མདོ་སྡེ་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๖ · หน้า 223b
སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་བག་ཚ་ཞིང་འཛེམ་པས། དེ་དག་ཅུང་ཟད་ཀྱང་མི་བྱེད་དེ། འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་བསྟན་ཏོ། །སྡུག་བསྔལ་བཟོད་ཅིང་ཞེས་བྱ་བ་ལ། གང་དག་གཞན་གྱིས་བརྡེག་པ་དང་། བཅིང་བ་
ལ་སོགས་པའི་གནོད་པ་བྱས་པ་ལ། མི་བཟོད་པ་དེ་དག་ནི་སླར་སེམས་ཅན་ལ་གནོད་པ་བྱེད་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གཞན་གྱིས་གནོད་པ་བྱས་པའི་སྡུག་བསྔལ་རྣམས་བཟོད་ཅིང་ཉམས་སུ་ལེན་པས་གཞན་ལ་སླར་གནོད་པ་མི་བྱེད་དེ། འདིས་ནི་བཟོད་པའི་ཕ་རོལ་
ཏུ་ཕྱིན་པ་བསྒྲུབ་པ་བསྟན་ཏོ། །བདག་གི་བདེ་ལ་ཆགས་ཞེས་བྱ་བ་ལ། གང་དག་ཉན་པ་དང་། སེམས་པ་ལ་སོགས་པའི་དགེ་བ་བྱེད་ན། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་མི་བཟོད་ཅིང་། ཉལ་བ་དང་འཕྲེས་པ་ཙམ་གྱིས་བདག་གི་བདེ་བ་ལ་ཆགས་པ་དེ་དག་ནི། བདག་
དང་གཞན་གྱི་དོན་དུ་བརྩོན་འགྲུས་རྩོམ་པར་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་པ་ལ་སོགས་པའི་དགེ་བ་བྱེད་པས་ན། གྲང་བ་དང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཅིང་ཉལ་བ་དང་། འཕྲེས་པ་ལ་སོགས་པའི་བདག་གི་བདེ་བ་ལ་མ་ཆགས་པས་བདག་དང་
གཞན་གྱི་དོན་དུ་བརྩོན་འགྲུས་རྩོམ་སྟེ། འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་པ་བསྟན་ཏོ། །དྲན་གཙོ་བོ་ཞེས་བྱ་བ་ལ། གང་དག་སེམས་ཉོན་མོངས་པའི་དབང་དུ་སོང་ནས་བསྒོམ་པར་བྱ་བའི་ཡུལ་བརྗེད་པ་དེ་དག་ལ་ནི་བསམ་གཏན་མེད་ཀྱི། བྱང་ཆུབ་སེམས་དཔའ་
རྣམས་ནི་ཏིང་ངེ་འཛིན་གྱི་ཡུལ་མ་བརྗེད་པའི་དྲན་པ་དང་ལྡན་པ་དང་། རྟག་ཏུ་ཡང་བསམ་གཏན་དང་ལྡན་ཏེ། འདིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་བསྟན་ཏོ། །ཤིན་ཏུ་མཉམ་གཞག་ཉིད་ཅེས་བྱ་བ་ལ་གང་སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་མེད་པ་དེ་
དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་མེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་སེམས་མཉམ་པར་གཞག་པས། ཡོད་མེད་གང་ཡང་མི་རྟོག་པའི་ཡེ་ཤེས་དང་ལྡན་ཏེ། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་བསྟན་ཏོ། །འདི་ཡན་ཆད་ཀྱིས་
เล่ม ๑๒๖ · หน้า 224a
ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་བསྟན་པ་ཡིན་ནོ། །ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ལ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་རྣམས་འཇིག་རྟེན་གྱི་ལོངས་སྤྱོད་དང་། ཐེག་པ་ཆུང་ངུའི་མྱ་ངན་ལས་འདས་པར་བསྔོས་ན་ནི་ཐེག་པ་
ཆེན་པོའི་སྤྱོད་པ་ལས་ཉམས་པས། ཐེག་པ་ཆེན་པོ་ལས་འཁྲུགས་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྔོས་པས་ཐེག་པ་ཆེན་པོའི་སྤྱོད་པ་ལ་མ་ཉམས་པའི་ཕྱིར་ཐེག་པ་
ལས་མི་འཁྲུགས་པ་ཞེས་བྱ་སྟེ། འདིས་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་བསྟན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བསྒྲུབ་ལ། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་དེ་ལ། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་གྲངས་གཞན་
གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་དེ་བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྡུག་བསྔལ་སྤངས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པས་
སེམས་ཅན་གྲང་བ་དང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པ་རྣམས་ལ་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་བྱིན་ནས་གྲང་བ་དང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་མེད་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་བྱེད་པ་མེད་ཅེས་བྱ་བ་ལ། སྡུག་བསྔལ་བར་བྱེད་པ་
མེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ཀྱིས་སེམས་ཅན་གྱི་སྲོག་མི་གཅོད། ནོར་ལ་མ་བྱིན་པར་མི་ལེན་པས་ན་སྲོག་དང་ནོར་ལ་སོགས་པ་ལ་སྡུག་བསྔལ་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །སྡུག་བསྔལ་བཟོད་ཅིང་ཞེས་བྱ་བ་ལ་སྡུག་བསྔལ་བཟོད་པ་ནི་བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་པ་དང་ལྡན་པ་རྣམས་སེམས་ཅན་གཞན་གྱིས། ལུས་དང་སྲོག་ལ་གནོད་པ་རྣམ་པ་སྣ་ཚོགས་བྱས་ཤིང་སྡུག་བསྔལ་སྐྱེད་ཀྱང་སྡུག་བསྔལ་ཉམས་སུ་ལེན་ཅིང་སླར་གནོད་པའི་ལན་མི་ལྡོན་པའི་ཕྱིར་རོ། །སྡུག་བསྔལ་འཇིགས་པ་མེད་ཅེས་བྱ་
เล่ม ๑๒๖ · หน้า 224b
བ་ལ་སོགས་པ་སྡུག་བསྔལ་གྱི་འཇིགས་པ་མེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དགེ་བའི་ཕྱོགས་ལ་བརྩོན་འགྲུས་དྲག་ཏུ་བརྩམས་པ་རྣམས་བརྩོན་འགྲུས་རྩོམ་པའི་དུས་ན། གྲང་བ་དང་ཚ་བ་ལ་སོགས་པའི་ཕྱི་ནང་གི་སྡུག་བསྔལ་བྱུང་ཡང་འཇིགས་པ་མེད་དེ། བརྩོན་འགྲུས་
བརྩམས་པ་ལས་མི་ལྡོག་པའི་ཕྱིར་རོ། །སྡུག་བསྔལ་རྣམ་གྲོལ་ཞེས་བྱ་བ་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པ་རྣམས་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ཁམས་གོང་མར་གཏོགས་པར་
སྐྱེད་པའི་ཕྱིར་རོ། །འདོད་པའི་ཁམས་ཀྱི་ངན་སོང་གསུམ་དུ་སྐྱེ་བའི་སྡུག་བསྔལ་གྱི་སྡུག་བསྔལ་དེ་ལ་མི་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་རྟོག་པ་མེད་ཅེས་བྱ་བ་ལ། སྡུག་བསྔལ་ལ་རྟོག་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་ལྡན་པ་རྣམས་བདག་དང་སྡུག་བསྔལ་སྐྱེ་བའི་རྒྱུ་དང་སྡུག་བསྔལ་གསུམ་ལ་རང་བཞིན་ཡོད་པར་མི་རྟོག་པའི་ཕྱིར་ཏེ། འདི་དག་གིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་བསྟན་ཏོ། །སྡུག་བསྔལ་ཁས་ལེན་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ལ། སྡུག་བསྔལ་ཁས་
ལེན་པ་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་སྟེ། བྱང་ཆུབ་དོན་དུ་སྨོན་ལམ་འདེབས་པ་ན་སེམས་ཅན་གྱི་དོན་དུ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་སེམས་ཅན་གྱི་དོན་དུ་འཁོར་བ་མི་གཏོང་བར་ཁས་བླངས་
ན། གདོད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ལ། འཁོར་བ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཁོར་བ་ཁས་བླངས་ན། སྡུག་བསྔལ་ཁས་བླངས་པ་ཡིན་ཏེ། འདིས་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་བསྟན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྒྲུབ་
ལ། བྱང་ཆུབ་ཆེན་པོར་ཡང་སྨོན་ལམ་འདེབས་པ་དེ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་དེ་ལ་བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན་པར་བསྟན་པའི་
เล่ม ๑๒๖ · หน้า 225a
ཕྱིར། ཆོས་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཆོས་ལ་དགའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། སྦྱིན་པ་དང་ལྡན་པ་རྣམས་ཕྱི་ནང་གི་དངོས་པོ་གཏོང་བའི་ཆོས་ལ་དགའ་བའི་ཕྱིར་རོ། །རང་བཞིན་ཆོས་ལ་དགའ་ཞེས་བྱ་བ་
ལ། རང་བཞིན་གྱིས་ཆོས་ལ་དགའ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། ཚུལ་ཁྲིམས་དང་ལྡན་པ་རྣམས་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆོས་རྡུལ་ཙམ་ཡང་མི་འབྱུང་བར་དགའ་བའི་ཕྱིར་རོ། །ཆོས་ལ་སྨོད་ཅིང་ཞེས་བྱ་བ་ལ། ཆོས་ལ་སྨོད་པ་ནི། བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། བཟོད་པ་དང་ལྡན་པ་རྣམས་མི་བཟོད་པས་འགྱུར་བའི་རྒྱུ་ཞེ་སྡང་གི་ཆོས་ལ་སྨོད་པ་བྱེད་པའི་ཕྱིར་རོ། །ཆོས་ལ་བརྩོན་ཞེས་བྱ་བ་ལ་ཆོས་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དག་སྟེ། བརྩོན་འགྲུས་དང་ལྡན་པའི་
རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ལ་རྟག་ཏུ་བརྩོན་པའི་ཕྱིར་རོ། །ཆོས་དབང་ཞེས་བྱ་བ་ལ་ཆོས་ལ་དབང་བྱེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། བསམ་གཏན་དང་ལྡན་པ་རྣམས་སེམས་རྩེ་གཅིག་པའི་མཚན་ཉིད་དུ་དབང་སྒྱུར་ཞིང་།
འཕྲུལ་གྱི་མིག་ལ་སོགས་པའི་མངོན་པར་ཤེས་པ་ལ་དབང་བྱེད་པའི་ཕྱིར་རོ། །ཆོས་ལ་མུན་པ་མེད་ཅེས་བྱ་བ་ལ་ཆོས་ལ་མུན་པ་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྣམས་ཏེ། དཔེར་ན་མུན་པ་མེད་པར་གྱུར་ན། བལྟ་བར་བྱ་བའི་དངོས་པོ་རྣམས་གསལ་བར་
མཐོང་བར་འགྱུར་བ་བཞིན་དུ། ཤེས་རབ་ཀྱི་སྣང་བ་སྐྱེས་པ་རྣམས་ཀྱིས་ཀྱང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གསལ་བར་མཐོང་བའི་ཕྱིར། ཤེས་རབ་དང་ལྡན་པ་རྣམས་ཆོས་ལ་མུན་པ་མེད་པ་ཞེས་བྱ་སྟེ། ཚིག་གང་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་བསྟན་ཏོ། །
ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་གྱུར་ཅིག་ཅེས་བསྔོས་ཤིང་དེར་གཞོལ་བར་བྱས་ན། ཆོས་གཙོར་བྱེད་པ་ཞེས་བྱ་སྟེ། འདིས་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་
เล่ม ๑๒๖ · หน้า 225b
པ་བསྟན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བསྒྲུབས་ལ་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་དེ་ལ། བྱང་ཆུབ་སེམས་དཔའོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་དེ་བྱང་ཆུབ་
སེམས་དཔའི་མཚན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་ལོངས་སྤྱོད་བག་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་དག་འདོད་པ་ལྔའི་ལོངས་སྤྱོད་ཡོད་པ་བདག་ཉིད་སྤྱོད་ཅིང་གཞན་ལ་མི་གཏོང་བ་དེ་དག་ནི། ལོངས་སྤྱོད་ལ་བག་མེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་
སྒྱུར་བ་ལ་སོགས་པའི་ལོངས་སྤྱོད་ཀྱང་མི་གཙང་བ་ལྟ་བུར་མཐོང་བས། གཞན་ལ་གཏོང་བར་བྱེད་པས་ལོངས་སྤྱོད་ལ་བག་ཡོད་པ་ཞེས་བྱ་སྟེ། འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་ཏོ། །གདུལ་བ་ལ་བག་ཡོད་དང་ཞེས་བྱ་བ་ལ་གང་དག་གིས་བཅས་པའི་ཁ་ན་མ་ཐོ་བ་
དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་བསྲུངས་པ་དེ་དག་ནི་གདུལ་བ་ལ་བག་མེད་པ་སྟེ། ལུས་དང་ངག་དང་ཡིད་གསུམ་མ་ཐུལ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀ་སྲུང་བར་བྱེད་པས་གདུལ་བ་
ལ་བག་ཡོད་པ་སྟེ། ལུས་དང་ངག་དང་ཡིད་གསུམ་དུལ་བའི་ཕྱིར་ཏེ། འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །བསྲུང་བ་བག་ཡོད་ཅེས་བྱ་བ་ལ། གང་དག་གཞན་གྱིས་གནོད་པ་བྱས་ན། སེམས་འཁྲུགས་ནས་གཞན་ལ་གནོད་པ་བྱེད་
པ་དེ་དག་ནི། བསྲུང་བ་ལ་བག་མེད་དེ། བདག་དང་གཞན་གཉི་གའི་སེམས་མ་བསྲུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་གྱིས་གནོད་པ་བྱས་ཀྱང་། བདག་ཉིད་ཞེ་མི་སྡང་ཞིང་གཞན་ལ་སླར་གནོད་པ་མི་བྱེད་པས། བསྲུང་བ་ལ་བག་ཡོད་པ་ཞེས་
བྱ་སྟེ། བདག་གི་སེམས་ཀྱང་ཞེ་སྡང་གི་དབང་དུ་མ་སོང་བར་བསྲུངས་ལ། གཞན་གྱི་སེམས་ཀྱང་འཁྲུགས་པར་མི་འགྱུར་པར་བསྲུང་བའི་ཕྱིར་ཏེ། འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །དགེ་བ་བག་ཡོད་དང་ཞེས་བྱ་བ་ལ། གང་ལེ་ལོའི་དབང་དུ་
เล่ม ๑๒๖ · หน้า 226a
སོང་ནས་དགེ་བ་མི་བྱེད་པ་དེ་དག་ནི་དགེ་བ་ལ་བག་མེད་པ་ཞེས་བྱ་སྟེ། དེ་ལ་དགེ་བ་འཕེལ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་ལེ་ལོ་ཐམས་ཅད་སྤངས་ནས། མཉན་པ་དང་བསམ་པ་ལ་སོགས་པའི་དགེ་བ་རྒྱུན་དུ་སྤྱོད་པས། དགེ་བ་ལ་བག་
ཡོད་པ་ཞེས་བྱ་སྟེ། འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་ཏོ། །དགེ་བ་ལ་བག་ཡོད་ཅེས་བྱ་བ་ལ། གང་དག་བསམ་གཏན་ཐོབ་ཀྱང་བསམ་གཏན་གྱི་བདེ་བའི་རོ་ལ་ཆགས་པར་བྱེད་པ་དེ་དག་ནི་བདེ་བ་ལ་བག་མེད་པ་ཞེས་བྱ་སྟེ། བསམ་གཏན་ཁྱད་
པར་ཅན་མི་ཐོབ་ཅིང་། སྔར་ཐོབ་པའི་བསམ་གཏན་ལས་ཀྱང་ཉམས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་གཏན་ཐོབ་ཀྱང་བསམ་གཏན་གྱི་བདེ་བའི་རོ་ལ་ཆགས་པར་མི་བྱེད་པས། དེ་ལ་བག་ཡོད་པ་ཞེས་བྱ་བ་སྟེ། འདིས་ནི་བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །ཆོས་ལ་བག་ཡོད་པ་ཞེས་བྱ་བ་ལ། གང་དག་གིས་ཆོས་རྣམས་ལ་རྟག་པ་དང་། བག་ཡོད་པ་ལ་སོགས་པར་བཟུང་བ་དེ་དག་ནི་ཆོས་ལ་བག་མེད་པ་ཞེས་བྱ་སྟེ། ཆོས་ཀྱི་མཚན་ཉིད་ལོག་པར་བཟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་
དཔའ་རྣམས་མི་རྟག་པ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ལ་བག་ཡོད་པ་ཞེས་བྱ་སྟེ། ཆོས་ཀྱི་མཚན་ཉིད་མ་ནོར་བར་བཟུང་བའི་ཕྱིར་རོ། །འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏེ། ཚིག་དེ་དག་གིས་ཕ་
རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་སྨྲས་པ་ཡིན་ནོ། །ཐེག་པ་བག་ཡོད་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྔོས་ན་ཐེག་པ་ཆེན་པོ་ལ་བག་ཡོད་པ་ཞེས་བྱ་སྟེ། འདིས་ནི་བྱང་ཆུབ་ཆེན་པོར་སྨོན་
ལམ་འདེབས་པ་བསྟན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བསྒྲུབས་ལ། བྱང་ཆུབ་ཆེན་པོར་ཡང་སྨོན་ལམ་འདེབས་པ་དེ་དག་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་དང་། བྱང་ཆུབ་ཆེན་
เล่ม ๑๒๖ · หน้า 226b
པོར་སྨོན་ལམ་འདེབས་པ་དེ། བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྦྱིན་མེད་ངོ་ཚ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དཔེར་ན་སློང་བ་པོ་རྣམས་ལ་བསླངས་པ་ལས། གཏོང་བས་མ་བྱིན་ན་ངོ་ཚའོ། །དེ་དང་འདྲ་བར་བྱང་ཆུབ་སེམས་
དཔའ་ནི་རང་བཞིན་གྱིས་མ་བསླངས་པར་གཏོང་བའི་བདག་ཉིད་ཅན་ཡིན་ན། གལ་ཏེ་སློང་བ་པོ་འོངས་པའི་ཚེ། མིག་གནགས་ནས་བཀྱིགས་ཏེ་མ་བྱིན་ན་ངོ་ཚའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བདག་གི་ཆོས་ཉིད་དང་འགལ་ལོ་ཞེས་སློང་བ་པོ་འོངས་པའི་རྣམས་ལ་
ཕྱི་ནང་གི་དངོས་པོ་སྦྱིན་པར་བྱེད་དེ། འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །ཉེས་ཆུང་ངོ་ཚ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བས་རང་བཞིན་གྱིས་ཁ་ན་མ་ཐོ་བ་འབྱུང་བ་སྲུང་བ་བཞིན་དུ་བཅས་
པའི་ཁ་ན་མ་ཐོ་བ་ཉེས་པ་ཆུང་ངུ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བས། གལ་ཏེ་ཉེས་པ་ཆུང་ངུ་རྡུལ་ཙམ་བྱུང་ན་ཡང་ངོ་ཚ་ཞིང་འཛེམ་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ཉིད་ལས་འདས་སོ་ཞེས་ཉེས་པ་ཆུང་ངུ་ཡང་སྲུང་བར་བྱེད་དེ། འདིས་ནི་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་པའོ། །མི་བཟོད་ངོ་ཚ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་ཕྱོགས་ཐམས་ཅད་དང་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ། བཟོད་པར་བྱེད་པའི་རང་བཞིན་ཅན་ཡིན་ན་གལ་ཏེ་མི་བཟོད་པའི་སེམས་ཤིག་བྱུང་
ན་ཡང་བྱང་ཆུབ་སེམས་དཔའ་ངོ་ཚ་བར་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་འདས་སོ་ཞེས་དུས་ཐམས་ཅད་དུ་ཕྱོགས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བཟོད་པར་བྱེད་དེ། འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །ཉམས་
པས་ངོ་ཚ་བ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་ལེ་ལོ་སྤངས་ནས། བརྩོན་འགྲུས་ཀྱི་མཐུས་དགེ་བ་རྒྱུན་དུ་བྱེད་པའི་བདག་ཉིད་ཅན་ཡིན་ན། གལ་ཏེ་ལེ་ལོའི་དབང་དུ་བྱས་ནས་བརྩོན་འགྲུས་ཉམས་པས་དགེ་བ་རྒྱུན་དུ་མི་བྱེད་ན་ངོ་ཚ་བ་ཡིན་ནོ། །
เล่ม ๑๒๖ · หน้า 227a
དེ་བས་ན་བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་འགལ་ལོ་ཞེས་ལེ་ལོ་སྤངས་ནས་བརྩོན་འགྲུས་རྒྱུན་དུ་རྩོམ་པར་བྱེད་དོ། །འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བསྟན་ཏོ། །གཡེང་བས་ངོ་ཚ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་
ལུས་དབེན་པར་བྱེད་དེ་དགོན་པ་ན་གནས་པ་དང་། སེམས་དབེན་པར་བྱེད་དེ་གཟུགས་ལ་སོགས་པ་ལ་རྟོག་ཅིང་གཡེང་བ་སྤོང་བའི་བདག་ཉིད་ཡིན་ན། གལ་ཏེ་ལུས་འདུ་འཛིའི་ནང་ན་གནས་ཤིང་སེམས་གཟུགས་ལ་སོགས་པ་ལ་གཡེང་ན་ངོ་ཚ་བར་བྱེད་དེ། དེ་བས་ན་བྱང་ཆུབ་
སེམས་དཔའི་ཆོས་ཉིད་ལས་འདས་སོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱི་འདུ་འཛི་དང་སེམས་ཀྱི་གཡེང་བ་གཉི་ག་སྤོང་བར་བྱེད་དེ། འདིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་ཏོ། །ལྟ་ཆུང་ངོ་ཚ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་རང་
བཞིན་གྱིས་ཤེས་རབ་ཆེན་པོ་དང་ལྡན་པས། ལྟ་བ་ཆེན་པོའི་བདག་ཉིད་ཅན་ཏེ། གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བའི་ཕྱིར་རོ། །དེ་ལྟ་བུ་ཡིན་པ་ལས་ཆོས་ལ་བདག་མེད་པར་ལྟ་བ་ནི་མེད་ཀྱི། ལྟ་བ་ཆུང་ངུ་གང་ཟག་ལ་བདག་མེད་པ་ཙམ་དུ་ལྟ་ན། བྱང་ཆུབ་སེམས་
དཔའ་ངོ་ཚ་བའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་འདས་སོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་ལྟ་སྟེ། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་ཏེ། ཚིག་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་
སྒྲུབ་པ་བསྟན་པ་ཡིན་ནོ། །ཐེག་གཞན་ངོ་ཚ་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ཡང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར། བསྔོས་ཤིང་སྨོན་ལམ་འདེབས་པ་ཡིན་ན། གལ་ཏེ་ཕ་
རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་རྣམས་ཐེག་པ་གཞན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བསྔོ་ཞིང་སྨོན་ལམ་འདེབས་ན་ངོ་ཚ་བ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་འདས་སོ་ཞེས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་
เล่ม ๑๒๖ · หน้า 227b
པ་རྣམས་བྱང་ཆུབ་ཆེན་པོར་ཐོབ་པར་བྱ་བའི་སྔོ་བར་བྱེད་དེ་འདིས་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་བསྟན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བསྒྲུབ་ལ། བྱང་ཆུབ་ཆེན་པོར་ཡང་སྨོན་ལམ་འདེབས་པ་དེ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློང་བ་ལ་རིམ་གྲོ་མེད་
པའོ་ཞེས་བྱ་བ་ལ། སློང་བ་འོངས་ན་མིག་གནགས་ནས་བཀྱིགས་ཏེ་སྟེར་བ་ནི་རིམ་གྲོ་མེད་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུ་དག་ཀྱང་བྱང་ཆུབ་སེམས་དཔའ་ངོ་ཚའོ། །ཚིགས་སུ་བཅད་པ་འདི་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་འདོད་ལ་མ་ཆགས་ལས་གསུམ་རྣམ་དག་ཅེས་བྱ་བ་ནས་
བརྩམས་ཏེ། ཐེག་གཞན་ངོ་ཚས་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ཡན་ཆད་ཀྱིས་དོན་གྱི་རྣམ་གྲངས་གཞན་ནས་གཞན་དུ་སྦྱར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་མཚན་ཉིད་གང་ཡིན་པ་བསྟན་ཏོ་
ཞེས་བྱ་བའི་དོན་ཏོ། །དགོང་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པའི་དོན། རྣམ་གྲངས་དུ་མས་རྒྱས་པར་བཤད་པའི་དོན་གྱི་མཇུག་མདོར་བསྡུས་ཏེ་བསྟན་པའི་ཕྱིར། འདི་དང་ཕ་རོལ་དག་དང་བཏང་སྙོམས་ཀྱིས་ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་གཅིག་སྨོས་སོ། །ཚིགས་སུ་བཅད་པ་འདིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང་། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་སེམས་ཅན་ལ་ཕན་འདོགས་པ་དེ་སྟོན་ཏོ། །ཕན་འདོགས་པ་ཡང་རྣམ་པ་
གཉིས་ཏེ། རྒྱུའི་ཆོས་ཀྱིས་ཕན་འདོགས་པ་དང་། འབྲས་བུའི་ཆོས་ཀྱིས་ཕན་འདོགས་པའོ། །དེ་ལ་ཚེ་འདིར་ཕན་འདོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་བྱེད་དེ། ཡོ་བྱད་ཀྱིས་ཕོངས་པ་རྣམས་ལ་ཡོ་བྱད་བྱིན་ནས་ལོངས་སྤྱོད་པ་ལ་གཞག་པའི་སྒོ་ནས་ཕན་འདོགས་སོ། །
ཚེ་རབས་ཕ་རོལ་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕན་འདོགས་ཏེ། སེམས་ཅན་དག་ཚུལ་ཁྲིམས་ལ་བཀོད་ན། ལྷ་དང་མི་ལ་སོགས་པའི་སྐྱེ་བ་བཟང་པོ་འཐོབ་པར་འགྱུར་བའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཏང་སྙོམས་སུ་འཇོག་པའི་སྒོ་ནས་ཕན་
เล่ม ๑๒๖ · หน้า 228a
འདོགས་ཏེ། སེམས་ཅན་གཞན་གྱིས་གནོད་པ་བྱས་ཀྱང་། སླར་གནོད་པའི་ལན་མི་གློན་ཞིང་ཅིའང་མི་བྱེད་པར་བཏང་སྙོམས་སུ་འཇོག་པའི་ཕྱིར་རོ། །སྦྱོར་བར་འདུ་བྱེད་པ་དང་ཞེས་བྱ་བ་ལ། སྦྱོར་བ་ནི་སེམས་ཅན་གྱི་ལས་སུ་བྱ་བའོ། །འདུ་བྱེད་པ་ནི་གྲོགས་
སུ་འགྲོ་བ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་གྱི་ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱེད་པའི་སྒོ་ནས་ཕན་འདོགས་སོ། །འབྱོར་པ་ཐོབ་ཅེས་བྱ་བ་ལ། འབྱོར་པ་ཐོབ་པ་ནི་མངོན་པར་ཤེས་པ་ཐོབ་པ་ལ་བྱ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་ཤེས་པས་
ཐོབ་པར་བྱས་ནས་མངོན་པར་ཤེས་པ་ཐོབ་པའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་སོ། །མཚུངས་པར་སྟོན་དང་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་ཆོས་གང་ལ་གང་བསྟན་ན་འདུལ་བར་འགྱུར་བའི་ཆོས་དེ་སྟོན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་སེམས་ཅན་
དང་འཚམ་པའི་ཆོས་བཤད་དེ། ཐེ་ཚོམ་བཅད་པའི་སྒོ་ནས་ཕན་འདོགས་སོ། །དེ་ལྟར་ཚིག་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པས་རྒྱུའི་ཆོས་ཀྱིས་ཕན་འདོགས་པར་བསྟན་ཏོ། །འབྲས་བུ་ཆེན་པོས་ཕན་འདོགས་པར་འཇུག་པ་བྱང་ཆུབ་སེམས་དཔའོ་ཞེས་བྱ་
བ་ལ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་སྟེ། བྱང་ཆུབ་ཐོབ་པ་དང་མངོན་པར་འཚང་རྒྱ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་དང་། འཇུག་པར་བྱེད་དེ།
འདིས་ནི་བྱང་ཆུབ་ཆེན་པོར་སྨོན་པས་འབྲས་བུའི་ཆོས་ཀྱིས་ཕན་འདོགས་པ་བསྟན་ཏོ། །དེ་ལྟར་རྒྱུའི་ཆོས་ཀྱིས་ཀྱང་ཕན་འདོགས་པ་འབྲས་བུའི་ཆོས་ཀྱིས་ཀྱང་ཕན་འདོགས་པ་དེ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་མཚན་ཉིད་སྤྱིར་རྣམ་
པར་དབྱེ་བའི་ཚིགས་སུ་བཅད་དོ་ཞེས་བྱ་བ་ལ། དེ་ལྟར་ས་བཅུ་གཅིག་པོ་དག་ན། བྱང་ཆུབ་སེམས་དཔའ་གྲངས་ཀྱིས་དུ་ཡོད་པ་དང་། བྱང་ཆུབ་སེམས་དཔའི་མཚན་ཉིད་བཤད་ནས་ད་ནི་བྱང་ཆུབ་སེམས་དཔའ་དེ་དག་ལ་མི་དབྱེ་བར་མཚན་དུ་ཇི་སྐད་བྱ་བའི་མཚན་འཆད་དོ། །
เล่ม ๑๒๖ · หน้า 228b
དེ་ལ་མིང་ལ་རྣམ་པ་གཉིས་ཏེ་དོན་དང་བཅས་པ་དང་དོན་མེད་པའོ། །དེ་ལ་དོན་དང་བཅས་པ་ནི་ཡོན་ཏན་ལས་དྲངས་ནས་མིང་དུ་བཏགས་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཞེས་བྱ་བ་ལྟ་བུའོ། །དོན་མེད་པ་ནི་དཔེར་ན་མི་དབུལ་པོ་ལ་དབང་ཕྱུག་ཅེས་བཏགས་པ་ལྟ་བུའོ། །
འདིར་བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་གྱི་རྣམ་གྲངས་བཅུ་དྲུག་པོ་འབྱུང་སྟེ། དེ་དག་ཐམས་ཅད་ནི་ཡོན་ཏན་ལས་དྲངས་ནས་མཚན་དུ་བཏགས་པས་དོན་དང་བཅས་པར་རིག་པར་བྱའོ། །གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱིས་ཤེས་བྱ་ཟབ་མོ་ལ་
དད་པས་ན། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །མཐུ་ཆེན་པོ་མོས་པས་ན། སེམས་དཔའ་ཆེ་ཞེས་བྱ་སྟེ། མཐུ་ཆེན་པོ་ནི་བ་སྤུའི་བུ་ག་གཅིག་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འཇིག་པའི་བསྐལ་པ་སྟོན་པའི་ཕྱིར་རོ། །ཡང་ན་
བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བར་སེམས་པས་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདས་པ་ལ་གཞག་པར་སེམས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཡང་ན་ཤེས་རབ་དང་ལྡན་པས་ན་
བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཤེས་རབ་དང་ལྡན་པ་རྣམས་ཀྱང་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་གོས་པར་མི་འགྱུར་རོ། །བརྩོན་འགྲུས་ནི་ཆེན་པོར་འགྱུར་བའི་རྒྱུ་ཡིན་པས། བརྩོན་འགྲུས་དང་ལྡན་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཡང་ན་
ཆེན་པོ་རྣམ་པ་བདུན་དང་ལྡན་པས་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། ཆེན་པོ་རྣམ་པ་བདུན་ནི་སྔར་བཤད་པ་རྣམས་སོ། །ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་དང་ལྡན་པས། བློ་ལྡན་ཞེས་བྱ་བ་ཟབ་མོའི་དོན་གྱི་དགོངས་པ་འགྲེལ་པར་བྱེད་པའི་ཤེས་རབ་ཀྱི་སྣང་བ་ཆེན་པོ་ཐོབ་པས་
ན་གཟི་བརྗིད་མཆོག་ཅེས་བྱའོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པས་ན་རྒྱལ་བའི་སྲས་སོ་ཞེས་བྱའོ། །སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པས་བྱ་བ་ལ་ཞུགས་པས་ན་རྒྱལ་བའི་གཞི་ཞེས་བྱའོ། །སྐུ་གསུམ་འབྲས་བུར་གྱུར་པ་དང་། སྟོབས་དང་མི་འཇིགས་པ་
เล่ม ๑๒๖ · หน้า 229a
ལ་སོགས་པ་སངས་རྒྱས་ཀྱི་ཆོས་འདབ་མ་ལྟ་བུར་གྱུར་པའི་རྒྱུ་བྱེད་པས་ན་རྒྱལ་བའི་མྱུ་གུ་ཞེས་བྱའོ། །བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ལས་རྒྱལ་བར་བྱེད་པས་ན་རྣམ་པར་རྒྱལ་བྱེད་ཅེས་བྱའོ། །བདུད་བཞི་འཇོམས་པར་བྱེད་པའི་
གྲོགས་མེད་པར་དཔའ་བོ་གཅིག་པུ་ཡིན་པས་ན་མཐུ་རྩལ་ཅན་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱིས་མ་རྟོགས་པའི་ཆོས་ངོ་མཚར་དུ་བྱ་བ་དོན་དམ་པའི་ཆོས་རྟོགས་པས་ན་ངོ་མཚར་མཆོག་ཅེས་བྱའོ། །འཁོར་བའི་འབྲོག་དགོན་པར་ཞུགས་པའི་སེམས་ཅན་གྱི་འདྲོན་
པ་མང་པོ་རྣམས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པས་ན། དེད་དཔོན་ཞེས་བྱའོ། །ཕྱོགས་བཅུ་ཐམས་ཅད་དུ་ཡོན་ཏན་གྱི་དྲིས་ཁྱབ་པས་ན། གྲགས་པ་ཆེན་པོ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པས་ན་བསོད་
ནམས་ཆེ་ཞེས་བྱའོ། །སེམས་ཅན་ཐམས་ཅད་བསྒྲུབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་ན་སྙིང་རྗེ་ཅན་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་ན་དབང་ཕྱུག་ཅེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་ལྡན་
པས་ན་ཆོས་ལྡན་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་མཚན་བཅུ་དྲུག་གི་དོན་སོ་སོར་བསྟན་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་རྒྱས་པར་བཤད་པའི་ཕྱིར་དེ་ཉིད་ལེགས་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཁྱད་པར་རྣམ་པ་ལྔ་ཁོང་དུ་ཆུད་ཅིང་
རྟོགས་པས་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཁྱད་པར་རྣམ་པ་ལྔ་ནི་དེ་ཉིད་ལེགས་པར་རྟོགས་པ་དང་། དོན་ཆེན་པོ་ལེགས་པར་རྟོགས་པ་དང་། ཐམས་ཅད་ཀྱི་དོན་རྟོགས་པ་དང་། རྟག་པའི་དོན་རྟོགས་པ་དང་། ཐབས་རྟོགས་པ་སྟེ། དེ་ལྔ་རྟོགས་པས་
བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པར་རྟོགས་པས་ན་དེ་ཉིད་ལེགས་རྟོགས་པའོ། །བདག་གི་དོན་དང་གཞན་གྱི་དོན་འགྲུབ་པར་བྱ་བ་རྟོགས་པས་ན་དོན་ཆེན་པོ་ལེགས་པར་རྟོགས་པའོ། །འདུས་བྱས་དང་
เล่ม ๑๒๖ · หน้า 229b
འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་སོགས་པའི་ཆོས་མ་ལུས་པར་རྟོགས་པས་ན་ཐམས་ཅད་ཀྱི་དོན་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བར་འགའ་ཤེས་པ་དང་། བར་འགའ་ཤེས་པ་དང་མི་ལྡན་པས་མ་ཡིན་གྱི་ཕུང་པོ་
ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་ཀྱང་མཁྱེན་པ་ཟད་པ་མེད་པར་རྟོགས་པས་ན་རྟག་པ་རྟོགས་སོ། །སེམས་ཅན་གང་ལ་ཆོས་གང་བསྟན་པས་འདུལ་བར་འགྱུར་བ་དང་སྐུ་ཅི་འདྲ་བ་བསྟན་ནས་འདུལ་བར་འགྱུར་བའི་ཆོས་དེ་བསྟན་པ་དང་། སྐུ་དེ་རྟོགས་
པའི་ཐབས་རྟོགས་པས་ན་ཐབས་རྟོགས་པ་ཞེས་བྱའོ། །ཡང་རྣམ་གྲངས་གཞན་གྱིས་ཁྱད་པར་རྣམ་པ་བཞི་རྟོགས་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བསྟན་པའི་ཕྱིར། བདག་གི་རྗེས་ཤེས་ཕྲ་མོའི་ལྟ་བ་ཤེས། །རྣམ་པ་སྣ་ཚོགས་རྣམ་རིག་ཤེས་པ་དང་། །ཐམས་
ཅད་ཡང་དག་མ་ཡིན་ཀུན་རྟོགས་ཤེས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཞེས་བྱ་བ་སྨོས་ཏེ། སེམས་དང་ཡིད་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་རྟོགས་པ་དང་དེ་གསུམ་ཆར་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་མཚན་ཉིད་ཡིན་པར་ཤེས་པས་ན།
དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་རྟོགས་པས་ན། བདག་གི་རྗེས་ཤེས་པ་ཞེས་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ནས་བདག་ཏུ་རྟོག་
པ་འཇུག་པས་ན། ཀུན་གཞིའི་རང་བཞིན་ཤེས་པ་ལ་བདག་གི་རྗེས་ཤེས་པའོ་ཞེས་བཏགས་སོ། །དེ་ལ་ཇི་ལྟར་ཤེས་པ་ན་ཀུན་གཞི་རང་བཞིན་ཤེས་པར་འགྱུར་ཞེ་ན། སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །
ལེན་པ་དག་དང་དེ་ཡི་གནས། །རིག་པ་རྣམ་པར་མི་རིག་པའོ། །རྟག་ཏུ་རིག་དང་ཡིད་བྱེད་དང་། །རིགས་དང་འདུ་ཤེས་སེམས་པར་ལྡན། །དེ་ནི་ཚོར་བ་བཏང་སྙོམས་ཏེ། །མ་བསྒྲིབས་ལུང་མ་བསྟན་ཀྱང་དེ། །ཞེས་བཤད་པ་ལྟ་བུར་ཤེས་ན་ཀུན་གཞི་རང་བཞིན་ཤེས་
เล่ม ๑๒๖ · หน้า 230a
པ་ཡིན་ནོ། །འདི་ནི་ཉོན་མོངས་པའི་ཡིད་ལ་བྱ་སྟེ་ཀུན་གཞི་རྣམ་པར་ཤེས་པ་ལ་ང་དང་བདག་གིར་དམིགས་པ་བྱེད་པའོ། །ཉོན་མོངས་པའི་ཡིད་ཀྱི་རང་བཞིན་ཤེས་པས་ན། ཕྲ་མོའི་ལྟ་བ་ཤེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཉོན་མོངས་པའི་ཡིད་ཀྱི་རང་བཞིན་ཤེས་པ་
ལ་ཕྲ་མོར་ལྟ་བ་ཤེས་ཞེས་བྱའོ་ཞེ་ན། ཉོན་མོངས་པའི་ཡིད་ནི་ལས་དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པ་བྱེད་པའི་དུས་ན་ཡང་ངའོ་སྙམ་པ་དང་། བདག་གོ་སྙམ་དུ་སེམས་པ་རྟག་ཏུ་འབྱུང་བས་ན། བལྟ་དཀའ་བའི་ཕྱིར་ཉོན་མོངས་པའི་ཡིད་ཤེས་པ་ལ། ཕྲ་མོ་ལྟ་བ་ཤེས་པ་
ཞེས་བཏགས་སོ། །ཇི་ལྟར་ཤེས་པ་ན་ཉོན་མོངས་པའི་ཡིད་ཤེས་པར་འགྱུར་ཞེ་ན། སུམ་ཅུ་པའི་རབ་ཏུ་དབྱེ་བ་ལས། དེ་ལ་གནས་ཏེ་རབ་འཇུག་ཅིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཉོན་མོངས་བཞི་དང་འགྲོགས་
པ་སྟེ། །རྟག་ཏུ་བསྒྲིབས་ལ་ལུང་མ་བསྟན། །ཅེས་བཤད་པའི་ཚུལ་དུ་ཤེས་ན་ཉོན་མོངས་པའི་ཡིད་ཀྱི་རང་བཞིན་ཤེས་པ་ཡིན་ནོ། །རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་བྱ་སྟེ།
རྣམ་པར་ཤེས་པ་དྲུག་གི་རང་བཞིན་ཤེས་པས་ན་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རིག་པ་ཞེས་བྱའོ། །ཇི་ལྟར་ཤེས་ན་རྣམ་པར་ཤེས་པ་དྲུག་གི་རང་བཞིན་ཤེས་པ་ཡིན་ཞེ་ན། སུམ་ཅུ་པའི་རབ་ཏུ་དབྱེ་བ་ལས། །གསུམ་ནི་རྣམ་པ་དྲུག་པོ་ལ། །དམིགས་པ་གང་ཡིན་
དེ་དག་སྟེ། །ཀུན་དུ་འགྲོ་དང་བྱེ་བྲག་གིས། །སེམས་ལ་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་ལྡན་ནོ། །ཞེས་བཤད་པའི་ཚུལ་དུ་ཤེས་ན་རྣམ་པར་ཤེས་པ་དྲུག་གི་རང་བཞིན་ཤེས་པ་ཡིན་ནོ། །རྣམ་པར་ཤེས་པ་
བརྒྱད་པོ་དེ་དག་ཀྱང་གཟུང་བ་དང་འཛིན་པའི་རྣམ་པ་ལྟ་བུ་རྟོག་པའི་རང་བཞིན་ཅན་ཡིན་པར་ཤེས་པ་ནི་ཐམས་ཅད་ཡང་དག་མ་ཡིན་པ་ཀུན་དུ་རྟོག་པར་ཤེས་པའོ། །ཡང་རྣམ་གྲངས་གཞན་གྱིས་སྤྱོད་པར་རྣམ་པ་ལྔ་རྟོགས་པས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་
เล่ม ๑๒๖ · หน้า 230b
བསྟན་པའི་ཕྱིར། མི་ཤེས་ཤེས་པ་རྗེས་སུ་ཤེས་པ་ཤེས། །དངོས་པོ་མེད་ཤེས་རྗེས་སུ་འབྱུང་བ་ཤེས། །མི་ཤེས་ཤེས་པ་སོ་སོར་ཤེས་པས་ན། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཞེས་སྨོས་ཏེ། རྣམ་པ་ལྔ་ཤེས་པ་ནི་མི་ཤེས་པ་ཤེས་པ་སོ་
སོར་ཤེས་པ་དང་། རྗེས་སུ་ཤེས་པ་སོ་སོར་ཤེས་པ་དང་། དངོས་པོ་མེད་པ་སོ་སོར་ཤེས་པ་དང་། འབྱུང་བ་རྗེས་སུ་ཤེས་པ་སོ་སོར་ཤེས་པ་དང་། མི་ཤེས་པ་ཤེས་པ་སོ་སོར་ཤེས་པ་སྟེ། དེ་ལྟར་རྣམ་པ་ལྔས་ཤེས་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་
བ། དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་ནམ་མཁའི་ངོས་ལྟ་བུར་དམིགས་པ་ཡིན་ནོ་ཞེས་ཤེས་པས་ན། མི་ཤེས་པ་ཤེས་པ་སོ་སོར་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཟུང་བ་འཛིན་པ་ལྟ་བུའི་ཤེས་པ་མེད་པས་མི་ཤེས་
པ་ཞེས་བྱའོ། །འོན་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ། མེ་ལོང་གི་དཀྱིལ་འཁོར་དུ་གཟུགས་བརྙན་སྣང་བ་ལྟ་བུར་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་ཡང་། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་སྣང་བས་ཤེས་པ་ཞེས་ཀྱང་བྱའོ། །དག་པ་
འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ལ་སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་ལྟ་བུར་དམིགས་པར་བྱེད་པ་ཡིན་པར་ཤེས་པས་ན། རྗེས་སུ་ཤེས་པ་ཞེས་བྱ་བ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་བྱུང་བས་རྗེས་སུ་ཤེས་
པ་ཞེས་བཏགས་སོ། །ཡང་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལ་སོགས་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལུགས་བཞིན་པ་དག་མ་རིག་པ་ལས་བྱུང་བ་ཤེས་པ་མི་ཤེས་པ་ཤེས་པ་ཞེས་བྱའོ། །མ་རིག་པ་འགགས་ན་འདུ་བྱེད་འགག་པ་ནས་
སྐྱེ་བ་འགགས་ན་རྒ་ཤི་འགག་པའི་བར་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་བཞིན་ཤེས་པས་ན་རྗེས་སུ་ཤེས་པ་ཤེས་པ་ཞེས་བྱའོ། །ཀུན་བཏགས་ཀྱི་མཚན་ཉིད་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་རང་བཞིན་མེད་པར་ཤེས་པས་དངོས་པོ་མེད་པ་ཤེས་པ་ཞེས་བྱའོ། །ཇི་སྙེད་ཀྱི་
เล่ม ๑๒๖ · หน้า 231a
གཟུང་བ་དང་འཛིན་པ་ཐམས་ཅད་དང་། སྡུག་བསྔལ་བ་ཐམས་ཅད་ནི་གཞན་གྱི་དབང་གི་མཚན་ཉིད་ལས་བྱུང་བར་ཤེས་པས་ན་འབྱུང་བ་རྗེས་སུ་ཤེས་པ་ཞེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཟུང་འཛིན་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་
མཚན་ཉིད་ཡིན་པར་ཤེས་པས་ན་མི་ཤེས་པ་ཤེས་པས་སོ་སོར་ཤེས་པ་ཞེས་བྱ་སྟེ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་གཟུང་འཛིན་གྱི་ཤེས་པ་མེད་པས་ནི་མི་ཤེས་པ་ཞེས་བྱའོ། །ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཤེས་པ་ཞེས་བྱའོ། །ཡང་རྣམ་གྲངས་གཞན་གྱི་ཤེས་བྱའི་ཁྱད་
པར་རྣམ་པ་ལྔ་ཤེས་པས་བྱང་ཆུབ་སེམས་དཔའ་ཞེས་བསྟན་པའི་ཕྱིར་རོ། །དོན་མེད་ཤེས་ཤིང་དོན་དམ་ཤེས་པ་དང་། །ཐམས་ཅད་ཤེས་དང་མ་ལུས་དོན་ཤེས་དང་། །ཤེས་བྱ་ཤེས་གནས་ཤེས་པ་ཡོངས་ཤེས་པས། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་ཞེས་
བྱ་བ་སྨོས་ཏེ། ཤེས་བྱའི་ཁྱད་པར་རྣམ་པ་ལྔ་ཤེས་པ་ནི་གཞན་གྱི་དབང་གི་མཚན་ཉིད་ཤེས་པ་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཤེས་པ་དང་། ཀུན་བརྟགས་ཀྱི་མཚན་ཉིད་ཤེས་པ་དང་། ཤེས་པ་དང་ཤེས་པ་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་པ་དང་།
ཤེས་བྱ་དང་ཤེས་པ་པོ་དང་། ཤེས་པས་འཁོར་གསུམ་ཡོངས་སུ་དག་པར་ཤེས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་དོན་མེད་པར་ཤེས་པ་ནི་གཞན་གྱི་དབང་གི་མཚན་ཉིད་ཤེས་པ་སྟེ། ཁམས་གསུམ་ཐམས་ཅད་གཞན་དབང་ཙམ་དུ་ཟད་
ཀྱི། དེ་ལས་གཞན་པ་གཟུང་བ་དང་འཛིན་པའི་དངོས་པོའི་དོན་ཡོད་པ་མ་ཡིན་པར་ཤེས་པ་དང་། ཇི་ཙམ་དུ་གཞན་དབང་གིས་གཟུང་བ་དང་འཛིན་པ་ལ་མངོན་པར་ཆགས་པ་དེ་ཙམ་དུ་དོན་མེད་པའི་ངོ་བོ་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྒྱུན་དུ་འབྱུང་བར་ཤེས་སོ། །དོན་དམ་
པ་ཤེས་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཤེས་པ་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་གཟུང་འཛིན་གཉིས་དང་བྲལ་བ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པར་ཤེས་པའོ། །ཐམས་ཅད་ཤེས་པ་ནི་ཀུན་དུ་བརྟགས་པའི་མཚན་ཉིད་ཤེས་པ་སྟེ། གཟུགས་ལ་སོགས་
เล่ม ๑๒๖ · หน้า 231b
པའི་གཟུང་བའི་ཆོས་རྣམས་དང་། མིག་ལ་སོགས་པའི་ཆོས་དེ་གཟུང་འཛིན་དུ་ཀུན་བརྟགས་པའི་ཆོས་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དང་མཚན་ཉིད་མེད་པར་ཤེས་པའོ། །མ་ལུས་པའི་དོན་ཤེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཟག་པ་དང་བཅས་པ་དང་། ཟག་པ་
མེད་པ་ལ་སོགས་པའི་ཤེས་བྱའི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ཤེས་པ་སྟེ། ཇི་སྙེད་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་སྨྲ་བ་དང་། བསམ་པའི་ཡུལ་དུ་མྱུར་བར་ཤེས་པར་བྱའོ། །ཤེས་བྱ་དང་ཤེས་པའི་གནས་དང་། ཤེས་པ་གསུམ་ཤེས་པ་ནི་ཤེས་བྱ་དང་ཤེས་པ་
པོ་དང་། ཤེས་པ་གསུམ་འཁོར་གསུམ་ཡོངས་སུ་དག་པར་ཤེས་པ་དང་། དོན་དམ་པར་ན་ཤེས་བྱ་སྟེ་ཕྱིའི་ཡུལ་དང་། ཤེས་པ་པོ་སྟེ་གང་ཟག་དང་། ཤེས་བྱ་སྟེ་ཤེས་རབ་གསུམ་རང་བཞིན་མེད་པར་ཤེས་པའོ། །དེ་ལ་དོན་མེད་པར་ཤེས་པ་དང་། དོན་དམ་
པར་ཤེས་པ་དང་། ཐམས་ཅད་ཤེས་པས་ནི་མཚན་ཉིད་གསུམ་ཤེས་པ་བསྟན་ཏོ། །མ་ལུས་པའི་དོན་རྣམ་པ་ཐམས་ཅད་དུ་ཤེས་པ་དང་། ཤེས་བྱ་དང་། ཤེས་པ་པོ་དང་། ཤེས་པ་གསུམ་འཁོར་གསུམ་ཡོངས་སུ་དག་པར་ཤེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་
ཤེས་པ་དང་། དོན་དམ་པའི་བདེན་པ་ཤེས་པ་བསྟན་ཏོ། །ཡང་རྣམ་གྲངས་གཞན་གྱིས་རྣམ་པ་ལྔ་ཤེས་པས་ན། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བསྟན་པའི་ཕྱིར། རྫོགས་པ་ཤེས་དང་གནས་ཀྱང་ཤེས་པ་དང་། །མང་ཤེས་རིམ་གྱིས་སྟོན་པར་ཤེས་པ་དང་། །
རབ་ཏུ་ཐེ་ཚོམ་བསལ་བ་ཤེས་པ་དང་། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱའོ། །ཞེས་བྱ་བ་སྨོས་ཏེ་དེ་ལ་རྫོགས་པ་ཤེས་པ་ནི་འོག་མིན་གྱི་ཕོ་བྲང་དུ་རྫོགས་པར་ལོངས་སྤྱོད་པའི་སྐུས་མངོན་པར་སངས་རྒྱས་པར་བྱ་བ་ཤེས་པའོ། །ཡང་ན་སངས་རྒྱས་ཀྱི་ཡེ་ཤེས་བཞི་དང་
ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལྔ་ཐོབ་ནས། ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མ་ལུས་པར་ཤེས་པ་ནི་རྫོགས་པ་ཞེས་བྱའོ། །གནས་ཤེས་པ་ནི་བྱང་ཆུབ་སེམས་དཔའ་གང་གིས་དགའ་ལྡན་གྱི་གནས་ན་བཞུགས་ཤིང་ལྷ་རྣམས་ལ་ཕན་གདགས་པར་བྱ་བར་ཤེས་པའོ། །
เล่ม ๑๒๖ · หน้า 232a
མང་ཤེས་པ་ནི་བྱང་ཆུབ་སེམས་དཔའ་གང་གིས་ཡུམ་གྱི་ལྷུམས་སུ་གཤེགས་ཤིང་། ཡུམ་གྱི་ལྷུམས་སུ་སེམས་ཅན་གྱི་དོན་ཇི་ལྟར་མཛད་པར་བྱ་བ་ཤེས་པའོ། །རིམ་གྱིས་སྟོན་པ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་གང་གིས་ལྷུམས་ནས་འབྱུང་བ་དང་། ཕོ་
བྲང་སླས་ལྔ་བརྒྱའི་ནང་ན་འདོད་པའི་ལོངས་སྤྱོད་ལ་སྤྱོད་པ་དང་། ཁབ་ནས་བྱུང་ཞིང་རབ་ཏུ་འབྱུང་བ་དང་། ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང་རྡོ་རྗེ་གདན་ལ་སྤྲུལ་པའི་སྐུས་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པ་ཤེས་པའོ། །རབ་ཏུ་ཐེ་ཚོམ་སེལ་བ་ཤེས་པ་ནི་སྤྲུལ་པའི་སྐུ་གང་
གིས་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་གྱི་ཐེ་ཚོམ་ཡོངས་སུ་གཅད་པར་བྱ་བ་ཤེས་པའོ། །རྣམ་གྲངས་གཞན་དུ་ཡང་རྣམ་པ་བཅུ་གཅིག་ཤེས་པས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བསྟན་ཏོ། །རྣམ་པ་བཅུ་གཅིག་གིས་ནི་འདས་པ་ཤེས་པ་དང་། མ་
འོངས་པ་ཤེས་པ་དང་། ད་ལྟར་བྱུང་བ་ཤེས་པ་དང་། ནང་ཤེས་པ་དང་། ཕྱི་ཤེས་པ་དང་། རྩིང་བ་ཤེས་པ་དང་། ཞིབ་པ་ཤེས་པ་དང་། ཐ་མ་ཤེས་པ་དང་། བཟང་པོ་ཤེས་པ་དང་། ཉེ་བ་ཤེས་པ་དང་། རིང་བ་ཤེས་པའོ། །རྙེད་དང་ཞེས་བྱ་བ་ལ། འདས་པ་
ཤེས་པ་ནི་རྙེད་པ་ཤེས་པ་ཞེས་བྱ་སྟེ། འདས་པའི་ཆོས་ནི་རྒྱུས་འབྲས་བུ་བསྐྱེད་ནས་གཉི་ག་འགགས་པར་ཤེས་སོ། །མ་རྙེད་ཅེས་བྱ་བ་ལ། མ་འོངས་པའི་དངོས་པོ་ཤེས་པ་ནི་མ་རྙེད་པ་ཤེས་པ་ཞེས་བྱ་སྟེ། མ་འོངས་པའི་དངོས་པོ་རྣམས་ནི་རྒྱུ་ཡང་མ་སྐྱེས་ལ། རྒྱུ་མ་
སྐྱེས་པས་རྒྱུས་འབྲས་བུ་ད་དུང་མ་བསྐྱེད་པར་ཤེས་སོ། །བློ་ལ་རབ་ཏུ་གནས་ཞེས་བྱ་བ་ལ། ད་ལྟར་གྱི་དངོས་པོ་ཤེས་པ་ནི་བློ་རབ་ཏུ་གནས་པ་ཤེས་པ་ཞེས་བྱ་སྟེ། ད་ལྟར་གྱི་དངོས་པོ་རྣམས་ནི་རྒྱུས་འབྲས་བུ་བསྐྱེད་ནས། ད་དུང་མ་འགགས་པས་ན་སེམས་ཅན་གྱི་
སྤྱོད་ཡུལ་དུ་གྱུར་པར་ཤེས་པའོ། །ཤེས་པ་དང་ཞེས་བྱ་བ་ལ། བདག་ཉིད་ཀྱི་བློས་ཆོས་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པར་རྟོག་པ་ནི་ཤེས་པ་ཞེས་བྱ་སྟེ། འདིས་ནི་ནང་ཤེས་པ་བསྟན་ཏོ། །རྗེས་ཤེས་ཞེས་བྱ་བ་ལ་དགེ་བའི་བཤེས་གཉེན་
เล่ม ๑๒๖ · หน้า 232b
གྱི་ཆོས་བསྟན་པ་ཐོབ་པ་ལས་ཆོས་རྣམས་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ཤེས་པ་ནི་རྗེས་སུ་ཤེས་པ་ཞེས་བྱ་སྟེ། འདིས་ནི་ཕྱི་ཤེས་པ་བསྟན་ཏོ། །སོ་སོར་སྟོན་པ་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཞན་ལ་སྟོན་པའི་བློ་དང་ཤེས་པ་ལ། སོ་སོར་སྟོན་
པ་ཞེས་བྱའོ། །གཞན་ལ་སྟོན་པའི་ཤེས་པས་ནི་རྩིང་བ་ཤེས་པ་བསྟན་ཏེ། ཆོས་སྟོན་པའི་བློ་ནི་མིང་ཚིག་ལ་སོགས་པ་རགས་པ་ལ་དམིགས་པའི་ཕྱིར་རོ། །སྨྲ་མེད་བློ་དང་ཞེས་བྱ་བ་ལ། སྨྲ་བ་དང་བཤད་པ་ཐམས་ཅད་སྤངས་ནས་ནང་དུ་བསམ་གཏན་དུ་འཇོག་པའི་བློ་ལ་སྨྲ་མེད་
བློ་ཞེས་བྱ་སྟེ། འདིས་ནི་ཞིབ་པ་ཤེས་པ་བསྟན་ཏེ། བསམ་གཏན་གྱི་ཤེས་པ་ནི་སྒྲ་དང་ཚིག་ལ་སོགས་པ་ཐམས་ཅད་ལས་འདས་པ་རྟོག་པ་མེད་པའི་སེམས་རྩེ་གཅིག་ལ་གནས་པའི་ཕྱིར་རོ། །ང་དང་ཞེས་བྱ་བ་ལ་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའི་ཤེས་པ་ལ་ང་རྒྱལ་
དང་བཅས་པའི་ཤེས་པ་ཞེས་བྱའོ། །འདིས་ནི་ཐ་མ་ཤེས་པ་བསྟན་ཏེ། ས་བདུན་པ་མན་ཆད་ན་ང་རྒྱལ་ཕྲ་མོ་ཡོད་པ་དང་། རྩོལ་འབད་ད་དུང་ཡོད་པའི་ཕྱིར་རོ། །ང་རྒྱལ་བཅོམ་ཞེས་བྱ་བ་ལ། ས་བརྒྱད་པ་དག་ནི་ཤེས་པའི་ང་རྒྱལ་བཅོམ་པའི་ཤེས་པ་ཞེས་བྱའོ། །འདིས་ནི་
ཤེས་པ་བཟང་པོ་བསྟན་ཏེ། ས་བརྒྱད་པ་ཡན་ཆད་ང་རྒྱལ་ཕྲ་མོ་ཡང་མི་འབྱུང་ཞིང་བརྩལ་འབད་སྤངས་ནས། ལྷུན་གྱིས་གྲུབ་པར་གནས་པའི་ཕྱིར་རོ། །ཡང་ན་མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱི་ཤེས་པ་ནི་ང་རྒྱལ་དང་བཅས་པ་ཞེས་བྱ་སྟེ། གཟུང་འཛིན་དུ་རྟོག་པ་ད་
དུང་མ་སྤངས་པའི་ཕྱིར་རོ། །ས་དང་པོ་ཡན་ཆད་ཀྱི་ཤེས་པ་ནི་ང་རྒྱལ་བཅོམ་པའི་ཤེས་པ་ཞེས་བྱ་སྟེ། གཟུང་འཛིན་དུ་ཆགས་པ་སྤངས་པའི་ཕྱིར་རོ། །བློ་གྲོས་བློ་ལྡན་ཞེས་བྱ་བའི་ཚིག་ནི་ཤེས་པ་བཅུ་གཅིག་པོ་གནས་དང་སྦྱར་ཏེ། རྙེད་པ་ཤེས་པའི་བློ་གྲོས་ཀྱི་བློ་དང་ལྡན་པ་
དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །སྨིན་དང་ཞེས་བྱ་བ་ལ་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའི་ཤེས་པ་ལ། སྨིན་པའི་ཤེས་པ་ཞེས་བྱའོ། །འདིས་ནི་ཉེ་བའི་ཤེས་པ་བསྟན་ཏེ་ས་བརྒྱད་པ་ཡན་ཆད་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་
เล่ม ๑๒๖ · หน้า 233a
ས་དང་ཉེ་བའི་ཕྱིར་རོ། །མ་སྨིན་པ་ཞེས་བྱ་བ་ལ་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའི་ཤེས་པ་ལ་མ་སྨིན་པ་ཞེས་བྱའོ། །འདིས་ནི་རིང་བའི་མ་སྨིན་པའི་ཤེས་པ་ཞེས་བྱ་སྟེ། འདིས་ནི་རིང་བའི་ཤེས་པ་བསྟན་ཏོ། །ཡང་ན་མོས་པ་སྤྱོད་པའི་ས་
རྣམས་ཀྱི་ཤེས་པ་ནི་མ་སྨིན་པ་ཞེས་བྱ་སྟེ། དེའི་ཚེ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མ་གྱུར་པ་དང་སངས་རྒྱས་ཀྱི་ས་དང་ཡང་ཐག་རིང་བས་འདིས་ནི་རིང་བའི་ཤེས་པ་བསྟན་ཏོ། །ས་དང་པོ་ལ་ཞུགས་པ་ཡན་ཆད་ཀྱི་ཤེས་པ་ནི་སྨིན་པའི་ཤེས་པ་ཞེས་བྱ་སྟེ། དེ་ལ་ཞུགས་པ་རྣམས་ཀྱིས་ཆོས་
ཀྱི་དབྱིངས་མངོན་སུམ་དུ་བྱས་པ་དང་། མྱུར་དུ་འཚང་རྒྱ་བར་འགྱུར་བས་ན། འདིས་ནི་ཉེ་བའི་ཤེས་པ་བསྟན་ཏོ། །ཡོན་ཏན་གྱི་སྐབས་བཤད་པ་རྫོགས་སོ།། །།མཚན་མ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་དེ་ལྟར་གོང་དུ་བཤད་པའི་ཡོན་ཏན་
དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། དགེ་བ་སྦེད་པ་ཡིན་ཏེ། ཡོན་ཏན་སྒྲོགས་སུ་ཟིན་ཀྱང་གང་ན་ཆུ་བྱ་སྣང་བ་དེ་ན་ཆུ་ཡོད་པར་མངོན་པ་དང་། གང་ན་དུད་པའི་མཚན་མ་སྣང་བ་དེ་ན་མེ་ཡོད་པར་མངོན་པ་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་དེ་དག་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པའི་མཚན་མ་རྣམ་པ་ལྔ་འབྱུང་སྟེ། མཚན་མ་རྣམ་པ་ལྔའི་སྒོ་ནས་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཤེས་པས་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་སྟེ། དེའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །
སྙིང་རྗེ་ལེགས་པར་སྨྲ་བ་དང་། །བརྟན་པ་ལག་པ་བརྐྱང་བ་དང་། །དགོངས་པ་ཟབ་མོ་རྣམ་པར་གྲོལ། །མཚན་མ་འདི་དག་བསྟན་པའོ། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བརྟན་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པའི་མཚན་མ་རྣམ་པ་ལྔ་སྟེ། སྙིང་རྗེ་
དང་ལྡན་པ་དང་ལེགས་པར་སྨྲ་བ་དང་ལྡན་པ་དང་། བརྟན་པ་དང་ལྡན་པ་དང་། ལག་པ་བརྐྱང་བ་དང་། དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའོ། །ཆོས་དེ་ལྔ་ཡང་རྣམ་པ་ལྔར་བཤད་དེ། རང་བཞིན་དང་རྟེན་དང་འབྲས་བུའི་རྗེས་སུ་བསྔགས་པ་དང་། གོ་རིམས་དང་བསྡུ་བས་
เล่ม ๑๒๖ · หน้า 233b
སོ། །དེ་ལ་སྙིང་རྗེའི་རང་བཞིན་ནི་རྣམ་པ་གཉིས་ཏེ། བསམ་པ་དང་ལྡན་པ་དང་། བསྒྲུབ་པ་དང་ལྡན་པའོ། །དེ་ལ་བསམ་པ་དང་ལྡན་པ་ཡང་རྣམ་པ་གཉིས་ཏེ། ཕན་པའི་བསམ་པ་དང་། བདེ་བའི་བསམ་པའོ། །དེ་ལ་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་
གཞག་པར་སེམས་པ་ནི་ཕན་པའི་བསམ་པའོ། །ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ལས་བཟློག་ནས་ཐར་པ་དང་མཐོ་རིས་སུ་གཞག་པར་སེམས་པ་ནི་བདེ་བའི་བསམ་པ་ཞེས་བྱའོ། །དེ་ལ་བསྒྲུབ་པ་དང་ལྡན་པ་ནི་བསམ་པ་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་
ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ལ་འགོད་པར་མཛད་དོ། །དེ་ནི་བསྒྲུབ་པ་དང་ལྡན་པ་ཞེས་བྱའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་ཞེས་བྱའོ། །དེ་ལ་ལེགས་པར་སྨྲ་བའི་རང་བཞིན་གང་ཞེ་ན། དེ་ལ་རྣམ་པ་
གཉིས་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་གཏམ་གྱི་རང་བཞིན་དང་། ཆོས་འཆད་པའི་གཏམ་གྱི་རང་བཞིན་ནོ། །དེ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་གཏམ་གྱི་རང་བཞིན་ཡང་རྣམ་པ་གཉིས་ཏེ། ཀུན་དུ་དགའ་བར་བྱེད་པ་དང་། ཡང་དག་པར་དགའ་བར་བྱེད་པའོ། །དེ་ལ་ཀུན་དུ་དགའ་བར་
བྱེད་པ་ནི་བཞིན་འཛུམ་ཞིང་ཁྲོ་གཉེར་སྤངས་ནས། རྟག་ཏུ་ཡང་ཁམས་སྙོམས་སམ་མ་སྙོམས་པ་ལ་སོགས་པ་འདྲི་བར་བྱེད་པའོ། །ཡང་དག་པར་དགའ་བར་བྱེད་པ་ནི་གང་སེམས་ཅན་རྣམས་ཀྱི་བུ་ཚ་གཉེན་བཤེས་དར་བར་བྱེད་པའམ། གཏེར་དང་འབྲུ་སྤེལ་བར་བྱེད་
པར་འགྱུར་བ་མཐོང་ན། དེ་བཞིན་དུ་གཏམ་དེ་དག་བྱེད་པའི་སྒོ་ནས། སེམས་ཅན་རྣམས་དགའ་བར་བྱེད་པའོ། །ཆོས་འཆད་པའི་གཏམ་གྱི་རང་བཞིན་ནི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཆོས་གང་བཤད་པས་སེམས་ཅན་རྣམས་ཐར་པ་དང་།
མཐོ་རིས་འཐོབ་པར་འགྱུར་བའི་ཆོས་དེ་འཆད་དེ། འདིས་ནི་ལེགས་པར་སྨྲ་བའི་རང་བཞིན་དེ་ལྟ་བུ་ཡིན་པར་བསྟན་ཏོ། །དེ་ལ་བསྟན་པའི་རང་བཞིན་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་གསུམ་དང་ལྡན་པས་བདག་དང་གཞན་གྱི་དོན་
เล่ม ๑๒๖ · หน้า 234a
བསྒྲུབ་པ་ན། སྡུག་བསྔལ་བ་དང་འཇིགས་པ་གང་བྱུང་ཡང་མི་སྐྲག་པ་དང་། མི་ཞུམ་པ་དང་མཐུ་དང་ལྡན་པ་དང་། མི་ལྡོག་པ་སྟེ་དེ་ནི་བརྟན་པའི་རང་བཞིན་དུ་རིག་པར་བྱའོ། །དེ་ལ་ལག་པ་བརྐྱང་བའི་རང་བཞིན་ནི་རྣམ་པ་གཉིས་ཏེ། སྦྱིན་པ་སྦྱིན་པ་ན་རྒྱ་ཆེན་
པོ་སྦྱིན་པ་དང་། ཉོན་མོངས་པ་མེད་པ་སྦྱིན་པའོ། །དེ་ལ་གང་ནང་གི་དངོས་པོ་ལ་ཡང་མགོ་དང་རྐང་ལག་ལ་སོགས་པ་ཐམས་ཅད་གཏོང་བ་དང་། ཕྱིའི་དངོས་པོ་ལ་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལོངས་སྤྱོད་ཀྱང་སྦྱིན་པ་ནི་རྒྱ་ཆེན་པོ་སྦྱིན་པ་ཞེས་བྱའོ། །སྦྱིན་པ་གང་སྦྱིན་ན་དེའི་ཚེ་
འདི་དང་ཚེ་རབས་གཞན་དུ་གནོད་པར་འགྱུར་བའི་སྦྱིན་པ་དུག་དང་མཚོན་ལ་སོགས་པ་སྦྱིན་པར་མི་བྱེད་ཀྱི། དངོས་པོ་སྐྱོན་མེད་པ་སྦྱིན་པར་བྱེད་པ་ནི་ཉོན་མོངས་པ་མེད་པ་སྦྱིན་པ་ཞེས་བྱ་སྟེ། འདི་ནི་ལག་པ་བརྐྱང་བའི་རང་བཞིན་དུ་རིག་པར་བྱའོ། །དེ་ལ་དགོངས་པ་ཟབ་མོ་ངེས་པར་འགྲེལ་
པའི་རང་བཞིན་ནི་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས། དེ་བཞིན་གཤེགས་པའི་དགོངས་པ་བཞི་དང་། ལྡེམ་པོ་དགོངས་པ་བཞི་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་བར་མ་ཆད་པར་བྱེད་པ་སྟེ། འདི་ནི་དགོངས་པ་ངེས་པར་འགྲེལ་བའི་རང་བཞིན་དུ་རིག་པར་བྱའོ། །དེ་ལ་སྙིང་རྗེ་
དང་ལྡན་པའི་རྟེན་ནམ་ཡུལ་ནི་རྣམ་པ་ལྔ་སྟེ། སྡུག་བསྔལ་བའི་སེམས་ཅན་དང་། ཉེས་པར་སྤྱོད་པའི་སེམས་ཅན་དང་། བག་མེད་པའི་སེམས་ཅན་དང་། ལོག་པར་ཞུགས་པའི་སེམས་ཅན་དང་། ཉོན་མོངས་པའི་བག་ལ་ཉལ་བའི་སེམས་ཅན་ནོ། །དེ་ལ་ངན་སོང་གསུམ་དུ་
སྐྱེས་པའི་སེམས་ཅན་རྣམས་ནི་སྡུག་བསྔལ་བའི་སེམས་ཅན་ཞེས་བྱའོ། །ཤན་པ་དང་རྔོན་པ་ལ་སོགས་པ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས། ལས་ངན་པ་ལ་ཞུགས་པ་རྣམས་ནི་ཉེས་པར་སྤྱོད་པའི་སེམས་ཅན་ཞེས་བྱའོ། །གང་གར་དང་གླུ་ལ་སོགས་པ་ལ་ཆགས་ཤིང་
འདོད་པ་ལྔའི་ཡོན་ཏན་ལ་ཞེན་པའི་སེམས་ཅན་རྣམས་ནི་བག་མེད་པའི་སེམས་ཅན་ཞེས་བྱའོ། །གང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་། མུ་སྟེགས་ཀྱི་ལྟ་བ་སྣ་ཚོགས་ལ་ཞེན་པའི་སེམས་ཅན་རྣམས་ནི་ལོག་པར་ཞུགས་པའི་སེམས་ཅན་ཞེས་བྱའོ། །གང་སོ་སོའི་སྐྱེ་
เล่ม ๑๒๖ · หน้า 234b
བོ་དགེ་བ་ཁམས་གསུམ་གྱི་ཉོན་མོངས་པ་མ་སྤངས་པ་རྣམས་ནི། ཉོན་མོངས་པའི་བག་ལ་ཉལ་བའི་སེམས་དང་ལྡན་པ་ཞེས་བྱ་སྟེ། སེམས་ཅན་དེ་ལྔ་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་འབྱུང་ངོ་། །དེ་ལ་ལེགས་པར་སྨྲ་བའི་རྟེན་དང་ཡུལ་ཡང་རྣམ་པ་ལྔ་སྟེ།
ཡང་དག་པར་ཀུན་དུ་སྨྲ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། ཡང་དག་པར་དབུགས་འབྱིན་པར་བྱེད་པ་དང་། ཡང་དག་པར་སྐབས་འབྱེད་པ་དང་རིག་པའི་མན་ངག་སྟོན་པའོ། །དེ་ལ་ཉིན་རེ་ཞིང་ཁམས་བདེ་བ་དང་། མི་བདེ་བ་འདྲི་བ་ནི་ཡང་དག་པར་ཀུན་དུ་སྨྲ་བའོ། །
བུ་ཚ་གཉེན་བཤེས་དར་བ་དང་། གཏེར་དང་འབྲུ་ལ་སོགས་པ་འཕེལ་བའི་གཏམ་སྨྲ་བ་ནི་ཡང་དག་པར་དགའ་བར་བྱེད་པའོ། །རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པ་བྱུང་ན་འཇིགས་པའི་བསྐྱབ་བྱ་བའི་ཚིག་སྨྲ་བ་ནི་ཡང་དག་པར་དབུགས་འབྱིན་པའོ། །གསོལ་བ་མ་བཏབ་པར་
ཡང་དོན་དུ་བྱ་བ་དང་། ལས་སུ་གཉེར་བ་རྣམས་ཀྱི་གྲོགས་བྱ་བར་ཁས་ལེན་པ་ནི་ཡང་དག་པར་སྐབས་འབྱེད་པའོ། །ཐར་པ་དང་མཐོ་རིས་འཐོབ་པར་འགྱུར་བའི་ཆོས་འཆད་པ་ནི་ཡང་དག་པར་ལུང་སྟོན་པ་ཞེས་བྱ་སྟེ། རྣམ་པ་དེ་དག་ལ་དམིགས་ནས། བྱང་ཆུབ་སེམས་
དཔའ་རྣམས་ལེགས་པར་སྨྲ་བ་ལ་འཇུག་གོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྟན་པའི་རྟེན་དང་ཡུལ་ཡང་རྣམ་པ་ལྔ་སྟེ། འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བ་དང་། འདུལ་བའི་སེམས་ཅན་རྣམས་ཀྱིས་ལོག་པ་སྣ་ཚོགས་བྱས་པ་
དང་། སེམས་ཅན་རྣམས་ཀྱི་དོན་དུ་དུས་རིང་པོར་འཁོར་བར་གནས་པར་ཁས་ལེན་པ་དང་། འཁོར་མང་པོའི་ནང་ན་ཆོས་འཆད་པའི་ཚེ། ཕས་ཀྱི་རྒོལ་བ་རྣམས་ཀྱིས་རྣམ་པ་དུ་མར་རྒལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་ཚིག་ཐམས་ཅད་ཁས་ལེན་ཅིང་རྒྱ་ཆེ་བའི་ཆོས་
ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་པ་བརྐྱང་བའི་གནས་དང་རྟེན་ཀྱང་རྣམ་པ་ལྔ་སྟེ། ཆེ་བ་སྦྱིན་པ་དང་། ཐ་དད་པ་མེད་པར་སྦྱིན་པ་དང་། གུས་པར་བྱ་སྟེ་སྦྱིན་པ་དང་། ཉོན་མོངས་པ་མེད་པའི་སྦྱིན་པ་དང་། མི་བརྟེན་པའི་སྦྱིན་པའོ། །དེ་ལ་ཕྱི་དང་ནང་
เล่ม ๑๒๖ · หน้า 235a
གི་དངོས་པོ་ཐམས་ཅད་གཏོང་བ་ནི་རྒྱ་ཆེ་བའི་སྦྱིན་པ་ཞེས་བྱའོ། །ཁ་ཅིག་ལ་སྦྱིན་ཁ་ཅིག་ལ་མི་སྦྱིན་ཞེས་བྱ་བ་མེད་ཀྱི་འདྲ་བ་ཁོ་ནར་སེམས་ཅན་ཀུན་ལ་སྦྱིན་པར་བྱེད་པ་ནི། ཐ་དད་པ་མེད་པ་སྦྱིན་པ་ཞེས་བྱའོ། །སློང་བ་རྣམས་ལ་རང་གི་ལག་པས་བཀུར་སྟི་དང་བཅས་
པས་སྦྱིན་པར་བྱེད་པ་ནི་གུས་པར་སྦྱིན་པར་བྱེད་པ་ཞེས་བྱའོ། །དུག་དང་མཚོན་ལ་སོགས་པ་སྦྱིན་པ་ནི་མ་ཡིན་གྱི་སྦྱིན་པ་གང་སྦྱིན་ན། ཚེ་རབས་གཞན་དུ་བདེ་བར་འགྱུར་བ་སྦྱིན་པར་བྱེད་པ་ནི་ཉོན་མོངས་པ་མེད་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པའི་འབྲས་བུ་ཚེ་རབས་གཞན་དུ་
རྣམ་པར་སྨིན་པ་ལ་མ་ཆགས། ཚེ་རབས་འདིར་ལན་ལ་མ་ཆགས་པར་སྦྱིན་པ་ནི་མི་གནས་པའི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་ཟབ་མོ་རྣམ་པར་འགྲེལ་བའི་རྟེན་དང་ཡུལ་ལ་ཡང་རྣམ་པ་ལྔ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་
རྣམས་ཀྱི་མདོ་སྡེ་ཟབ་མོ་ཟབ་པར་སྣང་བ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལུགས་དང་ལུགས་ལས་བཟློག་པ་ནི་རྟེན་དང་པོའོ། །འདུལ་བ་ཡང་ལྟུང་བ་ལ་མཁས་པ་དང་། ལྟུང་བ་སློང་བ་ལ་མཁས་པ་ནི་རྟེན་གཉིས་པའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་
ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་འཇོག་པ་ནི་རྟེན་གསུམ་པའོ། །མདོ་སྡེ་དེ་དང་དེ་དག་གི་ནང་ནས་དགོངས་པ་དང་བཅས་པའི་མིང་དང་ཚིག་ལ་སོགས་པ་རྣམ་པར་འབྱེད་པ་ནི་རྟེན་བཞི་པའོ། །ཆོས་རྣམས་ཀྱི་ཆོས་ཀྱི་ཚིག་ཐ་དད་པར་དབྱེ་བ་ནི་རྟེན་ལྔ་པའོ། །དེ་ལ་སྙིང་རྗེ་
དང་ལྡན་པ་རྣམས་ཚེ་འདིར་ཡང་དགྲ་མེད་ཅིང་བདེ་བར་གནས་པའི་སེམས་འཐོབ་པ་དང་། ཚེ་རབས་གཞན་དུ་ཡང་བདེ་འགྲོ་ལྷ་དང་མིའི་ནང་དུ་སྐྱེ་བ་ནི་སྙིང་རྗེ་དང་ལྡན་པའི་འབྲས་བུར་རིག་པར་བྱའོ། །ལེགས་པར་སྨྲ་བའི་བྱང་ཆུབ་སེམས་དཔའ་རྣམས་ངག་གི་ཉེས་པ་
རྣམ་པ་བཞི་འདི་ལྟ་སྟེ། བརྫུན་དང་ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་པ་སྤངས་ཤིང་ཚེ་འདི་དང་ཚེ་རབས་གཞན་དུ་བདག་གི་ཚིག་བཙུན་པ་དང་། ཚིག་གཞན་གྱིས་བཟུང་བར་འགྱུར་བ་ནི་སྙན་པར་སྨྲ་བའི་འབྲས་བུའོ། །བརྟན་པ་དང་ལྡན་པའི་བྱང་ཆུབ་
เล่ม ๑๒๖ · หน้า 235b
སེམས་དཔའ་ནི་ཚེ་འདིར་ཡང་ཐམས་ཅད་ནས་ཐམས་ཅད་དུ་ལེ་ལོ་དང་སྙོམ་ལས་དང་བྲལ་བར་འགྱུར་ཞིང་རབ་ཏུ་དགའ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་བྱེད་ལ། བླངས་ནས་ཀྱང་མི་འདོར་བ་དང་། བཟོད་པས་བདག་དང་ཕ་རོལ་རྗེས་
སུ་འཛིན་པ་དང་། མ་འོངས་པ་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་སུ་བྱ་ཞིང་བརྩམས་པའི་རྣམ་པ་ལ་བརྟན་པོར་རྩོམ་སྟེ། བརྩམས་པ་མཐར་མ་ཕྱིན་གྱི་བར་དུ་བར་མ་དོར་མི་ལྡོག་པ་འདི་དག་ནི་བརྟན་པའི་འབྲས་བུར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ལག་
བརྐྱང་པ་དང་ལྡན་པ་རྣམས་ནི་ཕྱི་ནང་གི་དངོས་པོ་གཏོང་བའི་སྒོ་ནས་ཚེ་འདིར་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་དང་། དེའི་རྐྱེན་གྱིས་བདག་ཉིད་ཚེ་རབས་གཞན་དུ་ལོངས་སྤྱོད་ཆེན་པོར་འགྱུར་ཞིང་བྱང་ཆུབ་ཀྱི་ཚོགས་ཆེན་པོར་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ནི་ལག་པ་
བརྐྱང་བའི་འབྲས་བུའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་བྱང་ཆུབ་སེམས་དཔའ་ཚེ་འདིར་ཡང་མདོ་སྡེ་དང་། འདུལ་བ་དང་། མ་མོ་ལྟ་བུ་འཆད་པའི་སྒོ་ནས། སེམས་ཅན་རྣམས་ཀྱི་མི་ཤེས་པ་དང་ལོག་པར་ཤེས་པ་དང་། ཐེ་ཚོམ་སེལ་བ་ཚེ་རབས་གཞན་དུ་ཡང་རིག་པའི་
གནས་ཐམས་ཅད་ལ་མཁས་པའི་ཤེས་རབ་ཀྱི་སྣང་བ་ཆེན་པོ་འཐོབ་སྟེ། འདི་ནི་དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་འབྲས་བུའོ། །མཚན་མ་ལྔ་པོ་འདི་དག་གི་གོ་རིམས་ནི་ཐོག་མ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱེད་པས་སྙིང་རྗེ་དང་པོར་བཤད་
དོ། །དེ་ནས་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར། མི་དགེ་བའི་གནས་ནས་བསླང་དགེ་བའི་གནས་སུ་གཞག་པའི་དོན་དུ་རིགས་པའི་མན་ངག་སྟོན་པར་བྱེད་དེ། དེ་བས་ན་དེའི་འོག་ཏུ་ལེགས་པར་སྨྲ་བ་བསྟན་ཏོ། །དེ་ལྟར་སྙིང་
རྗེ་དང་ལྡན་ཞིང་སེམས་ཅན་གྱི་དོན་དུ་རིགས་པར་སྨྲ་བ་ལ་ཞུགས་པ་དེ་འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ཞིང་སེམས་ཅན་གྱི་དོན་མི་གཏོང་ཞིང་མི་ལྡོག་སྟེ། དེ་བས་ན་དེའི་འོག་ཏུ་བརྟན་པ་བསྟན་ཏོ། །དེ་ལྟར་བརྟན་པ་དེ་དག་ལྡན་པ་དེ་སེམས་ཅན་བསྟན་པ་
เล่ม ๑๒๖ · หน้า 236a
ལ་མ་ཞུགས་བ་རྣམས་ནི་བསྟན་པ་ལ་གཟུང་བའི་ཕྱིར་ཟང་ཟིང་གིས་ཕན་འདོགས་པར་བྱེད་དོ། །བསྟན་པ་ལ་ཞུགས་པ་རྣམས་ལ་ནི་ཆོས་བཤད་པས་ཕན་འདོགས་པར་བྱེད་དེ། དེ་བས་ན་དེའི་འོག་ཏུ་ལག་པ་བརྐྱང་བ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བ་བསྟན་
ཏོ། །མཚན་མ་ལྔ་པོ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་གང་གིས་མཚན་མ་གང་བསྡུས་ཤེ་ན། སྙིང་རྗེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །ལེགས་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པས་བསྡུས་ཏེ། དེ་ལ་སེམས་ཅན་རྣམས་ལ་འཕྲལ་དུ་ཚིག་རྩུབ་པོ་མི་སྨྲ་ཞིང་སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །དམ་པའི་ཆོས་ཀྱི་གཏམ་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །དེ་ལ་བརྟན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །ལག་པ་བརྐྱང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་
སོ། །མཚན་མ་ལྔ་པོ་དེ་དག་གི་ལས་བསྟན་པའི་ཕྱིར། ཡོངས་སུ་སྡུད་དང་མོས་པ་འཐོབ། །སྐྱོ་མེད་གཉིས་ཀྱིས་བསྡུས་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་དང་ལྡན་པའི་ལས་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཡོངས་སུ་བཟུང་བ་སྟེ། སྙིང་རྗེ་དང་ལྡན་ན་
སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་བཟླ་བར་བྱའོ་ཞེས་ཁས་ལེན་པའི་ཕྱིར་རོ། །ལེགས་པར་སྨྲ་བ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བསྐྱེད་པར་བྱ་བའི་ཕྱིར་སྨྲ་སྟེ། བྱང་ཆུབ་སེམས་དཔའ་
རྣམས་བཞིན་འཛུམ་ཞིང་འཕྲལ་དུ་སྙན་པར་སྨྲ་བའི་ཚིག་དང་། ཆོས་སྟོན་པའི་སྒོ་ནས་སེམས་ཅན་དྲངས་ཏེ། སངས་རྒྱས་ཀྱི་ཆོས་ལ་དད་པ་སྐྱེད་པར་བྱེད་དོ། །བརྟན་པ་དང་ལྡན་པར་བྱ་བ་ནི་བདག་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་
เล่ม ๑๒๖ · หน้า 236b
གྲང་བ་དང་། ཚ་བ་ལ་སོགས་པའི་ཕྱིའི་སྡུག་བསྔལ་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པ་ནང་གི་སྡུག་བསྔལ་བྱུང་བས་མི་སྐྱོ་ཞིང་མི་ལྡོག་པར་བྱ་བའི་ཕྱིར། བརྟན་པ་དང་ལྡན་པར་བྱ་སྟེ། བརྟན་པ་དང་ལྡན་པར་གྱུར་ན་དཀའ་བ་སྤྱོད་པའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བར་འགྱུར་
རོ། །ལག་པ་བརྐྱང་བ་དང་། དགོངས་པ་ཟབ་མོ་འགྲེལ་པ་གཉིས་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གཞག་པར་བྱའོ་སྙམ་དུ་སེམས་པའི་ཕན་པ་ལྷག་པའི་བསམ་པ་ཞེས་བྱ་སྟེ། སེམས་ཅན་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་ན་འདོད་ཆགས་
ལ་སོགས་པའི་ཉོན་མོངས་པའི་གཙེ་བ་མེད་པས་ཕན་པ་དང་ལྡན་པར་འགྱུར་རོ། །སེམས་ཅན་རྣམས་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པ་ལ་འགོད་དོ་སྙམ་དུ་བསམ་པ་ནི་བདེ་བའི་ལྷག་པའི་བསམ་པ་ཞེས་བྱ་སྟེ། སེམས་ཅན་གྱི་ཕུང་པོའི་
ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ཐོབ་ན། སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བས་བདེ་བ་དང་ལྡན་པར་འགྱུར་རོ། །དེ་ལ་ལྷག་པའི་བསམ་པ་རྣམ་པ་ལྔ་ལས་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ནི་ཕན་པ་དང་བདེ་བའི་བསམ་པ་ཡིན་པས།
དེ་ནི་ཕན་པའི་ལྷག་པའི་བསམ་པ་དང་། བདེ་བའི་ལྷག་པའི་བསམ་པའི་ནང་དུ་བསྡུས་ཏེ། དེ་ཡན་ཆད་ལྷག་པའི་བསམ་པ་རྣམ་པ་གཉིས་བསྟན་ཏོ། །དེ་ལྟར་བསམ་པ་དེ་ལྟ་བུ་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་ཕན་པའི་བསམ་པ་དང་།
བདེ་བའི་ལྷག་པའི་བསམ་པ་ཞེས་བྱ་སྟེ། འདིས་ནི་སེམས་ཅན་གྱི་དོན་དུ་ལྷག་པའི་བསམ་པ་རྣམ་པར་དབྱེ་བ་བསྟན་ཏོ། །མ་དག་པ་དང་ཞེས་བྱ་བ་ལ་མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མ་དག་པའི་ལྷག་པའི་བསམ་པ་ཞེས་
བྱ་སྟེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་མ་རྟོགས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་གཟུང་བ་དང་འཛིན་པ་ལ་མངོན་པར་ཆགས་པ་མ་སྤངས་པས་ན་མ་དག་པ་ཞེས་བྱའོ། །རྣམ་པར་དག་པ་ཞེས་བྱ་བ་ལ། ས་དང་པོ་ཡན་ཆད་ས་བདུན་པ་
เล่ม ๑๒๖ · หน้า 237a
མན་ཆད་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ལ་རྣམ་པར་དག་པའི་ལྷག་པའི་བསམ་པ་ཞེས་བྱ་བ་སྟེ། ས་དེ་དག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་ཤིང་གཟུང་བ་དང་འཛིན་
པ་ལ་མངོན་པར་ཆགས་པ་ཡང་མེད་ལ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་ཤས་ཀྱིས་སྤངས་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའོ། །ཤིན་ཏུ་དག་པ་ཞེས་བྱ་བ་ལ། ཕྱིར་མི་ལྡོག་པའི་ས། ས་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་གནས་པའི་
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་པ་ལ་ཤིན་ཏུ་དག་པའི་བསམ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་ས་བདུན་པ་ཡན་ཆད་ན་ནི་བརྩལ་འབད་དང་བཅས་པས་རྩོལ་བ་དང་འབད་པའི་མཚན་ཉིད་དུ་ལྡོག་པ་ཡོད་མོད་ཀྱི་ས་བརྒྱད་པ་ཡན་ཆད་ཐོབ་ནས་ནི་བརྩལ་འབད་པ་ཐམས་ཅད་སྤངས་ཏེ།
ལྷུན་གྱིས་གྲུབ་པས་བརྩལ་འབད་ཀྱི་མཚན་ཉིད་དུ་ཕྱིར་ལྡོག་པ་མེད་པས་ན་ཤིན་ཏུ་དགའ་བ་ཞེས་བྱ་སྟེ། ཚིག་དེ་དག་གིས་བདག་གི་དབང་དུ་བྱས་ནས། ལྷག་པའི་བསམ་པ་རྣམ་པར་དབྱེ་བ་བསྟན་ཏོ། །ས་ཀུན་ལ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ས་བཅུའི་
སྟེང་དུ་མོས་པ་སྤྱོད་པའི་ས་བསྣན་ཏེ་ས་བཅུ་གཅིག་པོ་དེ་དག་ཀུན་ན་ལྷག་པའི་བསམ་པ་རྣམ་པ་ལྔ་ཞིག་འབྱུང་སྟེ། སེམས་ཅན་གྱི་དབང་དུ་བྱས་ནས་ནི། ཕན་པའི་ལྷག་པའི་བསམ་པ་དང་། བདེ་བའི་ལྷག་པའི་བསམ་པ་གཉིས་འབྱུང་ངོ་། །བདག་གི་དབང་དུ་
བྱས་ནས་ནི། མ་དག་པའི་ལྷག་པའི་བསམ་པ་དང་། རྣམ་པར་དག་པའི་ལྷག་པའི་བསམ་པ་དང་། ཤིན་ཏུ་དག་པའི་ལྷག་པའི་བསམ་པ་སྟེ། ལྷག་པའི་བསམ་པ་རྣམ་པ་གསུམ་འབྱུང་ངོ་། །ཡོངས་སུ་བསྡུ་བ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་
བྱ་བ་ལ། དེ་ལྟར་སེམས་ཅན་གྱི་དོན་དང་བདག་གི་དོན་བྱའོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་བཞིན་དུ་འཁོར་བ་ལ་ཞེ་སྡང་བ་མ་ཡིན་གྱི། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་སྡུད་ཅིང་མི་གཏོང་བར་བྱེད་དེ། དེ་བས་ན་ལྷག་པའི་བསམ་པའི་
เล่ม ๑๒๖ · หน้า 237b
རྗེས་ལ། ཡོངས་སུ་བསྡུ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །སྨོན་ལམ་དང་ནི་སེམས་མཉམ་པ། །བདག་པོ་བྱེད་པས་ཡོངས་སུ་བསྡུས། །ཚོགས་རྣམ་དྲང་བར་བྱ་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་ས་ཀུན་ལ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྡུད་པ་ནི་རྣམ་པ་བཞི་སྟེ། སྨོན་ལམ་གྱིས་ཡོངས་སུ་སྡུད་པ་དང་། སེམས་མཉམ་པ་འཐོབ་པས་ཡོངས་སུ་སྡུད་པ་དང་། བདག་པོ་བྱེད་པས་ཡོངས་སུ་སྡུད་པ་དང་། ཚོགས་རྣམ་པར་འདྲེན་པས་ཡོངས་སུ་སྡུད་པ་སྟེ། བློ་ལྡན་བྱང་ཆུབ་
སེམས་དཔའ་རྣམས་མོས་པ་སྤྱོད་པའི་ས་ཡན་ཆད་ས་བཅུ་གཅིག་པོ་ཀུན་ལ། རྣམ་པ་བཞི་ལྟ་བུས་སེམས་ཅན་ཡོངས་སུ་སྡུད་པར་བྱེད་དོ། །དེ་ལ་སྨོན་ལམ་གྱིས་ཡོངས་སུ་སྡུད་པ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་
སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ཁས་ལེན་པ་ནི་སྨོན་ལམ་གྱིས་ཡོངས་སུ་སྡུད་པ་ཞེས་བྱ་སྟེ། དེའང་དཔེར་ན་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས། ཇི་སྙེད་དུ་སེམས་ཅན་གྱི་བསྡུ་བས་བསྡུས་པ་མངལ་ནས་སྐྱེས་པ་དང་། སྒོ་ང་
ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་འགྲོ་བར་བགྲང་བའི་རྣམས། ཕུང་པོ་ལྷག་མ་མ་ལུས་པར་སྤངས་པའི་དབྱིངས་སུ་དགོད་པར་བྱའོ་
ཞེས་གསུངས་པ་ལྟ་བུའོ། །སེམས་མཉམ་པ་ཉིད་ཐོབ་པས་སེམས་ཅན་ཡོངས་སུ་སྡུད་པ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་པའི་དུས་ན། བདག་དང་ཕ་རོལ་མི་འབྱེད་པའི་སེམས་ཐོབ་པས། སེམས་ཅན་རྣམས་མི་གཏོང་ཞིང་སྡུད་པར་བྱེད་པ་སྟེ།
དེའང་ས་བཅུའི་ས་དང་པོའི་མདོ་ལས། འདི་ལྟར་དེ་ནི་བདག་གི་འདུ་ཤེས་དང་བྲལ་བས། བདག་ལ་ཕངས་པར་སེམས་པ་ཡང་མེད་ན། ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་ག་ལ་ཡོད་དེ། དེ་ནི་སུ་ལས་ཀྱང་རིམ་གྲོ་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ལ་གཞན་དུ་ན་
เล่ม ๑๒๖ · หน้า 238a
བདག་ཉིད་ཀྱིས་སེམས་ཅན་དེ་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟ་བུའོ། །བདག་པོ་བྱེད་པས་སེམས་ཅན་ཡོངས་སུ་སྡུད་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའ་རྒྱལ་པོའམ།
བློན་པོའམ། རྗེ་བོའམ་དཔོན་པོ་ལ་སོགས་པ་དབང་དང་ལྡན་པར་གྱུར་ན། མཐུ་དང་དབང་གིས་སེམས་ཅན་མི་དགེ་བ་ལས་ཟློག་ཅིང་དགེ་བ་ལ་འཇོག་པར་བྱེད་པ་སྟེ། དེའང་དཔེར་ན་ས་བཅུ་པའི་ས་དང་པོ་ལས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕལ་ཆེར་འཛམ་
བུའི་གླིང་དུ་རྒྱལ་པོར་འགྱུར་ཏེ། སྲིད་ཆེན་པོ་ལ་དབང་བསྒྱུར་བ་རབ་ཏུ་ཐོབ་ཅིང་ཆོས་ཀྱིས་ཡོངས་སུ་བསྐྱང་བ་དང་། སེམས་ཅན་རྣམས་སྦྱིན་པ་ཆེན་པོས་ཡོངས་སུ་བསྡུས་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། སེམས་ཅན་རྣམས་ཀྱི་འཇུངས་པའི་དྲི་མ་བཟློག་པ་ལ་མཁས་པ་ཡིན་ཞེས་
བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ས་གཉིས་པ་ལས་ཀྱང་། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་འཁོར་ལོས་སྒྱུར་བའི་རྒྱལ་པོར་གླིང་བཞི་པ་ལ་དབང་བར་འགྱུར་ཏེ། ཆོས་ཀྱིས་དབང་བསྒྱུར་བ་རབ་ཏུ་འཐོབ་ཅིང་རིན་པོ་ཆེ་སྣ་བདུན་དང་ལྡན་པ།
སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་བཟློག་པ་ལ་མཁས་ཤིང་མཐུ་ཡོད་པ་དང་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་དགོད་པར་བྱ་བར་ཤིན་ཏུ་མཁས་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། ས་གསུམ་པ་
ལ་སོགས་པ་ལ་ཡང་། རྒྱལ་པོ་དང་ཇོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པ་ལ་མདོ་ལས་འབྱུང་བ་བཞིན་དུ་སྦྱར་རོ། །ཚོགས་རྣམ་པར་དྲང་བར་བྱ་བའི་ཕྱིར་སེམས་ཅན་སྡུད་པ་ནི་མཁན་པོ་དང་སློབ་དཔོན་དུ་གྱུར་ནས། སེམས་ཅན་རྣམས་སློབ་མར་བྱས་ཏེ་སེམས་ཅན་
རྣམས་མི་དགེ་བའི་གནས་ནས་བཟློག་ཅིང་དགེ་བའི་གནས་སུ་དགོད་པར་བྱེད་དོ། །སྐྱེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་སེམས་ཅན་བསྡུ་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་བཞིན་མྱ་ངན་ལས་འདས་པའི་ཕྱོགས་འབའ་ཞིག་
เล่ม ๑๒๖ · หน้า 238b
ལ་གནས་པས་སེམས་ཅན་སྡུད་པར་མི་ནུས་ཀྱི་འཁོར་བར་སྐྱེས་ན་གདོད་སེམས་ཅན་སྡུད་པར་ནུས་ཏེ། དེ་བས་ན་ཡོངས་སུ་བསྡུ་བ་རྣམ་པར་དབྱེ་བའི་འོག་ཏུ་སྐྱེ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཅིག་གིས་བཤད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་བ་མདོར་བསྡུས་ན་རྣམ་
བ་བཞི་སྟེ། ལས་ཀྱི་དབང་གིས་སྐྱེ་བ་དང་། སྨོན་ལམ་གྱི་དབང་གིས་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་དང་། འབྱོར་པའི་དབང་གིས་སྐྱེ་བའོ། །ལས་རྣམས་ཀྱི་ནི་དབང་དག་དང་། །ཞེས་བྱ་བ་ལ། འདིས་ལས་ཀྱི་དབང་གིས་སྐྱེ་བ་བསྟན་ཏེ་ས་དང་པོ་ལ་སོགས་པ་ལ་ཞུགས་
པ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་ཀྱི་དབང་གིས་སྐྱེས་ཏེ་དེ་དག་སེམས་ལ་དབང་མ་ཐོབ་པས་གང་དུ་བསམས་ཤིང་སྨོན་ལམ་བཏབ་པ་དེར་གདོན་མི་ཟ་བར་འགྱུར་བར་ངེས་པ་མེད་དེ། བསོད་ནམས་ཀྱི་ཚོགས་ཀྱི་ལས་བྱས་པས་བདག་དང་གཞན་
ལ་ཕན་པར་འགྱུར་བའི་གནས་དེ་དང་དེ་དག་ཏུ་སྐྱེའོ། །དེ་ལྟར་སྐྱེ་བ་དེ་སྡིག་པ་མི་དགེ་བའི་ལས་ཀྱིས་སྐྱེ་བ་ནི་མ་ཡིན་པར་གཞག་གོ། །གཞན་ཡང་སྨོན་ལམ་དག་གིས་ཏེ་ཞེས་བྱ་བ་ལ། གཞན་གྱི་སྒྲ་ནི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། ས་དང་པོ་དང་
གཉིས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྷ་དང་མི་དང་བྱོལ་སོང་དང་ཡི་དྭགས་དང་སེམས་ཅན་དམྱལ་བ་ལ་སོགས་པའི་གནས་དེ་དང་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། སྨོན་ལམ་གྱི་དབང་གིས་སྐྱེ་
བ་ལེན་ཏེ། ལོ་ཉེས་ཆེན་པོ་བྱུང་བའི་དུས་ན་སེམས་ཅན་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་སྟེ། ཉ་དང་གླང་པོ་ཆེ་ལ་སོགས་པའི་ལུས་བླངས་ནས། རང་གི་ཤས་སེམས་ཅན་ལ་ཚིམ་པར་བྱས་པ་དང་། ནད་ཀྱི་
བསྐལ་པ་བར་མ་བྱུང་ནས་ནད་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་ན། སྨོན་ལམ་གྱི་དབང་གིས་རིག་སྔགས་གྲུབ་པ་དང་། སྨན་པ་ཆེན་པོའི་ལུས་སུ་བསྒྱུར་ནས། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་ཞི་བར་བྱེད་པ་སྟེ། རྒྱས་པར་དེ་བཞིན་
เล่ม ๑๒๖ · หน้า 239a
གཤེགས་པའི་གསང་བ་བསྟན་པའི་མདོ་ལས། སྐུའི་གསང་བ་བསྟན་པའི་སྐབས་སུ་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་རོ། །ཏིང་ངེ་འཛིན་ཞེས་བྱ་བ་ལ། ས་གསུམ་པ་ཡན་ཆད་ས་བདུན་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་ཏིང་ངེ་འཛིན་
གྱི་དབང་གིས་སྐྱེ་སྟེ། ཏིང་ངེ་འཛིན་དང་བསམ་གཏན་བསྒྲུབས་པས་ནི་གཟུགས་ཀྱི་ཁམས་སུ་སྐྱེ་ཞིང་འབྲས་བུ་ལེན་པ་ཡིན་པ་ལས། དེ་ལས་བཟློག་ནས་འདོད་པའི་ཁམས་སུ་སྐྱེས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །བརྟན་པ་རྣམས་ནི་སྐྱེ་བ་འདོད། །ས་བརྒྱད་པ་
དང་དགུ་པ་དང་བཅུ་པ་ལ་སོགས་པ་ནས་ས་བཅུ་པའི་འབྱོར་པ་ཐོབ་པ་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྤྲུལ་པའི་སྐུ་དགའ་ལྡན་གྱི་ཕོ་བྲང་ན་གནས་པ་དང་། དེ་ན་འཆི་འཕོ་བསྟན་ཏེ། ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། ལྷུམས་ནས་འབྱུང་བ་ལ་སོགས་
པ་སྟོན་པ་སྟེ། དབང་བཅུའི་འབྱོར་པ་ཐོབ་པ་ཡང་ས་བཅུ་པའི་ས་བརྒྱད་པ་ལས་དེས་ལུས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་དེ་ལྟ་བུ་རབ་ཏུ་ཐོབ་པས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་བྱིན་གྱིས་བརླབས་པའི་ཕྱིར་ཆེའི་དབང་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་
ཤིན་ཏུ་རྟོགས་པའི་ཡེ་ཤེས་ལ་འཇུག་པར་བྱ་བའི་ཕྱིར་སེམས་ཀྱི་དབང་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་དུ་མས་རབ་ཏུ་བརྒྱན་ཅིང་། ཤིན་ཏུ་ཀླུབས་པའི་བྱིན་གྱི་རླབས་ཡང་དག་པར་བསྟན་པའི་ཕྱིར་ཡོ་བྱད་ཀྱི་དབང་རབ་ཏུ་འཐོབ་བོ། །ལས་ཀྱི་རྣམ་པར་
སྨིན་པའི་ཕྱིར་བྱིན་གྱི་རླབས་དུས་བཞིན་དུ་མངོན་པར་བསྟན་པའི་ཕྱིར། ལས་ཀྱི་དབང་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་བསྟན་པའི་ཕྱིར་སྐྱེ་བའི་དབང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཇི་དགའ་བར་མངོན་པར་འཚང་རྒྱ་
བས་ཡང་དག་པར་བསྟན་པའི་ཕྱིར་སྨོན་ལམ་གྱི་དབང་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཡང་དག་པར་བསྟན་པའི་ཕྱིར་མོས་པའི་དབང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་
เล่ม ๑๒๖ · หน้า 239b
པའི་ཕྱིར། རྫུ་འཕྲུལ་གྱི་དབང་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་མངོན་པར་འཚང་རྒྱ་བར་ཡང་དག་པར་བསྟན་པའི་ཕྱིར་ཡེ་ཤེས་ཀྱི་དབང་རབ་ཏུ་འཐོབ་བོ། །མཐའ་དང་དབུས་མེད་པའི་
ཆོས་ཀྱི་སྣང་བ་ཡང་དག་པར་བསྟན་པའི་ཕྱིར། ཆོས་ཀྱི་དབང་རབ་ཏུ་འཐོབ་བོ་ཞེས་གསུངས་སོ། །དེ་ལྟར་ན་བརྟན་པ་བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་ནི་སྨོན་ལམ་གྱི་དབང་གིས་སྐྱེ་བ་ཡང་ཡོད་མོད་ཀྱི། ཕལ་ཆེར་ལས་ཀྱི་དབང་གིས་སྐྱེའོ། །ས་དང་པོ་དང་
གཉིས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ཡང་ཡོད་མོད་ཀྱི་ཕལ་ཆེར་སྨོན་ལམ་གྱི་དབང་གིས་སྐྱེའོ། །ས་གསུམ་པ་ཡན་ཆད་བདུན་པ་མན་ཆད་ནི་ཕལ་ཆེར་ཏིང་ངེ་འཛིན་གྱི་དབང་གིས་སྐྱེའོ། །ས་བརྒྱད་པ་དང་དགུ་པ་དང་བཅུ་པ་ཕ་ནི་
དབང་བཅུ་འཐོབ་པ་འབྱོར་པའི་དབང་དུ་སྐྱེའོ། །གང་བསམ་གཏན་རྣམས་ལ་བཟློག་ནས་ཞེས་བྱ་བ་ལ། བསམ་གཏན་ལས་བཟློག་པའི་དོན་ཇི་ལྟ་བུ། ཅི་བསམ་གཏན་ཡོངས་སུ་བཏང་བ་ལ་བསམ་གཏན་ལས་བཟློག་པ་ཞེས་བྱ་བའམ་ཞེ་ན། ལན་དུ་བསམ་གཏན་ལས་བཟློག་པའི་
དོན་ནི་བསམ་གཏན་ཡོངས་སུ་བཏང་བ་ལ་མི་བྱའི། བསམ་གཏན་གྱི་འབྲས་བུ་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བ་ལས་འབྲས་བུ་དེ་བཟློག་ནས་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བར་བྱེད་པའོ། །གནས་པའི་ས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་
བ་ལ། དེ་ལྟར་འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞིར་བཤད་པ་ཡང་འགྲོ་བ་དང་སྐྱེ་གནས་ཐ་དད་པ་དང་། སྐྱེས་པ་རབས་ཀྱི་སྡེའི་བྱེ་བྲག་གིས་སྐྱེ་བ་མཐའ་ཡས་པས་ཏེ། །སྐྱེ་བ་དེ་དག་གི་ཚེ་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་དག་པ་ཆུང་ངུ་དང་
འབྲིང་དང་ཆེན་པོ་ལ་སོགས་པའི་རྣམ་པས་སེམས་དག་པའི་བྱེ་བྲག་མང་དུ་འབྱུང་སྟེ། དེ་བས་ན་སྐྱེ་བའི་རྗེས་ལ་སེམས་རྣམ་པར་དག་པ་དབྱེ་བ་དུས་གནས་པའི་ས་སྟེ་ས་བཅུ་རྣམ་པར་དབྱེ་བ་བསྟན་ཏོ། །དེ་ལ་གནས་པ་ཉིད་ས་ཡིན་པས་གནས་པའི་ས་ཞེས་བྱ་སྟེ། དཔེར་ན་
เล่ม ๑๒๖ · หน้า 240a
སའི་སྟེང་ན་སེམས་ཅན་དང་སེམས་ཅན་མ་ཡིན་པ་སྣ་ཚོགས་སྐྱེ་ཞིང་གནས་པ་དེ་བཞིན་དུ་སེམས་དག་པ་རབ་འབྲིང་གི་བྱེ་བྲག་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེ་ཞིང་འབྱུང་བས་ན། སེམས་དག་པའི་ཁྱད་པར་
ཉིད་ལ་ས་བཅུ་ཞེས་བྱ་བར་ཟད་དོ། །ས་བཅུའི་རྣམ་པར་དབྱེ་བ་ཡང་མདོར་བསྟན་པ་དང་རྒྱས་པར་བཤད་པའི་སྒོ་རྣམ་པ་གཉིས་ཀྱིས་བཤད་དོ། །དེ་ལ་མདོར་བསྟན་པའི་ཕྱིར། མཚན་ཉིད་གང་ཟག་བསླབ་པ་དང་། །ཕུང་པོ་གྲུབ་པ་མཚན་མ་དང་། །ངེས་པའི་ཚིག་
དང་འཐོབ་པའི་ཕྱིར། གནས་པའི་ས་ནི་དེ་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། གནས་པའི་ས་སྟེ། ས་བཅུ་རྣམས་ནི་དོན་རྣམ་པ་བརྒྱད་ཀྱིས་བཤད་དེ། བརྒྱད་གང་ཞེ་ན་མཚན་ཉིད་དང་། གང་ཟག་དང་། བསླབ་པ་དང་། ཕུང་པོ་དང་། གྲུབ་པ་དང་། མཚན་མ་དང་། ངེས་པའི་ཚིག་
དང་། འཐོབ་པ་སྟེ། དོན་རྣམ་པ་བརྒྱད་པོ་དེ་ཉིད་ཀྱིས་ས་བཅུ་བསྟན་ཅིང་བཤད་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ལྔའོ་ཞེས་བྱ་བ་ལ། ད་འདི་མན་ཆད་ཞིབ་ཏུ་འཆད་དེ། དཔེར་ན་སའི་མཚན་ཉིད་སྲ་བ་དང་། ཆུའི་
མཚན་ཉིད་གཤེར་བ་ཡིན་པ་དེ་བཞིན་དུ་ས་དང་པོའི་མཚན་ཉིད་བསྟན་པ་ནས། ས་བཅུ་པའི་མཚན་ཉིད་གང་ཡིན་པ་ཕྱེ་སྟེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་ལྔ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་མཆོག་རྟོགས་པ་དང་། །ཞེས་བྱ་བ་ལ། དེ་ལ་ས་དང་པོའི་མཚན་
ཉིད་ནི་སྟོང་པ་ཉིད་མཆོག་རྟོགས་པའི་མཚན་ཉིད་དེ། སྟོང་པ་ཉིད་མཆོག་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །བདག་མེད་པ་དེ་གཉིས་ས་དང་པོ་ཐོབ་པའི་དུས་ན་རྟོགས་པས་ན་ས་དང་པོ་ནི་སྟོང་པ་ཉིད་མཆོག་རྟོགས་པའི་མཚན་ཉིད་དུ་གཞག་གོ། །དེ་བས་ན་ས་དང་པོ་ལས་
ཀྱང་བསམ་པ་དང་། ལྷག་པའི་བསམ་པ་རབ་ཏུ་བརྟན་པ་ཞེས་གསུངས་པ་དང་། སེམས་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཞེས་གསུངས་པ་དང་། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཞེས་གསུངས་ཏེ། དེའི་
เล่ม ๑๒๖ · หน้า 240b
དོན་ཀྱང་གང་ཟག་ལ་བདག་མེད་པར་རྟོགས་པས་བསམ་པ་རབ་ཏུ་བརྟན་པ་ཞེས་བྱའོ། །ཆོས་ལ་བདག་མེད་པར་རྟོགས་པས་ལྷག་པའི་བསམ་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །ཡང་གང་ཟག་ལ་བདག་མེད་པར་རྟོགས་པའི་ཤེས་པ་དང་ལྡན་པས་སེམས་ཀྱི་སྟོབས་ཀྱིས་ཤིན་ཏུ་
རྣམ་པར་འབྱེད་པ་ཞེས་བྱའོ། །ཆོས་ལ་བདག་མེད་པར་རྟོགས་པའི་ཤེས་རབ་དང་ལྡན་པས་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཞེས་བྱའོ། །དུས་གསུམ་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་མཚན་ཉིད་དུ་རྟོགས་པས་དུས་གསུམ་མཉམ་པ་
ཉིད་དུ་རྟོགས་པ་ཞེས་བྱའོ། །ལས་རྣམས་ཆུད་མི་ཟ་བར་གནས། །ཞེས་བྱ་བ་ལ་ས་གཉིས་པའི་མཚན་ཉིད་ནི་ལས་རྣམས་ཆུད་མི་ཟ་བར་གནས་པའི་མཚན་ཉིད་དུ་གཞག་སྟེ། ཇི་ལྟར་ཞེ་ན་ས་གཉིས་པའི་ཚེ། ལས་དགེ་བ་དང་མི་དགེ་བ་དང་ལས་དེའི་འབྲས་བུ་བདེ་བ་དང་སྡུག་
བསྔལ་བ་ལ་སོགས་པ་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་གཟིགས་ནས། དུས་ཐམས་ཅད་དུ་དགེ་བ་བཅུའི་ལས་ཀྱི་ལམ་འབའ་ཞིག་ལ་གནས་ཀྱི་མི་དགེ་བའི་ལས་ཀྱི་ལམ་ནི་རྨི་ལམ་ན་ཡང་ཉེ་བར་མི་སྤྱོད་དོ། །དེ་བས་ན་ས་གཉིས་པ་ནི་ལས་རྣམས་ཀྱིས་ཆུད་མི་ཟ་བའི་མཚན་ཉིད་དུ་
གཞག་གོ། །དེ་བས་ན་ས་གཉིས་པ་ལ་ཡང་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ཡིན་ཏེ། དབྱིག་པ་སྤངས་མཚོན་ཆ་སྤངས་ཞེས་བྱ་བ་ནས། དེ་ཀུན་དུ་རྟོག་པ་ཙམ་གྱིས་ཀྱང་། སེམས་ཅན་གཞན་ལ་འཚེ་བ་མི་བྱེད་ན། སེམས་ཅན་གཞན་དག་ལ་སེམས་ཅན་དུ་འདུ་ཤེས་ཤིང་
ཆེད་དུ་བསམས་ཤིང་ལུས་ཀྱི་རྣམ་པ་འཚེ་བ་ཆེན་པོ་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པ་དང་། ཡང་དེ་ལྟར་སེམས་མངོན་པར་སྒྲུབ་སྟེ། སེམས་ཅན་རྣམས་ཀྱི་ངན་སོང་དང་། ངན་འགྲོ་དང་རྣམ་པར་ལྟུང་བ་ཡོད་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་མི་དགེ་བ་བཅུའི་ལས་
ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་གི་བདག་གིས་ནི་འདི་ལྟར་བདག་ཉིད་ཡང་དག་པར་སྒྲུབ་པ་ལ་གནས་ཏེ། གཞན་ཡང་ཡང་དག་པར་སྒྲུབ་པ་ལ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མཆོག་ཏུ་བདེ་བའི་བསམ་གཏན་ལ། །བསྒྲུབས་ནས་
เล่ม ๑๒๖ · หน้า 241a
དེ་དག་འདོད་པར་སྐྱེ། །ཞེས་བྱ་བ་ལ། ས་གསུམ་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའི་མཆོག་ཏུ་བདེ་བའི་བསམ་གཏན་བསྒྲུབས་ནས། བསམ་གཏན་དེ་ལས་ཀྱང་མཉམ་པར་བྱ་སྟེ། སེམས་ཅན་གྱི་དོན་དུ་འདོད་པའི་སྐྱེ་བའི་མཚན་ཉིད་རྣམ་པར་གཞག་གོ། །
དེ་ལ་མཆོག་ཏུ་བདེ་བའི་བསམ་གཏན་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་། བཞི་པ་དག་དང་ཟག་པ་མེད་པའི་མཚན་ཉིད་ལ་བྱའོ། །བསྒྲུབས་ནས་ཞེས་བྱ་བ་ནི་དེ་མངོན་སུམ་དུ་བྱས་ཤིང་དེ་ཐོབ་པར་བྱས་པའོ། །མཉམ་པ་ནི་བསམ་གཏན་དེ་
དག་མེད་པར་མ་གྱུར་པའོ། །སླར་འདོད་པའི་ཁམས་སུ་སྐྱེ་བ་ནི་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་ཀྱི་ལུས་ལེན་པའོ། །དེ་བས་ན་ས་གསུམ་པ་ལས་ཀྱང་དེས་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལྟར་ཆད་པ་མེད་པ་ཡང་དག་པར་རྗེས་སུ་མཐོང་སྟེ། འདུ་བྱེད་དུ་གྱུར་པ་དེ་ལྟར་གནོད་
པ་མང་པོ་དང་ལྡན་པ་ཡོངས་སུ་རྟོགས་པ་ན། སེམས་ཅན་རྣམས་ལ་དེ་བས་ཀྱང་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་བར་གཞག་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། མགོན་མེད་པ་དང་རྟེན་མེད་པའི་སེམས་ཅན་གྱི་བསམ་པ་དང་ཞེས་བྱ་བ་ནས། ཆོས་དེ་དག་ཐོས་ནས་ཀྱང་རང་གི་སེམས་
ལ་ངེས་པར་རྟོགས་ནས་གཅིག་པུ་དབེན་པར་སོང་སྟེ། དེ་ལྟར་སྤྱོད་དོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས། སངས་རྒྱས་ཀྱི་ཆོས་འདི་དག་ཁོང་དུ་ཆུད་པར་བྱ་བའི་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་སྙམ་སྟེ། དེ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་
བསྒྲུབ་པའི་རྒྱུར་འདོད་པ་རྣམས་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ནས། བསམ་གཏན་དང་
རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། རྣམ་པར་ལྡང་བ་གང་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བ་མཐོང་བ་དེ་ཆེད་དུ་བསམས་ཏེ། སྨོན་ལམ་བཏབ་པའི་དབང་གིས་སྐྱེ་བ་མ་གཏོགས་པར་དེ་དག་ལས་ཀྱི་དབང་གིས་མི་སྐྱེའོ་ཞེས་བྱ་བ་
เล่ม ๑๒๖ · หน้า 241b
གསུངས་སོ། །དེ་ནས་བྱང་ཆུབ་ཕྱོགས་རྣམས་ནི། །འཁོར་བར་ཡོངས་སུ་བསྔོ་བ་དང་། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །ས་གསུམ་པ་བསྒྲུབས་པའི་འོག་ཏུ་ས་བཞི་པའི་མཚན་ཉིད་ནི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་ཕྱོགས་རྣམས་མངོན་དུ་བྱས་
ལ། སྙིང་རྗེ་ཆེན་པོའི་མཚན་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་ཡོངས་སུ་བསྔོ་བའི་མཚན་ཉིད་དུ་གཞག་གོ། །བརྒལ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ནི་འཁོར་བ་ལས་འབྱུང་བར་བྱེད་པའི་རྒྱུ་ཡིན་ན། དེ་ཉིད་འཁོར་བར་ཡོངས་སུ་བསྔོ་ཞིང་འཁོར་བའི་རྒྱུར་ཇི་ལྟར་འགྱུར་ཞེ་ན།
ལན་དུ་དཔེར་ན་ཐབས་ཀྱིས་མ་ཟིན་པའི་དུག་ནི་འཆི་བའི་རྒྱུར་འགྱུར་ལ། ཐབས་ཀྱིས་ཟིན་པའི་དུག་ནི་སྨན་དུ་འགྱུར་བ་དེ་བཞིན་དུ་ཐབས་ཀྱི་མཚན་ཉིད་སྙིང་རྗེ་ཆེན་པོས་ཡོངས་སུ་མ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི། འཁོར་བ་ལས་འབྱུང་བའི་རྒྱུར་འགྱུར་ལ། སྙིང་རྗེ་ཆེན་
པོའི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ནི་སླར་འཁོར་བར་སྐྱེ་བའི་རྒྱུར་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་འཁོར་བ་ལ་རྒྱབ་ཀྱིས་ལྟ་བ་དེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ཡང་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་བསྒོམས་པས། བྱང་ཆུབ་ཀྱི་ཕྱོགས་
དེ་དག་འཁོར་བ་ལ་རྒྱབ་ཀྱིས་ལྟ་བར་མི་བྱེད་ཀྱི་འཁོར་བ་ལ་མངོན་དུ་ལྟ་བའི་རྒྱུར་འགྱུར་བས་འཁོར་བར་ཡོངས་སུ་བསྔོས་པ་ཞེས་བཤད་དོ། །དེ་བས་ན་ས་བཞི་པ་ལས་ཀྱང་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཀུན་དུ་
སྦྱོར་བ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་གྱུར་ནས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཅན་ལ་གནས་སོ་ཞེས་བྱ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་
གནས་པ། འགོག་པ་ལ་གནས་པ། རྣམ་པར་བྱང་བས་ཡོངས་སུ་བསྒྲུབས་པ་བསྒོམ་མོ། །དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པས་སྔོན་སྨོན་ལམ་མངོན་པར་བསྒྲུབས་པས་ཉེ་བར་བརྟན་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་བྱམས་པ་ཆེན་པོ་དང་ལྡན་པ་ཞེས་
เล่ม ๑๒๖ · หน้า 242a
བྱ་བ་ལ་སོགས་པ་གསུངས་སོ། །སེམས་ལ་ཉོན་མོངས་མེད་པར་ཡང་། །སེམས་ཅན་ཡོངས་སུ་སྨིན་པར་བྱེད། །ཅེས་བྱ་བ་ལ། ས་ལྔ་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་ལ་ཉོན་མོངས་པ་མེད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་
མཚན་ཉིད་དུ་རྣམ་པར་གཞག་སྟེ། སེམས་ལ་ཉོན་མོངས་པ་མེད་པ་ནི་ས་དེ་ལ་འཕགས་པའི་བདེན་པ་བཞི་བསྒོམ་ཞིང་གནས་པ་མེད་པས་ཉོན་མོངས་པའི་གཉེན་པོ་དང་ལྡན་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སེམས་ལ་མི་གོས་པའི་ཕྱིར་སེམས་ལ་ཉོན་མོངས་པ་
མེད་དོ། །གཙུག་ལག་དང་བཟོའི་ལས་རྣམ་པ་སྣ་ཚོགས་ལ་མཁས་ཏེ། དེ་བས་ན་མཁས་པ་དེས་ཐེག་པ་གསུམ་གྱི་རིགས་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་ཡང་གཞག་གོ། །དེ་བས་ན་ས་ལྔ་པ་ལས་ཀྱང་དེ་དྲན་པ་དང་བློ་གྲོས་དང་། རྟོགས་པའི་བློའི་སྟོབས་བསྐྱེད་པས་
ཡིད་ལ་བྱ་བའི་ཕྱིར། མི་ལྡོག་པར་གྱུར་ནས། དེས་འདི་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་
པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཁྱད་པར་ཅན་གྱི་ཆོས་ཡོངས་སུ་བཙལ་བ་ལ། མངོན་པར་བརྩོན་པས་དེ་གང་འདིའི་འཇིག་རྟེན་ན་ཡི་གེ་དང་གཙུག་ལག་དང་རྩིས་དང་ཁྲིམས་ཐབས་ལ་སོགས་པ་ཡོད་པ་དེ་དག་
མངོན་པར་བསྒྲུབ་པོ། །འབྱུང་ཁུང་གི་དཔྱད་དང་། གསོ་བའི་དཔྱད་དང་། སྐེམ་པ་དང་བརྗེད་བྱེད་དང་འབྱུང་པོའི་གདོན་བསལ་བ་དང་། དུག་དང་རོ་ལངས་ཀྱི་སྦྱོར་བ་བསལ་བ་དང་། སྔགས་དང་། གར་དང་། གཏམ་དང་། རོལ་མོ་དང་སྒྲུང་གཏམ་གྱིས་རབ་ཏུ་དགའ་བར་
བྱ་བ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཡོད་པར་གྱུར་པ་དེ་དག་སྙིང་རྗེ་དང་ལྡན་པས་མཐར་གྱིས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པའི་ཕྱིར་མངོན་པར་སྒྲུབ་པའོ་ཞེས་གསུངས་སོ། །བསམས་བཞིན་དུ་ནི་སྐྱེ་བ་དང་། །ཀུན་ནས་ཉོན་མོངས་རྗེས་སུ་སྲུང་། །
เล่ม ๑๒๖ · หน้า 242b
ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ས་དྲུག་པའི་མཚན་ཉིད་ནི་བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་ཀུན་ནས་ཉོན་མོངས་པའི་ཆོས་རྗེས་སུ་སྲུང་བའི་མཚན་ཉིད་དུ་གཞག་སྟེ། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་ཁམས་
གསུམ་དུ་སྐྱེ་བ་ནས་ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་སྐྱེ་བ་ནི་མ་ཡིན་གྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཟིན་པས། དྲན་པ་དང་ཤེས་བཞིན་མ་ཉམས་པར་གང་ནས་གང་དུ་སྐྱེ་བ་དེ་དང་དེར། འདི་དང་འདིར་སྐྱེ་བར་བྱའོ་ཞེས་ཤེས་
བཞིན་དུ་སྐྱེ་བས་ན། བསམས་བཞིན་དུ་སྐྱེ་བ་ཞེས་བྱའོ། །དེ་ལྟར་བསམས་བཞིན་དུ་སྐྱེ་བ་ན་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྒོམ་པ་ན་མང་དུ་གནས་པས་ཉོན་མོངས་པས་མི་གོས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་རྗེས་སུ་སྲུང་བ་ཞེས་བྱའོ། །དེ་བས་ན་ས་དྲུག་པ་ལས་
ཀྱང་། དེ་ཆོས་ཐམས་ཅད་ལ་རང་གཞན་དེ་ལྟར་རྟོག་པའི་ཚེ། དེ་བས་ཀྱང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོའི་དབང་སྒྱུར་བ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཇིག་རྟེན་འབྱུང་བ་དང་འཇིག་པ་ལ་རྣམ་པར་ལྟའོ། །འཇིག་རྟེན་འབྱུང་བ་
དང་འཇིག་པ་ལ་ལྟ་བའི་ཚེ་འདི་སྙམ་སྟེ། འཇིག་རྟེན་གྱི་ཐ་སྙད་སྐྱེ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན་འབྱུང་བ་གང་ཡང་མེད་པར་འགྱུར་རོ། །བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་
པ་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པ་ཡོད་པ་དང་མེད་པ་ལ་མངོན་པར་མོས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ། ཡང་དག་པ་མ་ཡིན་པར་རབ་ཏུ་ཞུགས་པ། ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་
བའི་འདུ་བྱེད་ཉེ་བར་སོགས་ཏེ་ཞེས་བྱ་བ་ནས། འདུ་བྱེད་དང་རྒྱུ་རྐྱེན་ལྡན་པ་འདི་དག་རྒྱུན་གཅད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བ་ཡང་མངོན་དུ་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །མཚན་མ་མེད་པ་ཕྱོགས་
เล่ม ๑๒๖ · หน้า 243a
གཅིག་ལམ། བགྲོད་པ་གཅིག་པའི་ལམ་དང་འབྲེལ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བདུན་པའི་མཚན་ཉིད་ནི་བགྲོད་པ་གཅིག་པའི་ལམ་དང་འབྲེལ་ཞིང་མཚན་མ་མེད་པ་ལ་ཕྱོགས་གཅིག་གི་ལམ་གྱི་མཚན་ཉིད་དུ་བཞག་གོ། །
དེ་ལ་འགྲོད་པ་གཅིག་པ་ནི་ས་བརྒྱད་པ་ལ་བྱ་སྟེ། ས་བརྒྱད་པའི་དུས་ན་བར་འགའ་བརྩལ་འབད་དང་བཅས། བར་འགའ་བརྩལ་འབད་མེད་པར་གནས་པ་མ་ཡིན་གྱི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ལྷུན་གྱིས་གྲུབ་པ་འབའ་ཞིག་ཏུ་གནས་པས་ན། བགྲོད་པ་གཅིག་པའི་
ལམ་ཞེས་བྱ་སྟེ། ས་བདུན་པ་ནི་ས་བརྒྱད་པ་ལྟ་བུར་གནས་ཏེ། ས་བདུན་པའི་རྗེས་ལ་ས་བརྒྱད་པ་ཐོབ་པས་ན། ས་བདུན་པ་དེ་བགྲོད་པ་གཅིག་པའི་ལམ་དང་འབྲེལ་པ་ཞེས་བྱའོ། །ས་བདུན་པའི་དུས་ན་མདོ་ལ་སོགས་པའི་ཆོས་མང་པོ་ལ་མཚན་མ་ཐ་དད་པར་
མི་བྱེད་དེ། མདོ་སྡེ་ཐམས་ཅད་ཀྱི་དོན་ཀྱང་མཚན་ཉིད་གཅིག་པ་ཡིན་པ་ཁོ་ནར་རྟག་ཏུ་དམིགས་པས་ན་ས་བདུན་པ་ནི་མཚན་མ་མེད་པའི་ཕྱོགས་གཅིག་པའི་ལམ་ཞེས་བྱའོ། །དེ་ལ་བགྲོད་པ་གཅིག་པའི་ལམ་དང་འབྲེལ་པའི་དོན་ཀྱང་ས་བདུན་པ་ཉིད་ལས། ཀྱེ་རྒྱལ་
བའི་སྲས་འདི་ལྟ་སྟེ། དཔེར་ན་ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་དང་། ཤིན་ཏུ་དག་པའི་འཇིག་རྟེན་གྱི་ཁམས་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བར་ནི་སྨོན་ལམ་དང་ཐབས་དང་ཤེས་རབ་དང་མངོན་པར་ཤེས་པའི་སྟོབས་དང་། ཤུགས་
ཆེན་པོ་མ་གཏོགས་པར་འདོད་འདོད་བརྒལ་བར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲེས་པ་དང་ཡོངས་སུ་དག་པའི་བར་ཡང་། སྨོན་ལམ་དང་། ཐབས་དང་། ཤེས་རབ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་
སྟོབས་དང་། ཤུགས་ཆེན་པོ་མ་གཏོགས་པར་འདོད་འདོད་བརྒལ་བར་མི་ནུས་སོ་ཞེས་གསུངས་སོ། །མཚན་མ་མེད་པ་ལ་ཕྱོགས་གཅིག་པའི་དོན་ཀྱང་ས་བདུན་པ་ཉིད་ལས། དེ་ལྟར་ས་བདུན་པ་ལ་གནས་པའི་ཚེ། ལུས་ཀྱི་ལས་ཚད་མེད་པ་མཚན་མ་
เล่ม ๑๒๖ · หน้า 243b
དང་བྲལ་བར་རབ་ཏུ་འབྱུང་ངོ་། །ངག་གི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་རབ་ཏུ་འབྱུང་ངོ་། །ཡིད་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་ཤིན་ཏུ་རྣམ་པར་སྦྱངས་པ་མི་སྐྱེ་བའི་ཆོས་ཀྱི་བཟོད་པས་སྣང་བར་གྱུར་པ་ཚད་མེད་པ་རབ་ཏུ་འབྱུང་ངོ་ཞེས་གསུངས་སོ། །མཚན་མེད་
ལྷུན་གྱིས་གྲུབ་པ་ནི། །ཞིང་ཡང་རྣམ་པར་སྦྱོང་བ་སྟེ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་མཚན་ཉིད་ནི་མཚན་མ་མེད་པ་ལ་ཡང་ལྷུན་གྱིས་གྲུབ་སྟེ་མངོན་པར་འདུ་བྱ་བ་མེད་པར་མཚན་མ་མེད་པ་ལ་གནས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་
སྦྱོང་བའི་མཚན་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་ས་བརྒྱད་པའི་དུས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ལ་གནས་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་ཚེ། བརྩལ་འབད་ཀྱི་བག་ཅུང་ཟད་ཀྱང་མི་འབྱུང་བས་ན། མཚན་མ་མེད་པ་ལ་ལྷུན་
གྱིས་གྲུབ་ཅིང་མངོན་པར་འདུ་བྱ་བ་མེད་པར་མཚན་མ་མེད་པ་ལ་གནས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་གསེར་དང་ཤེལ་ལ་སོགས་པའི་ཁ་དོག་ལྟ་བུར་སྣང་བར་སྦྱོང་བས་ན། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་བ་ཞེས་བྱའོ། །དེ་བས་ན་ས་བརྒྱད་པ་ཉིད་ལས་ཀྱང་མཚན་མ་
མེད་པ་ལྷུན་གྱིས་གྲུབ་པའི་དོན་ཀྱང་། ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་གནས་ཟབ་མོ་ཤེས་པར་དཀའ་བ་མ་འདྲེས་པ་མཚན་མ་ཐམས་ཅད་དང་བྲལ་བ། འདུ་
ཤེས་ཀྱི་འཛིན་པ་ཐམས་ཅད་ལས་ཕྱིར་ལོག་པ་ཚད་མེད་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་དབེན་པ། དབེན་པ་ཐམས་ཅད་མངོན་དུ་གྱུར་པ་ཐོབ་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། དགེ་སློང་རྫུ་འཕྲུལ་དང་ལྡན་པ། སེམས་
ཅན་ཐམས་ཅད་ལ་དབང་ཐོབ་པ། མཐར་གྱིས་འགོག་པའི་བར་དུ་མཉམ་པར་གཞག་པ་ནི་རྒྱུ་བ་དང་སེམས་པ་དང་། གཡོ་བའི་རྣམ་པར་རྟོག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། བྱང་
เล่ม ๑๒๖ · หน้า 244a
ཆུབ་སེམས་དཔའི་ས་བརྒྱད་པ་འདི་ཐོབ་མ་ཐག་ཏུ་ཆེད་དུ་བྱ་བ་ཐམས་ཅད་དང་བྲལ་ཏེ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ལུས་དང་ངག་དང་སེམས་ཀྱི་རྩོལ་བ་ཐམས་ཅད་དང་བྲལ་ཏེ། རྣམ་པར་སྨིན་པའི་ཆོས་ཉིད་ལ་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་
དག་འདི་ལྟ་སྟེ། མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། བདག་ཆུ་ཀླུང་ཆེན་པོས་ཁྱེར་བ་སྙམ་བྱེད་ལ། དེ་དེ་ནས་ཅི་ཕྱིར་སྙམ་དུ་འབད་ཅིང་རྩོལ་བ་ཆེན་པོ་རྩོམ་པ་ལས། དེ་འབད་ཅིང་རྩོལ་བ་ཆེན་པོ་དེ་ཉིད་ཀྱིས་སད་པར་གྱུར་ན། དེ་སད་མ་ཐག་ཏུ་འབད་ཅིང་རྩོལ་བ་ཐམས་
ཅད་དང་བྲལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉོན་མོངས་པའི་ཆུ་ཀླུང་ཆེན་པོ་བཞིར་སེམས་ཅན་མང་པོ་དྲང་བར་སེམས་ནས། འབད་ཅིང་རྩོལ་བ་ཡོངས་སུ་རྩོམ་མོ། །དེ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་བྱང་ཆུབ་སེམས་
དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་ཆེད་དུ་བྱ་བ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་གཉིས་པོ་རྒྱུ་བའམ་མཚན་མའི་རྒྱུ་བ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་བར་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་དོན་ཀྱང་། ས་བརྒྱད་པ་ཉིད་ལས་སྐྱེ་བ་
མངོན་པར་བསྒྲུབ་པ་ཚད་མེད་པ་དང་། ཞིང་ཡོངས་སུ་སྦྱོང་བ་ཚད་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་སྨིན་པར་འགྲུབ་པ་ཡང་། །དེ་དག་ཕན་ཆད་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། དེ་
དག་ཕན་ཆད་ཅེས་བྱ་བ་ནི་ས་བརྒྱད་པ་ཕན་ཆད་ཅེས་བྱ་བའི་དོན་ཏེ། ས་བརྒྱད་པ་ཕན་ཆད། ས་བརྒྱད་པ་འདས་ནས་ས་དགུ་པའི་མཚན་ཉིད་ནི་སེམས་ཅན་ཡོངས་སུ་སྨིན་པ་འགྲུབ་པའི་མཚན་ཉིད་དུ་གཞག་སྟེ། ཅིའི་ཕྱིར་ཞེ་ན། ས་དགུ་པ་ཐོབ་པ་ན་ཆོས་དང་དོན་དང་ངེས་པའི་
ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས། ཆོས་བཤད་པ་ལ་ཐོགས་པ་མེད་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་དང་ལྡན་པ་ཡིན་ནོ། །དེ་བས་ན་ས་དགུ་པ་ཉིད་ལས་ཀྱང་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་འདི་ལ་གནས་པའི་
เล่ม ๑๒๖ · หน้า 244b
བྱང་ཆུབ་སེམས་དཔའ་འདི་ནི་ཆོས་སྨྲ་བ་ཆེན་པོ་བྱེད་ཅིང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་སྲུང་ངོ་། །དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པས་ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཚིག་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབས་
པས་ཆོས་སྟོན་ཏོ། །དེ་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་མ་འདྲེས་པར་བསྟན་པ་
རབ་ཏུ་ཤེས་སོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཐུན་པའི་རྒྱུན་མི་འཆད་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཏིང་ངེ་འཛིན་དང་གཟུངས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ས་བཅུ་པའི་མཚན་ཉིད་ནི་ཏིང་ངེ་
འཛིན་གྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་རྣམ་པར་དག་པའི་མཚན་ཉིད་དུ་གཞག་གོ། །དེ་ལ་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་དང་། ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་དེ་དག་ཀྱང་མངོན་པར་
ཤེས་པ་ལ་སོགས་པ་ཡོན་ཏན་མང་པོ་འབྱུང་བའི་རྒྱུར་གྱུར་པས་ན་སྒོ་ཞེས་བྱ་བའོ། །གཟུངས་ནི་མི་ཟད་པའི་ཟ་མ་ཏོག་དང་། སྒོ་མཐའ་ཡས་ཀྱི་གཟུངས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུངས་དེ་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བཤད་པའི་དོན་དང་ཚིག་མི་བརྗེད་
པར་འཛིན་པའི་རྒྱུར་གྱུར་པ་དང་། སེམས་ཅན་ལ་ཆོས་རྣམ་པ་སྣ་ཚོགས་སྟོན་པའི་རྒྱུར་གྱུར་པས་ན་སྒོ་ཞེས་བྱ་སྟེ། ས་དང་པོའི་དུས་ན་ཏིང་ངེ་འཛིན་དག་པ་དང་གཟུངས་དག་པ་ཐོབ་པའི་མཚན་ཉིད་དུ་གཞག་གོ། །དེ་ལ་ཏིང་ངེ་འཛིན་དག་པ་ཐོབ་པ་ཡང་། ས་བཅུ་པ་ཉིད་
ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་བ་ཐོབ་པ་དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ད་ལྟར་བྱུང་བའི་སངས་
เล่ม ๑๒๖ · หน้า 245a
རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུངས་ཀྱི་སྒོ་དག་པ་ཐོབ་པ་ཡང་ས་བཅུ་པ་ཉིད་ལས། ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་
པའི་སྒོ་དེ་དག་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་པ་དཔག་ཏུ་མེད་པ་རབ་ཏུ་འཐོབ་པོ། །དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་དང་། གཟུངས་བརྒྱ་སྟོང་འཐོབ་པོ་ཞེས་གསུངས་སོ། །བྱང་ཆུབ་ཉིད་ཀྱང་རྣམ་པར་དག །ཅེས་བྱ་བ་ལ། ས་བཅུ་གཅིག་པ་སྟེ་སངས་
རྒྱས་ཀྱི་ས་ལ་ནི་བྱང་ཆུབ་རྣམ་པར་དག་པའི་མཚན་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ལ་བྱང་ཆུབ་ཅེས་བྱ་སྟེ། སངས་རྒྱས་ཀྱི་སའི་དུས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་ཕྲ་མོ་ཚུན་ཆད་ཀྱང་དག་པའི་མཚན་ཉིད་དུ་རྣམ་པར་གཞག་གོ། །
དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞུས་པ། བཅོམ་ལྡན་འདས་གནས་ངན་ལེན་རབ་ཏུ་སྤངས་པ་དུས་བག་ལ་ཉལ་བ་འདི་དག་རབ་ཏུ་ཕྱེ། སྤྱན་རས་གཟིགས་ཀྱི་དབང་པོ་རྣམ་པ་གཉིས་ཀྱིས་ཏེ།
ཤུན་པ་ལ་ཡོད་པའི་གནས་ངན་ལེན་སྤངས་ནས་དང་པོ་དང་གཉིས་པའོ། །སྲིད་ལ་ཡོད་པས་ནི་གསུམ་པ་ཡན་ཆད་དོ། །སྙིང་པོ་ལ་ཡོད་པའི་གནས་ངན་ལེན་རབ་ཏུ་སྤངས་པ་དེ་ནི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་གནས་ཏེ། ངས་སངས་རྒྱས་ཀྱི་སར་
བཤད་དོ་ཞེས་གསུངས་སོ། །རྣམ་པར་གཞག་པ་དེ་དག་ལས། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཞེས་བྱ་བ་ལ། གོང་དུ་ས་དང་པོ་ནི་སྟོང་པ་ཉིད་མཆོག་རྟོགས་པའི་མཚན་ཉིད་དུ་རྣམ་པར་གཞག་པ་ནས། སངས་རྒྱས་ཀྱི་ས་ནི་བྱང་ཆུབ་ཉིད་རྣམ་པར་དག་པའི་མཚན་ཉིད་
དུ་རྣམ་པར་གཞག་པ་སྟེ། རྣམ་པར་གཞག་པ་དེ་དག་ལས། ས་བཅུའི་མཚན་ཉིད་དེ་འདྲ་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་རྣམས་ཆུད་མི་ཟ་བར་གཞག་སྟེ་ཞེས་བྱ་བ་ལ་ས་གཉིས་པའི་ཚེ་ལས་དགེ་བ་དང་མི་དགེ་བ་དང་། དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་
เล่ม ๑๒๖ · หน้า 245b
བ་ལ་སོགས་པ་ཇི་ལྟར་སྨིན་ཅིང་སྐྱེ་བ་ཡང་ཐུགས་སུ་ཆུད་ལ། དེ་ལྟར་ཐུགས་སུ་ཆུད་པས་དགེ་བ་བཅུའི་ལས་ཀྱི་ལམ་འབའ་ཞིག་ན་གནས་ཀྱི། མི་དགེ་བ་བཅུའི་ལས་ཅུང་ཟད་ཀྱང་མི་འཛད་པས་ན་ལས་རྣམས་ཆུད་མི་ཟ་བར་གཞག་གོ། །ཡོངས་སུ་མི་འབྲི་བར་ཞེས་བྱ་བ་ལ་གཟུགས་ཀྱི་
བསམ་གཏན་ཐོབ་པ་ལས་མ་ཉམས་པར་བྱས་ནས་བསམ་གཏན་ཐོབ་པའི་འབྲས་བུ་གཟུགས་ཀྱི་ཁམས་སུ་སྐྱེ་བར་མི་བྱེད་ཀྱི་སེམས་ཅན་གྱི་དོན་དུ་སླར་འདོད་པའི་ཁམས་སུ་སྐྱེ་བའོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་འཁོར་བར་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོས་ཟིན་
པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་འཁོར་བ་ལས་འབྱུང་བའི་རྒྱུར་འགྱུར་གྱི། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་མྱ་ངན་ལས་འདས་པ་འབའ་ཞིག་གི་རྒྱུར་འགྱུར་བར་མ་ཟད་ཀྱི། འཁོར་བར་སྐྱེ་བའི་རྒྱུར་ཡང་འགྱུར་བས་ན་འཁོར་བར་ཡོངས་སུ་
བསྔོ་བ་ཞེས་བྱའོ། །བདག་ཉིད་ཀྱི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ལ། འཕགས་པའི་བདེན་པ་བཞི་བསམ་པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་ཏེ། ས་ལྔ་པའི་དུས་ན་ཡང་འཕགས་པའི་བདེན་པ་བཞི་བསྒོམ་པ་ལ་མང་དུ་གནས་པས་ན་སེམས་ཅན་གྱི་དོན་དུ་
འཁོར་བ་ན་གནས་ཀྱང་ཉོན་མོངས་པས་གོས་པར་མི་འགྱུར་བའི་ཕྱིར། བདག་ཉིད་ཀྱི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་ཞེས་བྱ་བ་ལ། ས་ལྔ་པ་ལ་གཙུག་ལག་དང་བཟོ་སྣ་ཚོགས་ལ་མཁས་པས། དེའི་
སྒོ་ནས་སེམས་ཅན་དྲངས་ཏེ། ཐེག་པ་གསུམ་ལ་འགོད་པར་བྱེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱའོ། །དེ་ན་ཉོན་མོངས་པ་རྗེས་སུ་སྲུང་བའོ་ཞེས་བྱ་བ་ལ། ས་དྲུག་པའི་ཚེ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྒོམ་པ་ལ་མང་དུ་གནས་པས། རྟེན་འབྲེལ་སྒོམ་
པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་འཁོར་བ་ན་སེམས་ཅན་གྱི་དོན་བྱེད་ཀྱང་སེམས་ཅན་ཉོན་མོངས་པའི་དབང་དུ་མི་འགྱུར་བས་ཉོན་མོངས་པ་རྗེས་སུ་སྲུང་བ་ཞེས་བྱའོ། །བདུན་པ་ལ་ནི་འདྲེས་ཤིང་ཉེ་བར་འདྲེ་བས། བགྲོད་པ་གཅིག་གི་ལམ་ལ་གནས་པ་བརྒྱད་པ་དང་འབྲེལ་
เล่ม ๑๒๖ · หน้า 246a
པ་ཡིན་ཏེ་ཞེས་བྱ་བ་ལ། ས་བརྒྱད་པའི་དུས་ན་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ལ་གནས་པས་ས་བརྒྱད་པ་ནི་བགྲོད་པ་གཅིག་པའི་ལམ་ལ་གནས་པ་ཞེས་བྱའོ། །དེ་ལ་ས་བདུན་པའི་བྱང་ཆུབ་སེམས་དཔའ་རྣམས་མཚན་མ་མེད་པ་ལ་གནས་པ། ས་
བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་རང་བཞིན་གཅིག་ཏུ་གྱུར་པས་ན་འདྲེས་པ་ཞེས་བྱའོ། །མངོན་པར་འདུ་བྱེད་པ་མེད་པའི་ལམ་ཐོབ་པས་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་ཉེ་བར་འགྱུར་ཏེ། ས་བརྒྱད་པ་ཐོབ་པའི་རྒྱུར་གྱུར་པས་ན། ཉེ་བར་
འདྲེས་པ་ཞེས་བྱ་སྟེ། དེའི་ཕྱིར་ས་བརྒྱད་པ་དང་འདྲེས་པ་ཞེས་བཤད་དོ། །བརྒལ་བ། ས་བདུན་པ་ལ་གནས་པ་རྣམས་ཀྱིས་ས་བརྒྱད་པ་མ་ཐོབ་ན་ཇི་ལྟར་ཉེ་བར་འདྲེས་པ་ཞེས་བྱ་བར་འགྱུར་ཞེ་ན། ལན་དུ་ཉེ་བར་འདྲེས་པ་ཞེས་བྱ་བའི་ཚིག་འདི་ནི་དངོས་སུ་ཐོབ་པ་ལ་མི་བྱའོ། །
ས་དེ་དང་ཉེ་བར་འགྱུར་བ་ལ་བྱ་སྟེ། དཔེར་ན་སྐས་ཀྱི་མགོར་ཕྱིན་པས་ཁང་པའི་སྟེང་ན་ཉེ་བ་བཞིན་དུ་ས་བདུན་པ་མཚན་མ་མེད་པ་ལ་གནས་པ་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་ཐམས་ཅད་མཐར་ཕྱིན་ཏེ། རྩོལ་འབད་ཅན་གྱི་སའི་རྩེ་མོ་ལ་གནས་པས་མངོན་པར་འདུ་བྱེད་པ་མེད་
པའི་ས་བརྒྱད་པ་དང་ཉེ་བར་འགྱུར་ཏེ། དེ་མ་ཐག་ཏུ་ས་བརྒྱད་པ་འཐོབ་པས་ན་ཉེ་བར་འདྲེས་པ་ཞེས་བྱའོ། །ཡང་ན་མངོན་པར་འདུ་བྱེད་པ་དང་བཅས་པའི་ལམ་ས་བདུན་པ་ཉིད་ཐོབ་པར་གྱུར་པའི་ཕྱིར་འདྲེས་པ་ཞེས་བྱ་སྟེ། དེ་མ་ཐག་ཏུ་ས་བརྒྱད་པ་ལ་འཇུག་པས། བགྲོད་པ་གཅིག་
པའི་ལམ་ལ་གནས་པ་བརྒྱད་པ་དང་འབྲེལ་བ་ཞེས་བྱའོ། །མཚན་མ་མེད་པ་ལ་ཕྱོགས་གཅིག་པའི་ལམ་མོ་ཞེས་བྱ་བ་ལ་ས་བདུན་པའི་དུས་ན་བར་འགའ་མཚན་མ་མེད་པར་གནས་པ་ནི་མ་ཡིན་གྱི། རྟག་ཏུ་བརྩལ་འབད་དང་བཅས་པའི་སྒོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་
གནས་པས་ན་མཚན་མ་མེད་པ་ལ་ཕྱོགས་གཅིག་པའི་ལམ་ཞེས་བྱའོ། །བརྒྱད་པ་ལ་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་སྟེ་ཞེས་བྱ་བ་ལ། ས་བརྒྱད་པའི་དུས་ན་བརྩལ་འབད་ཐམས་ཅད་དང་བྲལ་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ལ་གནས་པས་ན་མཚན་
เล่ม ๑๒๖ · หน้า 246b
མ་མེད་པ་ཡང་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །དེ་ལྟར་ན་མཚན་མ་མེད་པ་ལ་གནས་པ་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་དང་བཅས་ཤིང་བརྩལ་བ་དང་བཅས་པས་མཚན་མ་མེད་པ་ལ་གནས་པ་དང་མངོན་པར་འདུ་བྱད་པ་མེད་ཅིང་བརྩལ་བ་མེད་པར་མཚན་མ་མེད་པ་ལ་
གནས་པའོ། །དེ་ལ་ས་བདུན་པའི་དུས་ན་མཚན་མ་མེད་པ་ལ་གནས་སུ་ཟིན་ཀྱང་མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་རྒྱལ་བར་མ་གྱུར་པས་ན་བརྩལ་འབད་དང་བཅས་པའི་སྒོ་ནས་མཚན་མ་མེད་པ་ལ་སྒོམ་པས་ན་ས་བདུན་པ་ལ་ནི་འབད་པ་དང་བཅས་བརྩལ་བ་དང་བཅས་པས་
མཚན་མ་མེད་པ་ལ་གནས་པ་ཞེས་བྱའོ། །ས་བརྒྱད་པ་ལ་ནི་མཚན་མ་མེད་པ་དེ་ཉིད་ལ་བསྒོམ་པ་དང་། མང་དུ་བྱས་པས་བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གནས་པའི་ཕྱིར། འབད་པ་མེད་པ་དང་བརྩལ་བ་མེད་པར་མཚན་མ་
མེད་པ་ལ་གནས་པ་ཞེས་བྱའོ། །དེ་བས་ན་ས་བརྒྱད་པ་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་ནི་རྒྱ་མཚོ་ཆེན་པོར་མ་ཕྱིན་གྱི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ལ་ཞེན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་
བསྡུ་བས་ཆེད་དུ་བསྐྱོད་མི་དགོས་པ་མ་ཡིན་ལ། དེས་རྒྱ་མཚོ་ཆེན་པོ་ཉིད་གཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་ལྟར་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་
བའི་རྩ་བ་ཆེན་པོའི་ཚོགས་ཡང་དག་པར་བསགས་པའི་ཐེག་པ་ཆེན་པོའི་གྲུར་ཞུགས་པ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོར་ཕྱིན་ནས་ཡུད་ཙམ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཙམ་ཡང་དག་པར་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་
བྱ་བའི་ལས་ཀྱིས་བསྐལ་པ་བརྒྱ་སྟོང་དུ་ཡང་ཡང་དག་པར་ནོན་པར་མི་ནུས་སོ་ཞེས་བྱ་བ་གསུངས་སོ། །ས་ཉིད་ལ་གང་ཟག་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་ལ་ཉིད་ཅེས་བྱ་སྟེ། ས་དེ་
เล่ม ๑๒๖ · หน้า 247a
དག་ན་ས་འདི་ལ་གནས་པའི་གང་ཟག་ལ་མིང་དུ་འདི་སྐད་ཅེས་བྱ། ས་འདི་ལ་གནས་པའི་གང་ཟག་ལ་ནི་མིང་དུ་འདི་སྐད་ཅེས་བྱ་ཞེས་ཕྱེ་སྟེ་བསྟན་པ་ནི་ས་ཉིད་ལ་གང་ཟག་རྣམ་པར་དབྱེ་བ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །
ལྟ་བ་རྣམ་དག་ཅེས་བྱ་བ་ལ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་མིང་དུ་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དང་པོ་ཐོབ་པའི་དུས་ན་གང་ཟག་ལ་ཡོད་པར་ལྟ་བ་དང་། ཆོས་ལ་ཡོད་པར་ལྟ་བའི་གཉེན་པོར་གྱུར་པ། གང་ཟག་དང་
ཆོས་ལ་བདག་མེད་པར་ཆུད་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་བྱའོ། །དེ་བས་ན་ས་དང་པོ་ཉིད་ལས་ཀྱང་སེམས་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཡིན་ཞེས་གསུངས་པ་དང་།
དུས་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཞེས་གསུངས་སོ། །ཚུལ་ཁྲིམས་ཤིན་ཏུ་དག་ཅེས་བྱ་བ་ལ། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མིང་དུ་ཚུལ་ཁྲིམས་ཤིན་ཏུ་དག་པའི་གང་ཟག་ཅེས་བྱ་སྟེ། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་
རྣམས་ལྟུང་བ་ཆེན་པོ་མི་འབྱུང་བ་བཞིན་དུ་ལྟུང་བའི་འཁྲུལ་པ་ཕྲ་མོ་ཡང་འབྱུང་བ་མེད་པའི་ཕྱིར། ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག་ཏུ་གཞག་གོ། །དེ་བས་ན་ས་གཉིས་པ་ཉིད་ལས་ཀྱང་སྲོག་གཅོད་པ་ལས་ཕྱིར་ལོག་པའི་སྐབས་སུ་ཡང་སྲོག་གཅོད་པ་ལས་ཕྱིར་
ལོག་པ་ཡིན་ཏེ། དབྱིག་པ་སྤངས་མཚོན་ཆ་སྤངས་ཞེས་བྱ་བ་ནས་དེ་ཀུན་དུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་ལ་འཚེ་བ་མི་བྱེད་ན་སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཤིང་ལུས་ཀྱི་རྣམ་པར་འཚེ་བ་ཆེན་པོ་བྱ་བ་ལྟ་ཅི་སྨོས་ཞེས་གསུངས་སོ། །མ་བྱིན་
པར་ལེན་པའི་སྐབས་སུ་ཡང་བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་པས་གཞན་གྱི་ལོངས་སྤྱོད་ལ་བག་མེད་པ་ཡིན་ཏེ་ཐ་ན་རྩྭ་དང་ལོ་མ་ཡང་མ་བྱིན་པར་ལེན་པ་འཚོ་བའི་ཡོ་བྱད་གཞན་དག་ལྟ་ཅི་སྨོས་ཞེས་གསུངས་སོ། །འདོད་པས་ལོག་པར་སྤྱོད་པའི་སྐབས་སུ་ཡང་བདག་གི་
เล่ม ๑๒๖ · หน้า 247b
ཆུང་མས་ཆོག་ཤེས་པས་གཞན་གྱི་ཆུང་མ་ལ་མི་འདོད་པ་ཡིན་ཏེ། གཞན་གྱིས་ཡོངས་སུ་བཟུང་བའི་བུད་མེད་གཞན་གྱི་ཆུང་མ་རུས་དང་མཚན་དང་ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་པ་ཡང་མི་སྐྱེད་ན་གཉིས་ཀྱིས་གཉིས་སྤྲོད་པ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །མཉམ་པར་གཞག་དང་ཞེས་བྱ་བ་ལ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་མིང་དུ་མཉམ་པར་གཞག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཚེ་རབས་གར་སྐྱེས་ཏེ་ཤི་འཕོས་ཀྱང་། བསམ་གཏན་དང་ཏིང་ངེ་འཛིན་ཉམས་པ་མེད་པ་ཐོབ་པས་ན་
མཉམ་པར་གཞག་པའི་གང་ཟག་ཅེས་བྱའོ། །དེ་བས་ན་ས་གསུམ་པ་ལས་ཀྱང་དེ་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པས་ན། ཆོས་ཡོངས་སུ་ཚོལ་ཞིང་ཆོས་དེ་དག་ཐོས་ནས་ཀྱང་། རང་རང་གི་སེམས་ལ་ངེས་པར་རྟོགས་པས་གཅིག་ཏུ་དབེན་པར་སོང་སྟེ། འདི་ལྟར་
དཔྱོད་དོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས། སངས་རྒྱས་ཀྱི་ཆོས་འདི་དག་ཁོང་དུ་ཆུད་པར་བྱ་བའི་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་སྙམ་སྟེ། དེ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའི་རྒྱུ་འདོད་པ་རྣམས་ལས་དབེན་པ། སྡིག་པ་
མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཆོས་ལ་ང་རྒྱལ་སྤངས་ཞེས་བྱ་བ་ལ། ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མིང་དུ་ཆོས་ལ་ང་རྒྱལ་སྤངས་པའི་གང་ཟག་ཅེས་བྱ་སྟེ། འདི་ལྟར་ས་གསུམ་པའི་ཚེ་ན་
ཆོས་ལ་བླ་མར་བྱེད་ཅིང་ཆོས་ལ་གུས་པ་མང་སྟེ། ཆོས་བརྩལ་བ་ལ་གཅིག་ཏུ་སྤྲོ་བ་གང་ཡིན་པ་དེ་ས་བཞི་པའི་ཚེ་ན་སེམས་དེ་ལས་ཀྱང་ལོག་གོ། །ས་གསུམ་པ་ལ་ཆོས་ལ་བླ་མར་བྱེད་ཅིང་། ཆོས་བརྩམས་པ་ལ་གཅིག་ཏུ་སྤྲོ་བ་ཡང་། ས་གསུམ་པ་ཉིད་ལས་དེ་དེ་ལྟར་ཤིན་
ཏུ་བརྟགས་པའི་ཤེས་རབ་དང་ལྡན་པས། དེ་བས་ཀྱང་ཤས་ཆེར་དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གནས་ཏེ། ཉིན་མཚན་དུ་ཆོས་ཉན་པ་དོན་དུ་གཉེར། ཆོས་འདོད། ཆོས་ལ་དགའ། ཆོས་ལ་བརྟེན། ཆོས་ལ་གཞོལ། ཆོས་ལ་འབབ། ཆོས་ལ་ཕྱོགས།
เล่ม ๑๒๖ · หน้า 248a
ཆོས་ལ་གནས་ཚོལ། ཆོས་ལ་སྐྱབས་ཚོལ་ཞིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་དེ་ནི། རྫས་ཀྱི་རྣམ་པའམ། ནོར་དང་འབྲུ་དང་མཛོད་དང་བང་བའི་རྣམ་པ་ཡོངས་སུ་མི་གཏོང་བ་གང་
ཡང་མེད་དོ། །དེ་ལ་བྱ་དཀའ་བར་འདུ་ཤེས་པ་མ་ཡིན་གྱི། གཞན་དུ་ན་ཆོས་སྨྲ་བའི་གང་ཟག་དེ་ལ་བྱ་དཀའ་བའི་འདུ་ཤེས་སུ་གྱུར་པ་ནི་མ་གཏོགས་སོ། །ཕྱི་རོལ་གྱི་དངོས་པོ་ཉེ་བར་བཟུང་བ་ཡོངས་སུ་མི་གཏོང་བ་དེ་གང་ཅུང་ཟད་ཀྱང་མེད་དོ། །ནང་གི་དངོས་པོ་ཡོངས་སུ་མི་གཏོང་བ་དེ་
གང་ཅུང་ཟད་ཀྱང་མེད་དོ། །བླ་མའི་ཡོངས་སུ་སྤྱོད་པ་དང་རིམ་གྲོ་བྱ་བ་ཉམས་སུ་མི་ལེན་པ་ཅུང་ཟད་ཀྱང་མེད་དོ། །ང་རྒྱལ་གྱི་སེམས་ལས་ཀྱང་ང་རྒྱལ་སྤངས་ཏེ། ང་རྒྱལ་མེད་པ་ཉེ་བར་སྤྱད་པར་བྱ་བ་ཇི་ལྟ་བུ་སྟེ། ཉམས་སུ་མི་ལེན་པ་དེ་གང་ཡང་མེད་དོ་ཞེས་བྱ་བ་ནས། གལ་ཏེ་ལ་
ལ་ཞིག་དེ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་ཀྱིས་མེའི་འོབས་ཆེན་པོ་ཀུན་དུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པའི་ནང་དུ་བདག་བོར་ཏེ། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་རང་གི་ལུས་ཀྱིས་ཉམས་སུ་བླང་བ་ལྟ་ན། ངས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ་ཞེ་ན་ཡང་། དེ་འདི་སྙམ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྤྱོད་པའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་
ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཚངས་པའི་འཇིག་རྟེན་ནས་བདག་ཉིད་དོར་བར་མོས་ན། མེའི་འོབས་ཐ་མལ་བར་བདག་དོར་བ་ལྟ་ཅི་སྨོས། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་ཀྱང་བདག་གིས་ཆོས་བཙལ་
བར་བྱ་ན་མེའི་སྡུག་བསྔལ་དང་འགྲོགས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །དེ་ལྟར་ས་གསུམ་པ་ལ་ཆོས་ལ་གཅིག་ཏུ་གུས་པའི་བསམ་པ་དེའང་ས་བཞི་པའི་ཚེ་ན་ལྡོག་སྟེ། ཇི་ལྟར་ལྡོག་ཅེ་ན། འདི་ལྟར་གང་གཅིག་ཏུ་ཆོས་ཚོལ་བ་འདིའང་། སེམས་གཡེངས་པ་དང་། སེམས་
เล่ม ๑๒๖ · หน้า 248b
ང་རྒྱལ་ཅན་དུ་བྱེད་པ་ཡིན་ནོ་ཞེས་ཚོལ་བ་དེ་སྤངས་ནས། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེའི་ཕྱིར་ས་བཞི་པ་ཉིད་ལས་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཀུན་སྦྱོང་བ་དང་ལྡན་
ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་གྱུར་ནས། སྙིང་རྗེས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་དང་ཉོན་མོངས་རྣམ་དག་བྱེ་བྲག་ལ། །ཞེས་
བྱ་བ་ལ། རྒྱུད་བྱེ་བྲག་མེད་པ་དང་། ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ལ་ང་རྒྱལ་མེད་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མིང་དུ་རྒྱུད་ཀྱི་བྱེ་བྲག་ལས་ང་རྒྱལ་མེད་པའི་གང་ཟག་ཅེས་བྱ་སྟེ། དེའི་ཚེ་སེམས་ཀྱི་
བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་ས་བཅུ་ཐོབ་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུད་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཆོས་རྣམས་དང་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུད་དང་། ཆོས་རྣམས་སུ་རྣམ་པར་དག་པའི་
མཚན་ཉིད་དུ་ཐ་དད་པ་མེད་པར་ཁོང་དུ་ཆུད་པས་ན། རྒྱུད་ཀྱི་བྱེ་བྲག་ལ་ང་རྒྱལ་མེད་པའི་གང་ཟག་ཅེས་བྱའོ། །དེ་ལ་སེམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་ནི་ས་ལྔ་པ་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ། སའི་
ལམ་ཡོངས་སུ་རྫོགས་པར་བྱས་པ་དེ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་སྟེ། རྣམ་པར་དག་པ་ལ་སེམས་ཀྱི་མཉམ་པ་ཉིད་བཅུས་འཇུག་གོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། མ་
བྱོན་པའི་སངས་རྒྱས་ཀྱི་ཆོས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཀྱི་བསམ་པ་རྣམ་པར་དག་པ་
เล่ม ๑๒๖ · หน้า 249a
མཉམ་པ་ཉིད་དང་། ལྟ་བ་དང་། ནེམ་ནུར་དང་། དོགས་པ་བསལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པར་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ནན་ཏན་སྤོང་བར་ཤེས་པས་བསམ་པ་རྣམ་པར་དག་པ་
མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དུ་གོང་ནས་གོང་དུ་རྣམ་པར་བསྒོམ་པ་དང་། བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དེ་ཞེས་གསུངས་པ་སྟེ། དེའི་
དོན་ཀྱང་ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པར་གྱུར་པ། དེ་བཞིན་དུ་ས་ལྔ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བདག་ཅག་གིས་ཀྱང་དེ་དང་འདྲ་བར་སངས་རྒྱས་ཀྱི་ཆོས་རྣམས་རིང་པོ་མི་ཐོགས་པར་
སངས་རྒྱས་ཀྱི་ཆོས་དེ་དག་དག་པར་འགྱུར་རོ་ཞེས་དེ་ལྟ་བུའི་བསམ་པ་ཐོབ་པོ། །ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མིང་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ལ་ང་རྒྱལ་མེད་པའི་གང་ཟག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དེ་ལ་
གནས་པའི་ཚེ། ཆོས་མཉམ་པ་ཉིད་བཅུ་ཐོབ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྟོང་པ་ཉིད་རྟོགས་པའི་ཕྱིར་སྟོང་པ་ཉིད་ལ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ནག་པོའི་ཕྱོགས་སུ་གཞག་པ་དང་། མ་རིག་པ་འགགས་པ་ལ་སོགས་པ་དཀར་པོའི་ཕྱོགས་སུ་གཞག་
པ་སྟེ། རྣམ་པ་གཉིས་སུ་གཞག་ཏུ་མེད་ཀྱི་ཐམས་ཅད་ཀྱང་མ་སྐྱེས་མ་བྱུང་ཞིང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པས་ན། དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་ང་རྒྱལ་མེད་པའི་གང་ཟག་ཅེས་བྱའོ། །དེ་བས་ན་ས་དྲུག་པ་
ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་ས་ལྔ་པ་ལ་སའི་ལམ་ཡོངས་སུ་རྫོགས་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་གོ། །དེ་ལ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་དང་། ཆོས་
เล่ม ๑๒๖ · หน้า 249b
ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྔ་ནས་རྣམ་པར་དག་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད་དང་།
ཆོས་ཐམས་ཅད་བླང་བ་མེད་པ་དང་དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་སྒྲ་བརྙན་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་དང་གཉི་ག་
མ་ཡིན་པ་མཉམ་པ་ཉིད་དང་ཞེས་བྱ་བ་ནས། རྒྱུ་རྐྱེན་དང་ལྡན་པས་ནི་འདུ་བྱེད་འཕེལ་བར་འགྱུར་རོ། །རྒྱུ་རྐྱེན་དང་མི་ལྡན་པས་ནི་འཕེལ་བ་མེད་པ་ཞེས་བྱ་བའི་བར་དུ་གསུངས་སོ། །སྐད་ཅིག་གཅིག་ཐོབ་བློ་ཞེས་བྱ་བ་ལ། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་
དཔའ་རྣམས་ལ་ནི་སྐད་ཅིག་མ་གཅིག་ལ་ཐོབ་པའི་བློ་དང་ལྡན་པའི་གང་ཟག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དྲུག་པ་ལ་གནས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་སྐད་ཅིག་མ་རེ་རེ་ལ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་སྐད་ཅིག་མ་ལ་ཐོབ་པའི་བློ་དང་ལྡན་པའི་གང་ཟག་ཅེས་བྱའོ། །དེ་བས་ན་ས་བདུན་པ་ཉིད་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་གནས་པའི་བྱང་ཆུབ་
སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་དེ་ལྟར་ཡོངས་སུ་རྫོགས་པར་འགྱུར་ཏེ། བསྡུ་བའི་དངོས་པོ་བཞི་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །གནས་བཞི་དང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མདོར་
བསྡུ་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་ཏུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །བཏང་སྙོམས་པ་དང་ཞིང་ཡང་རྣམ་པར་སྦྱོང། །ཞེས་བྱ་བ་ལ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བཏང་སྙོམས་
เล่ม ๑๒๖ · หน้า 250a
དང་ཞིང་རྣམ་པར་སྦྱོང་བའི་གང་ཟག་ཅེས་བྱ་སྟེ། ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་བཏང་སྙོམས་པ་ཞེས་བྱའོ། །ལྷུན་གྱིས་གྲུབ་པར་གནས་པའི་དཔེ་ཡང་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་
རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་ནི་རྒྱ་མཚོ་ཆེན་པོར་མ་ཕྱིན་གྱི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ལ་ཞེན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསུ་བས་ཆེད་དུ་བསྐྱོད་མི་དགོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྐབས་སུ་གསུངས་སོ། །ས་བརྒྱད་
པ་ལ་གནས་པའི་ཚེ་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ལྟ་བུར་བྱིན་གྱིས་རློབ་ཅིང་སྟོན་པས་ན་ཞིང་ཡོངས་སུ་སྦྱོང་བ་ཞེས་བྱ་སྟེ། དེ་ཡང་ས་བརྒྱད་པ་ཉིད་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་དུ་མས་རབ་ཏུ་བརྒྱན་ཅིང་ཤིན་ཏུ་ཀླུབས་པའི་བྱིན་
གྱི་རླབས་ཡང་དག་པར་བསྟན་པའི་ཡོ་བྱད་ཀྱི་དབང་རབ་ཏུ་ཐོབ་པོ་ཞེས་གསུངས་པའོ། །སེམས་ཅན་སྨིན་པར་མཁས་པ་དང་། །ཞེས་བྱ་བ་ལ། ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་གང་
ཟག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དགུ་པ་ཐོབ་པའི་ཚེ་སོ་སོ་ཡང་དག་པར་རིག་པ་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་བློ་དང་ལྡན་པས་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་ནུས་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་གང་ཟག་ཅེས་བྱའོ། །
དེ་བས་ན་ས་དགུ་པ་ཉིད་ལས་ཀྱང་། ས་དགེ་བའི་བློ་གྲོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་ཤིང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཡོངས་སུ་བསྲུངས་པ་ཡིན། དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པས་ཡེ་ཤེས་ལ་མཁས་པ་ཚད་
མེད་པ་རྗེས་སུ་སོང་ཞིང་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་ཚིག་གིས་ཆོས་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྫུ་འཕྲུལ་ཆེ་ལུས་ཀྱང་ཀུན་རྫོབ་སྟོན་པར་ནུས་ཏེ། དབང་བསྐུར་བྱང་ཆུབ་སེམས་དཔར་འགྱུར། །
เล่ม ๑๒๖ · หน้า 250b
ཞེས་བྱ་བ་ལ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་མིང་དུ་རྫུ་འཕྲུལ་ཆེ་བ་དང་ལུས་ཀུན་རྫོབ་སྟོན་པར་ནུས་པ་དང་དབང་བསྐུར་བ་ཐོབ་པའི་གང་ཟག་ཅེས་བྱའོ། །དེ་ལ་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་རྫུ་འཕྲུལ་ཆེན་པོར་རྣམ་པར་གཞག་སྟེ།
ས་དེ་ལ་གནས་པའི་ཚེ་ཐོགས་པ་མེད་པའི་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་བས་ན་ས་བཅུ་པ་ཉིད་ལས་ཀྱང་མངོན་པར་ཤེས་པས་མངོན་པར་བསྒྲུབ་པས་བརྒྱ་སྟོང་རབ་ཏུ་འཐོབ་བོ་ཞེས་གསུངས་པ་དང་འདོད་ན་འཇིག་རྟེན་གྱི་ཁམས་དོག་པ་ཡངས་པར་
བྱིན་གྱིས་རློབ་བོ། །འཇིག་རྟེན་གྱི་ཁམས་ཡངས་པ་ཡང་དོག་པར་བྱིན་གྱིས་རློབ་བོ་ཞེས་བྱ་བ་ལ་སོགས་པའོ། །ས་བཅུ་པ་ལ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ཡང་རྣམ་པར་གཞག་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའི་རྒྱུ་ཏིང་ངེ་འཛིན་གྱི་སྒོ་དང་གཟུངས་ཀྱི་
སྒོ་ཚད་མེད་པ་ཐོབ་པས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྒོ་ནི་ས་བཅུར་རྫོགས་སོ།། །།དེ་བས་ན་ས་བཅུ་པ་ལས་ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་བཅུ་པོ་དེ་དག་ལ་
སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་འཐོབ་བོ། །དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་དང་གཟུངས་བརྒྱ་སྟོང་འཐོབ་བོ་ཞེས་གསུངས་སོ། །ས་བཅུ་པ་ལ་ལུང་བསྟན་པར་ཡང་རྣམ་པར་གཞག་པ་སྟེ། ས་བཅུ་པ་ལ་གནས་པའི་ཚེ་དགའ་ལྡན་གྱི་
ཕོ་བྲང་ན་བཞུགས་པ་དང་ཡུམ་གྱི་ལྷུམས་སུ་གཤེགས་པ་ལ་སོགས་པའི་སྤྲུལ་པའི་ལུས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་ས་བཅུ་པ་ཉིད་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་
སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་གཅིག་ན། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་གཤེགས་པ་དང་། ལྷུམས་ན་ཞུགས་པ་དང་། བལྟམས་པ་དང་། མངོན་པར་འབྱུང་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། བསྐུལ་བ་
เล่ม ๑๒๖ · หน้า 251a
དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ས་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབ་བོ་ཞེས་གསུངས་སོ། །
ས་བཅུ་པ་ལ་གནས་པའི་ཚེ་སངས་རྒྱས་སུ་དབང་བསྐུར་བ་ཐོབ་པ་ཞེས་ཀྱང་རྣམ་པར་གཞག་སྟེ། ས་དེ་ཐོབ་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་པའི་ཕྱིར་རོ། །དེ་བས་ན་ས་བཅུ་པ་
ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ས་དགུ་པའི་བར་དུ་ཤེས་པར་བྱ་བ་ཚད་མེད་པ་ཡོངས་སུ་བརྟགས་པའི་བློས་རྣམ་པར་ཕྱེ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆོས་དཀར་པོ་ཤིན་ཏུ་རྫོགས་པ། བསགས་པར་བྱ་བའི་ཚོགས་མཐའ་ཡས་པ་ཤིན་ཏུ་
བསགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཟིན་པ། སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས་པ་ཐོབ་པ། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ། རྣམ་པ་ཐ་དད་པ་ལ་མཁས་ལ་སེམས་ཅན་གྱི་ཁམས་ཐིབས་པོས་ཉེ་བར་སྤྱོད་པ་ལ་རབ་ཏུ་བཞུགས་པ། དེ་བཞིན་གཤེགས་
པའི་སྤྱོད་ཡུལ་ལ་འཇུག་པ་དང་ལྡན་པའི་འདུ་ཤེས་དང་ཡིད་ལ་བྱེད་པ་ཅན་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་རྗེས་སུ་སོང་བ་ནི་རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ་ཞེས་
གསུངས་པ་དང་། གཞན་ཡང་དེ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་ཐ་གྲུ་དང་མཉམ་པའི་རིན་པོ་ཆེའི་པདྨོ་ཆེན་པོའི་རྒྱལ་པོ་ལས་བྱུང་བ་ཞེས་བྱ་བ་ནས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ། །གཞོན་ནུ་
བཙུན་མོ་དམ་པ་ལས་བཙས་པ་རྒྱལ་པོའི་མཚན་དང་ལྡན་པ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ལྷ་རྫས་ཀྱི་གླང་པོ་རིན་པོ་ཆེ་གསེར་གྱི་ཁྲི་དམ་པ་ལ་གཞག་སྟེ། སྟེང་ནས་བླ་རེ་བྲེ་ཞིང་གདུགས་དང་རྒྱལ་མཚན་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བ་དང་། གླུའི་དབྱངས་ལ་
เล่ม ๑๒๖ · หน้า 251b
སོགས་པ་རྒྱ་ཆེན་པོ་སྟེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་པ་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེས་གཞོན་ནུ་དེའི་སྤྱི་བོ་ནས་མངོན་པར་དབང་བསྐུར་ན། དབང་བསྐུར་མ་ཐག་ཏུ་དེ་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དགེ་བ་
བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་ནི་འཁོར་ལོས་སྒྱུར་བར་བགྲང་བ་རབ་ཏུ་འཐོབ་པོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་མངོན་པར་བསྐུར་བས་དབང་བསྐུར་
ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོའོ་ཞེས་གསུངས་སོ། །ས་བཅུ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་སུ་རྣམ་པར་གཞག་སྟེ་ཞེས་བྱ་བ་ལ། ས་འདི་ཐོབ་པའི་ཚེ་ན། ས་ཐོབ་པའི་གང་ཟག་དེའི་
མིང་འདི་སྐད་ཅེས་བྱའོ་ཞེས་རྣམ་པར་གཞག་པ་ནི། ས་བཅུ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་སུ་རྣམ་པར་གཞག་པ་ཞེས་བྱའོ། །གང་ཟག་དང་ཆོས་སུ་ལྟ་བའི་གཉེན་པོའི་ཡེ་ཤེས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ། གང་ཟག་དང་ཆོས་སུ་ལྟ་བའི་གཉེན་པོའི་ཡེ་ཤེས་
ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ཅེས་བྱ་བའི་དོན་ཏོ། །བསམ་གཏན་དང་ཏིང་ངེ་འཛིན་ཉམས་པ་མེད་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ་ས་གསུམ་པ་ཐོབ་ཕན་ཆད། ཚེ་བརྗེས་ཀྱང་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པ་ལས་ཉམས་
པ་མི་འབྱུང་བས་ན། བསམ་གཏན་དང་ཏིང་ངེ་འཛིན་ཉམས་པ་མེད་པ་ཞེས་བྱའོ། །མདོ་ལ་ལ་སོགས་པ་སྣ་ཚོགས་པ་ང་རྒྱལ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་གསུམ་པའི་དུས་ན་ཚིགས་སུ་བཅད་པ་གཅིག་གི་ཕྱིར་ཡང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་མེ་མ་མུར་གྱིས་གང་བའི་ནང་དུ་ཚངས་པའི་འཇིག་རྟེན་ནས་བདག་ཉིད་དོར་བར་སྤྲོ་བའི་སེམས་དེ་ལྟ་བུ་ཡང་ས་བཞི་པ་ཐོབ་པ་ན། སེམས་དེ་ཡང་གཡེང་བ་དང་ང་རྒྱལ་ཅན་དུ་བྱེད་པ་ཡིན་ནོ་ཞེས། ས་བཞི་པའི་དུས་ན་དེ་ཡང་སྤངས་ནས་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ལ་
เล่ม ๑๒๖ · หน้า 252a
སྦྱོར་བར་བྱེད་དོ། །ལྔ་པ་ལ་རྒྱུད་ཀྱི་བྱེ་བྲག་མེད་པ་སྟེ་ཞེས་བྱ་བ་ལ། ས་ལྔ་པ་ཐོབ་པའི་དུས་ན་སེམས་ཀྱི་བསམ་པ་རྣམ་པར་དག་པ་བཅུ་རྙེད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་བདག་ཏུ་སེམས་ཀྱི་རྒྱུད་གཅིག་པར་མཐོང་བས་ན་རྒྱུད་ཀྱི་བྱེ་བྲག་
ལ་ང་རྒྱལ་མེད་པ་ཞེས་བྱའོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བྱེ་བྲག་ལ་ང་རྒྱལ་མེད་པ་སྟེ་ཞེས་བྱ་བ་ལ། ས་དྲུག་པ་ཐོབ་པ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལ། ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་མི་སེམས། མ་རིག་
པ་འགགས་པས་འདུ་བྱེད་འགག་པ་ལ་སོགས་པ། དཀར་པོའི་ཕྱོགས་སུ་མི་སེམས་པས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ལ་ང་རྒྱལ་མེད་པ་ཞེས་བྱའོ། །ཅིའི་ཕྱིར་ང་རྒྱལ་མེད་ཅེ་ན་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ལ་གནས་པ་
མང་བས་རང་བཞིན་རྣམ་པར་དག་པ་ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་དྲུག་པ་ཐོབ་པའི་དུས་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྟོང་པ་ཉིད་སྐྱེ་འགག་མེད་པའི་དོན་ལ་སྒོམ་ཞིང་གནས་པ་མང་བས་སྟོང་པ་ཉིད་ལ་ནི་དཀར་པོའི་ཕྱོགས་དང་། ནག་པོའི་ཕྱོགས་ཞེས་རྣམ་པ་
གཉིས་སུ་གཞག་ཏུ་མེད་ཀྱི། སྟོང་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ལ་ནི་མ་རིག་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་ནི་ནག་པོའི་ཕྱོགས་སུ་མ་མཐོང་ལ། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ལ་
སོགས་པ་རྣམ་པར་བྱང་བའི་ཕྱོགས་ལ་ནི་དཀར་པོའི་ཕྱོགས་སུ་མ་མཐོང་བས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ལ་ང་རྒྱལ་མེད་པ་ཞེས་བྱའོ། །བཏང་སྙོམས་དང་ནི་ཞིང་རྣམ་པར་སྦྱོང་བ་སྟེ། མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་གནས་པའི་ཕྱིར་རོ་ཞེས་
བྱ་བ་ལ། ས་བརྒྱད་པ་ཐོབ་པའི་དུས་ན་བཏང་སྙོམས་སྦྱོང་བ་དང་ཞིང་རྣམ་པར་སྦྱོང་བར་གཞག་སྟེ་དེའི་ཚེ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་བཏང་སྙོམས་སྦྱོང་བར་གཞག་གོ། །སྣོད་ཀྱི་འཇིག་རྟེན་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ཀུན་དུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด