ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓๐ · หน้า 58b

ཀྱིས་སྡུག་བསྔལ་བར་མངོན་པར་རྟོགས་ནས། འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་བར་གཟིགས་ཤིང་གནས་པ་དེ་ཡང་ཇི་ལྟར་གཟིགས་ཤེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཡོངས་སུ་གདུང་བ་དང་བཅས་པ་དང་།

འབྲས་བུ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་སེམས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་བསྡུས་པར་བལྟ་བར་བྱ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཚེའི་ཀུན་ནས་ཉོན་མོངས་པ་

དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་དང་གཉིས་པ་ནི་འདོད་པ་ན་སྤྱོད་པ་དག་ཡིན་ནོ། །ཐ་མ་ནི་ཁམས་གསུམ་ན་སྤྱོད་པ་ཡིན་ནོ། །དེ་ལ་སེམས་ཀྱི་ཀུན་ནས་ཉོན་མོངས་པའི་འཆིང་བ་གང་ཞེ་ན། སྨྲས་པ། བག་ལ་ཉལ་གང་

ཡིན་པའོ། །ལས་ཀྱི་འཆིང་བ་གང་ཞེ་ན། སྨྲས་པ། ལས་ལ་དགའ་བ་ཡང་ལས་ཀྱི་འཆིང་བ་ཡིན་ནོ། །གནས་གསུམ་པོ་འདི་ལྟ་སྟེ། ངེས་པར་འབྱུང་བའི་སེམས་དང་། ངེས་པར་བྱུང་ནས་དགའ་བ་ཐོབ་པ་དང་། ལམ་ལ་དགའ་བ་ཐོབ་པ་ལ་གགས་བྱེད་པའི་ལས་ཀྱང་ལས་

ཀྱི་འཆིང་བ་ཡིན་ནོ། །རྣམ་པར་སྨིན་པའི་སྒྲིབ་པ་དང་མཐུན་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ནོ། །ལོག་པར་སྨོན་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ཏེ། བཞི་པོ་དེ་དག་ཡོད་ན་དྲུག་ཏུ་འགྱུར་ལ། དྲུག་ཡོད་ན་ཡང་བཞིར་འགྱུར་རོ། །རྣམ་པར་ཤེས་པ་འབྱུང་བ་ན་སེམས་ལས་བྱུང་བའི་ཆོས་

ཀུན་ཏུ་འགྲོ་བ་དུ་འབྱུང་ཞེ་ན། སྨྲས་པ། ལྔ་སྟེ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་དུ་འབྱུང་ཞེ་ན། སྨྲས་པ། ཀུན་ཏུ་འགྲོ་བ་མ་ཡིན་པ་ནི་མང་མོད་ཀྱི་གཙོ་བོ་ནི་ལྔ་སྟེ། འདི་ལྟ་སྟེ། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་

འཛིན་དང་། ཤེས་རབ་བོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་རྩོལ་བ་གང་ཡིན་པའོ། །རེག་པ་གང་ཞེ་ན། གསུམ་འདུས་པ་ལས་དོན་འཛིན་པ་གང་ཡིན་པའོ། །ཚོར་བ་གང་ཞེ་ན། གསུམ་འདུས་པ་ལས་དོན་སོ་སོར་མྱོང་བ་གང་ཡིན་པའོ། །འདུ་ཤེས་གང་ཞེ་ན། གསུམ་འདུས་པ་ཉིད་

เล่ม ๑๓๐ · หน้า 59a

ལས་དམིགས་པར་འདོགས་པ་ལ་བརྡར་འཛིན་པ་གང་ཡིན་པ་སྟེ། དེ་ཡང་རྗེས་སུ་སད་པ་དང་། ཐ་སྙད་བག་ལ་ཉལ་བའོ། །དེ་ལ་རྗེས་སུ་སད་པ་ནི་འདི་ལྟ་སྟེ། ལྷ་དང་མི་ཐ་སྙད་ལ་མཁས་པ་རྣམས་ཀྱིའོ། །ཐ་སྙད་བག་ལ་ཉལ་བ་ནི་འདི་ལྟ་སྟེ། བྱིས་པ་ཐ་

སྙད་ལ་མི་མཁས་པ་རྣམས་དང་། ཐ་ན་རི་དྭགས་དང་བྱ་རྣམས་ཀྱིའོ། །སེམས་པ་གང་ཞེ་ན། གསུམ་འདུས་པ་ལས་དམིགས་པ་དེ་ལ་ཚོར་བ་དང་། ཕྲད་པ་དང་། འབྲལ་བའི་ཕྱིར་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །འདུན་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་

དང་། དེ་འདོད་པ་ཉིད་གང་ཡིན་པའོ། །མོས་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། དེ་ལ་ངེས་པར་འཛིན་འདོད་པ་གང་ཡིན་པའོ། །དྲན་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། མངོན་པར་བརྗོད་པ་ཉིད་གང་ཡིན་པའོ། །ཏིང་ངེ་འཛིན་གང་

ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། ངེས་པར་སེམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་གང་ཡིན་པའོ། །ཤེས་རབ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། ཆོས་རྣམས་རབ་ཏུ་འབྱེད་པ་གང་ཡིན་པ་སྟེ། དེ་ཡང་རིགས་པས་བསྐྱེད་པ་དང་།

རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པ་ཡང་མ་ཡིན་རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་གང་དང་ལྡན་ཞེ་ན། སྨྲས་པ། དམིགས་པ་ལ་སེམས་གཏོད་པའི་ལས་ཅན་ཡིན་ནོ། །རེག་པ་ལས་གང་དང་ལྡན་ཞེ་ན། ཚོར་བ་

དང་། འདུ་ཤེས་དང་། སེམས་པ་རྣམས་ཀྱི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཚོར་བ་ལས་གང་དང་ལྡན་ཞེ་ན། སྲེད་པ་སྐྱེད་པ་དང་། བཏང་སྙོམས་སུ་འཇོག་པའི་ལས་ཅན་ཡིན་ནོ། །འདུ་ཤེས་ལས་གང་དང་ལྡན་ཞེ་ན། དམིགས་པ་ལ་སེམས་ཀྱིས་མཚན་མར་འཛིན་པ་དང་།

ཐ་སྙད་འདོགས་པའི་ལས་ཅན་ཡིན་ནོ། །སེམས་པ་ལས་གང་དང་ལྡན་ཞེ་ན། རྣམ་པར་རྟོག་པ་དང་། ལུས་དང་ངག་གི་ལས་ཀུན་ནས་སློང་བའི་ལས་ཅན་ཡིན་ནོ། །འདུན་པ་ལས་གང་དང་ལྡན་ཞེ་ན། བརྩོན་འགྲུས་རྩོམ་པ་སྐྱེད་པའི་ལས་ཅན་ཡིན་ནོ། །མོས་པ་ལས་གང་

เล่ม ๑๓๐ · หน้า 59b

དང་ལྡན་ཞེ་ན། དམིགས་པ་ལ་ཡོན་ཏན་ནམ། སྐྱོན་ནམ། གཉི་ག་མ་ཡིན་པ་ལ་མོས་པའི་ལས་ཅན་ཡིན་ནོ། །དྲན་པ་ལས་གང་དང་ལྡན་ཞེ་ན། ཡུན་རིང་པོ་ནས་བསམས་པ་དང་། བྱམས་པ་དང་། སྨྲས་པ་དྲན་པ་རྗེས་སུ་དྲན་པར་བྱེད་པའི་ལས་ཅན་ཡིན་ནོ། །ཏིང་ངེ་འཛིན་ལས་

གང་དང་ལྡན་ཞེ་ན། ཤེས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཤེས་རབ་ལས་གང་དང་ལྡན་ཞེ་ན། སྤྲོས་པ་དང་། རྒྱུ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྗེས་སུ་མཐུན་པར་ཀུན་ཏུ་རྟོག་པའི་ལས་ཅན་ཡིན་ནོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་གང་དག་

ཡིན་པ་དེ་དག་དངོས་པོ་སོ་སོར་ངེས་པ་གང་ལ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། རྣམ་པ་བཞི་པོ་འདོད་པ་དང་། ངེས་པ་དང་། འདྲིས་པ་དང་། ཉེ་བར་བརྟགས་པ་ལ་གོ་རིམས་བཞིན་དུ་སྟེ། དེ་ལ་ཏིང་ངེ་འཛིན་དང་ཤེས་རབ་ནི་ཐ་མ་ལའོ། །ལྷག་མ་རྣམས་ནི་གོ་རིམས་བཞིན་དུ་གོང་མ་

གསུམ་ལའོ། །དེ་ལ་དེ་ལས་གཞན་པའི་ཕུང་པོ་གང་དག་མིང་གིས་བསྡུས་པ། སེམས་དང་མཚུངས་པར་ལྡན་པ་དེ་དག་ཉེ་བར་གནས་པ་ལས་བྱུང་བ་ཡིན་པར་བརྗོད་པར་བྱའམ། ཚོར་བ་པའམ། ངེས་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དེ་དང་རིགས་མཐུན་པའི་

སེམས་ལ་དེ་དང་རིགས་མཐུན་པ་ཉིད་ཡིན་པར་བརྗོད་པར་བྱའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་འདི་དག་ནི་འདྲེས་པར་བརྗོད་པར་བྱའི། མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་དག་ནི་སོ་སོར་ཕྱེ་ན་བྱེ་བྲག་དམིགས་པར་བརྗོད་པར་མི་ནུས་སོ་ཞེས་གང་གསུངས་པ་དེ་ཅིའི་ཕྱིར་

མཚན་ཉིད་ཐ་དད་པར་གྲུབ་པ་རྣམས་འདྲེས་པས་བྱེ་བྲག་མེད་ཅེས་གསུངས་ཤེ་ན། སྨྲས་པ། འདུས་ནས་དམིགས་པ་ལ་ཉེ་བར་སྤྱོད་པ་དང་། དོན་རྟོགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། གཞན་དུ་ན་གང་ཡང་རུང་བ་ཞིག་མེད་ན་དོན་དེ་ཡོངས་སུ་རྫོགས་པར་མི་འགྱུར་

བ་ཁོ་ནའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ལ་མིང་གི་རྣམ་གྲངས་དུ་ཡོད་ཅེ་ན། སྨྲས་པ། རབ་ཏུ་མང་སྟེ་འདི་ལྟ་སྟེ། དམིགས་པ་དང་བཅས་པ་དང་། མཚུངས་པ་དང་ལྡན་པ་དང་། རྣམ་པ་དང་བཅས་པ་དང་། གནས་དང་བཅས་པ་ཞེས་བྱ་བ་དང་། དེ་

เล่ม ๑๓๐ · หน้า 60a

ལྟ་བུ་དང་མཐུན་པ་རྣམས་སོ། །མིག་ལ་སོགས་པ་ཡང་ཡུལ་ཡོད་པ་ཡིན་ན། ཅིའི་ཕྱིར་དེ་དག་ཉིད་དམིགས་པ་དང་བཅས་པ་ཡིན་ལ། མིག་ལ་སོགས་པ་མ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་ཡུལ་མེད་ཀྱང་སྐྱེ་བར་འགྱུར་གྱི། སེམས་དང་སེམས་ལས་

བྱུང་བ་རྣམས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་པར་ལྡན་པ་དག་ཅེས་བྱ་ཞེ་ན། སྨྲས་པ། རྫས་མཚུངས་པ་དང་། ཡུལ་མཚུངས་པ་དང་། དུས་མཚུངས་པ་དང་། བྱ་བ་བྱེད་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པ་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ།

དམིགས་པ་གཅིག་ལ་རྣམ་པ་དུ་མ་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་གནས་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ། གནས་སྣ་ཚོགས་ལ་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་ནི་འགའ་ཡང་གནས་པ་མེད་པ་མ་ཡིན་ནོ་ཞེ་ན། དོན་གྱི་སྐབས་འདིར་

བསྟན་པའི་གནས་ཀྱི་ཚད་མ་ནི་མི་བྱེད་དོ། །ཅིའི་ཕྱིར་བདེ་བའི་ཚོར་བའི་ཆ་མི་མཐུན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ། སྡུག་བསྔལ་གྱི་ཚོར་བའི་ཆ་མི་མཐུན་པ་དེ་ནི་བདེ་བའི་ཚོར་བ་ཞེས་བྱ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་ཆ་མི་མཐུན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་

མ་ཡིན་པའི་ཚོར་བ་ཞེས་བྱ་ཞེ་ན། སྨྲས་པ། རང་གི་རིགས་དང་ཆ་མི་མཐུན་པས་ཆ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་ཆ་མཐུན་པ་མ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ། ཚོར་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་

ཅད་ཀྱི་གྲོགས་ཡིན་པས་ཆ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པའི་གཉེན་པོ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱིས་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རིག་པའི་ཉེ་བའི་ཆ་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། སྨྲས་པ།

རྒྱུ་དང་འབྲས་བུར་འབྲེལ་པས་ཉེ་བའི་ཆ་ཉིད་ཡིན་པའི་ཕྱིར་རོ། །ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དེ་དག་གི་དགེ་བར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། མི་དགེ་བར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། ལུང་དུ་མ་བསྟན་པར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་དག་

เล่ม ๑๓๐ · หน้า 60b

ཐམས་ཅད་བྱེ་བྲག་མེད་པའི་སྡོམ་ནི། གནས་དང་ངོ་བོ་ཉིད་དང་ནི། །མཚུངས་པར་ལྡན་དང་ཀུན་རྫོབ་དང་། །ཆུང་ངུ་ལ་སོགས་གཞི་དབྱེ་དང་། །ཡོན་ཏན་སྐྱོན་དང་མི་མཐུན་ཕྱོགས། །དེ་ལ་དགེ་བའི་གནས་དག་ནི་དུ་ཞེ་ན། མདོར་བསྡུ་ན་དྲུག་སྟེ། འདི་ལྟ་སྟེ། ངེས་པའི་དུས་

དང་ལྡོག་པའི་དུས་དང་། ལས་ཀྱི་དུས་དང་། འཇིག་རྟེན་པའི་རྣམ་པར་དག་པའི་དུས་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་དུས་དང་། སེམས་ཅན་ལ་ཕན་འདོགས་པའི་དུས་སོ། །ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་

པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། དེ་ལྟར་དེ་དག་ནི་དགེ་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཆོས་དེ་དག་ཇི་ལྟར་ཕན་ཚུན་

མཚུངས་པར་ལྡན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། ངེས་པའི་དུས་ན་ནི་ཐ་དད་པ་དང་མཚུངས་པར་ལྡན་ནོ། །ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་དུས་ན་ནི་བདག་དང་གཞན་ལ་བརྟེན་ནས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ངོ་། །དགེ་བའི་ཕྱོགས་ཀྱི་ལས་ལ་འཇུག་པའི་དུས་ན་ནི་མ་

ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་ངོ་། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་ན་ནི་ཤིན་ཏུ་སྦྱངས་པ་དང་ངོ་། །འཇིག་རྟེན་ལས་འདས་པ་འདོད་ཆགས་དང་བྲལ་བའི་དུས་ན་ནི། བག་ཡོད་པ་དང་། བཏང་སྙོམས་དང་ངོ་། །

སེམས་ཅན་ལ་ཕན་འདོགས་པའི་དུས་ན་ནི་རྣམ་པར་མི་འཚེ་བ་དང་སྟེ་དེ་ནི་སྙིང་རྗེས་བསྡུས་པ་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་དེ་དག་ལས་དུ་ཞིག་ནི་ཀུན་རྫོབ་ཏུ་ཡོད། དུ་ཞིག་ནི་རྫས་སུ་ཡོད་ཅེ་ན། སྨྲས་པ། གསུམ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། བག་ཡོད་པ་དང་། བཏང་སྙོམས་

དང་། རྣམ་པར་མི་འཚེ་བའོ། །བག་ཡོད་པ་དང་བཏང་སྙོམས་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་ཆ་ཡིན་པའི་ཕྱིར་ཏེ། ཆོས་དེ་དག་ནི་ཀུན་ནས་ཉོན་མོངས་པ་མེད་པའི་དོན་གྱིས་བཏང་སྙོམས་ཡིན་པ་དང་། ཀུན་ནས་ཉོན་མོངས་

เล่ม ๑๓๐ · หน้า 61a

པའི་གཉེན་པོའི་དོན་གྱིས་བག་ཡོད་པ་ཡིན་པར་རྣམ་པར་གཞག་གོ། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆ་ཡིན་པའི་ཕྱིར་རོ། །དེ་ལ་དགེ་བའི་རྩ་བ་ཆུང་ངུ་གང་ཡིན་ཞེ་ན། སྨྲས་པ། མཉམ་པར་མ་བཞག་པའི་ས་པའམ། མཉམ་པར་གཞག་པའི་ས་པ་ཉོན་

མོངས་པའི་རྣམ་པ་ཆེན་པོའི་གཉེན་པོ་གང་ཡིན་པའོ། །འབྲིང་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་མཉམ་པར་གཞག་པའི་ས་པའམ། ཉོན་མོངས་པའི་རྣམ་པ་འབྲིང་གི་གཉེན་པོ་གང་ཡིན་པའོ། །ཆེན་པོ་གང་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པའམ། ཉོན་མོངས་པའི་

རྣམ་པ་ཆུང་ངུའི་གཉེན་པོ་གང་ཡིན་པའོ། །ཡང་དགེ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །གོམས་པ་དང་། ངོ་བོ་ཉིད་དང་། ཞིང་དང་། དངོས་པོ་དང་། རྣམ་པར་དག་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །དགེ་བའི་རྩ་བ་སྐྱེ་བ་ན་

གཞི་དུ་དག་ལས་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། མདོར་བསྡུ་ན་བརྒྱད་ལས་ཏེ། འདི་ལྟ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། དེ་

ལས་གཞན་པ་བསྒོམས་པ་ལས་བྱུང་བ་དང་། སོ་སོར་རྟོགས་པ་ལས་བྱུང་བ་དང་། སེམས་ཅན་ལ་ཕན་འདོགས་པའི་དངོས་པོ་ལས་སོ། །དེ་ལ་ཇི་སྐད་བསྟན་པའི་གཞི་དེ་དག་ལ་ཅི་རིགས་པ་ཚེ་འདི་དང་། ཚེ་ཕྱི་མ་ལ་འདོད་པ་དང་ཞེ་སྡང་དང་ལྟ་བ་ངན་པ་དག་ལས་གང་ཡང་རུང་བས་སྔོན་

ཀུན་ཏུ་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་གང་གིས་ཀུན་ཏུ་སུན་ཕྱུང་བ་དེའི་གཉེན་པོས་དེ་དང་མཚུངས་པར་མི་ལྡན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་བའི་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། སའི་དངོས་གཞིར་རྣམ་པ་གཅིག་ནས་རྣམ་པ་བཅུའི་བར་དུ་བསྟན་པའོ། །ཡང་

དགེ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ལས་ཀྱང་ཡོད་དོ། །ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བ་ལས་ཀྱང་ཡོད་དོ། །འདོད་པའི་འབྲས་བུ་ཡོངས་སུ་འཛིན་པ་ལས་ཀྱང་ཡོད་དོ། །སེམས་ནི་རྒྱུད་དག་པ་ལས་ཀྱང་ཡོད་དོ། །མཆོད་རྟེན་བྱེད་པ་ལས་ཀྱང་ཡོད་དོ། །སེམས་ཅན་ལ་ཕན་

เล่ม ๑๓๐ · หน้า 61b

འདོགས་པ་ལས་ཀྱང་ཡོད་དོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་དགེ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དགེ་བ་ལ་ཉེས་དམིགས་ནི་མེད་དོ། །དེའི་ཕན་ཡོན་གང་ཞེ་ན། སྨྲས་པ། དགེ་བའི་ཕན་ཡོན་ནི་མང་སྟེ། འདི་ལྟ་སྟེ་ཉོན་མོངས་པའི་ཀུན་ནས་དཀྲིས་

པ་དང་བག་ལ་ཉལ་ལ་སེམས་རྣམ་པར་སྦྱོང་བར་བྱེད་པ་དང་། དམིགས་པ་ལ་ཕྱིན་ཅི་ལོག་མེད་པར་བྱེད་པ་དང་། དགེ་བའི་རྩ་བ་བརྟན་པར་བྱེད་པ་དང་། རྒྱུ་མཐུན་པ་ལས་བྱུང་བའི་འདུ་ཤེས་ཀྱི་རྒྱུད་ལ་འཇུག་པར་བྱེད་པ་དང་། བདག་ལ་གནོད་པར་མི་འགྱུར་བ་དང་། གཞན་ལ་

གནོད་པར་མི་འགྱུར་བ་དང་། གཉི་ག་ལ་གནོད་པར་མི་འགྱུར་བ་དང་། ཚེ་འདིའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་འདི་དང་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། དེ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་སོ་

སོར་མྱོང་བར་བྱེད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཟད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་མོས་པ་འཕེལ་བར་བྱེད་པ་དང་། དེ་ལ་ཡང་སྦྱོར་བར་བྱེད་པ་དང་། ལོངས་སྤྱོད་ཉམས་པར་མི་འགྱུར་བ་དང་། འཁོར་གྱི་ནང་དུ་བག་འཁུམས་པ་མེད་དེ་སྲོ་བཟང་བ་དང་།

འཇིགས་པ་མེད་པར་འགྲོ་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ་དང་། དམ་པ་རྣམས་ཀྱིས་བསྔགས་པར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོར་སྐྱེ་བར་འགྱུར་

བ་དང་། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བདག་གི་དོན་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་དགེ་བའི་ཕན་ཡོན་མང་པོ་དག་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་བའི་གཉེན་པོ་ལས་ཇི་ལྟར་རྣམ་པར་གཞག་ཅེ་ན།

སྨྲས་པ། རྣམ་པ་བཅོ་ལྔ་སྟེ། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་གཉེན་པོ་དང་། སྤོང་བ་གཉེན་པོ་དང་། ཀུན་ཏུ་འཛིན་པ་གཉེན་པོ་དང་། ཐག་བསྲིངས་པ་གཉེན་པོ་དང་། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་

เล่ม ๑๓๐ · หน้า 62a

ཀུན་ནས་དཀྲིས་པའི་གཉེན་པོ་དང་། བག་ལ་ཉལ་གྱི་གཉེན་པོ་དང་། ཉོན་མོངས་པ་ཆུང་ངུའི་གཉེན་པོ་དང་། ཉོན་མོངས་པ་འབྲིང་གི་གཉེན་པོ་དང་། ཉོན་མོངས་པ་ཆེན་པོའི་གཉེན་པོ་དང་། རྣམ་པར་གཡེང་བའི་གཉེན་པོ་དང་། གཞན་འདེབས་

པའི་གཉེན་པོ་དང་། རྩེ་འཇིལ་བའི་གཉེན་པོ་དང་། རྣམ་པར་གནོན་པའི་གཉེན་པོ་དང་། བྲལ་བའི་གཉེན་པོ་ལས་སོ། །དེ་ལ་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་གནས་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཉོན་མོངས་པ་རྣམས་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སོ། །དེ་ལ་རེ་

ཞིག་ཉོན་མོངས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེའི་འོག་ཏུ་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱའོ། །ཉོན་མོངས་པ་རྣམས་ཀྱི་གནས་དུ་ཡོད་ཅེ་ན། སྨྲས་པ། དྲུག་སྟེ། མ་རིག་པ་དང་བཅས་ཤིང་ཡིད་དུ་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་

རིག་པ་དང་བཅས་ཤིང་ཡིད་དུ་མི་འོང་བ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བཅས་ཤིང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་རིག་པ་དང་བཅས་ཤིང་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་དང་། སེམས་ཅན་དམན་པ་དང་།

མཚུངས་པ་དང་ཁྱད་པར་དུ་འཕགས་པ་རྣམས་དང་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་

དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་ལེ་ལོའོ། །དེ་ལ་དང་པོ་ནི་ཕྲད་པར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི་འབྲལ་བར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །བཞི་པ་ནི་འགྲན་ཅིང་མངོན་པའི་ང་རྒྱལ་

བྱེད་པའི་ཕྱིར་རོ། །ལྔ་པ་ནི་ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་ཕྱིར་རོ། །དྲུག་པ་ནི་སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་ཕྱིར་གནས་ཡིན་པར་རིག་པར་བྱའོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཞེ་ན། དེ་ཡང་རྣམ་པ་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་།

เล่ม ๑๓๐ · หน้า 62b

ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་མོ། །ཉོན་མོངས་པ་གང་དང་ཉོན་མོངས་པ་གང་མཚུངས་པར་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མ་རིག་པ་ནི་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ། །ཐེ་ཚོམ་ནི་གང་དང་ཡང་མ་ཡིན་ནོ། །འདོད་ཆགས་དང་ཁོང་ཁྲོ་བ་ནི་ཕན་ཚུན་མ་ཡིན་

ནོ། །འདོད་ཆགས་དང་ཁོང་ཁྲོ་བ་ཉིད་ནི་ང་རྒྱལ་དང་ལྟ་བ་དང་སྟེ། ལན་འགའ་གང་གི་ཚེ་ཆགས་པར་གྱུར་པ་ན་རློམ་པར་བྱེད་པའམ་རྟོག་པར་བྱེད་པའི་ཕྱིར་རོ། །ཆགས་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ཞེ་སྡང་བར་འགྱུར་བ་ཡང་དེ་བཞིན་ནོ། །ང་རྒྱལ་དང་ལྟ་བ་ཡང་ལན་འགའ་ཕན་

ཚུན་མཚུངས་པར་ལྡན་པར་འགྱུར་ཏེ། གང་གི་ཚེ་རློམ་པར་གྱུར་པ་ན་རྟོག་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ལས་དུ་ཞིག་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། སྨྲས་པ། ལྟ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཤེས་རབ་ཀྱི་ཆ་ཡིན་པའི་ཕྱིར་རོ། །

ལྷག་མ་རྣམས་ནི་རྫས་སུ་ཡོད་པ་དང་སེམས་དང་སེམས་ལས་བྱུང་བ་དག་ཡིན་ནོ། །དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། གང་དག་ཐམས་ཅད་ཀྱི་ཐ་མར་སྤོང་བར་འགྱུར་བ་དེ་དག་ནི་ཆུང་ངུ་དག་ཡིན་ནོ། །གང་དག་བར་དུ་སྤོང་བར་

འགྱུར་བ་དེ་དག་ནི་འབྲིང་དག་ཡིན་ནོ། །གང་དག་དང་པོར་སྤོང་བར་འགྱུར་བ་དེ་དག་ནི་ཆེན་པོ་དག་ཡིན་ནོ། །ཡང་ཉོན་མོངས་པ་རྣམས་ཀྱི་ཆེན་པོ་ཉིད་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་པ་ན་སྐྱེས་པའི་ཉོན་མོངས་པ་ནི་རང་བཞིན་གྱིས་ཆེན་པོ་ཡིན་པར་རིག་པར་བྱ་བ་

དང་། དེ་བཞིན་དུ་སྔོན་གོམས་པ་དང་། དེ་བཞིན་དུ་གནས་ལ་གནས་པ་སྟེ། དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་བསྒྲུབ་ཏུ་མི་རུང་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་གནས་མ་ཡིན་པ་

བླ་མ་དང་སྦྱིན་གནས་ལ་སོགས་པ་དག་ལ་འཇུག་པ་གང་ཡིན་པ་དང་། ལས་དང་བཅས་པ་སྟེ། ལས་ཀུན་ནས་སློང་བའི་ཕྱིར་ཉེ་བར་གནས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་སྐྱེ་བ་ན་གང་ལས་སྐྱེ་བར་འགྱུར་བའི་ཉོན་མོངས་པ་

เล่ม ๑๓๐ · หน้า 63a

རྣམས་ཀྱི་གཞི་གང་ཞེ་ན། སྨྲས་པ། འདོད་ཆགས་ཀྱི་གཞི་ནི་བཅུ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། ལྟ་བ་རྣམས་དང་། མ་ཐོབ་པའི་ཡུལ་དང་། ཐོབ་པའི་ཡུལ་དང་། སྤྱད་ནས་འདས་པའི་ཡུལ་དང་། ཉེས་པར་སྤྱད་པ་དང་། བུ་དང་འདྲིས་པ་དང་།

ཡོ་བྱད་དང་། ཡང་འབྱུང་བ་དང་། འཇིག་པ་རྣམས་སོ། །གཞི་གང་ལས་འདོད་ཆགས་ཅི་འདྲ་བ་འབྱུང་ཞེ་ན། སྨྲས་པ། བཅུ་པོ་དག་ལས་བཅུ་པོ་རྣམས་གོ་རིམས་བཞིན་ཏེ། འདི་ལྟ་སྟེ། དངོས་པོའི་འདོད་ཆགས་དང་། ལྟ་བའི་འདོད་ཆགས་དང་། ཆགས་པའི་འདོད་ཆགས་དང་། སེར་

སྣའི་འདོད་ཆགས་དང་། སྒྲིབ་པའི་འདོད་ཆགས་དང་། ཉེས་པར་སྤྱོད་པའི་འདོད་ཆགས་དང་། བུ་ཚའི་འདོད་ཆགས་དང་། ཕྱོགས་དང་འཁོར་གྱི་འདོད་ཆགས་དང་། ཡོ་བྱད་ཀྱི་འདོད་ཆགས་དང་། ཡང་འབྱུང་བ་དང་། འཇིག་པའི་འདོད་ཆགས་སོ། །ཁོང་ཁྲོ་བའི་གཞི་ཡང་བཅུ་སྟེ།

བདག་ཉིད་དང་སེམས་ཅན་སྡུག་པ་རྣམས་དང་། སེམས་ཅན་མི་སྡུག་པ་རྣམས་དང་། འདས་པ་ན་གནོད་པ་དང་། ཕན་པ་བྱས་པ་དང་། མ་འོངས་པ་ན་གནོད་པ་དང་། ཕན་པ་བྱེད་པར་འགྱུར་བ་དང་། ད་ལྟར་བྱུང་བ་ན་གནོད་པ་དང་། ཕན་པ་བྱེད་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་། ཕྲག་

དོག་དང་། སྔོན་གོམས་པ་དང་། གཞན་དུ་བལྟ་བ་སྟེ། དེ་དག་ལས་ཁོང་ཁྲོ་བ་རྣམ་པ་བཅུ་རིམ་བཞིན་དུ་སྐྱེ་བར་བལྟ་བར་བྱའོ། །དེ་ལ་གཞི་དྲུག་ལས་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་དག་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཁོང་ཁྲོ་

བ་ཤ་སྟག་ཡིན་ནོ། །དེ་ལས་གཞན་པ་དག་ལས་ནི་ཡུལ་ལ་ཁོང་ཁྲོ་བའོ། །མི་བཟོད་པ་སྔོན་དུ་འགྲོ་བ་སེམས་ཅན་ལ་ཁོང་ཁྲོ་བ་དང་། གོམས་པ་སྔོན་དུ་འགྲོ་བ་དང་། དེ་བཞིན་དུ་བལྟ་བས་ཁོང་ཁྲོ་བ་དེ་དག་ནི་མདོར་བསྡུ་ན་ཁོང་ཁྲོ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སེམས་ཅན་ལ་ཁོང་

ཁྲོ་བ་དང་། ཡུལ་ལ་ཁོང་ཁྲོ་བ་དང་། ལྟ་བ་ལ་ཁོང་ཁྲོ་བའོ། །མ་རིག་པ་སྐྱེ་བའི་གཞི་ནི་བདུན་ཏེ། འདི་ལྟ་སྟེ། དུས་ཀྱི་གཞི་དང་། འཇིག་རྟེན་གནས་པའི་གཞི་དང་། འཕོ་བའི་གཞི་དང་། མཆོག་གི་གཞི་དང་། དེ་ཁོ་ནའི་གཞི་དང་། ཀུན་ནས་ཉོན་མོངས་པའི་གཞི་དང་རྣམ་

เล่ม ๑๓๐ · หน้า 63b

པར་བྱང་བའི་གཞི་དང་། མངོན་པའི་ང་རྒྱལ་གྱི་གཞིའོ། །གཞི་དེ་དག་ལས་མི་ཤེས་པ་རྣམ་པ་བདུན་ནམ། རྣམ་པ་བཅུ་དགུར་བལྟ་བར་བྱའོ། །དེ་ལ་དང་པོ་ནི་སྒོ་གསུམ་ནས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི་སོ་སོ་ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་དང་། གཉི་ག་ལ་བདག་

དང་། བདག་གི་དང་། མཛའ་བཤེས་ལ་སོགས་པའི་ཕྱོགས་སུ་ལྟ་བ་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི་ལས་དང་རྣམ་པར་སྨིན་པ་དང་། དེ་གཉི་ག་ལ་བྱེད་པ་པོ་དང་། ཚོར་བ་པ་པོ་དང་། རྒྱུ་མེད་པ་དང་། མི་མཐུན་པ་རྒྱུར་ལྟ་བ་སྐྱེ་བའི་ཕྱིར་རོ། །བཞི་པ་ནི་དཀོན་མཆོག་གསུམ་ལ་

སྐུར་པ་འདེབས་པའི་ཕྱིར་རོ། །ལྔ་པ་ནི་བདེན་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །དྲུག་པ་ནི་ལོག་པར་བསྒྲུབ་པའི་ཕྱིར་རོ། །བདུན་པ་ནི་བདག་གི་དོན་མ་ཐོབ་པ་ལ་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ང་རྒྱལ་སྐྱེ་བའི་གཞི་ནི་དྲུག་སྟེ། སེམས་ཅན་དམན་པ་རྣམས་དང་། སེམས་ཅན་

མཚུངས་པ་རྣམས་དང་། སེམས་ཅན་ཁྱད་པར་དུ་འཕགས་པ་རྣམས་དང་། སོ་སོ་ནང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་པ་སྟེ། དེ་དག་ལས་ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་ང་རྒྱལ་རྣམ་པ་བདུན་

སྐྱེའོ། །དེ་ལ་སེམས་ཅན་ཁྱད་པར་དུ་འཕགས་པའི་གཞི་ལས་ནི་ང་རྒྱལ་རྣམ་པ་གཉིས་སྐྱེའོ། །གཞི་ལྷག་མ་རྣམས་ལས་ནི་ང་རྒྱལ་རེ་རེ་སྐྱེའོ། །ལྟ་བ་རྣམས་སྐྱེ་བའི་གཞི་ནི་གཉིས་ཏེ། སྒྲོ་འདོགས་པའི་གཞི་དང་། སྐུར་པ་འདེབས་པའི་གཞིའོ། །དེ་ལ་སྒྲོ་འདོགས་པའི་གཞི་ནི་

རྣམ་པ་བཞི་སྟེ། བདག་ཡོད་པར་སྒྲོ་འདོགས་པ་དང་། རྟག་པ་དང་། མི་རྟག་པ་ཉིད་དུ་སྒྲོ་འདོགས་པ་དང་། མངོན་པར་མཐོ་བའི་ཐབས་སུ་སྒྲོ་འདོགས་པ་དང་། ཐར་པའི་ཐབས་སུ་སྒྲོ་འདོགས་པའོ། །སྐུར་པ་འདེབས་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་སྐུར་པ་འདེབས་པ་དང་།

འབྲས་བུ་ལ་སྐུར་པ་འདེབས་པ་དང་། བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་

เล่ม ๑๓๐ · หน้า 64a

དང་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནས། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་ནི་བྱེད་པ་ལ་སྐུར་པ་འདེབས་པ་ཡིན་པར་བལྟ་

བར་བྱ་སྟེ། འདི་ལྟར་བྱེད་པ་ཞེས་བྱ་བ་ནི་དོན་གྱི་སྐབས་འདིར་སྐྱེས་བུའི་བྱེད་པ་ལ་བྱ་སྟེ། དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འོང་བ་དང་། འགྲོ་བ་དང་། ས་བོན་འདེབས་པ་དང་། མངལ་འཛིན་པ་དང་། ཡང་འབྱུང་བའི་ལས་སྐྱེས་བུའི་བྱེད་པའོ། །འཇིག་རྟེན་ན་དགྲ་བཅོམ་པ་

དག་མེད་དོ་ཞེས་སྐུར་པ་འདེབས་པ་དེ་དག་ལ་སོགས་པ་ནི་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཞེས་བྱ་སྟེ། གཞི་བརྒྱད་དམ་གཉིས་པོ་དེ་དག་ལ་ལྟ་བ་ལྔ་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་།

ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བའོ། །གཞན་ཡང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་སྐྱེ་བའི་གཞི་ནི་སྔོན་གྱི་མཐར་རྟོག་པ་རྣམས་དང་། ཕྱི་མའི་མཐར་རྟོག་པ་རྣམས་ཀྱི་གཞི་དྲུག་ཅུ་རྩ་གཉིས་ཡིན་ཏེ། དེ་དག་ནི་མདོ་ལས་

འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། གཞི་དེ་དག་གི་བྱེ་བྲག་ཉིད་ཀྱི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །ཐེ་ཚོམ་སྐྱེ་བའི་གཞི་ནི་དྲུག་སྟེ། འདི་ལྟ་སྟེ། དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། སྟོན་པ་ལོག་པར་བསྒྲུབ་པ་མཐོང་བ་དང་། སྐུར་པ་རྣམས་དང་། ཡིད་ཆེས་པ་རྣམས་

ཀྱིས་ལུགས་ཐ་དད་པ་མཐོང་བ་དང་། རང་བཞིན་གྱིས་དམན་ཞིང་མོང་རྟུལ་བ་ཉིད་དང་། རང་བཞིན་གྱིས་ཟབ་པ་ཉིད་ཀྱི་ཆོས་རྣམས་དང་། ཆོས་རྒྱ་ཆེན་པོ་རབ་ཏུ་བསྟན་པ་ཉིད་དོ། །ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་དག་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་བཅོ་

ལྔ་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ནང་དུ་བལྟས་པ་དང་། ཕྱིར་བལྟས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་ཀུན་ནས་དཀྲིས་པ་

เล่ม ๑๓๐ · หน้า 64b

དང་ལྡན་པ་དང་། བག་ལ་ཉལ་དང་ལྡན་པ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། རྣམ་པར་གཡེང་བའི་གནས་སྐབས་དང་། གཞན་འདེབས་པའི་གནས་སྐབས་དང་། རྩེ་འཇིལ་བའི་གནས་སྐབས་དང་། རྣམ་པར་གནོན་པའི་གནས་སྐབས་དང་། བྲལ་བའི་གནས་སྐབས་

སོ། །ཉོན་མོངས་པ་རྣམས་ལ་ཕན་ཡོན་ནི་མེད་དོ། །ཉེས་དམིགས་མང་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཀུན་ནས་དཀྲིས་པ་ལ་སེམས་ཀྱི་རྒྱུད་ཀུན་ནས་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་

ཆེར་བསྟན་པའོ། །ཉོན་མོངས་པ་ནི་གང་གི་གཉེན་པོ་ཡང་མ་ཡིན་པར་རིག་པར་བྱའོ། །འོ་ན་སྲེད་པ་ལ་བརྟེན་ཏེ་སྲེད་པ་སྤོང་བར་བྱེད་དོ། །ང་རྒྱལ་ལ་བརྟེན་ཏེ་ང་རྒྱལ་སྤོང་བར་བྱེད་དོ་ཞེས་གང་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཉོན་མོངས་པ་མ་ཡིན་གྱི། སེམས་མངོན་པར་འདུ་

བྱེད་པ་ནི་དགེ་བ་ཡིན་ཏེ། དེ་ནི་འདོད་པ་དང་ཁེངས་པའི་རྣམ་པ་དང་ཆོས་མཐུན་པའི་ཕྱིར་སྲེད་པ་དང་ང་རྒྱལ་ཞེས་བྱ་བར་ཟད་དེ། སེམས་ཀུན་ནས་ཉོན་མོངས་པའི་གཉེན་པོ་བཅོ་ལྔ་སྔར་ཇི་སྐད་བསྟན་པ་དག་གི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་བཅོ་ལྔ་པོ་དག་ཡིན་པར་བལྟ་བར་

བྱའོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གནས་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་ཕན་ཚུན་ལྷན་ཅིག་གནས་པ་དང་། གཅིག་ལ་གཅིག་གླེང་བ་དང་། རྙེད་པ་དང་། བཀུར་སྟི་དང་། འཚོ་བ་ཉམས་པ་དང་། བླ་མ་རྣམས་ལ་མི་འདུད་པ་དང་། མི་བཟོད་པ་

དང་། ལྷག་པའི་ཚུལ་ཁྲིམས་ཉམས་པ་དང་། ལྷག་པའི་སེམས་ཉམས་པ་དང་། ལྷག་པའི་ཤེས་རབ་ཉམས་པའོ། །ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཁོང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་།

རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་།

เล่ม ๑๓๐ · หน้า 65a

དེ་ལྟར་དེ་ལྟ་བུ་དང་མཐུན་པ་འདི་ལྟ་སྟེ། སའི་དངོས་གཞིར་རྒྱ་ཆེར་བསྟན་པ་དག་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་དང་པོ་དང་གཉིས་པ་ནི་གནས་དང་པོ་ལས་སྐྱེ་བར་རིག་པར་བྱའོ། །གསུམ་པ་དང་བཞི་པ་ནི་གནས་གཉིས་

པ་ལས་སོ། །ལྔ་པ་དང་དྲུག་པ་ནི་གནས་གསུམ་པ་ལས་སོ། །བདུན་པ་དང་བརྒྱད་པ་ནི་གནས་བཞི་པ་ལས་སོ། །དགུ་པ་ནི་གནས་ལྔ་པ་ལས་སོ། །བཅུ་པ་ནི་གནས་དྲུག་པ་ལས་སོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ནི་གནས་བདུན་པ་ལས་སོ། །གཞན་བཅུ་གཉིས་པོ་ནི་གནས་ཐ་མ་

གཉིས་ལས་སྐྱེ་བར་འགྱུར་རོ། །དེ་ལ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་སྒོ་གསུམ་གྱིས་ཉམས་པར་འགྱུར་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་སྒོ་དང་། རབ་ཏུ་འཛིན་པའི་མཚན་མ་ཉམས་པའི་སྒོ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་སྒོ་ནས་སོ། །དེ་ལ་དང་པོས་ནི་རྨུགས་པ་དང་གཉིད་བསྐྱེད་དོ། །

གཉིས་པས་ནི་རྒོད་པ་དང་འགྱོད་པའོ། །གནས་གསུམ་པས་ནི་མ་དད་པ་ལ་སོགས་པ་རྟོག་པ་དང་དཔྱོད་པའི་མཐར་ཐུག་པ་རྣམས་བསྐྱེད་དོ། །དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་འགྱུར་ཞེ་ན། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་པ་

ཡིན་ནོ། །མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་དང་མཚུངས་པར་ལྡན་ནོ། །གཉིད་དང་འགྱོད་པ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་དང་ཡང་

མཚུངས་པར་ལྡན་ནོ། །ལྷག་མ་རྣམས་ནི་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་པར་བལྟ་བར་བྱའོ། །ཉེ་བའི་ཉོན་མོངས་པ་དེ་དག་ལས་དུ་ཞིག་ནི་བརྟགས་པའི་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཚིག་པ་དང་། ཕྲག་དོག་དང་།

རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་ཆར་གཏོགས་པའི་ཕྱིར་བརྟགས་པའི་ཡོད་པ་ཡིན་ནོ། །སེར་སྣ་དང་། རྒྱགས་པ་དང་། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བརྟགས་པའི་ཡོད་པ་ཡིན་ནོ། །འཆབ་པ་དང་། སྒྱུ་དང་། གཡོ་དང་། རྨུགས་པ་དང་། གཉིད་དང་

เล่ม ๑๓๐ · หน้า 65b

འགྱོད་པ་ནི་གཏི་མུག་གི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བརྟགས་པའི་ཡོད་པ་ཡིན་ནོ། །ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་ནི་རྫས་སུ་ཡོད་པ་ཡིན་ནོ། །བག་མེད་པ་ནི་སྔ་མ་བཞིན་དུ་བརྟགས་པའི་ཡོད་པ་ཡིན་ནོ། །བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་།

འཆལ་པའི་ཤེས་རབ་ནི་གཏི་མུག་གི་ཆར་གཏོགས་པ་ཁོ་ནའི་ཕྱིར། ཐམས་ཅད་བརྟགས་པའི་ཡོད་པ་ཡིན་ནོ། །རྟོག་པ་དང་། དཔྱོད་པ་ནི་ངག་ཀུན་ནས་སློང་བའི་སེམས་མངོན་པར་འདུ་བྱེད་པའི་ཆར་གཏོགས་པ་དང་། ཤེས་རབ་ཀྱི་ཆར་གཏོགས་པའི་ཕྱིར་བརྟགས་པའི་ཡོད་པ་ཡིན་ནོ། །ཉེ་བའི་

ཉོན་མོངས་པ་དེ་དག་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོ་ཉིད་ཇི་ལྟར་བལྟ་བར་བྱ་ཞེ་ན། འདི་ལྟ་སྟེ། དེ་དག་ནི་ཉོན་མོངས་པ་རྣམས་ཇི་ལྟ་བ་བཞིན་ནོ། །དེ་དག་གི་གཞི་ཡང་ཉོན་མོངས་པ་རྣམས་ཀྱི་གང་ཡིན་པ་དེ་དག་ཉིད་ཡིན་ནོ། །རབ་ཏུ་དབྱེ་བ་དང་། ཉེས་དམིགས་དང་། མི་མཐུན་པའི་ཕྱོགས་ཀྱང་

འདི་ལྟ་སྟེ། ཉོན་མོངས་པ་རྣམས་ཀྱི་བཞིན་དུ་བལྟ་བར་བྱ་སྟེ། དེ་ཡང་ཅི་རིགས་པར་སྦྱར་རོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་གང་ཞེ་ན། དེ་དག་ནི་བཞི་སྟེ། འདི་ལྟ་སྟེ། ལས་ཀྱིས་འཕངས་ཏེ། མངོན་པར་གྲུབ་པ་དང་མངོན་པར་གྲུབ་པའི་རྒྱུ་དང་། གནས་པ་དང་། འཚོ་བ་དང་།

ཏིང་ངེ་འཛིན་གྱི་བྱེ་བྲག་གོ། །ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཕུང་པོ་རྣམས་དང་། ཐ་མལ་དུ་འདུག་པ་དང་། མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུ་བའི་སྤྱོད་ལམ་དང་། དེ་བཞིན་དུ་བཟོའི་གནས་དང་རྩེད་མོ་མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུས་པའི་སྤྲུལ་

པའོ། །དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྤྱོད་ལམ་བྱེད་པ་དང་། བཟོའི་གནས་བྱེད་པ་ནི་ལན་འགའ་མཚུངས་པར་ལྡན་པ་ཡང་ཡོད་དེ། མདོ་ལས་ལས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ན་བླ་ལ། སྡོད་པ་ན་ཡང་མ་ཡིན། འདུག་པ་ན་ཡང་མ་

ཡིན། ཉལ་བ་ན་ཡང་མ་ཡིན་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ལས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ན་ཡང་བླ་ལ། སྡོད་པ་ན་ཡང་བླ། འདུག་པ་ན་ཡང་བླ། ཉལ་བ་ན་ཡང་བླ་བ་སྟེ། དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལས་གཞན་པ་དག་ནི་

เล่ม ๑๓๐ · หน้า 66a

ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་ནོ། །དེ་དག་ལས་དུ་ནི་རྫས་སུ་ཡོད་པ་ཡིན། དུ་ནི་བརྟགས་པའི་ཡོད་པ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་རྣམ་པར་སྨིན་པས་བསྡུས་པའི་ཕུང་པོ་རྣམས་དང་། སེམས་མངོན་པར་འདུ་བྱེད་པའི་ཁྱད་པར་ལ་གདགས་པ་ཡིན་པའི་ཕྱིར་

བརྟགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱའོ། །དེ་དག་གི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་བྱེད་པ་ནི་གསལ་བའི་ཕྱིར་ཆུང་ངུ་ཡིན་ནོ། །བཟོའི་གནས་བྱེད་པ་ནི་ཆེས་གསལ་བའི་ཕྱིར་འབྲིང་ཡིན་ནོ། །སྤྲུལ་པ་ནི་རང་

བཞིན་གྱི་ས་ཆེས་ཤིན་ཏུ་གསལ་བའི་ཕྱིར་ཆེན་པོ་ཡིན་པར་བལྟ་བར་བྱའོ། །ཡང་རང་བཞིན་གྱི་བྱེ་བྲག་གིས་རྣམ་གྲངས་གཞན་ནི་གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་སྨིན་པ་ནི་ཆུང་ངུ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་འབྲིང་ཡིན་ནོ། །འདོད་པ་ན་སྤྱོད་པ་ནི་ཆེན་པོ་ཡིན་ནོ། །སྤྱོད་ལམ་འདུག་

པ་དང་ཉལ་བ་ནི་ཆུང་ངུ་ཡིན་ནོ། །འགྲེང་བ་ནི་འབྲིང་ཡིན་ནོ། །འཆག་པ་ནི་ཆེན་པོ་ཡིན་ནོ། །ལས་དང་པོ་པའི་བཟོའི་གནས་བྱེད་པ་ནི་ཆུང་ངུ་ཡིན་ནོ། །བསླབ་པའི་ནི་འབྲིང་ཡིན་ནོ། །སློབ་དཔོན་གྱི་ནི་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་མཐུ་ཆུང་ངུ་དང་ལྡན་པ་ཐོབ་པའི་སྤྲུལ་པ་ནི་ཆུང་ངུ་ཡིན་ནོ། །

ཏིང་ངེ་འཛིན་མཐུ་འབྲིང་དང་ལྡན་པ་ཐོབ་པ་ནི་འབྲིང་ཡིན་ནོ། །ཏིང་ངེ་འཛིན་མཐུ་ཆེན་པོ་དང་ལྡན་པ་ཐོབ་པ་ནི་ཆེན་པོ་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་དག་སྐྱེ་བའི་གཞི་གང་ཞེ་ན། སྨྲས་པ། དེ་ནི་རྣམ་པ་བཅུ་གཉིས་སུ་

བལྟ་བར་བྱ་སྟེ། འདི་ལྟ་སྟེ། ཐོས་པ་ལས་བྱུང་བའི་སར་བཤད་པ་བཞིན་ནོ། །དེ་ལ་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་བྱུང་བ་ནི་འགྲོ་བ་ལྔའི་བྱེ་བྲག་གིས་རྣམ་པ་ལྔར་རིག་པར་བྱའོ། །སྤྱོད་ལམ་བྱེད་པ་ནི་སྤྱོད་ལམ་བཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བཟོའི་

གནས་བྱེད་པ་ནི་གཞི་རྣམ་པ་བཅུ་གཉིས་ཀྱི་བྱེ་བྲག་གིས་རྣམ་པ་བཅུ་གཉིས་ཁོ་ནའོ། །སྤྲུལ་པ་བྱེད་པ་ནི་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་བྱེ་བྲག་དང་། རྩེད་མོའི་དོན་དང་། གཞན་གྱི་དོན་དང་། ལུས་

เล่ม ๑๓๐ · หน้า 66b

དང་ངག་གི་སྤྲུལ་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་རིག་པར་བྱའོ། །དེ་ལ་རབ་ཏུ་དབྱེ་བ་ཉིད་ཀྱིས་གཞི་བསྡུས་པའི་ཕྱིར་དེ་ལས་གཞན་པ་དག་གི་གཞི་ནི་ལོགས་ཤིག་ཏུ་མ་སྨོས་སོ། །དེ་ལ་རྣམ་པར་སྨིན་པ་ལས་བྱུང་བ་ནི་གཅིག་ཏུ་ལུང་མ་བསྟན་པ་ཡིན་ནོ། །གཉིས་ནི་རྣམ་པ་གསུམ་དུ་

ཡང་དམིགས་སོ། །གཅིག་ནི་རྣམ་པ་གཉིས་སུ་དམིགས་སོ། །རོལ་མོ་ལ་བརྟེན་ཏེ། སེམས་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་སྤྱོད་ལམ་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན་ཡིན་ནོ། །ཉེ་བར་ཞི་བ་ལ་བརྟེན་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ། །ལྷག་པར་ཆགས་པར་གྱུར་པས་

བཟོ་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན་ཡིན་ནོ། །དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ། །སྤྲུལ་པ་བྱེད་པ་ནི་གཞན་འདུན་པར་བྱ་བའི་རྒྱུའམ། སེམས་ཅན་རྣམས་ཀྱི་དོན་དུ་བྱེད་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ། །ཉོན་མོངས་པ་ཅན་ནི་མེད་དོ། །དེ་ལ་ཕུང་པོ་ལྔ་པོ་གང་དག་

ཡིན་པ་དེ་དག་གིས་བདེན་པ་དུ་དག་བསྡུས་ལ་བདེན་པ་དུ་དག་གིས་ཀྱང་ཕུང་པོ་དུ་དག་བསྡུས་ཤེ་ན། སྨྲས་པ། བདེན་པ་གསུམ་གྱིས་ནི་ཕུང་པོ་ལྔ་བསྡུས་ལ། ཕུང་པོ་ལྔ་པོ་དག་གིས་ཀྱང་བདེན་པ་གསུམ་བསྡུས་སོ། །འགོག་པའི་བདེན་པ་དང་ཕུང་པོ་རྣམས་ནི་གཅིག་གིས་གཅིག་མ་བསྡུས་ཏེ། འགོག་

པ་ནི་དེ་དག་ཉེ་བར་ཞི་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་སར་བདེན་པ་བཞི་ནི་རྣམ་པ་བཅུ་དྲུག་གིས་བལྟ་བར་བྱའོ་ཞེས་གང་བཤད་པ་དེ་ལ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། ཕྱིན་ཅི་ལོག་རྣམ་པ་བཞིའི་གཉེན་པོར་ཏེ། དེ་ལ་

རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ། །རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་ཐ་མ་གཅིག་གི་གཉེན་པོ་ཡིན་ནོ། །ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་རྣམ་པ་བཞིའི་

ཕྱིར་ཏེ་དེ་ཡང་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་སྲེད་པའི་བྱེ་བྲག་ལས་བལྟ་བར་བྱའོ། །དེ་ལ་སྲེད་པ་དང་པོ་ལ་བརྟེན་ནས་ནི་ཡང་སྲིད་པ་འབྱུང་བར་བྱེད་པར་མངོན་ནོ། །གཉིས་པ་དང་གསུམ་པ་ལ་བརྟེན་ནས་ནི་དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་

เล่ม ๑๓๐ · หน้า 67a

མངོན་པར་དགའ་བ་མངོན་ནོ། །ཐ་མ་ལ་བརྟེན་ནས་ནི་ལུས་ལ་ཆགས་པ་དང་ལྡན་པའི་སྲེད་པ་འབའ་ཞིག་བལྟ་བར་བྱའོ། །དེ་ལ་སྲེད་པ་གང་ཞེ་ན། ལུས་ངག་ལ་ཆགས་ཤིང་སྦྱོར་བར་བྱེད་པ་གང་ཡིན་པའོ། །ཡང་སྲིད་པ་འབྱུང་བར་བྱེད་པ་གང་ཞེ་ན། ཕྱི་མའི་

ལུས་ཀྱི་ཁྱད་པར་འདོད་པ་གང་ཡིན་པའོ། །དགའ་བའི་འདོད་ཆགས་དང་ལྡན་པ་གང་ཞེ་ན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་དང་། ཆོས་འདོད་པ་ལ་མངོན་དུ་ཕྱོགས་པར་གྱུར་པའམ། ཐོབ་པ་དག་ལ་དགའ་བའི་འདོད་ཆགས་དང་ལྡན་པ་གང་ཡིན་པའོ། །དེ་དང་དེར་མངོན་

པར་དགའ་བ་གང་ཞེ་ན། དེ་ལས་གཞན་པའི་གཟུགས་ལ་སོགས་པ་འདོད་པ་དག་ལ་འདོད་པ་གང་ཡིན་པའོ། །ཅིའི་ཕྱིར་འགོག་པའི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་འགོག་པ་རྣམ་པ་བཞིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིའི་ཕྱིར་ལམ་གྱི་བདེན་པ་ལ་རྣམ་

པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་འགོག་པ་སྐྱེད་པར་བྱེད་པ་རྣམ་པ་བཞིའི་ཕྱིར་རོ། །ཉན་ཐོས་ཀྱི་སར་འཇིག་པའི་རྣམ་པ་ལ་སོགས་པ་རྣམ་པ་བཅུས། དེ་ནི་སྡུག་བསྔལ་བདེན་པ་ལ། །རྣམ་པ་བཅུས་ནི་རྟོག་བྱེད་ན། །དེ་ནི་རྣམ་པ་བཞི་ལ་འཇུག །འགྱུར་བ་དང་ནི་འཇིག་པ་

དང་། །བྲལ་བ་དང་ནི་ཉེ་བ་དང་། །ཆོས་ཉིད་ཀྱི་ནི་རྣམ་པ་དང་། །ཀུན་ཏུ་སྦྱོར་དང་འཆིང་བ་དང་། །མི་སྡུག་པ་དང་གྲུབ་བདེ་མེད། །དམིགས་མེད་རང་དབང་མེད་པ་ཡི། །རྣམ་པ་དེ་དག་རིག་པས་རྟོག །ཅེས་གང་བཤད་པ་དེ་ལ། དམིགས་སུ་མེད་པ་གང་ཞེ་ན། དབང་པོ་ཙམ་དང་། ཡུལ་ཙམ་

དང་། དེ་ལས་སྐྱེས་པའི་མྱོང་བ་ཙམ་དང་། སེམས་ཙམ་དང་། བདག་དང་བདག་ཅེས་བྱ་བའི་མིང་ཙམ་དང་། ལྟ་བ་ཙམ་དང་། མངོན་པར་བརྗོད་པ་ཙམ་དང་། རྣམ་པ་བདུན་པོ་དེ་དག་ལས་ལོགས་ཤིག་ན་དོན་གཞན་དུ་གྱུར་པའི་བདག་གི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པའོ། །རང་དབང་

མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་རྟག་པ་དང་སྡུག་བསྔལ་བའི་མཚན་ཉིད་ཀྱིས་འདུ་བྱེད་རྣམས་ལ་བདག་གི་མཚན་ཉིད་མེད་པ་ཉིད་གང་ཡིན་པའོ། །རྣམ་པ་བཅུ་པོ་དེ་དག་ལས་གང་གིས་འགྱུར་བའི་སྡུག་བསྔལ་ཉིད་བསྡུས་ཤེ་ན། སྨྲས་པ། ཀུན་ཏུ་སྦྱོར་བའི་རྣམ་པས་

เล่ม ๑๓๐ · หน้า 67b

བསྡུས་ཏེ། འགྱུར་བའི་དབང་ལས་བྱུང་བའི་ཡིད་མི་བདེ་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའི། འགྱུར་བ་ཙམ་ཉིད་ནི་མ་ཡིན་ཏེ། ཡིད་མི་བདེ་བ་དང་བྲལ་བ་རྣམས་ལ་ཡང་དེ་དམིགས་པ་དང་། གནོད་པར་མི་བྱེད་པའི་ཕྱིར་རོ། །རྣམ་པ་གང་གིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་

བསྡུས་ཤེ་ན། སྨྲས་པ། མི་སྡུག་པའི་རྣམ་པས་སོ། །རྣམ་པ་གང་གིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་བསྡུས་ཤེ་ན། སྨྲས་པ། གྲུབ་པ་དང་བདེ་བ་མེད་པའི་རྣམ་པས་སོ། །སྐྱེ་བའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བའི་བར་དུ་གང་གསུངས་

པའི་རྣམ་པ་དེ་དག་ལས་དུ་ཞིག་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་ཤེ་ན། སྨྲས་པ། དང་པོ་ལྔའོ། །དུ་ཞིག་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་བསྡུས་ཤེ་ན། སྨྲས་པ། བར་མ་གཉིས་སོ། །དུ་ཞིག་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་ཤེ་ན། སྨྲས་པ། ཐ་མ་གཅིག་གོ། །

རྣམ་གྲངས་གཞན་ཡང་དང་པོ་བདུན་གྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་བསྡུས་སོ། །དེ་དག་གི་གཉེན་པོ་དགེ་བ་རྣམས་དང་། ཉོན་མོངས་པ་རྣམས་ཀྱིས་ནི་འགྱུར་བའི་སྡུག་བསྔལ་ཉིད་བསྡུས་སོ། །ཐ་མས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་བསྡུས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་

དྲལ་ཞིང་གྱུར་པའི་སེམས་ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྒྲིབ་པས་ཀུན་ནས་དཀྲིས་པ་དེ་ནི་དེ་ལས་སྐྱེས་པའི་སེམས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ་ཞེས་གསུངས་པས་ན། དེའི་ཕྱིར་ཉོན་མོངས་པ་ནི་འགྱུར་

བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་པར་རབ་ཏུ་གྲུབ་པོ། །སྡུག་བསྔལ་བ་རྣམ་པ་བཞི་པོ་མངོན་པར་འགྲུབ་པའི་སྡུག་བསྔལ་དང་། ནང་ལ་བརྟེན་པའི་སྡུག་བསྔལ་དང་ཕྱི་རོལ་ལ་བརྟེན་པའི་སྡུག་བསྔལ་དང་། གནས་ངན་ལེན་གྱི་སྡུག་བསྔལ་ཞེས་གང་གསུངས་པ་དེ་ལ་སྡུག་

བསྔལ་གང་ཞིག་རྣམ་པ་གང་གིས་བསྡུས་ལ། སྡུག་བསྔལ་གང་གིས་ཀྱང་རྣམ་པ་གང་བསྡུས་ཤེ་ན། སྨྲས་པ། རྣམ་པ་དང་པོ་དང་སྡུག་བསྔལ་དང་པོ་ནི་གཅིག་གིས་གཅིག་བསྡུས་སོ། །རྣམ་པ་གསུམ་དང་སྡུག་བསྔལ་འོག་མ་གཉིས་པ་ཡང་གཅིག་གིས་གཅིག་བསྡུས་སོ། །རྣམ་པ་

เล่ม ๑๓๐ · หน้า 68a

གཞན་གསུམ་དང་སྡུག་བསྔལ་འོག་མ་གསུམ་པ་ཡང་གཅིག་གིས་གཅིག་བསྡུས་སོ། །རྣམ་པ་ཐ་མ་དང་སྡུག་བསྔལ་ཐ་མ་ཡང་གཅིག་གིས་གཅིག་བསྡུས་སོ། །དེ་ལ་སྔར་ནི་སྲེད་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བས་ཀུན་འབྱུང་བའི་བདེན་

པ་རྣམ་པར་གཞག་པ་ལས་རྣམ་པ་བཞིར་བསྟན་ཏོ། །ད་ནི་འབྲས་བུའི་རབ་ཏུ་དབྱེ་བ་ལས་བལྟ་བར་བྱ་སྟེ། སྡུག་བསྔལ་རྣམ་པ་བཞི་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་པོ་གང་དག་ཡིན་པ་དེ་དག་ལས་དུ་ཞིག་སྟོང་བའི་རྣམ་པ་ཡིན་ཞེ་ན། སྨྲས་པ།

གཉིས་ཏེ་སྡུག་བསྔལ་གྱི་བདེན་པ་ལས་ཐ་མ་གཉིས་སོ། །དུ་ཞིག་སྨོན་པ་མེད་པའི་རྣམ་པ་ཡིན་ཞེ་ན། སྨྲས་པ། དྲུག་སྟེ་སྡུག་བསྔལ་གྱི་བདེན་པ་ལས་དང་པོ་གཉིས་དང་། ཀུན་འབྱུང་བའི་བདེན་པ་ལས་ཐམས་ཅད་དོ། །དུ་ཞིག་མཚན་མ་མེད་པའི་རྣམ་པ་ཡིན་ཞེ་

ན། སྨྲས་པ། འགོག་པའི་བདེན་པ་ལས་ཐམས་ཅད་དོ། །དུ་ཞིག་ནི་རྣམ་པར་དག་པའི་རྒྱུ་ཉེ་བར་མཚོན་པའི་རྣམ་པ་ཡིན་ཞེ་ན། སྨྲས་པ། ལམ་གྱི་བདེན་པ་ལས་ཐམས་ཅད་དོ། །གང་གི་ཚེ་མི་རྟག་པའི་འདུ་ཤེས་ཅན་བདག་མེད་པའི་འདུ་ཤེས་ལ་གནས་པའི་ཚེ། ཅིའི་ཕྱིར་

སྟོང་པ་ཉིད་དང་པོར་གསུངས་ཤེ་ན། སྨྲས་པ། བདག་མེད་པར་ལྟ་བ་སྐྱེས་ན་མི་རྟག་པ་ཉིད་དུ་ལྟ་བ་ལ་སྨོན་པ་མེད་པ་ཉིད་རྣམ་པར་གཞག་པའི་ཕྱིར་ཏེ། ལྟ་བ་གཉིས་ནི་སྔ་ཕྱིར་གཅིག་གིས་གཅིག་རྣམ་པར་དག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་པོ་དག་གི་

བཤད་པའི་གོ་རིམས་གཞན་ཡང་གང་གིས་སྡུག་བསྔལ་བར་གྱུར་པ་དེ་ནི་དང་པོ་ཡིན་ནོ། །ཇི་ལྟར་སྡུག་བསྔལ་བར་གྱུར་པ་དེ་ནི་གཉིས་པ་ཡིན་ནོ། །ནག་པོའི་ཕྱོགས་གཏུགས་ནས་ཡང་གང་གིས་བདེ་བར་གྱུར་པ་དེ་ནི་གསུམ་པ་ཡིན་ནོ། །ཇི་ལྟར་བདེ་བར་གྱུར་པ་དེ་ནི་བཞི་པ་ཡིན་ཏེ།

ནད་དང་། དེའི་རྒྱུ་དང་། ནད་མེད་པ་དང་། སྨན་ལྟ་བུ་ཡིན་ནོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་སྡུག་བསྔལ་འབྱུང་བའི་གོ་རིམས་བཞིན་དུ་བདེན་པ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་དག་ནི་དང་པོར་སྡུག་བསྔལ་གང་ཡང་རུང་

เล่ม ๑๓๐ · หน้า 68b

བ་ཞིག་གིས་ཐེབས་པ་ན་དེ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་གང་ལས་བྱུང་བ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པའི་ཐབས་ལ་རྟོག་པར་བྱེད་པའི་ཕྱིར་རོ།། །།བམ་པོ་བརྒྱད་པ། བདེན་པའི་དོན་གང་ཞེ་ན། སྨྲས་པ། བསྟན་པ་དང་མི་

མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་གྱུར་པའི་དོན་ནི་བདེན་པའི་དོན་ཏོ། །སྡུག་བསྔལ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ཏོ། །ཀུན་འབྱུང་བའི་བདེན་པའི་དོན་གང་ཞེ་ན། སྨྲས་པ། སྡུག་

བསྔལ་གྱི་བདེན་པ་བསྐྱེད་པའི་དོན་ཏོ། །འགོག་པའི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དེ་གཉི་ག་ཉེ་བར་ཞི་བའི་དོན་ཏོ། །ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དོན་གསུམ་པོ་དག་སྒྲུབ་པའི་དོན་ཏོ། །ཅི་འཕགས་པའི་བདེན་པ་བཞི་པོ་དེ་དག་ཀུན་རྫོབ་ཀྱི་བདེན་པས་

བསྡུས་པ་ཡིན་ནམ། འོན་ཏེ་དོན་དམ་པའི་བདེན་པས་བསྡུས་ཤེ་ན། སྨྲས་པ། དོན་དམ་པའི་བདེན་པས་བསྡུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་གནས་དང་མཐུན་

པ་དག་ལ་རང་གི་མཚན་ཉིད་ཡོངས་སུ་འགྲུབ་པ་ལས་རྣམ་པར་གཞག་ལ། དོན་དམ་པའི་བདེན་པ་ནི་སྡུག་བསྔལ་དུ་རོ་གཅིག་པའི་མཚན་ཉིད་ཀྱི་ཕྱིར། སྤྱིའི་མཚན་ཉིད་ཀྱིས་རྣམ་པར་གཞག་པར་བལྟ་བར་བྱ་བའི་ཕྱིར། ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ནི་ཡོངས་སུ་ཤེས་པར་བྱ།

ཀུན་འབྱུང་བའི་བདེན་པ་ནི་སྤང་བར་བྱ། འགོག་པའི་བདེན་པ་ནི་མངོན་སུམ་དུ་བྱ། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས། ཕྱིན་ཅི་ལོག་བསལ་བའི་ཕྱིར་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་

བའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་། ད་དུང་ཀུན་འབྱུང་བའི་བདེན་པ་དང་རྗེས་སུ་འབྲེལ་པའི་ཕྱིར་ཀུན་འབྱུང་བའི་བདེན་པ་ནི་སྤང་བར་བྱ་བ་ཡིན་ནོ། །མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའི་

เล่ม ๑๓๐ · หน้า 69a

དོན་ཡིན་པས། དེ་མངོན་དུ་བྱས་ནས་འགོག་པ་ལ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པའི་ཕྱིར་འགོག་པའི་བདེན་པ་ནི་མངོན་དུ་བྱ་བ་ཡིན་ནོ། །ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར་ལམ་གོམས་པར་བྱ་དགོས་པས་ན། ལམ་གྱི་བདེན་པ་ནི་

བསྒོམ་པར་བྱ་བ་ཡིན་ནོ། །བདེན་པ་མངོན་པར་རྟོགས་པ་ནི་རྣམ་པ་དུ་མཚན་ཉིད་ནི་ཅི་འདྲ་ཞེ་ན། སྨྲས་པ། མངོན་པར་རྟོགས་པའི་དོན་ནི་ངེས་པའི་དོན་ཏེ། དེ་ཡང་བདེན་པ་རྣམས་ལ་ངེས་པའི་ཤེས་རབ་ལྷན་ཅིག་འབྱུང་བ་རྒྱུ་དང་བཅས་པ་སྟེ། དེ་ནི་རེ་ཞིག་མཚན་ཉིད་ཡིན་ནོ། །དེ་ཡང་

རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སར་བཤད་པའོ། །དེ་ལ་དང་པོ་གང་ཞེ་ན། སྨྲས་པ། བདེན་པ་རྣམས་ལ་ངེས་པར་སེམས་པ་གང་ཡིན་པའོ། །གཉིས་པ་གང་ཞེ་ན། སྨྲས་པ། དཀོན་མཆོག་གི་དོན་ལ་ངེས་པའི་ཕྱིར་དཀོན་

མཆོག་གསུམ་པོ་དག་ལ་ཤེས་ནས་དད་པ་གསུམ་དང་། ཐོས་པ་ལས་བྱུང་བའི་ཤེས་རབ་ངེས་པ་གང་ཡིན་པའོ། །གསུམ་པ་གང་ཞེ་ན། སྨྲས་པ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཏེ། ངན་སོང་བའི་ལས་མི་བྱེད་ཅིང་ངེས་པར་སྡོམ་པ་ཐོབ་པའི་ཕྱིར་རོ། །བཞི་པ་གང་ཞེ་

ན། སྨྲས་པ། སྔོན་སྦྱོར་བའི་ལམ་ལ་ཚོགས་ཤིན་ཏུ་བསགས་པའི་ཚེ། སེམས་ཡོངས་སུ་སྦྱང་བ་ལེགས་པར་བྱས་པ་ན། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མཐར་ཐུག་པའི་རྗེས་ལ་སོ་སོའི་བདག་ཉིད་ལ་སེམས་ཅན་གྱི་བརྡ་བསལ་བའི་ཆོས་ལ་དམིགས་

ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆུང་ངུ་དང་བྲལ་བའི་སེམས་དང་པོར་སྐྱེ་བ་དང་། དེའི་རྗེས་ལ་སོ་སོའི་བདག་ཉིད་ལ་ཆོས་ཀྱི་བརྡ་བསལ་བའི་ཆོས་ལ་དམིགས་ཤིང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་

ངན་ལེན་འབྲིང་དང་བྲལ་བའི་སེམས་གཉིས་པ་སྐྱེ་བ་དང་། དེའི་རྗེས་ལ་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་བརྡ་བསལ་བའི་ཆོས་ལ་དམིགས་ཤིང་། མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་བའི་སེམས་གསུམ་

เล่ม ๑๓๐ · หน้า 69b

པ་སྐྱེ་བ་གང་ཡིན་པ་སྟེ། དེ་ལྟར་ན་དེ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ཡང་ཟུང་དུ་འབྲེལ་པས་འཇུག་པའི་ལམ་ཡིན་ཏེ། དེ་ལྟར་གྱུར་པ་དེ་ཡང་གསུམ་ནི་ལྷག་མཐོང་དང་མཐུན་པའི་སེམས་ཡིན་ལ། གསུམ་ནི་ཞི་གནས་དང་མཐུན་པའི་སེམས་ཡིན་ཡང་ཟུང་དུ་འབྲེལ་པས་འཇུག་པའི་ཕྱིར་

གསུམ་ཁོ་ནར་རྣམ་པར་གཞག་སྟེ། སྐད་ཅིག་གཅིག་ལ་ཞི་གནས་དང་ལྷག་མཐོང་གཉི་ག་དམིགས་པའི་ཕྱིར་རོ། །སེམས་དེ་དག་ནི་རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པ་ཡིན་པར་བལྟ་བར་བྱ་སྟེ། དང་པོ་གཉིས་ནི་ཆོས་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་ལ་ཐ་མ་གསུམ་པ་

གཅིག་པུ་ནི་རྗེས་སུ་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ། །སེམས་དེ་དག་གི་མཐུས་དེའི་འོག་མ་གཉིས་མངོན་པར་རྟོགས་པའི་གཉིས་པ་ལ། སྡུག་བསྔལ་ལ་སོགས་པ་རྣམ་པར་གཞག་པའི་བདེན་པ་རྣམས་ལ་སྡུག་བསྔལ་ལ་སོགས་པ་ཤེས་པ་རྣམ་པར་དག་པ་

བར་ཆད་མེད་པ་སྐྱེ་བའི་ཕྱིར་དེ་དག་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་ཉིད་ཡིན་པར་རབ་ཏུ་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཞི་གནས་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་སེམས་གསུམ་པོ་དེ་དག་གིས་མཐོང་བས་སྤང་

བར་བྱ་བའི་ཉོན་མོངས་པ་ཉེ་བར་ཞི་བ་མངོན་དུ་བྱེད་པ་དང་། ཉོན་མོངས་པ་དང་། ཕུང་པོ་ཐམས་ཅད་ཞི་བར་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཞེས་བྱའོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་

ཤེས་པ་བདེན་པ་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཤེས་པ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེ་ཡང་སེམས་གསུམ་པའི་མཇུག་ཐོགས་སུ་མཐོང་བའི་ལམ་ལས་ལངས་བས་མངོན་དུ་

བྱས་ནས། སྔོན་འཇིག་རྟེན་པའི་ཤེས་པས་དཔྱད་ནས། རྣམ་པར་གཞག་པའི་བདེན་པ་ས་འོག་མ་པ་ས་འོག་མའི་དབང་གིས་བྱུང་བ་དང་། ས་གོང་མ་པས་གོང་མའི་དབང་གིས་བྱུང་བ་རྣམས་ལ། ཆོས་དང་རྗེས་སུ་རྟོགས་པའི་ཤེས་པ་དང་འདྲ་བ་ཀུན་རྫོབ་ཤེས་པ། འཇིག་རྟེན་

เล่ม ๑๓๐ · หน้า 70a

པ་དང་འཇིག་རྟེན་ལས་འདས་པའམ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཤེས་པས་བདེན་པ་རེ་རེ་ལ་ཡང་གོ་རིམས་བཞིན་དུ་འདོད་པའི་ཤེས་པ་དང་། མངོན་པར་རྟོགས་པ་ངེས་པའི་ཤེས་པ་གཉིས་གཉིས་འབྱུང་བ་སྟེ། དེ་ལྟར་མངོན་པར་རྟོགས་

པ་སྔ་མ་ལས་ལངས་པ་ལ་གོང་མའམ་འོག་མའི་བདེན་པ་དག་ལ། ཤེས་པ་གཉིས་གཉིས་འབྱུང་བ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ལ་ཤེས་པ་སྔ་མ་ནི་བརྡ་བསལ་བའི་ཆོས་ལ་དམིགས་པའི་ཕྱིར་རྣམ་

པར་རྟོག་པ་མེད་པ་ཡིན་ནོ། །ཤེས་པ་ཕྱི་མ་ནི་བརྡ་མ་བསལ་བའི་ཆོས་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ། །ཡང་སྔ་མས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་གནས་ལས་སྤོང་བར་བྱེད་དོ། །ཕྱི་མས་ནི་དམིགས་པ་ཡིད་ལ་བྱེད་པས་

དེ་དག་ཉིད་ཀྱི་འཇུག་པ་སྤོང་བར་བྱེད་དོ། །ཡང་སྔ་མས་ནི་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བར་བྱེད་དོ། །ཕྱི་མས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བར་བྱེད་དོ། །འཇིག་རྟེན་པའི་ལམ་འབའ་ཞིག་གིས་བག་ལ་ཉལ་ཡང་

དག་པར་འཇོམས་པ་ནི་མེད་དེ། འཇིག་རྟེན་པ་ནི་འདྲིས་པའི་ཕྱིར་དང་། མཚན་མ་ལ་མངོན་པར་ཞེན་པས་འཇུག་པའི་ཕྱིར་རོ། །དེ་ནི་ཇི་ལྟར་མཚན་མ་ལ་མངོན་པར་ཞེན་པས་འཇུག་པ་དེ་ལྟར་མཚན་མ་རྣམ་པར་འཇིག་པར་འཇུག་པར་མི་འགྱུར་ལ། ཇི་ལྟར་མཚན་མ་རྣམ་པར་འཇིག་

པར་མི་འཇུག་པ་དེ་ལྟར་གནས་ངན་ལེན་ཡང་དག་པར་འཇོམས་པར་ཡང་འཇུག་པར་མི་འགྱུར་ཏེ། དེའི་ཕྱིར་དེས་བག་ལ་ཉལ་ཡང་དག་པར་འཇོམས་པ་མེད་དོ། །མཐར་ཐུག་པའི་མངོན་པར་རྟོགས་པ་གང་ཞེ་ན། སྨྲས་པ། བསྒོམས་པས་སྤང་བར་བྱ་བ་དག་སྤངས་པ་ལ་ཟད་པ་ཤེས་པ་

དང་མི་སྐྱེ་བ་ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ནི་ཚེ་འདི་ལ་ཉོན་མོངས་པ་ཐམས་ཅད་ངེས་པར་སྤངས་པ་དང་། ཕྱི་མ་ལ་ཡང་ཕུང་པོ་ཐམས་ཅད་ངེས་པར་འགགས་པས་ན། མཐར་ཐུག་པའི་མངོན་པར་རྟོགས་པ་ཞེས་བྱའོ། །

เล่ม ๑๓๐ · หน้า 70b

དེ་ལ་འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལ་རྣམ་པར་མི་རྟོག་པའི་ཤེས་པ་གང་ཡིན་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལས་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་ཡིན་པའོ། །འཇིག་རྟེན་ལས་

འདས་པའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྨྲས་པ། ཕུང་པོ་འགག་པ་དེ་ཉིད་ཀྱི་རྒྱུའི་དོན་གྱིས་ཕྱི་མར་ཕུང་པོ་མི་སྐྱེ་བ་ལ་རྣམ་པར་མི་རྟོག་པ་གང་ཡིན་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མི་སྐྱེ་བའི་ཤེས་པ་གང་ཞེ་ན། སྨྲས་པ། ཕྱི་མར་ཕུང་པོ་མི་སྐྱེ་བ་ལ་རྣམ་པར་

རྟོག་པ་དང་བཅས་པ་གང་ཡིན་པའོ། །རིགས་བྲམ་ཟེ་གང་དག་ཡིན་པ་དེ་དག་ནི་གནས་གསུམ་པོ་དག་ཡང་དག་པ་དང་། བདེན་པ་ལས་འདོགས་པར་བྱེད་ཅིང་། དེ་ནས་ཀྱང་རིགས་བྲམ་ཟེ་དེ་དག་གནས་གསུམ་པོ་དེ་དག་ཉིད་ལ་ཉེས་པ་གསུམ་གྱིས་ཡང་དག་པར་སྐྱོན་ཆགས་པའི་སེམས་ཀྱིས་

གནས་པར་བྱེད་དོ། །དེ་ལྟར་དེ་དག་ནི་དོན་དམ་པར་བྲམ་ཟེ་མ་ཡིན་པའི་གྲངས་སུ་འགྲོའོ། །གནས་གསུམ་པོ་དག་གང་ཞེ་ན། འཚོ་བ་དང་བསོད་ནམས་ཡང་དག་པར་རྩོམ་པ་དང་། འབྲས་བུ་ལ་སེམས་པའོ། །དེ་ལ་རིགས་བྲམ་ཟེ་རྣམས་ཀྱི་འཚོ་བ་ནི་ཤིས་པར་བརྗོད་པ་དང་།

བསྟོད་པ་དང་། འདོད་པ་བརྗོད་པ་དག་གིས་འཚོ་བ་སྟེ། དེ་ལ་རིགས་བྲམ་ཟེ་རྣམས་ནི་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ནམ། གང་ལས་འཚོ་བའི་ཡོ་བྱད་

སློང་བར་བྱེད་པ་དེ་ལ། དེ་དག་འདི་སྐད་དུ། ཁྱོད་ཀྱི་དགྲ་རྣམས་ནི་ཟད་དེ་རྨེག་མེད་པ་དང་། སྡུག་བསྔལ་བ་དང་། ཟིལ་གྱིས་ནོན་པ་དང་། གསད་པར་གྱུར་ཅིག །དེ་བཞིན་དུ་ཁྱོད་ཀྱི་དཔལ་དང་དབང་ཐང་ནི་མི་གཡོ་བ་དང་། རྟག་པ་དང་མི་འགྱུར་བ་དང་། མི་འཕྲོགས་པར་གྱུར་ཅིག་

ཅེས་ཤིས་པར་བརྗོད་པ་སྦྱོར་བར་བྱེད་དོ། །དེ་བཞིན་དུ་བསྟོད་པ་ཡང་སྦྱོར་བར་བྱེད་དེ། འདི་ལྟར་ཁྱོད་ནི་དཔའ་བོ་ཡིན་ནོ། །ཉམས་སྟོབས་དང་ལྡན་པ་ཡིན་ནོ། །སྙིང་སྟོབས་ཅན་ཡིན་ནོ། །ཁྱོད་ནི་དགྲ་རྣམས་གསོད་པར་ནུས་པ་ཡིན་ནོ་ཞེས་བསྟོད་པར་ཡང་བྱེད་དོ། །དགྲ་རྣམས་གསད་

เล่ม ๑๓๐ · หน้า 71a

པར་གྱུར་ན་ནི་འདི་སྐད་ཅེས་བརྗོད་དེ། ཁྱོད་ཀྱིས་ནི་འདི་ལྟ་འདི་ལྟར་དགྲ་རྣམས་ངེས་པར་བསད་པ་ཡིན་ཏེ། ཁྱོད་ལྟར་དགྲ་རྣམས་དང་བྲལ་བའི་སྐྱེ་བོ་ནི་འཇིག་རྟེན་ན་དཀོན་ནོ་ཞེས་རྗོད་པར་བྱེད་དོ། །ཡུན་རིང་པོ་ནས་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་དང་

ལྡན་པ་ལས་བརྩམས་ནས་ཀྱང་འདི་སྐད་དུ། ཁྱོད་ལྟ་བུ་ནི་འཇིག་རྟེན་ན་དཀོན་ཏེ། འདི་ལྟར་དཔལ་དང་དབང་ཐང་མི་གཡོ་བ་དང་ལྡན་པ་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །དེ་སྐད་ཅེས་འདོད་པ་བརྗོད་པ་སྦྱོར་བར་ཡང་བྱེད་དོ། །ཁྱོད་ནི་སྐྱེས་བུ་དམ་པའི་མཚན་འདི་ལྟ་བུ་དག་དང་ལྡན་པ་

ནས་རིང་པོ་མི་ཐོགས་པར་ཁྱོད་ཀྱི་དགྲ་ཐམས་ཅད་ཟད་དེ་རྨེག་མེད་པ་དང་། ཟིལ་གྱིས་གནོན་པ་དང་། བསད་པར་ཡང་འགྱུར་རོ། །ཁྱོད་ནི་འདི་ལྟ་བུའི་མཚན་དང་ལྡན་ན། ལག་རྐྱོང་དཔལ་དང་དབང་ཐང་མི་གཡོ་བ་དང་ལྡན་པར་འགྱུར་ཞེས་ཀྱང་རྗོད་པར་བྱེད་དོ། །དེ་དག་མཛའ་

བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་དེ་དག་ལ་ཡང་། ཁྱིམ་འདི་དག་ནི་བདག་གི་ཡིན་གྱི། འདི་དག་ནི་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་བླང་བ་ནི་མ་ཡིན་ནོ་སྙམ་དུ་བདག་གིར་འཛིན་པར་ཡང་བྱེད་དོ། །དེ་དག་གིས་དེ་ནས་རྙེད་པ་ཆོས་གོས་སམ། བསོད་སྙོམས་

སམ། མལ་ཆའམ། སྟན་ལ་སོགས་པ་ཇི་སྙེད་པའི་རྙེད་པ་དེ་དག་ཀྱང་ཆགས་པ་དང་། ཞེན་པ་དང་། འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་པར་གྱུར་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པའོ། །དེ་ལ་རིགས་བྲམ་

ཟེ་རྣམས་ཀྱི་བསོད་ནམས་ཡང་དག་པར་རྩོམ་པ་ནི་སྲོག་ཆགས་རྣམ་པ་སྣ་ཚོགས་དུ་མ་གསོད་པ་དང་ལྡན་པའི་མཆོད་སྦྱིན་སྟོན་པར་བྱེད་པ་དང་། མཆོད་སྦྱིན་དེའི་འབྲས་བུ་རྟག་པའི་གནས་ཡིན་པར་བརྟག་པར་སྟོན་པ་དང་། མཆོད་སྦྱིན་རྩོམ་པ་དེར་མགྲོན་དུ་གཉེར་བ་རྣམས་ཀྱང་

བླང་བ་སྣ་ཚོགས་མཆོག་མང་པོ་བདག་གིར་བྱ་བའི་རྒྱུ་མཚན་གྱིས་གཅིག་ལ་གཅིག་བརྒྱུད་ཅིང་འཁུ་བའི་སེམས་མངོན་པར་འདུ་བྱེད་པ་སྟེ། རྣམ་པ་གསུམ་པོ་དེ་དག་གིས་ཡང་དག་པར་རྩོམ་པར་རིག་པར་བྱའོ། །དེ་ལ་རིགས་བྲམ་ཟེ་རྣམས་ཀྱི་འབྲས་བུ་ལ་སེམས་པ་ནི་འདི་ལྟ་སྟེ།

เล่ม ๑๓๐ · หน้า 71b

ལྷ་མ་ཡིན་གྱི་རིགས་རྣམས་ནི་རིགས་གསད་པར་བྱ་བ་ཡིན་ནོ། །ལྷའི་རིགས་རྣམས་ནི་རྟག་པ་ཡིན་ནོ། །བྲམ་ཟེའི་རིགས་རྣམས་ནི་མཆོག་ཡིན་ནོ། །རིགས་གཞན་ནི་དམན་པ་ཡིན་ནོ། །བྲམ་ཟེའི་རིགས་ནི་རྒྱས་པར་ཚངས་པ་ལས་སྐྱེས་པ་དང་། ཚངས་པས་སྤྲུལ་པ་དང་།

ཚངས་པའི་བགོ་སྐལ་ལ་སྤྱོད་པའོ་ཞེས་བྱ་བའི་བར་དུ་སྟེ། རིགས་བྲམ་ཟེ་གང་ཡིན་པ་དེ་དག་གི་འབྲས་བུ་ལ་སེམས་པ་ནི་བསམ་པ་དེ་ལྟ་བུ་དང་བརྗོད་པ་དེ་ལྟ་བུ་དག་གིས་རིག་པར་བྱའོ། །དེ་ལྟར་རིགས་བྲམ་ཟེ་རྣམས་ནི་གནས་གསུམ་པོ་དེ་དག་ལ་འདི་ནི་བདེན་པ་ཁོ་ན་ཡིན་གྱི།

གཞན་ནི་བརྫུན་པ་ཡིན་ནོ་ཞེས་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་པར་བྱས་ནས་ཐ་སྙད་འདོགས་པར་བྱེད་དོ། །ཉེས་པ་གསུམ་པོ་གང་དག་གིས་སེམས་སྐྱོན་ཆགས་པར་གྱུར་ཅེ་ན། ངག་གི་ཉེས་པ་དང་། ང་རྒྱལ་གྱི་ཉེས་པ་དང་། མོས་པའི་ཉེས་པས་སོ། །གནས་

གསུམ་པོ་དེ་དག་ཉིད་ལ་ངག་ལོག་པར་འཇུག་པ་གང་ཡིན་པ་དེ་ནི་ངག་གི་ཉེས་པ་ཡིན་པར་རིག་པར་བྱའོ། །གནས་བཟང་པོ་མ་ཡིན་པ་གསུམ་གདགས་པ་བྱས་པ་དང་། ཚིག་བཟང་པོ་མ་ཡིན་པ་ཀུན་ཏུ་བརྗོད་པ་ལས་གཞན་ལ་བརྟེན་ཏེ་བདག་ཆེ་བའམ། མཚུངས་པའམ། ཆུང་

བར་རློམ་སེམས་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་ང་རྒྱལ་གྱི་ཉེས་པ་ཡིན་པར་རིག་པར་བྱའོ། །དེ་དག་གནས་གསུམ་པོ་དེ་དག་ཉིད་ལ་ཡོན་ཏན་དང་སྐྱོན་མ་དཔྱད་པར་གནས་དེ་དག་ལ་གཅིག་ཏུ་མོས་པར་བྱེད་ཅིང་། སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་ལེགས་པར་

གདམས་པ་མཛད་ཅིང་ལེགས་པར་རྗེས་སུ་བསྟན་པ་མཛད་ཀྱང་གནས་དང་གནས་མ་ཡིན་པ་ལ་ལེགས་པར་མི་གནས་པ་དང་། ཡོངས་སུ་བརྟགས་པ་ལ་ལེགས་པར་མི་གནས་པ་དང་། ལམ་ལ་ལེགས་པར་མི་གནས་པ་དང་། ཤིས་པ་བརྗོད་པ་ལ་ལེགས་པར་མི་གནས་པ་དེ་ནི་དེ་

དག་གི་མོས་པའི་ཉེས་པ་ཡིན་པར་རིག་པར་བྱ་སྟེ། ཉེས་པ་གསུམ་པོ་དེ་དག་ཀྱང་ལྟ་བ་ངན་པའི་ཉེས་པས་ཀུན་ནས་བསླང་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་རིགས་བྲམ་ཟེ་རྣམས་ནི་གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་པོ་དེ་དག་དང་ལྡན་པས་ན་དོན་དམ་པར་བྲམ་ཟེ་མ་

เล่ม ๑๓๐ · หน้า 72a

ཡིན་པའི་གྲངས་སུ་འགྲོ་བ་ཡིན། རིགས་བྲམ་ཟེ་མ་ཡིན་ཡང་གང་དག་གནས་གསུམ་པོ་འདི་དག་བདེན་པ་དང་། ཡང་དག་པ་ལས་འདོགས་པར་བྱེད་ན། དེ་དག་ནི་གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་གྱིས་སེམས་སྐྱོན་ཆགས་པ་མེད་པས་

དེ་དག་ནི་རིགས་བྲམ་ཟེ་མ་ཡིན་ཡང་དོན་དམ་པར་བྲམ་ཟེ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་གསུམ་པོ་དག་གང་ཞེ་ན། སེམས་ཅན་ཐམས་ཅད་གསད་པར་བྱ་བ་མ་ཡིན་ནོ་ཞེས་གནས་དང་པོ་འདི་སྨྲ་ན། བདེན་པ་ཉིད་སྨྲ་བ་ཡིན་གྱི་བརྫུན་པ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་གི་གནས་

དང་པོ་འདི་ལ་ངག་གི་ཉེས་པས་སྐྱོན་ཆགས་པ་མེད་པ་ཡིན་ནོ། །དེ་དག་གནས་དེ་དང་བདེན་པ་སྨྲ་བ་དེས་གཞན་ལ་བརྟེན་ནས་བདག་ཉིད་ཆེ་བའམ། མཚུངས་པའམ། ཆུང་བ་རློམ་སེམས་མི་བྱེད་པས་དེའི་ཕྱིར་དེ་དག་གནས་དེ་ལ་ང་རྒྱལ་གྱི་ཉེས་པས་ཡང་དག་པར་སྐྱོན་ཆགས་པ་

མེད་པའི་ཡིད་དང་ལྡན་པ་ཡིན་ནོ། །དེ་དག་གནས་དེ་ལ་ཡོན་ཏན་དང་སྐྱོན་རྣམ་པར་དཔྱད་པས་དམིགས་པ་དེས་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བ་ཡང་དག་པར་རྗེས་སུ་མཐོང་བས་ཁ་ན་མ་ཐོ་བ་མེད་པའི་ལུས་དང་སེམས་ཀྱིས་ཕན་འདོགས་པ་ཚེ་འདི་ལ་བདེ་བར་གནས་པས། སེམས་

ཅན་ཐམས་ཅད་ལ་བྱམས་པའི་རང་བཞིན་གྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་སོ། །གནས་དེ་ལ་གཞན་དག་གིས་དད་པས་མི་འགྲོ་ཞིང་བདག་རང་གིས་བདེན་པ་དེ་ལེགས་པར་མངོན་པར་རྟོགས་པས་དེ་དག་ནི་བདེན་ཞིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་སྟེ། དེའི་

ཕྱིར་མོས་པའི་ཉེས་པས་སྐྱོན་ཆགས་པ་མེད་པའི་སེམས་དང་ལྡན་པར་རིག་པར་བྱའོ། །དེ་བཞིན་དུ་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་འདི་ནི་གནས་གཉིས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་འདི་ནི་གནས་གསུམ་པ་སྟེ།

ལྷག་མ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། བདེན་པ་གཉིས་པ་ལ་ནི་འདུ་བྱེད་ཐམས་ཅད་ལས་འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་བས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་སོ་ཞེས་བརྗོད་པར་བྱའོ། །བདེན་པ་གསུམ་པ་ལ་ནི་ཆོས་ཐམས་

เล่ม ๑๓๐ · หน้า 72b

ཅད་ལ་བདག་གིར་འཛིན་པ་མེད་པའི་ཚུལ་གྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་སོ་ཞེས་བརྗོད་པར་བྱའོ། །གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་པོ་དེ་དག་གིས་ཡང་དག་པར་སྐྱོན་ཆགས་པ་མེད་པའི་སེམས་དང་ལྡན་པ་དེ་དག་ནི་རིགས་བྲམ་ཟེ་མ་ཡིན་ཡང་དོན་དམ་

པར་བྲམ་ཟེ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །བྲམ་ཟེར་བྱེད་པའི་གནས་གསུམ་པོ་བདེན་པ་ལས་ཉེས་པ་གསུམ་དང་བྲལ་བ་དེ་དག་ནི་དེ་བཞིན་གཤེགས་པ་ཁོ་ནས་མངོན་པར་རྫོགས་པར་ཐུགས་སུ་ཆུད་དེ། །དེ་དག་ནི་མདོ་ལས་སེམས་ཅན་ཐམས་ཅད་བསད་པ་མ་ཡིན་པ་

ཞེས་བྱ་བ་དང་། འབྱུང་བའི་ཆོས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་དང་། བདག་ཀྱང་མེད་ལ་བདག་གི་ཡང་མེད་དེ། བདག་གི་ནི་ཅི་ཡང་མེད་གང་ཡང་མེད་གང་ན་ཡང་མེད་དོ། །བདག་ཀྱང་ཅི་ཡང་མེད་གང་ཡང་མེད་གང་ན་ཡང་

མེད་དོ་ཞེས་ཇི་སྐད་གསུངས་པའི་དོན་རྒྱ་ཆེར་བཤད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཕུང་པོ་རྣམས་ཀྱི་གནས་སྐབས་དུ་ཡོད་ཅེ་ན། སྨྲས་པ། མང་སྟེ་སེམས་དང་ལྡན་པ་མ་ཡིན་པ་འདི་ལྟ་སྟེ། འཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་རྒྱས་པར་

སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །འཐོབ་པ་གནས་སྐབས་གང་ལ་གདགས། འཐོབ་པ་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུའི་དབང་ཀུན་ཏུ་འབྱུང་བའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་དང་། ཀུན་ཏུ་སྤྱོད་པ་དང་

ལྡན་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་གནས་སྐབས་གང་ལ་གདགས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་ལ་རྣམ་

པ་དུ་ཡོད་ཅེ་ན། སྨྲས་པ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་མ་ཡིན་པའི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་མིང་འགོག་པའི་གནས་སྐབས་ལའོ། །དེ་ཡང་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལས་

เล่ม ๑๓๐ · หน้า 73a

ནི་དགེ་བ་ཡིན་ནོ། །གང་ཟག་ལས་ནི་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པ་ཡིན་ནོ། །སྐྱེ་བ་ལས་ནི་དང་པོ་འདིར་བསྐྱེད་ཅིང་དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་བསམ་གཏན་བཞི་པ་ལ་འབྲས་བུ་ལས་སོ་སོར་མྱོང་བར་འགྱུར་བ་ཡིན་ནོ། །འགོག་པའི་སྙོམས་པར་

འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་མིང་འགོག་པའི་གནས་སྐབས་ལའོ། །དེ་ཡང་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལས་ནི་དགེ་བ་ཉིད་ཡིན་ནོ། །གང་ཟག་ལས་ནི་འཕགས་པའི་རྒྱུད་དུ་

གཏོགས་ཏེ། སློབ་པའི་རྒྱུད་དམ་མི་སློབ་པའི་རྒྱུད་དུ་གཏོགས་པ་ཡིན་ནོ། །སྐྱེ་བ་ལས་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་མ་བཞག་ན་ནི་དང་པོར་འདིར་སྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །མངོན་དུ་བྱེད་པ་དེ་ནི་གཟུགས་ཀྱི་ལུས་ལ་རག་ལས་

པ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཞག་ན་ནི་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ། །འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་མིང་འགོག་པའི་གནས་སྐབས་ལའོ། །དེ་ཡང་རྣམ་

པ་གསུམ་སྟེ། ངོ་བོ་ཉིད་ལས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །གང་ཟག་ལས་ནི་སོ་སོའི་སྐྱེ་བོ་ཁོ་ན་དེར་སྐྱེའོ། །འཕགས་པ་ནི་མ་ཡིན་ནོ། །སྐྱེ་བ་ལས་ནི་དེ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པའི་སེམས་པའི་རྣམ་པར་སྨིན་པའི་འབྲས་བུ་

ཡིན་ཏེ། འདུ་ཤེས་སྐྱེས་ནས་སེམས་ཅན་དེ་དག་དེ་ནས་འཆི་འཕོ་བར་འགྱུར་བ་ཡིན་ནོ། །སྲོག་གི་དབང་པོ་གནས་སྐབས་གང་ལ་གདགས། དེ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་གནས་པའི་དུས་ངེས་པའི་གནས་སྐབས་ལའོ། །དེ་ཡང་རྣམ་

པ་གསུམ་སྟེ། ངེས་པ་དང་། མ་ངེས་པ་དང་། འདོད་པ་དང་། མི་འདོད་པ་དང་། ལོ་དང་བསྐལ་པའི་གྲངས་རྣམ་པར་གཞག་པ་ལས་སོ། །རིས་མཐུན་པ་གནས་སྐབས་གང་ལ་གདགས། དེ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སེམས་ཅན་འདྲ་བའི་གནས་སྐབས་ལའོ། །རྣམ་པ་

เล่ม ๑๓๐ · หน้า 73b

གསུམ་སྟེ། སྐྱེ་བ་རིགས་མཐུན་པ་དང་། རང་བཞིན་རིགས་མཐུན་པ་དང་། བཟོ་དང་ལས་ཀྱི་གནས་ཀྱིས་འཚོ་བའི་རིགས་མཐུན་པའོ། །སྐྱེ་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ད་ལྟར་བྱུང་བའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ་སྐད་ཅིག་

གི་སྐྱེ་བ་དང་། ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་། གནས་སྐབས་ཀྱི་སྐྱེ་བའོ། །རྒ་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སྔ་ཕྱིའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། གཞན་ཉིད་ཀྱི་དགའ་བ་དང་། གཞན་དུ་གྱུར་པའི་རྒ་བ་དང་། ཉེ་བར་སྤྱོད་པའི་

རྒ་བའོ། །གནས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སྐྱེས་པའི་གནས་སྐབས་ཉིད་ལའོ། །རྣམ་པ་གསུམ་སྟེ། སྐད་ཅིག་གནས་པ་དང་། རྒྱུན་གནས་པ་དང་། ལུགས་གནས་པའོ། །མི་རྟག་པ་ཉིད་གནས་སྐབས་གང་ལ་གདགས། རྣམ་པ་དུ་

ཡོད་ཅེ་ན། སྨྲས་པ། སྐྱེས་ནས་ཞིག་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འཇིག་པའི་མི་རྟག་པ་ཉིད་དང་། འགྱུར་བའི་མི་རྟག་པ་ཉིད་དང་། བྲལ་བའི་མི་རྟག་པ་ཉིད་དོ། །མིང་གི་ཚོགས་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། བརྡའི་

ཐ་སྙད་འདོགས་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། ཉེ་བར་འདོགས་པ་དང་། ཡང་དག་པའི་དངོས་པོ་དང་། གྲགས་པ་དང་། མ་གྲགས་པའོ། །མིང་གི་ཚོགས་ཇི་ལྟ་བ་བཞིན་དུ། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་

བྲག་ནི་འདི་ཡོད་དེ། བསྟན་པའི་ཚིག་དང་། བཤད་པའི་ཚིག་དང་། ཚིག་གིས་བསྡུས་པ་དང་། ཡི་གེས་བསྡུས་པའོ། །སོ་སོའི་སྐྱེ་བོ་ཉིད་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འཇིག་རྟེན་ལས་འདས་པ་འཕགས་པའི་ཆོས་མ་བསྐྱེད་པའི་

གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའོ། །འཇུག་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུའི་རྒྱུན་གྱི་གནས་སྐབས་ལའོ། རྣམ་པ་ནི་གསུམ་སྟེ།

เล่ม ๑๓๐ · หน้า 74a

སྐད་ཅིག་གཅིག་ནས་གཅིག་ཏུ་འཇུག་པ་དང་། སྐྱེ་བ་གཅིག་ནས་གཅིག་ཏུ་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཅིག་ནས་གཅིག་ཏུ་འཇུག་པའོ། །སོ་སོར་ངེས་པ་གནས་སྐབས་གང་ལ་གདགས་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ།

ཆོས་ཐ་དད་པའི་མཚན་ཉིད་ཀྱི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། མཚན་ཉིད་སོ་སོར་ངེས་པ་དང་། རྒྱུ་སོ་སོར་ངེས་པ་དང་། འབྲས་བུ་སོ་སོར་ངེས་པའོ། །སྦྱོར་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་མཐུན་པའི་གནས་

སྐབས་ལའོ། །རྣམ་པ་གསུམ་སྟེ། འདུས་པའི་སྦྱོར་བ་དང་། ཐབས་ཀྱི་སྦྱོར་བ་དང་། རིགས་པའི་ཚུལ་གྱིས་བྱ་བ་བྱེད་པའི་སྦྱོར་བའོ། །མགྱོགས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། མྱུར་དུ་འཇུག་པའི་གནས་སྐབས་ལའོ། །རྣམ་པ་

གསུམ་སྟེ། འདུ་བྱེད་ཀྱི་མགྱོགས་པ་དང་། སྐྱེས་བུའི་བྱེད་པའི་མགྱོགས་པ་དང་། རྫུ་འཕྲུལ་གྱི་མགྱོགས་པའོ། །གོ་རིམས་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདུ་བྱེད་རེ་རེ་ནས་འཇུག་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། སྐད་ཅིག་

འཇུག་པའི་གོ་རིམས་དང་། ལུས་འཇུག་པའི་གོ་རིམས་དང་། བྱ་བ་བསྒྲུབ་པ་འཇུག་པའི་གོ་རིམས་སོམོ། །དུས་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདུ་བྱེད་ཀྱི་རྒྱུན་རྒྱུན་མི་འཆད་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འདས་པ་དང་། མ་

འོངས་པ་དང་། ད་ལྟར་བྱུང་བའོ། །ཡུལ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། གཟུགས་ཡོངས་སུ་གཟུང་བའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འོག་གི་ཡུལ་དང་། སྟེང་གི་ཡུལ་དང་། ཐད་ཀའི་ཡུལ་ལོ། །གྲངས་གནས་སྐབས་གང་

ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཆོས་ཡོངས་སུ་གཞལ་བ་ཡང་དག་པར་མཚོན་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། གཅིག་གི་གྲངས་དང་། གཉིས་ཀྱི་གྲངས་དང་། མང་པོའི་གྲངས་སོ། །ཚོགས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་

เล่ม ๑๓๐ · หน้า 74b

ཡོད་ཅེ་ན། སྨྲས་པ། བྱ་བའི་ཡན་ལག་མ་ཚང་བ་མེད་པའི་གནས་སྐབས་ལའོ། །རྣམ་པ་གསུམ་སྟེ། འདུས་པའི་ཚོགས་པ་དང་། དོན་གཅིག་གི་ཚོགས་པ་དང་། ཡོངས་སུ་རྫོགས་པའི་ཚོགས་པའོ། །མ་ཚོགས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན།

སྨྲས་པ། མ་ཚོགས་པའི་གནས་སྐབས་དང་། རབ་ཏུ་དབྱེ་བ་ནི་ཚོགས་པ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་ཕུང་པོ་རྣམས་ལ་གཟུགས་ཅན་གྱི་མཚན་ཉིད་ནི་གང་། ཕུང་པོ་རྣམས་ལས་དུ་ཞིག་ནི་གཟུགས་ཅན་ཡིན་ཞེ་ན། དེ་ཉིད་ཀྱིས་དེ་བཤད་པར་བྱས་ནས་གཟུགས་

ཀྱི་ངོ་བོ་ཉིད་ཀྱི་དོན་གྱི་ཕུང་པོ་གཟུགས་ཅན་ནི་གཅིག་གོ། །བསྟན་པ་དུ་ཡོད་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། བསྟན་དུ་ཡོད་པའི་མིག་གི་སྤྱོད་ཡུལ་དུ་དོན་གྱིས་སོ། །གཅིག་གི་ཕྱོགས་གཅིག་གོ། །ཐོགས་པ་དང་བཅས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་

ཅེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ནི་ཕན་ཚུན་རེག་ཅིང་ཡུལ་གནོན་པའི་དོན་དང་། རགས་པའི་དོན་གྱིས་དེ་རགས་པའི་དོན་ནི་ཆ་ཕྲ་བ་རྣམ་པ་གསུམ་མ་གཏོགས་པ་ཡིན་པར་རིག་པར་བྱ་སྟེ། ཆ་ཕྲ་བ་རྣམ་པ་གསུམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གཅིག་གི་ཕྱོགས་གཅིག་

གོ། །ཟག་པ་དང་བཅས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གནས་ངན་ལེན་དང་རྗེས་སུ་འབྲེལ་པའི་དོན་དང་། དེའི་གཉེན་པོ་མ་ཡིན་པའི་ཉོན་མོངས་པས་སྐྱེད་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། །ཟག་པ་དང་བཅས་པའི་དོན་གཞན་ཡང་

གང་ལ་ཉོན་མོངས་པས་ཉེས་པ་རྣམ་པ་བཞི་སྐྱེད་པར་ནུས་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ནོ། །ཉེས་པ་རྣམ་པ་བཞི་གང་ཞེ་ན། སྨྲས་པ། རབ་ཏུ་མ་ཞི་བའི་ཉེས་པ་དང་། ནང་དང་ཕྱི་རོལ་འགྱུར་བའི་ཉེས་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉེས་པ་དང་། རྒྱུ་ཡོངས་སུ་འཛིན་

པའི་ཉེས་པའོ། །དེ་ལ་དང་པོ་ནི་ཀུན་ནས་དཀྲིས་པ་ཀུན་ཏུ་སྤྱོད་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ། །གཉིས་པ་ནི་ཉོན་མོངས་པའི་གཞི་ལས་ཉོན་མོངས་པ་རྗེས་སུ་སྤྱོད་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ། །གསུམ་པ་ནི་ཉོན་མོངས་པའི་རྒྱུ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ། །

เล่ม ๑๓๐ · หน้า 75a

བཞི་པ་ནི་ཡང་སྲིད་པ་འཕེན་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ། །འདུས་བྱས་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། རྒྱུ་ལས་བྱུང་བ་འབྱུང་བའི་སྐལ་བ་ཅན་གྱི་དོན་གྱིས་སོ། །འདུས་བྱས་ཐམས་ཅད་དོ། །ཉོན་མོངས་པ་དང་བཅས་པ་རྣམས་དོན་

གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གནོད་པ་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །ཟང་ཟིང་དང་བཅས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སྲེད་པ་དང་། ལྟ་བ་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ། །ཐམས་

ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །ཞེན་པ་ལ་བརྟེན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། འདོད་པའི་འདོད་ཆགས་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །འཇིག་རྟེན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སྤྲོས་

པའི་གནས་ཀྱི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །གཏོགས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། ཁམས་གསུམ་དུ་འཇིག་རྟེན་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །འདས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་

ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་སྤྱད་ཟིན་པའི་དོན་གྱིས་སོ། །ཐམས་ཅད་དོ། །མ་འོངས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་མ་སྤྱད་པའི་དོན་གྱིས་སོ། །ཐམས་ཅད་དོ། །ད་ལྟར་བྱུང་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། རྒྱུ་

སྤྱད་ཟིན་པའི་དོན་དང་འབྲས་བུ་མ་སྤྱད་པའི་དོན་གྱིས་སོ། །ཐམས་ཅད་དོ། །ནང་གི་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སྐྱེ་མཆེད་དྲུག་པོ་དག་དེ་དང་འབྲེལ་པའི་དོན་གྱིས་སོ། །གཅིག་ནི་ཕྱོགས་གཅིག་དང་བཞིའོ། །ཕྱི་རོལ་གྱི་དོན་རྣམས་གང་གིས་ཡིན།

དུ་ཡོད་ཅེ་ན། སྨྲས་པ། ནང་གི་ལས་བཟློག་པའི་དོན་གྱིས་སོ། །གཅིག་གི་ཕྱོགས་གཅིག་གོ། །རགས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། མི་གསལ་བ་དང་། བརྩམས་པ་དང་། མཚན་ཉིད་བརྟས་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་

เล่ม ๑๓๐ · หน้า 75b

གཅིག་ཁོ་ནའོ། །ཕྲ་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། རགས་པ་ལས་བཟློག་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །དམན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་

གཙང་བ་དང་། ཉོན་མོངས་པ་ཅན་གྱི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །བཟང་པོ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། དམན་པ་ལས་བཟློག་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །ཐག་རིང་པོ་རྣམས་དོན་གང་གིས་ཡིན།

དུ་ཡོད་ཅེ་ན། སྨྲས་པ། ཡུལ་དང་། འདས་པ་དང་མ་འོངས་པའི་དུས་ཀྱིས་བསྐལ་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །ཐག་ཉེ་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། ཐག་རིང་བ་ལས་བཟློག་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་

གཅིག་ཁོ་ནའོ། །འདོད་པ་དང་ལྡན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། འདིར་སྐྱེས་པ་གཉེན་པོ་མ་ཐོབ་པའམ། ཐོབ་པ་ལས་ལངས་པ་དུས་གསུམ་དུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །གཟུགས་དང་ལྡན་པ་རྣམས་དོན་

གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གཟུགས་ན་སྤྱོད་པའི་གཉེན་པོ་ཐོབ་པ་སྙོམས་པར་ཞུགས་པ་དང་། སྐྱེས་པ་གོང་མའི་གཉེན་པོ་མ་ཐོབ་པའམ། ཐོབ་པ་དེ་ལས་ལངས་པ་དུས་གསུམ་དུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །གཟུགས་

མེད་པ་དང་ལྡན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་གཉེན་པོ་ཐོབ་པ་དེ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པ་གོང་མའི་གཉེན་པོ་མ་ཐོབ་པའམ། ཐོབ་པ་དེ་ལས་ལངས་པ་དུས་གསུམ་དུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ། །ཐམས་

ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །རྣམ་གྲངས་གཞན་ཡང་འདོད་པ་དང་ལྡན་པ་རྣམས་ནི་ཤིན་ཏུ་སྦྱངས་པ་དང་བཅས་པའི་ཏིང་ངེ་འཛིན་དང་། དེའི་འཁོར་དང་དེའི་འབྲས་བུའི་ཆོས་ཀྱིས་མ་བསྡུས་པའི་དོན་གྱིས་སོ། །གཟུགས་དང་ལྡན་པ་རྣམས་ནི། གཟུགས་དང་འབྲེལ་བའི་ཉོན་

เล่ม ๑๓๐ · หน้า 76a

མོངས་པ་དང་། དེ་ལས་བཟློག་པས་བསྡུས་པའི་དོན་གྱིས་སོ། །གཟུགས་མེད་པ་དང་ལྡན་པ་རྣམས་ནི་གཟུགས་དང་མི་ལྡན་པའི་ཉོན་མོངས་པ་དེས་བསྡུས་པའི་དོན་གྱིས་རིག་པར་བྱའོ། །དགེ་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ།

ཕྱི་མ་ལ་བདེ་བའི་འབྲས་བུའི་དོན་དང་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བའི་གཉེན་པོའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །མི་དགེ་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། ཕྱི་མ་ལ་སྡུག་བསྔལ་བའི་འབྲས་བུའི་དོན་དང་ཉེས་པར་སྤྱོད་པ་ཀུན་

ནས་སློང་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །ལུང་དུ་མ་བསྟན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། དེ་གཉི་ག་ལས་བཟློག་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། །རྣམ་གྲངས་གཞན་ཡང་དགེ་བ་རྣམས་ནི་སྐྱོན་མེད་པའི་

དོན་དང་། སྐྱོན་དང་ཡོན་ཏན་གྱི་གཉེན་པོ་དང་། རྗེས་སུ་མཐུན་པའི་དོན་གྱིས་སོ། །མི་དགེ་བ་རྣམས་ནི་དེ་ལས་བཟློག་པའི་དོན་གྱིས་སོ། །ལུང་དུ་མ་བསྟན་པ་རྣམས་ནི་དེ་གཉི་ག་ལས་བཟློག་པའི་དོན་གྱིས་སོ། །སློབ་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སློབ་

པའི་སྦྱོར་བ་ལས་བྱུང་བའི་དགེ་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །མི་སློབ་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། བསླབ་པ་ཡོངས་སུ་རྫོགས་པ་ལ་མཁས་པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །སློབ་པ་ཡང་མ་

ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། དེ་ལས་གཞན་པ་དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །མཐོང་བས་སྤང་བར་བྱ་བ་རྣམས་དོན་གང་

གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། མངོན་པར་རྟོག་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པས་སྤང་བར་བྱ་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །བསྒོམས་པས་སྤང་བར་བྱ་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། མངོན་པར་རྟོགས་

เล่ม ๑๓๐ · หน้า 76b

པ་དེའི་གོང་མ་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། ཉོན་མོངས་པ་ཅན་ཐམས་ཅད་གཏན་སྤངས་པ་དང་། གཉེན་པོའི་དོན་དང་། སྤངས་ཟིན་

པའི་དོན་གྱིས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ། །གཟུགས་ཅན་མ་ཡིན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གཟུགས་ཅན་མ་ཡིན་པ་ལ་སོགས་པའི་དོན་ནི་གཟུགས་ཅན་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་ལས་བཟློག་པའི་དོན་གྱིས་བལྟ་བར་བྱ་སྟེ།

དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་གི་ཕུང་པོ་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གང་དག་ཡིན་ནོ། །ཕུང་པོའི་དོན་ནི་སྤུངས་པའི་དོན་ཏོ་ཞེས་གང་གསུངས་པ་དེ་ལ་སྤུངས་པའི་དོན་གང་ཡིན་ཞེ་ན། སྨྲས་པ། སྤུངས་པའི་དོན་ནི་བདག་ཉིད་སྣ་ཚོགས་མང་པོའི་དོན་དང་། དེ་བཞིན་དུ་ཕན་ཚུན་

འདྲེས་པའི་དངོས་པོས་འཇུག་པའི་དོན་དང་། དེ་བཞིན་དུ་གཅིག་ཏུ་མངོན་པར་བསྡུས་པའི་དོན་དང་། འཕེལ་བ་དང་འབྲི་པའི་དོན་ཏོ། །ཅིའི་ཕྱིར་གཟུགས་ལ་གཟུགས་ཞེས་བྱ་ཞེ་ན། སྨྲས་པ། ཡུལ་དེ་དང་དེར་སྐྱེ་བའི་དོན་དང་། གཟུགས་སུ་རུང་བའི་དོན་གྱིས་སོ། །གཟུགས་སུ་རུང་

བའི་དོན་ཀྱང་རྣམ་པ་གཉིས་ཏེ། ལག་པ་ལ་སོགས་པའི་འདུས་ཏེ་རེག་པས་གནོད་པ་བྱར་རུང་བའི་དོན་དང་ཡུལ་སྣ་ཚོགས་སུ་བྱེད་པའི་དོན་ཏོ། །ཅིའི་ཕྱིར་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ལ་མིང་འདི་ཞེས་བྱ་ཞེ་ན། སྨྲས་པ། དམིགས་པ་སྣ་ཚོགས་ལ་སེམས་ཉེ་བར་གཞོལ་

བའི་དོན་དང་། ཐ་སྙད་ལས་བྱུང་བའི་མིང་ལ་བརྟེན་ཏེ་དམིགས་པ་ལ་རྣམ་པར་རྟོག་པའི་དོན་གྱིས་སོ། །ཕུང་པོ་རྣམས་གང་གིས་བསྡུས། ཅིའི་ཕྱིར་བསྡུས་པ་རྣམ་པར་གཞག་ཅེ་ན། སྨྲས་པ། ངོ་བོ་ཉིད་ཀྱིས་བསྡུས་སོ། །རང་གི་རིགས་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་

ཕྱིར་དེ་རྣམ་པར་གཞག་གོ། །ཆོས་རྣམས་གང་དང་མཚུངས་པར་ལྡན། ཅིའི་ཕྱིར་མཚུངས་པར་ལྡན་པ་རྣམ་པར་གཞག་ཅེ་ན། སྨྲས་པ། གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་ནོ། །སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་

เล่ม ๑๓๐ · หน้า 77a

རྣམས་འཕེལ་བ་དང་འབྲི་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་ཡང་རྣམ་པར་གཞག་གོ། །དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལ་སེམས་ཙམ་ཞིག་རྫས་སུ་འདོད་ལ་སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་དག་ཀྱང་མི་འཐད་དོ། །དེ་ཅིའི་

ཕྱིར་ཞེ་ན། དང་པོ་ཁོ་ནར་ཕུང་པོ་རྣམས་ལྔ་ཁོ་ནར་བསྟན་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་གནས་སྐབས་ཀྱི་བྱེ་བྲག་ལས་ལྔ་ཁོ་ནར་ཡོངས་སུ་རྟོག་ན་ནི་དེའི་གནས་སྐབས་ཀྱི་བྱེ་བྲག་ཏུ་རྟོག་པ་ཡང་སྐྱོན་ཆགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནས་སྐབས་དེ་དག་གི་ཕན་

ཚུན་བྱ་བ་བྱེད་ནུས་པའི་བྱེ་བྲག་ཡོད་པའམ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། ཡོད་ན་ནི་མཚན་ཉིད་མི་འདྲ་བའི་ཕྱིར་རྫས་གཞན་ཉིད་དུ་ཡོད་པར་ཐལ་བར་འགྱུར་རོ། །དེ་མེད་ན་ནི་གནས་སྐབས་གཞན་ཡོད་པར་རྟོག་པ་དོན་མེད་པར་འགྱུར་རོ། །རྣམ་པར་ཤེས་པའི་

ཚོགས་དྲུག་གི་གནས་སྐབས་ཐ་དད་པ་ལྟ་བུར་ཡང་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །གནས་སྐབས་དེ་དག་གི་ནི་གཅིག་ལ་དམིགས་པའི་ཕྱིར་མི་རུང་ངོ་། །ཡོངས་སུ་ཤེས་པར་གྱུར་པ་ལས་ཀྱང་

མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཅན་ལ་ནི་ཡོངས་སུ་འགྱུར་བ་དང་ལྡན་པས་གནས་སྐབས་ཐ་དད་པ་དག་རུང་གི་གཟུགས་ཅན་མ་ཡིན་པ་ལ་ནི་མི་རུང་སྟེ། འོ་མ་དང་ཞོ་དང་མར་སར་ལ་སོགས་པ་དང་འདྲ་བའི་ཕྱིར་རོ། །བྱེད་རྒྱུ་ཁྱད་པར་མེད་པའི་ཕྱིར་སེམས་ཀྱི་གནས་སྐབས་གཞན་

དུ་འགྱུར་བ་ནི་མི་རུང་ངོ་། །སྐད་ཅིག་གཅིག་ལ་གང་གིས་གནས་སྐབས་གཞན་ལ་སྟོན་པར་འགྱུར་བའི་བྱེད་རྒྱུ་ཁྱད་པར་ཅན་གཞན་ནི་མི་དམིགས་ཏེ། དེ་ལྟ་བས་ན་གནས་སྐབས་ཀྱི་བྱེ་བྲག་ཀྱང་མི་རུང་ངོ་། །སེམས་ཙམ་ཞིག་རྫས་སུ་ཡོད་པ་ནི་ལུང་དང་འགལ་བས་ཀྱང་མི་རུང་སྟེ།

ལུང་དང་འགལ་བ་གང་ཞེ་ན། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། ཞེ་སྡང་དང་། གཏི་མུག་གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ་བར་མི་འགྱུར་རོ་ཞེས་ཇི་སྐད་གསུངས་པའོ། །དེ་ལ་འགལ་བ་ཅི་ཡོད་ཅེ་ན། སྨྲས་པ། སེམས་ཙམ་སྟེ་

เล่ม ๑๓๐ · หน้า 77b

གཉིས་ཅིག་ཅར་དུ་འབྱུང་བ་མེད་པ་ཡིན་ན་འདོད་ཆགས་ལ་སོགས་པ་རྣམ་པར་རིག་པ་ལ་མི་བརྟེན་པར་ཐལ་བར་འགྱུར་བས་མི་རུང་བའོ། །རྣམ་པར་རིག་པ་སྔོན་དུ་འགྲོ་བ་ཉིད་དུ་རྟོག་ནའང་དེ་ལྟ་ན་ཉེས་པ་ཁྱད་པར་མེད་པ་ཁོ་ནར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་ཚོར་

བ་དང་འདུ་ཤེས་དང་སེམས་པ་ཞེས་གང་གསུངས་པ་དང་། ཆོས་འདི་དག་ནི་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་པས་ཆོས་འདི་དག་སོ་སོར་ཕྱེ་ཞིང་སོ་སོར་ཕྱེ་ན་བྱེ་བྲག་གམ་བསམ་པའམ། ཐ་དད་དུ་བྱ་བ་བརྗོད་པ་མི་དམིགས་སོ་ཞེས་གང་གསུངས་པ་དང་། འདྲེས་པའི་དོན་དེ་ཉིད་རབ་ཏུ་གྲུབ་

པར་བྱ་བའི་ཕྱིར་མར་མེའི་འོད་ཀྱི་དཔེ་མཛད་པས་ན། དེའི་ཕྱིར་ལྷན་ཅིག་སྐྱེས་པ་མེད་ན་འདྲེས་པའི་སྒྲ་ཡང་མི་རུང་ངོ་། །སྐྱེས་བུ་འདི་ནི་ཁམས་དྲུག་དང་ལྡན་པའོ་ཞེས་གསུངས་པའི་ལུང་གང་ཡིན་པ་དེ་ཡང་དགོངས་ཏེ་གསུངས་པ་ཡིན་པས་ཉེས་པ་མེད་དོ། །དེ་ལ་དགོངས་པ་གང་ཞེ་ན།

སྨྲས་པ། དགོངས་པ་ནི་གཟུགས་དང་ཡོངས་སུ་གཡོ་བ་དང་། སེམས་ལས་བྱུང་བ་རྣམས་ཀྱི་གནས་གཙོ་ཆེར་བསྟན་པ་ཡིན་པར་བལྟ་བར་བྱའོ། །དེ་དག་འགལ་བས་གཉེན་པོའི་ལུང་ཡང་དམིགས་པའི་ཕྱིར་ཏེ། དེ་ལ་གཉེན་པོའི་ལུང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འོ་མ་དང་

ཞོ་དང་། མར་སར་གྱི་དཔེས་ཁ་ཅིག་དུ་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་བདག་རགས་པ་དང་ཁ་ཅིག་ཏུ་ནི་གཟུགས་ཅན་ཡིད་ལས་བྱུང་བ་དང་ཁ་ཅིག་ཏུ་གཟུགས་ཅན་མ་ཡིན་པ་འདུ་ཤེས་ཀྱི་རང་བཞིན་ཡིན་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་ན་ཅི་འབྱུང་བ་ཆེན་པོ་ཙམ་ཞིག་ཏུ་འགྱུར་

རམ་འོན་ཏེ་སེམས་ཙམ་མམ་འོན་ཏེ་འདུ་ཤེས་ཙམ་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་དག་དང་དེ་ལྟ་བུའི་རྣམ་པ་དག་བསྟན་པ་ནི་དགོངས་པ་ཅན་ཡིན་པར་བལྟ་བར་བྱའོ། །དེ་ལྟ་བས་ན་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་མིང་གིས་བསྡུས་པ་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་དེ་དག་ནི་ཕན་

ཚུན་མཚུངས་པར་ལྡན་པར་རབ་ཏུ་གྲུབ་པ་ཡིན་ནོ། །བར་སྡོམ་ནི། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཕུང་པོའི་དངོས་པོ་ལ་མཁས་པ་རྫོགས་སོ།། །།བམ་པོ་དགུ་པ། མིག་གི་

เล่ม ๑๓๐ · หน้า 78a

ཁམས་གང་ཞེ་ན། སྨྲས་པ། མིག་ལྔ་སྤངས་པའམ། སྤངས་པ་སྲོག་གི་དབང་པོས་ཡོངས་སུ་ཟིན་པ་གང་ཡིན་པའོ། །མིག་གི་ཁམས་ཇི་ལྟ་བ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གི་བར་དུ་ཡང་དེ་བཞིན་ནོ། །

གཟུགས་ཀྱི་ཁམས་གང་ཞེ་ན། དབང་པོའི་དབང་གིས་བྱུང་བའི་གཟུགས་གང་ཡིན་པ་དེ་ལ་དེའི་དབང་གིས་གཟུགས་ཀྱི་ཁམས་ཞེས་བྱའོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ་རེག་བྱའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ། །བཅོ་བརྒྱད་པོ་དེ་དག་ལས་དུ་ནི་རྫས་སུ་ཡོད་པ་

ཡིན། དུ་ནི་བཏགས་པའི་ཡོད་པ་ཡིན་ཞེ་ན། སྨྲས་པ། རྫས་སུ་ཡོད་པ་ནི་བཅུ་བདུན་ནམ་བཅུ་གཉིས་ཏེ། ཀུན་རྫོབ་རྣམ་པར་གཞག་པའི་ཚུལ་གྱིས་དྲུག་གཅིག་ཏུ་བྱས་ནས་སམ། གཅིག་དྲུག་ཏུ་བྱས་ནས་སོ། །མིག་གང་ཡིན་པ་མིག་གི་ཁམས་ཀྱང་དེ་ཡིན་ལ། མིག་གི་

ཁམས་གང་ཡིན་པ་མིག་ཀྱང་དེ་ཡིན་ནམ་ཞེ་ན། སྨྲས་པ། མུ་བཞི་ཡོད་དེ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ནི་དགྲ་བཅོམ་པ་ཐ་མའི་མིག་གང་ཡིན་པ་སྟེ་མུ་དང་པོའོ། །མིག་གི་ཁམས་ཡིན་ལ་མིག་མ་ཡིན་པའི་གཟུགས་ཅན་གྱི་ཁམས་སུ་སྐྱེས་པའི་མིག་མ་སྐྱེས་པ་དང་། མིག་

རབ་ཏུ་ཉམས་པ་དང་། མིག་མ་ཐོབ་པ་དང་། མིག་འགགས་མ་ཐག་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་སྟེ་མུ་གཉིས་པའོ། །མིག་ཀྱང་ཡིན་ལ་མིག་གི་ཁམས་ཀྱང་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ་མུ་གསུམ་པའོ། །མིག་ཀྱང་མ་ཡིན་ལ་མིག་

གི་ཁམས་ཀྱང་མ་ཡིན་པ་ནི་དགྲ་བཅོམ་པ་མིག་རབ་ཏུ་ཉམས་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེས་པ་མིག་མ་བསྐྱེད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་སྟེ་མུ་བཞི་པའོ། །མིག་ཇི་ལྟ་བ་བཞིན་དུ་ནང་གི་ཁམས་ཐམས་

ཅད་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །ལུས་ཀྱི་ཁམས་ལ་ནི་རྣམ་པར་བརྟགས་དགོས་ཏེ། དང་པོ་ནས་ལུས་མ་སྐྱེས་པ་ཞེས་ཅི་རིགས་པར་བརྗོད་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་གྱི་ཁམས་བཞི་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །སྒྲའི་ཁམས་ནི་གང་གི་ཚེ་སྒྲ་ཕྱུང་བ་དེའི་

เล่ม ๑๓๐ · หน้า 78b

ཚེ་ནི་གཉི་ག་ཡིན་པར་བརྗོད་པར་བྱའོ། །གང་གི་ཚེ་སྒྲ་མ་ཕྱུང་བ་དེའི་ཚེ་ནི་དེ་ལས་གཞན་པའི་ཁམས་ཀྱི་ཚོགས་བཞིན་དུ་ཁམས་འབའ་ཞིག་ཡོད་ཀྱི་སྒྲ་ནི་མེད་པར་བརྗོད་པར་བྱའོ། །བཅོ་བརྒྱད་པོ་དེ་དག་ལས་དུ་ནི་མཚུངས་པ་ཡིན། དུ་ནི་དེ་དག་དང་མཚུངས་པ་ཡིན་ཞེ་ན། སྨྲས་པ།

མིག་གི་ཁམས་རྣམ་པར་ཤེས་པ་དང་བཅས་པ་ནི་མཚུངས་པ་ཡིན་ནོ། །དེ་ལས་གཞན་པ་ནི་དེ་དག་དང་མཚུངས་པ་ཡིན་ནོ། །མིག་གི་ཁམས་ལ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ། །མཚུངས་པ་དེ་དག་དང་མཚུངས་པ་ནི་དབང་པོས་ཟིན་པའི་ནང་གི་ཁམས་རྣམས་

ལ་བསམས་པ་ཡིན་གྱི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དག་ལ་ནི་མེད་དོ། །ཆོས་ཀྱི་ཁམས་ནི་དམིགས་པ་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཁམས་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་དང་འདྲའོ། །ཁམས་རྣམས་ལས་དུ་

ནི་ཕྲད་ནས་འཛིན་པ་དག་ཡིན། དུ་ནི་མ་ཕྲད་པར་འཛིན་པ་དག་ཡིན་ཞེ་ན། སྨྲས་པ། དྲུག་ནི་ཕྲད་ནས་འཛིན་པ་ཡིན་ནོ། །བཞི་ནི་མ་ཕྲད་པར་འཛིན་པ་ཡིན་ནོ། །ལྔ་ནི་འཛིན་པ་མ་ཡིན་ནོ། །གཅིག་གི་ཕྱོགས་གཅིག་དང་ཁམས་གཅིག་ནི་ཕྲད་པ་དང་། མ་ཕྲད་པར་འཛིན་པ་

ཡིན་ནོ། །དུ་ནི་གཟུང་བ་ཁོ་ན་ཡིན་ལ་འཛིན་པ་མ་ཡིན། དུ་ནི་གཟུང་བ་དང་འཛིན་པ་ཡིན་ཞེ་ན། སྨྲས་པ། གཟུང་བ་ནི་ཐམས་ཅད་དོ། །ལྔ་དང་། གཅིག་གི་ཕྱོགས་ནི་གཟུང་བ་ཁོ་ནའོ། །བཅུ་གཉིས་དང་གཅིག་གི་ཕྱོགས་ནི་འཛིན་པའང་ཡིན་ནོ། །དུ་ནི་གྲོགས་པོ་དང་བཅས་པས་

འཛིན་པ་ཡིན། དུ་ནི་གྲོགས་པོ་མེད་པར་འཛིན་པ་ཡིན་ཞེ་ན། སྨྲས་པ། བཅུ་དང་གཅིག་གི་ཕྱོགས་ནི་གྲོགས་དང་བཅས་པས་འཛིན་པ་ཡིན་ནོ། །གཅིག་དང་གཅིག་གི་ཕྱོགས་ནི་གྲོགས་མེད་པར་འཛིན་པ་ཡིན་ནོ། །དུ་ཞིག་འདོད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། བཞིའོ། །

དུ་ཞིག་གཟུགས་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། འགའ་ཡང་མ་ཡིན་ནོ། །དུ་ཞིག་གཟུགས་མེད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། འགའ་ཡང་མ་ཡིན་ནོ། །འདོད་པ་དང་ལྡན་པ་ལས་དུ་ཞིག་གཟུགས་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། བཅུ་གཅིག་གོ། །

เล่ม ๑๓๐ · หน้า 79a

གཟུགས་དང་ལྡན་པ་ལས་དུ་ཞིག་གཟུགས་མེད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། འགའ་ཡང་མ་ཡིན་ནོ། །དུ་ཞིག་ཁམས་གསུམ་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། གསུམ་མོ། །དུ་ཞིག་ཟིན་པ་ཡིན། དུ་ཞིག་ཟིན་པ་དང་མ་ཟིན་པ་ཡིན། དུ་ཞིག་

མ་ཟིན་པ་ཡིན་ཞེ་ན། སྨྲས་པ། ལྔ་ནི་ཟིན་པ་ཡིན་ནོ། །ལྔ་ནི་ཟིན་པ་དང་མ་ཟིན་པ་ཡིན་ནོ། །ལྷག་མ་རྣམས་ནི་མ་ཟིན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་གང་དེ་དག་འཛིན་པར་འགྱུར་བའི་འཛིན་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །ཁམས་སྣ་ཚོགས་པ་ཉིད་གང་

ཞེ་ན། ཁམས་བཅོ་བརྒྱད་པོ་དག་ཕན་ཚུན་མཚན་ཉིད་ཐ་དད་པ་ཉིད་གང་ཡིན་པའོ། །ཁམས་དུ་མ་པ་ཉིད་གང་ཞེ་ན། དེ་དག་ཉིད་སེམས་ཅན་སྣ་ཚོགས་དཔག་ཏུ་མེད་པའི་རབ་ཏུ་དབྱེ་བས་གནས་པའོ། །ཁམས་ཚད་མེད་པ་ཉིད་གང་ཞེ་ན། དེ་གཉི་ག་གཅིག་ཏུ་བསྡུས་པ་ལ་ཁམས་ཚད་མེད་

པ་ཉིད་ཅེས་བྱ་སྟེ། དབང་པོའི་ཚོགས་ཀྱི་དཔེས་ང་ནི་ཁམས་རྣམས་ཀྱི་ཁམས་ཀྱི་དཔེ་མཐའ་ཡོད་པར་མི་སྨྲའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བར་སྡོམ་ནི། རྫས་སུ་ཡོད་པ་གང་ཡིན་དང་། །མུ་བཞི་དང་ནི་མཚུངས་པ་དང་། །འཛིན་དང་ཁམས་དང་ཟིན་པ་དང་། །སྣ་ཚོགས་པ་དང་དུ་

མ་ཉིད། །ཁམས་ཀྱི་དོན་གང་ཞེ་ན། སྨྲས་པ། ཁམས་ཀྱི་དོན་ནི་རྒྱུའི་དོན་དང་ས་བོན་གྱི་དོན་དང་རང་བཞིན་གྱི་དོན་དང་རིགས་ཀྱི་དོན་དང་ཆ་ཕྲ་བའི་དོན་དང་གཞིའི་དོན་ཏོ། །ཅིའི་ཕྱིར་ན་མྱ་ངན་ལས་འདས་པའི་དབྱིངས་དང་ནམ་མཁའི་ཁམས་ལ་ཁམས་ཞེས་བྱ་ཞེ་ན། སྨྲས་པ། སྡུག་

བསྔལ་མི་སྐྱེ་བའི་གཞིའི་དོན་དང་ལུས་དང་མིག་ལ་སོགས་པ་ཡོངས་སུ་གཡོ་བའི་གཞིའི་དོན་གྱིས་སོ། །ཅི་ཞིག་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་ཁམས་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུའི་རྐྱེན་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་དང་། དབང་པོ་དང་ཡུལ་དང་ཉེ་བར་སྤྱོད་པ་ཡོངས་

སུ་བསྟན་པར་བྱ་བའི་ཕྱིར་རོ། །ཁམས་བཅོ་བརྒྱད་པོ་འདི་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། རེ་ཞིག་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱའོ། །ཆོས་ཀྱི་ཁམས་ནི་འདི་ལྟ་སྟེ། མིག་ལ་སོགས་པ་དག་གི་མིག་ལ་སོགས་པའི་ཆོས་རྣམས་སོ། །དག་པའི་ཁམས་ནི་འདི་

เล่ม ๑๓๐ · หน้า 79b

ལྟ་སྟེ། གང་ཟག་རིགས་ལ་གནས་པ་རྣམས་ཀྱི་ཁམས་གང་དག་ཡིན་པའོ། །རང་བཞིན་གྱི་ཁམས་ནི་འདི་ལྟ་སྟེ། ཁམས་བཅོ་བརྒྱད་པོ་ཇི་སྐད་བསྟན་པ་དེ་དག་ཉིད་ཐོག་མ་མེད་པའི་དུས་ནས་སྐྱེ་བ་ཕྱི་མ་ཕྱི་མ་དག་ཏུ་རབ་ཏུ་གྲུབ་པ་གང་ཡིན་པ་དང་། གང་ཟག་རིགས་ལ་གནས་པ་དང་།

རིགས་ལ་གནས་པ་མ་ཡིན་པ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཉིད་དུ་རབ་ཏུ་གྲུབ་པ་གང་ཡིན་པའོ། །ཡོངས་སུ་བསྒོམས་པའི་ཁམས་ནི་འདི་ལྟ་སྟེ། སྔོན་དགེ་བ་དང་མི་དགེ་བ་ཡོངས་སུ་བསྒོམས་པ་དེ་དག་

ཉིད་འཁོར་བར་སྐྱེ་བ་དང་། འབྲི་བ་དང་། བྱེ་བྲག་དང་། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཉིད་གང་ཡིན་པའོ། །འབྲས་བུ་བསྐྱེད་པའི་ཁམས་ནི་འདི་ལྟ་སྟེ། དེ་དག་ཉིད་འབྲས་བུ་བསྐྱེད་ནས་འགགས་པ་གང་ཡིན་པའོ། །འབྲས་བུ་མ་བསྐྱེད་པའི་ཁམས་ནི་འདི་ལྟ་སྟེ། དེ་དག་ཉིད་

འབྲས་བུ་མ་བསྐྱེད་པ་འགགས་པའམ་མ་འགགས་པ་གང་ཡིན་པ་སྟེ། དེ་ལྟར་ན་དེ་ནི་མདོར་བསྟན་པ་ལས་ཁམས་དྲུག་ཡིན་གྱི་རྒྱས་པར་བསྟན་པ་ནི་ཚད་མེད་དོ། །ཁམས་བཅོ་བརྒྱད་པོ་དེ་དག་ལས་དུ་ནི་གཟུགས་ཅན་དག་ཡིན་དུ་ནི་གཟུགས་ཅན་མ་ཡིན་པ་དག་ཡིན་པ་ནས། དུ་ནི་སྤང་

བར་བྱ་བ་མ་ཡིན་པ་དག་གི་བར་དུ་ཡིན་ཞེ་ན། རྒྱ་ཆེར་ཇི་སྐད་བསྟན་པའི་མཚན་ཉིད་ཀྱི་རྗེས་སུ་ཞུགས་ལ་སྦྱར་བར་བྱའོ། །མིག་གིས་གཟུགས་རྣམས་མཐོང་བ་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཇི་སྐད་གསུང་པ་དེ་ལ། ཅི་མིག་ལ་སོགས་པས་མཐོང་བ་ནས་

རྣམ་པར་ཤེས་པའི་བར་དུ་ཡིན་ནམ། འོན་ཏེ་དེ་དག་གི་རྣམ་པར་ཤེས་པ་དག་གིས་མཐོང་པ་ནས་རྣམ་པར་ཤེས་པའི་བར་དུ་ཡིན་ཞེ་ན། སྨྲས་པ། དོན་དམ་པར་ནི་མིག་ལ་སོགས་པས་ཀྱང་མ་ཡིན་ལ་དེ་དག་གི་རྣམ་པར་ཤེས་པ་དག་གིས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་

རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དང་། སྐད་ཅིག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་རོ། །བརྡའི་ཚུལ་དུ་ནི་གཙོ་བོ་ཡིན་པའི་ཕྱིར་མིག་ལ་སོགས་པ་ལ་མཐོང་བ་པོ་ལ་སོགས་པ་ཉེ་བར་གདགས་པས་ཆེས་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་དབང་པོ་རྣམས་

เล่ม ๑๓๐ · หน้า 80a

ཡོད་ན་ནི་རྣམ་པར་ཤེས་པ་འབྱུང་བ་མ་ཚང་བ་མེད་པར་ངེས་ཀྱི། རྣམ་པར་ཤེས་པའི་རྒྱུན་ནི་ཡོད་དུ་ཟིན་ཀྱང་མིག་ལ་སོགས་པ་དབང་པོ་རྣམས་ཚང་བའམ་མ་ཚང་བར་དམིགས་པའི་ཕྱིར་རོ། །ལྟ་བ་ལ་སོགས་པ་ཙམ་ལ་མཐོང་བ་ལ་སོགས་པ་ཉེ་བར་གདགས་པ་གང་ཡིན་

པ་དེ་ནི་དོན་དམ་པ་ཡིན་ནོ། །ཁམས་བཅོ་བརྒྱད་པོ་དེ་དག་གི་གོ་རིམས་བསྟན་པའི་རྒྱུ་དག་གང་ཞེ་ན། སྨྲས་པ། དེ་དག་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ། གསུམ་གྱི་གོ་རིམས་ཀྱི་རྒྱུ་དང་། དྲུག་གི་གོ་རིམས་ཀྱི་རྒྱུའོ། །དེ་ལ་གསུམ་གྱི་གོ་རིམས་ཀྱི་

རྒྱུ་གང་ཞེ་ན། སྨྲས་པ། གནས་དང་ཡུལ་དང་དེ་གཉི་ག་ལ་བརྟེན་པའི་བྱེ་བྲག་ལས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་དབང་པོ་ལ་ཕྱོགས་གཅིག་གི་དོན་གྱིས་བརྟེན་པ་དང་། ཡུལ་ལ་ནི། དམིགས་པའི་དོན་གྱིས་བརྟེན་ཏོ། །དྲུག་གི་གོ་རིམས་ཀྱི་རྒྱུ་གང་ཞེ་ན། སྨྲས་པ། མིག་ལ་སོགས་

པ་ནི་སྤྱོད་ཡུལ་ཆེས་ཕལ་ཆེ་བ་དང་སྣ་ཚོགས་པ་དང་ཡང་དང་ཡང་འབྱུང་བའི་ཕྱིར་དང་པོར་བསྟན་ཏེ་དེ་ནི་རྒྱུ་དང་པོ་ཡིན་ནོ། །ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པ་ལས་ཏེ། འདི་ལྟར་འཇིག་རྟེན་པ་རྣམས་ནི་དང་པོར་གཅིག་ལ་གཅིག་ལྟ་བར་བྱེད་དོ། །དེའི་འོག་ཏུ་ཀུན་ཏུ་སྨྲ་བར་བྱེད་དོ། །

དེའི་འོག་ཏུ་འདུས་ཤིང་ཟ་བ་དང་ལྷག་པར་ཟ་བར་བྱེད་དོ། །དེའི་འོག་ཏུ་ཉི་མ་ནུབ་ཅིང་ནམ་སྲོས་པ་ན་མལ་ཤོམ་ཞིང་མལ་སྟན་དང་བཅས། ཤིང་བལ་དང་སྔས་ནང་ཚངས་ཅན་དང་བུད་མེད་ཀྱི་རེག་པ་ལ་རྟེན་པར་བྱེད་དེ་དེ་ནི་རྒྱུ་གཉིས་པ་ཡིན་ནོ། །ཡང་དགའ་བའི་བྱེ་བྲག་གི་གནས་ལས་ཏེ་དེ་

ནི་རྒྱུ་གསུམ་པ་ཡིན་ནོ། །ཡང་མཛེས་པའི་བྱེ་བྲག་ཡོངས་སུ་འཛིན་པ་ལས་ཏེ་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་སྨིན་ཚུགས་དང་། མིག་སྨན་ལ་སོགས་པས་མཛེས་པར་བྱས་པས་ནི་མིག་གོ། །རྣ་ཆ་དང་རྣ་རྒྱན་ལ་སོགས་པས་མཛེས་པར་བྱས་པ་ནི་རྣ་བ་ཡིན་གྱི་གཞན་ནི་དེ་ལྟ་མ་ཡིན་

ཏེ་དེ་ནི་རྒྱུ་བཞི་པ་ཡིན་ནོ། །ཡང་བྱ་བ་དང་ཟས་དང་འཁྲིག་པའི་དབང་ལས་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་དག་གིས་ཐམས་ཅད་ལ་རྩོལ་བ་བྱེད། ཡོངས་སུ་ཚོལ་བར་བྱེད་དོ། །དེའི་འོག་ཏུ་ཁམ་གྱི་ཟས་དག་ཟ་བར་བྱེད་དོ། །ཚིམ་ཞིང་

เล่ม ๑๓๐ · หน้า 80b

རྒྱགས་པ་དག་འཁྲིག་པ་སྟེན་པར་བྱེད་དེ་དེ་ནི་རྒྱུ་ལྔ་པ་ཡིན་ནོ། །ཡང་ལས་དང་བྱ་བའི་བྱེ་བྲག་ཡོངས་སུ་འཛིན་པ་ལས་ཏེ་དེ་ལྟར་མིག་གིས་གཟུགས་སྣ་ཚོགས་དག་མཐོང་ནས་འགྲོའོ། །འགྲོ་བ་ན་འཁྲུལ་པ་མེད་པ་དང་སྤྱོད་ལམ་མ་འཁྲུལ་པ་དག་འཕྱ་བར་བྱེད་དོ། །དགྲ་བོ་དང་

མཛའ་བཤེས་དང་ཐ་མལ་པ་སྔོན་མཐོང་བ་དང་མ་མཐོང་བ་གཞན་དག་གིས་ངོ་ཤེས་པར་ཡང་བྱེད་དོ། །ཡུལ་གྱི་ངོ་ཤེས་པར་བྱེད་ཅིང་གཞན་དག་ལ་སྟོན་པར་ཡང་བྱེད་དོ། །མིང་དང་ཐ་སྙད་འདོགས་པར་ཡང་བྱེད་དོ། །བྲོ་གར་དང་ཟློས་གར་དང་བཞད་གད་ལ་སོགས་པ་སྣ་ཚོགས་

མང་པོ་དག་གིས་དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ། །ལུས་ཀྱང་བརྟས་བར་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་རྣམ་པ་དུ་མ་ནི་མིག་གི་ཁམས་ཀྱི་ལས་ཡིན་ནོ། །རྣ་བ་ནི་སྒྲ་སྣ་ཚོགས་དག་ཉན་པར་བྱེད་དོ། །ལེགས་པར་གསུངས་པ་དང་ཉེས་པར་བཤད་པའི་དོན་ཀྱང་ཤེས་པར་

ཡང་བྱེད་དོ། །མངོན་པར་བརྗོད་པས་ཐ་སྙད་འདོགས་པར་ཡང་བྱེད་དོ། །རོལ་མོའི་སྒྲས་དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ། །ལུས་ཀྱང་བརྟས་པར་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་རྣ་བའི་ཁམས་ཀྱི་ལས་རབ་ཏུ་སླ་བ་ཡིན་ནོ། །སྣས་ནི་དྲི་སྣ་ཚོགས་དག་སྣོམ་པར་བྱེད་

དོ། །དྲིས་བྲོ་བར་ཡང་བྱེད་དོ། །དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ། །ལུས་བརྟས་པར་ཡང་བྱེད་དོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་སྣའི་ཁམས་ཀྱི་ལས་རབ་ཏུ་སླ་བ་ཡིན་པར་རིག་པར་བྱའོ། །ལྕེའི་ཁམས་ཀྱིས་ནི་རོ་སྣ་ཚོགས་དག་མྱོང་བར་བྱེད་དོ། །དགའ་བ་སོ་སོར་མྱོང་

བར་ཡང་བྱེད་དོ། །ལུས་ཀྱང་བརྟས་པར་ཡང་བྱེད་དོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ལྕེའི་ཁམས་ཀྱི་ལས་རབ་ཏུ་སླ་བ་ཡིན་ནོ། །ལུས་ཀྱི་ཁམས་ཀྱིས་ནི་རེག་བྱ་སྣ་ཚོགས་དག་རེག་པར་བྱེད་དོ། །དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ། །དེ་དང་དེས་ལུས་བརྟས་པར་ཡང་བྱེད་

ལ་ལན་འགའ་ནི་དགའ་བའི་དངོས་པོ་དེ་དག་ཉིད་ཉམས་པར་ཡང་བྱེད་དོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ལུས་ཀྱི་ཁམས་ཀྱི་ལས་རབ་ཏུ་སླ་བ་ཡིན་ཏེ། དེ་ནི་གོ་རིམས་བསྟན་པའི་རྒྱུ་དྲུག་པ་ཡིན་ནོ། །ཡིད་ནི་མིག་ལ་སོགས་པ་དྲུག་པོ་དེ་དག་གི་རྣམ་གྲངས་ཐམས་ཅད་དང་ཐམས་ཅད་དུ་

เล่ม ๑๓๐ · หน้า 81a

འགྲོ་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བསྟན་པར་རིག་པར་བྱའོ། །གོ་རིམས་ཀྱི་རྒྱུ་དེ་དག་གི་བར་སྡོམ་ནི། ཕལ་ཆེ་བ་དང་ཐ་སྙད་དང་། །དགའ་དང་མཛེས་དང་བྱ་བ་གཉིས། །ཁམས་བཅོ་བརྒྱད་པོ་དེ་དག་གིས། དེ་ལས་གཞན་པ་མདོ་སྡེ་ལས་གསུངས་

པ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཅིའི་ཕྱིར་གཟུགས་ན་སྤྱོད་པ་ཡུལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ལ་སྣའི་ཁམས་དང་ལྕེའི་ཁམས་འབྱུང་བར་འགྱུར་ཞེ་ན། སྨྲས་པ། ལུས་མཛེས་པར་བྱ་བའི་ཕྱིར་དང་དེ་གཉིས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་བསམ་

གཏན་གཉིས་པ་དང་དེའི་གོང་མར་སྐྱེས་པ། གལ་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་མངོན་དུ་བྱེད་ན་ནི་ཇི་ལྟར་ན་ས་དེ་རྟོག་པ་མེད་ཅིང་དཔྱོད་པ་མེད་པར་འགྱུར། གལ་ཏེ་མངོན་དུ་མི་བྱེད་ན་ནི་ཇི་ལྟར་ན་དབང་པོ་གཟུགས་ཅན་དེས་དེའི་ས་པའི་

ཡུལ་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་རྣམ་པར་ཤེས་པའི་ས་བོན་དང་ལྡན་པ་ཡིན་པས། དེའི་ཕྱིར་དེ་ལས་ལངས་པ་ལ་དེ་ཀུན་ཏུ་འབྱུང་བར་རུང་ངོ་། །ལངས་པའི་རྣམ་པར་ཤེས་པ་

དེ་ལ་དཔྱོད་པ་དེ་ཡང་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་ས་བོན་དང་ལྡན་པ་ཡིན་པས་དེའི་ཕྱིར་ས་བོན་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཉིད་མ་ཡིན་ནོ། །རང་བཞིན་གྱིས་འདོད་ཆགས་དང་བྲལ་བའི་སེམས་ཅན་དེ་དག་ནི་འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་

བའི་ཕྱིར་རྟོག་པ་དེ་དག་ལ་རྟོག་པ་མེད་ཀྱང་ས་དེ་ལ་ཀུན་དུ་སྤྱོད་པ་ལ་ཉེས་པ་མེད་དོ། །ཅིའི་ཕྱིར་མིག་གི་ཁམས་ཆ་གཉིས་སུ་མངོན་པར་གྲུབ་ཅིང་རྣ་བའི་ཁམས་དང་སྣའི་ཁམས་ཀྱང་དེ་བཞིན་ལས་གཞན་ནི་དེ་ལྟ་བུ་མ་ཡིན་ཞེ་ན། སྨྲས་པ། ལུས་ལ་མཛེས་པར་བྱ་བའི་ཕྱིར་རོ། །མིག་གི་

རྣམ་པར་ཤེས་པ་གང་ཡིན་པ་དང་། སྣའི་རྣམ་པར་ཤེས་པའི་བར་དུ་གཉིས་ལ་བརྟེན་ཏེ། སྐྱེ་བ་གང་ཡིན་པ་དེ་དག་ཅི་གཅིག་ཏུ་བརྗོད་པར་བྱའམ། འོན་ཏེ་གཉིས་སུ་བརྗོད་པར་བྱ་ཞེ་ན། སྨྲས་པ། གཅིག་ཏུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་མ་བསྒྲིབས་ཤིང་རབ་ཏུ་

เล่ม ๑๓๐ · หน้า 81b

མ་ཉམས་ན་རྣམ་པར་ཤེས་པ་གསལ་བར་སྐྱེ་བའི་ཕྱིར་དང་། བསྒྲིབས་ཤིང་རབ་ཏུ་ཉམས་ན་རྣམ་པར་ཤེས་པ་གསལ་བར་མི་སྐྱེ་བའི་ཕྱིར་དང་། རྣམ་པར་ཤེས་པ་དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་གཟུགས་བཞིན་དུ་ཡུལ་ལས་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །མིག་དང་མིག་གི་

རྣམ་པར་ཤེས་པ་གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་དེ་ལྟ་ན་ཅི་ལྟར་དེ་གཉིས་ལྷན་ཅིག་གི་དངོས་པོར་འགྱུར། གལ་ཏེ་ལྷན་ཅིག་གི་དངོས་པོ་ཡིན་ན་ནི་དེ་ལྟར་ན་ཇི་ལྟར་དེ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་རུང་ཞེ་ན། སྨྲས་པ། ས་བོན་དང་མྱུ་གུ་བཞིན་དུ་མིག་ལ་བརྟེན་ཏེ་

རྣམ་པར་ཤེས་པ་སྐྱེ་བ་ནི་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། འོན་ཀྱང་གནས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་དེ་གཉིས་ནི་མར་མེ་དང་འོད་བཞིན་དུ་ལྷན་ཅིག་གི་དངོས་པོ་དང་རྒྱུ་དང་འབྲས་བུའི་དངོས་པོས་རུང་ངོ་། །མིག་དང་མིག་

གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །གཞན་དུ་ན་རང་གི་ས་བོན་ལས་སྐྱེ་བར་གྱུར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་མེད་པ་ལས་འབྱུང་བར་འགྱུར་བས་མི་རུང་ངོ་། །འདོད་

པའི་ཁམས་སུ་སྐྱེས་ཤིང་བྱུང་བའི་མིག་གི་ཁམས་ངེས་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའམ་ཞེ་ན། སྨྲས་པ། དེར་ནི་གཅིག་ཏུ་མ་ངེས་སོ། །མིག་གི་ཁམས་ཇི་ལྟ་བ་བཞིན་དུ་རྣ་བ་དང་སྣ་དང་ལྕེའི་ཁམས་རྣམས་དང་། དེ་དག་གི་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་དེ་བཞིན་

དུ་རིག་པར་བྱའོ། །ལུས་ཀྱི་ཁམས་ནི་ངེས་པར་འབྱུང་སྟེ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་དང་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཁམས་རྣམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་

འབྱུང་བའི་མིག་གི་ཁམས་ངེས་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའམ་ཞེ་ན། སྨྲས་པ། ངེས་པ་ཡིན་ནོ། །མིག་གི་ཁམས་ཇི་ལྟ་བ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ཁམས་རྣམས་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་དེ་བཞིན་ནོ། །

เล่ม ๑๓๐ · หน้า 82a

དྲིའི་ཁམས་དང་རོའི་ཁམས་དང་དེ་དག་གི་རྣམ་པར་ཤེས་པའི་ཁམས་དག་མ་གཏོགས་པ་དེ་ལས་གཞན་པ་ཐམས་ཅད་ནི་ངེས་པར་འབྱུང་བར་འགྱུར་རོ། །གཟུགས་མེད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་ལ་ནི་ཁམས་གསུམ་པོ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་

ཤེས་པའི་ཁམས་རྣམས་མ་གཏོགས་པ་དང་དབང་སྒྱུར་བས་ཐོབ་པའི་གཟུགས་མ་གཏོགས་པ་དེ་ལས་གཞན་པ་རྣམས་ནི་ངེས་པར་འབྱུང་བ་མ་ཡིན་ནོ། །གསུམ་པོ་འདི་དག་ནི་དེར་ངེས་པར་འབྱུང་བར་བལྟ་བར་བྱའོ། །འདིའི་སྡོམ་གྱི་ཚིགས་སུ་བཅད་པ་ནི་ཕུང་པོ་ལ་མཁས་པ་དང་འདྲ་བར་བལྟ་

བར་བྱའོ། །ཁ་ཟས་ཀྱི་དངོས་པོ་ལ་མཁས་པ་རྫོགས་སོ།། །།སྐྱེ་མཆེད་རྣམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་ཡང་ཁམས་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱའོ། །མིག་གི་སྐྱེ་མཆེད་གང་ཞེ་ན། མིག་ཐོབ་ཅིང་མ་སྤངས་པ་དེ་མ་ཐག་ཏུ་ལུས་ལས་འགོག་པའི་ཆོས་ཅན་མ་

ཡིན་པ་གང་ཡིན་པའོ། །མིག་གི་སྐྱེ་མཆེད་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལྷག་མ་རྣམས་ཀྱང་ངོ་བོ་ཉིད་ལས་དེ་བཞིན་དུ་བལྟ་བར་བྱའོ། །སྐྱེ་མཆེད་དང་རེག་པའི་སྐྱེ་མཆེད་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སྐྱེ་མཆེད་ནི་ཇི་སྐད་བསྟན་པ་ཡིན་ནོ། །རེག་པའི་སྐྱེ་མཆེད་ནི་སྐྱེ་མཆེད་

གང་རེག་པ་དང་། ལྷན་ཅིག་པ་དེ་མ་ཐག་ཏུ་རེག་པ་སྐྱེ་བར་བྱེད་པ་རེག་པ་དང་རྗེས་སུ་མཐུན་པའོ། །མིག་གང་ཡིན་པ་སྐྱེ་མཆེད་ཀྱང་དེ་ཡིན་ལ་སྐྱེ་མཆེད་གང་ཡིན་པ་མིག་ཀྱང་དེ་ཡིན་ནམ་ཞེ་ན། སྨྲས་པ། མིག་ཡིན་ལ་སྐྱེ་མཆེད་མ་ཡིན་པའང་ཡོད་དེ་མིག་ཐོབ་ཅིང་མ་སྤངས་ལ་དེ་མ་ཐག་

ཏུ་འོག་ཏུ་འགོག་པའི་ཆོས་ཅན་གང་ཡིན་པའོ། །སྐྱེ་མཆེད་ཡིན་ལ་མིག་མ་ཡིན་པའང་ཡོད་དེ། སྐྱེ་མཆེད་ལྷག་མ་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱིས་རྣམ་པར་གནས་པ་རྣམས་སོ། །མིག་ཀྱང་ཡིན་ལ་སྐྱེ་མཆེད་ཀྱང་ཡིན་པ་ཡང་ཡོད་དེ། མིག་ཐོབ་ཅིང་མ་སྤངས་ལ་དེ་མ་ཐག་ཏུ་འགོག་

པའི་ཆོས་ཅན་ཡང་མ་ཡིན་པ་གང་ཡིན་པའོ། །མིག་ཀྱང་མ་ཡིན་ལ་སྐྱེ་མཆེད་ཀྱང་མ་ཡིན་པའང་ཡོད་དེ། མིག་མ་ཐོབ་པའམ་སྤངས་པ་དང་དེ་ལས་གཞན་པ་རྣ་བ་ལ་སོགས་པ་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱིས་ཉེ་བར་མི་གནས་པ་གང་ཡིན་པའོ། །སྐྱེ་མཆེད་གང་ཡིན་པ་རེག་པའི་སྐྱེ་མཆེད་

เล่ม ๑๓๐ · หน้า 82b

ཀྱང་དེ་ཡིན་ལ་རེག་པའི་སྐྱེ་མཆེད་གང་ཡིན་པ་སྐྱེ་མཆེད་ཀྱང་དེ་ཡིན་ནམ་ཞེ་ན། སྨྲས་པ། རེག་པའི་སྐྱེ་མཆེད་གང་ཡིན་པ་དེ་ནི་རེ་ཞིག་སྐྱེ་མཆེད་ཀྱང་ཡིན་ནོ། །སྐྱེ་མཆེད་ཡིན་ལ་རེག་པའི་སྐྱེ་མཆེད་མ་ཡིན་པ་ཡང་ཡོད་དེ། མིག་ལ་སོགས་པ་རེག་པ་དང་མི་ལྡན་པ་དང་། དེ་མ་ཐག་ཏུ་རེག་

པ་སྐྱེད་པར་མི་བྱེད་པ་དང་འགོག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པའོ། །གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་བྱུང་བའི་སྣ་གང་ཡིན་པ་དང་ལྕེ་གང་ཡིན་པ་དེ་ནི་དུས་རྟག་ཏུ་སྐྱེ་མཆེད་མ་ཡིན་པ་ཁོ་ནར་བལྟ་བར་བྱའོ། །འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་དབང་པོ་གང་དག་

ཡིན་པ་དེ་དག་ཀྱང་དུས་རྟག་ཏུ་སྐྱེ་མཆེད་མ་ཡིན་པ་ཁོ་ནར་བལྟ་བར་བྱའོ། །དོན་གང་གིས་ན་སྐྱེ་མཆེད་རྣམས་ཞེས་བྱ། ཅི་ཞིག་ཡོངས་སུ་བསྟན་པའི་ཕྱིར་སྐྱེ་མཆེད་རྣམ་པར་གཞག་ཅེ་ན། སྨྲས་པ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྐྱེ་བའི་སྒོའི་དོན་དང་། རྐྱེན་གྱི་དོན་དང་།

ཐབས་ཀྱི་དོན་དང་། ཚོགས་པའི་དངོས་པོའི་དོན་དང་། རྟེན་གྱི་དོན་དང་། དེ་དག་སྣང་བའི་གནས་ཀྱི་དོན་གྱིས་སོ། །མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་རྣམ་པ་གསུམ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་སྐྱེ་མཆེད་རྣམ་པར་གཞག་གོ། །སྐྱེ་མཆེད་རྣམས་ཀྱི་

རབ་ཏུ་དབྱེ་བ་དང་གོ་རིམས་ནི་ཁམས་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། དེ་བཞིན་དུ་རྒྱས་པར་ཟད་པར་གྱི་སྐྱེ་མཆེད་བཅུ་དང་། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་བཞི་དང་།

དེ་བཞིན་དུ་སྐྱེ་མཆེད་གཉིས་པོ་འདུ་ཤེས་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། དེ་དག་ལ་སོགས་པ་སྐྱེ་མཆེད་ཀྱི་སྒྲར་བསྟན་པའི་ཆོས་གང་དག་གསུངས་པ་དེ་དག་ཀྱང་སྐྱེ་མཆེད་བཅུ་གཉིས་པོ་དག་གིས་མཚན་ཉིད་ཇི་སྐད་སྨོས་པས་ཅི་རིགས་པར་བསྡུ་བར་རིག་པར་བྱའོ། །

སྐྱེ་མཆེད་རྣམས་ཀྱི་རྟེན་ཀྱང་ཁམས་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྐྱེ་མཆེད་ཀྱི་དངོས་པོ་ལ་མཁས་པ་རྫོགས་སོ།། །།དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཞེས་བྱ་བ་ལ་གང་དག་བདག་པོ་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ་དང་། བདག་ཉིད་གཡོ་བ་

เล่ม ๑๓๐ · หน้า 83a

མེད་པ་དང་། རང་དབང་མེད་པ་དང་། རྒྱུས་བསྐྱེད་པ་དང་། རྐྱེན་ལ་རག་ལས་ཤིང་འབྲལ་བར་འཇུག་པ་དང་། མ་བྱུང་བ་ལས་འབྱུང་བའི་ཆོས་ཅན་དང་། བྱུང་ནས་འཇིག་པའི་ཆོས་ཅན་དང་། ཆོས་ཙམ་ཞིག་རབ་ཏུ་ཕྱེ་བ་དང་། ཆོས་རྣམས་ཁོ་ནས་

མངོན་པར་བརླན་པ་དང་། ཆོས་རྣམས་ཁོ་ན་མངོན་པར་རླན་པར་བྱེད་པ་དང་། རྒྱུད་དུ་གཏོགས་པ་དང་། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་རྒྱུ་གང་ཡིན་པ་དེ་ལ་ནི་རྟེན་ཅིང་འབྲེལ་བར་

འབྱུང་བ་ཞེས་བྱའོ། །འབྲས་བུ་གང་ཡིན་པ་དེ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་བལྟ་བར་བྱའོ། །དེ་ལ་མ་རིག་པའི་བག་ལ་ཉལ་མ་སྤངས་པ་ཡོད་པས་མ་རིག་པའི་ཀུན་ནས་དཀྲིས་པ་འབྱུང་ངོ་། །མ་རིག་པའི་ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར་འདུ་བྱེད་རྣམས་ཀྱི་འཇུག་པ་

སྐྱེའོ། །དེ་བཞིན་དུ་འདུ་བྱེད་ཀྱི་ས་བོན་མ་སྤངས་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་། །འདུ་བྱེད་རྣམས་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ་འཇུག་པ་སྐྱེའོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ལྷག་མ་རྣམས་ཀྱི་འཇུག་པའི་ཚུལ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལ་

སྲིད་པ་དང་སྐྱེ་བ་དང་རྒ་ཤི་ནི་བཏགས་པའི་ཆོས་ཡིན་པར་རིག་པར་བྱའོ། །སྲིད་པའི་ཡན་ལག་ལྷག་མ་རྣམས་ནི་རྫས་སུ་ཡོད་པའི་ཆོས་ཡིན་པར་རིག་པར་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། སྡུག་བསྔལ་འཕེན་

པའི་རྒྱུའི་གནས་དང་། སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུའི་གནས་དང་། སྡུག་བསྔལ་འཕེན་པའི་རྒྱུ་དང་། སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུ་དང་། སྡུག་བསྔལ་མངོན་པར་འགྲུབ་པ་ཉིད་ནི་ལྔའོ། །དེ་ལ་ཚེ་འདི་ལ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་མངོན་

པར་འགྲུབ་པ་མ་སྤངས་ཤིང་། ཡོངས་སུ་མ་ཤེས་པ་གང་ཡིན་པ་དེ་ལ་དམིགས་ཤིང་དེ་ལ་གནས་ནས། བྱིས་པ་རྣམས་ཀྱི་ལུས་ལ་ཀུན་ཏུ་རྨོངས་པ་འབྱུང་བ་གང་ཡིན་པ་དེ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་དེའི་འོག་ཏུ་འདུ་བྱེད་རྣམས་དང་ཕྱི་མ་ལ་རེག་པའི་རྐྱེན་གྱིས་

เล่ม ๑๓๐ · หน้า 83b

ཚོར་བའི་བར་དུ་འབྱུང་བར་འགྱུར་ཏེ། སྐྱེ་མཆེད་དྲུག་པོ་དེ་དག་ནི་མ་རིག་པ་ལ་སོགས་པ་འཕེན་པའི་རྒྱུ་དེའི་གནས་ཞེས་བྱའོ། །དེ་ལྟར་ཀུན་དུ་རྨོངས་པའི་རེག་པའི་རྐྱེན་གྱིས་ཚེ་འདི་ཉིད་ལ་ཚོར་བ་འབྱུང་བ་གང་ཡིན་པ་དེ་ལ་གནས་ནས་ཕྱི་རོལ་གྱི་ཡུལ་རྣམས་ལ་སྲེད་པ་འབྱུང་ངོ་། །

སྲེད་པའི་རྐྱེན་གྱིས་དེའི་འོག་ཏུ་ལེན་པ་འབྱུང་ངོ་། །ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། དེ་ལྟར་མངོན་པར་འགྲུབ་པའི་རྒྱུ་དེའི་གནས་ནི་རེག་པའི་རྐྱེན་གྱིས་ཚོར་བ་དེ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཚེ་འདི་པའི་རྣམ་པར་ཤེས་པ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་

ལས་ཀྱིས་ཡོངས་སུ་བསྒོས་པ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་རེག་པའི་རྐྱེན་གྱིས་ཚོར་བའི་བར་ཕྱི་མ་ཕྱི་མའི་ས་བོན་དང་ལྡན་པ་གང་དག་ཡོད་པ་དེ་དག་ནི་ལུས་ཞིག་ནས། ཕྱི་མ་ལ་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་དང་རྒ་ཤིའི་མིང་ཅན་གྱི་སྡུག་བསྔལ་གཞན་འཕེན་པར་

བྱེད་དེ། དེ་ནི་དེའི་འཕེན་པའི་རྒྱུ་ཞེས་བྱའོ། །དེ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་དང་སྲེད་པའི་རྐྱེན་གྱིས་ལེན་པ་དང་ལེན་པའི་རྐྱེན་གྱིས་སྲིད་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུ་ཞེས་བྱའོ། །སྔོན་བྱས་པའི་ལས་དང་ཉོན་མོངས་པས་ཡོངས་སུ་ཟིན་པ་མ་འོངས་པའི་

སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེ་ཉིད་ལ་སྲིད་པ་ཞེས་བྱ་བར་བལྟ་བར་བྱའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་གང་ཡིན་པ་དེ་དག་ནི་སྡུག་བསྔལ་མངོན་པར་འགྲུབ་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་ལ་སོགས་པ་ཚོར་བའི་མཐར་ཐུག་པ་དེ་དག་ཉིད་སྔོན་ས་བོན་

གྱི་དངོས་པོ་དང་ལྡན་པའི་ཚེ་ན་ནི་སྡུག་བསྔལ་འཕེན་པའི་རྒྱུ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་རོ། །དེ་དག་ཉིད་ད་ལྟར་འབྲས་བུ་བསྐྱེད་ཟིན་པ་ནི་སྐྱེ་བ་དང་རྒ་ཤིའི་མིང་ཅན་གྱི་སྡུག་བསྔལ་ཞེས་བྱ་བའི་མིང་འཐོབ་པོ། །དེ་ལ་མ་རིག་པ་ནི་ཤེས་པའི་མི་མཐུན་པའི་ཕྱོགས་སེམས་ལས་བྱུང་བའི་

ཆོས་སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པར་བལྟ་བར་བྱའི། །རིག་པ་མེད་པ་ཙམ་ཡང་མ་ཡིན་ལ། ལོག་པའི་ཤེས་པ་ཙམ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་མ་རིག་པ་རིག་པ་མེད་པ་ཙམ་ཡིན་པར་གྱུར་ན་ནི། དེ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཡོད་པར་

เล่ม ๑๓๐ · หน้า 84a

མི་འགྱུར་ཏེ། མེད་པ་ལ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་གང་ཡང་མེད་པ་དང་། མ་རིག་པའི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་རྣམ་པར་གཞག་པར་མི་ནུས་པ་དང་། མེད་པར་ནི་དུས་ཐམས་ཅད་དུ་མཚན་ཉིད་འདྲ་བ་ཡིན་པས། ཀུན་དུ་སྤྱོད་པ་དང་

རྗེས་སུ་འབྲེལ་པ་གཉིས་ཡོད་པར་མི་རུང་བ་དང་། སོ་སོའི་སྐྱེ་བོའི་སེམས་ཉོན་མོངས་པ་ཅན་དང་། དགེ་བ་དང་། ལུང་དུ་མ་བསྟན་པ་རིག་པ་དང་བྲལ་བ་ཐམས་ཅད་ལ་ཡང་རིག་པ་མེད་པར་འགྱུར་བས། དེས་ན་སེམས་དེ་དག་ཐམས་ཅད་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། མེད་

པའི་བདག་ཉིད་ཀྱི་ཆོས་ནི་འདུས་བྱས་ཀྱིས་བསྡུས་པར་ཡང་མི་རུང་ལ་འདུས་མ་བྱས་ཀྱིས་བསྡུས་པར་ཡང་མི་རུང་བ་དང་། འདུས་བྱས་ཀྱིས་ཀྱང་མ་བསྡུས་ལ་འདུས་མ་བྱས་ཀྱིས་ཀྱང་མ་བསྡུས་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་རྣམ་པར་བྱང་བར་ཡང་མི་འགྱུར་བ་དང་།

མ་རིག་པ་དང་མ་བྲལ་བའི་སེམས་ཀྱི་རྒྱུད་ལ་ནི་དུས་རྟག་ཏུ་རིག་པ་སྐྱེ་བར་ཡང་མི་འགྱུར་བ་དང་། མ་རིག་པ་འགགས་ན་རིག་པ་སྐྱེ་ཞེས་གང་གསུངས་པ་དེ་ཡང་མེད་པ་ལ་ནི་འགག་པ་ཇི་ལྟར་ཡང་མི་རུང་བའི་ཕྱིར་རོ། །གལ་ཏེ་མ་རིག་པ་ལོག་པའི་ཤེས་པ་ཙམ་ཞིག་ཡིན་པར་གྱུར་ན་ཡང་

དེ་ལྟར་ན་རིག་པས་བསྡུས་པའི་ཤེས་པ་ཉིད་མ་གཏོགས་པ་དེ་ལས་གཞན་པའི་ཤེས་པ་ཐམས་ཅད་ལོག་པའི་ཤེས་པ་ཡིན་པར་འགྱུར་བའམ། ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་ཉིད་ལོག་པའི་ཤེས་པ་ཡིན་པར་འགྱུར་བའམ། ཉོན་མོངས་པ་དང་མཚུངས་པར་

ལྡན་པའི་ཤེས་པ་གང་ཡིན་པ་དེ་ལོག་པའི་ཤེས་པ་ཡིན་པར་འགྱུར་གྲང་ན། གལ་ཏེ་ཤེས་པ་དང་པོ་ལོག་པའི་ཤེས་པ་ཡིན་པར་གྱུར་ན་ནི། དེ་ལྟ་ན་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པའི་ཤེས་པ་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་ཀྱང་ལོག་པའི་ཤེས་པ་ཡིན་པར་འགྱུར་བས་དེ་ནི་

མི་རུང་ངོ་། །གལ་ཏེ་ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་ལོག་པའི་ཤེས་པ་ཡིན་པར་གྱུར་ན་ནི། དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་པོ་དག་ཀྱང་ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་ཞེས་བྱ་སྟེ། དེ་ལ་མ་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་

เล่ม ๑๓๐ · หน้า 84b

མི་རྟོགས་པའི་མཚན་ཉིད་ཡིན་ལ་ལྟ་བ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་ན་ལོག་པའི་དངོས་པོ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་ནི་མ་རིག་པའི་དབང་གིས་བདག་དང་བདག་གི་ཞེས་མངོན་པར་ཞེན་པར་བྱེད་ལ་དེ་བཞིན་དུ་ལྟ་བ་ལྷག་

མ་རྣམས་ཀྱང་རང་རང་གི་མངོན་པར་ཞེན་པའི་རྣམ་པས་འཇུག་པར་འགྱུར་བ་དེ་དག་ཀྱང་གཏི་མུག་མེད་པར་ཡང་མི་འགྱུར་བས། དེའི་ཕྱིར་གཏི་མུག་གི་རྣམ་པ་ཡང་གཞན་ཡིན་ལ། ལྟ་བ་རྣམས་ཀྱི་རྣམ་པ་ཡང་གཞན་ཡིན་པའི་ཕྱིར། མ་རིག་པ་ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་

པ་ཡིན་པར་མི་རུང་ངོ་། །གལ་ཏེ་མ་རིག་པ་དང་ལྟ་བ་རྣམས་མཚན་ཉིད་འདྲ་བ་ཡིན་པར་འགྱུར་ན། དེས་ན་བཅོམ་ལྡན་འདས་ཀྱིས་བག་ལ་ཉལ་བདུན་པོ་དག་ཏུ་ལྟ་བའི་བག་ལ་ཉལ་རྣམ་པར་གཞག་པ་མཛད་པར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ལྟ་བ་རྣམས་ལ་མ་རིག་པ་ཞེས་བྱ་

བའི་མིང་ནི་གང་དུའང་མ་བསྟན་ཏོ། །གལ་ཏེ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ལོག་པའི་ཤེས་པ་མ་རིག་པ་ཡིན་པར་གྱུར་ན་དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་པོ་གང་དག་ཡིན་པ་དེ་དག་ཀྱང་ཤེས་པའི་ངོ་བོ་ཉིད་ཡིན་པས། ཤེས་པའི་རྫས་གཉིས་མཚུངས་

པར་ལྡན་པ་ནི་མེད་པས། དེ་དག་ནི་མ་རིག་པ་དང་མི་ལྡན་པ་ཡིན་པར་འགྱུར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས་ཤེས་པ་དེ་གཏི་མུག་ཉིད་ཡིན་ན་ནི། དེས་ན་འདོད་ཆགས་ལ་སོགས་པའི་དབང་གིས་གཏི་མུག་ཏུ་འགྱུར་གྱི། གཏི་མུག་གི་དབང་དང་

གཏི་མུག་སྔོན་དུ་འགྲོ་བ་ལས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་འབྱུང་བ་མ་ཡིན་པར་འགྱུར་རོ། །ཇི་ལྟར་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་མཚུངས་པར་ལྡན་པ་ལས་ཉོན་མོངས་པ་ཅན་ཡིན་གྱི། དེའི་ངོ་བོ་ཉིད་ནི་མ་ཡིན་པ་བཞིན་དུ། གཏི་མུག་གི་

བདག་ཉིད་མ་ཡིན་པ་དེ་ཡང་གཏི་མུག་གི་བདག་ཉིད་དུ་དྲང་པར་བརྗོད་མི་ནུས་ཏེ། དཔེར་ན་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས། ཉོན་མོངས་པ་ཅན་གྱི་བདག་ཉིད་མ་ཡིན་པ། ཉོན་མོངས་པ་དང་མཚུངས་པར་ལྡན་པ་དག་ལྟ་བུའོ། །དེ་ལྟ་བས་ན་མ་རིག་པ་ནི་སེམས་ལས་

เล่ม ๑๓๐ · หน้า 85a

བྱུང་བའི་ཆོས་སེམས་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལུས་ཀྱི་འདུ་བྱེད་དང་ངག་གི་འདུ་བྱེད་དང་ཡིད་ཀྱི་འདུ་བྱེད་དང་འདུ་བྱེད་གསུམ་གསུངས་པ་དེ་ལ། དབུགས་རྔུབ་པ་དང་དབུགས་འབྱུང་བའི་རླུང་དག་ཀྱང་ལུས་ཀྱི་

འདུ་བྱེད་དག་ཡིན་ཏེ། རླུང་ནི་ལུས་ཀྱི་ལས་འཇུག་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ལས་གང་ཡིན་པ་དེ་ཉིད་ལུས་ཀྱི་འདུ་བྱེད་ཡིན་པར་བལྟ་བར་བྱའོ། །དེ་ལྟར་རྨོངས་པ་ལ་ལུས་ཀྱི་ལས་དང་རྗེས་སུ་མཐུན་པའི་རླུང་དག་ཀྱང་འབྱུང་སྟེ། དེ་དག་གིས་ལུས་ཀྱི་ལས་ཉོན་མོངས་

པ་ཅན་འཇུག་པར་བྱེད་དོ། །ཇི་ལྟར་དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་གིས་ལུས་ཀྱི་ལས་འཇུག་པར་བྱེད་པ་དེ་བཞིན་དུ། རྟོག་པ་དང་དཔྱོད་པ་དག་གིས་ཀྱང་ངག་གི་ལས་འཇུག་པར་བྱེད་ལ། འདུ་བྱེད་ཀྱིས་ཀྱང་ཡིད་ཀྱི་ལས་འཇུག་པར་བྱེད་དེ། དེ་དག་ཐམས་ཅད་

གཅིག་ཏུ་བསྡུས་པ་ནི་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། ཁམས་གང་ན་གང་ཡོད་པའོ། །དེ་ལ་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་དག་ལས་གཉིས་ནི་ལས་ཁོ་ནས་བསྡུས་པ་ཡིན་ཏེ། འདུ་བྱེད་དང་སྲིད་པའོ། །གསུམ་ནི་ཉོན་

མོངས་པས་བསྡུས་པ་ཡིན་ཏེ། མ་རིག་པ་དང་། སྲེད་པ་དང་ལེན་པའོ། །ལྷག་མ་རྣམས་ནི་དངོས་པོས་བསྡུས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཡན་ལག་གཉིས་པོ་གང་དག་ལས་ཀྱིས་བསྡུས་པ་དེ་དག་ལས་གཅིག་ནི་འཕེན་པའི་ལས་ཀྱིས་བསྡུས་པའི་ལས་ཡིན་ཏེ། འདི་ལྟ་སྟེ་འདུ་

བྱེད་རྣམས་སོ། །གཉིས་པ་ནི་མངོན་པར་འགྲུབ་པའི་ལས་ཀྱིས་བསྡུས་པའི་ལས་ཡིན་ཏེ་འདི་ལྟ་སྟེ་སྲིད་པའོ། །དེ་ལ་ཡན་ལག་གསུམ་པོ་གང་དག་ཉོན་མོངས་པས་བསྡུས་པ་དེ་དག་ལས་གཅིག་ནི། འཕེན་པའི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ་འདི་ལྟ་སྟེ་མ་རིག་པའོ། །གཉིས་པ་

ནི་མངོན་པར་གྲུབ་པའི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ་སྲིད་པ་དང་ལེན་པའོ། །ཡན་ལག་ལྷག་མ་གང་དག་དངོས་པོས་བསྡུས་པ་དེ་དག་ལས་ཡན་ལག་གཉིས་ནི་མ་འོངས་པའི་སྡུག་བསྔལ་གྱིས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེ་བ་དང་རྒ་ཤིའོ། །ཡན་ལག་ལྔ་ནི་མ་

เล่ม ๑๓๐ · หน้า 85b

འོངས་པའི་སྡུག་བསྔལ་གྱི་རྒྱུས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། ཚེ་འདི་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་ཡིན་པ་དང་རྣམ་པར་ཤེས་པ་ལ་བརྟེན་ནས་རེག་པའི་རྐྱེན་གྱིས་ཚོར་བའི་བར་དག་གོ། །གང་དག་སྔོན་གྱི་རྒྱུས་མངོན་པར་བསྒྲུབ་སྟེ་ད་ལྟར་དམིགས་པ་རྣམ་པར་སྨིན་པའི་

འབྲས་བུ་བསྡུས་པའི་ཡན་ལག་ལྔ་པོ་དེ་དག་ཉིད་ནི་ད་ལྟར་བྱུང་བའི་སྡུག་བསྔལ་གྱིས་བསྡུས་པ་དག་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའོ། །དེ་ལ་ཡན་ལག་ལྔས་བསྡུས་པའི་འབྲས་བུ་གང་ཡིན་པ་དེ་དང་ཡན་ལག་གཉིས་ཀྱིས་བསྡུས་

པ་མ་འོངས་པའི་འབྲས་བུ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འབྲས་བུར་བསྡུས་པ་ཡིན་པར་བལྟ་བར་བྱའོ། །ཡན་ལག་ལྷག་མ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུར་བསྡུས་པ་ཡིན་པར་བལྟ་བར་བྱའོ། །མི་ཤེས་པ་དེ་ཡང་མདོར་བསྡུ་ན་གནས་ལྔ་བསྐྱེད་པ་

ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་སོམ་ཉི་སྐྱེད་པ་དང་། སྲེད་པ་སྐྱེད་པ་དང་། གནས་མ་ཡིན་པ་ལ་དད་པ་སྐྱེད་པ་དང་། ལྟ་བ་སྐྱེད་པ་དང་། མངོན་པའི་ང་རྒྱལ་སྐྱེད་པའོ། །དེ་ལ་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་སོམ་ཉི་སྐྱེད་པ་ཡིན་ནོ། །དེ་ལ་སོམ་ཉི་ནི་འདི་ཡིན་ཏེ།

ཅི་བདག་འདས་པའི་དུས་ན་མ་བྱུང་བར་གྱུར་ཏམ་སྙམ་པ་དུས་གསུམ་དག་ལ་འཇུག་པའི་སོམ་ཉི་མདོ་ལས་ཇི་སྐད་གསུངས་པ་ཁོ་ན་བཞིན་ནོ། །དེ་ལ་འདས་པའི་དུས་ནི་སྔོན་གྱི་མཐའ་ཡིན་ནོ། །མ་འོངས་པའི་དུས་ནི་ཕྱི་མའི་མཐའ་ཡིན་ནོ། །ད་ལྟར་བྱུང་བའི་དུས་ནི་སྔོན་གྱི་མཐའ་དང་

ཕྱི་མའི་མཐའ་ཞེས་བྱ་སྟེ། འདས་པའི་དུས་ལ་ལྟོས་ནས་ནི་ཕྱི་མའི་མཐའ་ཡིན་ལ་མ་འོངས་པའི་དུས་ལ་ལྟོས་ནས་ནི་སྔོན་གྱི་མཐའ་ཡིན་ནོ། །དེ་ལ་གང་གི་ཚེ་འདས་པའི་དུས་ལ་སོམ་ཉི་ཟ་བའི་སོམ་ཉི་དེ་ནི་སྔོན་གྱི་མཐའ་མི་ཤེས་པས་བསྐྱེད་པ་ཡིན་པར་བལྟ་བར་བྱའོ། །གང་གི་ཚེ་མ་འོངས་

པའི་དུས་ལ་སོམ་ཉི་ཟ་བའི་སོམ་ཉི་དེ་ནི་ཕྱི་མའི་མཐའ་མི་ཤེས་པས་བསྐྱེད་པ་ཡིན་པར་བལྟ་བར་བྱའོ། །ནང་ལ་སོམ་ཉི་ཟ་སྟེ་ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་ག་ལས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་དུ་སོམ་ཉི་ཟ་བ་གང་ཡིན་པ་དེ་ནི་སྔོན་གྱི་

เล่ม ๑๓๐ · หน้า 86a

མཐའ་དང་ཕྱི་མའི་མཐའ་མི་ཤེས་པས་བསྐྱེད་པ་ཡིན་པར་བལྟ་བར་བྱའོ། །ནང་མི་ཤེས་པ་དང་ཕྱི་རོལ་མི་ཤེས་པ་དང་ནང་དང་ཕྱི་རོལ་མི་ཤེས་པ་གང་ཡིན་པ་དེ་ནི། ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་ཡང་སྲིད་པ་འབྱུང་བར་བྱེད་པ་དང་། དགའ་བའི་འདོད་ཆགས་

དང་ལྡན་པ་དང་དེ་དང་དེར་མངོན་པར་དགའ་བའི་སྲིད་པ་གང་ཡིན་པ་དེས་བསྐྱེད་དོ། །དེ་ལ་ལས་དང་རྣམ་པར་སྨིན་པ་དང་ལས་དང་རྣམ་པར་སྨིན་པ་མི་ཤེས་པས་སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་ཉིད་མི་ཤེས་པ་གང་ཡིན་པ་དེ་ལ་བརྟེན་ནས་ནི་དྲག་པོ་དང་ཁྱབ་འཇུག་དང་སྐྱེ་དགུའི་བདག་

པོ་ལ་སོགས་པ་གནས་ངན་པ་དག་ལ་གུས་པ་དང་དད་པ་དང་མོས་པ་སྐྱེའོ། །སངས་རྒྱས་ལ་སོགས་པ་དང་ལམ་གྱི་མཐར་ཐུག་པའི་བར་དག་མི་ཤེས་པ་གང་ཡིན་པ་དེ་ནི་ལྟ་བ་བསྐྱེད་པར་རིག་པར་བྱ་སྟེ། འདི་ལྟར་དཀོན་མཆོག་རྣམས་མི་ཤེས་པ་དང་། བདེན་པ་རྣམས་མི་ཤེས་པས་ནི་

ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་བར་དག་སྐྱེད་པར་བྱེད་དོ། །སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་རྒྱ་ཆེར་དེ་ལྟར་ལྟ་ཞིང་། དེ་སྐད་སྨྲ་བའི་བར་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན་པར་རིག་པར་བྱའོ། །རྒྱུ་དང་རྒྱུ་ལས་བྱུང་བའི་ཆོས་རྣམས་དང་དགེ་བ་དང་མི་དགེ་བ་དག་མི་ཤེས་པ་རྒྱ་

ཆེར་མདོ་ལས་ཇི་སྐད་གསུངས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བདེ་འགྲོར་འགྲོ་བའི་ལམ་དང་། བདེ་འགྲོར་འགྲོ་བའི་ཐབས་ལ་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དེ། འདི་ལྟར་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་དང་འབྲས་བུ་འདོད་པ་དང་མི་འདོད་པ་རྣམས་ཡང་དག་པ་ཇི་

ལྟ་བ་བཞིན་དུ་མི་ཤེས་པ་རྣམས་ནི། ཟས་མི་ཟ་བ་དང་མེར་འཇུག་པ་དང་། གཡང་སར་མཆོང་བ་ལ་སོགས་པ་ཐབས་མ་ཡིན་པ་དག་གིས་ཐབས་སུ་འདུ་ཤེས་ཤིང་མཐོ་རིས་ཡོངས་སུ་ཚོལ་བར་བྱེད་དོ། །རེག་པའི་སྐྱེ་མཆེད་དྲུག་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་མི་ཤེས་

པ་གང་ཡིན་པ་དེ་ནི་དགེ་སློང་གི་ཚུལ་གྱི་འབྲས་བུ་འཐོབ་པ་ལ་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དེ། འདི་ལྟར་རེག་པའི་སྐྱེ་མཆེད་དྲུག་རབ་ཏུ་རྟོགས་པའི་ཤེས་པ་མེད་པ་ནི་དེ་ལ་མངོན་པའི་ང་རྒྱལ་བྱེད་པར་འགྱུར་རོ། །དེ་ལ་མཐོ་རིས་ཀྱི་ཐབས་ལ་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด