་ན་བདག་གི་ལག་ན་ཡོད་པ་རྣམས་ལ་ཆགས་

པ་མེད་པར་གཏོང་སྟེ། དེའང་ཕྱི་དང་ནང་གི་དངོས་པོ་འབའ་ཞིག་གཏོང་བར་མ་ཟད་ཀྱི། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཡང་སེམས་ཅན་ལ་ཡོངས་སུ་གཏོང་ངོ་། །དེ་ལྟར་འབྲས་བུ་ཡང་བཏང་ན་སྦྱིན་པ་ཁྱོད་འབྲས་བུ་སེམས་ཅན་ལ་སྨིན་པར་མི་བྱེད་པར་ཅིའི་ཕྱིར་འབྲས་བུ་བདག་ལ་རྟག་ཏུ་

ལྟ་ཞིང་བདག་ལ་འཁོར་ལ་འབྲས་བུ་བདག་ལ་སྨིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཁྱོད་ཀྱིས་ཡང་དག་ཤེས་པར་བྱོས། །བདག་ནི་འབྲས་བུ་དོན་མི་གཉེར། །ཞེས་བྱ་བ་ལ། དེ་བས་ན་སྦྱིན་པ་ཁྱོད་ཀྱིས་སྙིང་རྗེ་འདི་ནི་སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད་དེ། སྦྱིན་པའི་འབྲས་བུ་ལ་དོན་དུ་མི་

གཉེར་བས་ན་སྙིང་རྗེ་འབྲས་བུ་སྦྱིན་པ་ནི་མི་རིགས་ཀྱི། སྦྱིན་པའི་འབྲས་བུ་ཡང་སེམས་ཅན་ལ་སྦྱིན་པའི་རིགས་སོ་ཞེས་སྦྱིན་པ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་སྦྱིན་པ་ལ་སློབ་པར་བྱེད་དོ། །གང་བདག་གིས་སྙིང་རྗེས་སྦྱིན་པའི་འབྲས་བུ་ཐམས་ཅད་ཡོངས་སུ་གཏོང་བར་ཤེས་པར་

เล่ม ๑๒๖ · หน้า 76a

བྱའོ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེས་བདག་གི་ཕྱི་ནང་གི་དངོས་པོ་ཐམས་ཅད་དང་དེའི་འབྲས་བུ་སེམས་ཅན་ལ་རྟག་པར་བཏང་བ་ཡང་སེམས་ཅན་རྣམས་ལ་སྙིང་རྗེའི་སྒོ་ནས་རྟག་པར་གཏོང་བར་ཟད་ཀྱི། སྦྱིན་པའི་འབྲས་བུ་ལ་ནི་ཅུང་ཟད་ཀྱང་ཆགས་པ་མེད་དོ་ཞེས་

ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་རྗེས་སུ་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་སྦྱིན་པ་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་བའི་རིགས་ཏེ། སྙིང་རྗེས་འདི་ནི་སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད་པས། འདི་ལ་འབྲས་

བུ་སྦྱིན་པར་བྱ་བའི་མི་རིགས་ཀྱི་དེའི་འབྲས་བུ་སེམས་ཅན་རྣམས་ཀྱིས་མྱོང་བར་བྱ་བའི་རིགས་སོ་ཞེས་སྦྱིན་པ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་སྦྱིན་པ་ལ་དེ་ལྟར་སྟོན་ཅིང་འདོམས་སོ། །ཁྱོད་ཀྱིས་འབྲས་བུ་ཐོབ་པ་མ་སྤངས་ན། །སྦྱིན་པ་ལ་ནི་མངོན་པར་མོས་མ་ཡིན། །ཞེས་བྱ་བ་ལ།

གཞན་ཡང་སྙིང་རྗེས་སྦྱིན་པ་ལ་འདི་སྐད་སྨྲ་བར་བྱེད་དེ། གལ་ཏེ་ངས་སྦྱིན་པའི་དངོས་པོ་ནི་བཏང་གི་སྦྱིན་པ་ཁྱོད་ཀྱིས་འབྲས་བུ་ལོངས་སྤྱོད་ཆེན་པོ་ཐོབ་པ་དེ་བདག་གིས་མ་སྤངས་ཏེ་མ་བཏང་ན། དེ་ལྟར་ན་ནི་སྙིང་རྗེ་འདི་སྦྱིན་པ་གཏོང་བ་ལ་མ་མོས་པ་ཡིན་ནོ་ཞེས་སྦྱིན་པ་ཁྱོད་ཀྱིས་དེ་ལྟར་རིག་

པར་བྱ་བའི་རིགས་སོ། །ཇི་ལྟར་སྐད་ཅིག་ཙམ་ཡང་སྦྱིན་མེད་པར། །སྦྱིན་པ་ལ་ནི་མངོན་པར་དགའ་མ་ཡིན། །ཞེས་བྱ་བ་ལ། དེ་ལྟར་མ་ཡིན་ཏེ་སྙིང་རྗེ་བདག་ནི་སྦྱིན་པའི་དངོས་པོ་ནི་གཏོང་ལ། དེའི་འབྲས་བུ་མི་གཏོང་བ་དེ་ལྟ་བུའི་སྦྱིན་པ་ལ་ཡང་བདག་དགའ་བ་མ་ཡིན་ལ། བདག་

ནི་སྦྱིན་པ་མི་གཏོང་ཞིང་སྦྱིན་པ་བྱེད་པ་མེད་པར་སྐད་ཅིག་ཙམ་ཡང་གནས་པར་མི་དགའ་ཞིང་མ་མོས་པ་ཡིན་ཏེ། དེ་བས་ན་འབྲས་བུ་ཐོབ་པ་རྣམས་ཀྱང་གཏོང་བ་དང་སྦྱར་ན་སྙིང་རྗེ་སྦྱིན་པ་གཏོང་བ་ལ་མངོན་པར་དགའ་བ་ཡིན་ནོ་ཞེས་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་སྟོན་ཏོ། །

མ་བྱས་འབྲས་བུར་མི་འགྱུར་བས། །དེ་ལྟར་ལན་རེ་ཡོང་བས་ང་མི་མཚུངས། །ཞེས་བྱ་བ་ལ། རྣམ་པ་གཞན་དུ་ཡང་སྙིང་རྗེས་ནི་སྦྱིན་པ་ལ་འདི་ལྟར་སློབ་པར་བྱེད་དེ། སྦྱིན་པ་ཁྱོད་ནི་སྦྱིན་པ་ལ་བྱས་པ་རྣམས་ནི་འབྲས་བུར་མི་འགྱུར་ཞིང་འབྲས་བུ་སྨིན་པར་མི་བྱེད་པས་དེ་ལྟར་ན་ཁྱོད་ནི་

เล่ม ๑๒๖ · หน้า 76b

ལན་ལ་རེ་བ་མ་ཡིན་ནོ། །སྙིང་རྗེས་ནི་གང་བྱིན་ཡང་རུང་མ་བྱིན་ཡང་རུང་། འབྲས་བུ་སྨིན་ཡང་རུང་མ་སྨིན་ཡང་རུང་སྟེ། སེམས་ཅན་ཀུན་ལ་ཕན་པ་དང་བདེ་བ་བྱེད་པ་དང་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་བྱེད་པས་ན་ང་ནི་ལན་ལ་རེ་བ་མེད་པའི་ཕྱིར་ཁྱོད་དང་མི་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །

གང་གིས་བྱས་པ་དེ་ལས་འབྲས་བུར་སྨིན། །དེའི་ཕྱིར་ཁྱོད་ལན་རེ་བས་ང་མི་མཚུངས། །ཞེས་བྱ་བ་ལ། གཞན་ཡང་སྦྱིན་པ་ཁྱོད་ནི་གང་གི་སྦྱིན་པ་བྱས་པ་དེ་ལ་འབྲས་བུ་སྨིན་ཅིང་སྒྲུབ་པར་བྱེད་པས་ན་ཁྱོད་ལ་ནི་ལན་རེ་བ་ཡོད་ཀྱི། ང་ནི་སྦྱིན་པ་མ་བྱས་པ་ལ་ཡང་འབྲས་བུ་སྒྲུབ་པར་བྱེད་དེ། བྱས་པ་

དང་མ་བྱས་པ་ཀུན་ལ་ཕན་འདོགས་པ་ལ་ལན་རེ་བ་མེད་པའི་ཕྱིར་ཁྱོད་དང་མི་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །སྙིང་བརྩེ་བ་སྦྱིན་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། སྦྱིན་པ་གང་བཏང་ན་ཚེ་འདི་དང་ཚེ་རབས་གཞན་དུ་ཕན་པར་འགྱུར་གྱི་གནོད་པར་མི་འགྱུར་བའི་སྦྱིན་པ་ནི་སྙིང་བརྩེ་

བའི་སྦྱིན་པ་ཞེས་བྱ་སྟེ། དེ་ལྟ་བུའི་སྦྱིན་པ་གཏང་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གནས། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེ་འདི་དང་ཚེ་རབས་གཞན་དུ་

ཕན་པར་འགྱུར་བའི་སྙིང་བརྩེ་བའི་སྦྱིན་པ་ནི་རྣམ་པ་དྲུག་སྟེ། ཁ་ན་མ་ཐོ་བ་མེད་པ་སྦྱིན་པ་དང་། དག་པའི་གནས་སྦྱིན་པ་དང་། ཕན་པར་བྱེད་པ་སྦྱིན་པ་དང་། རྗེས་སུ་སྲུང་བར་བྱེད་པ་སྦྱིན་པ་དང་། ཚོལ་བ་མེད་པར་སྦྱིན་པ་དང་། ཆགས་པ་མེད་པར་སྦྱིན་པའོ། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ནི།

གཞན་ལ་མི་གནོད་པར་སྦྱིན་པའོ་ཞེས་བྱ་བ་ལ། སྐྱེ་བོ་གཞན་དག་ལ་ཕྲོགས་ཤིང་གནོད་པར་བྱས་ནས་གཞན་དག་ལ་གཏོང་བ་དང་། སེམས་ཅན་དག་བསད་ཅིང་ཤ་གཞན་ལ་སྦྱིན་པར་བྱེད་པ་དང་། སློང་བའི་གང་ཟག་རྣམས་བཀྲེན་པ་དང་ལྟོགས་པ་ཞེས་བྱ་བའི་ཚིག་ངན་པ་ལ་སོགས་

པ་སྨྲས་ནས། སྡུག་བསྔལ་བསྐྱེད་དེ་སྦྱིན་པར་བྱེད་པ་ནི་ཁ་ན་མ་ཐོ་བ་ཞེས་བྱ་སྟེ། དེ་ལྟ་བུའི་གནོད་པ་མེད་པ་བྱས་ནས་སྦྱིན་པར་བྱེད་པས་ན་ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། །དག་པའི་གནས་ནི་བརྟགས་པའི་དངོས་པོ་སྦྱིན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། དུག་དང་མཚོན་ཆ་ལ་

เล่ม ๑๒๖ · หน้า 77a

སོགས་པ་མ་བརྟགས་པའི་དངོས་པོ་མི་གཏོང་གི་དངོས་པོ་གཙང་མ་སྦྱིན་པར་བྱེད་ཀྱི། དུག་དང་མཚོན་ཆ་དང་ཆང་ལྟ་བུ་སྦྱིན་པར་མི་བྱེད་པས་ན་དག་པའི་གནས་སྦྱིན་པ་ཞེས་བྱའོ། །ཕན་པར་བྱེད་པ་ནི་སྦྱིན་པས་ཀུན་དུ་བསྲུངས་ཤིང་དགེ་བ་ལ་སྦྱོར་བའོ་ཞེས་བྱ་བ་ལ། །སྦྱིན་

པས་སེམས་ཅན་རྣམས་བསྲུངས་ནས། །ཚེ་ཕྱི་མར་ལྷ་དང་མིའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དགེ་བ་བྱེད་དུ་བཅུག་པ་ནི་ཕན་པར་བྱེད་པའི་སྦྱིན་པ་ཞེས་བྱའོ། །བསྲུང་བར་བཅས་པ་ནི་འཁོར་གྱི་འགྲོ་བ་ལ་གནོད་པ་མེད་པར་གཞན་ལ་སྦྱིན་པའི་ཕྱིར་རོ་ཞེས་བྱ་བ་ལ། བསྲུང་བར་བཅས་པའི་

སྦྱིན་པ་ནི་སྦྱིན་པ་གཏོང་བ་དེ་ཡང་ཐམས་ཅད་བཏོང་ནས་ཅུང་ཟད་ཀྱང་མེད་པར་བྱས་ཏེ། བདག་གི་བུ་སྨད་དང་བྲན་གཡོག་ལ་སོགས་པ་འཁོར་ལ་གནོད་པ་ལྟ་བུར་སྦྱིན་པ་མི་བྱེད་ཀྱི་ཕྱི་ན་ཡང་འཁོར་ལ་གནོད་པ་མེད་པར་ཅུང་ཟད་འཇོག་པའོ། །ཡང་ན་བསྲུང་བ་དང་བཅས་པའི་སྦྱིན་པ་ནི་གང་

ཟག་བྱང་ཆུབ་སེམས་དཔའ་དེ་བུ་སྨད་དང་བྲན་གཡོག་ལ་སོགས་པ་གཞན་ལ་གཏོང་བར་བྱེད་པ་ཡང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ལ་གཏོང་བར་མི་བྱེད་པའོ། །ཚོལ་བ་མེད་པ་ནི་ཕོངས་པའི་དོན་ཤེས་ནས་མ་བླངས་པར་བདག་ཉིད་ཀྱིས་སྦྱིན་

ཞིང་སྦྱིན་གནས་ཡོངས་སུ་མི་ཚོལ་བའོ་ཞེས་བྱ་བ་ལ། ཚོལ་བ་མེད་པའི་སྦྱིན་པ་ནི་སེམས་ཅན་ཕོངས་པ་དང་བྲེལ་བའི་སྐབས་ཤེས་ནས་གཞན་གྱིས་མ་བླངས་པར་ཡང་བདག་ཉིད་ཀྱི་ལག་ནས་གཏོང་བར་བྱེད་པ་དང་། འདི་ལ་སྦྱིན་འདི་ལ་མི་སྦྱིན་ཞེས་བསོད་ནམས་ཀྱི་ཞིང་མི་ཚོལ་གྱི་

སྙོམས་པར་སེམས་ཅན་ཀུན་ལ་གཏོང་བར་བྱེད་པའོ། །ཆགས་པ་མེད་པ་ནི་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་ཕྱིར་རོ་ཞེས་བྱ་བ་ལ། ཆགས་པ་མེད་པའི་སྦྱིན་པ་ནི་བདག་གིས་སྦྱིན་པ་འདི་བཏང་བས་སླར་བདག་ལ་ཕན་འདོགས་པར་ཤོག་ཤིག་ཅེས་ལན་ལ་ཆགས་པ་མེད་པ་དང་། སྦྱིན་པ་

བཏང་བ་འདིས་ཚེ་རབས་གཞན་རྣམ་པར་སྨིན་པའི་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག་ཅེས་རྣམ་པར་སྨིན་པ་ལ་ཆགས་པ་མེད་པར་གཏོང་བས་ན་མི་ཆགས་པའི་སྦྱིན་པ་ཞེས་བྱའོ། །རྣམ་པ་གཞན་དུ་ན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཐུགས་རྗེས་སྦྱིན་པ་རྣམ་པ་གཅིག་བཤད་ནས་

เล่ม ๑๒๖ · หน้า 77b

གཞན་ཡང་ཚེ་རབས་འདི་དང་ཚེ་རབས་གཞན་དུ་ཕན་པར་འགྱུར་བའི་ཐུགས་རྗེས་སྦྱིན་པའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རྒྱས་དང་གཙོ་བོ་དང་། །ཞེས་བྱ་བ་ལ། ཐམས་ཅད་གཏོང་བ་དང་། རྒྱས་པར་གཏོང་བ་དང་། གཙོ་བོར་གཏོང་བ་

ཞེས་བྱ་བར་སྦྱར་རོ། །དེ་ལ་ཕྱི་ནང་གཉི་ག་གཏོང་བས་ན། ཐམས་ཅད་གཏོང་བའོ། །ཆུང་ངུ་དང་ཉུང་ངུ་མི་གཏོང་གི་ཆེན་པོ་དང་མང་པོ་གཏོང་བས་ན་རྒྱས་པར་གཏོང་བ་ཞེས་བྱའོ། །དངོས་པོ་ཞིགས་པ་དང་། རུལ་བ་དང་། སྤྱད་དུ་མི་རུང་བ་མི་གཏོང་གི་ཁ་དོག་དང་དབྱིབས་དང་། དྲི་ཕུན་

སུམ་ཚོགས་ཤིང་བཟང་པོ་གྱ་ནོམ་པ་གཏོང་བས་ན་གཙོ་བོ་གཏོང་བ་ཞེས་བྱའོ། །རྟག་དང་དགའ་དང་ཟང་ཟིང་མེད། །ཞེས་བྱ་བ་ལ། རྟག་ཏུ་གཏོང་བ་དང་། དགའ་བར་གཏོང་བ་དང་། ཟང་ཟིང་མེད་པར་གཏོང་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐད་ཅིག་མ་གཅིག་ལ་གཏོང་། སྐད་ཅིག་མ་གཅིག་ལ་མི་གཏོང་། ཉིན་

གཅིག་གཏོང་། ཉིན་གཅིག་མི་གཏོང་། ལོ་འགའ་གཏོང་ལོ་འགའ་མི་གཏོང་བ་མ་ཡིན་གྱི། རྒྱུན་མི་འཆད་པར་གཏོང་བས་ན་རྒྱུན་དུ་གཏོང་བ་ཞེས་བྱའོ། །སེར་སྣའི་སེམས་མེད་པར་དགའ་བ་དང་མགུ་བའི་སེམས་ཀྱིས་འདི་ལ་གཏོང་འདི་ལ་མི་གཏོང་ཞེས་བརྟགས་པ་མེད་ཀྱི། ཐམས་

ཅད་ལ་སྙོམས་པར་གཏོང་བས་ན་དགའ་བས་གཏོང་བ་ཞེས་བྱའོ། །ཚེ་འདིར་ལན་ལ་རེ་བ་མེད་པ་དང་། ཚེ་རབས་གཞན་དུ་རྣམ་པར་སྨིན་པ་ལ་རེ་བ་མེད་པས་ན་ཟང་ཟིང་མེད་པར་གཏོང་བ་ཞེས་བྱའོ། །དག་དང་བྱང་ཆུབ་བསྔོ་དང་དགེ་བ་བསྔོ། །ཞེས་བྱ་བ་ལ། དག་པ་གཏོང་བ་དང་། བྱང་

ཆུབ་ཏུ་བསྔོ་བ་གཏོང་བ་དང་། དགེ་བ་བསྔོ་བའི་གཏོང་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་དག་པ་གཏོང་བ་ནི་གོང་དུ་དག་པའི་གནས་སྦྱིན་པ་དང་དོན་གཅིག་སྟེ། དུག་དང་མཚོན་ཆ་དང་ཆང་ལ་སོགས་པ་བརྟགས་པའི་དངོས་པོ་མི་གཏོང་བས་ན་དག་པ་གཏོང་བ་ཞེས་བྱའོ། །སྦྱིན་པ་བྱས་པ་རྣམས་

འཇིག་རྟེན་གྱི་ལྷའམ་མིའམ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་མི་བསྔོའི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྔོ་བས་ན་བྱང་ཆུབ་ཏུ་བསྔོ་བ་གཏོང་བ་ཞེས་བྱའོ། །དགེ་བ་ལ་བསྔོ་བའི་དོན་ནི་གོང་དུ་ཕན་པར་བྱེད་པའི་སྦྱིན་པ་བཤད་པ་དང་དོན་གཅིག་སྟེ། སྦྱིན་པས་བསྡུས་

เล่ม ๑๒๖ · หน้า 78a

ནས་དགེ་བ་ལ་བཀོད་པ་ནི་དགེ་བ་ལ་བསྔོ་བའི་གཏོང་བ་ཞེས་བྱའོ། །སྤྱད་པར་བྱ་བའི་ཁྱད་པར་གྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འཇིག་རྟེན་པ་དག་སྦྱིན་པ་བྱས་ནས་ལོངས་སྤྱོད་དག་མྱོང་བར་འགྱུར་བ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་སྦྱིན་པ་བཏང་

ནས་ཟག་པ་མེད་པའི་བདེ་བ་མྱོང་བ་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་སུ་ཐུགས་རྗེ་དང་ལྡན་པའི་ཐུགས་ཀྱིས་སྦྱིན་པ་བཏང་བའི་འབྲས་བུ་དེ་དག་པས་ལོངས་སྤྱོད་ཁྱད་པར་ཅན་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བདེ་བ་གསུམ་

གྱིས་ཚིམ་པའི་ཡིད། །སྙིང་རྗེ་ཅན་གྱི་གཏོང་བ་དག་རྙེད་ལྟར། །ལོངས་སྤྱོད་ཅན་དག་ལོངས་སྤྱོད་དག་གིས་ནི། །དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་གཏོང་བ་ན་བདེ་བ་གསུམ་གྱིས་ཡིད་ཚིམ་པར་འགྱུར་ཏེ། བདེ་བ་གསུམ་ནི་སྦྱིན་ན་

དགའ་བའི་བདེ་བ་དང་། ཕ་རོལ་ལ་ཕན་བཏགས་པའི་དགའ་བའི་བདེ་བ་དང་། བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བའི་བདེ་བའོ། །དེ་ལྟར་བདེ་བ་གསུམ་གྱིས་ཚིམ་པའི་ཡིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པས་སེམས་ཅན་ལ་སྦྱིན་པ་ཡོངས་སུ་བཏང་ནས་བཏང་བའི་

འོག་ཏུ་སེམས་ཅན་ལ་ཕན་ཐོགས་པར་མཐོང་སྟེ། སེམས་དགའ་བ་དང་བདེ་བ་རྙེད་པ་ལྟར། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕྱི་ནང་གི་དངོས་པོ་ཀུན་བཏང་སྟེ། སེམས་ཅན་རྣམས་ལོངས་སྤྱོད་དང་ལྡན་པར་བྱས་པའི་སེམས་ཅན་ལོངས་སྤྱོད་ཅན་དེ་དག་དེ་ཙམ་གྱིས་དགའ་བ་དང་

བདེ་བ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་རྣམས་གཞན་ལ་སྦྱིན་པ་ཡོངས་སུ་བཏང་ནས་སེམས་ཅན་ལ་ཕན་ཐོགས་པར་མཐོང་སྟེ་དགའ་བའི་ཁྱད་པར་སྐྱེས་པ་སྟེ། བྱང་ཆུབ་སེམས་དཔའ་སྦྱིན་པ་ཡོངས་སུ་བཏང་བའི་སྒོ་ནས་ལོངས་སྤྱོད་ཅན་དུ་བྱས་པའི་སེམས་

ཅན་ལོངས་སྤྱོད་ཅན་དག་དེ་ཙམ་གྱི་དགའ་བ་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་སྦྱིན་པ་ཡོངས་སུ་བཏང་ནས་བདེ་བ་རྣམ་པ་གསུམ་གྱིས་ཚིམ་པར་འགྱུར་བའི་ཕྱིར་ཏེ། བདེ་བ་རྣམ་པ་གསུམ་ནི་སྦྱིན་པས་དགའ་བ་དང་། ཕ་རོལ་ལ་ཕན་བཏགས་པས་དགའ་བ་དང་། བྱང་ཆུབ་

เล่ม ๑๒๖ · หน้า 78b

ཀྱི་ཚོགས་རྫོགས་པས་དགའ་བའོ། །སྦྱིན་པས་དགའ་བ་དང་ཞེས་བྱ་བ་ལ། སྦྱིན་པ་གཏོང་བ་ན་སློང་བ་རྣམས་ཚོགས་ཤིང་འདུས་པ་མཐོང་ནས་དང་པོར་དགའ་བ་ནི་སྦྱིན་པས་དགའ་བ་ཞེས་བྱའོ། །ཕ་རོལ་ལ་ཕན་བཏགས་པས་དགའ་བ་དང་ཞེས་བྱ་བ་ལ། སློང་བ་འདུས་པའི་འོག་ཏུ་ཟང་ཟིང་རྣམས་

གཞན་ལ་བྱིན་ནས། དེས་སེམས་ཅན་ལ་ཕན་ཐོགས་པར་མཐོང་སྟེ་དགའ་བ་ནི། ཕན་བཏགས་པས་དགའ་བ་ཞེས་བྱ་བ་སྟེ། བར་དུ་དགའ་བའོ། །བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བའོ་ཞེས་བྱ་བ་ལ། དངོས་པོ་བཏང་སྟེ་དགའ་བ་ལ་གཞན་ལ་ཕན་ཐོགས་པའི་རྒྱུས་བསོད་ནམས་

དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཐོང་ནས་དགའ་བ་ནི་བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བ་ཞེས་བྱ་བ་སྟེ། འདི་ནི་ཐ་མར་དགའ་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་སྒྲུབ་པ་ལ་སྙིང་བརྩེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་

སྣ་ལ་སོགས་པ་ལ་གནས་པ་རྣམས་ལ་ཐུགས་བརྩེ་ནས། སྦྱིན་པ་ལ་སོགས་པ་བྱེད་དུ་བཅུག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་སྒྲུབ་པ་ལ་སྙིང་བརྩེ་བ་ཞེས་བྱ་སྟེ། །དེ་བསྟན་པར་བྱ་བའི་ཕྱིར། །ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སེར་སྣས་སྙིང་

རྗེ་མ་རུངས་སྙིང་རྗེ་དང་། །ཞེས་བྱ་བ་ལ། སེར་སྣ་ནི་ཕྱི་དང་ནང་གི་དངོས་པོ་གཏོང་བར་མི་ནུས་ཤིང་ཟང་ཟིང་མི་དགོས་པ་དག་སྡུད་པར་བྱེད་པ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས། སེར་སྣའི་སྐྱོན་དག་བརྗོད་ཅིང་སྦྱིན་པའི་ཆོས་ལ་འཇོག་པར་མཛད་དོ། །མ་རུངས་པ་ནི་ངན་

པའི་ངང་ཚུལ་ཅན་ཏེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་བྱེད་པའི་སྒོ་ནས་སེམས་ཅན་ལ་གནོད་པར་བྱེད་པའོ། །དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས་ཚུལ་ཁྲིམས་ངན་པའི་སྐྱོན་དག་བརྗོད་ནས་ཚུལ་ཁྲིམས་ལ་འཇོག་པར་མཛད་དོ། །འཁྲུག་པ་བག་མེད་སྙིང་རྗེ་དང་། །ཞེས་

བྱ་བ་ལ། ཞེ་སྡང་གི་སེམས་འཚིག་པར་བྱས་པ་ནི་འཁྲུག་པ་ཞེས་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས་ཞེ་སྡང་གི་སྐྱོན་དག་སྨོས་ཤིང་བཟོད་པ་ལ་འཇོག་པར་མཛད་དོ། །བག་མེད་པ་ནི་ཉལ་བ་དང་འཕྲེས་པ་ལ་སོགས་པའི་ལས་ལ་དགའ་བས་ལེ་ལོའི་དབང་གིས་

เล่ม ๑๒๖ · หน้า 79a

དགེ་བའི་ལས་མི་བྱེད་པ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས་ལེ་ལོའི་སྐྱོན་དག་བརྗོད་ཅིང་བརྩོན་འགྲུས་ལ་འགོད་པར་མཛད་དོ། །ཡུལ་གྱི་དབང་དུ་སོང་ལ་སྙིང་རྗེ་དང་། །ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་

ལ་སེམས་གཡེངས་པ་ནི་ཡུལ་གྱི་དབང་དུ་སོང་བ་ཞེས་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས་སེམས་གཡེངས་པའི་སྐྱོན་དག་བརྗོད་ཅིང་བསམ་གཏན་ལ་འཇོག་པར་མཛད་དོ། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །ཞེས་བྱ་བ་ལ། ལོག་པར་མངོན་པར་

ཞེན་པ་ནི་བདག་རྟག་པ་ལ་སོགས་པར་འཛིན་པ་སྟེ། མུ་སྟེགས་པ་ལ་སོགས་པའི་ལོག་པའི་ཤེས་རབ་དང་ལྡན་པ་རྣམས་སོ། །དེ་དག་ལ་བྱང་ཆུབ་སེམས་དཔའ་ཐུགས་བརྩེ་ནས་ལོག་པའི་ཤེས་རབ་ཀྱི་སྐྱོན་དག་བརྗོད་ཅིང་ཡང་དག་པའི་ཤེས་རབ་ལ་འཇོག་པར་མཛད་དོ། །འདི་དག་ནི་ཕ་

རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སེར་སྣ་ནས་ལོག་པར་ལམ་མངོན་པར་ཞེན་པ་རྣམས་ནི་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་མི་མཐུན་པའི་ཕྱོགས་ཏེ། མི་མཐུན་པའི་ཕྱོགས་ལ་གནས་པའི་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སྙིང་

བརྩེ་བ་ནི་སྙིང་རྗེ་ཞེས་བྱའོ། །དེའང་དེ་དག་གི་མི་མཐུན་པར་ཕྱོགས་རྣམ་པར་སུན་འབྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སེར་སྣ་ལ་སོགས་པ་དེ་དག་ཀྱང་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། སྙིང་རྗེས་སེར་སྣ་ལ་སོགས་པའི་སྐྱོན་བརྗོད་ཅིང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་

ཕྱིན་པ་བྱེད་དུ་བཅུག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་སྒྲུབ་པ་ལ་སྙིང་བརྩེ་བ་ཞེས་བྱའོ། །སྙིང་རྗེའི་རྐྱེན་བསྟན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འདི་ལྟར་མིག་ལ་སོགས་པ་རྣམ་པར་ཤེས་པ་རྣམས་དམིགས་པ་དང་། རྒྱུ་དང་བདག་པོ་དང་། དེ་མ་ཐག་པའི་རྐྱེན་ལས་སྐྱེ་

བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡང་དམིགས་པ་དང་རྒྱུ་དང་བདག་པོ་དང་དེ་མ་ཐག་པ་སྟེ་རྐྱེན་བཞི་ལས་སྐྱེ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བདེ་དང་མི་བདེའི་རྒྱུ་ལས་བྱུང་། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །ཞེས་བྱ་བ་ལ། ཚིགས་སུ་

เล่ม ๑๒๖ · หน้า 79b

བཅད་པ་ཕྱེད་ཀྱིས་སྙིང་རྗེའི་དམིགས་པའི་རྐྱེན་བསྟན་ཏོ། །དེ་ལ་སྙིང་རྗེའི་དམིགས་པར་བྱ་བའི་ཡུལ་ནི་ཚོར་བ་བདེ་བ་དང་ཚོར་བ་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་བྱའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །

ཞེས་བྱ་བ་ལ། ཚེ་རབས་གཞན་དུ་སྙིང་རྗེ་ལ་གོམས་པར་བྱས་པས་ཀུན་གཞི་ལ་སྙིང་བརྩེ་བའི་བག་ཆགས་བསགས་པ་ནི་སྙིང་རྗེའི་རྒྱུའི་རྐྱེན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་ནས། དམ་པའི་ཆོས་ཉན་པའི་དབང་གིས་སྙིང་རྗེ་སྐྱེ་སྟེ། དེ་ནི་བདག་པོའི་རྐྱེན་ཏེ། སྙིང་རྗེ་དང་ལྡན་

པའི་སེམས་དང་སེམས་ལས་བྱུང་བ་སྔ་མ་འགགས། དེ་དང་རང་བཞིན་གཅིག་ལ་སྙིང་རྗེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ཕྱི་མ་འབྱུང་སྟེ། སྔ་མ་འགགས་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །ཚོར་བ་རྣམ་པ་གསུམ་ལ་དམིགས་ནས་སྡུག་བསྔལ་གསུམ་གྱིས་སྙིང་རྗེ་བར་བྱེད་དོ་

ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཚོར་བ་བདེ་བ་དང་། ཚོར་བ་སྡུག་བསྔལ་བ་དང་། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་དམིགས་ནས་སྙིང་རྗེ་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། ཚོར་བ་གསུམ་ལ་སྡུག་བསྔལ་རྣམས་ཀྱིས་ཁྱབ་པར་གཟིགས་པའི་ཕྱིར་རོ། །དེ་ལ་ཚོར་

བ་བདེ་བ་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པར་དམིགས་སོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པར་དམིགས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པར་དམིགས་སོ། །སྡུག་

བསྔལ་དང་བདེ་བའི་ཚོར་བའི་རྒྱུ་ནི་བདེ་བ་དང་མི་བདེ་བ་སྟེ། ཕྱིར་ཞིང་དེ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཚོར་བ་བསྐྱེད་པའི་རྒྱུ་དང་། བདེ་བའི་ཚོར་བ་བསྐྱེད་པའི་རྒྱུ་ནི་བདེ་བའི་ཚོར་བའི་བག་ལ་ཉལ་དང་། སྡུག་བསྔལ་གྱི་ཚོར་བའི་བག་ལ་ཉལ་བ་ལ་བྱ་སྟེ། དོན་དུ་

བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་བག་ཆགས་ཀྱི་རང་བཞིན་ལ་དེའི་རྒྱུ་ཞེས་བྱ་སྟེ། ཅིའི་ཕྱིར་བག་ལ་ཉལ་ལ་རྒྱུ་ཞེས་བྱ་ཞེ་ན། འདི་ལྟར་བག་ཆགས་དེ་ལས་ཚོར་བ་བདེ་བ་དང་སྡུག་བསྔལ་གཉིས་ཡང་ནས་ཡང་དུ་འབྱུང་ཞིང་སྐྱེ་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་རང་

เล่ม ๑๒๖ · หน้า 80a

བཞིན་གྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འཇིག་རྟེན་པ་ལ་སྙིང་རྗེ་ཡོད་ཀྱང་ཕ་མ་ལ་སོགས་པ་བུ་དང་གཉེན་བཤེས་རྣམས་ལ་སྙིང་རྗེ་སྐྱེའི་དགྲ་ལ་སོགས་པ་ལ་སྙིང་རྗེ་མི་སྐྱེ་བས་སྙིང་རྗེ་ཆེན་པོ་མ་ཡིན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་སྙིང་རྗེ་ཡོད་ཀྱང་སེམས་

ཅན་སྡུག་བསྔལ་བ་ལ་སྙིང་རྗེ་སྐྱེའི་སེམས་ཅན་བདེ་བ་རྣམས་ལ་སྙིང་རྗེ་མི་སྐྱེ་བས་སྙིང་རྗེ་ཆེན་པོ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཅུང་ཟད་ཚོར་བ་གང་ཡིན་པ་ཐམས་ཅད་སྡུག་བསྔལ་བར་གཟིགས་ནས་ཇི་ལྟར་མནར་མེད་པའི་སེམས་ཅན་དམྱལ་བ་པ་རྣམས་ལ་སྙིང་རྗེ་བ་བཞིན་དུ།

སྲིད་པའི་རྩེ་མོའི་ལྷ་རྣམས་ལ་ཡང་སྙིང་རྗེ་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་ཞེས་བྱ་སྟེ། དེ་བསྟན་པར་བྱ་བའི་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །མཉམ་པ་ཡིན་པར་རིག་པར་བྱ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་

སེམས་ཅན་ཐམས་ཅད་ལ་མཉམ་པར་དམིགས་པའི་སྙིང་རྗེ་ཅན་ཡིན་པར་རིག་པར་བྱ་སྟེ། ཇི་ལྟ་ཞེ་ན། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ལ་སོགས་པ་གང་ཅི་ཚོར་ཡང་རུང་སྟེ་ཚོར་བ་ཐམས་ཅད་སྡུག་བསྔལ་བའོ་

ཞེས་མཁྱེན་ནས་སེམས་ཅན་དམྱལ་བ་པ་ལ་ཐུགས་བརྩེ་བ་བཞིན་དུ། སྲིད་པའི་རྩེ་མོ་པ་རྣམས་ལ་ཡང་ཐུགས་བརྩེ་བས་ན་ཐུགས་རྗེ་ཆེན་པོར་རིག་པར་བྱ་སྟེ། ཅི་དང་ཅི་མཉམ་ཞེ་ན། དེའི་ཕྱིར་དེའི་བསམ་པ་མཉམ་པ་ལས། སྒྲུབ་པ་དང་ནི་ཆགས་བྲལ་བས། །མི་དམིགས་དང་ནི་རྣམ་དག་ལས། །

ཞེས་བྱ་བ་སྨོས་ཏེ། མཉམ་པ་ནི་བསམ་པ་མཉམ་པས་སྙིང་རྗེ་མཉམ་པ་དང་། བསྒྲུབ་པ་མཉམ་པས་སྙིང་རྗེ་མཉམ་པ་དང་། འདོད་ཆགས་དང་བྲལ་བའི་ཕྱིར་སྙིང་རྗེ་མཉམ་པ་དང་། མི་དམིགས་པས་སྙིང་རྗེ་མཉམ་པ་དང་། རྣམ་པར་དག་པ་ཐོབ་པས་སྙིང་རྗེ་མཉམ་པའོ། །དེ་ལ་བསམ་

པ་མཉམ་པས་སྙིང་རྗེ་མཉམ་པ་ནི་ཇི་ལྟར་སེམས་ཅན་དམྱལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་པ་བཞིན་དུ། སྲིད་པའི་རྩེ་མོ་པ་རྣམས་ལ་ཡང་ཐུགས་བརྩེ་བར་དགོངས་པའི་ཕྱིར་རོ། །བསྒྲུབ་པ་མཉམ་པས་སྙིང་རྗེ་མཉམ་པ་ནི་ཇི་ལྟར་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྐྱབས་མཛད་པ་

เล่ม ๑๒๖ · หน้า 80b

བཞིན་དུ་སྲེད་པའི་རྩེ་མོའི་སེམས་ཅན་རྣམས་ལ་ཡང་དེ་བཞིན་དུ་སྐྱབས་མཛད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བས་སྙིང་རྗེ་མཉམ་པ་ནི་སྙིང་རྗེའི་མི་མཐུན་པའི་ཕྱོགས་ཞེ་སྡང་དང་སེམས་ཅན་ལ་བརྡེག་བཙོག་ལ་སོགས་པ་འཚེ་བ་བྱེད་པ་སྤངས་པའི་ཕྱིར་སུ་ལ་ཡང་ཞེ་སྡང་བ་མེད། གང་

ལ་ཡང་བྱམས་པར་བྱེད་པ་ཡང་མེད་དེ་ཀུན་ལ་སྙོམས་པར་ལྟ་བའི་ཕྱིར་རོ། །མི་དམིགས་པས་སྙིང་རྗེ་མཉམ་པ་ནི་སེམས་ཅན་དང་བདག་དང་སྙིང་རྗེ་གསུམ་ཆར་ཡང་སྟོང་པ་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པའི་ཕྱིར་རོ། །རྣམ་པར་དག་པ་ཐོབ་པས་སྙིང་རྗེ་མཉམ་པ་ནི་ས་བརྒྱད་པ་ལ་བྱང་ཆུབ་

སེམས་དཔའ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་རྩོལ་བ་དང་འབད་པ་མེད་པར་སྙིང་རྗེ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང་བྱམས་པ་ལ་སོགས་པ་ནི་ཚད་མེད་པ་བཞི་བསྒོམས་ཏེ་ཉན་ཐོས་དང་རང་སངས་རྒྱས་ཚད་མེད་པ་བསྒོམ་མོད་ཀྱི། དེ་བས་ན་

བྱང་ཆུབ་སེམས་དཔའ་རྣམས་ཚད་མེད་པ་བཞི་བསྒོམ་པ་མཆོག་ཏུ་འགྱུར་བ་བསྟན་པའི་ཕྱིར་རང་གི་སེམས་དང་ཆོས་ལ་མོས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། ཚེ་རབས་སྔ་མ་ལ་བྱམས་པ་བསྒོམས་པའི་བག་ཆགས་སེམས་ལ་བརླན་པའི་སེམས་དེ་ཉིད་ལ་བརྟེན་

ནས་ཚེ་འདི་ལ་བྱམས་པ་ལ་སོགས་པ་བསྒོམས་ན་བསྒོམ་པ་དེ་མཆོག་ཏུ་གཞག་གོ། །ཚད་མེད་པ་བཞི་དང་ཡང་དག་པར་ལྡན་པའི་མདོ་སྡེ་རྣམས་ལ་མོས་ཤིང་དད་ན་བྱམས་པ་ལ་སོགས་པ་བསྒོམ་པ་མཆོག་ཏུ་གཞག་གོ། །བསམ་པ་དང་ནི་རྣམ་པར་འབྱོར་པ་ལས། །ཞེས་བྱ་བ་ལ་རོ་མྱང་བ་

དང་རྗེས་སུ་ཡི་རང་བ་དང་མངོན་པར་དགའ་བ་ལ་སོགས་པའི་བསམ་པ་རྣམ་པ་དགུ་དང་ལྡན་པ་ཡང་བྱམས་པ་ལ་སོགས་པ་བསྒོམ་པ་མཆོག་ཏུ་གཞག་གོ། །ས་བརྒྱད་པ་ལ་སོགས་པའི་དུས་ན་རྩོལ་བ་དང་འབད་པ་མེད་པར་བྱམས་པ་ལ་སོགས་པ་ལྷུན་གྱིས་གྲུབ་པར་འབྱུང་བ་ནི་རྣམ་པར་འབྱོར་

པ་ཞེས་བྱ་སྟེ། དེ་ལྟ་བུར་གནས་པ་ཡང་བསྒོམ་པ་མཆོག་ཏུ་གཞག་གོ། །རྣམ་པར་མི་རྟོག་དང་གཅིག་གཉིས་ལས་ཞེས་བྱ་བ་ལ། བདག་དང་སེམས་ཅན་དང་ཚད་མེད་པ་རྣམས་རྣམ་པར་མི་རྟོག་པར་བསྒོམ་པ་ཡང་བྱམས་པ་ལ་སོགས་པ་བསྒོམ་པ་མཆོག་ཏུ་གཞག་གོ། །ས་བརྒྱད་པའི་

เล่ม ๑๒๖ · หน้า 81a

དུས་ན་བྱང་ཆུབ་སེམས་དཔའ་རྣམས་བྱ་བ་འདྲེས་པ་དང་། ཉེ་བར་འདྲེས་པར་གྱུར་པས་བྱང་ཆུབ་སེམས་དཔའ་གཅིག་གིས་ཚད་མེད་པ་བསྒོམ་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱིས་ཀྱང་བསྒོམས་པ་ཡིན་ཏེ། བྱ་བ་གཅིག་ཏུ་གྱུར་པ་ཡང་བྱམས་པ་ལ་སོགས་པ་

བསྒོམ་པ་མཆོག་ཏུ་གཞག་གོ། །དེ་ནི་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚད་མེད་པ་བསྒོམ་པ་རྣམས་ཀྱི་དོན་གོང་དུ་བཤད་པ་གཟུང་སླ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྡུས་ཏེ་བསྟན་པ། བཅོམ་ལྡན་འདས་ལ་དད་

པ་རབ་བསྐྱེད་དང་། །དངོས་པོ་ཆེན་པོར་རྟག་ཏུ་གུས་མཆོད་པར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་

དང་ལྡན་པར་ཤེས་ནས་སེམས་དད་པ་དང་། དད་པ་བསྐྱེད་དེ་དངོས་པོ་ཆེན་པོས་རྟག་ཏུ་མཆོད་པ་དང་གུས་པས་རྟག་ཏུ་མཆོད་ན་གྲུབ་པ་ཀུན་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་གོས་དང་ལྷུང་བཟེད་དང་ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་པས་མཆོད་པ་ནི་དངོས་པོ་ཆེན་པོས་རྟག་ཏུ་

མཆོད་པ་ཞེས་བྱ་སྟེ། དེ་ནི་རྙེད་པ་དང་བཀུར་སྟིས་མཆོད་པའོ། །ཉན་པ་དང་སེམས་པ་དང་སྒོམ་པས་མཆོད་པ་ནི་གུས་པས་མཆོད་པ་ཞེས་བྱ་སྟེ། དེ་ནི་བསྒྲུབ་པའི་མཆོད་པའོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་ཀྱིས་སངས་རྒྱས་ལ་མཆོད་པའི་དོན་མདོར་བསྟན་ཏོ། །ཡོན་ཏན་མང་པོའི་ཕན་

བཤེས་རྟག་བསྙེན་ན། །ཞེས་བྱ་བ་ལ། དགེ་བའི་བཤེས་གཉེན་ན་ཞེས་བྱ་བ་ལ་ཡོན་ཏན་གོང་དུ་བཤད་པ་དང་ལྡན་པ་དང་། དེ་ལས་གཞན་ཡང་མདོ་སྡེ་དང་གཙུག་ལག་དག་གི་ནང་ནས་འབྱུང་བའི་ཡོན་ཏན་མང་པོ་དང་ལྡན་པར་བདག་ལ་ཚེ་འདིར་ཡང་ཕན་པར་བྱེད། ཚེ་རབས་གཞན་དུ་

ཕན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་བསྙེན་ན་གྲུབ་པ་ཀུན་ཐོབ་ཅེས་བྱ་བར་སྦྱར་ཏེ། དེས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་མདོར་བསྟན་ཏོ། །གྲུབ་པ་ཀུན་ཐོབ་འགྲོ་བ་སྙིང་རྗེ་ཅན། །ཞེས་བྱ་བ་ལ། གཞན་ཡང་ཚད་མེད་པ་བཞི་བྱམས་པ་དང་། སྙིང་རྗེ་དང་།

เล่ม ๑๒๖ · หน้า 81b

དགའ་བ་དང་། བཏང་སྙོམས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་བཏགས་ན་གྲུབ་པ་ཀུན་ཐོབ་པར་འགྱུར་ཏེ། གྲུབ་པ་ཀུན་ནི་བདག་གི་དོན་གྲུབ་པ་དང་། གཞན་གྱི་དོན་གྲུབ་པ་དང་། དེ་ལ་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས་ནི་བདག་གི་དོན་གྲུབ་པ་

འཐོབ་པོ། །ཚད་མེད་པ་བསྒོམས་པས་ནི་གཞན་གྱི་དོན་གྲུབ་པ་ཐོབ་བོ། །གོ་རིམས་དང་ཡོན་ཏན་བསྟན་ཏོ་ཞེས་བྱ་བ་ལ། དངོས་པོ་ཆེན་པོས་སངས་རྒྱས་ལ་མཆོད་པ་དང་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚད་མེད་པ་བསྒོམས་པས་ནི་གོ་རིམས་བསྟན་ཏོ། །བདག་དང་གཞན་

གྱི་དོན་གྲུབ་པས་ནི་ཡོན་ཏན་བསྟན་ཏོ། །དངོས་པོ་ཆེན་པོས་རྟག་ཏུ་གྲུབ་པར་རབ་ཏུ་མཆོད་པ་ཞེས་བྱ་བ་ལ། དངོས་པོ་ཆེན་པོས་རྟག་ཏུ་མཆོད་པ་དང་། གུས་པས་རྟག་ཏུ་མཆོད་པ་ཞེས་བྱ་བར་སྦྱར་ཏེ། དངོས་པོ་ཆེན་པོས་མཆོད་པ་ནི་རྙེད་པ་དང་བཀུར་སྟིས་མཆོད་པ་བསྟན་ཏོ། །གུས་པས་

མཆོད་པ་ནི་གྲུབ་པས་མཆོད་པ་བསྟན་ཏོ། །མཆོད་པ་དང་། བསྟེན་པ་དང་། ཚད་མེད་པའི་སྐབས་བཤད་པ་རྫོགས་སོ།། །།ངོ་ཚ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ། མཆོད་པ་དང་བསྙེན་པ་དང་ཚད་མེད་པའི་སྐབས་བཤད་པའི་འོག་ཏུ་ངོ་ཚ་བ་དང་

བརྟན་པ་ལ་སོགས་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། འདི་ལྟར་མཆོད་པ་དང་བསྙེན་པས་བདག་ལ་ཕན་པར་བྱ་བའི་ཕྱིར་ཞུགས། ཚད་མེད་པས་གཞན་ལ་ཕན་པར་བྱ་བའི་ཕྱིར་ཞུགས་པ་དེས་བདག་དང་གཞན་གྱི་དོན་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་

ལམ་བསྒོམ་དགོས་པས་ན་ཚད་མེད་པ་ལ་སོགས་པའི་འོག་ཏུ་ངོ་ཚ་ཤེས་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བཤད་པར་འབྲེལ་ཏོ། །དེ་ཡང་བསླབ་པའི་དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། ཁྱད་པར་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་

སུ་མཐུན་པའི་བསླབ་པའི་ལམ་བསྟན་ཏེ། དེ་ལ་དང་པོ་ངོ་ཚ་ཤེས་པ་ནས་བརྩམས་ནས་གང་ཟག་ལ་བདག་མེད་པའི་སྐབས་ཀྱི་བར་དུ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡིན་པར་རིག་པར་བྱའོ། །ངོ་ཚ་ལོག་པའི་ཕྱོགས་སྤངས་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་

เล่ม ๑๒๖ · หน้า 82a

བཅད་པ་གཅིག་གིས་ངོ་ཚ་ཤེས་པའི་རང་བཞིན་དང་། གྲོགས་དང་། དམིགས་པ་དང་། ལས་ཕུན་སུམ་ཚོགས་པའི་སྒོ་ནས་ངོ་ཚ་ཤེས་པའི་མཚན་ཉིད་བསྟན་ཏོ། །དེ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་ནི་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་

སྟེ། དེ་གཉིས་སྤངས་ན་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་རང་བཞིན་དུ་འགྱུར་བས་ན་འདིས་ནི་རང་བཞིན་བསྟན་ཏོ། །དེ་ལ་ངོ་ཚ་ཤེས་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའ་བདག་ལ་བདག་ལྟོས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་པ་ཉན་ཐོས་ལ་སོགས་པའི་ཆོས་སྤྱོད་པ་ནི་

བྱང་ཆུབ་སེམས་དཔའི་ཆ་མ་ཡིན་ནོ་སྙམ་ནས་ཐེག་པ་དེ་དག་ལ་མི་འཇུག་པ་ནི་ངོ་ཚ་ཤེས་པའོ། །ཁྲེལ་ཡོད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའ་བསླབ་པ་མ་ཡིན་པ་ཉན་ཐོས་ཀྱི་བསླབ་པ་ལ་ཞུགས་ན་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་སྨོད་པར་འགྱུར་རོ་

སྙམ་ནས་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་མི་འཇུག་པ་ནི་ཁྲེལ་ཡོད་པ་ཞེས་བྱའོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་བྱ་བ་ལ། གྲོགས་བསྟན་ཏེ། དེ་ལ་སེམས་ཅན་དང་། བདག་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ཆོས་རྣམས་ཡོད་པར་མ་མཐོང་ཞིང་དེ་དེ་

དག་ལ་ཡོད་པར་མི་དམིགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དེ་ཡེ་ཤེས་དང་གྲོགས་ཞེས་བྱ་བའི་དོན་ཏོ། །ངན་ཅིང་སྡིག་པ་མེད་པའི་ཡུལ། །ཞེས་བྱ་བས་དམིགས་པ་བསྟན་ཏེ། ངན་ཅིང་སྡིག་པ་

མེད་པའི་ཡུལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བྱ་སྟེ། ཐེག་པ་ཆེན་པོ་ལ་ལྟོས་ནས་བདག་གི་དོན་ཙམ་བྱེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ཙམ་མི་བྱེད་པས་ན་ངན་པ་ཞེས་བྱ་ལ། ཁམས་གསུམ་དུ་སྐྱེ་བའི་ལས་མི་རྩོམ་གྱི། ཁམས་གསུམ་ལས་བྱུང་བའི་ལས་རྩོམ་

སྟེ། ཁ་ན་མ་ཐོ་བ་མེད་པས་སྡིག་པ་མེད་པའི་ཡུལ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བདག་གི་དོན་དུ་ཞུགས་པ་དེ་བྱང་ཆུབ་སེམས་དཔའ་སྒྲུབ་ཅིང་སྤྱད་ན་དེས་ངོ་ཚ་ཤིང་ཁྲེལ་བ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་སྨིན་བྱེད་བསྟན་པ་རྣམས། །ཞེས་བྱ་བ་ལ། ངོ་ཚ་བ་

เล่ม ๑๒๖ · หน้า 82b

དང་ཁྲེལ་བ་དེས་སེམས་ཅན་ཐེག་པ་གསུམ་དུ་བཀོད་ནས་སྨིན་པར་བྱེད་པ་དེ་ནི་ལས་སོ། །དེ་ལྟར་ན་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་བ་དང་ཁྲེལ་ཡོད་པའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་བྱང་ཆུབ་སེམས་དཔའ་ངོ་ཚ་བྱེད་དོ་ཞེས་བྱ་བ་ལ། བྱང་ཆུབ་

སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྒྲུབ་ན་དེ་ཉིད་ཀྱིས་ངོ་ཚ་བ་དང་ཁྲེལ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་ཚ་དེ་ཉིད་ལ་གཞན་རྣམས་རབ་ཏུ་འགོད་པ་ཡིན་ནོ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དོན་འཆད་དེ། བྱང་ཆུབ་སེམས་དཔའ་

ངོ་ཚ་བར་བྱ་བའི་ཡུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དེ་ཉིད་ལ་སེམས་ཅན་འགོད་པར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱའོ། །ཡང་ན་ངོ་ཚ་བར་བྱེད་པའི་གནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་མི་འགོད་ཀྱི། ཐེག་པ་ཆེན་པོ་ལ་སེམས་

ཅན་རབ་ཏུ་འགོད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཕ་རོལ་ཕྱིན་དྲུག་མི་མཐུན་འཕེལ། །དེ་ཡི་གཉེན་པོ་འགྲིབ་པ་ལ། །བྱང་ཆུབ་སེམས་དཔའ་རྣམས་དག་ནི། །མི་བཟད་ངོ་ཚ་སྐྱེད་པར་བྱེད། །ཅེས་བྱ་བ་འདིས་འཕེལ་བ་དང་འགྲིབ་པ་ལ་ངོ་ཚ་བ་བསྟན་ཏོ། །ཕ་རོལ་

ཏུ་ཕྱིན་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་སེར་སྣ་ནས་འཆལ་པའི་ཤེས་རབ་ཀྱི་བར་དུ་སྟེ། དེ་དག་འཕེལ་ཞིང་རྒྱས་པར་འགྱུར་བ་བྱང་ཆུབ་སེམས་དཔའ་ཤིན་ཏུ་ངོ་ཚ་བ་སྐྱེས་ཏེ། དེས་ནི་འཕེལ་བ་ལ་ངོ་ཚ་བའོ། །སེར་སྣ་ལ་སོགས་པའི་གཉེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་སྟེ། དེ་དག་འགྲིབས་ཤིང་ཉེས་པར་འགྱུར་ན་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ངོ་ཚ་བར་འགྱུར་ཏེ། འདིས་ནི་འགྲིབ་པ་ལ་ངོ་ཚ་བའོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ལ། །གོམས་པར་བྱ་ཕྱིར་ལེ་ལོ་དང་། །ཉོན་མོངས་ཆོས་མཐུན་སྦྱོར་བ་

ལ། །བརྟན་པ་རྣམས་ནི་ངོ་ཚར་བྱེད། །ཅེས་བྱ་བ་འདིས་སྦྱོར་བ་དང་། མི་སྦྱོར་བ་ལ་ངོ་ཚ་བར་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ་གོམས་པར་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ་བསྒོམ་པར་བྱ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསྒོམ་པར་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด