ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๒ · หน้า 1b
༄༅༅། །རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདུལ་བ་མ་མོའི་སྡོམ་ནི། ཕན་ཡོན་
སྡེ་ཚན་སྡུད་པ་དང་། །རྗེས་སྤྱོད་མི་མཐུན་མཐུན་པ་དང་། །ཉེར་ཞི་ཡོངས་ཤེས་རྣམ་ལྔ་དང་། །དད་འགྱུར་འཕེལ་བར་འགྱུར་བ་དང་། །སྟོབས་ལྔ་པོ་ནི་ཐ་མ་ཡིན། །འདི་མན་ཆད་
ནི་འདུལ་བ་བསྡུ་བའི་ཚིག་ལེའུར་བྱས་པ་སྟེ། རིགས་ནི་བསྡུ་བར་བྱ་བ་དང་། །གཞི་བཅས་ལ་སོགས་ཡོད་པ་ཡིས། །དགེ་འདུན་བསྡུ་དང་ལེགས་པར་འགྱུར། །དེ་ཡི་བདེར་གནས་
རྣམ་ལྔ་སྟེ། །ཆོས་གོས་ལ་སོགས་ཡོད་པ་དང་། །མི་མཐུན་པ་ནི་བསྐྲད་པ་དང་། །འགྱོད་པ་སེལ་དང་ཉོན་མོངས་གནོན། །བག་ལ་ཉལ་ཡང་སྤོང་བ་ཡིན། །མ་འོངས་འཇུག་པར་
འགྱུར་བའི་ཕྱིར། །ཡུན་རིང་གནས་པ་ཉིད་དུ་བཞེད། །དང་པོ་བསྡུ་དང་ལེགས་པར་དང་། །བསྡུས་པ་ཅི་བདེར་བྱ་བ་དང་། །གཞན་དག་བདེ་བར་འཇུག་འགྱུར་བ། །ཀུན་གྱིས་
เล่ม ๑๓๒ · หน้า 2a
བསྒྲགས་པ་ཤེས་བྱ་སྟེ། །དེ་ནི་ཕན་ཡོན་རྣམ་དག་གི །ཅི་རིགས་པར་ནི་བསྡུ་བ་ཡིན། །ལྟུང་བ་སྡེ་ཚན་རྣམ་ལྔ་སྟེ། །དེ་ལས་བསླབ་བྱ་རྣམ་པ་བཞི། །ཉེས་པ་རྣམ་པ་བཅོ་ལྔ་ཡིས། །
ལྟུང་བ་ཐམས་ཅད་རྣམ་པར་གཞག །དངོས་ཅི་ཀུན་དཀྲིས་དྲག་པོ་དང་། །འབྲལ་དང་ཆོག་མི་ཤེས་པ་དང་། །གནས་སྐབས་དག་ནི་བྱེད་པ་དང་། །མ་དད་དད་པ་གཞན་འགྱུར་དང་། །བྱ་བ་མང་པོའི་ཉེས་པ་
དང་། །ལྷག་པར་ཆགས་དང་གཞན་ལ་ཡང་། །ཐོ་འཚམས་གནོད་པ་ཀུན་སློང་དང་། །བདེ་འགྲོ་དགེ་སྦྱོང་ཚུལ་བགེགས་དང་། །སྤང་དང་གནས་དང་བསྙེན་བཀུར་དང་། །དེ་ལས་བཟློག་ལ་རིག་པ་དང་། །
གསང་ལ་སོགས་དང་འཆབ་པ་དང་། །རྟེན་དང་བསྟེན་བྱ་མ་ཡིན་པའོ། །འདུལ་བ་སྡུད་པར་བྱེད་པ་ཡི། །ཆོས་ནི་མདོར་ན་རྣམ་ལྔ་སྟེ། །རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་ཁ་ན་མ་ཐོར་བཅས། །དགག་
པ་དང་ནི་གནང་བ་དང་། །སྒྲུབ་པ་ཡིན་ཏེ་དང་པོར་ནི། །རང་བཞིན་མི་དགེ་རྣམ་པ་བཞིར། །རིག་པར་བྱ་སྟེ་ཐུབ་པ་ཡིས། །རྟགས་མི་མཐུན་པ་ཉིད་དང་ནི། །དམ་པའི་ཆོས་ལ་གུས་བྱ་དང་། །རང་བཞིན་མ་ཐོ་
เล่ม ๑๓๒ · หน้า 2b
བཅས་མཐུན་དང་། །གཞན་གྱི་སེམས་ཀྱང་བསྲུང་བ་དང་། །བདེ་འགྲོ་སྲོག་དང་དགེ་སྦྱོང་གི །ཚུལ་གྱི་བར་ཆད་ཡིན་པའི་ཕྱིར། །སྤངས་པ་དེ་ལ་སྤྱོད་པ་གང་། །དེ་ནི་བཅས་པའི་མ་ཐོ་བཅས། །ངན་འགྲོར་འགྲོ་བར་འགྱུར་བ་དང་། །བདེ་འགྲོ་ཆོས་ཀྱི་རྙེད་པ་དང་། །སྲོག་
དང་དགེ་སྦྱོང་ཚུལ་གྱི་ནི། །བར་དུ་སྤྱོད་པ་གང་ཡིན་པ། །དེ་ནི་སངས་རྒྱས་འགོག་པར་མཛད། །གནང་བ་དེ་ལས་བཟློག་པ་ཡིན། །བསྒྲུབ་པ་རྣམ་པ་གསུམ་ཡིན་ཏེ། །ལྟུང་དང་ལྟུང་བ་མེད་པ་དང་། །བསླང་བ་ཡིན་ཏེ་རྣམ་པ་གཉིས། །བྱ་བ་མི་བྱེད་པ་དང་ནི། །མི་བྱ་བ་ནི་བྱེད་པའི་
ཕྱིར། །མི་སྦྱོར་བ་དང་སྦྱོར་བཅས་ལས། །ལྟུང་བའི་ཉེས་པ་འབྱུང་བར་འགྱུར། །དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ལྟུང་བ་རྣམས་ཀྱི་ཆུང་ལ་སོགས། །རྣམ་པ་ལྔས་ནི་རིག་པར་བྱའོ། །ངོ་བོ་ཉིད་དང་བྱེད་པ་དང་། །བསམ་
དང་གཞི་དང་ཚོགས་པའོ། །ཚོགས་བྱ་རྣམ་དག་བྱ་བ་དང་། །གྲོང་བྱ་དགེ་ཕྱོགས་བྱ་བ་དང་། །གཙུག་ལག་ཁང་དུ་འཕྲལ་གྱི་ནི། །བྱ་བ་དག་ནི་རྣམ་པ་ལྔ། །བསྡམས་སོགས་བལྟ་སོགས་བྱ་ཉུང་དང་། །འདྲེས་པར་གནས་པ་མེད་སོགས་དང་། །ལས་དང་པོ་ལ་སོགས་པ་
ཡིས། །ལྟུང་བ་འབྱུང་བ་མེད་པ་ཡིན། །འགྱོད་པ་རྣམ་པ་ལྔ་བསྐྱེད་དང་། །བག་ཡོད་རྣམ་པ་ལྔ་དང་ནི། །རྣམ་ལྔས་འགྱོད་པ་བསལ་བ་ལ། །བརྟེན་ནས་ལྟུང་ལས་ལྡང་བར་འགྱུར། །དེ་ལ་བདག་ཉིད་ལ་སོགས་པས། །སྨད་ལ་སོགས་པ་མཐོང་ནས་ནི། །དེ་ནི་འགྱོད་པ་སྐྱེད་
པར་བྱེད། །བག་ཡོད་པ་ནི་སྔ་མ་བཞིན། །ངེས་འབྱུང་བཅས་པ་བཤད་པ་དང་། །གཞི་དང་བྲལ་ཞིང་མི་བྱ་བར། །ལྷག་པའི་བསམ་བས་སེམས་བསྐྱེད་དང་། །བཤགས་པ་བྱ་དང་འགྱོད་པ་ཡི། །རྒྱུན་ནི་སྒྲིབ་པ་ཡིན་པའི་ཕྱིར། །འགྱོད་པ་སྐྱེས་པ་སེལ་བར་བྱེད། །འདུལ་བའི་རྗེས་
སུ་སྤྱོད་པ་ཡི། །ཆོས་ལྔ་དགེ་སློང་འདུལ་བརྩོན་པ། །དེ་དག་ལ་ནི་སྤྱོད་བྱེད་དེ། །གནས་པ་གནས་དང་རྟེན་དང་ནི། །ལོངས་སྤྱོད་དང་ནི་ལས་ཡིན་ཏེ། །དགེ་སློང་འདུལ་བའི་བསླབ་པ་ལ། །བརྩོན་པ་དེ་ནི་འདུ་ཤེས་ཀྱིས། །གནས་པ་རྣམ་པ་ལྔ་ཡིན་ཏེ། །གྲོང་དུ་འཇུག་པར་བྱེད་པ་
เล่ม ๑๓๒ · หน้า 3a
ན། །བཙོན་རར་འཇུག་པའི་འདུ་ཤེས་དང་། །གཙུག་ལག་ཁང་ན་མདོ་སྡེ་བཞིན། །རྟག་ཏུ་དགེ་སྦྱོང་འདུ་ཤེས་དང་། །ཟས་ལ་རྟག་པར་ནད་ཀྱི་ནི། །གཉེན་པོ་ཉིད་དུ་འདུ་ཤེས་དང་། །རབ་དབེན་ཤེས་བྱ་རྣམ་གཉིས་ལ། །ལོང་བ་འོན་ལྐུགས་འདུ་ཤེས་དང་། །
ཉལ་ན་དགོན་པའི་རི་དགས་ལྟར། །ཐུམ་ཕྲས་ཀྱི་ནི་འདུ་ཤེས་དང་། །དེ་ལྟར་གནས་པའི་དགེ་སྦྱོང་ནི། །རྒྱལ་ལ་འོས་པའི་ལོངས་སྤྱོད་ལ། །གནས་ཀྱང་འདོད་པ་བསོད་ཉམས་ཀྱི། །རྗེས་སུ་སྦྱོར་བར་མི་འགྱུར་རོ། །གནས་ལྔར་བཞེད་དེ་དགེ་སློང་དང་། །དགེ་སློང་མ་དང་མུ་
སྟེགས་གནས། །ཉོན་མོངས་ཅན་དང་ཉོན་མོངས་མེད། །གནས་བྱ་དང་པོ་ཐ་མ་ཡིན། །དེ་ལྟར་དོགས་མེད་གནས་རྣམས་སུ། །གནས་པ་ལ་ནི་དོགས་མེད་འགྱུར། །རྟེན་ཡང་ལྔ་སྟེ་གྲོང་མཚམས་དང་། །གནས་དང་གང་ཟག་རྣམས་དང་ནི། །ཡོ་བྱད་གསུམ་དང་སྤྱོད་ལམ་སྟེ། །རྟེན་
དེ་དག་ལ་བརྟེན་པ་ནི། །བདག་ལ་བདག་ཉིད་སྡུག་བསྔལ་བ། །དོན་མེད་ལྡན་པས་གནོད་མི་འགྱུར། །ལོངས་སྤྱོད་མི་རུང་རྣམ་ལྔ་སྟེ། །མཆོད་རྟེན་གྱི་ནི་གལ་ཏེ་ན། །ནད་ཚབས་ཆེ་བ་མ་ཡིན་ཞིང་། །རྟེན་གཞན་ཡོད་ན་མི་རུང་ངོ་། །དགེ་འདུན་གྱིས་ནི་མ་བསྒོ་དང་། །ལྷུང་བཟེད་
མ་ཆུད་མ་རྟོགས་ཡིན། །གང་ཟག་གཞན་གྱི་མ་བྱིན་དང་། །རྗེས་སུ་མ་གནང་མི་བཅུག་པའོ། །རང་གི་བཤད་སོགས་འདྲེས་པ་སྟེ། །བརྟེན་པའི་དགེ་བ་ཉམས་འགྱུར་ཞིང་། །མི་དགེ་མངོན་པར་འཕེལ་བ་དང་། །བརྟེན་ན་འཇིག་རྟེན་འཁྲུགས་འགྱུར་བའོ། །དེ་ལས་བཟློག་
ལྔ་རུང་བ་སྟེ། །དེ་དག་རྣམ་པར་སྤོང་བ་དང་། །རྗེས་སུ་རྟེན་པར་བྱེད་པ་ནི། །དད་པས་སྦྱིན་པ་སྦྱོང་བར་འགྱུར། །གསོལ་བའི་ལས་དང་གསོལ་བ་དང་། །གཉིས་དང་གསོལ་དང་བཞི་དང་ནི། །ལས་གསུམ་བརྗོད་ཡིན་དེ་དག་གི །རྟེན་གྱི་གཞི་ནི་རྣམ་གཉིས་ཏེ། །སེམས་
ཅན་སེམས་ཅན་མིན་སྟོན་ཡིན། །དེ་ནི་བྱ་ཡིན་ལས་ཡིན་ཏེ། །ཚོགས་གཉིས་བཞི་ལྔ་ཚོགས་བཅུ་དང་། །ཉི་ཤུ་དང་ནི་བཞི་བཅུ་དང་། །དགེ་འདུན་མཐུན་པས་བྱ་བ་སྟེ། །དེ་ལྟར་ཤེས་པ་ལས་རྣམས་ལ། །སྤྱོད་པ་ལྟུང་དང་བསླང་བ་ཡང་། །མཁས་ཤིང་ཁ་ན་མ་ཐོ་
เล่ม ๑๓๒ · หน้า 3b
མེད། །འདུལ་བའི་བསླབ་དང་མི་མཐུན་པའི། །ཆོས་ནི་རྣམ་ལྔར་རིག་པར་བྱ། །བར་དུ་གཅོད་དང་དམ་ཆོས་ལྟར། །བཅོས་དང་ལྡོག་པའི་གྲོགས་པོ་དང་། །གླེན་ཞིང་ཉོན་མོངས་མང་བ་དང་། །སྔོན་གྱི་ཚོགས་སྟོབས་ཆུང་བ་ཡིན། །བར་ཆད་ལྔ་སྟེ་བསླབ་རྣམས་དང་། །བདེ་
འགྲོ་རྙེད་ལ་སོགས་པའོ། །དམ་པའི་ཆོས་ལྟར་བཅོས་པ་ནི། །བཤད་དང་བསྒྲུབ་ཅེས་བྱ་བ་ཡིན། །མདོ་སོགས་ལྷད་འཇུག་སྤང་བ་དང་། །མཐའ་གཉིས་གང་ཟག་སྟོན་པ་དང་། །ཀུན་རྫོབ་ཡོད་པ་རྫས་སྟོན་དང་། །མྱ་ངན་འདས་ལ་ཡོད་མེད་དང་། །མི་ལྟ་བ་ནི་བླ་བ་དང་། །བསྔགས་
དང་མི་བསྔགས་བརྗོད་པ་དང་། །མི་སྨྲའི་བརྟུལ་ཞུགས་ལེན་པ་དང་། །ཟས་མེད་ལ་སོགས་ལེགས་པ་དང་། །བས་མཐར་རྩོམ་པ་མེད་པ་དང་། །རྣམ་ཤེས་དེ་ཉིད་འཁོར་བ་དང་། །དེ་དག་མི་གཅོད་དགྲ་བཅོམ་མེད། །དེ་བཞིན་བདག་ཏུ་སྨྲ་བ་དང་། །མོས་པ་ཡིད་ལ་བྱེད་པ་
ཡིས། །ཞི་གནས་ལ་སོགས་སྟོན་པ་དང་། །གནས་མ་ཡིན་ལ་འགྱོད་བྱེད་ཅིང་། །དེས་ནི་དེ་ཉིད་རློམས་པ་དང་། །གོང་མའི་མཐུ་ནི་ཡོད་བཞིན་དུ། །ཞལ་ཏ་དགའ་ཞིང་སྟོན་པ་དང་། །ལྟུང་བས་ཉམས་ཤིང་སྦྱིན་པ་དང་། །ཐོས་པས་རྩོད་ཅིང་རྙེད་བཅས་ལ། །བསྙེན་བཀུར་
བྱེད་ཅིང་གཏམ་འདྲེ་དང་། །གསང་ཚིག་མང་པོས་མཁས་སྙེམས་དང་། །དྲག་ཤུལ་ལ་སོགས་གནོད་བྱེད་དང་། །ཚུལ་འཆོས་སྤྱོད་ལམ་གང་ཡིན་དང་། །རྒྱང་འཕེན་ཚིག་གིས་ཤེས་ཁེངས་དང་། །ཁ་ན་མ་ཐོ་བཅས་དགེ་བྱེད། །དེ་དག་སྟོན་པར་བྱེད་པ་སྟེ། །བསླབ་
དང་མཐུན་པའི་ཆོས་ལྔ་ནི། །དེ་ལས་བཟློག་པར་ཤེས་པར་བྱ། །དེ་དང་ལྡན་པའི་ཆོས་ལྔ་ནི། །ཚུལ་ཁྲིམས་ཕུང་པོ་སྲུང་འགྱུར་ཏེ། །ལེགས་པར་ངེས་འབྱུང་གང་ཡིན་དང་། །འདྲི་དང་སོ་སོར་རྟོག་པ་དང་། །གཉེན་པོ་སྒོམ་པར་བྱེད་པ་དང་། །དད་པ་ཡིན་ཏེ་དེ་ལ་ཡང་། །
དང་པོ་ལ་བརྟེན་གཞན་དག་བྱེད། །དེ་དག་ལྟུང་བ་མི་འབྱུང་སྟེ། །མི་ཤེས་ལ་སོགས་གོ་རིམས་བཞིན། །འདུལ་བ་ཉེར་ཞི་ཆོས་ལྔ་སྟེ། །དེས་པ་དང་ནི་སྤང་བ་དང་། །སྤོང་བའི་ཡན་ལག་བསྙེན་བཀུར་དང་། །རྩོད་པ་ཉེ་བར་ཞི་བ་ཡིན། །ལུས་སོགས་མི་འདོད་སྤྱོད་པ་དང་། །དགེ་
เล่ม ๑๓๒ · หน้า 4a
འདུན་མི་མཉམ་སྤྱོད་པ་དང་། །ཚུལ་ཁྲིམས་ལྟ་བ་མི་མཐུན་ཕྱིར། །སྡུག་བསྔལ་གནས་པས་དེ་བཟློག་དྲུག །གནས་དང་གདམས་ངག་སྒྲུབ་པ་དང་། །ཚོགས་རྣམས་ཕུན་སུམ་ཚོགས་པ་ལས། །བརྩམས་ནས་འཁོར་ལོ་བཞི་གསུངས་ཏེ། །ཡང་དག་སྨོན་ལམ་རྣམ་པ་
ལྔ། །མཐུན་པར་འཛིན་པ་ཉིད་དང་ནི། །མི་མཐུན་སྒྲུབ་པ་མ་ཡིན་དང་། །བདག་ཉིད་སྨྲ་དང་ཆོག་ཤེས་དང་། །སྤོང་ལ་སོགས་པ་དགའ་སྒོམ་ཡིན། །སྔོན་དུ་བསོད་ནམས་བྱས་པ་དང་། །འབྲས་བུའི་ཕན་ཡོན་རྣམ་ལྔ་སྟེ། །རྣམ་སྨིན་གཉིས་ལ་གནས་པ་དང་། །དེ་ཡང་རྣམ་བརྒྱད་རྣམ་
པ་གཅིག །གདུགས་སོགས་བར་ཆད་མི་བྱེད་དང་། །རང་བཞིན་གྱིས་ནི་དགེ་རྣམས་ལ། །སེམས་ནི་འཇུག་པར་འགྱུར་བ་དང་། །སྡིག་ལས་འཛེམ་པར་བྱེད་པ་དང་། །ལས་མཐའ་ལེགས་པར་གྲུབ་པ་སྟེ། །ཞི་གནས་དང་ནི་ལྷག་མཐོང་གི །ཤིང་རྟའི་འཁོར་ལོ་བཞི་ཡིན་ཏེ། །དེ་དག་
མེད་ན་བསྲུང་མི་འགྱུར། །སྤོང་བའི་ཡན་ལག་རྣམ་ལྔ་སྟེ། །ཐོབ་པར་བྱ་བ་ཡིད་ཆེས་དང་། །བདག་ཉིད་སྨྲ་ལ་སྤྲོ་གཉིས་དང་། །དོན་ཤེས་ནུས་པ་ཉིད་རྣམས་སོ། །ཡོན་ཏན་ཕན་ཡོན་ཡིད་ཆེས་དང་། །རྗེས་སུ་མཐུན་པས་བསྒྲུབ་པ་དང་། །རྒྱལ་མཚན་བ་དན་གདུགས་སོགས་
ཀྱིས། །བསྙེན་བཀུར་རྣམ་གསུམ་རིག་པར་བྱ། །རྩོད་པ་དེ་ཡང་རྣམ་བཞི་སྟེ། །གཞན་གྱིས་གླེང་ཞེས་བྱ་བ་དང་། །ཕན་ཚུན་ཐེ་ཚོམ་ཟ་བ་དང་། །བདག་དང་ཕན་ཚུན་གླེང་བའོ། །དེ་དག་ཉེར་ཞི་རྣམ་བཞི་སྟེ། །དགེ་འདུན་རྟེན་དང་དག་སྦྱིན་དང་། །ངོ་བོ་ཉིད་མང་ཚོལ་བ་དང་། །ཡང་
དག་བཤགས་པ་འཆགས་པ་ཡིན། །འདུལ་བའི་བསླབ་པ་བརྩོན་པ་ཡིས། །གནས་ལྔ་ཡོངས་སུ་ཤེས་བྱ་སྟེ། །དངོས་པོ་དང་ནི་ལྟུང་བ་དང་། །གང་ཟག་རྫས་བླང་གནོད་པའོ། །དངོས་པོ་ཕུང་སོགས་ཤེས་པར་བྱ། །ལྟུང་བ་རྣམ་པ་ལྔ་ཡོད་དེ། །གཞི་དང་ཀུན་ནས་སློང་བ་དང་། །
དངོས་དང་སྦྱོར་དང་མཐའ་ལས་སོ། །ལྟུང་བ་ལྷག་བཅས་ལ་སོགས་པ། །རྣམ་པ་བཅུ་གཉིས་ཤེས་པར་བྱ། །གང་ཟག་རྣམ་ལྔར་ཤེས་བྱ་སྟེ། །དེ་ནི་དཔྱད་པའི་དབྱེ་བ་དང་། །རིགས་ཀྱི་དེ་ནི་དབྱེ་བ་དང་། །སྡེ་པ་མཐོ་དམན་དབྱེ་བ་དང་། །འཐོབ་པ་དང་ནི་རྟག་པ་ཡིན། །རྫས་བླང་བ་
เล่ม ๑๓๒ · หน้า 4b
ནི་རྣམ་གསུམ་སྟེ། །རྙེད་དང་བསླང་དང་བསྐྲད་པའོ། །སྨྱོན་པའི་སྤྱོད་དང་འདྲ་བ་ཡི། །གནོད་པ་རྣམ་ལྔར་ཤེས་བྱ་སྟེ། །ཤི་བའི་རྗེས་སུ་མྱ་ངན་དང་། །སེར་སྣས་བདག་ཉིད་གདུང་བྱེད་ཅིང་། །སེར་སྣའི་དྲི་མ་རྣམ་བརྒྱད་དང་། །ཡན་ལག་འཆག་པས་གདུང་བ་དང་། །མཐོ་རིས་
རྣམ་དག་འདོད་པ་ཡིས། །ལུས་གདུང་བྱེད་པ་གང་ཡིན་པའོ། །དད་འགྱུར་འཕེལ་བར་འགྱུར་བ་ཡི། །ཕུན་སུམ་ཚོགས་པའི་ཆོས་ལྔ་སྟེ། །ཚུལ་ཁྲིམས་ལ་སོགས་རྣམ་བཞི་དང་། །ཕན་ཚུན་རྩོད་པ་མེད་པ་ཡིན། །ལྟ་བ་ཕུན་ཚོགས་སྒྲོ་འདོགས་དང་། །སྐུར་འདེབས་མཆོག་
འཛིན་རྣམ་གཉིས་དང་། །དགེ་མཚན་བདེན་དང་གཙང་སོགས་པའི། །ལྟ་ལ་སོགས་པ་སྤངས་པའོ། །རྩོད་མེད་རྩ་དྲུག་སྤངས་པ་ཡིན། །རྩོད་པའི་གཞི་ཡང་རྣམ་དྲུག་སྟེ། །གནོད་པ་བྱེད་དུ་དོགས་པའི་ཕྱིར། །རང་གི་ཉེས་པ་འཆབ་བྱེད་ཅིང་། །ང་རྒྱལ་གྱིས་ནི་ཚར་བཅད་ནས། །རྙེད་
དང་བཀུར་སྟི་རྒྱུ་བག་སྤྱོད། །ལྷག་ཁྲིམས་ལྷག་པའི་སེམས་ལ་སོགས། །རྒུད་ཅིང་གཞན་དུ་འགྱུར་བ་ཡིན། །སྦྱོར་བ་དང་ནི་བསམ་པ་དང་། །རྟོགས་པ་དང་ནི་ཤེས་པ་དང་། །གནས་པར་གྱུར་པའི་སྟོབས་ཀྱིས་ནི། །ཡང་དག་སྦྱོར་བ་ཕུན་ཚོགས་འགྱུར། །གཞི་བསྡུ་བ་ལས་འདུལ་
བའི་ཚིག་ལེའུར་བྱས་པའི་མདོ་རྫོགས་སོ།། ༄༅། །ད་ནི་དེ་ཉིད་ཀྱི་བཤད་པ་བརྩམ་པར་བྱ་སྟེ། །སྡོམ་ནི། །ཕན་ཡོན་སྡེ་ཚན་སྡུད་པ་དང་། །རྗེས་སྤྱོད་མི་མཐུན་མཐུན་པ་དང་། །ཉེར་ཞི་ཡོངས་ཤེས་རྣམ་ལྔ་དང་། །དད་འགྱུར་འཕེལ་བར་འགྱུར་བ་དང་། །སྟོབས་ལྔ་པོ་ནི་ཐ་
མ་ཡིན། །འདུལ་བ་གང་ཞེ་ན། མདོ་སྡེ་རྣམ་པ་བཞི་པོ་དེ་དག་ཉིད་ལས་སོ་སོ་ཐར་པའི་མདོའི་མ་མོར་རྒྱ་ཆེར་བརྒྱུད་དེ་འོངས་པ། དེ་བཞིན་གཤེགས་པས་གསུངས་པ། བསྔགས་པ་བསྟོད་པ་གང་ཡིན་པ་དེ་ནི་འདུལ་བ་ཞེས་བྱ་སྟེ། དེའི་མཚན་ཉིད་ཙམ་བསྡུས་ཏེ་བརྗོད་པར་བྱའོ། །དེ་བཞིན་
གཤེགས་པ་ནི་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་པ་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དེ། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་བཀུར་
เล่ม ๑๓๒ · หน้า 5a
བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་
ཕྱིར་དང་། །ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བསྡུ་བ་ལས་རྒྱ་ཆེར་འཆད་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་རིགས་བཞི་པོ་དད་པས་
ལེགས་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་རྣམས་བསྡུ་བ་ལས་བརྩམས་པ་ཡིན་ནོ། །དེ་ལྟར་རབ་ཏུ་བྱུང་བ་རྣམས་ལ་གཞི་དང་བཅས། ངེས་པར་འབྱུང་བ་དང་བཅས། ཕ་རོལ་གནོན་པ་དང་བཅས། ཆོ་འཕྲུལ་དང་བཅས་པའི་ཆོས་བསྟན་པས་རྗེས་སུ་འཇུག་པས་དགེ་འདུན་
ལེགས་པར་འགྱུར་བར་རིག་པར་བྱའོ། །གཞི་དང་བཅས་པ་ལ་སོགས་པའི་ཚིག་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་བསྟན་པ་བཞིན་དུ་རིག་པར་བྱའོ། །དགེ་འདུན་བདེ་བར་གནས་པ་བྱ་བ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ཡོ་བྱད་རྐྱེན་དུ་འབབ་པ་དག་
ཡོད་པ་དང་། ཆོས་མི་མཐུན་པའི་གང་ཟག་རྣམ་པར་བསྐྲད་པ་དང་། འགྱོད་པ་སྐྱེས་པ་སེལ་བ་དང་། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་། ཉོན་མོངས་པའི་བག་ལ་ཉལ་སྤོང་བས་སོ། །དེ་ལ་བདེ་བར་གནས་པར་བྱ་བ་དང་པོའི་དབང་དུ་མཛད་ནས་ནི། མངོན་
པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །གཉིས་པའི་དབང་དུ་མཛད་ནས་ནི་གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱའོ། །གསུམ་པའི་དབང་དུ་མཛད་ནས་
ནི། ངོ་ཚ་ཤེས་པ་རྣམས་བདེ་བ་ལ་གནས་པར་བྱ་བའི་ཕྱིར་ཞེས་བྱའོ། །བཞི་པའི་དབང་དུ་མཛད་ནས་ནི་ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱའོ། །ལྔ་པའི་དབང་དུ་མཛད་ནས་ནི་ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱའོ། །ཐོབ་པ་རྣམས་བདེ་བར་
เล่ม ๑๓๒ · หน้า 5b
གནས་པར་འགྱུར་བ་དང་། མ་ཐོབ་པ་ལ་ཞུགས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཕྱིར་ངའི་ཚངས་པར་སྤྱོད་པ་སྐྱེ་བ་མང་པོ་ལ་ཕན་པ་དང་། ཡངས་པར་འགྱུར་བ་དང་། ལྷ་དང་མི་རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ཞེས་བྱ་བ་གསུངས་
སོ། །དེ་དག་ཐམས་ཅད་མདོར་བསྡུ་ན། དང་པོ་བསྡུ་བ་དང་། ལེགས་པར་བསྡུ་བ་དང་། བསྡུས་པ་རྣམས་བདེ་བར་གནས་པར་བྱ་བ་དང་། མ་འོངས་པ་མ་བསྡུས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། དེ་ནི་རྣམ་གྲངས་གཞན་ཡིན་ནོ། །ལྟུང་བའི་སྡེ་
ཚན་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་སོ། །ཉེས་པ་སྦོམ་པོ་གང་ཡིན་པ་དང་། མ་ངེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དུ་འདུས་པར་ཅི་རིགས་པར་བྱའོ། །ལྟུང་བ་ལས་
བསླང་བའི་སྡེ་ཚན་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། ཕམ་པ་མ་གཏོགས་པ་དེ་ལས་གཞན་པའི་ལྟུང་བ་བཞི་པོ་དག་ལས་བསླང་བ་དེ་དག་ནི་བསླང་བའི་སྡེ་ཚན་བཞི་པོ་དག་ཡིན་ནོ། །ལྟུང་བའི་སྡེ་ཚན་དང་པོ་ལས་ཀྱང་བསླང་བ་ཡོད་མོད་ཀྱི་དེ་ནི་གང་ཟག་གི་བྱེ་བྲག་ཙམ་ཉིད་ལ་བརྟེན་
པ་ཡིན་གྱི་ཐམས་ཅད་ཁྱད་པར་མེད་པ་མ་ཡིན་པས་དེའི་ཕྱིར་དེ་ལ་བསླང་བའི་སྡེ་ཚན་ནི་མགོ་གཅིག་ཏུ་རྣམ་པར་མི་གཞག་གོ། །དེ་ལ་ལྟུང་བའི་སྡེ་ཚན་ཐམས་ཅད་ལ་མདོར་བསྡུ་ན། ཉེས་པ་བཅོ་ལྔས་ལྟུང་བ་ཐམས་ཅད་རྣམ་པར་གཞག་པར་རིག་པར་བྱའོ། །བཅ་ལྔ་གང་ཞེ་ན།
དངོས་པོ་ལྕི་བའི་ཉེས་པ་དང་མི་ལྡན་པ་དང་ཆོག་མི་ཤེས་པའི་ཉེས་པ་དང་། གཞན་དག་དང་གནས་སྐབས་བྱེད་པའི་ཉེས་པ་དང་། མ་དད་པ་དད་པར་མི་འགྱུར་ཞིང་དད་པ་གཞན་དུ་འགྱུར་བའི་ཉེས་པ་དང་། དོན་མང་ཞིང་བྱ་བ་མང་བའི་ཉེས་པ་དང་། ལྷག་པར་ཆགས་པའི་ཉེས་པ་དང་།
གཞན་ལ་ཐོ་འཚམས་པའི་ཉེས་པ་དང་། གནོད་པ་ཀུན་ནས་སློང་བའི་ཉེས་པ་དང་། བདེ་འགྲོར་འགྲོ་བའི་བར་དུ་གཅོད་པའི་ཉེས་པ་དང་། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པའི་ཉེས་པ་དང་། སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པ་ལེགས་པར་མི་སྤོང་བ་དང་། སྤོང་བའི་
เล่ม ๑๓๒ · หน้า 6a
ཉེས་པ་དང་། གནས་པར་བྱ་བ་མ་ཡིན་པ་དང་། གནས་པར་བྱ་བ་དང་གནས་པ་དང་མི་གནས་པར་བྱེད་པའི་ཉེས་པ་དང་། བསྙེན་བཀུར་བྱ་བ་དང་བསྙེན་བཀུར་མི་བྱ་བ་ལ་བསྙེན་བཀུར་མི་བྱེད་པ་དང་། བསྙེན་བཀུར་བྱེད་པའི་ཉེས་པ་དང་། གསང་བར་བྱ་བ་དང་
གསང་བར་མི་བྱ་བ་སྒྲོགས་པ་དང་འཆབ་པའི་ཉེས་པ་དང་། བསྟེན་པར་བྱ་བ་དང་བསྟེན་པར་མི་བྱ་བ་མི་བསྟེན་པ་དང་བསྟེན་པས་སོ། །དེ་ལ་ལས་དང་པོ་པ་ནི་ཕམ་པ་བཞི་པོ་དག་ལ་དངོས་པོ་ལྕི་བའི་ཉེས་པ་ཡོད་ཀྱང་ལས་དང་པོ་པས་གལ་ཏེ་འདི་ལྟར་ཆོས་འདི་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་
གཅོད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ཁོ་ན་ཤེས་པར་གྱུར་ན། སྲོག་གི་ཕྱིར་ཡང་འགལ་བར་མི་བྱེད་ན། འདི་ལྟ་སྟེ། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་ཉིད་ལ་བརྟེན་པའི་བསམ་པ་སྐྱོན་ཆགས་པ་མེད་པའི་ཕྱིར་ཀུན་ནས་དཀྲིས་པ་དྲག་པོའི་ཉེས་པ་ནི་མེད་པ་ཡིན་ནོ། །གང་ལ་བསམ་པ་ཆེས་སྟོབས་
དང་ལྡན་པ་ལ་དངོས་པོ་དེ་ལྟ་མ་ཡིན་ན་དེ་ལ་ནི་ལྟུང་བ་མེད་པ་ཁོ་ན་ཡིན་ནོ། །གང་ལ་བསམ་པ་སྟོབས་དང་ལྡན་པ་ཁོ་ནའི་ཕྱིར་ལྟུང་བ་དང་བཅས་པ་ལ་ཉེས་པ་བྱུང་ཡང་འཆབ་པའི་སེམས་ཅིག་ཀྱང་སྐྱེད་པར་མི་བྱེད་ན་དེ་ཡང་ལྡང་ཞིང་དགེ་སྦྱོང་གི་འབྲས་བུ་རྣམས་ཀྱི་སྐལ་བ་དང་ལྡན་པ་ཡིན་ནོ། །
དེ་ལས་གཞན་པ་ནི་ཉེས་པ་ལྕི་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པའི་ཀུན་ནས་དཀྲིས་པ་དྲག་པོའི་ཉེས་པ་དང་ལྡན་པར་རིག་པར་བྱ་སྟེ། །ལྕི་བ་གཉིས་དང་ལྡན་པའི་ཕྱིར་བསླང་བར་མི་རུང་བའི་ཆོས་ཅན་དང་། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་ནོ། །དེ་ལ་བཅོམ་
ལྡན་འདས་ཀྱིས་གནང་བའི་ཆོས་གོས་དང་། ལྷུང་བཟེད་ལ་སོགས་པ་བྱིན་གྱིས་བརླབས་པ་དང་། བརྟགས་ཏེ་ཡོངས་སུ་ལོངས་སྤྱད་པར་བྱ་བ་གང་དག་ཡིན་པ་དེ་དག་དང་ཐམས་ཅད་ཀྱི་ཐམས་ཅད་དུ་འབྲལ་བ་དང་། བརྟག་པ་མེད་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ལས་དེ་ལྟ་
བུ་དང་ལྡན་པའི་ལྟུང་བ་གང་ཡིན་པ་དེ་ནི་མི་ལྡན་པ་དང་ཆོག་མི་ཤེས་པའི་ཉེས་པ་ལ་བརྟེན་ཏེ། བཅའ་བ་མཛད་དོ། །ཉེ་དུ་མ་ཡིན་པའི་དགེ་སློང་ལ་ལས་ཆོས་གོས་ལེན་པ་དང་སྦྱིན་པ་དང་གཅིག་དང་ལྷན་ཅིག་འདུག་པ་དང་། དུས་མ་ཡིན་པ་དང་། དགེ་སློང་གི་དགེ་འདུན་གྱིས་མ་བསྐོས་
เล่ม ๑๓๒ · หน้า 6b
པར་སྟོན་པ་དང་། དེ་བཞིན་དུ་ལམ་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་གཞན་དུ་ལམ་དུ་འཇུག་པ་དང་། དེ་ལྟ་བུ་དང་མཐུན་པ་དག་ལ་ནི་གཞན་དག་དང་གནས་སྐབས་བྱེད་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །གྲོང་གི་ཉེ་འཁོར་དུ་ཆོ་ག་ཚུལ་དང་མི་མཐུན་པས་བསོད་སྙོམས་ཡོངས་
སུ་ལོངས་སྤྱོད་པར་བྱེད་པ་དང་། འདུག་པ་དང་། ལག་པ་དང་། ལྷུང་བཟེད་བཀྲུ་བ་དང་། མགྲོན་དུ་བོས་ནས་ཟས་ཀྱི་སྔ་རོལ་དང་། ཟས་ཟོས་ཀྱི་འོག་ཏུ་ཁྱིམ་པ་འདུག་པ་ལ་མ་བསྒོ་བར་ཁྱིམ་རྣམས་སུ་རྒྱུ་བར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པ་དག་ལ་ནི་མི་དད་པ་དད་པར་མི་འགྱུར་ཞིང་དད་པ་
གཞན་དུ་འགྱུར་བའི་ཉེས་པ་ཡིན་པར་རིག་པར་བྱའོ། །གསེར་དངུལ་ལ་འཛིན་པ་དང་། ཉོ་ཚོང་རྣམ་པ་སྣ་ཚོགས་པ་དང་། ཟོང་སྒྱུར་གྱི་ཚོང་པ་དང་། མོན་དར་སར་པའི་སྟན་བྱེད་པ་ལ་སོགས་པ་ལ་ནི་དོན་མང་ཞིང་བྱ་བ་མང་བའི་ཉེས་པ་ཡིན་པར་རིག་པར་བྱའོ། །ཉམས་ཤིང་གྱུར་པའི་སེམས་
ཀྱིས་བསམས་བཞིན་དུ་ཁུ་བ་འབྱིན་པ་དང་། བུད་མེད་ཀྱི་ལག་པ་དང་དཔུང་པ་ལ་སོགས་པ་ནས་འཛིན་པ་དང་། སྨྱན་བྱེད་པ་དང་། དེ་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ཉེ་དུ་མ་ཡིན་པ་དག་ལས་ཆོས་གོས་ལ་སོགས་པ་ལྷག་པ་དང་། བཟང་པོ་ཡོངས་སུ་ཚོལ་བ་ལ་སོགས་པ་ལ་ནི་ལྷག་
པར་ཆགས་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །རྩ་བ་མེད་པ་དང་། དེ་ལས་གཞན་པ་བག་ཙམ་གྱི་ཆ་དང་མཐུན་པའི་ཆོས་ཀྱིས་གཞན་ལ་སྐུར་པ་འདེབས་པ་དང་། དགེ་སློང་ཕྲ་མ་ཟེར་བ་དང་། མི་ལ་སྨོད་པ་ལ་སོགས་པ་ལ་ནི་གཞན་ལ་ཐོ་འཚམས་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །
དཔག་ཚད་གསུམ་ལས་ལྷག་པར་ལུག་གི་བལ་དག་ཁུར་དུ་ཁྱེར་བ་དང་། ཁུར་ཧ་ཅང་ལྕི་བ་ཁྱེར་བ་དང་། ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པ་ལ་སོགས་པ་ལ་ནི་གནོད་པས་ཀུན་ནས་སློང་བའི་ཉེས་པ་ཡིན་པར་རིག་པར་བྱའོ། །དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བ་ལ་སོགས་
པ་ལ་ནི་བདེ་འགྲོར་འགྲོ་བའི་བར་དུ་གཅོད་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །བདག་ལ་ཚིག་མ་སྨྲ་ཤིག་ཅེས་ཟེར་བ་ལ་སོགས་པ་ལ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །དགེ་འདུན་གྱི་མལ་སྟན་བླ་གབ་མེད་པར་བཏིང་ནས་ཡལ་བར་བོར་ཏེ་འགྲོ་བ་ལ་
เล่ม ๑๓๒ · หน้า 7a
སོགས་པ་དང་། ལོག་པས་ཡོངས་སུ་ལོངས་སྤྱོད་པ་ལ་སོགས་པ་ནི་སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པ་ལེགས་པར་མི་སྤོང་བ་དང་། སྤོང་བའི་ཉེས་པ་ཡིན་པར་རིག་པར་བྱའོ། །དགེ་སློང་དང་དགེ་ཚུལ་ལྟ་བ་ལོག་པ་དང་། ལྷན་ཅིག་གནས་པ་དང་གནས་
སྦྱིན་པ་ལ་སོགས་པ་ལ་ནི་གནས་པར་མི་བྱ་བ་དང་གནས་པར་བྱ་བ་དང་གནས་པ་དང་མི་གནས་པར་བྱེད་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །བསྒོ་བ་བཅག་པ་དང་། འཕྱ་བའི་མཚན་ཉིད་དང་། བསྙེན་བཀུར་མི་བྱེད་པས་སོ་སོར་ཐར་པ་ཉན་པ་ལ་སོགས་པ་དག་ནི་བསྙེན་བཀུར་བྱ་བ་དང་།
བསྙེན་བཀུར་མི་བྱ་བ་ལ་སོགས་བསྙེན་བཀུར་མི་བྱེད་པ་དང་བསྙེན་བཀུར་བྱེད་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་ཡང་དག་པར་སྒྲོགས་པ་དང་། དགེ་སློང་གི་གནས་ངན་ལེན་དང་ལྟུང་བ་འཆགས་པ་ལ་སོགས་པ་ལ་ནི་གསང་བར་བྱ་བ་དང་།
གསང་བར་མི་བྱ་བ་སྒྲོགས་པ་དང་། འཆབ་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །ཆོས་གོས་ལ་སོགས་པ་མ་བརྟགས་པར་ཡོངས་སུ་ལོངས་སྤྱོད་པ་ལ་སོགས་པ་ལ་ནི་བསྟེན་པར་བྱ་བ་དང་བསྟེན་པར་མི་བྱ་བ་མི་བསྟེན་པ་དང་བསྟེན་པའི་ཉེས་པ་ཡིན་པར་རིག་པར་བྱའོ། །ཉེས་པ་བཅོ་ལྔ་
པོ་འདི་དག་ལྟུང་བ་ཁ་ཅིག་ལ་ནི་རབ་ཏུ་མང་ལ། ཁ་ཅིག་ལ་ནི་གཉིས་ཡོད། ཁ་ཅིག་ལ་ནི་གཅིག་ཡོད་པར་རིག་པར་བྱའོ། །འདུལ་བ་སྡུད་པ་བྱེད་པའི་ཆོས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་
དང་། དགག་པ་དང་། གནང་བ་དང་། སྒྲུབ་པའོ། །དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གང་ཞེ་ན། རང་བཞིན་གྱིས་མི་དགེ་བ་གང་ཡིན་པ་སྟེ། བདག་ཀུན་ནས་ཉོན་མོངས་ཤིང་གཞན་ལ་ཉམ་ང་བ་དང་། གཞན་ཀུན་ཉོན་མོངས་པ་དང་། གཞན་ལ་གནོད་པར་འགྱུར་བ་དང་།
བདག་ལ་ཀུན་ནས་ཉོན་མོངས་པས་གནོད་པར་འགྱུར་བ་བདག་ལ་ཀུན་ནས་ཉོན་མོངས་ཤིང་གནོད་པར་འགྱུར་བ་དང་། བདག་དང་གཞན་ལ་ཀུན་ནས་ཉོན་མོངས་ཤིང་གནོད་པར་འགྱུར་བ་གང་ཡིན་པ་སྟེ། མ་བཅད་པ་ལ་སྤྱོད་པ་ངན་འགྲོར་འགྲོ་བར་འགྱུར་བ་དང་། བཅད་པ་ལ་སྤྱོད་པ་དགེ་
เล่ม ๑๓๒ · หน้า 7b
སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་འགྱུར་བའོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་རྟགས་མི་མཐུན་པ་ཉིད་ཀྱི་ཕྱིར་དང་། དམ་པའི་ཆོས་ལ་གུས་པར་བྱས་པ་དང་། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་མཐུན་པ་དང་། གཞན་གྱི་སེམས་བསྲུང་བ་དང་།
བདེ་འགྲོ་དང་། སྲོག་དང་། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་ཉིད་ཡིན་པའི་ཕྱིར་སྤངས་པ་གང་ཡིན་པ་དེ་ལ་སྤྱོད་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱའོ། །དགག་པ་གང་ཞེ་ན། ངན་འགྲོར་འགྲོ་བར་འགྱུར་བ་དང་། བདེ་འགྲོར་འགྲོ་བའི་བར་དུ་གཅོད་པར་འགྱུར་བ་དང་། ཆོས་ཀྱི་རྙེད་པའི་བར་དུ་གཅོད་པ་དང་། སྲོག་གི་
བར་དུ་གཅོད་པ་དང་། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་གང་ཡིན་པ་དེ་ལ་སྤྱོད་པ་དེ་བཞིན་གཤེགས་པས་དགག་པ་མཛད་པའོ། །གནང་བ་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་གང་ཞེ་ན། སྒྲུབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ལྟུང་བ་དང་ལྟུང་བ་མེད་པ་དང་། ལྟུང་
བ་ལས་བསླང་བའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལོག་པར་སྒྲུབ་པ་དང་། ཡང་དག་པར་སྒྲུབ་པའོ། །དེ་ལ་ལྟུང་བ་ནི་ལོག་པར་སྒྲུབ་པ་ཡིན་ལ། ལྟུང་བ་མེད་པ་དང་ལྟུང་བ་ལས་བསླང་བ་ནི་ཡང་དག་པར་སྒྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལྟུང་བ་ཇི་ལྟར་འབྱུང་ཞེ་ན།
བྱ་བ་མི་བྱེད་པའི་ཕྱིར་མི་སྦྱོར་བ་དང་། མི་བྱ་བ་བྱེད་པའི་ཕྱིར་སྦྱོར་བ་དང་བཅས་པའི་ལྟུང་བ་འབྱུང་ངོ་། །དེ་དག་ཀྱང་རྒྱུ་རྣམ་པ་བཞིས་འབྱུང་སྟེ། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པ་ལས་སོ། །ཇི་ལྟར་མི་ཤེས་པ་ལས་འབྱུང་ཞེ་ན། འདི་ལྟར་འདི་ན་
ལ་ལས་ལྟུང་བ་མ་ཐོས་ཤིང་མ་རྟོགས་པས་དེ་བློ་མ་བྱང་བའི་ཕྱིར་མི་ཤེས་པ་ལས་ལྟུང་བ་ལ་ལྟུང་བ་མེད་པར་འདུ་ཤེས་པས་ལྟུང་བ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་མི་ཤེས་པས་འབྱུང་བ་ཡིན་ནོ། །ཇི་ལྟར་ན་བག་མེད་པར་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱེད་པ་ཁོ་ན་ཡིན་
ཡང་བརྗེད་ངས་པར་གནས་ཤིང་ཤེས་བཞིན་མ་ཡིན་པར་གནས་པས་དེ་དྲན་པ་ཉེ་བར་མི་གནས་པས་ལྟུང་བ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་བག་མེད་པས་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཉོན་མོངས་པས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཁོ་ན་ཡིན་ཡང་། དེ་ནི་འདོད་
เล่ม ๑๓๒ · หน้า 8a
ཆགས་དང་། ཞེ་སྡང་དང་། གཏི་མུག་ཤས་ཆེ་བའི་རང་བཞིན་ཅན་ཡིན་པས། དེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཤས་ཆེན་པོ་དེས་འདི་ནི་བྱ་བ་མ་ཡིན་ནོ། །ཞེས་བྱ་བར་ཤེས་ཀྱང་རང་དབང་མེད་པས་ཉོན་མོངས་པ་རྣམས་ཀྱི་ལྟུང་བ་འབྱུང་བར་འགྱུར་ཏེ།
དེ་ལྟར་ན་ཉོན་མོངས་པ་མང་བས་འབྱུང་བ་ཡིན་ནོ། །ཇི་ལྟར་ན་མ་གུས་པས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་དམན་པ་ལ་མོས་ཤིང་སྔོན་རྒྱུ་མ་སྤྱད་པ་ཡིན་པས་དེ་དམན་པ་ལ་མོས་པའི་ཕྱིར་དགེ་སྦྱོང་གི་ཚུལ་ལ་མི་ལྟ་ཞིང་མྱ་ངན་ལས་འདས་པ་དང་། ཆོས་དང་དགེ་
འདུན་ལ་གུས་པ་མེད་པ་དང་། རྗེས་མེད་པ་དང་། ངོ་ཚ་མེད་པ་དང་། བསླབ་པ་མི་འདོད་པ་དང་། མ་གུས་པས་ཅི་འདོད་དགུར་ལྟུང་བ་འབྱུང་བར་འགྱུར་རོ། །དེ་ལ་མི་ཤེས་པ་དང་བག་མེད་པ་གཉིས་ཀྱིས་ནི་ཉོན་མོངས་པ་ཅན་མ་ཡིན་ལ། ཉོན་མོངས་པ་མང་བ་དང་མ་གུས་པ་གཉིས་ཀྱིས་ནི་ཉོན་
མོངས་པ་ཅན་གྱི་ལྟུང་བ་ཡིན་པར་རིག་པར་བྱའོ། །ལྟུང་བ་རྣམས་ཀྱི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ངོ་བོ་ཉིད་དང་། བྱེད་པ་དང་། བསམ་པ་དང་། གཞི་དང་། ཚོགས་པའོ། །དེ་ལ་ཕམ་པ་ནི་ལྟུང་བ་ཆེན་པོ་ཡིན་ནོ། །དགེ་འདུན་ལྷག་མ་ནི་འབྲིང་
ངོ་། །དེ་ལས་གཞན་པ་ནི་ལྟུང་བ་ཆུང་ངུ་ཡིན་ནོ། རྣམ་གྲངས་གཞན་ཡང་ཕམ་པ་དང་། དགེ་འདུན་ལྷག་མ་རྣམས་ནི་ལྕི་བའོ། །ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་ནི་འབྲིང་ངོ་། །ཉེས་བྱས་ནི་ཡང་བ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ངོ་བོ་ཉིད་ལས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཡིན་
པར་རིག་པར་བྱའོ། །དེ་ལས་མི་ཤེས་པས་བྱས་པ་གང་ཡིན་པ་དང་། བག་མེད་པ་གང་ཡིན་པ་དེ་ནི་ལྟུང་བ་ཆུད་པ་ཡིན་ནོ། །ཉོན་མོངས་པ་མང་བས་བྱས་པ་གང་ཡིན་པ་དེ་ནི་ལྟུང་བ་འབྲིང་ཡིན་ནོ། །མ་གུས་པས་བྱས་པ་གང་ཡིན་པ་དེ་ནི་ལྟུང་བ་ཆེན་པོར་རིག་པར་བྱ་སྟེ། དེ་ལྟར་ན་བྱེད་པ་ལས་ཆུང་
ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པ་གང་ཡིན་པ་དེ་ནི་ཆུང་ངུར་རིག་པར་བྱའོ། །འབྲིང་གིས་བྱས་པ་གང་ཡིན་པ་དེ་ནི་འབྲིང་ངོ་། །ཆེན་པོས་བྱས་པ་གང་ཡིན་པ་དེ་ནི་ཆེན་པོ་
เล่ม ๑๓๒ · หน้า 8b
ཡིན་ཏེ། དེ་ལྟར་ན་བསམ་པ་ལས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །བསམ་པ་མཚུངས་པས་གཞི་རང་བཞིན་གཅིག་པ་ལ་བྱས་ཀྱང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་དུ་འགྱུར་བ་ཡང་ཡོད་པ་ཉིད་དུ་རིག་པར་བྱའོ། །འདི་ལྟ་སྟེ། ཞེ་སྡང་གིས་ཀུན་ནས་དཀྲིས་
པ་མཚུངས་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་བསམས་བཞིན་དུ་བསད་ན་ནི་ལྟུང་བྱེད་ཡིན་ལ། མིའམ་མིར་ཆགས་པ་ཕ་ཡང་མ་ཡིན་མ་ཡང་མ་ཡིན་པ་བསད་ན་ནི་ཕམ་པ་ཡིན་ལ། མཚམས་མེད་པར་ནི་མི་འགྱུར་རོ། །ཞེ་སྡང་གིས་ཀུན་ནས་དཀྲིས་པ་མཚུངས་པ་ཕའམ་
མ་བསད་ན་ནི་ཕམ་པ་ཡང་ཡིན་ལ་མཚམས་མེད་པར་འགྱུར་བར་ཡང་རིག་པར་བྱ་སྟེ། དེ་ལྟར་ན་གཞིའི་རྣམ་པ་ལས་ལྟུང་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་སོགས་པ་ལས་ནི་འདི་ལྟར་འདི་ན་ལ་ལ་ལྟུང་བ་གཅིག་དང་གཉིས་དང་གསུམ་ནས་ལྔའི་བར་དུ་
བྱུང་ཡང་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དེ་ནི་ཚོགས་པ་ལས་ལྟུང་བ་ཆུང་བ་ཡིན་ནོ། །དེ་ཡན་ཆད་ལྟུང་བ་བཅུའམ། ཉི་ཤུའམ། སུམ་ཅུའམ། ཤེས་པར་བྱ་བར་ནུས་པའི་བར་དུ་བྱུང་བ་ལ་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དེ་ནི་ཚོགས་པ་ལས་ལྟུང་བ་འབྲིང་ཡིན་པར་རིག་པར་བྱའོ། །ལྟུང་བ་དཔག་
ཏུ་མེད་པ་བྱུང་བ་བདག་ལ་ལྟུང་བ་འདི་སྙེད་ཅིག་བྱུང་ངོ་ཞེས་ཤེས་པར་བྱ་བར་མི་ནུས་པ་གང་ཡིན་པ་དེ་ནི་ཚོགས་པ་ལས་ལྟུང་བ་ཆེན་པོ་ཡིན་པར་རིག་པར་བྱའོ། །བྱ་བ་གང་ཞེ་ན། གང་མི་བྱེད་པའི་ཕྱིར་མི་སྦྱོར་བ་ལས་ལྟུང་བ་འབྱུང་བ་སྟེ། མདོར་བསྡུ་ན་བྱ་བ་ནི་རྣམ་པ་ལྔ་སྟེ། ཚོགས་ཀྱི་བྱ་བ་
དང་། རྣམ་པར་དག་པའི་བྱ་བ་དང་། གྲོང་གི་བྱ་བ་དང་། དགེ་བའི་ཕྱོགས་ཀྱི་བྱ་བ་དང་། འཕྲལ་གྱི་བྱ་བའོ། །དེ་ལ་ཚོགས་ཀྱི་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་ཚོགས་རྣམ་པ་བཅུ་གསུམ་བསྟན་པ་ཡིན་ནོ། །རྣམ་པར་དག་པའི་བྱ་བ་ཡང་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ཉིད་དུ་ཡིད་ལ་བྱེད་
པ་བསྒོམ་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །གྲོང་གི་བྱ་བ་ནི་བདག་ཉིད་ཀྱི་ཆོས་གོས་ལ་སོགས་པའི་ཕྱིར་གྲོང་དུ་འཇུག་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་རམ། མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་
เล่ม ๑๓๒ · หน้า 9a
ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་གྲོང་དུ་འཇུག་པའོ། །དགེ་བའི་ཕྱོགས་ཀྱི་བྱ་བ་ནི་ཚོགས་ཀྱི་བྱ་བའམ། རྣམ་པར་དག་པའི་བྱ་བ་གང་ཡིན་པ་དེ་ཉིད་ལས་བརྩམས་ནས་དགེ་བའི་ཕྱོགས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཡང་དག་པར་འཇུག་པའོ། །འཕྲལ་
གྱི་བྱ་བ་ནི་ལྷུང་བཟད་དང་ཆོས་གོས་ཀྱི་ལས་དང་། མཁན་པོ་དང་། སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པ་དང་། ནད་པ་ལ་སོགས་པའི་བྱ་བ་དག་ཡིན་པར་རིག་པར་བྱའོ། །དེ་དག་ལས་བཟློག་པར་བྱ་བ་ལྔ་པོ་དེ་ཉིད་ཀྱིས་མི་མཐུན་པ་རྣམ་པ་ལྔས་ནི་བྱ་བ་མ་ཡིན་པ་ལྔ་པོ་དག་ཅི་རིགས་
པར་རིག་པར་བྱའོ། །ལྟུང་བ་མེད་པ་གང་ཞེ་ན། རྒྱུ་ལྔ་ཁོ་ནས་ལྟུང་བ་མི་འབྱུང་སྟེ། ལྔ་གང་ཞེ་ན་དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ་གནས་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་དེ་ནི་རྒྱུ་གཅིག་ཡིན་
ནོ། །གཞན་ཡང་དགེ་སྦྱོང་གི་ཚུལ་ལ་ཤས་ཆེར་ལྟ་བ་དང་། སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དད་པ་དང་གུས་པ་ཆེན་པོ་དང་། ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ཤས་ཆེར་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པ་དེ་ནི་གཉིས་པ་ཡིན་ནོ། །གཞན་ཡང་བྱ་བ་ཉུང་བ་དང་།
དོན་ཉུང་བ་དང་། ལས་ཀྱི་མཐའ་ཉུང་བ་དང་། འདུ་འཛི་ཉུང་བ་དེ་ནི་རྒྱུ་གསུམ་པ་ཡིན་ནོ། །གཞན་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བར་གནས་པ་དང་། བག་ཡོད་པས་ལྟུང་བ་དང་། ལྟུང་བ་མེད་པ་ལ་མཁས་པ་དང་། དགེ་བའི་ཕྱོགས་ལ་གཅིག་ཏུ་ངེས་པར་བྱེད་པ་དེ་ནི་རྒྱུ་
བཞི་པ་ཡིན་ནོ། །གཞན་ཡང་ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་དེ་ནི་རྒྱུ་ལྔ་པ་ཡིན་པར་རིག་པར་བྱ་སྟེ། རྒྱུ་ལྔ་པོ་དེ་དག་གི་དང་པོ་ཉིད་ལ་ལྟུང་བ་མི་འབྱུང་ངོ་། །ལྟུང་བ་ལས་བསླང་བ་གང་ཞེ་ན། རྒྱུ་གསུམ་གྱིས་ལྡང་སྟེ། གསུམ་གང་
ཞེ་ན། འགྱོད་པ་ལྔ་བསྐྱེད་པ་དང་། ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་། རྣམ་པ་ལྔས་འགྱོད་པ་བསལ་བའོ། །འདི་ལྟར་འདི་ན་ལ་ལ་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་ན་རྒྱུ་ལྔས་འགྱོད་པ་སྐྱེད་པར་བྱེད་དེ། བདག་ཉིད་ལ་གཞི་འདིས་ཚུལ་ཁྲིམས་དག་གིས་སྨད་པར་འགྱུར་རོ་སྙམ་ནས་
เล่ม ๑๓๒ · หน้า 9b
འགྱོད་པ་སྐྱེད་པར་བྱེད་པ་དང་། གཞན་དང་ལྷ་དག་གིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་
པ་ཅན་གྱི་མི་བསྔགས་པའི་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་མངོན་པར་འཕེལ་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། གཞི་འདིས་བདག་ལུས་ཞིག་ནས་ངན་སོང་རྣམས་སུ་སྐྱེས་པར་གྱུར་ན་མི་རུང་ངོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པའོ། །ཡན་ལག་ལྔས་བསྡུས་པའི་
བག་ཡོད་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་སྔོན་གྱི་མཐའ་དང་ལྡན་པ་དང་། ཕྱི་མའི་མཐའ་དང་ལྡན་པ་དང་། དབུས་ཀྱི་མཐའ་དང་ལྡན་པ་དང་། དུས་སྔ་ནས་བྱ་བ་དང་། ལྷན་ཅིག་རྗེས་སུ་སྤྱོད་པ་ཞེས་བསྟན་པ་བཞིན་དུ་རིག་པར་བྱའོ། །རྣམ་པ་ལྔ་པོ་དག་གིས་འགྱོད་པ་སེལ་བར་བྱེད་ཅེ་ན། བཅོམ་
ལྡན་འདས་ཀྱིས་གཞི་དང་བཅས། ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་པས་ལྟུང་བ་ལས་ལྡང་བའི་སྐབས་ཡོད་དོ་སྙམ་ནས་འགྱོད་པ་སྐྱེས་པ་སེལ་བར་བྱེད་པ་དང་། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པ་གང་གིས་ལྟུང་བ་འབྱུང་བ་མི་
ཤེས་པ་དང་། མ་གུས་པའི་བར་དེ་ནི་སྤངས་ཤིང་ཤེས་པ་དང་། གུས་པའི་བར་དེ་ནི་ཡང་དག་པར་སྐྱེས་སོ་སྙམ་ནས་འགྱོད་པ་སྐྱེས་པ་སེལ་བར་བྱེད་པ་དང་། ལྟུང་བ་ལ་ཡང་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ལྷག་པའི་བསམ་པ་ཐག་པ་ནས་སེམས་སྐྱེས་སོ་སྙམ་ནས་འགྱོད་པ་སྐྱེས་པ་སེལ་བར་
བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་མདུན་དུ་སོ་སོར་བཤགས་ཟིན་ཏོ་སྙམ་ནས་འགྱོད་པ་སྐྱེས་པ་སེལ་བར་བྱེད་པ་དང་། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསླབ་པ་དང་འགལ་ན་འགྱོད་པར་བྱེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་
བ་དང་ལེགས་པ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་འགྱོད་པའི་རྒྱུན་སྒྲིབ་པའི་གནས་ལྟ་བུ་རྣམ་གྲངས་དུ་མར་སྨད་པ། བར་དུ་གཅོད་པར་བྱེད་པ་གང་ཡིན་པ་དེས་མང་དུ་གནས་ཤིང་དང་དུ་ལེན་པར་བྱེད་པ་སེལ་བར་མི་བྱེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་བ་དང་ལེགས་པ་མ་ཡིན་ནོ་སྙམ་དུ་
เล่ม ๑๓๒ · หน้า 10a
རིག་ནས་འགྱོད་པ་སྐྱེས་པ་སེལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ལྟུང་བ་ལས་ལྡང་བར་བྱེད་དོ། །འདུལ་བའི་རྗེས་སུ་སྤྱོད་པའི་ཆོས་ནི་ལྔ་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། །དགེ་སློང་འདུལ་བ་ལ་བརྩོན་པ་ནི་དེ་དག་ལ་རྗེས་སུ་སྤྱོད་པར་བྱེད་དོ། །ལྔ་གང་ཞེ་ན། གནས་པ་
དང་། གནས་དང་། རྟེན་དང་། ལོངས་སྤྱོད་དང་། ལས་ནི་ལྔ་པ་ཡིན་ནོ། །དེ་ལ་གནས་པ་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པ་ནི་འདུ་ཤེས་ཀྱི་གནས་པ་ལྔས་གནས་པར་བྱེད་དོ། །ལྔ་གང་ཞེ་ན། གྲོང་དུ་འཇུག་པ་ན་བཙོན་རར་འཇུག་པའི་འདུ་ཤེས་དང་། གཙུག་ལག་
ཁང་ན་རྟག་ཏུ་དགེ་སྦྱོང་གི་འདུ་ཤེས་དང་ལྡན། དེ་ལ་དགེ་སྦྱོང་གི་འདུ་ཤེས་ནི་འདི་ཡིན་ཏེ། བདག་ནི་ཁྱིམ་པའི་ཆ་ལུགས་སྤངས་ཤིང་ཁ་དོག་ངན་པ་ཁས་བླངས་པས་གཟུགས་མི་སྡུག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་ལས་གནས་ཉི་ཤུ་རྩ་གཉིས་ཇི་སྐད་གསུངས་པ་དག་ལ་སོ་
སོར་རྟོག་པ་ཡིན་ནོ། །ཟས་ལ་རྟག་པར་ནད་ཀྱི་གཉེན་པོའི་འདུ་ཤེས་དང་། རབ་ཏུ་དབེན་པ་ན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དང་། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལས་བརྩམས་ཏེ། ལོང་བ་དང་། འོན་པ་དང་། ལྐུགས་པར་འདུ་ཤེས་པ་དང་། ཉལ་བ་
ན་དགོན་པའི་རི་དགས་ལྟར་ཐུམ་ཕྲས་སུ་ཉལ་བའི་འདུ་ཤེས་ཀྱིས་ཏེ། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པ་ནི་འདུ་ཤེས་ཀྱི་གནས་ལྔ་པོ་དེ་དག་གིས་གནས་པར་བྱེད་དོ། །འདུ་ཤེས་ཀྱི་གནས་པ་དེ་དག་གིས་གནས་པ་ནི་རྒྱལ་པོ་ལ་འོས་པའི་གོས་དང་ཟས་དང་མལ་སྟན་གྱི་ལོངས་སྤྱོད་
ལ་གནས་པར་གནང་ཡང་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་སྦྱོར་བར་མི་འགྱུར་རོ། །གནས་གང་ཞེ་ན། གནས་ལྔ་སྟེ། དགེ་སློང་གི་གནས་དང་། དགེ་སློང་མའི་གནས་དང་། མུ་སྟེགས་ཅན་གྱི་གནས་དང་། ཀུན་ནས་ཉོན་མོངས་པ་ཅན་གྱི་གནས་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་
པའི་གནས་སོ། །དེ་ལ་དགེ་སློང་གི་གནས་ནི་གང་ན་དགེ་སློང་གསར་བུ་དང་། བར་མ་དང་གནས་བརྟན་དག་གནས་པའོ། །དགེ་སློང་མའི་གནས་ཀྱང་གང་ན་དགེ་སློང་མ་སྔ་མ་ལྟ་བུ་དང་། རྣམ་པ་གསུམ་པོ་དག་གནས་པའོ། །མུ་སྟེགས་ཅན་གྱི་གནས་ནི་གང་ན་མུ་སྟེགས་ཅན་གཅེར་བུ་དང་།
เล่ม ๑๓๒ · หน้า 10b
འཚོ་བ་པ་དང་། ཕྱུགས་བདག་པ་དང་། དེ་དག་ལ་སོགས་པ་རྣམ་པ་སྣ་ཚོགས་དག་གནས་པའོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་གནས་ནི་གང་ན་ལས་ཐམས་ཅད་མེད་པའམ། དེ་དག་ལས་ཁ་ཅིག་མེད་པའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གནས་ནི་གང་ན་ལས་ཐམས་ཅད་ཡོད་
པའོ། །དེ་ལ་དགེ་སློང་གི་གནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་འཁོར་སྙིང་པོ་ཅན་གནས་ལ། ཀུན་ནས་ཉོན་མོངས་པ་ཅན་ནི་འཁོར་སྙིགས་མ་ཅན་གནས་པར་རིག་པར་བྱའོ། །དེ་ལ་དགེ་སློང་དགེ་སློང་ཉིད་འདོད་པས་ནི་དགེ་སློང་གི་གནས་ཀུན་ནས་ཉོན་མོངས་པ་ཅན་བརྟགས་ཏེ། བཀུར་སྟི་
རབ་ཏུ་སྤངས་ནས་གནས་པར་མི་བྱེད་དོ། །གནོད་པ་བྱུང་ན་རེ་ཞིག་པའི་ཚུལ་དང་འགྲོན་ལམ་དུ་ཞུགས་ན་རེ་ཞིག་པའི་ཚུལ་དང་། དགེ་སློང་དེ་དག་ཉིད་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་དགོད་པར་བྱ་བའི་ཕྱིར་གནས་པ་ནི་མ་གཏོགས་སོ། །དགེ་སློང་མའི་གནས་སུ་ནི་
གནས་པར་མི་བྱ་བ་ཁོ་ན་ཡིན་ཏེ། སྔར་སྨོས་པའི་རྐྱེན་རྣམས་མ་གཏོགས་པ་ནི་སྔ་མ་བཞིན་ནོ། །མུ་སྟེགས་ཅན་གྱི་གནས་སུ་ཡང་དེ་བཞིན་ནོ། །དགེ་སློང་གི་གནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ནི་ཇི་སྲིད་འཚོའི་བར་དུ་བརྟགས་ཏེ་ཐ་ན་འཚོ་བ་ཙམ་གྱི་ཕྱིར་ཡང་གནས་པར་བྱའོ། །
དེ་ལྟར་དོགས་པར་འགྱུར་བ་དང་། རྟོག་པར་འགྱུར་བ་མེད་པའི་གནས་པ་དག་ཏུ་ནི་དགེ་སློང་དེ་གནས་ན་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དོགས་པ་དང་རྟོག་པར་མི་འགྱུར་རོ། །རྟེན་གང་ཞེ་ན། རྟེན་ཀྱང་ལྔ་སྟེ། ལྔ་གང་ཞེ་ན། གྲོང་སོགས་ལ་བརྟེན་པ་དང་། གནས་ལ་བརྟེན་
པ་དང་། གང་ཟག་ལ་བརྟེན་པ་དང་། ཆོས་གོས་ལ་སོགས་པ་ཡོ་བྱད་ལ་བརྟེན་པ་དང་། སྤྱོད་ལམ་ལ་བརྟེན་པའོ། །དེ་ལ་གྲོང་ངམ་གྲོང་ཁྱེར་ལ་བརྟེན་ཏེ་ཡུལ་གྱི་ཕྱོགས་གང་ན་གནས་པ་དེ་ནི་དེའི་གྲོང་ཚིགས་ལ་བརྟེན་པ་ཡིན་ནོ། །དགེ་འདུན་གྱི་ཀུན་དགའ་ར་བའམ་གཙུག་ལག་ཁང་
ངམ་ཁང་ཁྱིམ་མམ། འཆག་ས་ལས་ཉེ་བར་བརྟེན་ཅིང་གནས་པ་དེ་ནི་དེའི་གནས་ལ་བརྟེན་པ་ཡིན་ནོ། །སྦྱིན་བདག་གམ། སློབ་དཔོན་ནམ་མཁན་པོའམ། གླེང་བ་པོའམ། དྲན་པར་བྱེད་པའམ། འདོམས་པར་བྱེད་པའམ། རྗེས་སུ་སྟོན་པར་བྱེད་པའམ། ཆོས་སྟོན་པ་ལ་ཉེ་བར་
เล่ม ๑๓๒ · หน้า 11a
བརྟེན་ཅིང་གནས་པ་དེ་ནི་དེའི་གང་ཟག་ལ་བརྟེན་པ་ཡིན་ནོ། །ཆོས་གོས་ལ་སོགས་པའི་ཡོ་བྱད་ངན་པའམ། བཟང་པོ་ཇི་ལྟ་བུ་ལ་བརྟེན་ཅིང་གནས་པ་དེ་ནི་དེའི་ཆོས་གོས་ལ་སོགས་པའི་ཡོ་བྱད་ལ་བརྟེན་པ་ཡིན་ནོ། །དེ་དེ་ན་དུས་དུས་སུ་སྤྱོད་ལམ་རྣམ་པ་བཞིས་
ཅི་བདེ་བར་གོ་རིམས་བཞིན་དུ་གནས་པ་དེ་ནི་དེའི་སྤྱོད་ལམ་ལ་བརྟེན་པ་ཡིན་ཏེ། རྟེན་དེ་དག་ལ་བརྟེན་ཅིང་གནས་ན་བདག་ལ་བདག་ཉིད་སྡུག་བསྔལ་བ་དོན་མེད་པ་དང་ལྡན་པས་གནོད་པར་མི་འགྱུར་རོ། །ལོངས་སྤྱོད་གང་ཞེ་ན། ལོངས་སྤྱོད་མི་རུང་བ་ལྔ་དང་། རུང་བ་ལྔར་རིག་པར་བྱ་སྟེ། ལོངས་
སྤྱོད་མི་རུང་བ་ལྔ་ནི་མཆོད་རྟེན་གྱི་ནི་ནད་ཚབས་ཆེ་བ་མ་ཡིན་པ་དང་། རྟོན་པ་གཞན་ཡོད་པ་ལ་མི་རུང་ངོ་། །དགེ་འདུན་ནི་མ་བསྒོ་བ་དང་། ལྷུང་བཟེད་དུ་མ་ཆུད་པ་དང་། མ་གཏོགས་པ་ལ་མི་རུང་ངོ་། །གང་ཟག་གཞན་གྱི་ནི་མ་བྱིན་པ་དང་། རྗེས་སུ་མ་གནང་བ་དང་། ཡིད་མི་གཅུགས་པ་ལ་མི་
རུང་ངོ་། །རང་གི་གང་ཟག་ནི་བཤད་པ་ལ་སོགས་པ་ལས་བྱས་པའམ། དེ་དང་འདྲེས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱོད་དུ་མི་རུང་ངོ་། །བསྟེན་ན་དེའི་དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་འགྱུར་ཞིང་མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་གང་ཡིན་པ་དང་། བསྟེན་
ན་འཇིག་རྟེན་འཁྲུག་པར་འགྱུར་བ་དང་། འཇིག་རྟེན་གྱིས་སྨད་པའམ། མ་དད་པ་རྣམས་དད་པར་མི་འགྱུར་ཞིང་དད་པ་རྣམས་གཞན་དུ་འགྱུར་བ་ཡང་མི་རུང་སྟེ། ལྔ་པོ་དེ་དག་ནི་ལོངས་སྤྱོད་མི་རུང་བ་ཡིན་པས་དགེ་སྦྱོང་འདུལ་བའི་བསླབ་པ་ལ་བརྩོན་པས་དེ་དག་ཡོངས་སུ་སྤང་བར་བྱའོ། །
ལོངས་སྤྱོད་རུང་བ་ལྔ་ནི་དེ་དག་ལས་བཟློག་པ་ཡིན་པར་རིག་པར་བྱ་སྟེ། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དེ་དག་ནི་ཡོངས་སུ་སྤྱད་པར་བྱའོ། །དེ་ལྟར་ལོངས་སྤྱོད་མི་རུང་བ་ཡོངས་སུ་སྤོང་བའི་དགེ་སློང་དང་། ལོངས་སྤྱོད་རུང་བ་ལ་རྗེས་སུ་འཇུག་པའི་དགེ་སློང་ནི་དད་པས་བྱིན་པ་ཡོངས་སུ་
སྦྱོང་བར་བྱེད་དོ། །ལས་གང་ཞེ་ན། ལས་ནི་མདོར་བསྡུ་ན་བཞི་སྟེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་དང་། ལན་གསུམ་བརྗོད་པའི་ལས་སོ། །ལས་བཞིའི་དེ་དག་ཀྱང་གཞི་གཉིས་ལ་བརྟེན་པ་ཡིན་ཏེ། སེམས་ཅན་དུ་བགྲང་བ་
เล่ม ๑๓๒ · หน้า 11b
དང་། སེམས་ཅན་དུ་བགྲང་བ་མ་ཡིན་ནོ། །དེ་ལ་སེམས་ཅན་དུ་བགྲང་བའི་གཞི་ལས་ནི་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པ་དང་། གང་ཟག་ཡིད་མཐུན་པར་བྱ་བ་དང་། ལྟུང་བ་ལས་བསླང་བ་དང་། དགར་བ་དང་། བསྐྲད་པ་དང་། དབྱར་གནས་པར་ཁས་བླངས་པ་དང་། ཞག་བདུན་དང་།
ཉི་ཤུ་དང་། བཞི་བཅུར་བྱིན་གྱིས་བརླབ་པ་དང་། སེམས་ཅན་ལ་ཕན་གདགས་པ་དང་། ཆད་པས་བཅད་པའི་ལས་གང་ཡིན་པ་དེ་ནི་སེམས་ཅན་དུ་བགྲང་བའི་གཞིའི་ལས་ཞེས་བྱའོ། །སེམས་ཅན་དུ་བགྲང་བ་མ་ཡིན་པའི་གཞི་ལས་ནི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་པ་དང་། སྲ་བརྐྱང་
བྱིན་གྱིས་བརླབས་པ་དང་། ཆོས་གོས་རྣམས་དང་མི་འབྲལ་བར་བསྡམ་པ་དང་། མཚམས་བཅད་པ་དང་། ཁྱིམ་རུང་བར་ཡིད་མཐུན་པར་བྱ་བ་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པའི་གཞི་ལས་གང་ཡིན་པ་དེ་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པའི་གཞི་ལས་ཡིན་པར་རིག་པར་བྱའོ། །ལས་
དེ་དག་ཀྱང་ཚོགས་གཉིས་ཀྱིས་བྱ་བ་དང་། ཚོགས་བཞིས་བྱ་བ་དང་། ཚོགས་ལྔས་བྱ་བ་དང་། ཚོགས་བཅུས་བྱ་བ་དང་། ཚོགས་ཉི་ཤུས་བྱ་བ་དང་། ཚོགས་བཞི་བཅུས་བྱ་བ་དང་། དགེ་འདུན་མཐུན་པས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལ་ཚོགས་གཉིས་ཀྱིས་བྱ་བ་འདི་ལྟ་སྟེ། དགེ་སློང་
གིས་དགེ་སློང་གི་མདུན་དུ་ལན་གསུམ་བརྗོད་ཅིང་བཤགས་པའོ། །ལས་ཀྱི་ལྟུང་བྱེད་དམ་ཉེས་བྱས་ཀྱི་ཉེས་པ་འཆགས་པར་བྱེད་པའོ། །ཚོགས་བཞིས་བྱ་བ་ནི་འདི་ལྟར་འདི་ན་ལ་ལ་ཉེས་པ་སྦོམ་པོ་བྱུང་བ་བཞིའི་མདུན་དུ་འཆགས་པར་བྱེད་པའོ། །ཚོགས་ལྔས་བྱ་བ་ནི་མཐའ་འཁོབ་ཏུ་བསྙེན་
པར་རྫོགས་པར་བྱ་བའི་ལས་སོ། །ཚོགས་བཅུས་བྱ་བ་ཡུལ་དབུས་སུ་བསྙེན་བར་རྫོགས་པའི་ལས་ཡིན་པར་བལྟ་བར་བྱའོ། །ཚོགས་ཉི་ཤུས་བྱ་བ་ནི་འདི་ལྟ་སྟེ། དགེ་འདུན་ལྷག་མ་ལས་དབྱུང་བའི་ལས་ཡིན་པར་བལྟ་བར་བྱའོ། །ཚོགས་བཞི་བཅུས་བྱ་བ་ནི་དགེ་སློང་མ་བསྙེན་པར་རྫོགས་
པའི་ལས་ཡིན་པར་རིག་པར་བྱའོ། །དགེ་འདུན་མཐུན་པས་བྱ་བ་ནི་འདི་ལྟ་སྟེ། མཚམས་ཀྱི་ལས་དང་། གསོ་སྦྱོང་གི་ལས་དང་། དགག་དབྱེའི་ལས་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་གང་ཡིན་པའོ། །ལས་རྣམ་པ་བཞི་པོ་དེ་དག་ཀྱང་གཞིའི་རབ་ཏུ་དབྱེ་བས་རྣམ་པ་དུ་མ་ཡོད་པར་རིག་པར་
เล่ม ๑๓๒ · หน้า 12a
བྱའོ། །འདི་ལྟ་སྟེ། འདུལ་བའི་མ་མོ་ལས་འབྱུང་བ་བཞིན་ནོ། །དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པ་དེ་ལྟར་ལས་ཤེས་པ་ནི་ལས་རྣམས་ལ་རྗེས་སུ་སྤྱོད་པ་ནི། ལྟུང་བ་ལ་ཡང་མཁས་པ་ཡིན། ལྟུང་བ་ལས་ངེས་པར་འབྱུང་བ་ལ་ཡང་མཁས་པ་ཡིན་ལ། བདག་ཉིད་
ཀྱང་དག་པ་དང་གཙང་བར་ཡོངས་སུ་སྲུང་ཞིང་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་བསླབ་པ་དང་མི་མཐུན་པའི་ཆོས་ནི་ལྔར་ཤེས་པར་བྱ་སྟེ། དེས་དེ་དག་ཡོངས་སུ་སྤང་བར་བྱའོ། །བསླབ་པ་དང་མཐུན་པ་ཡང་ལྔ་སྟེ། དེ་དག་གི་བསླབ་པ་ཡང་དག་པར་སྒྲུབ་
པར་བྱེད་དོ། །བསླབ་པ་དང་མི་མཐུན་པ་ལྔ་གང་ཞེ་ན། བར་དུ་གཅོད་པ་དང་། དམ་པའི་ཆོས་ལྟར་བཅོས་པ་དང་། སྡིག་པའི་གྲོགས་པོ་དང་། གླེན་ཞིང་ཉོན་མོངས་པ་མང་བ་དང་། སྔོན་གྱི་ཚོགས་སྟོབས་ཆུང་བ་ནི་ལྔ་པ་ཡིན་ནོ། །བར་དུ་གཅོད་པ་ལྔ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བར་དུ་
གཅོད་པ་དང་། ལྷག་པའི་སེམས་ཀྱི་བར་དུ་གཅོད་པ་དང་། ལྷག་པའི་ཤེས་རབ་ཀྱི་བར་དུ་གཅོད་པ་དང་། བདེ་འགྲོར་འགྲོ་བའི་བར་དུ་གཅོད་པ་དང་། རྙེད་པ་དང་སྲོག་དང་འཕྲལ་གྱི་བྱ་བའི་བར་དུ་གཅོད་པའོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་
ལ་དྲན་ནམ། རྙེད་བཙོན་ནམ། བརྗོད་པ་ཡོད་པའམ། རྒྱས་པར་རབ་ཏུ་འབྱུང་བའི་བར་དུ་གཅོད་པའི་ཆོས་རྣམས་དང་ལྡན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་ཞེས་བྱའོ། །ལྷག་པའི་སེམས་ཀྱི་བར་དུ་གཅོད་པ་གང་ཞེ་ན། བར་ཆད་བཅུ་གཅིག་ནི་ལྷག་པའི་སེམས་ཀྱི་བར་དུ་
གཅོད་པ་ཞེས་བྱའོ། །ཡང་དང་ཡང་དུ་ཚོགས་འདུལ་བ་ལ་སོགས་པ་ནས་ཡུལ་ངན་པར་གནས་པའི་མཐར་ཐུག་པའི་བར་དག་གོ། །ལྷག་པའི་ཤེས་རབ་ཀྱི་བར་དུ་གཅོད་པ་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཉིད་དང་། དེ་བཞིན་གཤེགས་པ་དང་ཆོས་སྨྲ་བ་དག་ལ་ཁྱད་དུ་
གསོད་པ་ཉིད་དང་། བདག་ཉིད་ལ་ཁྱད་དུ་གསོད་པ་ཉིད་དང་། ཆོས་ལ་སེར་སྣ་བྱེད་པ་ཉིད་དང་། གཞན་དག་གི་ཆོས་ལ་བར་ཆད་བྱེད་པ་དང་། དམ་པའི་ཆོས་ལས་འདུན་པ་བཟློག་པ་དང་། དམ་པའི་ཆོས་ལ་སྐུར་པ་འདེབས་པ་དང་། དེ་ལྟར་དེ་ལྟ་བུ་ལ་སོགས་པ་ནི་ལྷག་པའི་ཤེས་རབ་ཀྱི་བར་
เล่ม ๑๓๒ · หน้า 12b
དུ་གཅོད་པ་ཡིན་པར་རིག་པར་བྱའོ། །བདེ་འགྲོར་འགྲོ་བའི་བར་དུ་གཅོད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྡིག་པ་འདོད་པ་དང་། ལོག་པར་ལྟ་བ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། རྒྱས་པར་དེ་ལྟ་བུའི་ངན་སོང་གི་རྒྱུ་ཡང་དག་པར་བླང་བ་དེ་ལྟ་བུ་ལ་འཇུག་པ་དེ་ནི་བདེ་འགྲོར་འགྲོ་བའི་
བར་དུ་གཅོད་པ་ཞེས་བྱའོ། །རྙེད་པའི་བར་དུ་གཅོད་པ་ནི་འདི་ལྟ་སྟེ། མ་དད་པ་རྣམས་དད་པར་མི་འགྱུར་བ་དང་། དད་པ་རྣམས་གཞན་དུ་འགྱུར་ཞིང་དད་པར་མི་འགྱུར་བའི་ཕྱིར་ཞུགས་པ་དང་། བསོད་ནམས་མི་འདོད་པ་དང་། དུས་དང་དུས་སུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་བོས་
གཞན་དག་ལ་ཕན་པ་ཉེ་བར་སྒྲུབ་པར་མི་བྱེད་པ་དང་། དེ་ལྟར་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །སྲོག་གི་བར་དུ་གཅོད་པ་ནི་གླང་པོ་ཆེ་གཏུམ་པོ་ཐག་རིང་དུ་སྤོང་བར་མི་བྱེད་པ་དང་། རྒྱས་པར་ཡམས་ཀྱི་ནད་དང་བཅས་པ་དང་། གནོད་པ་དང་བཅས་པའི་ཡུལ་ཡོངས་སུ་སྤོང་བར་མི་བྱེད་པ་དང་།
རྒྱུ་གང་དག་དང་རྐྱེན་གང་དག་གིས་ཚེ་མ་ཟད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དེ་དག་ཡོངས་སུ་སྤོང་བར་མི་བྱེད་པ་དང་། དེ་ལྟར་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །འཕྲལ་གྱི་བྱ་བའི་བར་དུ་གཅོད་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའི་ལས་གང་དག་ཡིན་པ་དེ་དག་ལ་བརྩོན་པར་མི་བྱེད་པ་
སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་རྙེད་པ་དང་སྲོག་དང་འཕྲལ་གྱི་བྱ་བའི་བར་དུ་གཅོད་པ་ཡིན་པར་རིག་པར་བྱའོ། །དམ་པའི་ཆོས་ལྟར་བཅོས་པ་གང་ཞེ་ན། དམ་པའི་ཆོས་ལྟར་བཅོས་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་དགོངས་པར་རིག་པར་བྱ་སྟེ། བཤད་པ་དམ་པའི་ཆོས་ལྟར་ཐོས་པ་དང་།
སྒྲུབ་པ་དམ་པའི་ཆོས་ལྟར་བཅོས་པའོ། །ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་། ཆོས་མ་ཡིན་པ་ལ་ཆོས་སུ་སྟོན་པ་དང་། གཞན་དག་ཀྱང་དེ་ལ་ཆོས་བསྟན་ཏོ་སྙམ་དུ་ཆོས་སུ་འདུ་ཤེས་པ་དང་ལྡན་པར་འགྱུར་ལ། དེ་ཡང་ཡང་དག་པ་དང་བདེན་པར་ཆོས་མ་ཡིན་ཞིང་ཆོས་ལྟ་བུར་སྣང་བ་ཡིན་
པ་དེའི་ཕྱིར་བཤད་པ་དམ་པའི་ཆོས་ལྟར་བཅོས་པ་ཞེས་བྱའོ། །དེ་གཞན་དག་ལ་ཡང་དེ་ལྟར་འཆད་ཅིང་འཛིན་དུ་འཇུག་པར་བྱེད་ལ། བདག་ཉིད་ཀྱང་དེ་ལྟར་ཞུགས་ཤིང་ཆོས་སུ་འདུ་ཤེས་པས་ལོག་པ་ཁོ་ནར་ཞུགས་བཞིན་དུ་བདག་ནི་ཡང་དག་པར་ཞུགས་པ་ཡིན་ནོ་སྙམ་དུ་བདག་ཉིད་ཀྱིས་
เล่ม ๑๓๒ · หน้า 13a
ཀུན་དུ་ཤེས་པར་བྱེད་པ་འདི་ནི་བསྒྲུབ་པ་དམ་པའི་ཆོས་ལྟར་བཅོས་པ་ཡིན་པར་རིག་པར་བྱའོ། །དམ་པའི་ཆོས་ལྟར་བཅོས་པ་བརྒྱད་པ་རྣམས་ཀྱི་བར་སྡོམ་ནི། ཆོས་ལ་སོགས་པ་རྣམ་ལྔ་དང་། །དབང་པོ་ལ་སོགས་རྣམ་ལྔ་དང་། །གནས་མ་ཡིན་པས་འགྱོད་སོགས་དང་། །
དྲག་ཤུལ་ཁྲིམས་འཆལ་ཐ་མ་ཡིན། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ལ་ཚིག་འབྲུ་བཅོས་པ་དག་གིས་མདོ་སྡེ་ལ་ལྷད་འཇུག་པའི་སྤོང་བ་དང་། འདུལ་བ་ལ་ལྷད་འཇུག་ཅིང་སྤོང་བ་ནི་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །སྒྲོ་འདོགས་པའི་ལྟ་བས་མེད་པ་ལ་སྒྲོ་འདོགས་པ་དང་། སྐུར་
བ་འདེབས་པའི་ལྟ་བས་ཡོད་པའི་དངོས་པོ་འཇིག་པའི་ཚུལ་གྱིས་མི་རྟག་པ་ལ་སོགས་པའི་དོན་གཞན་དག་ལ་སྟོན་པ་དང་། འཆད་པ་དང་བདག་ཉིད་དེ་ལྟ་དེ་ལྟར་སྒྲུབ་པ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་ཟག་དང་ལྡན་པ་བཤད་པའི་མདོ་སྡེ་ལ་ལོག་པར་འཛིན་པའི་གང་ཟག་ཡོད་པ་ཉིད་
དུ་སྟོན་པ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །རྟགས་སུ་ཡོད་པའི་ཆོས་རྣམས་རྫས་སུ་ཡོད་པ་ཉིད་དུ་ཡོངས་སུ་སྟོན་པ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །མྱ་ངན་ལས་འདས་པ་སྤྲོས་པ་མེད་པ་ལ་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་དང་། ཡོད་པ་དང་མེད་པར་སྟོན་པ་ཡང་
དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་ཟག་ལ་ལ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་དབང་པོ་རྣམས་ཀྱི་སྒོ་བསྡམ་པ་ཉིད་བསྟོད་ཅིང་བསྔགས་ཏེ། རབ་ཏུ་བསྟོད་པས་ན་གཟུགས་རྣམས་ལ་མི་ལྟ་བ་ནི་བླའི་དྲན་པ་ཉེ་བར་བཞག་སྟེ་ལྟ་བ་ནི་དེ་ལྟ་མ་ཡིན་ལ་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་
ཆོས་རྣམས་ཀྱི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་བ་དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་སྙིང་ལས་ཆུང་ངུར་གནས་པ་ཉིད་བསྟོད་ཅིང་བསྔགས་པས་ན་རྣམ་པར་བསྔགས་པར་འོས་པ་ལ་རྗེས་སུ་མི་བརྟག་ཀུན་དུ་མི་དཔྱད་པར་མི་
བསྔགས་པ་མི་བརྗོད་པ་ཉིད་བླའི། བསྔགས་པ་བརྗོད་པ་དང་མི་བསྔགས་པ་བརྗོད་པ་ནི་དེ་ལྟ་མ་ཡིན་ཞེས་ཟེར་ན་དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་ཚིག་རན་པར་བསྟོད་ཅིང་བསྔགས་པས་ན་ཀྱེ་མ་གང་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྨྲ་བའི་
เล่ม ๑๓๒ · หน้า 13b
བརྟུལ་ཞུགས་ཡང་དག་པར་ལེན་པ་དེ་ནི་ལེགས་པ་ཡིན་ནོ་ཞེས་ཟེར་ན་དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་ཟས་ཉུང་བ་ཉིད་དང་། ཆོས་གོས་ཉུང་བ་ཉིད་བསྟོད་ཅིང་བསྔགས་པས་ན་ཀྱེ་མ་གང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བར་གནས་པ་དང་།
གཅེར་བུ་འཕྱན་པ་དེ་ནི་ལེགས་པ་ཡིན་ནོ་ཞེས་ཟེར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གང་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་འདུ་འཛི་མེད་པ་དང་། ཐ་སྙད་དང་ལས་ཀྱི་མཐའ་ཐམས་ཅད་རྒྱུན་ཆད་པ་བསྟོད་ཅིང་བསྔགས་པས་ན། ཀྱེ་མ་གང་བས་མཐའི་གནས་མལ་དུ་གནས་
བར་རྩོམ་པ་མེད་པ་ཉིད་དེ་ནི་ལེགས་པ་ཡིན་ནོ་ཞེས་ཟེར་བ་དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅིང་དྲངས་པས་སེམས་སྐྱེས་སོ་ཅོག་གི་དབང་གིས་འགྱུར་རོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པའི་མདོ་སྡེ་དག་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་
པས་ངེས་པར་གཟུང་བ་ཡིན་པས། འདི་སྐད་ཅེས་རྣམ་པར་ཤེས་པ་འདི་ཉིད་ཀྱིས་མཚམས་སྦྱོར་བར་བྱེད་འཁོར་བར་བྱེད་ལ་བདག་ཀྱང་གཞན་མ་ཡིན་ནོ་ཞེས་ཟེར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ལ་ཁ་
ཟས་རོ་བརྒྱ་དང་ལྡན་པ་དང་། གོས་བརྒྱ་སྟོང་རྗེས་སུ་གནང་བ་ལས་ན། བར་དུ་གཅོད་པར་བྱེད་པའི་འདོད་པ་གང་དག་ཡིན་པ་དེ་དག་ནི་རྣམ་པ་ངེས་ན་ཉེས་པར་སྤྱད་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་སྙམ་དུ་ངེས་པར་གཟུང་བ་འཛིན་པས་འདི་སྐད་ཅེས་ཀྱེ་མ་བཅོམ་ལྡན་འདས་ཀྱིས་འདོད་པ་གང་དག་གིས་
བར་དུ་གཅོད་པར་གསུངས་པ་དེ་ནི་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་དགྲ་བཅོམ་པ་ཚེ་འདི་ཉིད་ལ་ཟས་དང་ཐ་སྙད་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ཁས་ལེན་པ་དང་། ཁས་མི་ལེན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་
དུ་མི་ཤེས་པས་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་བདག་གིས་འདི་ལྟར་ཤེས་ཏེ། འདི་ལྟར་དགེ་སློང་དགྲ་བཅོམ་པ་ནི་ཤི་ཕན་ཆད་ཁས་མི་ལེན་པ་ཡིན་ནོ་ཞེས་ཟེར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་ཀུན་རྫོབ་དང་དོན་དམ་པའི་བདན་པ་ཡང་དག་པ་ཇི་ལྟ་བ་
เล่ม ๑๓๒ · หน้า 14a
བཞིན་དུ་མི་ཤེས་པས་ཚུལ་རྣམ་པ་གཉིས་ལས་ཤིན་ཏུ་འདས་ཤིང་། འདི་སྐད་ཅེས་བདག་མེད་པའི་སེམས་ཅན་ཡོད་ན་བདག་མེད་པས་བྱས་པའི་ལས་བདག་ལ་ཇི་ལྟར་རེག་པར་འགྱུར་ཞེས་ཟེར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་པར་རིག་པར་བྱའོ། །
ལ་ལ་རང་བཞིན་གྱིས་ཀུན་ཏུ་རྨོངས་པས་འདོམས་པར་བྱེད་དེ། དེ་ནང་གི་སེམས་གནས་པ་གང་རྣམ་པ་དགུ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ལ་བདེན་པ་རྣམ་པར་དཔྱད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པར་དཔྱད་པ་ཡང་དག་པ་ཇི་ལྟར་བཞིན་མི་ཤེས་ཏེ། དེ་དེ་ལྟར་མི་ཤེས་པས་
མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཁོ་ན་ཞི་གནས་ཀྱི་ཕྱོགས་སྟོན་པར་བྱེད་པ་དང་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཁོ་ནས་ལྷག་མཐོང་གི་ཕྱོགས་སྟོན་པར་བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཁོ་ནས་མཐར་ཐུག་པ་སྟོན་པར་བྱེད་ཅིང་བདག་ཉིད་ཀྱང་དེ་ལྟར་ཞུགས་པར་གྱུར་
ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་གནས་མ་ཡིན་པ་ལ་འགྱོད་བར་བྱེད་ཅིང་དེས་རློམ་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་ལུང་ནོད་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་ཡིད་ལ་བྱ་བའི་མཐུ་ཡོད་བཞིན་དུ་ཞལ་ཏ་བྱ་བ་ལ་མོས་པར་བྱེད་ན་
དེ་ལ་ཡོན་ཏན་དུ་ལྟ་ཞིང་གཞན་དག་ལ་ཡང་སྟོན་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལ་ལ་ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ལ་སྤྱོད་པའི་མཐུ་ཡོད་བཞིན་དུ་སྦྱིན་པ་ལས་བྱུང་བ་ལ་ཡོན་ཏན་དུ་ལྟ་ཞིང་ཡུལ་རྒྱུ་བས་ལྟུང་བའི་གནས་མང་པོ་
དག་གིས་བདག་ཉིད་སྨས་ཤིང་ཉམས་པར་བྱས་ནས་སྦྱིན་པར་བྱ་བའི་དངོས་པོ་ཡང་དག་པར་བསྒྲུབས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་འབུལ་བར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་
ཐོས་པས་ཕན་ཚུན་དུ་རྩོད་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །དགེ་སློང་འདོད་པ་ཆུང་བ་ལ་སོགས་པ་སྤངས་ནས་དགེ་སློང་གང་དག་བསོད་ནམས་ཆེ་བར་ཤེས་པ་ནས་ཆོས་གོས་ལ་སོགས་པ་རྙེད་པ་དེ་དག་ལ་བསྙེན་བཀུར་བྱེད་ཅིང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་
เล่ม ๑๓๒ · หน้า 14b
བྱེད། སོ་སོར་ཀུན་དགའ་བར་བྱེད་བག་འབེབས་པར་བྱེད་ཅིང་དགེ་སློང་ལག་གི་བླ་དག་ལ་སེམས་ལོག་པར་མངོན་པར་འདུ་བྱེད་པར་འགྱུར་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་དེ་དག་
སྤངས་ནས། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་དཀའ་བ་དག་གིས་མཁས་པར་རློམ་ཞིང་གཞན་དག་ལ་ཡང་མཁས་པ་ཡིན་པར་ཡིད་ཆེས་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །དྲག་ཤུལ་ཅན་དང་ཚུལ་ཁྲིམས་འཆལ་པ་དག་ཚར་བཅད་པར་མི་བྱ་བ་ཡིན་ན། དྲག་ཤུལ་
ཅན་དང་ཚུལ་ཁྲིམས་འཆལ་པ་དག་ལ་གནོད་པར་བྱ་བའི་ཕྱིར་སེམས་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །ཚུལ་འཆོས་པའི་སྤྱོད་ལམ་རྣམ་པར་སྒྲུབ་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་དག་གིས་ཤེས་ཀྱི་ཁེ་རྒྱ་ཆེན་
པོ་འཐོབ་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །གཞན་དག་ལ་གནོད་པར་བྱས་ཏེ་ཆོས་མ་ཡིན་པས་ལོངས་སྤྱོད་དག་བསྒྲུབས་ནས་ཁ་ན་མ་ཐོ་བ་དང་བཅས་པའི་དགེ་བ་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །དམ་པའི་ཆོས་ལྟར་བཅོས་པ་དེ་དག་ཉིད་བསྟན་པའི་རྒྱུ་
དང་བྱེད་པའི་རྒྱུ་དོན་མེད་པ་དང་ལྡན་པ་གང་གིས་འཇོག་པར་བྱེད་ན། དེ་ཡང་དམ་པའི་ཆོས་ལྟར་བཅོས་པ་ཡིན་ནོ། །དེ་ལྟར་དམ་པའི་ཆོས་ལྟར་བཅོས་པ་དེ་དག་ཐམས་ཅད་ནི་བསླབ་པ་དང་མི་མཐུན་པ་ཡིན་པར་རིག་པར་བྱའོ། །སྡིག་པའི་གྲོགས་པོ་ནི་རྒྱ་ཆེར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་བྱང་
ཆུབ་སེམས་དཔའི་སར་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོར་བསྡུ་ན་བག་མེད་པ་དང་། ཉེས་པར་སྤྱོད་པ་དང་། དགེ་བ་དང་ཡོན་ཏན་དམན་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་གང་ཡིན་པ་དེ་ནི་སྡིག་པའི་གྲོགས་པོ་ཡིན་པར་རིག་པར་བྱའོ། །དམན་ཞིང་རྨོངས་པའི་རང་བཞིན་ཅན་
གྱི་ཉོན་མོངས་པ་ཤས་ཆེ་བ་གང་ཡིན་པ་དེ་ནི་གླེན་ཞིང་ཉོན་མོངས་པ་མང་བ་ཡིན་པར་རིག་པར་བྱའོ། །སྔོན་དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་མ་བསྒོམས་པ་ཚེ་འདི་ལ་དད་པ་ལ་སོགས་པ་དམན་པ་ཉིད་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བའི་ཕྱིར་བརྩོན་དུ་ཟིན་ཀྱང་བསྒོམ་མི་ནུས་པ་གང་
เล่ม ๑๓๒ · หน้า 15a
ཡིན་པ་དེ་ནི་སྔོན་གྱི་ཚོགས་མེད་པས་ཚེ་འདི་ལ་སྟོབས་ཆུང་བ་ཡིན་པར་རིག་པར་བྱ་སྟེ། ཆོས་ལྔ་པོ་དེ་དག་ནི་བསླབ་པ་དང་མི་མཐུན་པ་ཡིན་ནོ། །དེ་ལས་བཟློག་པའི་ཆོས་ལྔ་ནི་བསླབ་པ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་དང་ལྡན་པའི་དགེ་སློང་འདུལ་བ་ལ་བརྩོན་
པ་ནི་བསླབ་པ་ཡང་དག་པར་སྒྲུབ་པར་བྱེད་དོ། །རྗེས་སུ་མཐུན་པའི་ཆོས་དེ་དག་དང་ལྡན་པ་དེའི་ཆོས་ལྔ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་སྲུང་བར་བྱེད་པ་ཡིན་ཏེ། ལེགས་པར་མངོན་པར་འབྱུང་བ་དང་། ཡོངས་སུ་འདྲི་བ་དང་། སོ་སོར་རྟོག་པ་དང་། གཉེན་པོ་སྒོམ་པ་དང་། དད་པའོ། །དེ་ལ་བུ་
ལོན་གྱིས་ཉམ་ཐག་ནས་རབ་ཏུ་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནས། རྒྱས་པར་དེ་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བསམ་པ་དང་། བསླབ་པ་འདོད་པས་རབ་ཏུ་བྱུང་བ་དེ་ནི་ལེགས་པར་མངོན་པར་འབྱུང་བ་ཡིན་ནོ། །དེ་དེ་ལྟར་མངོན་པར་བྱུང་ནས་ལྟུང་བ་དང་ལྟུང་བ་མེད་པ་དང་ལྟུང་བ་ལས་བསླངས་
པ་ལས་བརྩམས་ནས་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ལ་ཡོངས་སུ་འདྲི་བར་བྱེད་ཅིང་དེ་དག་ཀྱང་དེ་ལ་སྟོན་པར་བྱེད་པ་དེ་ནི་ཡོངས་སུ་འདྲི་བ་ཞེས་བྱའོ། །དུས་གསུམ་དུ་བདག་ཉིད་ཀྱི་ཚུལ་ཁྲིམས་དག་ལས་སོ་སོར་རྟོག་པར་བྱེད་ཅིང་གལ་ཏེ་སྔ་དྲོའི་དུས་ཀྱི་ཚེ་
ཉེས་པ་མེད་པར་མཐོང་ན་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་གནས་པ་དང་། གལ་ཏེ་ཉེས་པ་མཐོང་ན་ཡང་ཆོས་བཞིན་ཕྱིར་བྱེད་པ་དེ་ནི་སོ་སོར་རྟོག་པ་ཞེས་བྱའོ། །དེ་དུས་དུས་སུ་ནི་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་དག་ལ་ཉིན་མོ་ཡང་རུང་སྟེ། འདོད་ཆགས་ལ་
སོགས་པ་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིད་ལ་བྱེད་ཅིང་སྒོམ་པ་དང་། ཚུལ་ཁྲིམས་དང་སྨྲ་བ་དང་། སྒྲ་ཙམ་གྱིས་ཆོག་པར་མི་འཛིན་པ་དེ་ནི་གཉེན་པོ་སྒོམ་པ་ཡིན་པར་རིག་པར་བྱའོ། །དེ་ལྟུང་བའི་འབྲས་བུ་ཕྱི་མ་ལ་མི་འདོད་པ་ཡིན་པར་ཡིད་ཆེས་པ་ནི་དད་པ་ཡིན་པར་རིག་པར་བྱའོ། །
དེ་ལ་ལེགས་པར་མངོན་པར་འབྱུང་བ་ཡོད་པ་ལ་བརྟེན་ནས་ནི་དེ་ལས་གཞན་བཞི་པོ་དག་གི་བྱ་བ་བྱེད་དོ། །ཡོངས་སུ་འདྲི་བས་ནི་མི་ཤེས་པས་ལྟུང་བ་འབྱིན་པར་མི་བྱེད་དོ། །སོ་སོར་རྟོག་པས་ནི་བག་མེད་པས་ལྟུང་བ་འབྱིན་པར་མི་བྱེད་དོ། །གཉེན་པོ་བསྒོམས་པས་ནི་ཉོན་མོངས་པ་མང་བས་ལྟུང་བ་
เล่ม ๑๓๒ · หน้า 15b
འབྱིན་པར་མི་བྱེད་དོ། །དད་པས་ནི་མ་གུས་པས་ལྟུང་བ་འབྱིན་པར་མི་བྱེད་དོ། །དེ་ལྟར་ན་ཆོས་དེ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་བསྲུངས་པ་དང་། ལེགས་པར་བསྲུངས་པ་ཡིན་ནོ། །དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་ཆོས་ལྔ་ནི་ཉེ་བར་ཞི་བ་དང་། དུལ་བ་དང་། ཞི་བར་འགྱུར་བ་ཡིན་
ཏེ། ལྔ་གང་ཞེ་ན། དེས་ཤིང་འགྲོགས་ན་བདེ་བ་ཉིད་དང་། སྤོང་བ་དང་། སྤོང་བའི་ཡན་ལག་དང་། བསྙེན་བཀུར་དང་། རྩོད་པ་ཉེ་བར་ཞི་བའོ། །དེས་ཤིང་འགྲོགས་ན་བདེ་བ་ཉིད་གང་ཞེ་ན། ཡང་དག་པར་མགུ་བར་འགྱུར་བའི་ཆོས་དྲུག་སྟེ། མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །སྤོང་བ་གང་ཞེ་
ན། ལྷ་དང་མི་རྣམས་ཀྱི་འཁོར་ལོ་བཞིའོ། །སྤོང་བའི་ཡན་ལག་ནི་སྤོང་བའི་ཡན་ལག་ལྔའོ། །བསྙེན་བཀུར་ནི་སྟོན་པ་ལ་བསྙེན་བཀུར་བྱེད་པ་ན་རྒྱས་པར་བག་ཡོད་པའི་བར་རོ། །རྩོད་པ་ཉེ་བར་ཞི་བར་བྱེད་པ་ནི་རྩོད་པ་ཉེ་བར་ཞི་བར་བྱེད་པའི་ཆོས་བདུན་ནོ། །དེ་ལ་ལུས་ལ་སོགས་པས་ཚངས་པ་
མཚུངས་པར་སྤྱོད་པ་རྣམས་ལ་མི་འདོད་པ་ཀུན་ཏུ་སྤྱོད་པ་ལས་བརྩམས་པ་དང་། དེ་ལ་ལུས་ལ་སོགས་པ་ལས་མི་མཉམ་པར་ཡོངས་སུ་ལོངས་སྤྱོད་པ་ལས་བརྩམས་པ་དང་། ཚུལ་ཁྲིམས་དང་ལྟ་བ་མི་མཐུན་པའི་ཆོས་ལས་བརྩམས་ནས་སྡུག་བསྔལ་བར་གནས་ཤིང་ཕན་ཚུན་འཁུ་བའི་
སེམས་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལས་བཟློག་པ་དཀར་པོའི་ཕྱོགས་ཀྱི་རྒྱུ་གསུམ་གྱིས་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དྲུག་རྣམ་པར་གཞག་པར་རིག་པར་བྱ་སྟེ། དང་པོས་ནི་གསུམ་རྣམ་པར་གཞག་གོ། །གཉིས་པས་ནི་
བཞི་པའོ། །གསུམ་པས་ནི་ལྔ་པ་དང་དྲུག་པའོ། །དེ་ལ་གཞན་དག་ལ་འདོད་པ་དང་ཕན་པ་དང་། བདེ་བ་དང་ཉེ་བར་གནས་པའི་ལུས་ལ་སོགས་པའི་ལས་ཅི་ཡང་རུང་བ་དེ་བྱམས་པ་ཞེས་བྱའོ། །དེ་ལ་ཆོས་དང་ལྡན་པའི་རྙེད་པ་ལ་ནི་ལོངས་སྤྱོད་དུ་རུང་བ་གང་ཡིན་པའོ། །ཆོས་ཀྱི་རྙེད་པ་ལ་ནི་ལོག་
པས་འཚོ་བར་བྱེད་པའི་ཆོས་ལ་བརྟེན་ཏེ་བསྒྲུབས་པ་མ་ཡིན་པ་གང་དག་ཡིན་པའོ། །ལྷུང་བཟེད་དུ་ཆུད་པ་ནི་ལྷུང་བཟེད་དུ་བླུགས་པ་གང་དག་ཡིན་པའོ། །ལྷུང་བཟེད་དུ་གཏོགས་པ་ནི་མ་བླུགས་ཀྱང་བླུགས་པར་ཕྱོགས་པ་གང་དག་ཡིན་པའོ། །ཆོས་བཟང་བ་དང་ལྷག་པར་མི་ཟ་བ་གང་ཡིན་པ་དེ་ནི་
เล่ม ๑๓๒ · หน้า 16a
ཐུན་མོང་དུ་ཟ་བ་ཉིད་ཡིན་ནོ། །མི་སྦེད་པར་ཟ་བ་ནི་མངོན་པར་ཟ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། ཐ་ན་ལྟོ་འགྲངས་ཙམ་གྱི་ཟས་དེ་ལས་ཀྱང་བགོ་བཤའ་བྱེད་དོ། འདི་ལས་གཞན་ལ་ཅུང་ཟད་སྦྱིན་དགོས་པར་གྱུར་ན་གནོད་པར་འགྱུར་རོ་སྙམ་ནས་ཆེད་དུ་སྒོ་བཅད་དེ་དབེན་པའི་
ཕྱོགས་སུ་ཟ་བར་མི་བྱེད་པའོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་རྣམ་གྲངས་དག་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ལྟ་བའི་རྣམ་གྲངས་དག་གི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་
བ་བཞིན་དུ་རིག་པར་བྱའོ། །རྒྱུ་གཉིས་ཀྱིས་ནི་དགའ་བ་ཉིད་དུ་འགྱུར་ཏེ། ཡོན་ཏན་ལ་ཡིད་ཆེས་པས་བླ་མ་ཉིད་དང་། ཕན་འདོགས་པས་ཡིད་དུ་འོང་བ་ཉིད་ཀྱིས་སོ། །དགའ་བ་ཉིད་དེའི་འཕེལ་བ་ནི་རྣམ་པ་གཉིས་ཏེ། མ་སྐྱེས་པ་སྐྱེད་པར་བྱེད་པ་དང་སྐྱེས་པ་ཕྱིར་འབྱུང་བ་འཕེལ་ཞིང་རྒྱས་པར་
འགྱུར་བའོ། །དེ་ལ་བླ་མ་ཉིད་ཀྱི་དབང་གིས་ནི་ཡིད་ཆེས་པར་བྱེད་པའོ། །ཡིད་དུ་འོང་བའི་དབང་གིས་ནི་ཆོས་དང་ཟང་ཟིང་དག་གིས་སྡུད་པར་བྱེད་དོ། །དེ་གཉིས་ཀའི་དབང་གིས་ན་མཐུན་པར་འགྱུར་རོ། །མཐུན་པའི་དབང་གིས་ན་སེམས་ཀུན་དུ་མི་འཁྲུག་པ་དང་ངག་ཀུན་དུ་མི་འཁྲུག་པ་ནི་འཐབ་པ་མེད་པ་དང་། རྩོད་
པ་མེད་པ་ཡིན་ནོ། །དོན་གཅིག་གི་བྱ་བ་བྱེད་པའི་ཚུལ་གྱིས་ཆུ་དང་འོ་མ་གཅིག་ཏུ་འདྲེས་པར་གྱུར་པ་ལྟ་བུ་ནི་རྒྱུ་གཅིག་ཏུ་གྱུར་པ་ཡིན་ནོ། །འཁོར་ལོ་བཞི་ནི་གནས་ཕུན་སུམ་ཚོགས་པ་དང་། གདམས་ངག་ཕུན་སུམ་ཚོགས་པ་དང་། སྒྲུབ་པ་ཕུན་སུམ་ཚོགས་པ་དང་། ཚོགས་ཕུན་སུམ་ཚོགས་པ་
ལས་བརྩམས་ཏེ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཐུན་པའི་ཡུལ་དུ་གནས་པ་ནི་གནས་ཕུན་སུམ་ཚོགས་པ་ལྔས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ། །སྐྱེས་བུ་དམ་པ་ནི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་།
བྱང་ཆུབ་སེམས་དཔའི་སར་བསྟན་པ་བཞིན་ནོ། །བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཡང་དག་པའི་གདམས་ངག་ལ་མཐུན་པར་འཛིན་ཅིང་མ་ནོར་བར་འཛིན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་མཐུན་པར་སྒྲུབ་པ་དང་། བླ་མའི་གདམས་
เล่ม ๑๓๒ · หน้า 16b
ངག་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་སྨྲ་བ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་ངན་པ་བཟང་པོ་གང་ཡང་རུང་བ་དག་གིས་ཆོག་ཤེས་པ་དང་། རྒྱུན་དུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་འདི་ལྟ་སྟེ། བདེན་པ་མངོན་པར་རྟོགས་པ་དང་། བསྒོམ་པས་སྤང་བར་
བྱ་བའི་ཉོན་མོངས་པ་སྲེད་པ་དང་ལེན་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་གཉེན་པོར་སྤོང་བ་ལ་དགའ་བ་དང་། སྒོམ་པ་ལ་དགའ་བ་ཡིན་ནོ། །གང་ཟག་སྔོན་བསོད་ནམས་བྱས་ཤིང་དགེ་བ་བྱས་པའི་འབྲས་བུའི་ཕན་ཡོན་གྱི་རྟགས་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། སྔོན་བསོད་ནམས་བྱས་པའི་
རྣམ་པར་སྨིན་པའི་འབྲས་བུ་འདོད་པ་རྣམ་པ་གཉིས་ལ་གནས་པ་ཡིན་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ལ་ནང་གི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ནི་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དང་། གཟུགས་བཟང་ཞིང་བལྟ་ན་སྡུག་པ་དང་། གནོད་པ་ཉུང་ཞིང་ནད་ཉུང་བའི་རང་བཞིན་ཅན་
དང་། བྲན་མ་ཡིན་བ་དང་། བུད་མེད་མ་ཡིན་པ་དང་། ཟ་མ་མ་ཡིན་པ་དང་། ཤེས་རབ་དང་ལྡན་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ་ཡིན་ནོ། །དེ་ལ་ཕྱི་རོལ་གྱི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ནི། དགེ་བའི་རྩ་བ་གཞན་གང་ཡིན་པ་དེ་དག་དང་ཞེས་བྱ་བ་རྒྱས་པར་མདོ་
ལས་ལོངས་སྤྱོད་ཆེ་བ་དང་། རྩ་འཇིང་ཆེ་བ་དང་། གཡོག་འཁོར་མང་བཞེས་ཇི་སྐད་གསུངས་པ་ཡིན་ཏེ། དེ་ནི་སྔོན་བསོད་ནམས་བྱས་པའི་འབྲས་བུའི་ཕན་ཡོན་གྱི་རྟགས་དང་པོ་ཡིན་པར་རིག་པར་བྱའོ། །གཞན་ཡང་སྔོན་བསོད་ནམས་བྱས་པ་ནི་རབ་ཏུ་བག་མེད་པར་གྱུར་ཀྱང་གནོད་སྦྱིན་དང་མི་
མ་ཡིན་པ་གདུག་པ་གཉུག་མར་གནས་པ་དག་གིས་འདི་ལྟ་སྟེ། ལོངས་སྤྱོད་ཀྱི་བར་ཆད་དམ་སྲོག་གི་བར་ཆད་བྱ་བར་མི་ནུས་ཏེ། དེ་ནི་འབྲས་བུའི་ཕན་ཡོན་གྱི་རྟགས་གཉིས་པ་ཡིན་ནོ། །གཞན་ཡང་སྔོན་བསོད་ནམས་བྱས་པ་ནི་རང་བཞིན་གྱིས་དགེ་བའི་ཆོས་རྣམས་བསྒོམ་པའི་ཕྱིར་སེམས་
འཇུག་པར་འགྱུར་ཏེ། དེ་ནི་འབྲས་བུའི་ཕན་ཡོན་གྱི་རྟགས་གསུམ་པ་ཡིན་ནོ། །གཞན་ཡང་སྔོན་བསོད་ནམས་བྱས་པ་ནི་རང་བཞིན་གྱིས་སྡིག་པའི་སྤྱོད་པས་གདུང་ཞིང་འཛེམ་ལ། སྡིག་པ་བྱས་ན་ཡང་དུས་དུས་སུ་འགྱོད་པའི་སེམས་དྲག་པོ་འཐོབ་ཅིང་འགྱོད་པ་བྱས་པ་དེས་སྡིག་པ་སྲབ་མོར་
เล่ม ๑๓๒ · หน้า 17a
བྱེད་པ་ཕྱིས་ཀྱང་སྡིག་པ་སྤོང་བར་བྱེད་དེ། དེ་ནི་འབྲས་བུའི་ཕན་ཡོན་གྱི་རྟགས་བཞི་པ་ཡིན་ནོ། །གཞན་ཡང་སྔོན་བསོད་ནམས་བྱས་པ་ལ་ནི་ལས་ཀྱི་མཐའི་སྦྱོར་བ་ཐམས་ཅད་དང་བསམ་པའི་སྐྱེས་བུའི་བྱེ་བྲག་ཐམས་ཅད་མང་ཞིང་མཐུན་པ་དང་ཚེགས་ཆུང་ངུས་འགྲུབ་
པར་འགྱུར་ཏེ། དེ་ནི་གང་ཟག་སྔོན་བསོད་ནམས་བྱས་པའི་འབྲས་བུའི་ཕན་ཡོན་གྱི་རྟགས་ལྔ་པ་ཡིན་པར་རིག་པར་བྱའོ། །དེ་དག་ནི་ལྷ་རྣམས་ཀྱི་ནང་ནས་ལྷར་གྱུར་པ་རྣམས་དང་། མི་རྣམས་ཀྱི་ནང་ནས་མིར་གྱུར་པ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་གི་ཤིང་རྟའི་འཁོར་ལོ་བཞི་སྟེ།
གང་ཡང་རུང་བ་ཞིག་མེད་ན་ནི་ཤིང་རྟ་དེ་འགྲོ་བར་མི་འགྱུར་རོ། །སྤོང་བའི་ཡན་ལག་ལྔ་ནི་ཐོབ་པར་བྱ་བའི་དོན་ལ་མངོན་པར་ཡིད་ཆེས་པ་དང་། བླ་མ་རྣམས་ལ་བདག་ཉིད་ཇི་ལྟ་བ་བཞིན་སྨྲ་བ་དང་། ལུས་སྤྲོ་བ་དང་། སེམས་སྤྲོ་བ་དང་། ལེགས་པར་གསུངས་པ་དང་། ཉེས་པར་
བཤད་པའི་ཆོས་རྣམས་ཀྱི་དོན་ཤེས་པར་ནུས་པ་ཉིད་ལས་བརྩམས་ཏེ་གོ་རིམས་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་དག་ལས་གང་ཡང་རུང་བ་མ་ཚང་ན་སྤོང་བ་འགྲུབ་པར་མི་འགྱུར་རོ། །བསྙེན་བཀུར་ལས་བརྩམས་ཏེ་དང་པོ་ཁོ་ནར་ལྷག་པའི་ཚུལ་ཁྲིམས་ལས་བརྩམས་
པ་དང་། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་བརྩམས་ནས་ཆོས་སྟོན་པར་མཛད་པ་གང་ཡིན་པའི་སྟོན་པ་ལ་བསྙེན་བཀུར་བྱའོ། །དེའི་འོག་ཏུ་གང་བསྟན་པར་བྱ་བའི་ཆོས་དེ་ལ་ཡང་བསྙེན་བཀུར་བྱའོ། །དེའི་འོག་ཏུ་ཆོས་དང་རྗེས་སུ་མཐུན་པས་ཆོས་འགྲུབ་པའི་དུས་ན་ལྷག་
པའི་ཚུལ་ཁྲིམས་ལས་བརྩམས་ཏེ། འདུལ་བ་དང་ལྡན་པའི་བསླབ་པའི་གཞི་རྣམས་ལ་བསྙེན་བཀུར་བྱའོ། །དེའི་འོག་ཏུ་ལྷག་པའི་སེམས་དང་ཤེས་རབ་ལས་བརྩམས་ཏེ་གདམས་ངག་དང་རྗེས་སུ་བསྟན་པ་ལ་བསྙེན་བཀུར་བྱའོ། །དེའི་འོག་ཏུ་དུས་དུས་སུ་ཆོས་ཀྱི་བགོ་བཤའ་དང་།
ཟང་ཟིང་གི་བགོ་བཤའ་ལ་བསྙེན་བཀུར་བྱའོ། །དེ་ལ་བགོ་བཤའ་ནི་འདི་ཡིན་ཏེ་ཆོས་དང་ཟང་ཟིང་དག་ལ་ཐུན་མོང་དུ་གནས་པ་ཉིད་དང་ཐུན་མོང་དུ་ལོངས་སྤྱོད་པ་ཉིད་གང་ཡིན་པའོ། །དེའི་འོག་ཏུ་བསམ་གཏན་རྣམས་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་དག་ལ་
เล่ม ๑๓๒ · หน้า 17b
བསྙེན་བཀུར་བྱའོ། །དེའི་འོག་ཏུ་རོ་མྱང་བ་མེད་པའི་རྗེས་སུ་འབྲང་བས་བདེན་པ་རབ་ཏུ་རྟོགས་པར་བྱ་བ་དང་། ཟག་པ་ཟད་པར་བྱ་བ་དང་། བག་ཡོད་པ་ལ་བསྙེན་བཀུར་བྱ་བ་སྟེ། དེ་ནི་བསྙེན་བཀུར་རྣམ་པ་བདུན་གྱི་གོ་རིམས་ཡིན་པར་རིག་པར་བྱ་སྟེ། །དེ་ལ་བསྙེན་བཀུར་ནི་རྣམ་པ་གསུམ་
གྱིས་རིག་པར་བྱའོ། །ཡོན་ཏན་དང་ཕན་ཡོན་ལ་ཡིད་ཆེས་པས་བླ་མར་བྱ་བ་དང་ཡིད་ཆེས་པ་དང་། རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱིས་ཐུན་མོང་དུ་ལེགས་པར་བསྒྲུབས་པས་རི་མོར་བྱ་བ་དང་། གདུགས་དང་། རྒྱལ་མཚན་དང་བ་དན་དག་གིས་མཆོད་པར་བྱའོ། །རྩོད་པ་ཉེ་བར་
ཞི་བ་ལ་བརྩམས་ནས་ཚངས་པ་མཚུངས་པར་སྤྱོད་པ་ལ་ལྟུང་བ་བྱུང་བ་ཉིད་ཀྱི་ཚེ་ན་མིག་བཞིས་མངོན་སུམ་དུ་བདེན་པས་ལྟུང་བ་གླེང་བར་བྱེད་ཅིང་མི་བདེན་པས་མ་ཡིན་ཞེས་རྒྱས་པར་བྱ་བ་སྟེ། དེ་ཡང་མ་རྟོགས་པ་ལས་རྟོགས་པ་དང་དུས་མཉམ་པ་ཁོ་ནར་ལྟུང་བ་འབྱིན་པར་མི་བྱེད་ཅིང་ལྟུང་བ་མ་
བྱུང་བ་ལས་དགེ་སློང་རྣམས་ཀྱི་གཞི་དེས་མཐོང་བ་དང་ཐོས་པ་དང་དོགས་པས་གླེང་བར་མི་བྱེད་དེ། དེ་ལྟར་ན་དེའི་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་རོ། །དགེ་སློང་ལྟུང་བ་བྱེད་པར་དགེ་སློང་རྣམས་ཀྱིས་མཐོང་ལ། ལྟུང་བ་བྱུང་བ་གང་ཡིན་པ་དེས་ནི་ལྟུང་བ་བརྗེད་པར་འགྱུར། གང་དག་གིས་
མཐོང་བ་དེ་དག་གིས་ནི་མ་བརྗེད་ན་དེ་ལ་ལྟུང་བ་དྲན་ནམ་ཞེས་གཞི་དེས་གླེང་བར་བྱེད་པ་ན་མི་དྲན་ནོ་ཞེས་ཟེར་ན། དེ་མི་དྲན་པ་དེས་དྲན་གྱིས་བཤགས་པར་བྱའོ་ཞེས་བྱ་བར་ཡང་མི་བདེ་ལ་གཞན་གྱིས་གླེངས་པ་སོ་སོར་མ་བཤགས་ན་འགྱོད་པ་མེད་པར་ཡང་མི་འགྱུར་བས་དེའི་ཕྱིར་དེས་
གཞན་ལ་ཡིད་ཆེས་པ་དེས་དགེ་སློང་ལ་དྲན་པས་འདུལ་བ་ཞེས་བྱ་བས་ཡོངས་སུ་དག་པ་གསོལ་བར་བྱ་ཞིང་དགེ་འདུན་གྱིས་ཀྱང་དགེ་སློང་དེ་དག་ཉིད་དེ་ལ་ཡིད་ཆེས་པས་ཡོངས་སུ་དག་པར་བརྗོད་པར་བྱ་སྟེ། དེ་ལྟ་ན་དེའི་རྩོད་པ་ཉེ་བར་ཞི་བར་འགྱུར་ཞིང་དེ་ཡང་འགྱོད་པ་མེད་པར་འགྱུར་ལ་དགེ་
འདུན་རྣམས་ཀྱིས་ཀྱང་གཞི་དེས་གླེང་བར་མི་བྱེད་དོ། །དགེ་སློང་སེམས་འཁྲུགས་པ་ལ་སོགས་པ་རྨོངས་པ་བྱུང་ན་དགེ་སློང་གི་ཚུལ་དང་མི་མཐུན་པ་མང་པོ་ཀུན་དུ་སྤྱད་པར་གྱུར་ན་དེ་ལ་ནི་གཞི་དེས་ལྟུང་བ་མེད་ཀྱང་ཁ་ཅིག་གིས་དེ་ལ་ལྟུང་བ་མེད་པར་མི་ཤེས་ནས་འདི་ལྟར་གནས་མ་ཡིན་པར་
เล่ม ๑๓๒ · หน้า 18a
གླེང་བར་མི་བྱེད་དེ་དགེ་སློང་རྣམས་ཀྱིས་དེ་ལ་མ་འོངས་པ་སྤངས་པའི་ཕྱིར་རང་གི་སེམས་ལ་རག་ལས་པ་དགེ་འདུན་ལ་མ་སྨྱོས་པས་འདུལ་བ་གསོལ་བར་གྱིས་ཞེས་སློབ་པར་བྱེད་དྲན་པར་བྱེད་ན། དེས་ཀྱང་དེ་དག་ལ་ཐོས་ནས་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་
གང་ཟག་འདི་ནི་ལྟུང་བ་མེད་པ་ཡིན་ནོ། །ཞེས་དགེ་འདུན་མཐུན་པར་གནས་པས་དེ་དག་ལ་རྣམ་པར་དག་པར་སྨོས་པར་བྱེད་དེ་ཐོས་ནས་དགེ་སློང་མ་གཏོགས་པ་དེ་དག་གིས་ཀྱང་གཞི་དེས་དེ་ལ་ཡང་གླེང་བར་མི་བྱེད་དེ་དེ་ལྟར་ན་དེའི་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་རོ། །དེ་དགེ་འདུན་གྱི་ནང་དུ་དགེ་
སློང་གིས་དགེ་སློང་ལ་ལྟུང་བ་གླེང་བར་བྱེད་པ་གང་ཡིན་པ་དེས་ནི་ལྟུང་བ་ཡོད་པར་འདུ་ཤེས་ལ་གླེང་བར་བྱ་བ་གང་ཡིན་པ་དེ་ནི་ལྟུང་བ་མེད་པར་འདུ་ཤེས་ཤིང་བདག་ལ་ལྟུང་བ་བྱུང་ན་མེད་དོ་ཞེས་རློམ་པར་བྱེད་ལ་གླེང་བ་པོ་ཡང་ཚེ་དང་ལྡན་པས་འདི་དང་འདི་ལྟར་མ་བྱས་སམ་ཞེས་སྨྲ་ཞིང་དེས་ཀྱང་བྱས་
སོ་ཞེས་རབ་ཏུ་ཤེས་པར་བྱེད་ལ་གླེང་བ་པོ་ཡང་དེ་ནི་ལྟུང་བ་ཡིན་ན་གླེངས་པའི་ཚེ་ལྟུང་བ་མེད་དོ་ཞེས་རློམ་པར་བྱེད་ཅེས་ཟེར་ན་དེ་ལ་དགེ་འདུན་གྱིས་ཅི་ལྟུང་བ་ཡོད་དམ་འོན་ཏེ་མེད་ཅེས་གཞི་དེའི་ངོ་བོ་ཉིད་བརྩལ་བར་བྱ་ཞིང་དེ་བཞིན་དུ་ཡང་དག་པར་ལན་གདབ་པར་ཡང་བྱ་སྟེ། དེ་ལྟར་ན་དེའི་རྩོད་པ་དེ་
ཉེ་བར་ཞི་བར་འགྱུར་རོ། །གནས་གང་ཡང་རུང་བ་ཞིག་ན་དགེ་སློང་རབ་ཏུ་མང་པོ་དག་ལྟུང་བ་བྱུང་དུ་དོགས་པ་ལས་བརྩམས་ནས་ལྟུང་བ་ཡོད་དོ། །ལྟུང་བ་མེད་དོ། །ལྕི་བ་ཡིན་ནོ། །ཡང་བ་ཡིན་ནོ་ཞེས་རྩོད་པར་འགྱུར་ན་དེ་ལ་གནས་གཞན་ལ་རྒྱ་ཆེ་ཞིང་མང་བ་གང་དག་ཡིན་པ་དག་དང་།
དེ་དག་པས་ཆེས་བྱང་བ་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་གང་ཡིན་པ་དེ་དག་ལ་དེ་དག་གིས་བསྟན་པར་བྱ་སྟེ། དེ་ལྟར་དེའི་རྩོད་པ་དེ་མཇུག་ཏུ་ཉེ་བར་ཞི་བར་འགྱུར་རོ། །དགེ་སློང་ལྟུང་བ་བྱུང་ན་རང་གིས་འགྱོད་པའི་ཀུན་ནས་དཀྲིས་པས་གླེང་བར་བྱེད་སེལ་བར་བྱེད་ཅིང་གཞན་དག་
གིས་གླེང་གི་དོགས་པས་ཆོས་བཞིན་དུ་ཕྱིར་བྱེད་དེ་དེས་ན་རྩོད་པ་དེ་ཉིད་ཉེ་བར་ཞི་བར་འགྱུར་རོ། །དགེ་སློང་རབ་ཏུ་མང་པོ་དག་ཕན་ཚུན་ལྟུང་བས་གླེང་བར་བྱེད་ཅིང་དེ་དག་ཀྱང་ང་རྒྱལ་གྱིས་མངོན་པར་ཚར་བཅད་པ་ཤ་སྟག་ཡིན་ལ་ཕན་ཚུན་དེ་དག་འཆགས་པར་མི་འདོད་ཅིང་བྱེ་བ་དང་ཐ་
เล่ม ๑๓๒ · หน้า 18b
དད་དུ་གྱུར་པ་དང་། གཉིས་སུ་གྱུར་ཅིང་གནས་ལ། གཅིག་གི་ཕྱོགས་ཀྱང་འདི་སྙམ་དུ་འདི་དག་བདག་ཅག་ལ་འཆགས་པར་མི་བྱེད་ལ། བདག་ཅག་གིས་ཀྱང་ཅིའི་ཕྱིར་འདི་དག་ལ་བཤགས་པར་བྱ་སྙམ་དུ་སེམས་ཤིང་ཕྱོགས་ཅིག་ཤོས་ཀྱང་དེ་ཁོ་ན་སྙམ་དུ་སེམས་པར་གྱུར་ན་དེ་ལ་ཕྱོགས་གཉིས་
ཀར་གཏོགས་པའི་གང་ཟག་གཙོ་བོའི་ཚིག་གཟུང་བ་གཉིས་གཞན་གྱི་ཕྱོགས་གཅིག་ཏུ་དོང་ལ། དེ་དག་གི་རྗེས་སུ་གནས་པས་ལྟུང་བ་དེ་དག་བཤགས་པར་བྱ་སྟེ། དེ་ལྟར་ན་དེའི་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེ་དག་ཀྱང་མདོར་བསྡུ་ན་རྩོད་པ་རྣམ་པ་བཞི་དང་། དེ་ཉེ་བར་ཞི་བ་རྣམ་པ་བཞིར་
འགྱུར་ཏེ། རྩོད་པ་རྣམ་བཞི་གང་ཞེ་ན། གཞན་གྱིས་གླེངས་པས་རྩོད་པ་དང་། ཕན་ཚུན་ཐེ་ཚོམ་ཟ་བས་རྩོད་པ་དང་། བདག་ཉིད་གླེངས་པས་རྩོད་པ་དང་། ཕན་ཚུན་གླེངས་པས་རྩོད་པས་སོ། །ཉེ་བར་ཞི་བ་རྣམ་པ་བཞི་གང་ཞེ་ན། བསམས་པའི་ལྟུང་བ་དགེ་འདུན་ལ་སྟོན་པས་ཉེ་བར་ཞི་བ་
དང་། ཡོངས་སུ་དག་པས་སྦྱིན་པས་ཉེ་བར་ཞི་བ་དང་། དེའི་ངོ་བོ་ཉིད་དང་གང་མང་བ་ཚོལ་བ་དང་ཡང་དག་པ་ཇི་ལྟ་བ་བཞིན་འགྲོ་བས་ཉེ་བར་ཞི་བ་དང་། བཤགས་པས་ཉེ་བར་ཞི་བའོ། །དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ཡོངས་སུ་ཤེས་པར་བྱ་བའི་གནས་ནི་ལྔ་སྟེ། ལྔ་གང་ཞེ་ན། དངོས་པོ་
ཡོངས་སུ་ཤེས་པར་བྱ་བ་དང་། ལྟུང་བ་ཡོངས་སུ་ཤེས་པར་བྱ་བ་དང་། གང་ཟག་ཡོངས་སུ་ཤེས་པར་བྱ་བ་དང་། རྫས་བླང་བ་ཡོངས་སུ་ཤེས་པར་བྱ་བ་དང་། གནོད་པ་ཡོངས་སུ་ཤེས་པར་བྱ་བའོ། །དེ་ལ་དངོས་པོ་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། ཕུང་པོའི་དངོས་པོ་ལ་སོགས་པ་ལྔ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སར་
བསྟན་པ་བཞིན་ནོ། །གཞན་ཡང་མདོར་བསྡུ་ན་དངོས་པོ་གཉིས་ཏེ། སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་མི་སྟོན་པའོ། །ལྟུང་བ་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་རྣམ་པ་ལྔས་ལྟུང་བ་ཡོངས་སུ་ཤེས་པར་བྱ་སྟེ།
གཞི་དང་། ཀུན་ནས་སློང་བ་དང་། དངོས་པོ་དང་། སྦྱོར་བ་དང་། མཐའ་ཡས་སོ། །དེ་ལ་གཞི་ལས་ལྟུང་བ་ཡོངས་སུ་ཤེས་པར་བྱ་བ་ནི་འདོད་ཆགས་ཀྱི་གཞིའམ། ཞེ་སྡང་གི་གཞི་ལས་སོ། །ཀུན་ནས་སློང་བ་ལས་ནི་ལྟུང་བ་གང་ལུས་ཀྱིས་ཀུན་ནས་སློང་བར་བྱེད་ལ་ངག་
เล่ม ๑๓๒ · หน้า 19a
གིས་ཀྱང་མ་ཡིན། སེམས་ཀྱིས་ཀྱང་མ་ཡིན་པ་ཡང་ཡོད་དོ། །ངག་གིས་ཀུན་ནས་སློང་བར་བྱེད་ལ་ལུས་ཀྱིས་ཀྱང་མ་ཡིན་སེམས་ཀྱིས་ཀྱང་མ་ཡིན་པ་ཡང་ཡོད་དོ། །སེམས་ཀྱིས་ཀུན་ནས་སློང་བར་བྱེད་ལ་ལུས་ཀྱིས་ཀྱང་མ་ཡིན། ངག་གིས་ཀྱང་མ་ཡིན་པ་ཡང་
ཡོད་དོ། །ལུས་དང་ངག་དག་གིས་ཀྱང་ཀུན་ནས་སློང་བར་བྱེད་ལ་སེམས་ཀྱིས་ཀྱང་མ་ཡིན་པ་ཡང་ཡོད་དོ། །ངག་དང་སེམས་ཀྱིས་ཀུན་ནས་སློང་བར་བྱེད་ལ་ལུས་ཀྱིས་ཀྱང་མ་ཡིན་པ་ཡང་ཡོད་དོ། །ལུས་དང་ངག་གིས་ཀུན་ནས་སློང་བར་བྱེད་ལ། སེམས་ཀྱིས་མ་ཡིན་པ་ཡང་ཡོད་དོ། །ངག་
དང་སེམས་ཀྱིས་ཀུན་ནས་སློང་བར་བྱེད་ལ་ལུས་ཀྱིས་མ་ཡིན་པ་ཡང་ཡོད་དོ། །ལུས་དང་ངག་དང་སེམས་ཀྱིས་ཀུན་ནས་སློང་བ་ཡང་ཡོད་དོ། །སེམས་འབའ་ཞིག་གིས་གང་ཟག་གཞན་དག་གི་མདུན་དུ་བཤགས་པར་བྱ་དགོས་པའི་ལྟུང་བ་ཀུན་ནས་སློང་བ་མེད་ཀྱི་བདག་ཉིད་ཀྱིས་བསྡམ་པར་བྱ་
བ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན་འདི་ལྟ་སྟེ། དཔེར་ན། དགེ་སློང་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པ་བྱེད་པ་ལྟ་བུའོ། །དངོས་པོ་ལས་ནི་མདོར་བསྡུ་ན་དངོས་པོ་རྣམ་པ་གཉིས་ཏེ། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་
བགྲང་བ་མ་ཡིན་པའོ། །སྦྱོར་བ་ཡང་རྣམ་པ་གཉིས་ཏེ། བྱ་བ་མ་ཡིན་པ་བྱེད་པའི་སྦྱོར་བ་དང་། བྱ་བ་མི་བྱེད་པའི་སྦྱོར་བའོ། །མཐའ་ནི་གང་ལས་བརྩམས་པར་གྱུར་པ་དེ་ལ་མཐར་ཐུག་པར་འགྲོ་ཞིང་བར་ནས་ཕྱིར་མི་ལྡོག་པ་སྟེ། དེས་ན་དེའི་ལྟུང་བ་ཡོངས་སུ་རྫོགས་པར་འགྱུར་རོ། །
ཉེས་པ་སྦོམ་པོའི་ལྟུང་བ་ནི་ཕམ་པ་དང་དགེ་འདུན་ལྷག་མའི་སྦྱོར་བ་ལས་འབྱུང་ངོ་། །ལྟུང་བྱེད་དང་ཉེས་བྱས་ནི་དེ་དག་གི་སྦྱོར་བ་དང་རང་གི་སྡེ་ཚན་མཐར་ཐུག་པ་ལས་སོ། །ཉེས་བྱས་ནི་ལྟུང་བྱེད་ཀྱི་སྦྱོར་བ་ལས་བྱུང་ངོ་། །དེ་ལ་ལྟུང་བ་ལྷག་མ་དང་བཅས་པ་ནི་ལྟུང་བའི་སྡེ་ཚན་བཞི་པོ་དག་
གོ། །ལྷག་མ་མེད་པ་ནི་ཕམ་པ་རྣམས་སོ། །སྤྱད་པ་ནི་ཡང་དག་པར་བྱས་པའོ། །མ་སྤྱད་པ་ནི་དེ་ལས་བཟློག་པ་ཡིན་ནོ། །སྨྲས་པ་ནི་གཞན་དག་གི་མདུན་དུ་བཤགས་པའི་ཚུལ་གྱིས་ཆོས་བཞིན་ཕྱིར་བྱས་པའོ། །མ་སྨྲས་པ་ནི་དེ་ལས་བཟློག་པ་ཡིན་ནོ། །བསམས་པ་ནི་བཤགས་པར་
เล่ม ๑๓๒ · หน้า 19b
བྱས་པའི་ཉེས་བྱས་ཕྱིར་བྱིན་གྱིས་བརླབས་པ་གང་ཡིན་པའོ། །མ་བསམས་པ་ནི་དེ་ལས་བཟློག་པ་ཡིན་ནོ། །བཅས་པ་ནི་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་དང་། འདུལ་བར་ལྟུང་བ་ལས་རྣམ་པར་གཞག་པ་ཡིན་ནོ། །མ་བཅས་པ་ནི་དེ་ལས་བཟློག་པ་ཡིན་ནོ། །ཕྱིར་
བཞག་པ་ནི་གང་ཟག་གཅིག་གམ། དུས་ལས་བརྩམས་པ་མགོ་གཅིག་ཏུ་མ་བྱས་པར་སྔོན་ཁྱད་པར་མེད་པར་བཅས་པ་གང་ཡིན་པའོ། །སྤྱིར་བཞག་པ་མ་ཡིན་པ་དེ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་གང་ཟག་ཡོངས་སུ་ཤེས་པར་བྱ་བ་ནི་རྣམ་པ་ལྔས་རིག་
པར་བྱ་སྟེ། དཔྱད་པའི་དབྱེ་བ་དང་། རིས་ཀྱི་དབྱེ་བ་དང་། མཐོ་དམན་གྱི་དབྱེ་བ་དང་། འཐོབ་པའི་དབྱེ་བ་དང་། བརྟག་པའི་དབྱེ་བས་སོ། །དེ་ལ་དཔྱད་པའི་དབྱེ་བ་ནི། འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་དུ་རིག་པར་བྱའོ། །རིས་ཀྱི་དབྱེ་བས་ཡང་དགེ་སློང་དང་དགེ་སློང་མ་ལ་སོགས་པ་
རིས་བདུན་གྱི་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་མཐོ་དམན་གྱི་དབྱེ་བ་ནི་འདི་ལྟ་སྟེ། གང་ཟག་ལ་ལ་རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་དང་། ཕྱུག་པོའི་ཁྱིམ་ནས་རབ་ཏུ་བྱུང་བ་དང་། གཟུགས་བཟང་བ་ཡིན་ལ། ལ་ལ་ནི་དེ་ལྟ་མ་ཡིན་པ་སྟེ། དེ་ལྟར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་མཐོ་
དམན་གྱི་དབྱེ་བ་ཡོངས་སུ་ཤེས་པ་ཞེས་བྱའོ། །འཐོབ་པའི་དབྱེ་བ་ནི་དད་པས་རྗེས་སུ་འབྲང་བ་ནས་བཟུང་སྟེ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་མཐར་ཐུག་པའི་བར་དུ་བཅུ་བདུན་དང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ནས་བཟུང་སྟེ། དགྲ་བཅོམ་པ་ཉིད་ཀྱི་བར་དག་སྟེ།
གང་ཟག་དེ་དག་གི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ། །བརྟག་པའི་དབྱེ་བ་ནི་གང་ཟག་གླེང་བ་པོས་འདི་ལྟར་གང་ཟག་ཡོངས་སུ་བརྟགས་ནས་གླེང་བར་བྱ་སྟེ། ཇི་གང་ཟག་འདི་བདག་ལ་བྱམས་པ་གུས་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་ལས་
ཇི་སྐད་གསུངས་པ་བཞིན་དུ་རིག་པར་བྱའོ། །གང་ཟག་གང་གླེང་བར་བྱ་བ་གང་ཡིན་པ་ལས་ཀྱང་གང་ཟག་གླེང་བ་པོ་ལ་འདི་ལྟར་བརྟག་པར་བྱ་སྟེ། ཀྱེ་མ་གང་ཟག་འདི་བྱིས་པ་རྨོངས་པ་ཆོས་མ་ཡིན་པས་གླེང་ཞིང་བདག་ཉིད་སྨས་པ་དང་། ཉམས་པར་བྱེད་པ་ཞིག་གམ་ཞེས་བྱ་བ་ལ་
เล่ม ๑๓๒ · หน้า 20a
སོགས་པ་རྒྱས་པར་མདོ་ལས་ཇི་སྐད་གསུངས་པ་ཁོ་ན་བཞིན་ནོ། །འོན་ཏེ་མཁས་པ་གསལ་བ་ཆོས་བཞིན་དུ་གླེང་ཞིང་བདག་ཉིད་སྨས་པ་དང་ཉམས་པར་མི་བྱེད་པ་ཞིག་ཅེས་བྱ་བ་ལ་སོགས་པ་དཀར་པོའི་ཕྱོགས་ཀྱང་རྒྱས་པར་མདོ་ལས་ཇི་སྐད་གསུངས་པ་ཁོ་ན་
བཞིན་དུ་རིག་པར་བྱ་སྟེ། དེས་གང་ཟག་གླེང་བར་འོས་པ་ཡིན་ནམ་མ་ཡིན། ལེགས་པ་ཁོ་ནར་ཡོངས་སུ་བརྟགས་ན་སྐབས་དབྱེ་བར་བྱ་བའམ་མི་དབྱེ་བར་བྱ་བ་དེ་ནི་བརྟགས་པའི་དབྱེ་བས་གང་ཟག་ཡོངས་སུ་ཤེས་པར་བྱ་བ་ཡིན་པར་རིག་པར་བྱའོ། །རྫས་བླང་བ་ཡོངས་སུ་ཤེས་པར་
བྱ་བ་གང་ཞེ་ན། རྫས་བླང་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བདག་ཉིད་དང་གཞན་དག་གི་རྙེད་པའི་རྫས་བླང་བ་དང་། ལྟུང་བ་ལས་བསླང་བའི་རྫས་བླང་བ་དང་། དགེ་འདུན་བདེ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་འཆལ་པ་བསྐྲད་པའི་རྫས་བླང་བའོ། །དེ་ལ་རྙེད་པའི་རྫས་རུང་
བ་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་ནོ། །རུང་བ་དགོས་པ་དང་བཅས་པ་འདི་ལྟ་སྟེ། སྣོད་སྤྱད་དང་ཡོ་བྱད་མང་པོའི་ཕྱིར་མ་ཡིན་པ་དེ་ནི་དོན་དང་ལྡན་པ་ཡིན་ནོ། །ལོངས་སྤྱོད་པའི་ཕྱིར་མཚམས་ལས་འདས་པ་གང་ཡིན་པ་དེ་ནི་དུས་སུ་ཡིན་ནོ། །དེ་ལས་གཞན་པའི་དགེ་སློང་རྣམས་
ཀྱིས་རྙེད་པའི་རྫས་བླང་བ་ཡང་ཡིན་པར་ཡང་དག་པར་བསྟན་པའི་ཕྱིར་ཕྱོགས་དང་བཅས་པ་ཡིན་ནོ། །ཕྱོགས་དང་བཅས་པ་དེས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བའི་ཕྱིར་དགེ་འདུན་གྱི་དབྱེན་དང་བྲལ་བ་ཡིན་ཏེ། ཡན་ལག་ལྔ་པོ་དེ་དག་དང་ལྡན་པའི་རྙེད་པའི་རྫས་དེ་ཡང་དག་
པར་བླངས་ནས་དྲན་པ་ཉེ་བར་གཞག་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཡོངས་སུ་སྤྱད་པར་བྱ་སྟེ། དེ་ལྟར་ན་དེའི་རྫས་བླང་བ་དེ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ལྟུང་བ་ལས་བསླང་བའི་རྫས་བླང་བ་ལ་ནི་དེ་དང་ལྡན་པའི་ལྟུང་བ་ལྷག་པར་སྤྱོད་པ་གང་ཡིན་
པ་དེ་ནི་ཡང་དག་པ་ཡིན་ནོ། །བདག་གིས་འདི་མི་དགེ་བའི་གནས་ནས་བླང་སྟེ། དགེ་བའི་གནས་སུ་གནས་པར་ནུས་སོ་སྙམ་དུ་ཤེས་པ་གང་ཡིན་པ་དེ་ནི་དོན་དང་ལྡན་པ་ཡིན་ནོ། །གཞན་དག་ཆོས་སྨྲ་བའམ། བླ་མ་ལ་བསྙེན་བཀུར་བྱེད་པའམ། ནད་གཡོག་ལ་སོགས་
เล่ม ๑๓๒ · หน้า 20b
པ་ལས་སྦྱོར་བའི་དུས་དག་ཏུ་གླེང་བར་མི་བྱེད་པ་གང་ཡིན་པ་དེ་དུས་དུས་སུ་ཡིན་པར་རིག་པར་བྱའོ། །གླེང་བ་དེ་ལ་དེ་ལས་གཞན་པའི་དགེ་སློང་དག་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ནི་ཕྱོགས་དང་བཅས་པ་ཡིན་ནོ། །གཞི་དེས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་དེ་ནི་ཡོངས་སུ་
དག་པ་ལྔ་པ་ཡིན་ཏེ། དེས་དེ་ལྟར་དྲན་པ་ཉེ་བར་གཞག་པ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་། མཛའ་བཤེས་ཀྱི་དངོས་པོ་ཉིད་དང་། ངང་འཇམ་པས་རྫས་དེ་བླང་བར་བྱའོ། །ལྟུང་བ་ལས་བསླང་བའི་རྫས་བླངས་པ་ཇི་ལྟ་བ་བཞིན་དུ་བདེ་བར་བྱ་བའི་ཕྱིར་ཚུལ་
ཁྲིམས་འཆལ་པ་བསྐྲད་པའི་རྫས་བླང་བ་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། གལ་ཏེ་བསྐྲད་པ་དེས་སྐྲོད་པར་བྱེད་པ་དེའི་སྲོག་གི་བར་ཆད་དམ། དགེ་འདུན་གྱི་ཀུན་དགའ་ར་བ་ལ་གནོད་པའམ། མཆོད་རྟེན་ལ་གནོད་པའམ། དེ་ལས་
གཞན་པའི་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་འདིར་དོན་དང་ལྡན་པ་ཡིན་ལ། དེ་ལས་བཟློག་པ་ནི་དོན་དང་མི་ལྡན་པ་ཡིན་པར་རིག་པར་བྱའོ། །གནོད་པ་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། ལྔ་པོ་འདི་དག་ནི་ཚེ་འདི་ལ་གནོད་པ་བྱས་པས་
བགྲོད་པར་བྱ་བ་དམ་པ་རྣམས་ཀྱིས་རྣམ་པར་སྤངས་པ། མ་སྨྱོས་པ་རྣམས་ཀྱིས་སྨྱོས་པའི་སྤྱོད་པ་དང་འདྲ་བ་འདི་ལྟ་སྟེ། སླུ་བར་འགྱུར་བ་ཡིན་ལ་དོན་འགའ་ཡང་རྒྱས་པར་མི་འགྱུར་བ་དག་སྟེ། ལྔ་གང་ཞེ་ན། ཤི་བའི་རྗེས་སུ་མྱ་ངན་བྱེད་པ་དག་ནི་ཤི་བའི་རྗེས་སུ་མྱ་ངན་བྱེད་པ་ན་བདག་
ཉིད་རྣམ་གྲངས་དུ་མ་ནས་ཀུན་དུ་གདུང་བར་བྱེད་པ་དེ་ནི་ཚེ་འདི་ལ་གནོད་པ་རྒྱས་པ་དང་པོ་ཡིན་ནོ། །གཞན་ཡང་བརྐམ་ཆགས་དང་ལྡན་པ་སེར་སྣ་ཅན་སེར་སྣའི་དྲི་མས་ཟིལ་གྱིས་ནོན་པ་དག་འཚོ་བའི་ཡོ་བྱད་དག་ཡོད་བཞིན་དུ་ཚེགས་ཆེན་པོས་འཚོ་བར་བྱེད་པ་དེ་ནི་ཚེ་འདི་ལ་གནོད་
པ་རྒྱས་པ་གཉིས་པ་ཡིན་ནོ། །དེ་ལ་སེར་སྣའི་དྲི་མ་གང་ཞེ་ན། སེར་སྣའི་དྲི་མ་བརྒྱད་དེ། སྔོན་སེར་སྣ་ལ་གོམས་ཤིང་གཏོང་བ་ལ་མ་གོམས་པར་སེར་སྣའི་དྲི་མ་དང་། ཚེ་འདི་ལ་ལུས་དང་སྲོག་ལ་ཤས་ཆེར་བལྟ་བ་དང་དེ་དང་སྐལ་བ་མཉམ་པའི་མཛའ་བཤེས་རྣམས་དང་འགྲོགས་
เล่ม ๑๓๒ · หน้า 21a
ཤིང་རྗེས་སུ་འཇུག་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་མ་གོམས་ཤིང་སྙིང་རྗེ་ཆུང་བ་དང་། ཞིང་མི་མཐུན་པ་ལ་སོགས་པར་སྒྲུབ་པ་ཀུན་ཏུ་སྟོན་པ་དང་། ཚེགས་ཆེན་པོས་ལོངས་སྤྱོད་འཐོབ་ཅིང་ཚེགས་ཆེན་པོས་འཐོབ་པར་གོམས་པའི་འདུ་ཤེས་དང་། དུས་གསུམ་དུ་ཡིད་
མི་བདེ་ཞིང་འགྱོད་པ་དང་། གཅིག་ཏུ་ལོངས་སྤྱོད་རྣམས་ལ་ཡོན་ཏན་དུ་ལྟ་ཞིང་ཉེས་དམིགས་སུ་མི་ལྟ་ལ། ལོག་པར་ལེན་ཅིང་ཡོངས་སུ་བསྔོ་སྟེ། བརྒྱད་པོ་དེ་དག་ནི་སེར་སྣའི་དྲི་མ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཡན་ལག་འཚེག་པ་དག་འཚོ་བའི་ཐབས་གཞན་ཡོད་བཞིན་དུ་ཡན་
ལག་འཚེག་པའི་རིགས་པས་འཚོ་བར་བྱེད་པའི་ཐབས་གཞན་བདག་ཉིད་ཀྱི་ལུས་ལ་ཉོན་མོངས་པ་རྣམ་པ་གསུམ་གྱིས་ཉོན་མོངས་པར་བྱེད་པ་དེ་ནི་ཚེ་འདི་ལ་གནོད་པ་རྒྱས་པ་གསུམ་པ་ཡིན་ནོ། །གཞན་ཡང་མཐོ་རིས་འདོད་པ་ཁ་ཅིག་མཐོ་རིས་དོན་དུ་གཉེར་བ་ན་མཐོ་རིས་མི་ཤེས་པས་ཟས་མི་ཟ་བ་
དང་། མེར་འཇུག་པ་དང་། ལྷུན་པོ་ལས་གཡང་དུ་མཆོང་བ་ལ་སོགས་པས་བདག་ཉིད་ལ་གནོད་པར་བྱེད་པ་དེ་ནི་ཚེ་འདི་ལ་གནོད་པ་རྒྱས་པ་བཞི་པ་ཡིན་ནོ། །གཞན་ཡང་རྣམ་པར་དག་པ་འདོད་པ་ཁ་ཅིག་རྣམ་པར་དག་པའི་ལམ་མི་ཤེས་ཤིང་སྡུག་བསྔལ་གྱི་ཆོས་ཀྱི་གནོད་པས་རྣམ་པར་དག་པར་རྟོགས་
པས་རྣམ་གྲངས་དུ་མས་བདག་ཉིད་ལ་ཀུན་ཏུ་གདུང་བར་བྱེད། ཡང་དག་པར་གདུང་བར་བྱེད་པ་དེ་ནི་ཚེ་འདི་ལ་གནོད་པ་རྒྱས་པས་བྱིས་པས་བགྲོད་པར་བྱ་བ་ཞེས་རྒྱས་པར་བྱ་བ་ལྔ་པ་ཡིན་ནོ། །དེ་ལྟར་ན་གནོད་པ་ལྔ་པོ་དེ་དག་ནི་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ཡོངས་སུ་སྤང་བར་བྱའོ། །དགེ་
སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་ཆོས་ལྔ་ནི་མ་དད་པ་རྣམས་དད་པ་དང་དད་པ་རྣམས་ཕྱིར་ཞིང་འཕེལ་བར་འགྱུར་ཏེ། ལྔ་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་པ་དང་།
ཕན་ཚུན་འཐབ་པ་དང་རྩོད་པ་མེད་པའོ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་པོ་ནས་ལེགས་པར་བླངས་པ་དང་། ཧ་ཅང་ཞུམ་པ་མ་ཡིན་པ་དང་། ཧ་ཅང་ཐལ་བ་མ་ཡིན་པ་དང་། ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་
เล่ม ๑๓๒ · หน้า 21b
བཞིན་ནོ། །ལྟ་བ་ཕུན་སུམ་ཚོགས་པ་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། སྒྲོ་འདོགས་པ་འཇིག་ཚོགས་ལ་ལྟ་བ་མཐར་འཛིན་པའི་ལྟ་བ་སྤངས་པ་དང་། སྐུར་པ་འདེབས་པ་ལོག་པའི་ལྟ་བ་སྤངས་པ་དང་། དེ་དང་འབྲེལ་བ་ལྟ་བ་མཆོག་ཏུ་འཛིན་པ་སྤངས་པ་དང་། ཚུལ་ཁྲིམས་དང་
བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྤངས་པ་དང་། དགེ་མཚན་དང་། བདེན་པ་དང་། གཙང་སྦྲ་ལ་སོགས་པའི་ལྟ་བ་སྤངས་པའི་ཕྱིར་རོ། །ཆོ་ག་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་ལྔ་སྟེ། འཕྲལ་གྱི་བྱ་བ་དང་། དགེ་བའི་ཕྱོགས་ཀྱི་བྱ་བའམ། སྤྱོད་ལམ་གྱི་བྱ་བ་ལ་བརྟེན་ནས་
འཇིག་རྟེན་དང་འདུལ་བ་དང་མི་འགལ་བའི་ཆོ་ག་གང་ཡིན་པ་ལ་སོགས་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ། །འཚོ་བ་ཕུན་སུམ་ཚོགས་པ་ཡང་རྣམ་པ་ལྔ་སྟེ། ཚུལ་འཆོས་པ་ལ་སོགས་པས་འཚོ་བའི་ཆོས་རྣམ་པར་སྤངས་པའི་ཕྱིར་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སར་
བསྟན་པ་བཞིན་ནོ། །ཕན་ཚུན་འཐབ་པ་དང་། རྩོད་པ་མེད་པའི་རྩ་བ་དྲུག་ཡོངས་སུ་སྤངས་པའི་ཕྱིར་ཏེ། དེ་ལ་རྩོད་པའི་རྩ་བ་དྲུག་ནི་ཁྲོ་བ་དང་འཁོན་དུ་འཛིན་པ་ལ་སོགས་པ་རྒྱས་པར་མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །རྩོད་པའི་རྩ་བ་དྲུག་ཀྱང་གནས་དྲུག་ལ་བརྟེན་ཏེ། རྣམ་པར་གཞག་
པར་རིག་པར་བྱའོ། །དྲུག་གང་ཞེ་ན། གནོད་པ་བྱེད་དུ་དོགས་པའི་ཕྱིར་རང་གི་ཉེས་པ་འཆབ་པར་འདོད་པ་ང་རྒྱལ་གྱིས་མངོན་པར་ཚར་བཅད་པའི་གང་ཟག་དེ་ལ་དུས་གཞན་ཞིག་ན་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གཞི་དེས་གཅིག་གམ་གཉིས་སམ་རབ་ཏུ་མང་པོའི་མདུན་དུ་གླེང་བར་བྱེད་ཅིང་།
དེ་ལ་ཡང་དེ་གཅིག་ཏུ་ཡིད་དུ་མི་འོང་བའི་ཕྱིར་ལུས་ཀྱིས་ཀྱང་ཡོངས་སུ་གདུང་བར་བྱེད། སེམས་ཀྱིས་ཀྱང་ཡོངས་སུ་གདུང་བར་བྱེད་དེ། དེ་ལྟར་ང་རྒྱལ་གྱིས་མངོན་པར་ཚར་བཅད་པའི་ཕྱིར་གཞན་དག་གི་མདུན་དུ་བདག་ལ་སྨོད་པར་བྱེད་ན་མི་རུང་ངོ་སྙམ་པ་དེ་ནི་ཡོངས་སུ་གདུང་བ་ཡིན་ལ་
ལྟུང་བ་སྔ་མ་འཆབ་པ་ནི་འཆབ་པ་ཡིན་ཏེ། དེ་ལྟར་ང་རྒྱལ་གྱིས་མངོན་པར་ཚར་བཅད་པའི་ཕྱིར་རང་གི་ཉེས་པ་དེ་འཆབ་པར་འདོད་པ་དེ་གཉིས་ཀ་ཡང་རྩོད་པའི་རྩ་བ་ཡིན་ནོ། །དགེ་སློང་སྒྱུ་བག་ཏུ་ཀུན་དུ་སྤྱོད་ཅིང་གཞན་དག་ལ་ཡང་བརྟེན་པའི་རང་བཞིན་ཅན་ཡིན་ཏེ། འདི་ལྟ་སྟེ།
เล่ม ๑๓๒ · หน้า 22a
བསོད་ནམས་ཆེ་བར་ཤེས་པ་ལ་རྙེད་པའི་ཕྱིར་གུས་པར་བྱས་ཏེ། བསྙེན་བཀུར་བྱེད་ལ་བྱམས་པས་མ་ཡིན། གུས་པས་མ་ཡིན། ཆོས་འདོད་པས་མ་ཡིན་པ་དེ་ཡང་ཡིན་ནོ། །དེ་བཞིན་དུ་གནས་སྦྱིན་པའི་སློབ་དཔོན་དྲང་བ་བཟད་པའི་རང་བཞིན་ཅན་ལ་ཅི་འདོད་པ་བཞིན་གནས་པར་བྱ་
ཞིང་། དེ་ཉིད་བདག་གིར་བྱེད་པར་འགྱུར་བ་བདག་གིས་ནི་འགའ་ཡང་བྱ་མི་དགོས་སོ་སྙམ་དུ་བརྟགས་ནས་ལེན་པར་བྱེད་པ་དེ་ཡང་ཡིན་ནོ། །དེ་བཞིན་དུ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པའི་རང་བཞིན་ཅན་བསོད་ནམས་ཆེ་ལ། དམ་པའི་ཆོས་ལ་བསྙེན་བཀུར་བྱ་བ་དག་འཕྲལ་གྱི་
བྱ་བ་གཞན་དག་ལ་བདག་ཉིད་སྙིང་ལས་ཆུང་ངུར་གནས་ཤིང་། དེ་ཐམས་ཅད་བྱེད་པར་འགྱུར་རོ་སྙམ་དུ་བརྟགས་ནས་གྲོགས་སུ་ལེན་པར་བྱེད་པ་ཡང་དེ་ཡིན་ནོ། །དེ་བཞིན་དུ་ལྟུང་བ་བྱུང་ཡང་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་བསྐུལ་ཞིང་དྲིས་ན་གཞན་དང་གཞན་དུ་བསྒྱུར་ཞིང་སྨྲ་བར་བྱེད་པ་
ཡང་ཡིན་ཏེ། སྒྱུ་བག་ཏུ་སྤྱོད་པ་སྒྱུ་དང་གཡོ་ལ་གནས་པ་ནི་གཞི་དེས་རྩོད་པར་འགྱུར་ཏེ། ལྷག་མ་ནི་ཅི་རིགས་པར་རིག་པར་བྱའོ། །དེ་ལས་བཟློག་པའི་ཆོས་ལྔ་ནི་མ་དད་པ་རྣམས་དད་པ་དང་། དད་པ་རྣམས་འཕེལ་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་
པའི་སྟོབས་ལྔ་དང་ལྡན་པའི་ཡང་དག་པའི་སྦྱོར་བ་ནི་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སྦྱོར་བའི་སྟོབས་དང་། བསམ་པའི་སྟོབས་དང་། རྟོགས་པའི་སྟོབས་དང་། ཤེས་པའི་སྟོབས་དང་། གནས་པའི་སྟོབས་སོ། །བསླབ་པ་འདོད་པ་ཁོ་ནས་སྙིང་ཐག་པ་
ནས་བསླབ་པ་ཐམས་ཅད་ལ་མཆོག་ཏུ་གུས་པས་བདག་ཉིད་དུལ་བར་བྱ་བ་དང་། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སློབ་པར་བྱེད་པ་དེ་ནི་སྦྱོར་བའི་སྟོབས་ཡིན་ནོ། །ལྟུང་བ་བྱུང་བ་ན་བསམ་པ་ཐག་པས་སློང་བར་བྱེད་པ་དེ་ནི་བསམ་པའི་སྟོབས་ཡིན་
ནོ། །སྟོབས་ལྷག་མ་རྣམས་ནི་ཅི་རིགས་པར་རིག་པར་བྱའོ། །འདུལ་བ་མ་མོ་རྫོགས་ཏེ། འདུལ་བ་བསྡུ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
เล่ม ๑๓๒ · หน้า 22b
༄། །རྣམ་གྲངས་བསྡུ་བ་བཞུགས། ༄༅། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། སྤྱི་སྡོམ་ནི། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས། །རྣམ་གྲངས་དག་ནི་ཡང་དག་བཤད། །དོན་གྱིས་བློ་རབ་རྟོགས་བྱའི་ཕྱིར། །སྤྱི་ཡི་སྡོམ་ནི་བསྡུས་པ་ཡིན། །སྡོམ་ནི།
སྟོན་དང་མཆོག་ཉིད་ཤེས་རབ་བཞི། །དེ་བཞིན་ལེགས་པར་གསུངས་པ་དང་། །གླེང་གཞི་ཡོད་དང་སྦྱིན་པ་དང་། །ཚུལ་ཁྲིམས་ལམ་རབ་རྒྱས་པ་ཡིན། །དེ་ལ་སྟོན་པ་ནི་དེ་བཞིན་གཤེགས་པའོ། །རབ་ཏུ་སྟོན་པ་ནི་དེའི་སློབ་མའི་མཆོག་རྣམས་ཏེ་གནས་བརྟན་ཤཱ་རིའི་བུ་ལ་སོགས་པའོ། །
རྗེས་སུ་སྟོན་པ་ནི་སློབ་དཔོན་དང་། མཁན་པོ་དང་། ཆོས་མཐུན་པ་པ་རྣམས་དང་། སྐུལ་བར་བྱེད་པ་རྣམས་དང་། དྲན་པར་བྱེད་པ་རྣམས་སོ། །དེ་ལ་སྟོན་པ་ནི་སྟོན་པར་བྱེད་པའོ། །རབ་ཏུ་སྟོན་པ་ནི་རབ་ཏུ་སྟོན་པར་བྱེད་པའོ། །རྗེས་སུ་སྟོན་པ་ནི་རྗེས་སུ་སྟོན་པར་བྱེད་པའོ། །བྱ་བ་རྗེས་
སུ་གནང་བ་དང་། བྱ་བ་མ་ཡིན་པ་འགོག་པ་དང་། དུས་དུས་སུ་གདམས་ངག་དང་། རྗེས་སུ་བསྟན་པ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར། དེ་དག་ཉིད་གསུང་བ་དང་། རབ་ཏུ་གསུང་པ་དང་། རྗེས་སུ་གསུང་བ་ཡིན་པར་རིག་པར་བྱའོ། །འདྲེན་པ་ནི་བྱ་བ་མ་ཡིན་པ་ལ་བརྩོན་པ་རྣམས་
ཚར་གཅོད་པར་བྱེད་པའོ། །རྣམ་པར་འདྲེན་པ་ནི་བྱ་བ་ལ་བརྩོན་པ་རྣམས་ཡང་དག་པར་མགུ་བར་བྱེད་པའོ། །རབ་ཏུ་འདྲེན་པ་ནི་དེ་གཉི་ག་ཡང་དག་པར་སྐུལ་བར་བྱེད་པའོ། །འདྲེན་པར་བྱེད་པ་ནི་ཐེ་ཚོམ་སྐྱེས་ཤིང་བྱུང་བ་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །རྣམ་
པར་འདྲེན་པར་བྱེད་པ་ནི་འགྱོད་པ་རྣམས་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །རབ་ཏུ་འདྲེན་པར་བྱེད་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །ཡང་ཐེ་ཚོམ་རྣམས་གཅོད་པར་བྱེད་པ་དང་། དོན་དམ་
པར་མ་ཕྱེ་བ་རྣམས་རྣམ་པར་འབྱེད་པར་བྱེད་པ་དང་། དོན་རྣམ་པར་ཕྱེ་བ་རྣམས་གསལ་བར་བྱེད་པ་དང་། དོན་དང་ཚིག་ཟབ་མོ་ཤེས་རབ་ཀྱིས་ཡང་དང་ཡང་དུ་རྟོགས་པར་བྱས་ཏེ། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར། འདྲེན་པར་བྱེད་པ་ལ་སོགས་པ་དང་གོ་རིམས་
เล่ม ๑๓๒ · หน้า 23a
བཞིན་ནོ། །སློབ་དཔོན་ནི་བླ་མའི་གནས་སུ་ཁས་བླང་བར་བྱའོ། །གཉིས་པ་ནི་གྲོགས་བྱེད་པ་སྟེ། དེ་དང་མཐུན་པར་རྗེས་སུ་འཇུག་པའི་ཕྱིར་རོ། །མཛའ་བཤེས་ནི་ཁྱིམ་པའི་ཚེའི་གྲོགས་པོ་རྙིང་པའོ། །སྙིང་དུ་སྡུག་པ་ནི་ཕ་དང་མ་དང་དེ་དང་འབྲེལ་བའོ། །སྙིང་བརྩེ་
བ་ནི་འབྲེལ་བ་མེད་པར་ཕན་འདོགས་པའོ། །དོན་ཞེས་བྱ་བ་ནི་དོན་དུ་གཉེར་བ་དང་དོན་དང་ལྡན་པའོ། །དེ་འདོད་པ་ནི་དོན་འདོད་པའོ། །ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །དེ་འདོད་པ་ནི་ཕན་པ་འདོད་པའོ། །རེག་པར་གནས་པ་ནི་ལུས་དང་སེམས་ལ་ཕན་འདོགས་པའི་དོན་གྱིས་བདེ་
བ་ཞེས་བྱའོ། །དེ་འདོད་པ་ནི་བདེ་བ་འདོད་པའོ། །རེག་པར་འདོད་པ་ནི་མཐོང་བའི་ཆོས་ཀྱི་བདེ་བ་ལས་བརྩམས་པའོ། །གྲུབ་པ་དང་བདེ་བར་འདོད་པ་ནི་ཚེ་ཕྱི་མའི་བདེ་བ་ལས་བརྩམས་པའོ། །མངོན་པར་ཡིད་ཆེས་པ་ནི་ཐམས་ཅད་ལ་མངོན་པར་ཡིད་ཆེས་པའོ། །དེ་ཉིད་དེས་ཡོན་
ཏན་དང་མཐུ་དང་ཤེས་རབ་མཆོག་ཏུ་འབྱུང་བ་ཐོས་ནས། གང་ཟག་གི་རྟེན་གྱི་སྒོ་ནས་དང་པོའོ། །དེ་ཉིད་ཆོས་ཀྱི་གཞི་དང་རིག་པའི་སྒོ་དང་མཐུན་པ་ནི་དང་བ་སྟེ། གང་གི་དབང་དུ་བྱས་ཏེ་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་དཀྲུག་ཅེས་བྱེད་པ་ལ་སོགས་པ་དང་བའི་རྟགས་འབྱུང་
བ་ཡིན་ནོ། །ངེས་པར་རྟོགས་པས་ནི་ཡོན་ཏན་ལ་སོགས་པ་མ་ཐོས་པ་སྤྱོད་ལམ་དང་། སྤྱོད་པ་དང་། གནས་པ་དག་ལས་དེ་ལ་ཡོན་ཏན་ཡོད་པར་ཡིད་ཆེས་པའོ། །འདུན་པ་ནི་དེ་བྱེད་འདོད་པ་དང་། ཐོབ་པར་འདོད་པ་གང་ཡིན་པའོ། །བརྩོན་འགྲུས་ནི་བརྩོན་འགྲུས་བརྩམས་པའི་
སེམས་མངོན་པར་སྤྲོ་བ་གང་ཡིན་པའོ། །རྩོལ་བ་ནི་སྤྲོ་བ་བྱས་པ་སྦྱོར་བ་དེ་ལ་རྩོལ་བའོ། །ངེས་པར་འབྱུང་བ་ནི་བརྩོན་འགྲུས་བརྩམས་པ་མི་གཏོང་ཞིང་རྒྱུན་དུ་བྱེད་པ་སྟེ་ཕྱིར་མི་བཟློག་པའོ། །བརྟུལ་བ་ནི་བརྩོན་འགྲུས་གུས་པར་བརྩོན་པའོ། །མཐུ་ནི་མཚན་མོའམ་ཐུན་འདས་ནས་བརྩོན་
འགྲུས་འདི་དང་འདི་ལྟ་བུ་ཞིག་བརྩམ་མོ་ཞེས་སྔ་ནས་སེམས་པའི་གོ་ཆ་གང་ཡིན་པའོ། །རྩོལ་བ་ནི་ཇི་ལྟར་གོ་ཆ་བགོས་པའམ་ཁྱད་པར་དུ་འཕགས་པར་བརྩོན་འགྲུས་རྩོམ་པའོ། །སྤྲོ་བ་ནི་བརྩོན་འགྲུས་བརྩམས་པ་དེའི་འབྲས་བུའི་ཕན་ཡོན་མཐོང་བའོ། །བཟོད་སྤྲོ་ནི་དེ་དང་ལྡན་པ་གྲང་བ་
เล่ม ๑๓๒ · หน้า 23b
ལ་སོགས་པའི་གནོད་པ་དང་དུ་ལེན་པའོ། །མངོན་པར་སྤྲོ་བ་ནི་སྔ་ཕྱིའི་ཁྱད་པར་ཤེས་ནས་གོང་མའི་ཁྱད་པར་ཐོབ་པར་བྱ་བ་ལ་ཡིད་ཆེས་པ་སྐྱེས་པའི་བརྩོན་འགྲུས་གང་ཡིན་པའོ། །ཕྱིར་མི་ལྡོག་པ་ནི་ཁྱད་པར་དུ་ཆུང་ཟད་ཙམ་མམ། ངན་ངོན་ཙམ་ཞིག་རྟོགས་ནས་བར་མ་དོར་སྒྱིད་མི་ལུག་པ་
སྟེ་དགེ་བ་བསྒོམས་པས་ཆོག་མི་ཤེས་པའོ། །སེམས་ཡང་དག་པར་སྡུད་པ་ནི་བརྩོན་འགྲུས་ཀྱི་གགས་སུ་གྱུར་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བདུད་ཀྱི་ལས་རྣམས་ལས་བློ་སེམས་ཡང་དག་པར་སྒོམ་པའོ། །རྒྱུན་དུ་བྱེད་པ་ནི་སྦྱོར་བ་དེ་ཉིད་ལ་རྒྱུན་དུ་བྱེད་པ་གང་ཡིན་པ་སྟེ་བརྩོན་པ་མི་གཏོང་
བའོ། །དད་པ་ནི་འདི་ལྟ་སྟེ། དེས་སྟོན་པས་ཆོས་སྟོན་པའི་ཆོས་དེ་ཐོས་ནས་དད་པ་རྙེད་པ་གང་ཡིན་པའོ། །བག་ཡོད་པ་ནི་དད་པ་ཐོབ་པ་ངེས་པར་འབྱུང་བར་འདོད་པའི་གགས་སུ་གྱུར་པའི་ཆོས་དག་ལས་སེམས་ཀུན་དུ་སྲུང་བ་གང་ཡིན་པ་དང་རྒྱུན་དུ་དགེ་བའི་ཆོས་སྒོམ་པར་བརྩོན་པའོ། །
སྦྱོར་བ་ནི་ལུང་དང་། ཁ་ཏོན་དང་། ཡོངས་སུ་འདྲི་བ་དང་། འབྲེལ་བའི་གཏམ་རྣམ་པར་ངེས་པ་ལ་ཡང་དག་པར་རབ་ཏུ་སྦྱོར་བའོ། །སེམས་པ་ནི་ཇི་སྐད་བསྟན་པ་དང་མནོས་པའི་ཆོས་དང་དོན་ལ་ཡོངས་སུ་རྟོགས་པའོ། །དྲན་པ་ནི་ཡོངས་སུ་བརྟགས་པའི་དོན་མི་བརྗེད་པ་དང་། ཡུན་རིང་མོ་
ཞིག་ན་བྱས་པ་དང་བཤད་པ་ཡང་རྗེས་སུ་དྲན་པའོ། །རྣམ་པར་རྟོག་པ་ནི་ཆོས་དང་དོན་དེ་ཉིད་ལ་བརྟེན་ཏེ། ངེས་པར་འབྱུང་བ་ལ་སོགས་པ་རྣམ་པར་རྟོག་པའོ། །ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ནི་འཇིག་རྟེན་ལས་འདས་
པའི་ཤེས་རབ་པོ། །ཤེས་རབ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་རྗེས་སུ་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པ་གང་ཡིན་པའོ། །དཔྱོད་པ་ནི་དཔྱོད་པའི་ཡིད་ལ་བྱེད་པས་སྤངས་པ་དང་། མ་སྤངས་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པ་ལ་སོ་སོར་རྟོག་
པ་གང་ཡིན་པའོ། །ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཚངས་པར་སྤྱོད་པ་མ་ཡིན་པ་འཁྲིག་པའི་ཆོས་སྤངས་པའོ། །ལྷག་མ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་ཚངས་པར་སྤྱོད་པ་ཀུན་ཏུ་འདྲེན་པར་བྱེད་པ་སྟེ། དེ་དག་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་
เล่ม ๑๓๒ · หน้า 24a
དང་། དེའི་ཕྱོགས་ཡིན་པའི་ཕྱིར་ཞི་གནས་དང་ལྷག་མཐོང་དང་། ལུས་སུ་གཏོགས་པའི་དྲན་པ་དང་། གནས་གསུམ་དག་གིས་ཅི་རིགས་པར་བསྡུས་སོ། །དེ་ལ་དད་པ་དང་དྲན་པ་ནི་གཉིས་ཀའི་ཕྱོགས་ཡིན་ནོ། །དེ་ལ་སྟོན་པ་དེ་ཉིད་རང་གི་དོན་སྒྲུབ་པའི་ཕྱིར་
མཆོག་ཅེས་བྱའོ། །གཞན་གྱི་དོན་སྒྲུབ་པའི་ཕྱིར་གཙོ་བོ་ཞེས་བྱའོ། །དེ་གཉི་ག་སྒྲུབ་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་བླ་མ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །
མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་
པའི་དགེ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་མཆོག་གོ། །ཉན་ཐོས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་གཙོ་བོའོ། །རང་སངས་རྒྱས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཉོན་མོངས་
པའི་སྒྲིབ་རྣམ་པར་དག་པའི་ཕྱིར་བླ་མའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་བླ་ན་མེད་པའོ། །རྣམ་གྲངས་གཞན་ཡང་འདོད་པ་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་མཆོག་གོ། །གཟུགས་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་གཙོ་བོའོ། །གཟུགས་མེད་པ་ན་
སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པ་འཇིག་རྟེན་ལས་འདས་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་བླ་མའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཡང་དག་པར་འདས་པའི་དགེ་བ་ཕུན་
སུམ་ཚོགས་པའི་ཕྱིར་བླ་ན་མེད་པའོ། །སེམས་ཅན་རྐང་མེད་རྣམས་ནི་འདི་ལྟ་སྟེ་སྦྲུལ་ལ་སོགས་པའོ། །སེམས་ཅན་རྐང་གཉིས་རྣམས་ནི་འདི་ལྟ་སྟེ་མི་ལ་སོགས་པའོ། །སེམས་ཅན་རྐང་བཞི་རྣམས་ནི་འདི་ལྟ་སྟེ། གླང་པོ་ཆེ་ལ་སོགས་པའོ། །སེམས་ཅན་རྐང་མང་རྣམས་ནི་འདི་
เล่ม ๑๓๒ · หน้า 24b
ལྟ་སྟེ་སྲིན་གྱི་མེ་ལ་སོགས་པའོ། །སེམས་ཅན་གཟུགས་ཅན་རྣམས་ནི་འདི་ལྟ་སྟེ་འདོད་པའི་ཁམས་ནས་བཟུང་སྟེ། བསམ་གཏན་བཞི་པའི་བར་དག་གོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་རྣམས་ནི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་བཟུང་སྟེ། འདུ་ཤེས་མེད་འདུ་
ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་གོ། །སེམས་ཅན་འདུ་ཤེས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པ་འདོད་པའི་ཁམས་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དག་གོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་
ཤེས་མེད་པའི་ལྷ་རྣམས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །མདོར་བསྡུ་ན་རྣམ་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཡོངས་སུ་གཡོ་བ་དང་། སྐུ་དང་ཐུགས་ཀྱི་
སྒོ་ནས་མཆོག་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་པ་ཡིན་ནོ། །ཤེས་རབ་རྙེད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་དགེ་བ་དང་། དོན་དང་ལྡན་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱས་པ་དང་། འཕེལ་བ་དང་། ཡངས་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་ཁྱད་
པར་དུ་འཕགས་པའོ། །ཤེས་རབ་རྣམ་པར་བྱང་བ་ནི་སྔོན་གོམས་པར་བྱས་པའི་ཤེས་རབ་དུས་གཞན་དུ་ཡོངས་སུ་སྨིན་པའོ། །ཤེས་རབ་འབྱོར་པ་ནི་ཉོན་མོངས་པ་ཡོངས་སུ་ཤེས་པ་དང་། སྤོང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ཡོངས་སུ་སྐོང་བ་ནི་དེ་ཉིད་མཐར་ཐུག་པར་འགྲོ་
བའོ། །ཤེས་རབ་ཡོངས་སུ་མི་ཉམས་པ་ནི་དེ་ཉིད་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཏེ། ཤིན་ཏུ་ཚར་ཕྱིན་པའོ། །ཤེས་རབ་མྱུར་བ་ཉིད་ནི་སྐྱེན་པར་རབ་ཏུ་ཤེས་པའོ། །ཤེས་རབ་མགྱོགས་པ་ཉིད་ནི་ཤེས་རབ་ཡོངས་སུ་མི་གཏུགས་པའོ། །ཤེས་རབ་རྣོ་བ་ཉིད་ནི་ཇི་སྙེད་པ་དང་ཇི་ལྟ་བ་བཞིན་དུ་
རབ་ཏུ་ཤེས་པའོ། །ངེས་པར་འབྱུང་བའི་ཤེས་རབ་ཉིད་ནི་ངེས་པར་འབྱུང་བར་བྱ་བའི་ཆོས་རྣམས་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་ཤེས་པའོ། །ངེས་པར་འབྱེད་པའི་ཤེས་རབ་ཉིད་ནི་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རབ་ཏུ་ཤེས་པའོ། །ཤེས་རབ་
เล่ม ๑๓๒ · หน้า 25a
ཟབ་པ་ནི་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པའི་ཆོས་རབ་ཏུ་ཤེས་པ་དང་། དོན་དང་ཚིག་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ནི་དེ་དག་གདགས་པ་ལ་ཤེས་རབ་ཡིན་ནོ། །ཉན་ཐོས་
རྣམས་ཀྱི་ནི་གདགས་པ་ལ་ཤེས་རབ་ཆེན་པོ་ཡིན་ཏེ། ཤེས་རབ་དེ་ཉིད་དུས་ཡུན་རིང་པོ་ནས་ཡོངས་སུ་གོམས་པར་བྱས་པ་ཡིན་ནོ། །ཤེས་རབ་ཡངས་པ་ནི་དེ་ཉིད་ཚད་མེད་པ་དང་མཐའ་ཡས་པའི་སྤྱོད་ཡུལ་ལོ། །ཤེས་རབ་མཉམ་པ་མེད་པ་ནི་གཞན་དག་དང་མི་མཚུངས་པའི་ཤེས་རབ་པོ། །
ཤེས་རབ་རིན་པོ་ཆེ་ནི་ཤེས་རབ་དབང་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་སྟེ། འཁོར་ལོས་སྒྱུར་བའི་ནོར་བུ་རྣམས་ཀྱི་ནང་ན་བཻཌཱུརྱ་ལྟར་འོད་ཀྱིས་སྣང་བར་བྱེད་པའི་ཕྱིར་རོ། །དེ་དང་ལྡན་པ་ནི་ཤེས་རབ་རིན་པོ་ཆེ་དང་ལྡན་པའོ། །ཤེས་རབ་མིག་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་པོ། །ཤེས་རབ་སྣང་བ་ནི་
གཞན་ལས་བསྒྲུབས་ཤིང་གཞན་གྱིས་སྐྱེད་པ་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་འོད་ནི་ཤེས་རབ་དེ་ཉིད་སྦྱོར་བ་ལས་བྱུང་བ་སྟེ། ཐོས་པ་དང་བསམས་པ་ལས་བྱུང་བའོ། །ཤེས་རབ་གསལ་བ་ནི་ཤེས་རབ་དེ་ཉིད་བསྒོམས་པ་ལས་བྱུང་བའོ། །ཤེས་རབ་མར་མེ་ནི་དེ་བཞིན་
གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་རྣམ་པར་འཇོག་པ་གང་ཡིན་པ་སྟེ་རབ་ཏུ་གསལ་བར་བྱེད་པའོ། །ཤེས་རབ་སྐར་མདའ་ནི་ཆོས་སྟོན་པའི་དུས་ཙམ་གྱི་རྗེས་སུ་འཇུག་པའོ། །ཤེས་རབ་སྒྲོན་མ་ནི་དེ་དང་དེ་དག་ཏུ་ཤེས་རབ་ཀྱིས་ཆོས་རྣམས་ལ་ཤིན་ཏུ་ལེགས་པར་
བརྟགས་ཤིང་དུས་ཕྱིས་ཀྱང་རྗེས་སུ་འཇུག་པ་སྟེ། ལུས་ཀྱིས་མངོན་དུ་བྱས་པས་ནི་མ་ཡིན་པའོ། །ཤེས་རབ་མུན་པ་མེད་པ་ནི་ལུས་ཀྱིས་མངོན་དུ་བྱས་པའོ། །ཤེས་རབ་དབང་པོ་ནི་གཞན་དག་གི་རྟོགས་པའི་དབང་དུ་བྱས་ནས་ཤེས་རབ་གང་ཡིན་པའོ། །ཤེས་རབ་སྟོབས་ནི་བདག་ཉིད་ཀྱི་
སྔ་ཕྱིའི་ཁྱད་པར་རྟོགས་པ་ལེགས་པར་རྟོགས་པའི་དབང་དུ་བྱས་ཏེ་རིགས་པ་དང་ཆོས་ལ་བརྫི་བ་མེད་པའི་ཤེས་རབ་བོ། །ཤེས་རབ་ནོར་ནི་དབང་ཕྱུག་ཐམས་ཅད་ཀྱི་ནང་ན་དབང་ཕྱུག་གི་མཆོག་རབ་སྐྱེད་པ་དང་། རང་གི་སེམས་ལ་དབང་སྒྱུར་བ་ཐོབ་པར་བྱེད་པ་དང་ནོར་ཐམས་ཅད་ཀྱི་གཙོ་བོ་དང་།
เล่ม ๑๓๒ · หน้า 25b
འཇིག་རྟེན་པའི་ནོར་ཐམས་ཅད་ཀྱི་རྩ་བའི་རྒྱུ་གང་ཡིན་པའོ། །ཤེས་རབ་རིན་པོ་ཆེ་ནི་ཇི་སྐད་དུ་བཤད་པའོ། །ཤེས་རབ་རལ་གྲི་དང་ཤེས་རབ་མཚོན་ཆ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་གཅོད་པར་བྱེད་པའོ། །ཤེས་རབ་མཚོན་ཆ་ནི་ཉོན་མོངས་པ་དང་། ལྷའི་བུའི་བདུད་རིང་དུ་སྤོང་བའོ། །ཤེས་རབ་
འདེབས་པ་ནི་ཡིད་ཀྱི་དབང་པོའི་རྟ་དགེ་བ་སྤྱོད་པར་འདེབས་པའོ། །ཤེས་རབ་ལྟུང་བར་བྱེད་པ་ནི་ལུས་ཐམས་ཅད་དང་བྲལ་བ་དང་། རྣམ་པར་འཇིག་པར་བྱེད་པའོ། །ཤེས་རབ་ར་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་སྒོ་དུ་མ་འགོག་པར་ཞུགས་པའོ། །ཤེས་རབ་ཐེམ་སྐས་ནི་སྦྱོར་བ་ལས་
བྱུང་བའི་ལམ་མོ། །ཤེས་རབ་ཁང་བཟངས་ནི་མཐར་ཕྱིན་པར་སོང་བའོ། །ཡང་ར་བ་ལ་སོགས་པ་དེ་དག་ཉིད་གཏན་ལ་དབབ་པའི་ཕྱིར་འདི་གསུམ་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཁམས་ཤེས་པ་དང་། ཁམས་སྣ་ཚོགས་ཤེས་པ་དང་། ཁམས་དུ་མ་ཤེས་པའོ། །ཡང་དག་པའི་ལྟ་བ་ནི་དེ་
ཁོ་ན་ཉིད་རབ་ཏུ་རྟོགས་པ་ལ་སློབ་པའི་ཤེས་རབ་གང་ཡིན་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་དེ་སྐྱེད་པར་བྱེད་པའོ། །སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ནི་གོང་མ་སྟེ། སློབ་པ་རྣམས་ཀྱི་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པ་དང་། ལན་ཅིག་ཕྱིར་
འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུས་བསྡུས་པའོ། །མི་སློབ་པ་རྣམས་ཀྱི་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུས་བསྡུས་པའོ། །རང་སངས་རྒྱས་རྣམས་ཀྱི་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་བསྡུས་པའོ། །སངས་རྒྱས་རྣམས་ནི་བྱང་ཆུབ་དམ་པས་བསྡུས་པའོ། །དེ་ལ་ཇི་ལྟར་ན་
ཁམས་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། ཁམས་དུ་མ་དང་། ཁམས་སྣ་ཚོགས་ཤེས་པར་བྱ་སྟེ། ཁམས་བཅོ་བརྒྱད་ཅེས་བྱ་བ་ནི་ཁམས་དུ་མ་ཤེས་པའོ། །དེ་དག་གི་རྣམ་པ་སྣ་ཚོགས་ཤེས་པ་ནི་ཁམས་སྣ་ཚོགས་ཤེས་པའོ། །ཡང་དེ་དག་གི་རབ་ཏུ་དབྱེ་བ་ནི་ཁམས་དང་། འགྲོ་
བ་དང་ས་དང་གང་ཟག་དང་རྣམ་པའི་དབྱེ་བ་ཤེས་པའོ། །ཞིབ་མོ་ནི་དེ་ཁོ་ན་དང་ཟབ་མོའི་དོན་ལ་འཇུག་པའོ། །བརྟག་པ་ནི་དོན་མཐའ་དག་ལ་འཇུག་པའོ། །མཁས་པ་ནི་སྐྱེད་པའི་ཤེས་རབ་དང་ལྡན་པའོ། །མཛངས་པ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའོ། །ཡང་ན་བཟློག་
เล่ม ๑๓๒ · หน้า 26a
པའོ། །མིག་ནི་མངོན་སུམ་གྱི་དངོས་པོ་འཛིན་པའོ། །ཤེས་པ་ནི་ལྐོག་ཏུ་གྱུར་པའི་རིགས་འཛིན་པའོ། །རིགས་པ་ནི་དངོས་པོ་ཇི་སྙེད་ཡོད་པ་ལ་འཇུག་པའོ། །བློ་ནི་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོགས་པའོ། །དོན་སྤྱོད་པ་ནི་བསམས་པ་ལས་བྱུང་བའི་
དགེ་བས་ཡང་དག་པར་བསྡུས་པའོ། །ཆོས་སྤྱོད་པ་ནི་ཐོས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་བ་སྤྱོད་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་ལེགས་སྤྱོད་པ་ནི་བསྒོམས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་
བསྡུས་པའོ། །ལེགས་པར་གསུངས་པ་ནི་ཚིག་དང་ཡི་གེ་ཕུན་སུམ་ཚོགས་པའོ། །ལེགས་པར་བསྟན་པ་ནི་དོན་དང་ཤིན་ཏུ་མངོན་པར་འབྲེལ་པའོ། །ངེས་པར་འབྱུང་བ་ནི་འཇིག་རྟེན་པའི་ལམ་གྱི་སྡུག་བསྔལ་སྤོང་བས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི་
འཇིག་རྟེན་ལས་འདས་པའི་ལམ་གྱི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་མངོན་པར་བྱང་ཆུབ་པའོ། །མི་མཐུན་པ་མེད་པ་ནི་སྟོན་པ་དང་ཉན་ཐོས་རྣམས་ཀྱིས་བཤད་པ་དོན་དང་དོན་དུ་ཚིག་དང་ཚིག་ཏུ་ཕན་ཚུན་མཐུན་པ་སྟེ་གཅིག་ལ་གཅིག་མི་འགལ་བའོ། །འདུལ་
བ་དང་ལྡན་པ་ནི་མུ་སྟེགས་ཅན་དང་བདུད་དང་འཇིག་རྟེན་པ་ཐམས་ཅད་ཀྱིས་རྣམ་པར་མི་བསྐྱོད་པའོ། །རྟེན་པ་ཡོད་པ་ནི་སྟོན་པ་བཞི་ཆུད་མི་གསོན་པའོ། །འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ལུང་རྣམ་པར་དག་པའོ། །དེ་ལ་
མདོར་བསྡུ་ན་ཚིག་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་རྣམ་པ་བཞིར་བསྟན་པ་ཡིན་ཏེ། ཚིག་གཉིས་ཀྱིས་ནི་ཡི་གེ་དང་དོན་ཕུན་སུམ་ཚོགས་པར་བསྟན་ཏོ། །གཉིས་ཀྱིས་ནི་འབྲས་བུ་ཕུན་
སུམ་ཚོགས་པར་བསྟན་ཏོ། །གསུམ་གྱིས་ནི་སྒྲུབ་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །གཅིག་གིས་ནི་སྟོན་པ་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་གླེང་གཞི་ཡོད་པ་ཞེས་བྱ་བ་ནི་ཀུན་ནས་སློང་བ་དང་བཅས་པར་བསླབ་པའི་གཞི་བཅས་
เล่ม ๑๓๒ · หน้า 26b
པའོ། །ངེས་པར་འབྱུང་བ་ཡོད་པ་ནི་རྣམ་པར་འདས་ན་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་བཅས་པའོ། །སྟོན་པ་ཡོད་པ་ནི་སྟོན་པ་བཞིས་འཆལ་བའི་ཚུལ་ཁྲིམས་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཅས་པའོ། །རྩོལ་བ་ཡོད་པ་ནི་འདོད་པའི་བསོད་ནམས་དང་། ལུས་དུབ་
པའི་མཐའ་སྤོང་སྟེ་སྐྱེས་བུའི་རྩལ་གྱིས་འགྲུབ་པ་དང་མཐུན་པར་བྱ་བའི་ཕྱིར་བཅས་པའོ། །ཆོ་འཕྲུལ་ཡོད་པ་ནི་ཆོ་འཕྲུལ་གསུམ་གྱིས་མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར་གདམས་ངག་གོང་ན་མེད་པ་བཅས་པའོ། །ལྷུག་པར་གཏོང་པ་ནི་སྦྱིན་པ་དང་འབྲས་བུར་མ་འབྲེལ་བ་སྟེ། མྱ་ངན་
ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་རོ། །ལག་བརྐྱང་བ་ནི་གུས་པ་དང་རྒྱ་ཆེར་རབ་ཏུ་སྦྱིན་པའོ། །རྣམ་པར་གཏོང་བ་ལ་དགའ་བ་ནི་སྦྱིན་པའི་སྔོན་རོལ་དང་། སྦྱིན་པའི་ཚེ་དང་། བྱིན་ཟིན་ནས་ཡི་རངས་པ་དང་། དང་བ་དང་། འགྱོད་པ་མེད་པའོ། །སྦྱིན་པ་མི་འཆད་པར་
བྱེད་པ་ནི་གཅིག་ཏུ་ཆོས་དང་བབ་ཅོལ་མ་ཡིན་པས་ལོངས་སྤྱོད་བསྒྲུབས་ཏེ་དུས་སུ་ཡང་དང་ཡང་དུ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །གཏོང་བ་ཕུན་སུམ་ཚོགས་པ་ནི་སྦྱིན་གནས་དག་ལ་དབུལ་བའོ། །སྦྱིན་པ་ལ་འགེད་པར་དགའ་བ་ནི་དུས་དུས་སུ་ཕ་དང་མ་དང་བུ་དང་
བྲན་ལ་སོགས་པ་ལ་ཀུན་འགེད་པའོ། །ཡང་དེ་དག་ཐམས་ཅད་མདོར་བསྡུ་ན་སྦྱིན་པ་རྣམ་པ་དྲུག་ཡིན་ཏེ། མི་རྟེན་པའི་སྦྱིན་པ་དང་། རྒྱ་ཆེན་པོའི་སྦྱིན་པ་དང་། དགའ་བའི་སྦྱིན་པ་དང་། ཡང་དང་ཡང་དུ་སྦྱིན་པ་དང་། སྣོད་དུ་གྱུར་པ་ལ་སྦྱིན་པ་དང་། ཡོངས་སུ་སྦྱིན་པ་དང་། འཁོར་
ལ་སྦྱིན་པ་སྟེ། ཇི་ལྟར་སྦྱིན་པ་དང་། གང་ལ་སྦྱིན་པའི་དབང་དུ་བྱས་པའོ། །ཚུལ་ཁྲིམས་རབ་ཏུ་རྒྱས་པའི་བར་གྱི་སྡོམ་ནི། ཚུལ་ཁྲིམས་དང་ཆོས་དང་སྲོག་གཅོད་པ་དང་། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་རོ། །དེ་ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་ཁ་ན་
མ་ཐོ་བས་ཀུན་དུ་གདུངས་པ་ཉེ་བར་ཞི་བར་བྱེད་པ་དང་། ངང་ཚུལ་དུ་བྱ་བའི་དོན་ཏོ། །སྡོམ་པ་ནི་སྤོང་བའི་རང་བཞིན་ནོ། །ཕུན་སུམ་ཚོགས་པ་ནི་འགྱོད་པ་མེད་པ་ཡོངས་སུ་འཛིན་པའོ། །ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་ཡོངས་སུ་འཛིན་པའོ། །དགེ་བ་ནི་འབྲས་བུ་ཡིད་
เล่ม ๑๓๒ · หน้า 27a
དུ་འོང་བ་ཡོངས་སུ་འཛིན་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་བདག་དང་གཞན་ལ་ཕན་པ་ཡོངས་སུ་འཛིན་པའོ། །གནོད་པ་མེད་པ་ནི་མཚོན་ཆ་ལེན་པ་དང་། དབྱུག་པ་ལེན་པ་དང་། འཐབ་མོ་དང་། མཚང་འབྲུ་བ་ལ་སོགས་པ་དང་མི་མཐུན་པར་གནས་པའོ། །རྗེས་
སུ་མཐུན་པ་ནི་དགེ་སྦྱོང་གི་འབྲས་བུ་དང་ཡོན་ཏན་ཁྱད་པར་ཅན་འཐོབ་པའི་རྗེས་སུ་མཐུན་པའོ། །རྗེས་སུ་འཕྲོད་པ་ནི་དགེ་བ་མི་སྤྱོམས་པའོ། །ཐབས་ནི་སྡིག་པ་འཆགས་པའོ། །འཚམ་པ་ནི་འདོད་པ་ཆུང་བ་ལ་སོགས་པ་དགེ་སྦྱོང་གི་རྒྱན་ཡོངས་སུ་འཛིན་པའོ། །མཐུན་པ་ནི་ལྟ་བ་དང་
ཀུན་ཏུ་སྤྱོད་པ་དང་འཚོ་བ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའོ། །གདུང་བ་མེད་པ་ནི་ལུས་ངལ་བའི་མཐའ་སྤོང་བའོ། །ཉེ་བར་གདུང་བ་མེད་པ་ནི་འདོད་པའི་བསོད་ནམས་ལྷུར་ལེན་པའི་མཐའ་སྤོང་བའོ། །འགྱོད་པ་མེད་པ་ནི་ཉོན་མོངས་པ་ཅན་ལ་མངོན་པར་མི་དགའ་ནས་སྲེད་པར་
གྱུར་པ་སྤོང་བའོ། །ཆོས་ནི་རིགས་པར་གཏོགས་པ་སྟེ་ལེགས་པར་བྱེད་པའི་ཕྱིར་རོ། །གདུལ་བ་ནི་ཉོན་མོངས་པ་འདུལ་བ་དང་མཐུན་པའོ། །འཕགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལས་རིང་དུ་ཞུགས་པའོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་དང་འདོད་པའི་འབྲས་བུ་སྐྱེད་
པའོ། །བསྟེན་པར་བྱ་བ་ནི་ངེས་པར་བསྟེན་པར་བྱ་བར་འོས་པའོ། །ལེགས་པ་ནི་མཁས་པ་རྣམས་ཀྱིས་རབ་ཏུ་བསྔགས་པའི་དངོས་པོའོ། །སྲོག་གཅོད་པ་ནི་འདི་ན་ལ་ལ་ཞེས་བྱ་བ་སྟེ། རྒྱས་པར་ནི་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་དང་བཅས་པར་འདི་ལྟ་སྟེ་རྟོག་པ་དང་བཅས་པ་དང་
དཔྱོད་པ་དང་བཅས་པའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་སོ་སོར་ཐར་པས་བསྡམས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། དབང་པོ་དག་གི་སྒོ་བསྡམས་ཏེ་གནས་པ་དང་དྲན་པ་ཀུན་ཏུ་བསྲུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། ཟས་ཀྱི་
ཚོད་རིག་པ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ཀྱི་རྒོད་པའི་ཕྱིར་མ་ཡིན་པ་དང་། རྒྱགས་པའི་ཕྱིར་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། འགྲོ་བ་དང་ལྡོག་པ་ནི་ཤེས་བཞིན་དུ་གནས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་དག་ཐམས་ཅད་རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་
เล่ม ๑๓๒ · หน้า 27b
ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ལམ་རབ་ཏུ་རྒྱས་པའི་བར་གྱི་སྡོམ་ནི། །དྲན་དང་སྤོང་དང་རྫུ་འཕྲུལ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་ལམ་ཡན་ལག །ཚད་མེད་པ་ནི་ཐ་མ་ཡིན། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་བའི་ཕྱིར་
འདུན་པ་དྲག་པོ་ཆེན་པོ་ཞེས་བྱ་བ་ནི། ཡིད་ལ་མི་བྱེད་པའི་ཉེས་པ་སྤོང་བའོ། །བརྩོན་འགྲུས་ནི་རྩོལ་བ་ལྷོད་པར་གྱུར་པའི་ཉེས་པ་སྤོང་བའོ། །རྩོལ་བ་ནི་རྒོད་པ་དང་བྱིང་བའི་ཉོན་མོངས་པའི་སྐྱོན་སྤོང་བའོ། །སྤྲོ་བ་ནི་བདག་ཉིད་ལ་བརྙས་པར་མི་བྱེད་པའོ། །བཟོད་སྤྲོ་ནི་བརྙས་པ་ལ་བཟོད་
པའོ། །ཕྱིར་མི་ལྡོག་པ་ནི་ཆུང་ཟད་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པའོ། །དྲན་པ་ནི་གདམས་ངག་མི་བརྗེད་པའོ། །ཤེས་བཞིན་ནི་ལྟུང་བ་མི་བྱེད་པའོ། །བག་ཡོད་པ་ནི་བརྩོན་པ་མི་གཏོང་བའོ། །བརྟུན་པ་དང་ལྡན་པར་གནས་པ་ནི་ལེ་ལོའི་གཉེན་པོ་བསྒོམ་པའོ། །ཤེས་
བཞིན་དང་ལྡན་པ་ནི་ལྟུང་བའི་གཉེན་པོ་བསྒོམ་པའོ། །དྲན་པ་དང་ལྡན་པ་ནི་བསྒོམ་པ་བརྗེད་ངས་པའི་གཉེན་པོ་བསྒོམ་པའོ། །འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་གཉེན་པོ་བསྒོམ་པའོ། །དེ་བས་
ན་འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་བརྩོན་པའི་དགེ་སློང་གིས་གཉེན་པོ་རྣམ་པ་བཞི་བསྒོམ་པར་བྱའོ་ཞེས་ཡོངས་སུ་བསྟན་པ་ཡིན་ནོ། །ཡང་དག་པར་སྤོང་བ་དག་དང་། རྫུ་འཕྲུལ་གྱི་རྐང་པ་དག་གི་རྣམ་གྲངས་གང་ཡིན་པ་དེ་དག་རྒྱས་པར་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་
འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་དད་པ་ཞེན་པ་ཡིན་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་བཞིན་ནོ། །མཐུ་དང་ལྡན་པར་གནས། བརྩོན་འགྲུས་དང་ལྡན། སྤྲོ་བ་དང་ལྡན་པ་ཞེས་བྱ་བ་ནི་རྒྱས་པར་འདི་
ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཆོས་རྣམ་པར་འབྱེད་དོ། །རབ་ཏུ་རྣམ་པར་འབྱེད་དོ། །ཡོངས་སུ་རྣམ་པར་རྟོག་པར་བྱེད་དོ། །ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །ཟག་པ་མེད་པའི་ཡིད་ལ་བྱེད་
เล่ม ๑๓๒ · หน้า 28a
པ་ཐོབ་པ་ནས་བཟུང་སྟེ། བདེན་པ་ལ་དམིགས་པ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཐམས་ཅད་ནི་ཆོས་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ལ་རྣམ་པར་འབྱེད་པ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་འཛིན་པའོ། །
རབ་ཏུ་རྣམ་པར་འབྱེད་པ་ནི་འདི་ལྟར་སྐྱེ་བ་ནི་སྡུག་བསྔལ། རྒ་བ་ནི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སོ་སོར་རྣམ་པར་ཕྱེ་བ་འཛིན་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་དེའི་གཞི་མདོ་ལ་སོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། འདི་ལྟར་དེ་ལ་བརྟེན་ནས་སྔ་མ་གཉིས་འབྱེད་པར་བྱེད་
པའོ། །དེ་ལ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་རྟོག་པའོ། །རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཡང་དག་པར་རྟོག་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཉེ་བར་རྟོག་པའོ། །དེ་ལ་སྔ་མ་ནི་ཀུན་ཏུ་ཚོལ་བའི་ལམ་མོ། །འདི་ནི་རྣམ་པར་ངེས་པའི་ལམ་
མོ། །རྣམ་གྲངས་གཞན་ཡང་རྟོག་པ་ནི་ཤེས་བྱའི་དངོས་པོ་ལ་ཡིད་ལ་བྱེད་པ་གཏོད་པའོ། །ཡང་དག་པར་རྟོག་པ་ནི་གཏད་པའི་འོག་ཏུ་ཡོངས་སུ་ཚོལ་བའོ། །ཉེ་བར་རྟོག་པ་ནི་ཡོངས་སུ་བཙལ་བའི་འོག་ཏུ་གཏན་ལ་འབེབས་པའོ། །བསྟེན་པ་ནི་རྣམ་པར་རྟོག་པའི་ལུས་ཤེས་པའོ། །
ཡང་དག་པར་རྟོགས་པ་ནི་ཤེས་བྱའི་དངོས་པོ་ཤེས་པའོ། །རྣམ་གྲངས་གཞན་ཡང་རང་གི་མཚན་ཉིད་ཀྱི་སྒོ་ནས་བསྟན་པའོ། །སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པར་རྟོགས་པའོ། །ཡོད་འཛིན་ནི་ཇི་སྙེད་ཡོད་པ་དང་ཇི་ལྟར་ཡོད་པ་བཞིན་འཛིན་པའོ། །རྒྱས་པར་འགྱུར་བ་དང་། །
འཕེལ་བ་དང་། ཡངས་པ་ནི་སྔ་མ་དང་ཕྱི་མ་ལས་སོ། །ཡིད་གཞུངས་པ་ནི་དེའི་དོན་སྔ་ཕྱི་མི་བརྗེད་པའོ། །བློ་ནི་རྣམ་པར་འབྱེད་པར་ནུས་པའི་ཤེས་རབ་ལྷན་ཅིག་སྐྱེས་པ་གང་ཡིན་པའོ། །མཁས་པ་ནི་ཡང་དག་པར་བླངས་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱུ་བ་ནི་ལུང་དང་
ཁ་ཏོན་དང་། ཡོངས་སུ་འདྲི་བ་དང་། འབེལ་བའི་གཏམ་རྣམ་པར་ངེས་པ་ལ་སོགས་པས་དོན་རྣམ་པར་ཤེས་པ་དེ་གོང་ནས་གོང་དུ་རྣམ་པར་ཤེས་པར་བྱ་བ་དང་ལྡན་པའི་ཤེས་རབ་གང་ཡིན་པའོ། །ལྷག་མཐོང་ནི་སྔར་རྣམ་པར་ཤེས་ཟིན་པའི་དོན་ལ་སོ་སོར་རྟོག་པའོ། །གཏོད་པ་
เล่ม ๑๓๒ · หน้า 28b
ནི་རྟོག་པ་སྔོན་དུ་བཏང་བའི་དམིགས་པ་ཡིད་ལ་བྱེད་པ་གང་ཡིན་པ་དང་། དེར་སེམས་གཏོད་པར་བྱེད་པའོ། །རྣམ་པར་གཏོད་པ་ནི་གང་གིས་མཇུག་རྟུལ་བར་བྱེད་པའོ། །རྟོག་པ་ནི་མཚན་མར་འཛིན་པའོ། །རབ་ཏུ་རྟོག་པ་ནི་མངོན་རྟགས་སུ་འཛིན་པའོ། །རྣམ་གྲངས་གཞན་ཡང་རྟོག་པ་ནི་
ཀུན་ཏུ་ཚོལ་བའི་སེམས་ཀྱིས་རྟོག་པའོ། །རབ་ཏུ་རྟོག་པ་ནི་ཀུན་ཏུ་ལྟ་བས་སོ་སོར་རྟོག་པའོ། །མངོན་པར་རྟོག་པ་ནི་ཡོན་ཏན་དང་སྐྱོན་ལ་རྟོག་པའོ། །དེ་དག་ཉིད་ལུང་ལ་བརྟེན་ནས་བྱེ་བྲག་ཏུ་རྟོག་པ་དང་བྱེ་བྲག་ཏུ་བགྲང་བའོ། །མངོན་སུམ་ལ་བརྟེན་ནས་རྟོག་པ་དང་རྣམ་པར་རྟོག་པའོ། །
རྗེས་སུ་དཔག་པ་ལ་བརྟེན་ནས་ཡང་དག་པར་རྟོག་པ་དང་། ཡང་དག་པར་རྟོག་པ་ཉིད་དོ། །ཀུན་ཏུ་སྤོང་བ་ནི་ལྷག་པའི་བསམ་པས་སྤོང་བ་ངེས་པར་སྐྱེ་བའོ། །རྣམ་པར་སྤོང་བ་ནི་གཞན་ལས་ཡང་དག་པར་ལེན་པའོ། །ཉེ་བར་སྤོང་བ་ནི་ཡང་དག་པར་བླངས་པའི་འོག་ཏུ་ཚུལ་ཁྲིམས་རྗེས་སུ་
སྲུང་བའོ། །སོ་སོར་སྤོང་བ་ནི་ལྟུང་བ་འབྱུང་བ་ཆོས་བཞིན་དུ་ཡང་ཕྱིར་བྱེད་པའོ། །དེ་ལ་ཡང་དག་པར་སྡོམ་པ་དང་། སྡོམ་པ་གཉིས་ཀྱིས་ཚུལ་ཁྲིམས་རྗེས་སུ་སྲུང་བ་ཞེས་བྱ་བ་དེ་ལ་ཡང་དག་པར་སྡོམ་པ་ནི་བཟོད་པ་དང་། དེས་པ་དང་། འདོད་པ་ཆུང་བ་དང་། བྱམས་པའི་སེམས་ལ་
སོགས་པའོ། །སྡོམ་པ་ནི་དབང་པོའི་སྒོ་བསྡམས་པའོ། །མི་བྱ་བ་ནི་བདག་ཀྱང་མི་བྱེད་ལ། གཞན་ལ་ཡང་བྱེད་དུ་མི་གཞུག་པའོ། །མི་སྤྱད་པ་ནི་ཤེས་བཞིན་དུ་མི་བྱེད་པའོ། །སྤྱད་པ་མ་ཡིན་པ་ནི་དྲན་བཞིན་དུ་མི་སྤྱོད་པའོ། །ཆུ་ལོན་ནི་དེ་ལ་བརྟེན་ནས་སྡིག་པའི་ཆོས་ལས་རྒལ་བའོ། །
དུས་ཚོད་ནི་དེ་དང་འགལ་བར་གནས་པ་དང་། དེའི་བར་ཆད་བྱེད་པའི་ཆོས་སྐྱེས་སོ་ཅོག་གཉེན་པོ་ལ་བརྟེན་ནས་དང་དུ་མི་ལེན་ཅིང་སྤོང་བའོ། །སྤོང་ལྡན་ནི་སྤོང་བ་དེ་དག་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའོ། །མི་འདའ་བ་ནི་བསླབ་པའི་ཚོགས་ཐམས་ཅད་རྣམ་པར་འབྱེད་པར་
མི་བྱེད་ཅིང་མི་སྤོང་བའོ། །རྣམ་པར་མི་འདའ་བ་ནི་ཕྱོགས་འགའ་ཡང་འཕན་མི་འབྱིན་ཞིང་མི་སྤོང་བའོ། །གནས་པ་ནི་སེམས་འཇོག་པར་བྱེད་པ་གང་ཡིན་པའོ། །ཡང་དག་པར་འཇོག་པ་ནི་ཡང་དག་པར་འཇོག་པ་གང་ཡིན་པ་སྟེ། རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་སེམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด