རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๓ · หน้า 269b
སྙིང་རྗེ་ལ་མང་དུ་གནས་པ་ཉིད་དེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལས་བརྩམས་པ་ནི་སྙིང་བརྩེ་བ་ཞེས་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་ལས་བརྩམས་པ་ནི་སྙིང་རྗེ་ཞེས་བྱའོ། །གང་ཡང་དམིགས་པ་བསྟན་པའི་ཕྱིར་ཕྱི་མ་ལ་ཡང་དག་པར་
ཞེས་བྱ་བ་ལ་སོགས་པ་ལ། བཅུ་ཚན་གཉིས་པའི་མདོར་བསྡུས་པའི་དོན་གཟུང་བ་ཉིད་ནི་དམིགས་པ་རྣམ་པ་ལྔ་ཡིན་ནོ། །དེ་ལ་བཅུ་ཚན་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་འདོད་པར་བྱ་བའི་ཕྱིར་དང་། སྟོབས་བཅུའི་སྟོབས་
ཐོབ་པར་བྱ་བའི་ཕྱིར་དང་། མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང་། སྙིང་བརྩེ་བ་དང་། སྙིང་རྗེ་ཆེན་པོ་རྣམ་པར་དག་པའི་
ཕྱིར་དང་། ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཐོགས་པ་མེད་པར་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་དང་དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ཆོས་ཀྱི་འཁོར་ལོ་
ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །དེ་ལ་དང་པོ་བཞིས་ནི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པར་གྱུར་ན་མྱུར་དུ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་
བའི་ཕྱིར་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་བར་དུའོ། །གཅིག་གིས་ནི་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་ཡོངས་སུ་རྫོགས་པ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ཞེས་བྱ་བས་སོ། །གཅིག་གིས་ནི་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་ཏེ། དེའི་རྒྱུ་ནི་སྙིང་བརྩེ་བ་དང་། སྙིང་རྗེ་ཡོངས་སུ་སྦྱངས་པའི་ཕྱིར་རོ། །གསུམ་གྱིས་ནི་སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པ་ཐམས་ཅད་དང་སངས་རྒྱས་དང་། ཆོས་
เล่ม ๑๓๓ · หน้า 270a
གསུམ་དུ་རྣམ་པར་གཞག་པ་ལ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པའི་ཕྲིན་ལས་ཅན་ནི་དང་པོ་སྟེ། ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དང་ཞེས་གསུངས་པ་ཡིན་ནོ། །ཞིང་ཐམས་ཅད་ཡོངས་སུ་སྦྱང་བར་བྱ་བའི་
ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཐོགས་པ་མེད་པ། ཉོན་མོངས་པ་མེད་པར་སྤྲུལ་པ་འཇུག་པའི་ལས་ཅན་ཏེ། ཡེ་ཤེས་དང་སེམས་ཐོགས་པ་མེད་པའི་ཕྱིར་ཏེ། གཉིས་པའོ། །དེའི་ཕྱིར་སྨྲས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་
སོགས་པའོ། །རྣམ་པ་མ་ལུས་པར་མཁྱེན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཏེ། དུས་གསུམ་གྱི་སེམས་ཅན་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་སྐད་ཅིག་གཅིག་ལ་མཁྱེན་པའི་ལས་ཅན་ཏེ། སངས་རྒྱས་ཀྱི་ཆོས་གསུམ་པའོ། །དེའི་ཕྱིར་སྨྲས་པ། དུས་གསུམ་སྐད་
ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །གཅིག་གིས་ནི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཡོངས་སུ་རྫོགས་པ་སྟེ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའོ། །དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ཡིན་ཞེ་ན། །ཡང་དག་པར་མྱུར་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མདོའི་ཚིག་བཅུ་པ་གསུམ་པ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་དང་། ཐབས་ལ་མཁས་པས་ཡོངས་སུ་གཟུང་
བ་དང་། བསམ་པ་དང་ལྷག་པའི་བསམ་པ་བརྟན་པ། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་སྙིང་བརྩེ་བའི་སྟོབས་དང་། བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་དང་ལྡན་པ། རང་བྱུང་གི་ཡེ་ཤེས་དང་མཐུན་པ། སངས་རྒྱས་
ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཚོལ་བ། ཆོས་ཀྱི་དབྱིངས་ཤིན་ཏུ་རྒྱས་པ་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་ཡིན་ནོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར།
เล่ม ๑๓๓ · หน้า 270b
བྱང་ཆུབ་ཀྱི་ཚོགས་ཐམས་ཅད་དང་མཐུན་པ་ཉིད་དོ། །གཉིས་པ་དང་གསུམ་པ་དང་། བཞི་པ་ནི་བྱང་ཆུབ་སེམས་དཔའི་བྱ་བ་དང་མཐུན་པ་ཡིན་ནོ། །ལྔ་པ་དང་དྲུག་པ་དང་། བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་འཐོབ་པ་དང་
མཐུན་པའོ། །ལྷག་མ་གསུམ་ནི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་དང་མཐུན་པ་ཉིད་དོ། །ཕན་ཡོན་གང་ཡིན་ཞེས་བྱ་བའི་དབང་དུ་བྱས་ནས་སྨྲས་པ། སེམས་དེ་སྐྱེས་པས་ཞེས་བྱ་བ་ལ་སོགས་པ་ལ། འདིའི་མདོའི་ཚིག་རྣམས་ཀྱང་མདོ་ཇི་ལྟ་བ་བཞིན་ནོ། །བྱང་ཆུབ་
སེམས་དཔའ་བྱིས་པའི་ས་ནི་མོས་པས་སྤྱོད་པའི་སའོ། །སོ་སོའི་སྐྱེ་བོའི་ས་ནི་རིགས་ཀྱི་ས་སྟེ། དེ་དག་གཉི་ག་ལས་ཤིན་ཏུ་འདས་པའོ། །དེ་ལས་ཤིན་ཏུ་འདས་ནས་འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ། །བྱང་ཆུབ་སེམས་དཔའི་སྐྱོན་
མེད་པ་ལ་ཞུགས་པ་ཡིན་ཞེས་བྱ་བ་འདིས་ནི་མངལ་དུ་ཞུགས་པ་བཞིན་དུ་ཞུགས་པ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྟན་ཏེ། དང་པོ་མངལ་དུ་འཇུག་པ་དང་ཆོས་མཐུན་པའོ། །རིགས་སུ་སྐྱེས་པ་ཡིན་ཞེས་བྱ་བ་ནི་རིགས་ཀྱི་སྐྱེ་བ་དང་
ཆོས་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་ལས་སྐྱེས་པའི་སྲས་ཡིན་གྱི། མངལ་ནས་ནི་མ་ཡིན་ཞེས་བསྟན་པ་ཡིན་ནོ། །མནད་སྨད་པའི་སྐྱོན་མེད་པ་ཡིན་ཞེས་བྱ་བ་ནི་མོའི་རིགས་ཀྱི་སྐྱོན་ལས་ཀྱང་ཤིན་ཏུ་འདས་པ་ཡིན་ཏེ། རིགས་མཉམ་པ་ལས་སྐྱེས་
པའི་བུ་དང་ཆོས་མཐུན་པར་ཐེག་པ་ཆེན་པོའི་སྤྱོད་པ་ངེས་པ་ལས་སྐྱེས་པའི་ཕྱིར་རོ། །འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཕྱིར་ལོག་པ་སྟེ། འཇིག་རྟེན་ལས་འདས་པའི་འགྲོ་བར་ཞུགས་པ་ཞེས་བྱ་བ་ནི་འགྲོ་བ་གཞན་བཏང་ནས་གཞན་ལེན་པ་དང་ཆོས་
མཐུན་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན་ཏེ། སྙིང་རྗེའི་བདག་ཉིད་ཅན་ཡིན་པས་གཞན་གྱི་བྱ་བ་ཉིད་བདག་གི་བྱ་བ་ཉིད་ཡིན་པའི་ཕྱིར་ཏེ། བདག་གི་ལུས་དང་ཆོས་མཚུངས་པ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ལ་
เล่ม ๑๓๓ · หน้า 271a
རབ་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་གནས་པ་ལས་རབ་ཏུ་འདས་པར་བསྟན་ཏོ། །འཁོར་བ་ཡོངས་སུ་མི་གཏོང་བ་དང་། ཀུན་ནས་ཉོན་མོངས་པ་ཅན་ཡང་མ་ཡིན་པ་ལ་ཐབས་ལ་མཁས་པ་ནི་སྐྱེས་པའི་གནས་སྐབས་དང་ཆོས་མཐུན་པའོ། །དུས་
གསུམ་མཉམ་པ་ཉིད་དུ་རྟོགས་པ་ནི་མཉམ་པ་ཉིད་ཀྱིས་རབ་ཏུ་འདའ་བར་བྱ་བ་ཡིན་ཏེ། འདས་པ་ལ་སོགས་པ་ལ་སྟོང་པ་ཉིད་རྗེས་སུ་ཞུགས་པའི་འཕགས་པའི་ཤེས་རབ་དང་ལྡན་པའི་ཕྱིར་སྐྱེས་ནས་འཚོ་བ་ལ་བརྟེན་པ་དང་ཆོས་མཐུན་པ་ཡིན་ནོ། །དེ་བཞིན་གཤེགས་
པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་ཡིན་ཞེས་བྱ་བ་འདིས་ནི་ངེས་པར་རབ་ཏུ་འདས་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་ལས་མི་ཉམས་པ་དང་། མྱ་ངན་ལས་འདས་པ་ལ་མཆོག་ཏུ་གཞོལ་བའི་ཕྱིར་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པ་ཡིན་ནོ། །
འདི་དག་ལས་འདས་པའི་ཕྱིར་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ཞེས་བསྟན་པར་འགྱུར་རོ། །ད་ནི་སའི་ངེས་པའི་ཚིག་གི་ཚུལ་གྱི་སྒོ་ནས་བསྟན་པར་བྱ་སྟེ། མཆོག་ཏུ་དགའ་བ་མང་བ་ཡིན་པ་ནི་རབ་ཏུ་དགའ་བ་ཞེས་བྱའོ། །ཇི་ལྟ་བུའི་མཆོག་ཏུ་དགའ་བ་
ཞིག་གིས་རབ་ཏུ་དགའ་བ་ཡིན་ཞེ་ན། མདོ་ནས་བསྟན་པའི་བཅུ་ཚན་གཅིག་གིས་བསྟན་པ་ཡིན་ནོ། །དེ་ལ་མཆོག་ཏུ་དགའ་བའི་དགའ་བ་ནི་སེམས་མགུ་བ་སྟེ། ཡིད་ཀྱིས་བསྡུས་པའོ། །དེ་ཡང་རྣམ་པ་དགུ་སྟེ། དང་བ་མང་བའི་དགའ་བ་ནི་དཀོན་མཆོག་གི་
ཡོན་ཏན་རྗེས་སུ་དྲན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། དང་བ་མང་བ་ཡིན་ཞེས་བྱ་བའོ། །རབ་ཏུ་དགའ་བ་དེ་ཉིད་མཚོན་པའི་ཕྱིར་དེ་ཤེས་ནས་དད་པ་ཐོབ་ནས་ཞེས་བྱ་བ་སྨོས་སོ། །དགའ་བའི་དགའ་བ་ནི་དམིགས་པ་ལ་དགའ་བས་ཚིམ་པར་གྱུར་པའོ། །དེའི་
ཕྱིར་སྨྲས་པ། དགའ་བ་མང་བ་ཡིན་ཞེས་བྱ་བའོ། །རངས་པ་མང་བའི་དགའ་བ་ནི་མངོན་པར་རྟོགས་པའི་ཁྱད་པར་གྱིས་བསྐུལ་བར་གྱུར་པའོ། །མགུ་བ་མང་བའི་དགའ་བ་ནི་རང་གི་ལུས་དང་སེམས་ཀྱིས་བསྡུས་པའི་སངས་རྒྱས་ཉིད་དོ། །དགའ་རླབས་
เล่ม ๑๓๓ · หน้า 271b
ཀྱི་དགའ་བ་ནི་རང་གི་ལུས་དང་སེམས་ལ་ཕན་པས་ཁྱབ་པའོ། །སྤྲོ་བ་མང་བའི་དགའ་བ་ནི་བྱང་ཆུབ་དང་ཉེ་བས་བསྐུལ་བའི་ཕྱིར་རོ། །མི་འཁྲུགས་པ་མང་བའི་དགའ་བ་ནི་འབེལ་བའི་གཏམ་གཏན་ལ་འབེབས་པ་ན་ཀུན་ནས་མི་འཁྲུགས་པའོ། །རྣམ་པར་འཚེ་བ་མེད་
པའི་དགའ་བ་ནི་གཞན་ཡོངས་སུ་སྨིན་པར་བྱེད་ཅིང་སེམས་ཅན་ཡང་དག་པར་སྡུད་པའི་དུས་སུ་སྙིང་རྗེ་དང་ངེས་པས་གཞན་གྱི་སེམས་བསྲུང་བའོ། །ཁོང་ཁྲོ་བ་མེད་པའི་དགའ་བ་ནི་སེམས་ཅན་རྣམས་ལོག་པ་སྒྲུབ་པའི་དུས་སུ་བཟོད་པའོ། །མདོའི་དང་པོ་དང་ཐ་མའི་ཚིག་
བླངས་པས་ནི་དགའ་བའི་ཁྱད་པར་བསྟན་པའི་ཕྱིར་རོ། །ཤེས་ནས་དད་པ་ཐོབ་ནས་མཆོག་ཏུ་དགའ་བ་ནས་ཁོང་ཁྲོ་བ་མེད་པའི་དགའ་བའི་བར་གྱིས་སེམས་ཅན་ལ་ཉོན་མོངས་པ་མི་བསྐྱེད་པར་བསྟན་པ་ཡིན་ནོ། །ཇི་ལྟ་བུའི་དགའ་བ་དང་ལྡན་པ་ཡིན་པ་དེ་བསྟན་ནས། ཇི་
ལྟ་བུའི་དམིགས་པ་ལ་དགའ་བ་སྐྱེ་བ་བསྟན་པའི་ཕྱིར་དེ་ལ་མདོའི་ཚིག་གིས་བསྟན་པ་ནི་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་།
བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང་། བྱང་ཆུབ་སེམས་དཔའ་མི་འཕྲོགས་པ་ཉིད་དང་། དེ་བཞིན་གཤེགས་པའི་གདམས་ངག་དང་། རྗེས་སུ་བསྟན་པ་དང་། སེམས་
ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་ཞིང་ཞེས་བྱ་བ་ལ། ཚིག་བཅུ་པོ་འདི་དག་གིས་བསྡུས་པའི་དོན་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཡང་མདོ་
འདི་ལས་ནི་རིམ་པ་གཞན་དུ་བསྟན་ཏེ། འདིར་ནི་དོན་གྱི་གོ་རིམས་བཞིན་དུ་མདོར་བསྡུས་པའི་དོན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་གྱི་བྱ་བ་ཞེས་བྱ་བ་གཉིས་ཀྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་
เล่ม ๑๓๓ · หน้า 272a
པ་རྣམས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་སེམས་ཅན་གྱི་དོན་བྱ་བ་སྟེ། གཞན་གྱི་དོན་ཉིད་བདག་གིས་བྱ་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང་། བྱང་ཆུབ་
སེམས་དཔའ་མི་འཕྲོགས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་ཚོགས་ཡོངས་སུ་རྫོགས་པ་བསྟན་ཏོ། །སངས་རྒྱས་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་བསྟན་ལ། སངས་རྒྱས་ཀྱི་ཆོས་རྣམས་དང་ཞེས་བྱ་བའི་དོན་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་ཞེས་བྱ་བའི་སྒྲ་
ཉིད་ཀྱིས་བསྟན་ཏོ། །དེ་བཞིན་གཤེགས་པའི་གདམས་ངག་དང་རྗེས་སུ་བསྟན་པ་དང་། ཡང་དག་པར་ཐོབ་པར་བྱེད་པ་དང་། ཡེ་ཤེས་ལ་འཇུག་པའི་སྦྱོར་བ་ཞེས་བྱ་བའི་ཚིག་གསུམ་གྱི་དོན་ནི། སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པ་ཞེས་བྱའོ། །མདོ་ལས་ནི་དང་པོར་
དགའ་བར་བྱ་བ་བསྟན་ཏོ། །འདིར་དོན་གྱི་གོ་རིམས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་གྱི་བྱ་བ་དང་། ཚོགས་ཡོངས་སུ་རྫོགས་པ་ནི་རྒྱ་ཆེན་པོ་རྗེས་སུ་དྲན་པར་འགྱུར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། དེ་དག་གཉི་
ག་སྔར་བསྟན་ཟིན་ཏོ། །དེ་ལྟར་མ་འོངས་པ་ལ་དམིགས་ནས་དགའ་བ་སྐྱེ་བར་འགྱུར་བ་བསྟན་ནས། ད་ལྟར་གྱི་ལ་དམིགས་ནས་དགའ་བ་སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར། །ལྷག་པའི་བསམ་པ་དག་པས་ཞེས་བྱ་བ་ལ་སོགས་པ་ལ། དེའི་མདོའི་ཚིག་ནི་ཕྱིར་ཞིང་
མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། བདག་གི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ་ཞེས་བྱ་བ་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བ་སྟེ། བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་ཞུགས་སོ་ཞེས་བྱ་བ་ནས་བདག་ནི་འཇིགས་པ་དང་། དངང་བ་དང་། བག་ཚ་
བ་དང་བྲལ་ལོ་ཞེས་བྱ་བའི་བར་གྱིས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དམིགས་པ་བྱས་ཤིང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་མོས་པས་འཇུག་པ་ཞེས་བྱ་བས་སོ། །ཚིག་དེ་དག་གིས་བསྡུས་པའི་དོན་ངོ་བོ་གཅིག་པར་བསྟན་པར་བྱ་བའི་ཕྱིར་ཆོས་འདི་མྱུར་
เล่ม ๑๓๓ · หน้า 272b
དུ་ཡང་དག་པར་འགྲུབ་པ་དང་། མཐུན་པར་བདག་ཉིད་ཡང་དག་པར་མཐོང་ཞིང་ཞེས་བྱ་བ་ནི། །བསྟན་མ་ཐག་པའི་ཆོས་རྣམས་མྱུར་དུ་ཡང་དག་པར་འགྲུབ་པ་དང་མཐུན་པར་བདག་ཉིད་མཐོང་བ་དང་། ཡུལ་ཐམས་ཅད་ལས་ཕྱིར་ལོག་པ་ནས་འཇིགས་པ་དང་། དངང་
བ་དང་། བག་ཚ་བ་དང་བྲལ་ལོ་ཞེས་བྱ་བའི་བར་དང་མཐུན་པར་བདག་ཉིད་ཡང་དག་པར་མཐོང་བས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བ་མཐོང་བ་དང་། དགེ་བའི་ཚོགས་ཡོངས་སུ་རྫོགས་པ་མཐོང་བ་
དང་། བྱང་ཆུབ་རྒྱ་ཆེན་པོ་མཐོང་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་མངོན་པར་འབྱུང་བ་དང་ཉེ་བར་མཐོང་བ་དང་། ཟང་ཟིང་མེད་པའི་སངས་རྒྱས་ཀྱི་མཛད་པ་མཐོང་བས་མཚུངས་པ་མེད་པ་དང་། བསམ་པ་དག་པའི་ལུས་དང་སེམས་ཀྱིས་རྗེས་སུ་བསྡུས་
པ་ཡིན་ནོ། །བྱང་ཆུབ་དང་ཉེ་བ་ཉིད་བསྟན་པའི་ཕྱིར། དགེ་བའི་ཆོས་འབར་བ་དག་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་ལ་གཅིག་ཏུ་མོས་པའི་ཕྱིར་ལྷག་པའི་བསམ་པ་རྣམ་པར་དག་པའོ། །འཇིགས་པ་ལྔ་ལས་ཡང་དག་པར་འདས་
པར་མདོ་ནས་བསྟན་པའི་ཆོ་གའི་རྣམ་པ་བསྟན་པར་བྱའོ། །དེས་བདག་མེད་པར་མཐོང་བས་གང་ཟག་ལ་བདག་མེད་པར་ལྟ་བ་ལེགས་པར་བསྒོམ་པ་ཡིན་ནོ། །དེའི་ཕྱིར་བདག་ཏུ་འདུ་ཤེས་པ་ཡང་མི་འགྱུར་ན། ཡང་བདག་ཏུ་ལྟ་བ་འབྱུང་བར་ག་ལ་འགྱུར། དེ་མེད་པའི་ཕྱིར་
དེ་སྔོན་དུ་འགྲོ་བའི་བདག་ཏུ་ལྟ་བ་དང་། ལུས་ལ་སྲེད་པ་ཡང་མེད་དེ་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ལས་བདག་གིར་ལྟ་བ་ཡང་འབྱུང་བའི་ཕྱིར་རོ། །དེ་གཉིས་སྔོན་དུ་སོང་བ་ལས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་ཆགས་པར་འགྱུར་རོ། །དེ་མེད་པས་དེ་དག་ལ་ཆགས་པ་ཡང་
མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལ་འཚོ་བ་མེད་པའི་འཇིགས་པ་ཡང་མི་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །རྙེད་པ་ལ་སོགས་པ་གཞན་ལ་ལྟོས་པར་གྱུར་ན་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་འབྱུང་ན། བྱང་ཆུབ་སེམས་དཔའི་ལུས་ལ་སོགས་པ་
เล่ม ๑๓๓ · หน้า 273a
ཡང་སེམས་ཅན་རྣམས་ལ་བསྔོས་པའི་ཕྱིར། དེ་ལ་ལྟོས་པ་མེད་པས་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་མི་འབྱུང་ངོ་། །བདག་ཏུ་ལྟ་བ་དང་བྲལ་བར་བདག་གི་འདུ་ཤེས་མེད་པའི་ཕྱིར། འཆི་བའི་འཇིགས་པ་ཡང་མི་འབྱུང་ངོ་། །འདི་ལས་
ཤི་འཕོས་པར་གྱུར་ནས་ངེས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འགྱུར་བའི་ཕྱིར་དང་། ངན་སོང་དུ་འགྲོ་བའི་འཇིགས་པ་ཡང་མེད་དོ། །ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པ་གཞན་ཐམས་ཅད་དང་འདི་བསམ་
པ་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ག་ལ་ཡོད། ཐམས་ཅད་བསམ་པ་མ་དག་པ་ཡིན་པའི་ཕྱིར་རོ། །དེས་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མི་འབྱུང་ངོ་། །དེ་ཡང་མདོ་ནས་བསྟན་པ་དེ་ལྟར་འཇིགས་པ་དང་། དངང་བ་དང་། བག་ཚ་བ་དང་། སྤུ་ཟིང་
ཞེས་བྱ་བ་མེད་པའི་ཞེས་བྱ་བ་ལ། འཇིགས་པ་དང་ཞེས་བྱ་བ་ནས། སྤུ་ཟིང་ཞེས་བྱ་བའི་བར་སོ་སོའི་དོན་རིམ་པ་བཞིན་བཤད་པར་བྱ་སྟེ། འཇིགས་པ་ལྔ་སྤངས་པ་ནི་འཇིགས་པ་དང་བྲལ་བ་ཡིན་ནོ། །ཆོས་ཟབ་མོ་སྟོན་པ་ལ་འཇིགས་པར་མི་འགྱུར་བ་ནི་
སྐྲག་པ་དང་བྲལ་བའོ། །བདག་ཉིད་མཐོང་བར་གྱུར་ཀྱང་བདག་ལ་བསྟོད་པ་མེད་པས་ཁེངས་པ་དང་བྲལ་བ་ཞེས་བྱའོ། །གཞན་གྱིས་གནོད་པ་བྱས་པ་དང་། ལོག་པར་སྒྲུབ་པ་ཐམས་ཅད་ལ་ཞེ་སྡང་དང་བྲལ་བ་ཉིད་དོ། །དེའི་ཕྱིར་སྤུ་ཟིང་ཞེས་བྱེད་པ་དང་བྲལ་
བ་ཡིན་ནོ། །འཇིག་རྟེན་གྱི་ཟང་ཟིང་ཐམས་ཅད་དགའ་བ་མི་བསྐྱེད་པས་འདུ་འཛི་ལ་དགའ་བ་སྤངས་པ་སྟེ། གང་ཡང་མདོ་ལས་བསྟན་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པ་མ་ཉམས་པ་དང་། མི་དམའ་བ་ཞེས་བྱ་བ་ཡིན་ནོ། །དེའི་
དོན་བསྟན་པ་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེས་ན་ཉམས་པ་མེད་པའོ། །ཤིན་ཏུ་སྦྱངས་པའི་ཕྱིར་ཕལ་པ་མ་ཡིན་པ་སྟེ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །མདོ་ལས་གསུངས་པ་ནི། ལྷག་
เล่ม ๑๓๓ · หน้า 273b
པའི་བསམ་པ་མ་ཉམས་པ་དང་། མི་དམའ་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་ཕྱིར་ཤིན་ཏུ་བརྩོན་པར་བྱེད་དེ། ཡིད་ཆེས་པའི་དབང་གི་ཕྱིར་དང་ཞེས་བྱས་ནས་ཀྱེ་རྒྱལ་བའི་སྲས་དག་ས་ཡོངས་སུ་སྦྱོང་བའི་རྣམ་པ་འདི་ལྟ་བུ་དག་དང་ཡང་དག་
པར་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པ་ཡིན་ཏེ་ཞེས་བྱ་བའི་བར་དུ་སྟེ། །མདོའི་ཚིག་འདི་དག་གིས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དད་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་པར་བྱེད་དོ་ཞེས་བྱ་བའི་
མདོའི་ཚིག་གིས་དད་པ་སྔོན་དུ་འགྲོ་བའི་དབང་གིས་ཚེ་འདི་ལ་ཡང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་ལ། ཕྱི་མ་ལ་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་རྩོམ་པར་བྱེད་དོ་ཞེས་བསྟན་པའི་
ཕྱིར། སྔར་བསྟན་པའི་སྨོན་ལམ་ཆེན་པོ་བཅུ་བོ་གང་ཡིན་པ་དེ་དག་ནི། རབ་ཏུ་དགའ་བ་ལ་གནས་པས་རབ་ཏུ་སྒྲུབ་པར་འགྱུར་གྱི། མོས་པས་སྤྱོད་པའི་ས་ལ་གནས་པས་ནི་མ་ཡིན་ནོ། །དེའི་རྒྱུ་བསྟན་པའི་ཕྱིར། །བསམ་པ་དག་པ་ལ་བརྟེན་ནས་
ཞེས་བྱ་བ་ལ། བསམ་པ་དག་པ་ཉིད་ཡིན་པའི་ཕྱིར། གནས་པ་འདི་ལ་དེའི་སྨོན་ལམ་འགྲུབ་པར་འགྱུར་གྱི། བསམ་པ་མ་དག་པ་ནི་མ་ཡིན་ཏེ། མོས་པས་སྤྱོད་པའི་འོ། །དེ་ཡང་དགེ་སློང་དག་པ་རྣམ་པར་དག་པའི་སེམས་ཀྱིས་སྨོན་པ་ནི་འགྲུབ་པར་
འགྱུར་རོ་ཞེས་གསུངས་པའི་ཚིག་གིས་སོ། །དེ་བཞིན་གཤེགས་པ་ལ་མཆོད་པའི་དབང་དུ་བྱས་པའི་སྨོན་ལམ་དང་པོ་ནི་དེ་བཞིན་གཤེགས་པ་ཉིད་མཆོད་པའི་འོས་ཡིན་པར་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཡོན་གྱི་གནས། ལྷ་དང་
མི་རྣམས་ཀྱི་སྟོན་པ་ནི་ཆོས་ཀྱི་མངའ་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དམ་པའི་ཆོས་ཡང་དག་པར་འཛིན་པའི་དབང་དུ་བྱས་ནས་ནི་གཉིས་པའོ། །དེ་ཉིད་དགའ་ལྡན་ན་བཞུགས་པ་ལ་སོགས་པའི་རིམ་གྱིས་གོ་རིམས་བཞིན་དུ་འཇུག་པར་བྱེད་པའི་
เล่ม ๑๓๓ · หน้า 274a
དབང་དུ་བྱས་པ་ནི་གསུམ་པའོ། །དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ནི་བཞི་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་པ་ནི་ལྔ་པའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཐུས་ཉེ་བར་
འགྲོ་བའི་དབང་དུ་བྱས་པ་ནི་དྲུག་པའོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་དབང་དུ་བྱས་པ་ནི་བདུན་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བའི་དབང་དུ་བྱས་པ་ནི་བརྒྱད་པའོ། །སེམས་ཅན་རྣམས་ཀྱི་དོན་བྱ་བའི་དབང་
དུ་བྱས་པ་ནི་དགུ་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དབང་དུ་མཛད་པ་ནི་བཅུ་པའོ། །འདི་དག་གི་གཞུང་ནི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །མདོ་ལས་སེམས་ཅན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་
པ་རྒྱུན་མི་འཆད་པ་ལྟ་བུ་དང་། འཇིག་རྟེན་གྱི་ཆོས་རྒྱུན་མི་འཆད་པར་བསྟན་པ་བཞིན་དུ་བྱང་ཆུབ་ཀྱི་མཐར་ཐུག་པའི་ཚེ་རབས་ཐམས་ཅད་དུ་བདག་གི་སྨོན་ལམ་འདི་དག་ཐོབ་པ་དང་། མི་བརྗེད་པ་དང་། མི་འབྲལ་བའི་དབང་དུ་བྱས་ནས་འདིར་སྨོན་ལམ་ཉིད་ལ་
སྨོན་ལམ་འདེབས་པ་བསྟན་པའི་ཕྱིར་མདོའི་ཚིག་རྣམས་ཀྱིས་བསྟན་ཏེ། དེ་ལ་མདོའི་ཚིག་ནི་མཐར་ཐུག་པ་མེད་པའི་གནས་བཅུར་མངོན་པར་བསྒྲུབ་སྟེ། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང་ཞེས་བྱ་བ་ནས། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་
མཐར་ཐུག་པ་ཞེས་བྱ་བ་དང་། བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་མཐར་ཐུག་པ་མེད་པར་གྱུར་ཅིག་ཅེས་བྱ་བའི་བར་ལ། ཐོབ་པ་ནི་ཡོངས་སུ་མི་ཉམས་པའོ། །མི་བརྗེད་པ་ནི་དྲན་པ་ལ་གནས་པའོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སྨོན་ལམ་དང་མི་འབྲལ་བ་ནི་མི་
འབྲལ་བའོ། །དང་པོ་ནི་དངོས་པོ་ལ་སྨོན་ལམ་འདེབས་པའོ། །གཉིས་པ་ནི་སྨོན་ལམ་ཉིད་ལ་སྨོན་ལམ་འདེབས་པའོ་ཞེས་བསྟན་པའི་ཕྱིར། སྔ་མ་ནི་སྨོན་པར་བྱ་བའི་དོན་ལ་སྨོན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་དག་ནི་རྩ་བའི་སྨོན་ལམ་ཡིན་ནོ། །
เล่ม ๑๓๓ · หน้า 274b
དེ་ལས་གཞན་པ་ནི་དཔག་ཏུ་མེད་པར་རིག་པར་བྱའོ་ཞེས་མདོའི་རྗེས་སུ་འབྲངས་ནས་བསྟན་པ་ནི་སྨོན་ལམ་ཆེན་པོ་འདི་དག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་བཅུ་ལ་ཀུན་དུ་སྤྱོད་པའི་རྒྱུ་བསྟན་པ་ནི་ཕྱི་མ་ལ་ནི་སྨོན་ལམ་གྱི་སྟོབས་སྐྱེ་ལ། ཚེ་འདི་ལ་ནི་བརྩོན་
འགྲུས་བརྩམས་པ་སྟེ། ཕྱི་མ་ལ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཆོས་འདི་དག་གི་སྐྱེ་བའི་རིམ་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །གོ་རིམས་ཀྱི་རྒྱུ་བསྟན་པ་ནི་དེ་ལ་རེ་ཞིག་དང་པོར་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་དད་པའོ། །
སེམས་ཅན་གྱི་སྡུག་བསྔལ་གྱི་གནས་སྐབས་ལ་ལྟ་བ་ནི་སྙིང་རྗེའོ། །སྡུག་བསྔལ་ཅན་ལ་ཕན་པ་ཉེ་བར་བསྒྲུབ་པ་ནི་བྱམས་པའོ། །སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་བསམ་པས་བདག་ཉིད་ལ་ལྟོས་པ་མེད་པ་ནི་ཡོངས་སུ་གཏོང་བའོ། །སེམས་ཅན་ཡོངས་
སུ་བསྐྱབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བ་ལ་མི་སྐྱོ་བ་དང་སྐྱོ་བ་མེད་པའི་ཕྱིར་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ཐོབ་པ་དང་། ཡོངས་སུ་དག་པར་བྱེད་པ་ནི་བསྟན་བཅོས་ཤེས་པ་ཞེས་བྱའོ། །འཇིག་རྟེན་ཇི་ལྟར་འབྱུང་བར་འགྱུར་བ་དང་།
འཇིག་རྟེན་ཇི་ལྟར་འཇུག་པ་ཇི་ལྟ་བ་བཞིན་ཤེས་པ་ནི་འཇིག་རྟེན་ཤེས་པའོ། །འཇིག་རྟེན་ཤེས་པར་གྱུར་ནས་དུས་དང་ཚོད་ཤེས་པ་ལ་སོགས་པས་སྤྱོད་པ་ཕུན་སུམ་ཚོགས་པ་དང་། ངོ་ཚ་ཞིང་ཁྲེལ་ཡོད་པ་དང་ལྡན་ཞིང་། སྲན་ཐུབ་པའི་སྟོབས་བསྐྱེད་
པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་རོ། །ཡང་དག་པར་བླངས་ནས་གནས་པ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པར་གྱུར་པའོ། །ལན་མང་དུ་བྱེད་དོ་ཞེས་བྱ་བ་ནི་ཐོབ་པ་རྣམས་གནས་ཤིང་འཕེལ་བར་བྱེད་པའི་སྦྱོར་བའོ། །གནས་པ་ཐམས་
ཅད་ལ་ཡང་ལམ་གྱི་ཡོན་ཏན་ཏེ། །སའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པའོ། །སྐྱོན་ནི་སའི་མི་མཐུན་པའི་ཕྱོགས་སོ། །ཡོངས་སུ་ཚོལ་བར་བྱེད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཉན་པ་དང་། ཐེ་ཚོམ་དྲི་བའོ། །དེ་ལྟ་བུ་ནི་
เล่ม ๑๓๓ · หน้า 275a
ཡོངས་སུ་ཚོལ་བ་ཡིན་ནོ། །འདིར་མདོས་བསྟན་པ་ནི། ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ཀྱི་རྣམ་པ་དང་། ཐོས་པར་བྱ་བ་དང་། རྒྱུ་
མཐུན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་བཙལ་བར་བྱ། ཡོངས་སུ་དྲི་བར་བྱ་ཞེས་བྱ་བ་ནས། དེ་དེ་ལྟར་ཤེས་པས་སེམས་ཅན་གྱི་འདྲེན་པ་ཕལ་པོ་ཆེ་ཡེ་ཤེས་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་
བྱེད་ཅིང་། བྱང་ཆུབ་སེམས་དཔས་ཡོངས་སུ་མི་སྐྱོ་བར་ས་ཡོངས་སུ་སྦྱོང་བའི་ཁྱད་པར་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ཤེས་ནས་ཀྱང་ཞེས་བྱ་བ་ནི་ལམ་གྱི་ཡོན་ཏན་དང་སྐྱོན་ཤེས་པའོ། །བདེ་བླག་ཏུ་ཞེས་བྱ་བ་ནི་དཀའ་བ་མེད་པར་རོ། །ལམ་ཆུད་མི་ཟ་
བ་ནི་ལམ་གྱི་ཡོན་ཏན་ཤེས་པའི་ཕྱིར་རོ། །དེ་ནི་དོན་ཉིད་བསྟན་པའི་ཕྱིར། ལེགས་པར་གཟུང་བ་ཞེས་བྱ་བ་ལ་སོགས་པ་ལ། ལེགས་པར་གཟུང་བའི་རྣམ་པ་ལ་སོགས་པ་ཉིད་ཀྱི་ལམ་ཆུད་མི་ཟ་བའི་རྣམ་པ་དང་ཞེས་བྱ་བ་ནི་ལམ་གྱི་ཡོན་ཏན་རྣམ་པར་ཤེས་པའི་ཕྱིར་རོ། །
དོན་དེ་ཉིད་བསྟན་པའི་ཕྱིར། །མཚན་མ་ལེགས་པར་བཟུང་ལ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ལ་སོགས་པ་ལེགས་པར་གཟུང་བའི་ཕྱིར་ལམ་ཆུད་མི་ཟ་བའོ་ཞེས་བྱ་བར། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སའི་རྣམ་པ་མངོན་པར་
སྒྲུབ་པ་ལ་མཁས་པ་ནི་ས་དང་པོ་ལས་གྱེན་དུ་བསྐྱོད་ནས་ས་བཅུ་པའི་བར་དུ་ཐོབ་པར་བྱ་བ་ལ་ལམ་དུ་ཐོགས་པ་མེད་པར་འགྲོ་བ་དང་། ས་ཤེས་པའི་སྣང་བས་ཡེ་ཤེས་ཀྱི་སྣང་བ་ཡང་ཐོབ་པོ་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། བདག་ཉིད་ཀྱིས་ཀྱང་
གནས་པ་ཐམས་ཅད་མནན་ནས་ཞེས་བྱ་བ་ལ་སོགས་པའོ། །དེད་དཔོན་མཁས་པའི་དཔེ་བསྟན་པ་ནས། འཁོར་བའི་ནགས་ཁུངས་ཡ་ང་བ་བགྲོད་དཀའ་བ་ལས་བརྒལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གྲོང་ཁྱེར་ཆེན་པོའི་བར་དུ་ཕྱིན་པར་བྱེད་ཅིང་
เล่ม ๑๓๓ · หน้า 275b
ཞེས་བྱ་བའི་དོན་བསྟན་པའི་ཕྱིར་རོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དེད་དཔོན་ཡང་འཁོར་བའི་འབྲོག་དགོན་པ་ནས་སེམས་ཅན་རྣམས་སྒྲོལ་བར་བྱེད་དོ་ཞེས་བྱ་བའོ། །རྣམ་པ་ལ་སོགས་པ་རྣམས་ཀྱི་དོན་བསྟན་པར་བྱ་སྟེ། གང་ཡེ་ཤེས་ཀྱི་རྣམ་པས་སམ་བསྒོམ་
པའི་རྣམ་པས་ཀྱང་རུང་ས་དང་པོ་ལ་འཇུག་པ་དེ་ནི་རྣམ་པ་ཞེས་བྱ་སྟེ། གྲོང་ཁྱེར་དུ་འཇུག་པའི་ལམ་གྱི་རྣམ་པ་ལྟ་བུའོ། །དེ་ཉིད་འཇུག་པ་ནི་འཐོབ་པ་སྟེ། གྲོང་ཁྱེར་དུ་འཇུག་པ་ལྟ་བུའོ། །ཞུགས་ནས་ཀྱང་འབྲས་བུ་ཆེན་པོའི་ཕན་ཡོན་འགྲུབ་ཅིང་ཡང་དག་པར་འགྲུབ་པ་
ཞེས་བྱ་བ་ནི་ས་ཡོངས་སུ་སྦྱོང་བའི་ཆོས་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །འགྲུབ་པ་ཞེས་བྱ་བ་ནི་དེ་དག་ཉིད་འཇུག་པར་སྒྲུབ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་སངས་རྒྱས་མང་པོ་བལྟར་སྣང་བར་འགྱུར་ཏེ། ལྟ་བ་
རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སོ་ཞེས་མདོ་ལས་གསུངས་པའི་དོན་བསྟན་པ་ནི་གནས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བར་འགྱུར་ཞེས་བྱ་བ་ནི་བལྟར་སྣང་བར་ཞེས་བྱ་བར་འབྲེལ་ཏོ། །རྒྱ་ཆེ་བ་ཉིད་བསྟན་པའི་ཕྱིར། ཐོས་པ་དང་བསམ་པའི་སྒོ་ནས་
སོ། །སེམས་ཀྱིས་མོས་པས་ཞེས་བྱ་བ་ནི་གང་གི་ཕྱིར་ཐོས་པ་མེད་ཀྱང་དེ་ལྟ་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་བཞུགས་སོ་ཞེས་རང་ཉིད་མོས་པར་བྱེད་པའོ། །རྒྱ་ཆེ་བའི་དོན་བསྟན་པའི་ཕྱིར། དད་པ་རྒྱ་ཆེན་པོ་དང་ལྡན་
པའི་སེམས་ཀྱིས་ཞེས་བྱ་བའོ། །འདོད་པར་བྱེད་པ་ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །དེ་ལྟ་བུར་གྱུར་པ་དེའི་ཞེས་བྱ་བ་ནི་བསམ་པ་དག་པ་དེའི་སྟེ། སངས་རྒྱས་ལ་བསྐྲུན་པའི་དགེ་བའི་རྩ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་རྒྱ་ཆེ་བས་བསྡུས་པའི་རྒྱུ་དང་པོ་
བསྟན་ནས། སྨོན་ལམ་གྱི་སྟོབས་བསྟན་པའི་ཕྱིར། དེ་ལྟར་ཡང་སེམས་ཀྱིས་སྨོན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་འབྱུང་བ་དེར་ཞེས་བྱ་བ་ནི་འཇིག་རྟེན་དེར་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་དང་།
เล่ม ๑๓๓ · หน้า 276a
སྒྲུབ་པས་བསྡུས་པའོ། །བདེ་བའི་ཡོ་བྱད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཅེས་མདོ་ནས་བསྟན་པའི་ཚིག་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་གང་གིས་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་རྣམས་ཐུན་
མོང་དུ་འགྱུར་བའི་ཡོངས་སུ་མཁོ་བ་ལས་བྱུང་བའོ། །དགེ་འདུན་ལ་ཡང་བཀུར་སྟི་བྱེད་དོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཚོགས་ལ་བཀུར་སྟི་བྱེད་དོ་ཞེས་བྱ་བའི་མདོའི་ཚིག་བསྟན་པས་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་ལ་མཆོད་པ་དང་། བསྙེན་
བཀུར་བྱེད་པའོ། །ཆོས་ཀྱང་ཉན་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའོ། །འཛིན་པར་བྱེད་དོ་ཞེས་བྱ་བ་ནི་བརྗེད་པ་མེད་པར་རོ། །བསྒོམ་པའི་སྒོ་ནས་ནི་ནན་ཏན་གྱིས་སྒྲུབ་པར་བྱེད་པའོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བ་མདོའི་ཚིག་བསྟན་པ་ནི་དེར་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བའོ། །དོན་མཐུན་པ་ཡིན་ཞེས་བྱ་བའི་བར་གྱི་མདོའི་ཚིག་བསྟན་པ་ནི་བསྡུ་བའི་དངོས་པོ་བཞིས་ཀྱང་ཞེས་བྱ་
བ་ལ་སོགས་པའོ། །དཔེའི་སྒོ་ནས་དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་རབ་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་དུ་ཟིན་ཀྱང་དག་པའི་རྒྱུ་བསྟན་པའི་
ཕྱིར། དེའི་རྣམ་པར་དག་པའི་རྒྱུ་གསུམ་པོ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པ་ཡོངས་སུ་གཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བར་
གྱིས་ཏེ། དེ་བཞིན་གཤེགས་པའི་མཆོད་པ་དང་། བསྙེན་བཀུར་གྱིས་ནི་རབ་ཏུ་བྱང་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ནི་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་ལས་སུ་རུང་བར་འགྱུར་ཏེ། དེ་འཐོབ་པ་ལ་
เล่ม ๑๓๓ · หน้า 276b
མཐུན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་འདོད་པར་སྦྱར་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །བསྐལ་པ་དུ་མ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཞེས་བྱ་བ་འདིས་ནི་ས་ཡོངས་སུ་སྦྱང་བར་བྱ་བའི་དུས་ཆེན་པོ་
ཉིད་བསྟན་ཏོ། །དཔེར་ན་ཞེས་བྱ་བས་ནི་དཔེ་སྟོན་པར་བྱེད་དོ། །རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་འབྱུང་ཁུངས་ནས་བྱུང་བའོ། །གསེར་མགར་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་སྦྱོང་བ་ལ་མཁས་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེར་འཛམ་
བུའི་གླིང་གི་བདག་པོར་འགྱུར་ཞིང་ཞེས་བྱ་བའི་མདོའི་ཚིག་གི་དོན་བསྟན་པ་ནི་དེ་ལ་གནས་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་འཐོབ་པ་ལ་ཆོས་རྗེས་སུ་སྲུང་ཞིང་གཏོང་ཞིང་གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་ཞེས་བྱ་བའི་
མདོའི་ཚིག་གི་དོན་བསྟན་པ་ནི་སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་ཟློག་པ་ལ་མཁས་པ་ཡིན་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི་སེར་སྣའི་དྲི་མ་སེལ་བའི་བདག་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བསྡུ་བའི་
དངོས་པོ་བཞིའི་སྒོ་ནས་བསགས་པའི་དགེ་བ་ཡིད་ལ་བྱེད་པ་མདོ་ནས་གསུངས་པ་བསྟན་པ་ནི་བསྡུ་བའི་དངོས་པོ་བཞི་གང་ཅི་རྩོམ་ཡང་རུང་ཞེས་བྱ་བའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡིད་ལ་བྱེད་པ་བསྟན་པ་ནི་དཀོན་མཆོག་དང་ཞེས་བྱ་བས་བསྟན་པ་
ཡིན་ནོ། །ལྷག་མས་ནི་བྱང་ཆུབ་ཡང་དག་པར་འགྲུབ་པའི་རྣམ་པ་ཐམས་ཅད་དུ་རྟོགས་པའི་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པ་འདི་དག་གི་དོན་བསྟན་པའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ། འདི་ནི་དོན་དམ་པའི་སངས་རྒྱས་ལ་
སོགས་པ་ཡིད་ལ་བྱེད་པར་ཤེས་པར་བྱ་སྟེ། གང་སངས་རྒྱས་ལ་སོགས་པའི་ཆོས་ཉིད་ཡིད་ལ་བྱེད་པས་གང་ཡང་བདག་གིས་སྦྱིན་པར་བྱའོ། །འདི་ལ་སྦྱིན་པར་བྱའོ། །འདི་སྦྱིན་པར་བྱའོ། །འདིའི་དོན་དུ་སྦྱིན་པར་བྱའོ་ཞེས་རློམ་སེམས་མེད་པའོ། །དེ་ལྟ་ན་ཡང་
เล่ม ๑๓๓ · หน้า 277a
ལས་ཐམས་ཅད་ལ་ཡང་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བྱ་བར་རློམ་སེམས་མེད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ལ་མཆོག་ནི་རྣམ་པ་གཉིས་ཏེ། མཆོག་ཉིད་ནི་ཡོན་ཏན་རབ་ཏུ་
འབར་བ་ཉིད་དོ། །གཙོ་བོ་ཉིད་ནི་གཉིས་པ་མེད་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། མཆོག་ཏུ་འགྱུར། གཙོ་བོར་འགྱུར་ཞེས་བྱ་བའོ། །མཆོག་ཉིད་ཀྱི་རྣམ་པ་ཡང་གཉིས་ཏེ། ཕུལ་དུ་གྱུར་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དམ་པར་འགྱུར་བ་ནི་སྤངས་
པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ཕུལ་དུ་འགྱུར། དམ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །གཙོ་བོ་ཡང་རྣམ་པ་གཉིས་ཉིད་ད། རབ་མཆོག་ཏུ་གྱུར་པ་ཉིད་ནི་དེ་དང་མཉམ་པ་མེད་པའི་ཕྱིར་རོ། །གོང་མར་གྱུར་པ་ཉིད་ནི་དེའི་གོང་ན་གཞན་
མེད་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། རབ་མཆོག་ཏུ་འགྱུར་གོང་མར་འགྱུར་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟོན་པའི་བར་དུ་འགྱུར་ཞེས་བྱ་བ་ནི་དོན་ཐམས་ཅད་རྟོགས་པར་གྱུར་ཀྱང་ཅི་མ་རུང་སྙམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བྱང་
ཆུབ་སེམས་དཔའ་ཁྱིམ་པའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་བསྟན་ཏོ། །ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་ནི་བསམ་གཏན་གཙོར་བྱེད་པའི་ལས་ཏེ། །ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གྱི་ལས་སོ། །ཏིང་ངེ་འཛིན་ནི་སྐད་
ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པའོ། །དེའི་ཕྱིར་སྨྲས་པ། འདོད་ན་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཏིང་ངེ་འཛིན་གྱི་ལས་ནི་གང་གི་ཕྱིར་སྨྲས་པ། དེ་བཞིན་གཤེགས་པ་བརྒྱ་མཐོང་བ་དང་ཞེས་
བྱ་བ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པའི་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་མཐོང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱིན་གྱིས་བརླབས་པ་ནི་སྤྲུལ་པས་བྱིན་གྱིས་རློབ་པའོ། །འཇིག་རྟེན་གྱི་
เล่ม ๑๓๓ · หน้า 277b
ཁམས་བརྒྱ་ཡང་གཡོ་བར་བྱེད་ཅེས་བྱ་བ་ནི་སེམས་ཅན་རྣམས་བསྡུ་བར་བྱ་བའི་ཕྱིར་རོ། །ལུས་ཀྱིས་ཀྱང་འགྲོ་བར་བྱེད་པ་ནི་འགྲོ་བ་དང་སྣང་བ་དག་གིས་སོ། །སོང་ནས་སྣང་བར་བྱས་པས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སྤྲུལ་པ་བརྒྱས་འདུལ་བའི་སེམས་ཅན་བརྒྱ་ཡོངས་
སུ་སྨིན་པར་བྱེད་པ་ནི་སྐྱེ་བའི་ཁྱད་པར་གྱིས་བསྡུས་པའོ། །གནས་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་ལ་སོགས་པར་གནས་པའོ། །བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བ་འཇུག་གོ་ཞེས་བྱ་བ་ནི་སྐྱེ་བའི་ཁྱད་པར་གྱིས་ཡོངས་སུ་གཟུང་བའོ། །སྔོན་གྱི་
མཐའ་དང་ཕྱི་མའི་མཐའ་ཞེས་བྱ་བ་ནི་སེམས་ཅན་རྣམས་སྡིག་པ་སྤོང་དུ་འཇུག་པའི་དབང་དུ་བྱས་ནས་ལས་དང་འགྲོ་བ་ཉེ་བར་བསྟན་པས་སྐྱེ་བ་སྔ་མའི་རྒྱུའི་ཉེ་བར་ཚོགས་པ་ཤེས་པར་བྱ་སྟེ། མ་འོངས་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ། །ཆོས་ཀྱི་སྒོ་བརྒྱ་
ཡང་རབ་ཏུ་རྣམ་པར་འབྱེད་དོ་ཞེས་བྱ་བ་ནི་རང་གི་བློ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཕུང་པོ་ལ་སོགས་པ་ཞེས་བྱ་བ་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་དོན་མང་པོ་མྱུར་དུ་བྱེད་པ་བསྟན་པའི་ཕྱིར།
ལུས་བརྒྱ་ཡང་སྤྲུལ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །སྨོན་ལམ་དང་ཡེ་ཤེས་ཀྱི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། འདི་ལས་ལྷག་པར་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཀྱང་དཔག་ཏུ་མེད་པར་བསྟན་པའི་ཕྱིར།
སྨོན་ལམ་དེ་དག་གི་གྲངས་ནི་བཅད་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཡང་གནས་པ་འདིའི་མདོར་བསྡུས་པའི་དོན་བསྟན་པ་ནི་དེའི་རྣམ་པ་ནི་རྣམ་པ་བརྒྱད་དེ་གཞུང་ལས་ཤེས་པར་བྱའོ། །མངོན་པར་རྟོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
གནས་པའི་བྱེ་བྲག་བཅུ་ནི་ས་བཅུ་དང་མཐུན་པར་བསྟན་པའི་ཕྱིར་སྨྲས་པ། ས་བཅུའི་མདོ་སྡེ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་གཟུང་བའི་དོན་གྱིས་ནི་ས་ཞེས་བྱ་བ་ནི་ཇི་ལྟར་འཇིག་རྟེན་པ་ཡིན་པ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་
เล่ม ๑๓๓ · หน้า 278a
ཆོས་དེ་དག་གིས་ཡོངས་སུ་གཟུང་བ་ཡིན་ནོ་ཞེས་བྱས་ནས་ཏེ། གནས་སྐབས་ཀྱི་ཁྱད་པར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་ལོངས་སྤྱོད་པའི་གནས་ཀྱི་དོན་གྱིས་ས་ནི་གནས་པ་ཞེས་བྱའོ། །དེ་བཞིན་དུ་ཆོས་དེ་དང་དེ་ལ་གནས་པས་བདེ་བར་གནས་པ་གང་
ཡིན་པ་དེ་ནི་གནས་པ་ཞེས་བྱའོ། །ཡང་ན་བདེ་བར་གནས་བའི་དོན་གྱིས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་བཞིན་ནམ་དཀའ་ཐུབ་ཀྱི་གནས་བཞིན་དུ་གནས་ཀྱི་དོན་དུ་བལྟའོ། །རབ་ཏུ་དགའ་བའི་གནས་པའོ། །མངོན་པར་རྟོགས་པ་དང་ལྡན་པའི་བྱང་ཆུབ་སེམས་
དཔས་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་དག་པར་བརྟེན་ནས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ནས་གནས་པ་གཉིས་པ་རྣམ་པར་གཞག་པར་བྱའོ། །ཚུལ་ཁྲིམས་རྣམ་པར་དག་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཀུན་ནས་སློང་བས་དག་པ་དང་།
ངོ་བོ་ཉིད་ཀྱིས་དག་པའོ། །དེ་ལ་ཀུན་ནས་སློང་བས་དག་པ་ནི་སེམས་ཀྱི་བསམ་པ་བཅུས་བསྟན་ཏོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ནི་རྣམ་པ་གསུམ་སྟེ། ལྡོག་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་
ཚུལ་ཁྲིམས་སོ། །ལྡོག་པའི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པའོ། །དེ་ཉིད་ནི་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡང་ཡིན་ནོ། །ཚུལ་ཁྲིམས་རྣམ་པར་དག་པ་གཉིས་པ་ནི་དེའི་གོང་དུ་ཡང་དེ་ལྟ་བས་ན་བདག་གིས་མངོན་པར་བསྒྲུབ་ཏུ་འདྲ་བ་
ལས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་ཞིང་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་དེ་ལས་ཤས་ཆེར་དེ་འདི་ལྟར་ཡང་དག་པར་སློབ་སྟེ་ཞེས་བྱ་བའི་བར་གྱིས་མདོ་ནས་བསྟན་པའི་ཆོ་གས་བསྟན་པ་ཡིན་ནོ་ཞེས་རིག་པར་བྱའོ། །ཚུལ་ཁྲིམས་རྣམ་པར་དག་
པ་ལ་གསུམ་པ་ནི་དེའི་ཡང་གོང་དུ་དེ་སེམས་ཅན་རྣམས་ལ་ཕན་པའི་སེམས་ཉིད་དང་། བདེ་བའི་སེམས་ཉིད་དང་ཞེས་བྱ་བ་ནས་སྟོན་པའི་སེམས་ཉིད་ཅེས་བྱ་བའི་བར་གྱི་ཚིག་བཅུས་བསྟན་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་མ་ལུས་པའི་དབང་དུ་བྱས་ནས་གནས་
เล่ม ๑๓๓ · หน้า 278b
རྣམ་པར་གཞག་པ་བརྒྱད་དུ་བསྟན་ཏེ། རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་འཆལ་བའི་དྲི་མ་ཐམས་ཅད་བྲལ་བ་ཉིད་དང་། ལས་ཀྱི་ལམ་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་ཤེས་པས་སོ་སོར་རྟོགས་པ་ཉིད་དང་། དགེ་བའི་ལས་ལ་གཞན་དག་ཡང་དག་པར་
འགོད་པ་ལ་དགའ་བ་ཉིད་དང་། སྙིང་བརྩེ་བ་རྒྱ་ཆེན་པོ་རབ་ཏུ་ཐོབ་པ་ཉིད་དང་། །སེམས་ཅན་གྱི་ཁམས་ཀྱི་ལས་ལས་སྐྱེས་པའི་སྡུག་བསྔལ་གྱིས་མནར་བ་ལ་རྣམ་པར་བལྟ་བ་ཉིད་དང་། དགེ་བའི་རྩ་བ་རྣམ་པར་དག་པ་ཉིད་དང་། སྐྱེ་བ་ཉིད་དང་། མཐུ་དབྱེ་བ་ཉིད་དོ། །
ཐོག་མ་ཉིད་དུ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་གནས་པ་ལ་གནས་པའོ། །གནས་པ་གཉིས་པའི་དབང་དུ་བྱས་པའི་ཆོས་ཀྱི་རིམ་པ་སྨྲས་པ། སེམས་ཀྱི་བསམ་པ་རྣམ་པ་བཅུས་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་རྣམ་པ་བཅུ་པོ་འདི་དག་གིས་བསམ་པ་རྣམ་པར་
དག་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ཐོབ་པས་གནས་གཉིས་པ་རྣམ་པར་གནོན་པར་འགྱུར་བ་སྟེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་
མངོན་པར་འདོད་པ་ཡིན་ཏེ། དེའི་སེམས་ལ་བསམ་པ་རྣམ་པ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན། འདི་ལྟ་ལྟེ། དྲང་པོའི་བསམ་པ་ཉིད་དང་། འཇལ་བའི་བསམ་པ་ཉིད་དང་། ལས་སུ་རུང་བའི་བསམ་པ་ཉིད་དང་། དུལ་བའི་བསམ་པ་ཉིད་དང་། ཞི་བའི་བསམ་པ་ཉིད་
དང་། དགེ་བའི་བསམ་པ་ཉིད་དང་། མ་འདྲེས་པའི་བསམ་པ་ཉིད་དང་། མི་ལྟ་བའི་བསམ་པ་ཉིད་དང་། རླབས་པོ་ཆེའི་བསམ་པ་ཉིད་དང་། ཆེ་བ་ཉིད་ཀྱི་བསམ་པ་ཉིད་དང་། སེམས་ཀྱི་བསམ་པ་བཅུ་པོ་དེ་དག་འབྱུང་སྟེ། དེས་ནས་གཉིས་པ་ལ་གནས་པར་
འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དག་གི་དོན་བསྟན་པའི་དབང་དུ་བྱས་ནས་སྨྲས་པ། མི་སླུ་བའི་ལྷག་པའི་བསམ་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་དང་གཡོས་སློབ་དཔོན་ལ་སོགས་པ་ལ་མི་སླུ་བ་ཉིད་ནི་དྲང་པོའི་བསམ་པ་ཉིད་དོ། །ཆོས་མཐུན་པ་ཉིད་ཡིན་
เล่ม ๑๓๓ · หน้า 279a
པས་འགྲོགས་ན་བདེ་བའི་ཕྱིར་འཇམ་པའི་བསམ་པ་ཉིད་དོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ཟིལ་གྱིས་མནན་ནས་དེའི་གཉེན་པོའི་ཕྱོགས་ལ་གནས་པར་གྱུར་པས་ན་ལས་སུ་རུང་བའི་བསམ་པ་ཉིད་དེ། དགེ་བའི་ཆོས་
སྒོམ་པའི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་སེམས་ཉིད་ཀྱིས་དེའི་སྒོམ་པ་དང་འཚམ་པ་ནི་ལས་སུ་རུང་བའི་བསམ་པ་ཉིད་ཅེས་བྱའོ། །འདུ་བྱེད་ཐམས་ཅད་ཀྱི་ཉེས་དམིགས་མཐོང་བའི་བསམ་པ་ཉིད་ནི་དུལ་བའི་བསམ་པ་ཉིད་དེ། དེ་དག་ལས་ཡིད་བྱུང་
བར་གྱུར་ནས་དུལ་བར་འགྱུར་རོ་ཞེས་བྱས་ནས་སོ། །འདུ་བྱེད་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ལ་ཞི་བའི་རྣམ་པར་མཐོང་བ་ནི་ཞི་བའི་བསམ་པ་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྟག་ཏུ་བསྒོམ་པའི་བསམ་པ་ནི་དགེ་བའི་བསམ་པ་ཉིད་དོ། །དེ་
དག་བསྒོམ་པ་ལ་རྗེས་སུ་མཐུན་པའི་རབ་ཏུ་དབེན་པའི་བསམ་པ་ཉིད་ནི་མ་འདྲེས་བའི་བསམ་པ་ཉིད་དོ། །འདུ་འཛི་ཀུན་དུ་སྤྱོད་པ་རིང་དུ་སྤངས་པའི་ཕྱིར་རོ། །ཁྱིམ་པས་ནི་འདོད་པའི་ཡོན་ཏན་རྣམས་དང་། འབྱོར་པའི་ཁྱད་པར་རྣམས་ལ་མི་ལྟ་བའི་བསམ་པ་ཉིད་དང་། རབ་
ཏུ་བྱུང་བ་ནི་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་བསམ་པ་སྟེ། དེ་ལྟར་ན་ལུས་དང་གནས་དང་ལོངས་སྤྱོད་ལ་མི་ལྟ་བའི་བསམ་པ་ཡིན་ནོ། །ཐེག་པ་དམན་པ་སྤངས་ཏེ། ཐེག་པ་ཆེན་པོ་ལ་མོས་པ་ཉིད་ནི་རླབས་པོ་ཆེའི་བསམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་
བསམ་པ་ཉིད་ནི་ཆེ་བའི་བསམ་པ་ཉིད་དེ། གཞན་གྱི་དོན་ཉིད་བདག་གི་དོན་དུ་བྱེད་པའི་ཕྱིར་རོ། །སེམས་དེ་ལ་འཇུག་པ་ཞེས་བྱ་བ་ནི་གནས་པ་དང་པོའི་སྨོན་ལམ་གྱིས་རབ་ཏུ་ཕྱེ་བའི་སེམས་སོ། །དེ་ལ་གནས་ནས་བསམ་པ་འདིར་འཇུག་པར་འགྱུར་རོ། །དེའི་དབང་
གིས་བསམ་པ་དག་པ་ཞེས་བརྗོད་དོ། །ཆེ་བའི་ཕྱིར་དང་ཞེས་བྱ་བ་ནི་སྒོམ་པ་རབ་ཀྱི་མཐར་ཐུག་པར་འགྱུར་བའོ། །ངོ་བོ་ཉིད་ཀྱིས་འཕེལ་བ་ནི་ཡོངས་སུ་རྫོགས་པ་ཉིད་དོ། །རབ་ཏུ་དགའ་བ་ཉིད་ཀྱིས་གཉིས་པ་ལ་འཇུག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རང་
เล่ม ๑๓๓ · หน้า 279b
བཞིན་གྱིས་ཚུལ་ཁྲིམས་འཆལ་བ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཆུང་ངུ་ཡང་ཀུན་དུ་མི་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་ལམ་ཆུང་ངུ་ནི་དེ་ལ་ཀུན་དུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་རྣམས་ལ་རྣམ་
པར་འཚེ་བར་མི་བྱེད་ན་ཞེས་བྱ་བ་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་བཅུའི་མཐར་ཐུག་པར་བསྟན་པ་ཡིན་ནོ། །འབྲིང་ངམ་ཆེན་པོ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པས་ཀྱང་བསྟན་པ་ཡིན་ནོ། །དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་རྫོགས་པ་དག་ལ་ཡང་སྐྱེ་བ་
ཐམས་ཅད་དུ་སྣང་ངོ་། །དེ་ལ་མདོའི་ཚིག་ནི་འདི་ཡིན་ཏེ། ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་པ་ངེས་པ་ཡིན་
ནོ་ཞེས་བྱ་བའི་བར་དེ་དག་གི་དོན་ནི་འདི་ཡིན་ཏེ། རང་བཞིན་གྱིས་ཡང་དག་པར་སྣང་ངོ་ཞེས་བྱ་བའོ། །དེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་ཞིང་ཞེས་བྱ་བ་ནས། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་ཡོད་པར་ཤེས་པར་བྱའོ་ཞེས་བྱ་བའི་
བར་གྱི་དོན་བསྟན་པ་ནི་དེས་དེ་ལྟར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ཅན་ནི་ངན་འགྲོ་རྣམས་དང་ཞེས་བྱ་བ་སྟེ། ངན་སོང་གསུམ་མོ། །ཆུང་ངུ་ལ་སོགས་པ་རྩོམ་པའི་ལས་ཀུན་དུ་སྤྱོད་པས་རྒྱུ་དང་འབྲས་བུའི་བྱ་བ་རྣམ་
པར་གཞག་པ་རབ་ཏུ་ཤེས་པ་ཞེས་བྱའོ། །ཡང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས་ནི་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་ཡོད་པར་ཤེས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པ་ནི་བདེ་འགྲོ་རྣམས་ཞེས་བྱ་སྟེ། དེའི་རྣམ་པར་གཞག་པ་རབ་ཏུ་ཤེས་པར་
བྱའོ། །དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉི་ཚེ་བའི་སེམས་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་འདི་དག་གི་དོན་བསྟན་པ་ནི། ཐེག་པ་གསུམ་པོ་རྣམ་པར་གཞག་
เล่ม ๑๓๓ · หน้า 280a
པ་རབ་ཏུ་ཤེས་སོ་ཞེས་བྱ་བའོ། །དེ་བས་ཀྱང་ཤས་ཆེར་འདི་ལྟར་ཡང་དག་པར་སློབ་སྟེ་ཞེས་བྱ་བ་ནས། དེ་ལྟར་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་སྡུད་པར་འགྱུར་གྱི། བདག་གིས་མི་དགེ་བ་བཅུའི་
ལས་ཀྱི་ལམ་འདི་དག་སྤངས་ཏེ། ཆོས་ཀྱི་ཀུན་དགའ་བས་དགའ་བར་གནས་པར་བྱའོ་ཞེས་བྱ་བའི་བར་གྱི་དོན་བསྟན་པའི་ཕྱིར། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་ཞེས་བྱ་བ་སྨྲས་པ་ཡིན་ནོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་ཆེན་པོ་དང་། འབྲིང་དང་ཆུང་ངུའི་རྒྱུ་
ལས་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་རྣམས་སུ་སྐྱེའོ། །དེ་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་ནས་ཀྱང་ཚེ་ཐུང་བ་དང་། སྒྱུ་དང་གཡོ་ལ་སོགས་པས་སྤྱོད་པའི་བར་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ཤིང་
གཞན་རྣམས་ཀྱང་དེ་དག་ཉིད་ལ་རབ་ཏུ་དགོད་དོ་ཞེས་བྱ་བ་ནི་བཟློག་པའི་དོན་བསྟན་པ་ནི། བདག་ཉིད་ཀྱང་མི་དགེ་བའི་ལས་སྤོང་བ་དང་ཞེས་བྱ་བ་ནས། ཡང་དག་པར་འཛུད་པར་ཡང་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེའི་གོང་དུ་ཤས་ཆེར་ཕན་པའི་སེམས་ཉིད་དང་ཞེས་བྱ་
བ་ནས། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་དགོད་པར་བྱའོ་སྙམ་མོ་ཞེས་བྱ་བའི་བར་གྱི་དོན་བསྟན་པ་ནི། ལས་མི་མཐུན་པ་ཀུན་དུ་སྤྱོད་པའི་ཉེས་པའི་ཞེས་བྱ་བ་ནས། སྡུག་བསྔལ་བ་ཡིན་པར་སོ་སོར་རྟོག་གོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་ནི་མདོའི་
རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སངས་རྒྱས་མཐོང་བ་ནི་རྣམ་པ་གཉིས་ཏེ་སྔ་མ་བཞིན་ནོ། །དགེ་བའི་རྩ་བ་རྣམ་པར་དག་པ་ཡང་རྒྱུ་རྣམ་པ་གསུམ་སྟེ་སྔ་མ་བཞིན་ནོ། །དེ་དཔེའི་ཁྱད་པར་ནི་ཐ་དད་དོ། །གསེར་དེ་ཉིད་ནག་ཚུར་གྱི་ནང་དུ་བཅུག་ནས་
བསྲེགས་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་བསགས་པའི་དགེ་བའི་རྩ་བ་ཆེས་རྣམ་པར་དག་པར་གྱུར་པས་སེར་སྣ་དང་། ཚུལ་ཁྲིམས་འཆལ་བའི་དྲི་མ་སྤངས་པ་དང་། དེ་དག་གི་གཉེན་པོ་གཏོང་བ་དང་།
เล่ม ๑๓๓ · หน้า 280b
ཚུལ་ཁྲིམས་རྣམ་པར་དག་པས་ཤེས་པར་བྱ་སྟེ། བསམ་པ་དག་པའི་སེམས་ཀྱིས་ཞུགས་པའི་ཕྱིར་རོ། །ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་དགོད་པར་བྱ་བ་ལ་མཁས་
པ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ཡིན་པའི་ཕྱིར། སྐྱེ་བས་ཕལ་ཆེར་གླིང་བཞི་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་ལས་བཅུ་འགྱུར་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ་ཅིང་ཞེས་མདོ་ནས་བསྟན་པ་ཡིན་ནོ། །གནས་
པ་མ་ལུས་པའི་དོན་མདོར་བསྟན་པའི་ཕྱིར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་དེ་དག་གི་རྣམ་པ་ནི་དོན་བསྟན་པའི་རྗེས་སུ་འབྲང་ནས་ཤེས་པར་བྱའོ། །ངེས་པའི་ཚིག་བསྟན་པ་ནི་ཚུལ་ཁྲིམས་འཆལ་བའི་དྲི་མ་རྣམ་པ་ཐམས་ཅད་སེལ་བ་
དང་ཞེས་བྱའོ། །ཚུལ་ཁྲིམས་ལྷག་པར་གྱུར་པ་དེ་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་གནས་པ་ཞེས་བྱའོ། །ལྷག་པའི་ཚུལ་ཁྲིམས་ཀྱི་གནས་པ་རྫོགས་སོ།། །།ཚུལ་ཁྲིམས་རྣམ་པར་དག་པ་ནི་སེམས་མཉམ་པར་འཇོག་པར་འགྱུར་བས་ལྷག་པའི་ཚུལ་ཁྲིམས་ཀྱི་
གནས་པའི་རྗེས་ཐོགས་ལ། ལྷག་པའི་སེམས་ཀྱི་གནས་པ་རྣམ་པར་གཞག་པ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་སྦྱོར་བ་ཀུན་ནས་སློང་བ་དང་། འདོད་ཆགས་དང་བྲལ་བའི་སྦྱོར་བ་དང་། འདོད་ཆགས་དང་བྲལ་བ་ཉིད་དང་། འདོད་ཆགས་དང་བྲལ་བའི་
འབྲས་བུའི་དབང་དུ་བྱས་པའོ། །དེ་ལ་དང་པོ་ནི་སེམས་ཀྱི་བསམ་པ་ནི་ཡིད་ལ་བྱེད་པར་ཤེས་པར་བྱའོ། །འདོད་ཆགས་དང་བྲལ་བའི་སྦྱོར་བ་ནི་ཇི་སྲིད་དུ་བསམ་གཏན་ལ་སྙོམས་པར་ཞུགས་པས་མི་གནས་པའི་བར་དུའོ། །འདོད་ཆགས་དང་བྲལ་བ་ནི་བསམ་
གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པའོ། །འབྲས་བུ་ནི་ཚད་མེད་པ་ལ་སོགས་པའོ། །གནས་པ་གསུམ་པ་འདི་ནི་རྣམ་པ་བརྒྱད་དུ་རྣམ་པར་གཞག་པར་བྱ་སྟེ། སེམས་ཀྱི་ཡིད་ལ་བྱེད་པ་རྫོགས་པར་བྱ་བ་ལ་འཇུག་པ་ཉིད་དང་། བྱང་ཆུབ་
เล่ม ๑๓๓ · หน้า 281a
ཀྱི་བར་དུ་རབ་ཏུ་རྟོགས་པ་དང་། ཐབས་དེ་དང་དེས་ཡང་དག་པར་ཚོལ་བ་ཉིད་དང་། ཆོས་ཡོངས་སུ་ཚོལ་བ་ཉིད་དང་། དེ་མངོན་པར་ཤེས་པ་ལ་གནས་པ་ཉིད་དང་། གང་དུ་འདོད་པ་དེར་སྐྱེ་བ་ཉིད་དང་། དགེ་བའི་རྩ་བ་རྣམ་པར་དག་པ་ཉིད་དང་།
སྐྱེ་བ་ཉིད་དང་། མཐུ་ཉིད་དོ། །དེ་ཡང་ཀྱེ་རྒྱལ་བའི་སྲས་དག་ས་གཉིས་པ་ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་གསུམ་པ་གནོན་ཏེ། དེས་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུས་གནོན་ནོ། །བཅུ་གང་ཞེ་ན། འདི་ལྟ་
སྟེ། དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། བརྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། སྐྱོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། ཕྱིར་མི་ལྡོག་པའི་སེམས་ཀྱི་
བསམ་པ་ཡིད་ལ་བྱེད་པ་དང་། སྲ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། སྦྱངས་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། རང་དབང་གི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། རླབས་པོ་ཆེའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང་། ཆེ་བ་ཉིད་ཀྱི་
སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་སྟེ། སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པོ་དེ་དག་གིས་གནོན་ཏེ་ཞེས་མདོ་ནས་གསུངས་པ་འདི་དག་གི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པའི་ཞེས་བྱ་བ་ལ་སོགས་
པའོ། །བསམ་པ་དག་པ་བཅུ་པོ་ཞེས་བྱ་བ་ནི་ས་གཉིས་པར་བསྟན་པའི་ཡིད་ལ་བྱེད་པ་སྟེ། རྟོགས་པར་གྱུར་པའི་ཞེས་བྱ་བའི་བར་ནི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་གནས་པས་རིམ་པ་བཞིན་ནོ། །གཞན་རྣམ་པ་བཅུས་ཞེས་བྱ་བ་ནི་དེ་ལྟ་བུའི་བསམ་པ་
དག་པ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནས་རྟོགས་པར་གྱུར་པའི་བར་དུའོ། །དེ་ནས་སེམས་ཀྱི་ཡིད་ལ་བྱེད་པ་དེ་དག་བསྒོམ་པ་ཆེན་པོ་ལ་གནས་པའི་ཕྱིར་དང་། མ་ལུས་པ་མདོར་བསྟན་པས་གནས་པ་གཉིས་པ་ལས་ཤིན་ཏུ་འདས་ནས་གནས་གསུམ་ལ་འཇུག་པར་
เล่ม ๑๓๓ · หน้า 281b
འགྱུར་ཏེ། རྣམ་པ་བཅུས་བདག་གི་སེམས་ཀྱི་བསམ་པ་དག་པར་འགྱུར་རོ་སྙམ་པའི་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི་དང་པོའོ། །འདི་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆ་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པའོ། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང་
མི་མཐུན་པར་ཡང་གནས་སོ་སྙམ་པའི་ཡིད་ལ་བྱེད་པ་ནི་གསུམ་པའོ། །སྒོམ་པ་སེམས་ལ་བརྟན་པ་ཡིད་ལ་བྱེད་པ་ནི་བཞི་པའོ། །གཉེན་པོ་འདི་ལས་ཉམས་པར་འགྱུར་བ་ནི་ཆ་མ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པ་ནི་ལྔ་པའོ། །འདི་ལྟར་གཉེན་པོ་བརྟན་པར་གྱུར་པས་མི་མཐུན་
པའི་ཕྱོགས་ཀྱིས་བསྐྱོད་པར་མི་ནུས་པ་ནི་དྲུག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འདུན་པ་རྒྱ་ཆེན་པོ་ཡིད་ལ་བྱེད་པ་ནི་བདུན་པའོ། །དཀའ་བ་སྤྱོད་པ་ཐམས་ཅད་ཀྱིས་མི་གནོད་པར་ཡིད་ལ་བྱེད་པ་ནི་བརྒྱད་པའོ། །ཐེག་པ་ཆེན་པོ་རྒྱ་ཆེན་པོ་ལ་མོས་པ་ཡིད་ལ་བྱེད་
པ་ནི་དགུ་པའོ། །སེམས་ཅན་གྱི་དོན་བྱ་བར་མངོན་པར་དགའ་བའི་ཡིད་ལ་བྱེད་པ་ནི་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་གནས་པ་བྱང་ཆུབ་སེམས་དཔའ་འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་གོ་ཞེས་བྱ་བ་ནས། སྐྱེ་
བོ་མང་པོ་ཡོངས་སུ་སྐྱོབ་པ་ཉིད་དུ་ཡང་དག་པར་མཐོང་ངོ་ཞེས་བྱ་བའི་བར་གྱི་མདོའི་དོན་བསྟན་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་ཉེས་དམིགས་མཐོང་བས་སུན་འབྱིན་པར་བྱེད། ཡིད་སྐྱོ་བར་བྱེད་ཅེས་བྱ་བ་ནས་འདོད་པ་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྨྲས་སོ། །
དེས་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལྟར་གནོད་པ་མེད་པ་མཐོང་ནས་ཞེས་བྱ་བ་ནས་བརྩམས་ནས། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་ནུས་སོ་སྙམ་ནས་ཞེས་བྱ་བའི་བར་གྱི་དོན་བསྟན་པའི་ཕྱིར། སྙིང་ཐག་པ་ནས་འདུན་པས་སེམས་ཅན་གྱི་ཁམས་ལ་
སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་རྣམ་པར་བལྟའོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྟོག་པས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ལ་བརྩོན་ཞིང་ཞེས་བྱ་བ་ནི་འདི་དག་གི་དོན་བསྟན་པའི་
เล่ม ๑๓๓ · หน้า 282a
ཕྱིར། སེམས་ཅན་དེ་དག་ཐམས་ཅད་ལ་ལྟོས་པ་དང་བཅས་པའི་སེམས་དང་ལྡན་པ་ཡིན་ནོ། །དོན་ལ་རྟོན་པའི་སེམས་དང་ཞེས་བྱ་བ་ལ། འདུ་བྱེད་རྣམས་ཀྱི་ཉེས་དམིགས་མཐོང་བས་ནི་བག་ཡོད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕན་
ཡོན་མཐོང་བས་ནི་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་འབར་བའོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ལ་གཞོལ་ཞིང་འདི་ལྟར་ཡོངས་སུ་རྟོག་སྟེ་ཞེས་བྱ་བ་ནས་དེ་ཡང་ཐོས་པ་ལ་མཁས་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་སྙམ་མོ་ཞེས་བྱ་བའི་བར་མདོའི་དོན་
བསྟན་པ་ནི། །སེམས་ཅན་རྣམས་ལ་སྙིང་རྗེའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ཞེས་བྱ་བ་ནས། མ་བསྒྲིབས་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བ་ཡིན་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཤེས་རབ་རྒྱུ་བ་མེད་ཅིང་སྐྱེ་བ་མེད་པ་ལ་སྤྱོད་པའི་ཤེས་རབ་མ་གཏོགས་པར་ཞེས་བྱ་བའི་
དོན་བསྟན་པ་ནི། ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པའི་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །རྣམ་པར་མི་རྟོག་པའི་རྒྱུ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རྒྱུ་བ་མེད་པ་ཞེས་བྱའོ། ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་སྐྱེ་བ་
མེད་པ་ལ་སྤྱོད་པའོ། །ཤེས་རབ་ཀྱི་སྣང་བ་དེ་ཡང་བསམ་གཏན་ལ་མཁས་པ་བློས་རྣམ་པར་ངེས་པ་ལ། བློས་སོ་སོར་རྟོག་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ནི། ཡེ་ཤེས་ཀྱི་སྣང་བ་དེ་འགྲུབ་པར་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །བསམ་
གཏན་ལ་མཁས་པ་ལ་རྣམ་པར་ངེས་པས་སོ་སོར་རྟོག་པ་དེ་ཡང་ཐོས་པ་ལ་མཁས་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་སྙམ་མོ་ཞེས་བྱ་བའི་དོན་བསྟན་པ་ནི། བསམ་གཏན་དང་། རྣམ་པར་ཐར་པ་དང་ཞེས་བྱ་བ་ནས། ཉན་པ་སྔོན་དུ་འགྲོ་བ་དང་། ཉན་པའི་གཞི་ཡིན་པར་
མཐོང་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །དེ་དེ་ལྟར་སོ་སོར་བརྟགས་པའི་ཤེས་པ་དང་ལྡན་པས་ཞེས་བྱ་བ་ནས། དེ་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པས་ཆོས་ཡོངས་སུ་ཚོལ་ཞིང་ཞེས་བྱ་བའི་བར་གྱི་དོན་བསྟན་པ་ནི། མཐོང་ནས་ཀྱང་བརྩོན་འགྲུས་ཆེན་པོ་རྩོམ་
เล่ม ๑๓๓ · หน้า 282b
པས་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ཏེ། མདོའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ། དམ་པའི་ཆོས་མཉན་པའི་ཕྱིར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཡིད་ལ་བྱེད་པ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་འདི་ལྟར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་
བསྒྲུབ་པ་ལ་བརྟེན་པ་ཡིན་གྱི་ཞེས་བྱ་བ་ནི། བསྒོམ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་འབྲུ་དང་སྒྲ་ཙམ་གྱིས་རྣམ་པར་དག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མང་དུ་ཐོས་པ་ཙམ་གྱིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མདོ་ལས་ནི་ཇི་
སྐད་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་ནས་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །ཐོས་པ་དེ་ཉིད་ལ་བརྟེན་ཏེ་ཞེས་བྱ་བ་ནི་ཇི་སྐད་ཐོས་པའི་ཆོས་རྣམས་ལ་སྒོམ་
པའི་སྦྱོར་བས་ཡིད་ལ་བྱེད་པའོ། །ཆོས་ཀྱི་མཚན་མ་རྣམས་ཞེས་བྱ་བ་ནི་ཆོས་དེའི་གཟུགས་བརྙན་གྱི་མཚན་མ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྨྲས་པ། དམིགས་པ་བྱས་ནས་ཞེས་བྱ་བ་སྟེ། འདོད་པ་རྣམས་ལས་དབེན་པ་ཞེས་བྱ་བ་ནས་བརྩམས་ནས། མངོན་པར་
ཤེས་པ་ལྔ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་གྱིས་ནི། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་བསྟན་པ་ཡིན་ནོ། དེ་དེ་དག་གིས་ལན་མང་དུ་གནས་ཏེ་ཞེས་བྱ་བ་ནི་བསམ་གཏན་དང་། ཏིང་ངེ་
འཛིན་ལ་སྙོམས་པར་འཇུག་པ་བཟློག་པ་ལ་མཁས་པ་བསྟན་པ་ཡིན་ནོ། །དེའི་དབང་གིས་ས་དེར་མི་སྐྱེ་བའོ། །དེ་ལ་མདོའི་ཚིག་གིས་བསྟན་པ་ནི། དེ་བསམ་གཏན་དང་ཏིང་ངེ་འཛིན་དང་ཞེས་བྱ་བ་ནས་བརྩམས་ནས་སྨོན་ལམ་བཏབ་པ་མ་གཏོགས་པ་དང་། ཐབས་
ལ་མཁས་པས་མངོན་པར་བསྒྲུབ་པའི་སེམས་ཀྱི་རྒྱུད་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ཡིན་ནོ། །ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཡང་འདོད་པའི་ཁམས་སུ་སླར་སྐྱེ་བའི་རྒྱུ་གང་ཡིན་པ་དེ་བསྟན་པའི་ཕྱིར། དེ་དེ་དག་གི་དབང་གིས་སྐྱེ་བར་མི་
เล่ม ๑๓๓ · หน้า 283a
འགྱུར་རོ་ཞེས་བྱ་བའོ། །དེ་ལ་མདོའི་ཚིག་ནི་འདི་ཡིན་ཏེ། དེ་དེ་བས་ཀྱང་ཤས་ཆེར་འདོད་པའི་འཆིང་བ་ཐམས་ཅད་བསྲབས་པར་འགྱུར་རོ། །སྲིད་པས་བཅིངས་པ་ཐམས་ཅད་དང་། དེའི་ལྟ་བར་གྱུར་པའི་བཅིངས་པ་ཐམས་ཅད་ནི་སྔ་ནས་ཀྱང་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ཡིན་
ནོ། །དེ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་པའི་འཆིང་བ་རྣམས་སྤངས་པ་ཡིན། བསམ་གཏན་བཟློག་པ་མ་མཁས་པའི་ཕྱིར། གཟུགས་དང་གཟུགས་མེད་པའི་སྲིད་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །མོས་པས་སྤྱོད་པའི་ས་ཉིད་ནས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མོས་པའི་
ཕྱིར་ལྟ་བས་བྱས་པའི་འཆིང་བ་རྣམས་བསྲབས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་མདོ་ལས། ས་འོད་བྱེད་པ་འདི་ལ་གནས་པའི་ཞེས་བྱ་བ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལོག་པའི་འདོད་ཆགས་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་རོ་ཞེས་བྱ་བ་ནས། ལོག་པའི་གཏི་མུག་འགྲིབ་པར་
ཆོས་ཡིན་པར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་དོན་བསྟན་པའི་ཕྱིར། ལོག་པའི་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་ལ། བདག་དང་གཞན་ལ་གནོད་པ་བྱེད་པར་ཞུགས་པར་གྱུར་པའི་ཕྱིར་ལོག་པ་ཉིད་ཡིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དོ་ཞེས་བྱ་བ་ནི་དཔེ་འདིའོ། །ཚད་བཞིན་དུ་
འདུག་གོ་ཞེས་བྱ་བའི་དོན་བསྟན་པ་ནི། སྐྱེ་འབྲི་མེད་པར་ཚད་མཉམ་པ་དེ་བཞིན་དུ་ཞེས་བྱ་བའོ། །དེ་བཞིན་དུ་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམ་པར་དག་པ་ཡང་སྔ་མ་དང་འདྲ་བར་རྣམ་པར་དག་པར་འགྱུར་བར་རིག་པར་བྱའོ། །སྐྱེ་བས་བསྡུས་པ་བསྟན་པའི་ཕྱིར། སྐྱེ་
པས་ན་ཕལ་ཆེར་ཞེས་བྱ་བ་ལ་སོགས་པའོ། །སའི་ངེས་པའི་ཚིག་བསྟན་པ་ནི། ཐོས་པའི་རྣམ་པའི་ཆོས་རྣམས་ཀྱི་སྣང་བ་གསལ་བ་ཉིད་དང་། ཏིང་ངེ་འཛིན་གྱི་སྣང་བ་གསལ་བས་རབ་ཏུ་ཕྱེ་བའི་ཕྱིར་འོད་བྱེད་པ་ཞེས་བྱའོ་ཞེས་བྱ་བ་ཡིན་ནོ། །ནང་གི་བདག་ཉིད་ཀྱི་སེམས་རྣམ་པར་དག་པ་ལ་ཉེ་བར་
བསྟན་པའི་འདི་ཡོད་པས་ཞེས་བྱ་བ་ནས་སོ། ལྷག་པའི་སེམས་ཀྱི་གནས་པ་རྫོགས་སོ།། །།ལྷག་པའི་ཤེས་རབ་ཀྱི་གནས་པའི་དབྱེ་བ་ནི་གསུམ་སྟེ། ཁྱད་པར་བསྟན་པ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། ཡང་དག་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །
เล่ม ๑๓๓ · หน้า 283b
ས་བཞི་པ་ཡང་ཇི་ལྟར་ཐོས་པའི་དོན་གྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པར་དག་པའི་ཡེ་ཤེས་རྣམ་པར་དག་པས་རབ་ཏུ་ཕྱེ་བའོ། །དེ་ནི་རྣམ་པ་བཞིར་རྣམ་པར་གཞག་པར་རིག་པར་བྱ་སྟེ། རྣམ་པར་དག་པའི་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་རྣམ་པར་གཞག་པ་ཉིད་དང་། རྣམ་པར་དག་པ་འཕེལ་བ་རྣམ་པར་
གཞག་པ་ཉིད་དང་། གཉེན་པོ་བསྒོམ་པ་འཕེལ་བ་རྣམ་པར་གཞག་པ་ཉིད་དང་། དེ་དག་གི་འབྲས་བུ་རྣམ་པར་གཞག་པ་ཉིད་དོ། །དེ་ལ་རྣམ་པར་དག་པ་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་ནི་ཆོས་སྣང་བ་ལ་འཇུག་པ་བཅུ་ཐོབ་པ་ཡིན་ཏེ་ཞེས་བྱ་བའོ། །མང་དུ་ཐོས་པ་ཡོངས་སུ་བཙལ་བའི་དབང་དུ་བྱས་ནས་
ཞེས་བྱ་བ་ནི་མང་དུ་ཐོས་པ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྣང་བའི་དངོས་པོ་བཅུ་པོ་བསྟན་པ་ནི་ཆོས་ལ་སྣང་བ་འཇུག་པ་བཅུ་ཐོབ་པ་ཡིན་ཏེ་ཞེས་བརྗོད་དོ། །དེ་དག་ཆེ་བ་དང་། ཡོངས་སུ་རྫོགས་པར་གྱུར་པ་ཉིད་ནི་དེའི་ས་གནོན་པའི་རྒྱུ་ཉིད་ཡིན་པར་བསྟན་པའི་ཕྱིར། ལྷག་པའི་སེམས་ལ་གནས་
པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་གི་མདོར་བསྡུས་པའི་དོན་བསྟན་ཅིང་བརྗོད་པའི་ཕྱིར་སྨྲས་པ། གཞུང་གི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་སྣང་བ་བཞིན་དུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེ། བྱང་
ཆུབ་སེམས་དཔའི་ས་བཞི་པ་ནོན་ཏེ། དེ་ཆོས་ལ་སྣང་བས་འཇུག་པ་བཅུས་གནོན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་
དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་། བསམ་པ་རླབས་པོ་ཆེའི་མོས་པའི་ཁམས་དང་། བསམ་པ་ཆེན་པོ་ཉིད་ཀྱི་མོས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པའོ་ཞེས་བྱ་བའོ། །གང་དག་འདོགས་པ་དང་ཞེས་བྱ་བ་ནི། ཁམས་དང་སྐྱེ་གནས་ཀྱིས་བསྡུས་པའི་
སེམས་ཅན་རྣམས་སོ། །དེ་ལྟ་བུའི་འཇིག་རྟེན་དེ་རྣམ་པར་བརྟག་པའི་དབང་དུ་བྱས་ནས་གསུངས་པ་ནི། སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་སྣང་བས་འཇུག་པ་དང་ཞེས་བྱ་བའོ། །དེ་དག་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་འདོགས་པར་བྱེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་རྗེས་ལ་
เล่ม ๑๓๓ · หน้า 284a
འཇིག་རྟེན་གྱི་ཁམས་གསུངས་པ་ཡིན་ནོ། །དོན་དེ་ཉིད་བསྟན་པ་ནི། གང་དུ་འདོགས་པ་དང་ཞེས་བྱ་བའོ། །ཡང་སེམས་ཅན་དང་འཇིག་རྟེན་དེ་དག་ནི་དེ་བཞིན་དུ་རོ་གཅིག་པའི་ཕྱིར། དོན་དམ་པར་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ་ཞེས་སྨྲས་སོ། །ཡང་དེ་དག་ནི་དོན་དམ་པར་ནམ་མཁའ་དང་མཉམ་པའོ་ཞེས་
བསྟན་པའི་ཕྱིར། ནམ་མཁའི་ཁམས་རྣམ་པར་དཔྱོད་པ་ལ་སྣང་བས་འཇུག་པ་དང་ཞེས་བྱ་བའོ། །དེ་ལྟར་བཏགས་པ་ཙམ་དུ་ཡོད་པའི་སེམས་ཅན་གྱི་ཁམས་རྣམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དོན་བསྟན་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་བསྟན་ཏེ། སེམས་ཀུན་ནས་ཉོན་མོངས་པས་
སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་ལ། སེམས་རྣམ་པར་དག་པས་རྣམ་པར་བྱང་བར་འགྱུར་རོ་ཞེས་བྱ་བའི་མདོའི་ཚིག་གིས་སོ། །ཁམས་གསུམ་ནི་ཀུན་དུ་སྤྱོད་པའི་ཉོན་མོངས་པས་ཉོན་མོངས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་འདོད་པ་ལ་སོགས་པའི་ཁམས་སྨོས་པ་ཡིན་ནོ། །གང་དུ་རྣམ་པར་དག་པར་
འགྱུར་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པ་དང་། སེམས་ཅན་ཡང་ཡོངས་སུ་མི་གཏོང་བའི་དབང་དུ་བྱས་པ་ཡིན་ནོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་དོན་གྱིས་ནི་བསམ་པ་རླབས་པོ་ཆེ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་འདོད་པ་ཉིད་ཀྱི་རྣམ་པར་དག་པར་འགྱུར་རོ། །ཆེ་བ་ཉིད་ཀྱི་བསམ་པ་ནི་
སེམས་ཅན་གྱི་དོན་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟེན་ནས་རྣམ་པར་བྱང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ཡང་ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ནས་བརྩམས་ནས་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར་ཞེས་
བྱ་བའི་བར་གྱི་དོན་བསྟན་པའི་ཕྱིར། དེ་ནི་མི་ཕྱེད་པའི་བསམ་པ་ལ་སོགས་པ་ཡེ་ཤེས་ཞེས་བྱ་བ་ལ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཞེས་བྱ་བ་ནི་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུ་དང་ལྡན་པ་ཉིད་དེ། ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པ་རྣམ་པ་བཅུ་དང་ལྡན་པའོ། །རབ་ཏུ་གྲུབ་པ་ཞེས་བྱ་
བ་ནི་རྣམ་པར་དག་པ་འཕེལ་བའི་དབང་དུ་བྱས་པ་ནི་དེ་བཞིན་གཤེགས་པའི་རིགས་སུ་རབ་ཏུ་གྲུབ་པ་སྟེ། མང་དུ་ཐོས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་མཐར་ཐུག་པར་གྱུར་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པས་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་བྱང་ཆུབ་དང་། སེམས་ཅན་
เล่ม ๑๓๓ · หน้า 284b
ལ་ལྟ་བ་གཙོར་བྱས་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་མཐར་ཐུག་པ་བསྟན་པའི་དབང་དུ་བྱས་ནས་བསྟན་པའི་མདོ་ནི། སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པ་དང་ཞེས་བྱ་བ་ནས། བྱམས་པ་ཆེན་པོ་དེ་དང་ལྡན་པ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་ལ་ལྟ་བ་དང་བཅས་པ་བསྟན་པ་ཡིན་ནོ། །
ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྷག་པར་དམིགས་པ་དང་ཞེས་བྱ་བ་ནས་ཐབས་ལ་མཁས་པ་ཆེན་པོས་རྣམ་པར་དཔྱོད་པས་སོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ལ་ལྟ་བ་བསྟན་པ་ཡིན་ནོ། །མདོ་ཉིད་ལས་འབྱུང་བ་བཞིན་བསྒོམ་པར་བྱའོ་ཞེས་བྱ་བས་ནི་བྱང་ཆུབ་ཀྱི་ཕྱོགས་
བསྒོམ་པ་ཡོད་དུ་ཟིན་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པར་བསྟན་པ་ཡིན་ནོ། །ཐབས་མཁས་པ་ཆེན་པོས་རྣམ་པར་དཔྱོད་པས་ཞེས་བྱ་བ་ཉིད་ཀྱིས་ཐབས་ལ་མཁས་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་བསྒོམ་པར་བྱའོ་ཞེས་བྱ་བར་རིག་པར་བྱའོ། །དེ་འཇིག་ཚོགས་ལ་
ལྟ་བ་སྔོན་དུ་འགྲོ་བའི་བདག་དང་ཞེས་བྱ་བ་ནས། འཇིག་རྟེན་གྱི་གནས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་དང་དེ་བྲལ་བ་ཡིན་ནོ་ཞེས་བྱ་བའི་བར་གྱི་མདོའི་ཚིག་གི་དོན་བསྟན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ཤིན་ཏུ་ཆ་ཕྲ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐམས་ཅད་ཀུན་དུ་མི་སྤྱོད་པས་
ཞེས་བྱ་བ་ནི་བག་ཆགས་ཙམ་ཡང་མ་ལུས་པའོ་ཞེས་པའོ། །འཇིག་ཚོགས་ལ་ལྟ་བ་དེ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མངོན་པར་ཞེན་པར་གྱུར་པ་སྟེ། གཅིག་ཉིད་དང་། བྱེད་པ་པོ་ཉིད་དང་། སྤྱོད་པ་པོ་ཉིད་དུ་གཟུང་བའོ། །དེས་ནི་དེ་དག་སྤངས་ན་དེ་ཡང་སྤོང་བར་འགྱུར་རོ། །གཡོ་བ་ཐམས་ཅད་ཀུན་དུ་མི་
སྤྱོད་པས་གཏན་དུ་སྤོང་བར་བྱེད་དོ་ཞེས་བྱ་བ་ནི་འཇིག་རྟེན་ལ་ལྟ་བ་སྔོན་དུ་སོང་བ་རྣམས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྨད་པའི་ལས་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ་ཞེས་བྱ་བའི་དོན་བསྟན་པ་ནི། དེ་རྣམས་སྤངས་པས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྤྱོད་དོ་ཞེས་བྱ་བ་ཡིན་ནོ། །ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྔགས་པའི་ལས་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་དང་མཐུན་པ་དེ་དག་ནི་ཡང་དག་པར་བླངས་ཏེ་གནས་སོ་ཞེས་བསྟན་པའི་ཕྱིར། བསྔགས་པ་གང་ཡིན་པ་ཞེས་བྱ་བ་ནས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་དེ་བས་ཀྱང་གང་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནས་
เล่ม ๑๓๓ · หน้า 285a
བརྩམས་ནས། མཐུན་པར་འཛིན་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་མདོའི་དོན་བསྟན་པའི་ཕྱིར། དེ་ལྟར་གྱུར་ན་དེ་བས་ཀྱང་ཤས་ཆེར་ཞེས་བྱ་བ་ནས་བརྩམས་ཏེ། དཀར་པོའི་ཆོས་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ས་གོང་མ་རྣམས་ཡོངས་སུ་སྦྱོང་བའི་ལས་
རྣམས་ཀྱང་ཡང་དག་པར་ཚོལ་ཞིང་བརྩོན་འགྲུས་རྩོམ་པ་ཆེན་པོ་ཐོབ་སྟེ་གནས་སོ་ཞེས་བསྟན་པའི་མདོའི་ཚིག་ནི་དེ་དེ་ལྟར་དུལ་བ་དང་ལྡན་ཞེས་བྱ་བ་ནས་བརྩམས་ནས་ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བརྩོན་འགྲུས་དད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །དེ་དེ་བས་ཀྱང་ཤས་ཆེར་བསམ་པའི་
ཁམས་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ནས། སེམས་ཅན་གྱི་བསམ་པ་དང་ཡང་དག་པར་ལྡན་པར་འགྱུར་རོ་ཞེས་འདི་དག་གི་དོན་བསྟན་པ་ནི། གཞི་དེས་དེའི་བསམ་པ་དང་ཞེས་བྱ་བ་ནས། མུ་སྟེགས་ཅན་དང་། བདུད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་ཤིང་མི་བསྐྱོད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །
དཔེའི་ཁྱད་པར་བསྟན་པའི་ཕྱིར། དེ་ལ་བྱེ་བྲག་ནི་འདི་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །དཔེ་གཉིས་པ་བསྟན་པ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་སྣང་བ་རབ་ཏུ་གཏོང་བ་ནི་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ཡེ་ཤེས་ཀྱི་འོད་འཕྲོ་བར་གྱུར་པ་དང་ཞེས་བྱ་བ་ནི་འོད་འཕྲོ་བ་དང་ཆོས་
མཐུན་པའི་ཆོས་བསྟན་པའི་ཕྱིར་ཏེ། ཆོས་བསྟན་པས་འཇིག་རྟེན་པ་རྣམས་ལ་ཤེས་རབ་ཀྱི་སྣང་བ་བྱེད་པས་ཞེས་བྱའོ། །ལྷག་པའི་ཤེས་རབ་ཀྱི་གནས་པ་དང་པོ་རྫོགས་སོ།། །།ས་ལྔ་པ་ནི་རྣམ་པ་གསུམ་དུ་རྣམ་པར་གཞག་པར་བྱ་སྟེ། ཡིད་ཀྱི་གཉེན་པོའི་ཁྱད་པར་རྣམ་པར་གཞག་པ་ཉིད་དང་། །མི་
གནས་པའི་ལམ་སོ་སོར་རྟོགས་པ་རྣམ་པར་གཞག་པ་ཉིད་དང་། དེའི་འབྲས་བུ་རྣམ་པར་གཞག་པ་ཉིད་དོ། །དེ་ལ་ཡིད་ཀྱི་གཉེན་པོའི་ཁྱད་པར་ཉིད་ནི། སེམས་ཀྱི་བསམ་པ་མཉམ་པ་ཉིད་བཅུ་ཐོབ་སྟེ། དེའི་ཡིད་ལ་བྱེད་པ་དེ་ནི་ལྡོག་པར་མི་འགྱུར་བ་དང་བཅས་པ་སྟེ། སྔར་ཡང་ཆོས་རྟོགས་སོ་སྙམ་པའི་མངོན་
པའི་ང་རྒྱལ་གྱི་གཉེན་པོར་གསུངས་པ་ཡིན་ནོ། །ས་འདི་ལ་རྣམ་པར་དག་པའི་རྒྱུད་ཐ་དད་དུ་མངོན་པའི་ང་རྒྱལ་གྱི་གཉེན་པོ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་བཅུ་ཐོབ་ཅེས་བྱ་བ་ལ། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཞེས་བྱ་བ་ནི་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་
เล่ม ๑๓๓ · หน้า 285b
སེམས་དཔའི་ས་བཞི་པ་ལ་ལམ་ཡོངས་སུ་རྫོགས་པར་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་སྟེ། དེ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་རྣམ་པ་བཅུས་འཇུག་གོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་
པ་མཉམ་པ་ཉིད་དང་། མ་འོངས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་
དང་། ལྟ་བ་དང་། སོམ་ཉི་དང་། ཡིད་གཉིས་དང་། འགྱོད་པ་སེལ་བ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་གྱིས་སྤོང་བ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་ཐམས་ཅད་གོང་མ་གོང་མས་རྣམ་པར་འཇོག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དེ། འདི་དག་གིས་འཇུག་གོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །དེ་ལས་གཞན་པའི་སེམས་ཅན་གྱི་
ཁམས་ལས་ཡང་དག་པར་འདས་པའི་ཕྱིར་མཉམ་པ་མེད་པའི་སངས་རྒྱས་རྣམས་དང་མི་མཉམ་ལ། ཆོས་ཀྱི་ཆོས་གང་དག་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་དང་ཇི་ལྟར་མཉམ་པ་དེ་དབྱེ་བས་རྣམ་པ་བཅུར་ཤེས་པར་བྱའོ། །ཡང་སངས་རྒྱས་ཀྱི་ཆོས་གང་དག་དང་ལྡན་པ་ཡང་དུས་གསུམ་གྱི་སྟོབས་ལ་སོགས་པ་
སྟེ། རྣམ་པ་གསུམ་མཉམ་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་དང་ཇི་ལྟར་མཉམ་པ་ཞེས་བྱ་བ་ནི་མདོར་བསྡུས་ན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་བཅས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་
པ་མཉམ་པ་ཉིད་ཀྱི་བར་དུའོ། །དེ་ནི་ཕྱིར་ཞིང་ཡེ་ཤེས་ཁྱད་པར་ཅན་འདོད་པས་ཞེས་བྱ་བའི་མདོའི་ཚིག་ནི་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ཐོབ་པའི་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུའོ། །འཕགས་པའི་བདེན་པ་བཞི་ལ་
เล่ม ๑๓๓ · หน้า 286a
ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་དུའོ། །མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཐམས་ཅད་རིག་
པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། ཕྱེ་སྟེ་རྟོགས་པའི་དངོས་པོའི་བདེན་པ་ལ་མཁས་པ་ཡིན། རབ་ཏུ་སྐྱེ་བའི་བདེན་པ་ལ་མཁས་པ་ཡིན། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ལ་
མཁས་པ་ཡིན། ལམ་ཤེས་པ་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སའི་གོ་རིམས་ཐམས་ཅད་ཀྱི་མཚམས་སྦྱར་བ་བསྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་ལ་མཁས་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་སེམས་ཅན་གཞན་དག་གི་བསམ་
པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། གཞན་ལ་གོ་བར་བྱེད་པ་དང་ཞེས་བྱ་བའོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། སོ་སོ་རང་གིས་ཤེས་པ་དང་
ཞེས་བྱ་བའོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པས་མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། དེ་གཉི་གའི་གནས་ལས་བརྩམས་ཏེ་གང་བསྟན་པ་དང་ཞེས་བྱ་བ་ཡིན་ཏེ་བསྟན་པའི་ཆོས་དང་། རྟོགས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་གནས་ཕྱིན་ཅི་མ་ལོག་པའི་རང་དང་སྤྱིའི་
མཚན་ཉིད་ཡོངས་སུ་གསལ་བར་བྱེད་པའི་དབང་དུ་བྱས་པ་ལ་འཇུག་པ་ཉིད་ནི་བསྟན་པའི་ཆོས་ཡིན་ནོ། །དེ་བཞིན་ཉིད་ལ་དམིགས་པས་རབ་ཏུ་ཕྱེ་བ་ཉིད་ནི་སོ་སོ་རང་གིས་རིག་པའོ། །གང་གིས་བསྟན་པ་དང་ཞེས་བྱ་བ་ལ། མདོ་ལས། ཆོས་རྣམ་པར་དབྱེ་བ་རྣམ་པར་གཞག་པས་རྟོགས་པས་རྣམ་པར་དབྱེ་བའི་བདེན་པ་རབ་
ཏུ་ཤེས་སོ་ཞེས་བྱ་བ་ནི་མདོ་སྡེ་དང་མ་མོ་ལས་བརྩམས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་གཞག་པས་རབ་ཏུ་ཕྱེ་སྟེ་རྟོགས་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་འདུལ་བ་དང་མ་མོ་ལས་བརྩམས་པའོ། །དེ་ལྟར་ན་གང་བསྟན་པ་དང་ཞེས་བྱ་བ་བསྟན་ནས། གང་གིས་བསྟན་པ་དང་ཞེས་བྱ་བས་ལྷག་
เล่ม ๑๓๓ · หน้า 286b
མ་བདེན་པའི་རྣམ་པ་རྣམས་བསྟན་པའོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་བསྟན་པ་ནི། དེ་ལྟར་བྱུང་བའི་སྡུག་བསྔལ་གྱི་བདག་ཉིད་དང་ཞེས་བྱ་བའོ། །འགྲོ་བར་མཚམས་སྦྱོར་བ་རྟོགས་པས་རབ་ཏུ་སྐྱེ་བའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་
དོན་བསྟན་པ་ནི། རྒྱུ་ལས་མ་འོངས་པའི་སྡུག་བསྔལ་འབྱུང་བ་དང་ཞེས་བྱའོ། །རིམས་ནད་ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཞི་བས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོའི་ཚིག་གི་དོན་བསྟན་པའི་ཕྱིར། རྒྱུ་ཟད་པས་དེ་ཟད་དེ་མི་སྐྱེ་བ་དང་ཞེས་བྱ་བའོ། །མི་གཉིས་པ་
མངོན་པར་བསྒྲུབས་པས་ལམ་ཤེས་པ་ལ་འཇུག་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། དེ་སྤང་བའི་ཐབས་བསྟན་པ་ལས་བརྩམས་ནས་ཆེས་ཇི་ལྟར་བསྟན་པ་སྟེ་ཞེས་བྱ་
པའོ། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ཤེས་རབ་ཀྱིས་ཡང་དག་པར་རྣམ་པར་སུན་འབྱིན་པར་བྱེད་དོ་ཞེས་བྱ་བའི་མདོའི་ཚིག་ནི། དེ་དེ་ལྟར་བདེན་པ་ལ་མཁས་པས་མངོན་པར་བསྒྲུབས་པའི་བློ་འདུས་བྱས་ཐམས་ཅད་བརྫུན་པ་དང་སླུ་བའི་ཆོས་ཅན་ཞེས་བྱ་བ་ནས། བྱིས་པ་འདྲིད་པ་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་ཡིན་ནོ། །སེམས་ཅན་གྱི་ཁམས་ལ་སྙིང་རྗེའི་བསམ་པ་རྣམ་པར་འཕེལ་བར་འགྱུར་རོ་ཞེས་བྱ་བའི་མདོའི་ཚིག་ནི། དེ་དེ་བས་ན་ཤས་ཆེར་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཞིང་བྱམས་པ་ཆེན་པོའི་སྣང་བ་ཡང་རབ་ཏུ་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །སེམས་
ཅན་བྱིས་པའི་ལོག་པར་སྒྲུབ་པ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལས་འདས་པར་ཡང་དག་པར་རབ་ཏུ་རྟོགས་སོ་ཞེས་བྱ་བ་འདིའི་མདོའི་ཚིག་ནི། དེ་དེ་ལྟར་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་སྟེ་ཞེས་བྱ་བ་ནས། འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པའི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བ་ངོ་མཚར་ཆེའི་ཞེས་བྱ་བའི་བར་ཡིན་ནོ། །དེ་དག་རྣམ་པར་ཐར་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་གཟུང་བ་ལ་སེམས་ཀྱིས་སྨོན་པར་བྱེད་ཅིང་ཞེས་བྱ་བའི་མདོའི་ཚིག་
เล่ม ๑๓๓ · หน้า 287a
ནི། མ་ལ་བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་ཞེས་བྱ་བ་ནས། ཡེ་ཤེས་ཆགས་པ་མེད་པའི་བར་གྱིས་མཐར་ཐུག་པ་ཐོབ་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ་སྙམ་མོ་ཞེས་བྱ་བའི་བར་ཡིན་ནོ། །དེ་ལ་གནས་
པའི་བསམ་པ་ཡང་དག་པར་བསྒྲུབ་པོ་ཞེས་བྱ་བ་འདིའི་མདོའི་ཚིག་ནི། དེ་དེ་ལྟར་ཤིན་ཏུ་བསྔགས་པའི་ཤེས་པས་མངོན་པར་བསྒྲུབས་པའི་བློས་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར་རྩོམ་སྟེ་ཞེས་བྱ་བའི་བར་ཡིན་ནོ། །དྲན་པ་དང་། བློ་གྲོས་དང་། རྟོགས་པ་ལ་སོགས་པ་ཡོན་
ཏན་མང་པོ་རྣམ་པ་སྣ་ཚོགས་དང་ལྡན་པ་དང་ཞེས་བྱ་བ་འདིའི་མདོའི་ཚིག་ནི། དེ་ནི་དེ་བས་ཀྱང་ཤས་ཆེར་བརྗོད་པར་མི་འགྱུར་བའི་ཆོས་ཉིད་ཀྱིས་དྲན་པ་དང་ལྡན་པ་ཡིན་ཞེས་བྱ་བ་ནས། ཐབས་ལ་མཁས་པ་ཆེན་པོས་འཇིག་རྟེན་དུ་མཚམས་སྦྱོར་བར་སྨོན་ལམ་ཤིན་ཏུ་བཏབ་པའི་སེམས་དང་ལྡན་པ་ཡིན་ཞེས་
བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །ཡིད་ལ་བྱེད་པ་གཞན་དང་བྲལ་བ་དང་། ཡོངས་སུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་མདོའི་ཚིག་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པས་ཉིན་མཚན་དུ་སེམས་གཞན་ཡོངས་
སུ་སྤངས་པ་ཡིན་ཏེ་ཞེས་བྱ་བ་ནས། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་མངོན་པར་སྒྲུབ་པས་ཉེ་བར་སྤྱད་པས་བྱ་བ་ལ་སྦྱོར་བ་རྣམས་ཀྱིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་བར་ཡིན་ནོ། །དེ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པས་ཞེས་བྱ་བའི་དོན་ནི། སེམས་ཅན་རྣམས་
ལ་ཕན་འདོགས་པའི་འཇིག་རྟེན་པའི་ཡི་གེ་དང་། བསྟན་བཅོས་དང་། རྒྱ་དང་། རྩིས་དང་། ཤོད་ཐབས་ལ་སོགས་པ་བཟོ་དང་ལས་ཀྱི་གནས་རྣམས་མདོ་ལས་ཇི་སྐད་འབྱུང་བ་བཞིན་བསྟན་པ་ནི་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་ནི་
ཡི་གེ་དང་། བསྟན་བཅོས་དང་། རྒྱ་དང་། རྩིས་དང་། ཤོད་ཐབས་གང་དག་ཡོད་པ་རྣམས་དང་ཞེས་བྱ་བའོ། །དབུལ་བ་བསལ་བར་བྱ་བ་དང་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དུ་རིག་པར་བྱ་སྟེ། རིག་པའི་གནས་ཐམས་ཅད་ནི་ཚེ་འདིའི་འཚོ་བའི་ཆོ་ག་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཡང་ན་དབུལ་བ་བསལ་བའི་ཐབས་ནི་ནོར་
เล่ม ๑๓๓ · หน้า 287b
བསྒྱུར་བའི་དཔྱད་ཡིན་ནོ། །ཁམས་མ་སྙོམས་པ་དང་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་ཞི་བར་བྱ་བ་ནི་སྐེམ་བྱེད་དང་། བརྗེད་བྱེད་དང་། འབྱུང་པོའི་གདོན་དང་། དུག་དང་། རོ་ལངས་ཀྱི་སྦྱོར་བ་བསལ་བ་དང་གསོ་བའི་ཆོ་གའོ། །ཁ་ན་མ་ཐོ་བ་མེད་པའི་རྩེད་མོ་ནི་སྙན་དངགས་དང་། གར་ཐབས་དང་གཏམ་རྒྱུད་དང་། རོལ་མོ་དང་། དེ་ལྟ་བུ་བྱུང་བ་
བརྗོད་པས་རབ་ཏུ་དགའ་བར་བྱའོ། །དེའི་རྒྱུ་བསྟན་པ་ནི་ཆོས་མ་ཡིན་པ་ལ་དགའ་བ་ལས་བཟློག་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཁྱིམ་གྱི་ཡོ་བྱད་འདོད་པ་རྣམས་ལ་ཚེགས་ཆུང་ངུས་ཁྱིམ་གྱི་ཡོ་བྱད་བསྒྲུབ་པར་བྱ་བ་ནི་གྲོང་དང་། གྲོང་ཁྱེར་དང་། སྐྱེད་མོས་ཚལ་དང་། འབབ་ཆུ་དང་། མཚེའུ་དང་། རྫིང་དང་། མེ་ཏོག་དང་། འབྲས་བུ་
དང་། སྨན་དང་། ནགས་ཚལ་མངོན་པར་བསྒྲུབ་པའོ། །རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་ལས་ཡོངས་སུ་བསྐྱབ་པར་བྱ་བ་ནི་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་པོ་ཆེའི་འབྱུང་གནས་རྣམས་བསྟན་པའོ། །གནས་དང་གནས་མ་ཡིན་པའི་སྦྱོར་བ་
ལ་གནང་བ་དགག་པར་བྱ་བ་ནི་ཟླ་བ་དང་། ཉི་མ་དང་། གཟའ་དང་། སྐར་མ་དང་། རྒྱུ་སྐར་དང་། ས་གཡོ་བ་དང་། གཅན་གཟན་གྱི་ལ་ཉེ་བ་དང་། བྱའི་ལ་ཉེ་བ་དང་། རྨི་ལྟས་དང་། ལྟས་སྟོན་པ་ཤེས་པའོ། །བཀྲ་ཤིས་པ་དང་། བཀྲ་མི་ཤིས་པའི་དངོས་པོ་བླང་བ་དང་དོར་བ་ལ་གཟུད་པ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་མཚན་དང་སྤྱོད་
ཡུལ་གྱི་སྦྱོར་བའོ། །ཚེ་འདི་ལ་གཅིག་ལ་གཅིག་མི་འཁུ་བ་དང་། ཕྱི་མ་ལ་ཕྱིན་ཅི་མ་ལོག་པའི་མངོན་པར་མཐོ་བའི་ལམ་བསྟན་པ་ནི། སྡོམ་པའི་ཆོ་ག་ལ་གནས་པ་དང་། བསམ་གཏན་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་དང་། གཟུགས་མེད་པའི་གནས་རྣམས་བསྟན་པའོ། །གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །
ཞེས་བྱ་བ་ནི་སངས་རྒྱས་མཐོང་བ་ལ་སོགས་པའོ། །དཔེའི་ཁྱད་པར་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། ནོར་བུ་སྤུག་གིས་བྱི་དོར་བྱས་ཤིང་སྤྲས་པ་ནི་མཚུངས་པ་མེད་པའི་ཕྱིར་རོ། །སྤྲས་པ་ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་། ཤིན་ཏུ་འོད་གསལ་བར་འགྱུར་རོ། །མི་འཕྲོགས་པའི་དོན་བསྟན་པ་ནི་མཚུངས་
པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཀྱི་དཔེ་གཉིས་པ་བསྟན་པ་ནི། དཔེར་ན་ཞེས་བྱ་བ་སོགས་པ་ལ། རླུང་གི་དཀྱིལ་འཁོར་ཐམས་ཅད་མཉམ་པར་འགྲོ་ཡང་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱིས་མི་འཕྲོགས་པའོ། །ལྷག་པའི་ཤེས་རབ་ཀྱི་གནས་གཉིས་པ་རྫོགས་སོ།། །།ཆོས་མཉམ་པ་
เล่ม ๑๓๓ · หน้า 288a
ཉིད་བཅུ་འཐོབ་སྟེ་ཞེས་བྱ་བ་ལ། དེ་ཡང་དེ་ཆུང་ངུ་དང་། འབྲིང་གིས་ས་ཡོངས་སུ་སྦྱང་བ་བྱས་པ་ལས་རྣམ་པར་གཞག་པར་བྱའོ། །དེའི་ཕྱིར་སྨྲས་པ། ཆོས་མཉམ་པ་ཉིད་བཅུ་འཐོབ་སྟེ་ཞེས་བྱ་བ་ཡིན་ནོ། །ཆེན་པོའི་རྣམ་པས་ས་གནོན་པའི་ལམ་
དང་མཐུན་པར་རྣམ་པར་གཞག་པ་ནི་དེས་ན་སྨྲས་པ། དེ་དག་ཆེ་བའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པའོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བའི་མདོའི་ཚིག་བླངས་ནས་བཤད་པར་བྱའོ། །ཀྱེ་རྒྱལ་བའི་
སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་
དང་ཞེས་བྱ་བ་ལ་དེའི་དོན་བསྟན་པ་ནི། ཆོས་ཐམས་ཅད་ལ་དོན་དམ་པར་ཡོད་པའི་ངོ་བོ་ཉིད་ཀྱི་མཚན་མ་མེད་པའི་མཉམ་པ་ཉིད་དང་ཞེས་བྱ་བ་ལ་དོན་དམ་པའི་ངོ་བོ་ཉིད་ཀྱང་ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་སོ། །དེ་ཡང་རྣམ་པར་རྟོག་པ་ཅན་གྱི་ཤེས་པས་མཚན་མར་བྱ་བར་མི་
ནུས་པས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་བས་ན་དེའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ་ཞེས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རིག་པར་བྱའོ། །དེའི་ཡུལ་ཅན་ཡེ་ཤེས་ཀྱང་དེ་བཞིན་དུ་འདོད་དོ། །གཞན་དག་ཀྱང་དེ་
བཞིན་དུ་རིག་པར་བྱའོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་ཞེས་བྱ་བའི་དོན་བསྟན་པ་ནི། བརྗོད་དུ་མེད་པར་མངོན་པར་འདུ་བྱེད་པར་སྣང་བ་མཚན་ཉིད་མེད་པའི་མཉམ་པ་ཉིད་དང་ཞེས་བྱ་བ་ལ། བརྗོད་དུ་མེད་པར་སྣང་བ་ནི་བརྗོད་དུ་མེད་པའི་ངོ་བོའོ། །མངོན་པར་
འདུ་བྱེད་པར་སྣང་བ་ནི། རྣམ་པར་རྟོག་པའི་གཟུང་བའི་ངོ་བོའོ། །དེ་དག་གི་མཚན་ཉིད་ནི། ཡོངས་སུ་མ་གྲུབ་པའི་ཕྱིར་ཤིན་ཏུ་མེད་པ་ཉིད་དེ། མཚན་ཉིད་དེས་ཆོས་ཐམས་ཅད་མཚན་ཉིད་མེད་པའོ། །དེ་དག་མེད་པའི་ཕྱིར་རང་གི་ངོ་བོར་སྐྱེ་བ་མེད་པ་ཉིད་ནི། དེ་ཉིད་མཚན་ཉིད་
เล่ม ๑๓๓ · หน้า 288b
མེད་པས་བདག་ཉིད་མ་སྐྱེས་པའི་མཉམ་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་རྒྱུ་ལས་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་མ་སྐྱེས་པའི་མཉམ་པ་ཉིད་ཅེས་བྱ་སྟེ། བདག་ཉིད་ཀྱི་རྒྱུ་ལས་མ་སྐྱེས་པའི་ཕྱིར་འགག་པ་མེད་པའོ། །མ་སྐྱེས་པ་དང་མི་འགག་པ་ནི་གཟོད་མ་ནས་ཤིན་
ཏུ་ཞི་བའི་མཉམ་པ་ཉིད་དོ། །དོན་དམ་པའི་དངོས་པོ་དེ་ཉིད་ཀྱི་གཟུང་བར་བྱ་བ་ཡང་དག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་གཟུང་བར་གྱུར་པས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་གྱུར་པའི་ཕྱིར། ཆོས་ཐམས་ཅད་སྤྲོས་པ་མེད་པའི་མཉམ་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་བླང་
བ་དང་དོར་བ་སྟེ། འཛིན་པ་དང་གཏོང་བ་དང་བྲལ་བའི་ཕྱིར་མངོན་པར་འདུ་བྱེད་པ་དང་བྲལ་བའི་མཉམ་པ་ཉིད་དེ། འགྲོ་བ་གཞན་དུ་ཕུང་པོའི་ཁྱད་པར་གཞན་དོར་བ་དང་། ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་བྱ་བ་དང་བྲལ་བ་ཉིད་དོ། །དོན་དམ་པར་ཞི་བའི་རྣམ་པ་ཡིན་པའི་ཕྱིར་བླང་བ་དང་དོར་བའི་མངོན་པར་འདུ་
བྱེད་པ་དང་བྲལ་བ་ཉིད་ཅེས་བྱའོ། །དེ་ཉིད་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་ཉོན་མོངས་པ་དང་། སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་དེ་དང་བྲལ་བའོ་ཞེས་པས་དབེན་པའི་ཁྱད་པར་མཉམ་པ་ཉིད་ཅེས་བྱའོ། །རྣམ་པར་བརྟགས་
པའི་ངོ་བོ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར། སྒྱུ་མ་ལྟ་བུའི་མཉམ་པ་ཉིད་ནི། སྤྲུལ་པ་ལྟ་བུའི་བར་གྱི་མཉམ་པ་ཉིད་ཅེས་བྱའོ། །དེ་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ནི་
གཉིས་སུ་མེད་པའི་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལྟར་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡིན་ནོ། །གནས་པ་དེ་ལ་གནས་པ་དེ་སེམས་ཅན་རྣམས་ལ་སྙིང་རྗེ་རྒྱས་པར་འགྱུར་རོ། །འདིར་མདོའི་ཚིག་ནི། དེ་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་དེ་ལྟར་རྟོག་པ་ན། དེ་དེ་བས་ཀྱང་
ཤས་ཆེར་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་ཞེས་བྱ་བའོ། །བྱང་ཆུབ་ལ་འདུན་པ་དྲག་པོ་སྐྱེས་ཤིང་ཞེས་བྱ་བའི་མདོའི་ཚིག་ནི། གང་ཡང་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འབྱུང་བ་དང་འཇིག་པ་ཞེས་བྱ་བ་ལ་དེའི་མདོའི་ཚིག་ནི་འཇིག་རྟེན་འབྱུང་
เล่ม ๑๓๓ · หน้า 289a
བ་དང་འཇིག་པ་ལ་རྣམ་པར་ལྟའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་འབྱུང་བ་ནི་ནག་པོའི་ཕྱོགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་རིག་པ་ལ་སོགས་པ་རིམ་གྱིས་འབྱུང་བའོ། །འཇིག་པ་ནི་དཀར་པོའི་ཕྱོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་
བརྟེན་པའི་མ་རིག་པ་འགག་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་ཕྱེ་བའོ། །རྣམ་པ་ཐམས་ཅད་དཔྱོད་པར་བྱེད་ཅིང་ཞེས་བྱ་བས་ནི་རྣམ་པ་བཅུ་པོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལེགས་པར་དཔྱོད་པའི་ཞེས་བྱ་བ་ལ་དེས་དཔྱོད་པར་བྱེད་ཅིང་ཞེས་བྱ་བ་ནི་རྟོག་པའོ། །དེས་
ན་སྨྲས་པ། རབ་ཏུ་ཤེས་སོ་ཞེས་བྱ་བའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པ་རྣམ་པ་བཅུས་རྟོག་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་རིག་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལ་བརྟེན་ནས། དེའི་རྣམ་པར་ཐར་པའི་སྒོ་གསུམ་སྐྱེའོ་ཞེས་བྱ་བ་ནི་
རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟེན་ནས་རྣམ་པ་བཅུས་རྟོག་པར་དཔྱོད་པ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའོ། །རྣམ་པར་ཐར་པ་གསུམ་པོ་བཤད་པ་ནི་མིང་ཙམ་སྟེ་སྟོང་པ་ཉིད་ལ་སོགས་པའོ། །གཞི་དེས་ཀྱང་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པ་ཐོབ་པས་བདག་
དང་གཞན་གྱི་འདུ་ཤེས་དང་། བྱེད་པ་པོའི་འདུ་ཤེས་དང་། ཚོར་བ་པོའི་འདུ་ཤེས་དང་། དངོས་པོ་དང་། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ་། །འདིར་མདོའི་ཚིག་ནི། དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་བསྒོམས་པས་བདག་དང་གཞན་གྱི་འདུ་ཤེས་
དང་བྲལ་བ་དང་། བྱེད་པ་པོ་དང་། ཚོར་བ་པོའི་འདུ་ཤེས་དང་བྲལ་བ་དང་། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བ་ཞེས་བྱ་བ་ལ། བདག་དང་གཞན་གྱི་འདུ་ཤེས་བསྡུས་པ་ནི། བྱེད་པ་པོ་དང་ཚོར་བ་པོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་དོན་དམ་པ་ལ་མཁས་པ་དང་།
སེམས་ཅན་ལ་ལྟ་བ་དེ་ནི་ཞེས་བྱ་བའི་མདོའི་ཚིག་ནི། དེ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་གྲུབ་པ་རྣམས་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་ཤས་ཆེར་ཤིན་ཏུ་བརྩོན་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པ་དང་ལྡན་པ་དང་། རྐྱེན་
เล่ม ๑๓๓ · หน้า 289b
ཚོགས་པ་ལས་ནི་འབྱུང་ལ་ཞེས་བྱ་བའི་མདོའི་ཚིག་ནི། དེ་འདི་སྙམ་དུ་སེམས་ཏེ། འདུ་བ་ལས་ནི་འདུས་བྱས་འབྱུང་ངོ་། །འབྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ་། །ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ་། །མ་ཚོགས་པ་ལས་ནི་མི་འབྱུང་ངོ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་དུ་སྦྱོར་
བའི་རྐྱེན་ཚོགས་པ་ཡོད་ན་ནི། འབྱུང་བར་འགྱུར་ལ་མེད་ན་ནི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའོ། །དེའི་ཕྱིར་སྨྲས་པ། རྐྱེན་མ་ཚོགས་པ་ལས་ནི་མི་འབྱུང་བས་དེ་བས་ན་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གི་མདོའི་ཚིག་ནི། དེ་ལྟར་བདག་གིས་འདུས་
བྱས་ཉེས་པའི་སྐྱོན་ཆགས་པ་དེ་ལྟ་བུ་འདི་ཤེས་པར་བྱས་ལ་འདུ་བ་འདི་དང་། ཚོགས་པ་འདིའི་རྒྱུན་བཅད་པར་ཡང་བྱ་ཞིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། འདུ་བྱེད་རྣམས་ཤིན་ཏུ་ཞི་བར་བྱ་བ་ཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་བྱ་བའོ།
བདག་ཉིད་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདུས་བྱས་རྣམ་པར་ཞི་བར་མི་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་དང་སྙིང་རྗེ་དང་ལྡན་པ་དེ་ནི་ཞེས་བྱ་བ་ལ། དེའི་མདོ་ནི། ཀྱེ་རྒྱལ་བའི་
སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མི་འགག་པར་སོ་སོར་རྟོག་པ་ནི། སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་དང་། སེམས་ཅན་གྱི་ཚོགས་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་
ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཆགས་པ་མེད་པའི་དོན་བསྟན་པའི་ཕྱིར། དེས་ན་དེ་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་ཆགས་པ་མེད་པར་སྤྱོད་དེ་
ཞེས་བྱ་བ་ལ། མངོན་པར་ཞེན་པ་མེད་པའི་སྦྱོར་བ་ནི། ཆགས་པ་མེད་པའོ། །འཇིག་རྟེན་པའི་སྤྱོད་པ་ལ་སྤྱོད་དེ་ཞེས་བྱ་བ་ནི། རང་གི་དོན་གྱི་སྤྱོད་པ་བསྟན་པའི་ཕྱིར་རོ། །གནས་པ་དེ་ལ་ཡང་ས་བདུན་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྣོན་པོ་ཞེས་བྱ་བ་ནི་
เล่ม ๑๓๓ · หน้า 290a
ཆེན་པོ་ཡིན་པའི་ཕྱིར་ཏེ། སྦྱོར་བ་ལས་བྱུང་བའི་སྤྱོད་པ་མཐར་ཐུག་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ངོ་བོའི་བཟོད་པས་བསྡུས་པར་རིག་པར་བྱའོ། །དེ་ཡང་མདོ་ལས། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བར་གྱུར་
ནས། བྱང་ཆུབ་ཀྱི་ཡན་ལག་སྡུད་པའི་རྐྱེན་རྣམས་ཀྱང་ཉེ་བར་སྒྲུབ་ལ་འདུས་བྱས་དང་འགྲོགས་པར་ཡང་མི་གནས་སོ་ཞེས་བསྟན་པ་ཡིན་ནོ། །མདོ་འདིའི་དོན་བསྟན་པ་ནི། དེ་ཆགས་པ་མེད་པའི་ཡེ་ཤེས་ལ་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ལ་རབ་ཏུ་སྦྱོར་བར་ཡང་བྱེད་ལ། འདུས་བྱས་ཀྱི་སྐྱོན་གྱིས་ཀྱང་མི་གོས་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཞི་བ་ལ་ཡང་ཞི་བར་ལྟ་ལ། དེ་ལ་ཡང་མི་གནས་སོ་ཞེས་བྱ་བ་ལ། འདིའི་མདོའི་ཚིག་ནི། འདུ་བྱེད་རྣམས་ལ་རང་བཞིན་གྱིས་ཞི་བར་ཡང་སོ་སོར་རྟོག་ལ། བྱང་ཆུབ་ཀྱི་ཡན་ལག་ཡོངས་
སུ་མ་རྫོགས་པའི་ཕྱིར། དེ་ལ་ཡང་མི་གནས་ཏེ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་རྗེས་ཐོགས་སུ་དེའི་ཚིག་བསྟན་པའི་མདོ་ནི། བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པའི་ཞེས་བྱ་བ་ནས་ཐབས་དང་ཤེས་རབ་དང་ལྡན་པའི་བསམ་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་ཏེ་ཞེས་བྱ་བའི་
བར་ཡིན་ནོ། །དེ་དག་བསྡུས་པའི་དོན་བསྟན་པའི་ཕྱིར། དེ་ལྟར་ཐབས་དང་། ཤེས་རབ་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ལ་སོགས་པ་ནས། སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ཐོབ་པས་སྔར་བསྟན་པའི་བསམ་པའི་གཙོ་
བོ་ཡང་ཐོབ་པར་བསྟན་པར་བྱ་བའི་ཕྱིར། དེ་དག་མངོན་དུ་གྱུར་པས་ན་མི་ཕྱེད་པའི་བསམ་པ་ཅན་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །མི་འཕྲོགས་པར་འགྱུར་བ་ཉིད་ནི་མུ་སྟེགས་ཅན་དང་བདུད་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གཞུང་ཉིད་ཀྱིས་བཤད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་
ཞེས་བྱ་བ་ནི་དབྱེ་བ་ཐམས་ཅད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སངས་རྒྱས་མཐོང་བ་ལ་སོགས་པ་ནི་སྔར་བསྟན་པ་དང་འདྲའོ། །དཔེའི་ཁྱད་པར་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པས་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དཔེ་གཉིས་པས་ཁྱད་པར་བསྟན་པ་ནི།
เล่ม ๑๓๓ · หน้า 290b
དཔེར་ན་ཟླ་བའི་འོད་ནི་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་པའི་དོན་བསྟན་པ་ནི། ཆོས་མཉམ་པ་ཉིད་ཡོངས་སུ་འགྲུབ་པ་ལ་འཇུག་པ་དང་ཞེས་བྱ་བ་ལ་སོགས་པའོ། །སའི་ངེས་པའི་ཚིག་ནི་མངོན་དུ་གྱུར་པའི་དོན་གྱིས་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་འདི་ལ།
ས་ལ་ཆགས་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར། མངོན་དུ་གྱུར་པ་ཞེས་བརྗོད་དེ། ལྷག་པའི་ཤེས་རབ་ཀྱི་གནས་པ་གསུམ་པའོ།། །།ལམ་གཞན་བརྩམས་པའི་ཁྱད་པར་བཅུ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །མདོ་ལས་དེ་ཐབས་དང་ཤེས་རབ་ཀྱིས་བསྒྲུབས་
པའི་ལམ་གཞན་བརྩམས་པའི་ཁྱད་པར་བཅུས་གནོན་ཏོ་ཞེས་གསུངས་སོ། །དེ་ནས་ཐབས་དང་ཤེས་རབ་ཀྱིས་ཉེ་བར་བསྒྲུབས་པ་ཞེས་བྱ་བ་སྨྲས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་པ་ནི་ཆ་གཅིག་གིས་སོ། །འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ནི་ཆ་གཞན་དག་
གིས་ཀྱང་ངོ་། །དེ་དག་ནི་རྣམ་པ་གཉིས་ཀས་རབ་ཏུ་ཕྱེ་བར་གྱུར་པ་ཡིན་ནོ། །མདོ་འདི་ཉིད་ལས་འབྱུང་བ་བཞིན་དུ་ཞེས་བྱ་བ་ལ། མདོའི་ཚིག་ནི་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པས་བྱང་ཆུབ་སེམས་དཔའི་དེ་བྱང་ཆུབ་སེམས་དཔའི་ས་བདུན་
པ་གནོན་ཏེ། དེ་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་གཞན་བརྩམས་པའི་ཁྱད་པར་བཅུས་གནོན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤིན་ཏུ་བསྒོམས་པའི་ཡིད་དང་ལྡན་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་
བསགས་པ་ཡང་། སོགས་པ་ཡིན་ཞེས་བྱ་བ་དེའི་དབང་དུ་བྱས་ནས་བསྟན་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའི་བསོད་ནམས་ཡོངས་སུ་འཛིན་པ་ལས་བརྩམས་པ་དང་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་གཞན་དག་ནི་སྟོང་པ་ཉིད་དང་། འགལ་བ་མེད་པས་ཐབས་ཞེས་བྱ་བ་
འདི་མ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་བསམ་པ་ལས་བརྩམས་པ་དང་ཞེས་བྱ་བའི་མདོའི་ཚིག་ནི། བདག་མེད་པ་དང་། སྲོག་མེད་པ་དང་། སེམས་ཅན་མེད་པ་དང་། གང་ཟག་མེད་པའི་ཆོས་ལ་ཡང་འཇུག་ལ། ཚད་མེད་པ་བཞི་མངོན་པར་སྒྲུབ་པ་ཡང་མི་གཏོང་བ་ཡིན་
เล่ม ๑๓๓ · หน้า 291a
ཞེས་བྱ་བ་ཡིན་ཏེ། ཤེས་རབ་ཀྱིས་འདུས་བྱས་རྣམས་སྟོང་པར་མཐོང་བ་ལ་གནས་པར་འགྱུར་རོ། །སྙིང་རྗེས་ནི་སེམས་ཅན་རྣམས་ལ་ཚད་མེད་པས་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་ཀྱི་ཆོས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ཡང་
མངོན་པར་འདུ་བྱེད་ལ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ཡིན་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གོང་ནས་གོང་དུ་ཡང་སྐྱེ་བ་ལས་བརྩམས་པ་དང་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཕྱིར་བསོད་ནམས་ཀྱི་
ཚོགས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་གོང་ནས་གོང་དུ་གོང་མའི་མཐར་ཐུག་པའི་མངོན་པར་འདུ་བྱེད་པ་ཞེས་བྱ་བ་སྟེ། རྟག་ཏུ་དགེ་བ་བསྒོམ་པའི་སྦྱོར་བས་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བྱ་བའོ། །མདོའི་ཚིག་ནི།
ཁམས་གསུམ་པ་ཐམས་ཅད་ལས་དབེན་པར་གྱུར་པ་ཡང་ཐོབ་ལ། ཁམས་གསུམ་པའི་རྒྱན་རྣམ་པར་བསྒྲུབ་པ་མངོན་པར་བསྒྲུབ་པ་ཡང་མངོན་པར་བསྒྲུབ་པ་ཡིན་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང་ཞེས་བྱ་བ་ལ་ཉན་ཐོས་རྣམས་
ནི་བསམ་པ་དང་། སྦྱོར་བ་གཉིས་ཀས་མྱ་ངན་ལས་འདས་པ་འདོད་པ་ཉིད་ཀྱི་ཕྱིར་ཁམས་གསུམ་ལས་དབེན་པ་ཉིད་ཐོབ་པར་འགྱུར་གྱི་ཁམས་གསུམ་པའི་རྒྱན་རྣམ་པར་སྒྲུབ་པ་མངོན་པར་སྒྲུབ་པ་ཡང་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པར་གཏོགས་པའི་བསམ་
པ་ཉིད་དང་། འཁོར་བར་གཏོགས་པའི་སྦྱོར་བས་དབེན་པར་གྱུར་པ་ཐོབ་ཀྱང་རྒྱན་རྣམ་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པར་བྱེད་པ་ཡིན་ནོ། །མདོའི་ཚིག་ནི། ཉོན་མོངས་པ་འབར་བ་ཐམས་ཅད་དང་བྲལ་བས་ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་།
ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་འབར་བ་རབ་ཏུ་ཞི་བར་བྱ་བ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང་ཞེས་བྱ་བ་ལ་རང་སངས་རྒྱས་རྣམས་ཀྱང་ཉོན་མོངས་པ་རྣམས་ཞི་ཞིང་རབ་ཏུ་ཞི་བའི་ཕྱིར་གཅིག་པུར་
เล่ม ๑๓๓ · หน้า 291b
གནས་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་འབར་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་ཡང་མ་ཡིན་ཏེ། ཚོགས་ཀྱི་ནང་དུ་གནས་པས་འཇིགས་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉི་ག་ཕུན་སུམ་ཚོགས་པ་ཡིན་ནོ། །མདོ་ལས། སྒྱུ་མ་
དང་སྨིག་རྒྱུ་དང་ཞེས་བྱ་བ་ནས་གཉིས་སུ་མེད་པར་ཡང་ཁོང་དུ་ཆུད་ལ། ལས་དང་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་བྱ་བའི་དོན་ནི་སེམས་ཅན་གྱི་ཁམས་ལས་བརྩམས་པ་དང་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་སྒྱུ་མའི་རྗེས་སུ་འགྲོ་བ་དང་། འཇིག་
རྟེན་གྱི་ཁམས་ཐམས་ཅད་ཀྱང་དེ་ལྟར་རབ་ཏུ་ཤེས་པའོ། །དེ་ལྟ་ན་ཡང་བྱ་བའི་དབྱེ་བ་ཚད་མེད་པ་དག་ཀྱང་མངོན་པར་སྒྲུབ་པ་ཡིན་ཏེ། ལས་སྣ་ཚོགས་མངོན་པར་འདུ་བྱེད་པ་དང་ལྡན་པའི་ཕྱིར་རོ། །ཞིང་གི་ཐ་གྲུ་ནམ་མཁའ་དང་མཉམ་པར་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ།
སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་བསྒྲུབ་པ་མངོན་པར་བསྒྲུབ་པ་ཡང་མངོན་པར་བསྒྲུབ་པ་ཡིན་ཞེས་བྱ་བའི་མདོའི་དོན་ནི། འཇིག་རྟེན་གྱི་ཁམས་ལས་བརྩམས་པ་དང་ཞེས་བྱ་བའོ། །སངས་རྒྱས་ཀྱི་ཞིང་རྣམས་ནམ་མཁའ་དང་འདྲ་བར་ཡང་ཤེས་ལ། དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཞིང་རྣམས་
ཡོངས་སུ་སྦྱང་བའི་ཕྱིར་ལས་རྣམ་པ་སྣ་ཚོགས་ཀྱང་མངོན་པར་འདུ་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །འདི་དག་གི་མདོའི་དོན་ནི། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུའི་རང་བཞིན་དུ་ཡང་འཇུག་ལ། གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་བཟང་པོའི་རྒྱན་རྣམ་པར་སྒྲུབ་པ་ཡང་མངོན་པར་བསྒྲུབ་པ་
ཡིན། དེ་བཞིན་གཤེགས་པའི་གསུང་བརྗོད་དུ་མེད་ཅིང་སྒྲ་དབྱངས་དང་བྲལ་བ་སྟེ། རང་བཞིན་གྱིས་ཞི་བར་ཡང་མོས་ལ། གསུང་དབྱངས་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བས་རྣམ་པར་དག་པའི་རྒྱན་མངོན་པར་སྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱིས་དུས་གསུམ་མཚན་ཉིད་གཅིག་ཏུ་ཐུགས་སུ་ཆུད་པ་ལ་ཡང་འཇུག་ལ། སེམས་ཅན་གྱི་བསམ་པ་བརྗོད་པའི་ཕྱིར། མཚན་ཉིད་ལ་རྟོག་པ་བགྲང་བ་ཐ་དད་པ་བརྗོད་པ་ལ་ཡང་འཇུག་པ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་
เล่ม ๑๓๓ · หน้า 292a
ཤེས་པ་ལས་བརྩམས་པ་སྟེ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་ནི་ནམ་མཁའི་ངོ་བོ་ཉིད་དང་། རང་བཞིན་གྱིས་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ། གཟུགས་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཟུགས་ཀྱི་
སྐུ་འཐོབ་པར་བྱེད་པའི་ཕྲིན་ལས་རྣམ་པ་སྣ་ཚོགས་ལ་མངོན་པར་འདུ་བྱེད་པ་ཡང་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་དུ་མེད་ཅིང་སྒྲ་དབྱངས་དང་བྲལ་བ་རང་བཞིན་གྱིས་ཞི་བའོ་ཞེས་ཇི་ལྟ་བ་བཞིན་དུ་བརྗོད་དོ། །དེ་བཞིན་གཤེགས་པའི་གསུང་གི་གསང་བའི་མདོ་
ལས། དེ་བཞིན་གཤེགས་པ་ལ་ནི་ཡི་གེ་གཅིག་ཀྱང་བརྗོད་པ་མི་མངའོ་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་སོ། །དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ཐོབ་པར་འགྱུར་བའི་ཕྲིན་ལས་རྣམ་པ་སྣ་ཚོགས་ཀྱང་མངོན་པར་འདུ་མཛད་དོ་ཞེས་བྱ་བ་
ཡིན་ནོ། །མཚན་ཉིད་གཅིག་པར་ཞེས་བྱ་བའི་ཚིག་ནི་དོན་དམ་པར་མཚན་ཉིད་གཅིག་པས་མཚན་ཉིད་གཅིག་པར་དུས་གསུམ་ཐུགས་སུ་ཆུད་པ་ལ་འཇུག་པའོ། །དེ་ལྟ་ན་ཡང་བསྐལ་པ་དུ་མ་མང་པོར་མཚན་ཉིད་སྣ་ཚོགས་དང་གྲངས་སྣ་ཚོགས་ཀྱི་སྒོ་ནས་སྒོམ་པ་ལ་ཡང་འཇུག་པར་མཛད་
དེ་སེམས་ཅན་གྱི་བསམ་པ་ལ་ལྟོས་པའི་ཕྱིར་རོ། །དེ་དེ་དག་དང་ལྡན་པས་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ལམ་གཞན་གྱི་ཁྱད་པར་ལས་བརྩམས་པ་དང་ལྡན་པའོ། །དེ་ལས་གོང་དུ་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་
ཡང་འཇུག་པ་ཞེས་བྱ་བ་ནས་བརྩམས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ལ་འཇུག་པ་ཚད་མེད་པ་ཡང་འཇུག་གོ་ཞེས་བྱ་བའི་གཞུང་མདོར་བསྟན་པ་ནི་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་གྲངས་མེད་པར་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལས་གོང་
དུ་མདོར་བསྟན་པ་ནི། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་ནི་ཚད་མེད་པ་སྟེ། དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་པ་ཇི་སྙེད་པ་དེ་སྙེད་ཀྱིས་བགྲང་བར་སླ་བ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་དེ་
เล่ม ๑๓๓ · หน้า 292b
བདག་གིས་ཡང་དག་པར་བསྐྱེད་པར་བྱའོ། །རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ལྷུན་གྱིས་གྲུབ་པར་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། དེ་ཡང་དག་པར་བསྐྱེད་པའི་ཕྱིར་ཡང་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ་དང་། རྟོག་པ་མེད་པ་དང་།
རྣམ་པར་རྟོག་པ་མེད་པས་སངས་རྒྱས་ཀྱི་ཡུལ་ཚད་མེད་པ་ཡང་དག་པར་བསྐྱེད་པར་མཐོང་ནས་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་དེ་ལྟར་ལེགས་པར་སོ་སོར་བརྟགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལྡན་ཞིང་ཞེས་བྱ་བ་ནས། སྤྱོད་ལམ་ཐམས་ཅད་ལ་གནས་ཤིང་འདུ་ཤེས་ཡིད་ལ་བྱ་བ་
དེ་ལྟ་བུ་དག་དང་མི་འབྲལ་བ་ཡིན་ནོ་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། རྒྱུན་མི་འཆད་པ་དང་། བར་ཆད་མེད་པར་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནས། གནས་སྐབས་ཐམས་ཅད་ན་གནས་པ་དེ་ལམ་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་ཡིན་ནོ། །ཡང་དེའི་རྗེས་ལ་མདོའི་ཚིག་བསྟན་པ་ནི། དེ་
སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་བསྒྲུབ་པ་ཡང་དག་པར་འགྲུབ་པོ་ཞེས་བྱ་བ་ནས། མདོར་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་ཡིན་ནོ། །དེའི་དོན་བསྟན་པ་ནི།
དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཁྱད་པར་དུ་འཕགས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་ཡང་མདོའི་ཚིག་བསྟན་པ་ནི། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་
གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་དག་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེས་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའོ། །འདིའི་
དོན་བསྟན་པའི་ཕྱིར། གནས་པ་གཞན་དག་ལ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནས། མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། གནས་པ་དང་པོ་ལ་ནི་སྨོན་ལམ་གྱིས་ཡོངས་སུ་བསྡུས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ལ་ཀུན་དུ་སྤྱོད་དོ། །གནས་པ་གཉིས་པ་ལ་ནི་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་
เล่ม ๑๓๓ · หน้า 293a
བྲལ་བའི་ཕྱིར་དང་། དེའི་གཉེན་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་ལས་ཀྱི་ལམ་གྱིས་བསྡུས་པ་ཉིད་དོ། །གནས་པ་གསུམ་པ་ལ་ནི་སྨོན་ལམ་རྣམས་རྣམ་པར་འཕེལ་ཞིང་མང་དུ་ཐོས་པ་ཚོལ་ཞིང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བས་
རབ་ཏུ་ཕྱེ་བ་ལ་ཀུན་དུ་སྤྱོད་པའོ། །གནས་པ་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པའི་རྣམ་པའོ། །གནས་པ་ལྔ་པ་ལ་ནི་འཇིག་རྟེན་པའི་བཟོའི་ལས་ཀྱི་གནས་ཁ་ན་མ་ཐོ་བ་མེད་པ་རྣམས་ཀྱིས་ཡོངས་སུ་བསྡུས་པའོ། །གནས་པ་དྲུག་པ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་
མོ་ལ་སོ་སོར་རྟོག་པ་ལ་འཇུག་པར་གཏོགས་པའོ། །དེ་ལྟ་བུའི་ཚུལ་གྱིས་རྣམ་པ་རེ་རེ་ནས་ཡོངས་སུ་བཅད་པས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་གནས་པ་བདུན་པ་འདི་ལ་ནི་ཁྱད་པར་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་
ཕྱོགས་རྣམས་ཡོངས་སུ་རྫོགས་པར་འགྱུར་བས་ལྷུན་གྱིས་གྲུབ་ཅིང་མཚན་མ་དང་བྲལ་བ་རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ལ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །དེ་དག་གི་རྒྱུ་བསྟན་པ་ནི་མདོ་ལས། དེ་ཅིའི་ཕྱིར་
ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཡེ་ཤེས་དང་། མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་དེའི་རྒྱུ་བསྟན་པའི་ཕྱིར། གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་
བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་དང་། སྤྱོད་པ་རྣམ་པར་དག་པས་བསྡུས་པའི་གནས་པ་བརྒྱད་པ་ལ་འཇུག་པ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དེའི་ཕྱིར་འདི་ནི་ཡོངས་སུ་རྫོགས་པར་འགྱུར་བར་བསྟན་པ་ཡིན་ནོ། །གནས་
པ་བརྒྱད་པ་ལ་འཇུག་པ་བསྟན་པའི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ཏུ་ངེས་པར་ཞེས་བྱ་བ་ནི་དྲི་མ་རྣམ་པ་བཞི་རབ་ཏུ་སྤངས་པས་ལྷུན་གྱིས་གྲུབ་པར་འགྱུར་བའི་ཕྱིར་རོ། དེ་དག་སྤོང་བ་ནི་དེ་ཉིད་ནས་སྟོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་
เล่ม ๑๓๓ · หน้า 293b
གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་བརྩམས་ནས་དཔེ་དང་བཅས་པར་བསྟན་པས་འདི་དག་ཁོ་ནས་འགྲོ་བ་ཐམས་ཅད་དུ་རྒྱུ་ཞིང་ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཤིན་ཏུ་འདས་པས་དེ་དག་གིས་གོས་
པར་གྱུར་ཅེས་མི་བྱའོ་ཞེས་བྱ་བའི་བར་དུའོ། །འདི་དག་གི་དོན་ནི་འདི་ཡིན་ཏེ། གནས་པ་བདུན་པོ་འདི་དག་ནི་འདྲེན་པ་མ་ཡིན་ཏེ། རྣམ་གྲངས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཞེས་བརྗོད་དོ། །རྣམ་པར་དག་པ་ཉིད་བསྟན་པའི་ཕྱིར། གནས་པ་རྣམ་པར་དག་པའི་
སྔོན་དུ་འགྲོ་བའི་ཕྱིར་ནི་ཀུན་ནས་ཉོན་མོངས་ཅན་ཡང་མ་ཡིན་ལ་ཞེས་བྱ་བ་ནི་གནས་པ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་དག་པ་ཞེས་བསྟན་ཏོ། །དེ་མ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་དེའི་ངོ་བོ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སྤྱོད་
པར་གཏོགས་པར་བརྗོད་དོ་ཞེས་བྱ་བ་ནི་རྣམ་པར་དག་པར་གནས་པའི་ངོ་བོ་མ་ཡིན་པའོ་ཞེས་བྱ་བའོ། །འདིའི་མདོ་ནི། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནས། དེ་བཞིན་
གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་། བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ་ཞེས་བྱ་བའི་བར་དུ་སྟེ། དེའི་དོན་ནི། གནས་པ་དེ་ལ་དེའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནས།
སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ། །དེ་ལ་མདོ་ནི། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཞེས་བྱ་བ་ནས་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ཏེ། དེའི་རྣམ་
པར་དབྱེ་བ་བསྟན་པའོ། །དེ་ལྟར་གྱུར་པ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཚད་མེད་པར་འཇུག་གོ་ཞེས་བྱ་བའོ། །དེའི་རྗེས་ལ། དེ་མི་དགེ་བའི་ལས་ཀྱི་ལམ་གང་དག་དེ་བཞིན་གཤེགས་པས་སྨད་པ་དེ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་
เล่ม ๑๓๓ · หน้า 294a
ལྷག་པར་འདས་པ་ཡིན་ཞེས་བྱ་བ་ནས། སློབ་དཔོན་དུ་ལྷག་པའི་གྲགས་པ་ཡིན་ཏེ། དེ་དག་དང་བསམ་པའམ་སྦྱོར་བས་མཉམ་པ་སུ་ཡང་མེད་དོ་ཞེས་བྱ་བའི་བར་འདི་དག་གི་དོན་བསྟན་པ་ནི་མདོ་ལས་བསྟན་པའི་རྗེས་སུ་འབྲངས་པ་ཉིད་ཀྱིས་ཏེ། དེ་ལས་གང་
དག་དེ་བཞིན་གཤེགས་པས་མ་བསྔགས་པ་རྣམས་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནས། ལྷག་པའི་བསམ་པ་དང་སྦྱོར་བ་མཚུངས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་མདོ་བསྟན་པ་ནི། བསམ་གཏན་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། སྙོམས་པར་འཇུག་པ་
རྣམས་དང་མངོན་པར་ཤེས་པ་རྣམས་དང་། རྣམ་པར་ཐར་པ་རྣམས་གང་དག་ཡིན་པ་དེ་དག་ཀྱང་བསྒོམ་པའི་ཚུལ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་མངོན་དུ་འགྱུར་རོ། །འོན་ཀྱང་དེ་ཙམ་གྱིས་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། དེའི་དོན་བསྟན་པ་ནི།
བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཞེས་བྱ་བ་ནས། གནས་པ་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་འདི་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཞེས་བྱ་བ་ནས།
ཏིང་ངེ་འཛིན་དང་། ས་ཡོངས་སུ་སྦྱོང་བར་བྱེད་པ་འབུམ་ཕྲག་བཅུ་ཚང་བ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། དེ་ལྟར་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་ནས། འབུམ་ཕྲག་བཅུ་མངོན་པར་བསྒྲུབ་པོ་ཞེས་བྱ་བའི་བར་ཡིན་ནོ། །དེའི་
རྗེས་ལ་མདོས་བསྟན་པ་ནི། དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཞེས་བྱ་བ་ནས། རྣམ་པར་དཔྱད་པའི་ས་ཡང་མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ཉེ་བར་བསྟན་པར་བྱ་སྟེ། དེ་དག་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལས་
ཡང་དག་པར་འདས་པར་འགྱུར་རོ་ཞེས་བྱ་བ་ལ། དེ་དག་གིས་ནི་བསམ་གཏན་གྱི་སྟོབས་དང་ཏིང་ངེ་འཛིན་རྣམས་ཀྱི་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པ་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ནོ། །ཡང་མདོ་ལས། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ལུས་
เล่ม ๑๓๓ · หน้า 294b
ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་འབྱུང་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་ཤིན་ཏུ་ཡོངས་སུ་སྦྱངས་པའི་མི་སྐྱེ་བའི་ཆོས་ལ་བཟོད་པས་སྣང་བར་གྱུར་པ་འབྱུང་ངོ་ཞེས་བྱ་བའི་བར་གྱི་མདོའི་དོན་བསྟན་པ་ནི་ལེགས་པར་ཡོངས་སུ་སྦྱངས་པས་ན་ཤིན་ཏུ་
ཡོངས་སུ་སྦྱངས་པ་ཞེས་བྱའོ། །ཚད་མེད་པ་ཉིད་ཀྱི་ཕྱིར་ཤེས་པར་དཀའ་བ་ཡིན་ནོ། །མཚན་མ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པའི་ཀུན་དུ་རྒྱུ་བ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྒྱལ་པོའི་བུའི་དཔེས་རང་གི་བློས་རྣམ་པར་དཔྱོད་པའི་ཕྱིར་བྱས་ནས། ལུས་དང་ངག་དང་ཡིད་
ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་ཡང་ཐོབ་པ་ཡིན་ཏེ་ཞེས་བསྟན་ནས། གོང་དུ་ཁྱད་པར་དུ་འཕགས་པ་ཡོངས་སུ་ཚོལ་བའི་བརྩོན་པ་ཡང་ཡོངས་སུ་མི་གཏོང་ངོ་ཞེས་གསུངས་པའི་མདོའི་དོན་བསྟན་པ་ནི། གོང་དུ་ཁྱད་པར་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡང་མི་གཏོང་སྟེ།
བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྔར་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པ་ཡོད་ན་ཡང་། དེ་ལས་གཞན་པའི་གནས་པ་དྲུག་པོ་སངས་རྒྱས་ཀྱི་ཆོས་རྣམས་ལ་དམིགས་པའི་ཕྱིར་གནས་པ་འདི་ལ་ནི་རང་གི་བློས་ཡུལ་དུ་
ཤེས་པ་ལ་གནས་པའོ་ཞེས་བྱ་བ་སྟེ། སྔར་ཉིད་དུ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ད་ནི་བློ་ཡོངས་སུ་སྨིན་པར་རྟོགས་པར་བྱས་ནས་དེ་དག་གི་ཡུལ་ལས་འདས་པ་ཡིན་ནོ་ཞེས་བྱ་བར་དཔེར་
མཚོན་པའི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གང་ཡན་ཆད་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐའ་ལ་གནས་པས་ཀྱང་གནས་ལ་འགོག་པ་ཡང་མངོན་སུམ་དུ་མི་བྱེད་དོ་
ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། གནས་པ་དྲུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གནས་པ་དྲུག་པ་ལ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རིམ་གྱིས་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །འདི་ལ་ནི་སྐད་ཅིག་རེ་རེ་ལ་ཡང་སྙོམས་པར་འཇུག་པར་
เล่ม ๑๓๓ · หน้า 295a
འགྱུར་རོ་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སྙོམས་པར་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་འདོད་པར་གྱུར་ན་འདོད་པ་ན་ཀུན་དུ་སྤྱོད་པའི་སེམས་ཀྱི་རྗེས་ཐོགས་ལ་འགོག་པ་ལ་སྙོམས་པར་འཇུག་པར་བྱེད་དོ་ཞེས་བྱ་བ་ནས། འགོག་པ་ལ་སྙོམས་པར་ཞུགས་
པ་ལས་ལངས་ནས་དེ་ཡོངས་སུ་ཤེས་པ་ལ་མཁས་པ་ལ་སོགས་པ་ཡང་གོ་བར་བྱའོ། །འགོག་པ་ཡང་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བཞིན་དུ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་རིགས་
པས་དཔྱད་དུ་མེད་པའི་ཚིག་དང་། ཐབས་ལ་མཁས་པའི་ཚུལ་གྱིས་བསྡུས་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་གྲུ་བོ་ཆེའི་དཔེས་བསྟན་པས་ཇི་སྐད་བསྟན་པའི་ཐབས་ཀྱི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པ་ལ་བརྟེན་ནས། མདོ་ལས་གསུངས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་
ཡིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་བཅུ་པོ་འཇིག་རྟེན་པའི་སྤྱོད་པ་ལྟར་སྣང་ཡང་དེའི་བདག་ཉིད་མ་ཡིན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་མདོར་བསྡུས་པའི་དོན་རྣམ་པ་བཅུ་བསྟན་ཏེ། ཚིག་དང་ཡི་གེ་ནི་མདོ་ནས་གཟུང་བར་བྱའོ། །དོན་འདི་བསྟན་ཏོ་ཞེས་ཤེས་པར་བྱ་བའི་ཕྱིར། འཁོར་བའི་
སྒོ་ཡང་སྟོན་ལ། །མྱ་ངན་ལས་འདས་པ་ལ་ཡང་གནས་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། བསོད་ནམས་བྱ་བ་ལས་བརྩམས་པ་དང་ཞེས་བྱ་བས་བསྟན་པ་ཡིན་ཏེ། འཁོར་བ་ན་རྣམ་པར་སྨིན་པའི་འབྲས་བུ་ཡང་དག་པར་སྒྲུབ་པར་བྱེད་པའི་བསོད་ནམས་ཀྱི་ལས་ཀྱང་བྱེད་ལ། དེ་ལྟ་ན་
ཡང་མྱ་ངན་ལས་འདས་པར་གཏོགས་པའི་བསམ་པ་ཡང་མི་གཏོང་བར་འགྱུར་རོ། །འཁོར་མང་པོས་ཀུན་ནས་བསྐོར་བར་ཡང་སྣང་ལ། རྟག་པར་རྒྱུན་དུ་ཤིན་ཏུ་དབེན་པའི་སེམས་ཐོབ་པ་ཡང་ཡིན་ཞེས་བྱ་བའི་མདོའི་དོན་ནི། ཆུང་མ་དང་འཁོར་ཡོངས་སུ་འཛིན་པ་དང་ཞེས་བྱ་བ་ཡིན་ནོ། །
སྨོན་ལམ་གྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ཡང་མངོན་པར་སྒྲུབ་ལ། འཇིག་རྟེན་གྱི་ཉེས་པས་ཀྱང་མི་གོས་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། མངོན་པར་འགྲུབ་པའི་ཁྱད་པར་འདོད་པ་ཡང་དག་པར་བརྩམས་པ་དང་ཞེས་བྱ་བ་ཡིན་ནོ་ཞི་ཞིང་རབ་ཏུ་ཞི་བ་ཡང་ཡིན་ལ། ཐབས་ཀྱིས་
เล่ม ๑๓๓ · หน้า 295b
ཀྱང་རབ་ཏུ་འབར་ཏེ་འབར་ཡང་འཚིག་པར་མི་འགྱུར་བ་ཡིན་ཞེས་བྱ་བའི་དོན་ནི། རྣམ་པར་ཐར་པ་གསུམ་ལ་གནས་པ་དང་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་འཇུག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཀྱང་ལྡོག་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། ཐེག་པ་དམན་པ་
ལ་མོས་པ་ཐབས་ཀྱིས་འདུལ་བ་དང་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གྱི་མཛོད་དུ་ཡང་སོན་ལ། བདུད་ཀྱི་ཡུལ་ན་འདུག་པར་སྣང་བ་ཡང་ཡིན་ཞེས་བྱ་བའི་དོན་ནི། འདོད་པ་ཡོངས་སུ་སྤྱད་པ་དང་ཞེས་བྱ་བ་ཡིན་ནོ། །བདུད་བཞིའི་ཡུལ་ལས་ཀྱང་ཡང་དག་པར་འདས་ལ། བདུད་ཀྱི་
སྤྱོད་ཡུལ་ཡང་སྟོན་པ་ཡིན་ཞེས་བྱ་བའི་དོན་ནི། འདོད་པའི་ཁྱད་པར་དོན་དུ་གཉེར་བ་དང་ཞེས་བྱ་བ་ཡིན་ནོ། །མུ་སྟེགས་ཀྱི་གནས་ཐམས་ཅད་ན་ཡང་འདུག་པར་སྣང་ལ། སངས་རྒྱས་ཀྱི་མུ་སྟེགས་ཀྱི་གནས་མི་འདོར་བའི་བསམ་པ་དང་ལྡན་པ་ཡང་ཡིན་ཞེས་བྱ་བའི་དོན་ནི། མུ་སྟེགས་ཅན་
བཟློག་པ་དང་ཞེས་བྱ་བའོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ལྡན་པར་ཡང་སྣང་ལ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་ལ་ཡང་དག་པར་གཞོལ་བ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། གཞན་གྱི་སེམས་དང་མཐུན་པར་འཇུག་པ་དང་ཞེས་བྱ་བ་ཡིན་ནོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་ཞེས་བྱ་བ་ནས། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ལས་ལྷག་པའི་བཀོད་པ་རྣམ་པར་སྒྲུབ་པ་ཡང་ཐོབ་ལ། ཆོས་ལ་དགའ་བའི་ཡིད་ལ་བྱེད་པ་ཡང་མི་སྤོང་བ་ཡིན་ནོ་ཞེས་བྱ་བའི་དོན་ནི། སྐྱེ་བོའི་ཚོགས་ཆེན་པོ་དང་མཐུན་པར་འཇུག་པ་ལས་བརྩམས་པའོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །
དཔེའི་ཁྱད་པར་ནི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དག་པས་རྣམ་པ་ཐམས་ཅད་ཀྱིས་མཁས་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་སྒྲུབ་པ་ལ་མཁས་པ་དང་ཞེས་བརྗོད་དོ། །སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་
སུ་རྫོགས་པས་བསྟན་པ་དང་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་མཐར་ཐུག་པར་གྱུར་པས་རིང་དུ་སོང་བའི་ཕྱིར་རིང་དུ་སོང་བ་ཞེས་བསྟན་པ་ཡིན་ནོ། །འབད་པ་དང་བཅས་པ་མཚན་མ་མེད་པའི་གནས་པའོ།། །།ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་ཀྱི་རྣམ་པ་ནི་
เล่ม ๑๓๓ · หน้า 296a
བཅུ་ཡིན་པས་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་ཀྱི་རྣམ་པ་ཞེས་བྱའོ། །དེའི་དོན་རྣམ་པར་གཞག་པ་བསྟན་པ་ནི། དུས་གསུམ་དུ་ཅི་རིགས་པར་ཞེས་བྱ་བའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་རྣམ་པར་འབྱེད་པ་ཤིན་ཏུ་བྱས་པས་ཞེས་བྱ་བ་
ནས། ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་དེ་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་གོ། །མ་བྱུང་བ་དང་། མ་སྐྱེས་པ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། འབྱུང་བ་མེད་པ་ཉིད་དང་། འཇིག་པ་མེད་པ་ཉིད་དང་། ཐུག་པ་མེད་པ་ཉིད་དང་། འཇུག་
པ་མེད་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཐོག་མ་དང་། བར་མ་དང་། ཐ་མར་མཉམ་པ་ཉིད་དང་། དེ་བཞིན་ཉིད་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ་ཞེས་བྱ་བའི་དོན་བསྟན་པ་ལ། མ་འོངས་པའི་དུས་ཉེ་བར་
བཟུང་ནས་ནི་གཟོད་མ་ནས་མ་བྱུང་བ་ཉིད་ནི་རྣམ་པར་བྱང་བའི་ཕྱོགས་སོ། །མ་སྐྱེས་པ་ཉིད་ནི་འདས་པའི་དུས་ལ་ལྟོས་པའོ། །མཚན་མ་མེད་པ་ལ་གནས་པ་ནི་ད་ལྟར་གྱི་དུས་ལ་ལྟོས་ནས་སོ། །འབྱུང་བ་མེད་པ་ཉིད་ཀྱིས་འཇིག་པ་མེད་པ་ཉིད་ནི་ལྡོག་པ་མེད་པ་ཉིད་ཡིན་ནོ། །དུས་གསུམ་དུ་ཡང་
དོན་དམ་པའི་ངོ་བོ་ཉིད་ཀྱིས་གཟོད་མ་ནས་རང་བཞིན་ཉིད་ཀྱིས་མ་སྐྱེས་པའི་ཕྱིར། གཟོད་མ་ནས་མ་སྐྱེས་པ་ཉིད་དེ། དེ་ཉིད་ནི་མ་སྐྱེས་པ་ཉིད་དོ། །དེ་ཉིད་ནི་བྱིས་པའི་སྐྱེ་བོས་བཏགས་པའི་རྣམ་པའི་མཚན་ཉིད་དང་བྲལ་བའོ། །དེ་ལས་གཞན་པའི་རྒྱུའི་དངོས་པོ་ལས་མ་བྱུང་བས་ན་འབྱུང་བ་མེད་པ་ཉིད་དང་།
བརྗོད་པ་མེད་པར་སྣང་བའི་ངོ་བོ་ཉིད་དང་། མཚན་ཉིད་དང་རྒྱུའི་དངོས་པོར་མེད་པ་དང་། ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འཇུག་པ་མེད་པས་འཇུག་པ་མེད་པ་ཉིད་དོ། །དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་ལས་ལྡོག་པ་མེད་པས་ལྡོག་པ་ཡང་མེད་པ་ལས་བརྩམས་པ་ཉིད་དོ། །ཡོད་པའི་དངོས་པོ་བརྗོད་དུ་མེད་
པའི་ངོ་བོ་ཉིད་མ་ཤེས་པས་དེ་ཉིད་ལ་མི་བདེན་པའི་མངོན་པར་ཞེན་པའོ། །དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཐོག་མ་དང་བར་དང་ཐ་མ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེ་ལ་ཀུན་ནས་ཉོན་མོངས་པ་འཇུག་པ་དང་ལྡན་པ་མེད་པ་ཉིད་དོ། །དེ་བཞིན་ཉིད་ཀྱི་
เล่ม ๑๓๓ · หน้า 296b
ཕྱིར་རྣམ་པར་མི་རྟོག་པ་ལ་འཇུག་པ་དང་། སྤྱིའི་དུས་ན་ཡང་དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པ་ནི་མཉམ་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་མཉམ་པ་ཉིད་ནི་ཀུན་ནས་ཉོན་མོངས་པ་འཇུག་པའི་དུས་ནའོ། །འདི་ལ་གནས་པ་ནི་ཞེས་བྱ་བ་ནི་གནས་པ་བརྒྱད་པ་ལ་གནས་པའོ། །མཆོག་ཉིད་ནི་ཤིན་ཏུ་
རྣམ་པར་དག་པ་ཞེས་བྱ་བའོ། །བཟོད་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ཡང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་ཚོལ་བ་རྣམ་པ་བཞིས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་བསལ་ནས་བདག་གི་དངོས་
པོས་བསྡུས་པའི་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མི་སྐྱེ་བ་དང་རྗེས་སུ་མཐུན་པར་བཟོད་པ་གང་གིས་མཐོང་བ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །འདས་པའི་སྐྱེ་བར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་རྣམས་དང་། དེའི་རྒྱུ་ཅན་གྱི་འདུ་བྱེད་རྣམས་ཕྱི་མ་ལ་ཡང་མི་
སྐྱེ་བར་ཡང་དག་པར་མཐོང་ངོ་། དེའི་ཕྱིར་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྟེ། དེ་རྣམ་པར་དག་པས་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་དག་མོས་པས་སྤྱོད་པ་ལ་གནས་པ་ཡན་ཆད་ཅེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་མེད་པའི་ཆོས་ཀྱི་རྣམ་པར་དག་པར་
གྱུར་པའི་ཤེས་རབ་གང་ཡིན་པ་དེ་བཟོད་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ལ། འདིའི་མདོའི་ཚིག་ནི། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་
དཔའི་གནས་པ་ཟབ་མོ་ཤེས་པར་དཀའ་བ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ལ། ཤེས་པར་དཀའ་བ་ཞེས་བྱ་བའི་མདོའི་ཚིག་བསྟན་པ་ནི། གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་དཔེ་དང་བཅས་པར་བསྟན་པ་ཡིན་ནོ། །བཟོད་པ་རྣམ་པར་དག་པའི་རྒྱུ་བསྟན་པའི་ཕྱིར། སྐྱོན་རྣམ་པ་བཞི་པོ་
གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རྩོལ་བའི་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན་ཞེས་བྱ་བ་ནི་གང་ཡང་མདོ་ལས། འབད་པ་ཐམས་ཅད་དང་བྲལ་ཏེ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །སྙིང་ལས་སུ་གྱུར་པ་ཡང་
เล่ม ๑๓๓ · หน้า 297a
སྤངས་པ་ཡིན་ཞེས་བྱ་བ་ནི་གང་ཡང་མདོ་ལས། ལུས་དང་ངག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་ཞེས་གསུངས་པ་ཡིན་ནོ། །འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་ཡང་སྤངས་པ་ཡིན་ཏེ་ཞེས་བྱ་བ་ལ། མདོ་ལས་གང་ཡང་གསུངས་པ། རྩོལ་བ་ཐམས་ཅད་དང་བྲལ་བའི་རྣམ་པར་སྨིན་པའི་ཆོས་
ལ་གནས་པ་ཞེས་བྱ་བ་ནས་འཇིག་རྟེན་པའི་ཀུན་དུ་འབྱུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་གྱིས་སོ། །ཟབ་མོའི་གནས་པ་དེ་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང་ཞེས་བྱ་བའི་མདོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་
ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དེ་ཞེས་བྱ་བའི་བར་ཡིན་ནོ། །ཡང་དག་པར་འཛིན་དུ་འཇུག་པ་དང་ཞེས་བྱ་བའི་མདོ་ནི། རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡེ་ཤེས་མངོན་པར་བསྒྲུབ་པའི་སྒོ་ཚད་མེད་པ་
ཞེས་བྱ་བ་ཡིན་ནོ། །མངོན་པར་བསྒྲུབ་པའི་སྒོ་དང་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པར་ཕྱེ་བ་ཚད་མེད་པས་མངོན་པར་བསྒྲུབ་པའི་ལས་རྣམས་མངོན་པར་བསྒྲུབ་པར་མཛད་དོ་ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་བསྒྲུབ་པ་སྟེ་ཞེས་བྱ་བའི་མདོ་ནི།
གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞེས་བྱ་བ་ནས། སྔན་ཆད་ནི་ལུས་གཅིག་གིས་མངོན་པར་བསྒྲུབ་པས་སྤྱོད་པ་མངོན་པར་བསྒྲུབ་པར་གྱུར་གྱི་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟར་བསྐུལ་བས་ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་མངོན་པར་བསྒྲུབ་པ་དང་ཞེས་བྱ་བ་ནི་ས་འདི་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ནི་ཞེས་བྱ་བ་ནས། གཟུགས་ཀྱིས་ལུས་གསལ་བར་བྱེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གྱི་དོན་ཡིན་ནོ། །དབང་བཅུ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བའི་མདོ་ནི། དེས་ལུས་དང་ཤེས་པ་མངོན་པར་བསྒྲུབ་པ་དེ་ལྟ་བུ་འདོད་པས་ཞེས་བྱ་བ་ནས། དེ་བཞིན་
གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྟོན་པས་ཡེ་ཤེས་ལ་དབང་ཐོབ་པོ་ཞེས་བྱ་བའི་བར་གྱི་ས་བཅུ་ལས་བསྟན་པ་བཞིན་ནོ། །དབང་བཅུའི་བསྡུས་པའི་དོན་བསྟན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด