རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๓ · หน้า 29b
པའི་སེམས་ཀྱིས་དུས་རིང་ཞུགས་པ་ལྟར། །རང་ལས་སྐྱེས་པའི་བུ་ལ་ཕ་ཡི་སེམས་ཀྱིས་ཀྱང་། །སྐད་ཅིག་ཙམ་ཡང་མཉམ་པར་འཇོག་མི་ནུས། །ཞེས་བསྟོད་པ་ཡིན་ནོ། །མི་དགེ་བའི་གནས་ཞེས་བྱ་བ་ནི་ཉེས་པར་སྤྱོད་པའི་གནས་དང་། ཁ་ན་མ་ཐོ་བ་དང་བཅས་པའི་གནས་དང་།
མཐར་མི་འདོད་པའི་རྣམ་སྨིན་སྟེར་བའི་གནས་ཞེས་བྱ་བའི་དོན་ཏོ། །དེའི་གཉེན་པོའི་ཕྱོགས་སུ་གྱུར་པ་ནི་དགེ་བའི་གནས་ཏེ། དེ་ལ་རབ་ཏུ་དགོད་པ་ནི་ཡང་དག་པར་སྒྲུབ་ཅིང་། དེ་ལ་སྦྱོར་བར་བྱེད་པའོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་འཇིག་རྟེན་ཕ་རོལ་ཏུ་ཕན་པའི་ལྷག་པའི་
བསམ་པ་ནི་ཕན་པར་བྱ་བའི་བསམ་པ་ཞེས་བྱའོ། །ཕོངས་པ་ཞེས་བྱ་བ་ནི་ཉེ་བར་མཁོ་བ་དང་བྲལ་བས་སྡུག་བསྔལ་བར་གྱུར་པའོ། །མགོན་མེད་པ་ཞེས་བྱ་བ་ནི་སྙིང་རྗེའི་ཡུལ་དུ་གྱུར་པ་ཉེ་བར་མཁོ་བ་བསྒྲུབ་པར་མི་ནུས་པ། སྡུག་བསྔལ་བསལ་བར་རང་གིས་མི་ནུས་པའོ། །རྟེན་མེད་
པ་ནི་འདོད་པའི་རྟེན་གཞན་མེད་པའོ། །ཕན་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་གྱི་བདེ་བས་སྡུད་པར་བྱེད་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་བདེ་བས་སྡུད་པར་བྱེད་པའོ། །དེ་ལ་ཉོན་མོངས་པ་ཅན་གྱི་བདེ་བས་བསྡུས་པ་ནི་ཀུན་དུ་རྨོངས་པ་དང་། བག་མེད་
པས་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་མི་དགེ་བའི་ཆོས་རྣམས་ལ་འཇུག་ཅིང་འཕེལ་བར་བྱེད་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་བདེ་བས་བསྡུས་པ་ནི་མི་དགེ་བའི་ཆོས་རྣམས་སྤངས་ནས། དགེ་བའི་ཆོས་རྣམས་ཡང་དག་པར་བླངས་ནས་འཕེལ་བར་བྱེད་
པའོ། །དེའི་ཕྱིར། ཉོན་མོངས་པ་ཅན་སྤངས་ཏེ་ཕན་པའི་དངོས་པོ་བསྒྲུབ་པར་འདོད་པ་གང་ཡིན་པའོ་ཞེས་བྱ་བའོ། །ཉིན་གཅིག་བཞིན་དུ་ཡང་དག་པར་སྤེལ་བའོ་ཞེས་བྱ་བ་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕན་པ་དང་བདེ་བའི་བསམ་པ་དེ་ཉིད་བསྟེན་པར་བྱའོ། །བསྒོམ་པར་བྱའོ། །
མང་དུ་བྱའོ། །རྣམ་པར་འཕེལ་བར་བྱའོ། །བསྟན་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ནི་ཡང་དག་པར་སྤེལ་བ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཡིད་ལ་བྱེད་པ་མང་བས་ནི་ཕན་པའི་ལྷག་པའི་བསམ་པ་འཕེལ་བར་འགྱུར་རོ། །སྙིང་རྗེ་ཡིད་ལ་བྱེད་པ་མང་བས་ནི་བདེ་བའི་ལྷག་པའི་
เล่ม ๑๓๓ · หน้า 30a
བསམ་པ་འཕེལ་བར་འགྱུར་རོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ནི་ཡང་དག་པར་ཆོས་ལ་རྟོག་པར་བྱེད་པ་དང་། ཆོས་ལ་སོ་སོར་རྟོག་པས་རབ་ཏུ་དབེན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བའོ། །སྦྱིན་པ་དང་།
ཚུལ་ཁྲིམས་ལ་རབ་ཏུ་འཇུག་པ་ཡང་སྦྱོར་བ་ཞེས་བྱ་བར་བརྗོད་དོ། །བཟོད་པ་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་རྗེས་སུ་སྡུད་པ་ཡང་ལྷག་པའི་བསམ་པའི་སྦྱོར་བའོ། །དེའི་ཕྱིར་ཕན་པ་དང་བདེ་བ་བསྒྲུབ་པའི་སྦྱོར་བའོ་ཞེས་བྱ་བ་སྨྲས་ཏེ། བསོད་ནམས་རྒྱ་ཆེན་པོ་
འབྱུང་བའི་རྒྱུ་མཚན་དུ་གྱུར་པས་ཆོས་ཆེན་པོ་འདུ་བའི་སྒོ་ཞེས་བྱའོ། །དེ་ལྟར་སེམས་བསྐྱེད་ནས་ལུས་དང་ངག་དང་ཡིད་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ལས་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི། རང་གི་དོན་གྱི་
སྦྱོར་བར་འགྱུར་རོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པར་བྱེད་པའི་རྒྱུར་འགྱུར་རོ། །སྔར་བསྟན་པའི་སྒྲུབ་པའི་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་དང་ལྡན་པའི་ལས་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། སེམས་ཅན་ཐམས་ཅད་ཀྱིས་དེའི་འབྲས་བུ་
ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ། །དེའི་ཕྱིར་གཞན་གྱི་དོན་གྱི་སྦྱོར་བ་ཡིན་ནོ། །སྔར་བསྟན་པའི་ཕན་པ་དང་བདེ་བས་བསྡུས་པའི་སྦྱོར་བ་ཡང་སེམས་ཅན་རྣམས་འཇུག་ཅིང་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཞེས་བྱས་ནས་སོ། །དེའི་ཕྱིར། སྡུག་བསྔལ་ཐམས་ཅད་བསལ་
བའི་ཕྱིར། །ཞེས་བྱ་བ་ཡིན་ནོ། །སྦྱོར་བ་འདི་གཉིས་ནི་དགེ་བའི་ཆོས་ཀྱི་ཚོགས་ཆེན་པོ་གཉིས་ཞེས་ཀྱང་བརྗོད་དེ། བསོད་ནམས་ཀྱི་ཕུང་པོ་མི་ཟད་པ་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་ཀྱི་ཕུང་པོ་ཞེས་ཀྱང་བྱ་སྟེ། བསོད་ནམས་ཀྱི་ཕུང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དཔག་ཏུ་
མེད་པའི་དགེ་བའི་ཆོས་ཀྱི་ཕུང་པོ་ཉེ་བར་སོགས་པ་ལ་དང་པོ་སེམས་བསྐྱེད་པ་ནས་བཟུང་ནས་རྒྱུ་ཁྱད་པར་དུ་འཕགས་པ་དང་། འབྲས་བུ་ཁྱད་པར་དུ་འཕགས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལས་གཞན་ཉན་ཐོས་ལ་སོགས་པའི་རྒྱུད་ཀྱི་དགེ་བ་ཡོངས་
เล่ม ๑๓๓ · หน้า 30b
སུ་འཛིན་པ་ལ་ལྟོས་ནས། ཁྱད་པར་དུ་འཕགས་པའི་བསོད་ནམས་བསགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་། དགེ་བ་ཡོངས་སུ་འཛིན་པ་གཞན་ནི་མ་ཡིན་པ་འདི་ནི་རྒྱུའི་ཁྱད་པར་དུ་འཕགས་པའོ། །དེའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་དེ་ཉིད་ཡིན་གྱི་གཞན་མ་ཡིན་པ་ནི་འབྲས་བུ་ཁྱད་པར་དུ་འཕགས་པའོ། །དེ་ལྟ་བས་ན་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་གང་ཡོངས་སུ་འཛིན་པ་དེ་ནི་རྒྱུ་ཉིད་དང་། འབྲས་བུ་ཉིད་ཀྱིས་རབ་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱི་
དགེ་བ་ཡོངས་སུ་འཛིན་པ་ལ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཕན་ཡོན་དང་བཅས་པར་བསྟན་པའི་ཕྱིར། སེམས་བསྐྱེད་མ་ཐག་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་
ལ། སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པ་དང་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པའི་ཕྱིར་དང་། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བླ་མར་གྱུར་པ་དང་། སློབ་དཔོན་དང་། མཁན་པོ་དང་། ཕ་མར་བརྟགས་པའི་ཕྱིར་རོ། །དེའི་
ཕྱིར། གང་ཚེ་དང་པོ་བྱང་ཆུབ་ཏུ། །ཁྱོད་ཀྱིས་ཐུགས་ནི་བསྐྱེད་གྱུར་པ། །དེ་ནས་བཟུང་ནས་ཁྱོད་ཉིད་ནི། །འཇིག་རྟེན་མཆོད་གནས་གོང་མར་གནས། །ཞེས་བསྟོད་པ་ཡིན་ནོ། །ཡོན་གནས་དང་བླ་མར་གྱུར་པའི་ཕྱིར་དེ་ཉིད་འགྲོ་བའི་བསོད་ནམས་ཀྱི་ཞིང་ཡིན་པས་དེ་ལ་ཕན་པའི་བྱ་བ་བྱས་
ནས་འབྲས་བུ་ཁྱད་པར་དུ་འཕགས་ཤིང་། འདོད་པར་བྱ་བའི་འབྲས་བུ་དང་བཅས་པ་དང་། མྱུར་ཞིང་དགེ་བ་འཐོབ་པར་འགྱུར་རོ། །དེ་ལྟ་བུའི་བསོད་ནམས་དང་ཡང་དག་པར་ལྡན་པའི་ཚེ་འདི་དང་གཞན་ལ་བདག་ཉིད་ལ་གནོད་པ་མེད་པར་འགྱུར་ཞིང་། གནོད་པ་མེད་པའི་བསོད་ནམས་
དེས་བསྐྱེད་པའི་བདག་གི་དངོས་པོས་གཞན་གྱི་གནོད་པ་རབ་ཏུ་ཞི་བར་བྱེད་ནུས་པར་འགྱུར་བ་ཉིད་དོ། །གནོད་པ་མེད་པའི་བསོད་ནམས་ནི་གང་དང་ལྡན་པའི་བྱང་ཆུབ་སེམས་དཔའི་རྣམ་པར་གཞག་པ་ནི་རྣམ་པ་ལྔ་སྟེ། མཐོང་བའི་ཆོས་ལ་བདེ་བ་དང་ལྡན་པས་གཞན་གྱིས་གནོད་པར་མི་ནུས་པ་ཡིན་
เล่ม ๑๓๓ · หน้า 31a
ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་རབ་ཏུ་ཁྱད་པར་དུ་འཕགས་པའི་བསྲུང་བས་བསྲུངས་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་དེའི་བདག་གི་དངོས་པོ་ནི་སངས་རྒྱས་ཀྱི་ལྗོན་ཤིང་གི་མྱུ་གུའི་གནས་ཡིན་པའི་ཕྱིར་རོ། །དེའི་ཕྱིར། ལྷ་དང་། མི་དང་། ཀླུ་
དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས་གནོད་པ་མེད་པའི་སྦྱོར་བས་བསྲུང་བར་འགྱུར་བའི་ཕྱིར། གནས་སྐབས་ཐམས་ཅད་དུ་གནོད་པ་བྱ་བར་མི་ནུས་པ་ཡིན་ནོ་ཞེས་བྱ་བར་གཉིད་ལོག་གམ་ཞེས་བྱ་བ་ནས། བརྩེ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་སོ། །སྐྱེ་བ་གཞན་ལ་ཡང་
ཕྱི་མའི་ཚེ་ཡང་བདག་གི་དངོས་པོ་ཁྱད་པར་དུ་འཕགས་པ་རབ་ཏུ་ཐོབ་པར་འགྱུར་བ་ནི་ཡང་ཚེ་བརྗེས་པའི་འོག་ཏུ་སྟེ་ཚེ་ཕྱི་མ་ལ་ཡང་བདག་དང་གཞན་གྱི་དོན་བྱེད་པར་ནུས་པའི་བདག་གི་དངོས་པོ་རབ་ཏུ་ཐོབ་པར་འགྱུར་རོ། །ལུས་ཀྱིས་ཆོས་སྟོན་པ་ཡང་བྱང་ཆུབ་སེམས་དཔའ་གང་ལ་
གཞན་ཡང་དག་པར་དགོད་པར་འདོད་པ་དེ་ལ་བདག་ཉིད་ཡང་དག་པར་ཞུགས་ནས་རྟག་ཏུ་གུས་པ་དང་བཅས་པས་སྦྱོར་བར་བྱེད་པ་ན། གཞན་དེའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱང་དེ་བཞིན་དུ་སློབ་པར་བྱེད་དེ། དེ་ལྟ་བུ་ནི་དེའི་ལུས་ཀྱིས་ཆོས་སྟོན་པ་ཡིན་ནོ། །རྟེན་ཁྱད་པར་
ཅན་ཐོབ་པར་གྱུར་པ་ལས་ཀྱང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དེ་ཉིད་ལ་ཤིན་ཏུ་སྦྱངས་པའི་རྟེན་འཐོབ་པར་འགྱུར་གྱི། གནས་ངན་ལེན་གྱི་རྟེན་ནི་མ་ཡིན་པས་གནས་ངན་ལེན་ཤིན་ཏུ་ཆུང་བར་འགྱུར་རོ། །ངག་གི་ཁྱད་པར་ཐོབ་པར་གྱུར་པ་ལས་ཀྱང་གཞན་གྱིས་མ་གྲུབ་པའི་
སྔགས་ལ་སོགས་པ་འགྲུབ་པར་འགྱུར་བ་ནི་བསོད་ནམས་ཁྱད་པར་ཅན་གྱིས་ཡོངས་སུ་གཟུང་བ་ཉིད་ཀྱི་ཕྱིར་རོ། །བསམ་པའི་ཁྱད་པར་ཐོབ་པར་གྱུར་པ་ལས་ཀྱང་ཡིན་ཏེ། བཟོད་པ་དང་། དེས་པ་རབ་ཏུ་ཐོབ་པའི་ཕྱིར་དང་། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །
བཟོད་པའི་མཚན་ཉིད་བསྟན་པའི་ཕྱིར། གཞན་གྱིས་གནོད་པ་བྱས་པ་བཟོད་པ་ཞེས་བྱ་བ་ལ། གང་དང་ལྷན་ཅིག་གནས་པ་དེ་དག་གིས་གནོད་པ་བྱས་པར་གྱུར་ན་ཡང་། དེ་དག་གིས་གནོད་པ་བྱས་པ་དེ་དག་བཟོད་ཅིང་འགྱུར་བར་མི་བྱེད་དོ་ཞེས་བྱ་བའོ། །དེས་པའི་མཚན་ཉིད་བསྟན་པའི་
เล่ม ๑๓๓ · หน้า 31b
ཕྱིར་གཞན་ལ་ཡང་གནོད་པ་མི་བྱེད་པ་ཞེས་བྱ་བ་ལ། གཞན་གནོད་པ་བྱེད་དམ་སྟེ། ཉེ་བར་འཚེ་བར་བྱེད་ཅིང་ཁྲོ་ཞིང་འཁྲུག་ན་ཡང་བདག་ཉིད་ཐམས་ཅད་དུ་མི་བྱེད་པ་སྟེ། དེ་ལྟར་ན་ངེས་པ་མང་བར་འགྱུར་རོ། །གཞན་གྱིས་གཞན་དག་ལ་གནོད་པ་བྱེད་པ་མཐོང་ངམ་ཐོས་ན་ཡང་སྙིང་རྗེ་
ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཤིན་ཏུ་མི་དགའ་བར་འགྱུར་ན། ཇི་ལྟར་ན་གཞན་ལ་དེ་གནོད་པ་བྱེད་པར་འགྱུར། སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་མང་བའི་ཕྱིར། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་མང་བར་མི་འགྱུར་རོ། །རེས་འགའ་སྐྱེས་པར་གྱུར་ན་ཡང་མྱུར་དུ་
བཅོམ་ཞིང་ཉམ་དམད་པར་འགྱུར་བའོ། །ཉམ་དམད་པ་ཉིད་བསྟན་པའི་ཕྱིར། མྱུར་དུ་འབྲལ་བར་འགྱུར་བའོ། །བརྒྱ་ལ་སྤྱོད་པར་གྱུར་ན་ཡང་ཞེས་བྱ་བ་ནི་རྟག་ཏུ་དུས་ཐམས་ཅད་དུ་མི་སྤྱོད་པའོ། །སྐྱེས་པར་གྱུར་ན་ཡང་མྱུར་དུ་འབྲལ་བར་འགྱུར་གྱི། རྒྱུན་འཇུག་པར་མི་འགྱུར་
བའོ། །ཆུང་བའི་རྣམ་པས་སྐྱེ་བར་འགྱུར་གྱི། ཆེན་པོས་ནི་མ་ཡིན་ནོ། །དེ་ལྟར་ན་སྐྱེ་བ་དམན་པ་ཉིད་དང་། གནས་པ་དམན་པ་ཉིད་དང་། ངོ་བོ་ཉིད་དམན་པ་ཉིད་ཀྱིས་ཉམ་ཆུང་བ་ཉིད་དུ་སྐྱེ་བར་འགྱུར་རོ། །ངན་སོང་དུ་སྐྱེས་པའི་ཁྱད་པར་དུ་འཕགས་པ་རྣམ་པ་ལྔ་ནི་སྔར་རིགས་
ཀྱི་རྟགས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས། སེམས་བསྐྱེད་པའི་ལེའུའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་འདིའི་འགྲེལ་
པ་ནི་མདོར་བསྟན་པའི་ཆོས་བཅུ་པོ་དེ་དག་ལས་ཆོས་དང་པོ་བཞིའི་ཆོས་ཇི་ལྟ་བ་བཞིན་རྣམ་པར་ཕྱེ་བའི་རིགས་དང་། སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ཞེས་བྱ་བ་དེ་དག་ལས་གཉིས་བཤད་ནས། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེ་ན་ཞེས་དྲིས་
པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། གང་ལ་སློབ་པ་དང་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གིས་ནི་བསླབ་པའི་གནས་དང་བསླབ་པའི་གཞི་དང་། བསླབ་པའི་ཚིག་ལ་
เล่ม ๑๓๓ · หน้า 32a
སློབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །ཇི་ལྟར་སློབ་པ་དང་ཞེས་བྱ་བས་ནི་བསླབ་པའི་ངོ་བོ་ཉིད་ཡོངས་སུ་གསལ་བར་བྱེད་དོ། །གང་དག་སློབ་པ་ཞེས་བྱ་བས་ནི་བསླབ་པའི་རྟེན་གང་ཡིན་པ་དེ་ལ་བསླབ་པ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །བྱང་ཆུབ་
སེམས་དཔའི་བསླབ་པའི་གནས་ཐམས་ཅད་བསྡུས་ནས་བསྟན་པའི་ཕྱིར་སྨྲས་པ། གནས་བདུན་ལ་སློབ་སྟེ་ཞེས་བྱ་བ་ལ། གོ་འཕང་དང་། གཞི་དང་། ཚིག་ཅེས་བྱ་བ་ནི་རྣམ་གྲངས་སོ། །ཇི་ལྟར་སློབ་ཅེ་ན། ཁ་ན་མ་ཐོ་བ་མེད་པའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་
ཡིད་ཀྱི་ལས་འཆད་པར་འགྱུར་བས་སོ། །གང་དག་སློབ་ཅེ་ན། ངོ་ཚ་དང་བཅས་པའི་བྱང་ཆུབ་སེམས་དཔའ་སློབ་པར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །གནས་དེ་དག་ནི་དོན་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བསྟན་པའི་ཕྱིར། དོན་གྱི་སྒོ་ནས་ངེས་པར་བསྟན་པ་ནི། རྟོག་པར་
འོས་པ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་འོས་པར་ཐོབ་པར་བྱ་བ་མངོན་དུ་ཐོབ་པར་བྱས་པ་དང་། ཤེས་པར་བྱ་བ་མངོན་དུ་ཤེས་པ་ཉེ་བར་བཟུང་ནས་ཐོབ་པར་གྱུར་པ་དང་། ཤེས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དོན་རྣམ་པ་བདུན་གྱི་གོ་རིམས་རྣམ་པར་གཞག་པ་ནི། བྱང་ཆུབ་
སེམས་དཔའ་དང་པོར་བྱང་ཆུབ་ཉིད་ལ་དམིགས་ནས་རང་གི་དོན་ལ་སློབ་པའི་ཕྱིར་དང་། སེམས་ཅན་ལ་དམིགས་ནས་ནི་གཞན་གྱི་དོན་ལ་སློབ་པར་བྱེད་དོ་ཞེས་བྱ་བས་དང་པོར་རང་དང་གཞན་གྱི་དོན་གྱི་གནས་བསྟན་ཏོ། །རང་གི་དོན་དང་གཞན་གྱི་དོན་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་
པ་ཉིད་ཀྱིས་སློབ་པར་བྱེད་ཀྱི། ཀུན་ནས་ཉོན་མོངས་པ་དང་བཅས་པས་ནི་མ་ཡིན་ཏེ། ཉོན་མོངས་པ་ཆེན་པོར་སྤྱོད་པས་བདག་ལ་ཕན་པ་བྱ་བའང་ནུས་མ་ཡིན་ཞེས་བསྟོད་པའི་ཚིག་གིས་སོ། །ཉོན་མོངས་པ་མེད་པས་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་སློབ་ནུས་སོ་ཞེས་བསྟན་པའི་ཕྱིར། དེའི་
འོག་ཏུ་དེ་ཁོ་ནའི་གནས་བསྟན་ཏོ། །དེ་བཞིན་དུ་རང་གི་དོན་དང་། གཞན་གྱི་དོན་ལ་སློབ་པར་བྱེད་པ་ན་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ཀྱིས་སློབ་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ཡང་ནུས་པ་མེད་པ་ནི་སློབ་པ་མ་ཡིན་པས་མཐུའི་གནས་བསྟན་ཏེ། དེ་བཞིན་དུ་མི་ངལ་
เล่ม ๑๓๓ · หน้า 32b
བའི་ཐབས་ཀྱིས་སློབ་པར་བྱེད་དོ་ཞེས་བསྟན་ཏོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་མེད་ཅིང་མཐུ་དང་ལྡན་པར་ཐེག་པ་གསུམ་ལ་ཅི་རིགས་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སློབ་པའོ། །རང་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། དེ་དག་གཉི་
ག་ཡོངས་སུ་སྨིན་པར་གྱུར་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་བོ་ཞེས་བྱ་བས་དེའི་རྗེས་ལ་རྫོགས་པའི་བྱང་ཆུབ་ཀྱི་གནས་བསྟན་ཏེ། འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་དང་བར་དང་། ཐ་མའི་སློབ་པ་ཡོངས་སུ་རྫོགས་པ་ཡོངས་སུ་
གསལ་བར་བསྟན་པ་ཡིན་ནོ། །དེ་ལ་རང་དང་གཞན་གྱི་དོན་གྱིས་དབྱེ་ན་རྣམ་པ་བཅུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་བཅུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་བཅུ་རྣམ་པར་གཞག་པ་ནི་རྒྱུད་དུ་
གཏོགས་པ་ནི་གཉིས་སོ། །རྫས་ཀྱི་དབྱེ་བ་ནི་གཉིས་སོ། །གནས་སྐབས་ཀྱི་དབྱེ་བ་ནི་གཉིས་སོ། །སྐྱེ་བའི་དབྱེ་བ་ནི་གཉིས་སོ། །འཆི་འཕོ་བའི་དབྱེ་བ་ནི་གཉིས་སོ། །དེ་ལ་འབའ་ཞིག་པ་ཞེས་བྱ་བ་ནི་མ་འདྲེས་པར་གྱུར་པ་སྟེ། གཞན་དང་མ་འདྲེས་པ་ཞེས་བྱ་བའི་དོན་ཏོ། །
གཞན་གྱི་དོན་དང་ཡང་མ་འབྲེལ་ལ་རང་གི་དོན་དང་ཡང་མ་འབྲེལ་པ་ནི་འབའ་ཞིག་པ་ཞེས་བྱ་བའོ། །གཞན་དང་འབྲེལ་པ་ནི་གཞན་དང་རབ་ཏུ་འབྲེལ་པ་སྟེ། འདྲེས་པར་གྱུར་པའོ། །དེ་ཡང་རྣམ་པར་གཉིས་ཏེ། གཞན་གྱི་དོན་དང་འབྲེལ་པའི་རང་གི་དོན་དང་། རང་གི་དོན་དང་འབྲེལ་པའི་
གཞན་གྱི་དོན་ཏོ། །ཕྱི་ནས་རང་དང་གཞན་གྱི་དོན་དེ་དག་གི་བདེ་བའི་རྣམ་པར་སྨིན་པ་ཉིད་ནི་ཕན་པའི་རྒྱུ་ཡིན་ནོ། །མཐོང་བའི་ཆོས་ཉིད་ལ་རྗེས་སུ་སྡུད་པར་བྱེད་པའི་ཕྱིར་ནི་བདེ་བའོ། །རྩོམ་པའི་དུས་ན་ནི་རྒྱུས་བསྡུས་པའོ། །ཡོངས་སུ་རྫོགས་པའི་དུས་ན་ནི་འབྲས་བུས་བསྡུས་པ་ཉིད་དོ། །ཚེ་
འདི་ཉིད་ལ་ཐོབ་པ་ནི་ཚེ་འདི་པའོ། །གཞན་དག་ཏུ་ཐོབ་པ་ནི་ཚེ་རབས་གཞན་པའོ། །དོན་དག་མི་ཉམས་པ་ནི་གཏན་དུ་བའོ། །ཉམས་པར་འགྱུར་བ་ནི་གཏན་དུ་བ་མ་ཡིན་པའོ། །དེ་ལ་ཡོངས་སུ་ཤེས་པར་བྱས་ལ་སྤང་བར་བྱའོ་ཞེས་པ་ནི་སོ་སོར་བརྟགས་ཤིང་ངེས་པར་ཡང་དག་པར་བརྟགས་
เล่ม ๑๓๓ · หน้า 33a
ནས་ཡོངས་སུ་བཏང་ཞིང་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གཞན་གཅིག་པུའི་དོན་ནི་སྤང་བར་བྱ་བ་ཡིན་ཏེ། གཉི་གའི་དོན་གཙོ་བོ་ཡིན་པའི་ཕྱིར་རོ། །རང་གི་དོན་འབའ་ཞིག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱ་བ་ལས་ཤིན་
ཏུ་འདས་ཤིང་འཚམ་པ་མ་ཡིན་པས་ཡོངས་སུ་ཤེས་པར་བྱས་ལ་སྤང་བར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ཕན་པ་བསྐྱེད་པར་བྱའི། བདག་ལ་ཕན་པ་ནི་མ་ཡིན་ཏེ། མཐུ་ཆེན་པོ་དང་ལྡན་པའི་སྨན་བཞིན་ནོ། །དེ་ལྟ་བས་ན་གཞན་གྱི་བྱ་བ་གང་ཡིན་པ་དེ་ཉིད་བདག་གི་བྱ་བ་
ཡིན་ལ། གཞན་གྱི་དོན་གང་ཡིན་པ་དེ་ཉིད་བདག་གི་དོན་ཡིན་ནོ། །དེ་ལྟ་བས་ན། སྙིང་རྗེའི་བདག་ཉིད་ཅན་ཉིད་འགྲོ་ལ་ཕན་པའི་ཕྱིར། །སྲིད་པར་སྐྱེ་བ་ལེན་ཡང་སྲིད་ལ་ཆགས་མ་ཡིན། །ནད་ཀུན་སེལ་བར་བྱེད་པའི་མཐུ་ལྡན་པའི། །འགྲོ་ལ་ཕན་པའི་སྨན་རྣམས་འབྱུང་བ་
བཞིན། །ཞེས་བསྟོད་པ་ཡིན་ནོ། །དེའི་ཕྱིར་རང་གི་དོན་འབའ་ཞིག་ནི་བྱང་ཆུབ་སེམས་དཔའི་དོན་ལས་ཡང་དག་པར་འདས་པར་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་སྤང་བར་བྱ་ཞིང་མི་བྱ་མི་བསླབ་པོ། །འཚམ་པ་མ་ཡིན་པ་ཞེས་བྱ་བ་ནི། བྱང་ཆུབ་ཐོབ་
པའི་ཡོན་ཏན་མེད་པའི་ཕྱིར་ཏེ། བྱང་ཆུབ་ཐོབ་པ་དང་འགལ་བའི་ཕྱིར་རོ། །གང་གཞན་བྱང་ཆུབ་ཀྱི་ཚོགས་ལ་འཇོག་པར་མི་ནུས་པའི་གཞན་གྱི་དོན་དེ་ཡང་སྤང་བར་བྱ་བ་ཡིན་ཏེ། དེ་ལ་དགོས་པ་མེད་པའི་ཕྱིར་རོ། །རང་གི་དོན་འབའ་ཞིག་པ་རྣམ་པར་གཞག་པ་ནི་ལོངས་སྤྱོད་
ཚོལ་ཞིང་ཡོངས་སུ་སྤྱོད་པ་དང་། ཆོས་ཚོལ་ཞིང་ངེས་པར་འཛིན་པ་དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སྦྱོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་བླ་མ་ལ་མཆོད་པ་དང་། འཚོ་བ་ལོག་པ་ལ་སྦྱོར་བ་དང་། རབ་ཏུ་བྱུང་བའི་
ཕྱོགས་ལ་ཟང་ཟིང་ལ་སྤྱོད་པ་དང་། ཁྱིམ་པའི་ཕྱོགས་ལ་གཞན་གྱི་བྱེད་པའི་དབང་དུ་བྱས་པར་རིག་པར་བྱའོ། །ལོངས་སྤྱོད་ལ་ཆགས་པ་དང་། འཇིག་ཚོགས་ལ་ཆགས་པས་བདག་ཉིད་ལུས་ཚིམ་པར་བྱ་བའི་ཕྱིར་ལོངས་སྤྱོད་ཚོལ་བར་བྱེད་པ་སྟེ། དེ་ལོངས་སྤྱོད་ཚོལ་བ་དེ་ཡང་རང་གི་
เล่ม ๑๓๓ · หน้า 33b
དོན་འབའ་ཞིག་པ་ཉིད་དེ། བདེ་བའི་རྗེས་སུ་མཐུན་པའི་རྒྱུ་འབའ་ཞིག་གིས་བསྡུས་པ་ཚེ་འདི་པ་དང་། གཏན་དུ་བ་མ་ཡིན་པའོ། །དེ་བཞིན་དུ་ཡོངས་སུ་བཙལ་བ་ལ་ལོངས་སྤྱོད་པའི་དུས་ན་ཡང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་ཚོལ་བ་ནི་ཁྱིམ་བདག་
རིན་པོ་ཆེ་ལྟ་བུ་ཡིན་ཏེ། གཞན་གྱི་དགོས་པ་གཙོར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་པ་ནི་བུ་ལ་ནུ་ཞོ་ལྡུད་པའི་མ་བཞིན་ནོ། །དེ་ལྟ་བུའི་ཆོས་ལ་ཐལ་ཞིང་འདས་པས་རང་གི་དོན་ཉིད་ཡིན་ནོ། །བདག་ཉིད་ལ་ཡོད་པའི་མང་དུ་ཐོས་པ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་
ཚོགས་པ་བསྟན་བཅོས་སུ་གཏོགས་པ་རྣམས་བདག་ལས་གཞན་ལ་ཡོད་པར་མ་གྱུར་ཅིག་ཅེས་བསམས་ནས་སྟོན་པར་མི་བྱེད། འཆད་པར་མི་བྱེད་དེ། དེའི་བསམ་པས་ཀྱང་ཆོས་བཙལ་ཞིང་གཟུང་ནས་འདི་དང་གཞན་དུ་དང་གཏན་དུ་མ་ཡིན་པ་ནི་རང་གི་དོན་འབའ་ཞིག་པ་ཞེས་བྱའོ། །
མཐོ་རིས་འདོད་པའི་ཕྱིར་ཞེས་བྱ་བ་ལ། སྨོན་ལམ་ངན་པས་ཡོངས་སུ་གཟུང་བའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དེ་ཕུན་སུམ་ཚོགས་པར་བྱེད་པའི་སྦྱོར་བས་བསྡུས་པའི་བརྩོན་འགྲུས་དང་། གཟུགས་དང་གཟུགས་མེད་པར་སྐྱེ་བར་འདོད་པའི་བསམ་གཏན་དང་། དེའི་དོན་གྱི་
ཤེས་རབ་ཡང་དག་པར་བླངས་ནས་གནས་པའོ། །དེ་ཡང་སེམས་ཅན་གཞན་རྣམས་རྗེས་སུ་གཟུང་བའི་ཕྱིར་ཞུགས་པ་མ་ཡིན་པས་ཞེས་བྱ་བས་རང་གི་དོན་འབའ་ཞིག་པའོ། །ཕན་པའི་རྗེས་སུ་མཐུན་པ་དང་། རྒྱུས་བསྡུས་པ་དང་། འཇིག་རྟེན་གཞན་པ་དང་། གཏན་དུ་བ་མ་ཡིན་
པའོ། །གང་ཡང་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་མི་འཇིགས་པའི་སྦྱིན་པའི་རྣམ་པར་གཞག་པ་ཡིན་ཞིང་། སེམས་ཅན་ལ་བསམ་པ་དགེ་བ་ཡིན་ན་ཡང་། དེའི་སྒོ་ནས་གཞན་རྗེས་སུ་གཟུང་བ་མེད་པའི་ཕྱིར་རང་གི་དོན་ཉིད་ཡིན་ནོ། །འཇིག་རྟེན་གྱི་ཟང་ཟིང་ཞེས་བྱ་བ་ནི་རྙེད་
པའོ། །འདོད་པའི་ཡོན་ཏན་ནི་ལོངས་སྤྱོད་དོ། །རོ་མྱོང་བ་ཆུང་ལ་སྟེ། ཇི་སྐད་དུ་མདོ་སྡེ་ལས། སོ་སོའི་སྐྱེ་བོ་གང་ཆགས་པའི། །འཇིག་རྟེན་ཟང་ཟིང་འཇིགས་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་འབྲས་བུ་འདོད་པ་ནི་གཞན་དུ་ལོངས་སྤྱོད་ཆེན་པོ་འདོད་པ་ཞེས་བྱ་བའི་དོན་ཏོ། །
เล่ม ๑๓๓ · หน้า 34a
འཇིག་རྟེན་གྱི་ཟང་ཟིང་ཐོབ་པའི་རྒྱུར་ཞེས་བྱ་བ་ནི་བྱས་པ་ཤེས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་བླ་མའི་མཆོད་པ་བཀག་པ་ཡིན་ནོ། །བྱས་པ་ཤེས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པའི་
བླ་མ་མཆོད་པའི་ཕྱིར་མ་ཡིན་གྱི། འཇིག་རྟེན་གྱི་ཟང་ཟིང་འབའ་ཞིག་གི་རྒྱུར་ཞེས་བྱ་བའོ། །དེ་ལྟ་ན་ཡང་བདེ་བའི་རྗེས་སུ་མཐུན་པའི་བདེ་བའི་རྒྱུས་བསྡུས་པ་དང་། འཇིག་རྟེན་གཞན་པ་དང་། གཏན་དུ་བ་མ་ཡིན་པ་ནི་རང་གི་དོན་ཏེ། དེ་དག་ལ་གཞན་རྗེས་སུ་གཟུང་བ་མེད་པའི་
ཕྱིར་འབའ་ཞིག་པ་ཉིད་ཡིན་ནོ། །རྙེད་པ་འདོད་པ་ཞེས་བྱ་བ་ནི་ལོག་པའི་འཚོ་བ་ཚོལ་ཞིང་། རྙེད་པའི་རྒྱུ་དང་ཞེས་བྱ་བས་དགོས་པ་མེད་པ་བསྟན་པ་ཡིན་ནོ། །རྙེད་པ་འགྲུབ་པ་ཞེས་བྱ་བ་ནི་རྙེད་པར་ངེས་པ་ཉིད་དོ། །དོན་མེད་པ་ནི་བྲེ་མོའི་གཏམ་གྱིས་བསྡུས་པའི་ཕྱིར་རོ། །སྤྲོ་བ་བསྐྱེད་
པ་ནི་ཉོན་མོངས་པ་ཅན་གྱི་ཡིད་བདེ་བས་སྤྲོ་ཞིང་བ་སྤུ་ལྡང་བའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་སྣ་ཚོགས་ནི་སྣ་ཚོགས་པའི་སྒོ་ནས་ཞུགས་པའི་ཡོན་ཏན་རྗོད་པར་བྱེད་པའི་ཁ་གསག་གི་གཏམ་གྱིས་ཡང་དག་པར་བསྡུས་པ་ཉིད་དེ། བདེ་བའི་རྗེས་སུ་མཐུན་པ་འདི་པ་ཙམ་དང་གཏན་དུ་བ་
མ་ཡིན་པའི་ཕྱིར་རང་གི་དོན་ཏོ། །དེ་ལྟར་གཞན་དག་ཡང་དག་པར་དགའ་བ་སྐྱེད་པར་བྱེད་ཀྱང་གཞན་དག་ཁྱད་པར་དུ་འཕགས་པའི་དགེ་བའི་ཕྱོགས་ལ་འཛུད་པར་བྱེད་པ་མ་ཡིན་པ་ཞེས་བྱ་བས་ཁ་གསག་འབའ་ཞིག་ཅེས་བྱའོ། །དེའི་ཕྱིར་དེ་དག་ནི་གཞན་གྱི་དོན་ལྟར་སྣང་བའི་རང་གི་
དོན་འབའ་ཞིག་པ་ཉིད་དུ་བརྗོད་དོ། །བསྙེན་བཀུར་བྱ་བ་བདག་གིར་བྱ་བར་འདོད་པ་ཞེས་བྱ་བ་ནི་དེའི་བསམ་པས་ལས་དང་བྱ་བ་བྱེད་པའི་དབང་དུ་བྱས་པ་ཡིན་གྱི་གཞན་དུ་མ་ཡིན་པའོ། །ལས་ཀྱི་ཆེད་དུ་རབ་ཏུ་འབྱིན་པར་བྱེད། བསྙེན་པར་རྫོགས་པར་བྱེད་གནས་སྦྱིན་པར་བྱེད་ཀྱང་
ཡང་དེ་ནི་རིགས་པ་མ་ཡིན་པའི་ཆོས་ཀྱི་ཚོགས་སྡུད་པར་བྱེད་པ་ཡིན་ཏེ། ལས་ཀྱི་དོན་དུ་སློབ་མའང་འཛིན་པར་བྱེད་ཅེས་བྱ་བའི་ཚིག་གིས་སོ། །དེ་ཡང་བདེ་བའི་རྗེས་སུ་མཐུན་པ་ཡིན་ན་ཡང་འདི་པ་ཉིད་དང་། གཏན་དུ་བ་མ་ཡིན་པ་ཉིད་ཡིན་པས་བདག་གི་དོན་འབའ་ཞིག་པ་ཉིད་ཡིན་
เล่ม ๑๓๓ · หน้า 34b
ནོ། །དེ་ལྟ་བུར་ཡོངས་སུ་གཟུང་བའི་ཚོགས་དེ་དག་ལ་ཡང་རང་ལ་ཕན་པ་ནི་མེད་པ་ཉིད་དོ། །གཞན་གྱི་སྟོབས་ཀྱིས་བྲན་དུ་བྱས་པའི་སེམས་ཅན་རྣམས་བདག་གི་མཐུས་དེ་དག་བྲན་ལས་ཐར་བར་བྱས་ནས་བདག་ཉིད་ཀྱི་བྲན་གྱི་དངོས་པོར་བྱས་ནས་འཁོལ་བར་བྱེད་ན། དེ་ཡང་རང་གི་དོན་
འབའ་ཞིག་པའོ། །དེ་བཞིན་དུ་སེམས་ཅན་བཅིང་བས་བཅིངས་པ་རྣམས་བདག་གི་དོན་བསྒྲུབ་པར་བྱ་བའི་ཆེད་དུ་བཅིངས་པ་ལས་ཐར་བར་བྱེད་པ་དང་། ཆད་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་འཚོ་བ་མེད་པའི་འཇིགས་པས་
སྐྲག་པ་རྣམས་རང་གི་ཆད་པ་ལ་སོགས་པ་ལས་བྱ་བའི་ཕྱིར་ཐར་བར་བྱེད་པ་སྟེ། འདི་དག་ཐམས་ཅད་ཀྱང་རང་གི་དོན་འབའ་ཞིག་པ་སྟེ། དེ་དག་ལ་ཕན་པ་དང་། ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །དེའི་རྒྱུ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་ཇི་ལྟར་རིགས་པས་རིག་པར་བྱའོ། །
སྔར་ནི་སྐྱེ་བ་ཐོབ་པའི་རྒྱུའི་བསམ་གཏན་བསྟན་ནས། ད་ནི་གནས་པའི་རྒྱུའི་བསམ་གཏན་སྙོམས་པར་འཇུག་པའི་སྦྱོར་བ་བསྟན་ཏེ། དེ་དག་ལ་ནི་ཐམས་ཅད་དུ་སེམས་ཅན་གྱི་དོན་མེད་པས་རང་གི་དོན་འབའ་ཞིག་པའོ། །སེམས་ཅན་གཞན་དག་ལ་སྦྱིན་པས་ཉེ་བར་ལོངས་སྤྱོད་པ་འདི་པས་
བསྡུས་པ་གཞན་དག་གི་དོན་དུ་ཇི་ལྟ་བ་དེ་ལྟ་བུར་བྱིན་པས་གཉི་གའི་དོན་དུ་འགྱུར་རོ། །ནུས་བཞིན་དུ་གཞན་གནོད་པ་བྱེད་པ་ལ་ལན་མ་བྱས་པས་གཉིས་ཀའི་དོན་དུ་འགྱུར་རོ། །དེ་དག་ལས་མ་གཏོགས་པའི་ཞེས་བྱ་བ་ནི་གཞན་གྱི་དོན་དུ་ལོངས་སྤྱོད་ཚོལ་བ་ལ་སོགས་པ་ཐམས་ཅད་ཇི་ལྟར་རིགས་
པར་རིག་པར་བྱའོ། །གཞན་གྱི་དོན་འབའ་ཞིག་པ་ནི་རྣམ་པ་དྲུག་ཏུ་རྣམ་པར་གཞག་པར་རིག་པར་བྱའོ། །ལྟ་བ་ཕྱིན་ཅི་ལོག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་སྦྱོར་བ་དང་། ཚུལ་ཁྲིམས་ཉམས་ཀྱང་སྒྲུབ་པར་བྱེད་པའི་སྐལ་བ་དང་ལྡན་པ་རྣམས་ལ་གཞན་ལ་ཆོས་བསྟན་
པའི་སྦྱོར་བ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་ལས་དེར་གཏོགས་པའི་དགེ་བའི་ཆོས་ཉེ་བར་སྒྲུབ་པའི་སྦྱོར་བ་དང་། བསམ་གཏན་ལས་ལྡོག་པར་ནུས་བཞིན་དུ་བསམ་གཏན་ལ་མངོན་པར་དགའ་བའི་སྦྱོར་བ་དང་། དབང་ཐོབ་པར་གྱུར་པས་སྤྲུལ་པ་རྣམ་པ་སྣ་ཚོགས་པའི་སེམས་ཅན་གྱི་
เล่ม ๑๓๓ · หน้า 35a
དོན་ལ་སྦྱོར་བ་དང་། དེ་བཞིན་གཤེགས་པའི་མཛད་པ་རྫོགས་པར་གྱུར་ཀྱང་སེམས་ཅན་གྱི་དོན་ལ་སྦྱོར་བའོ། །འདིར་འབའ་ཞིག་པ་ཞེས་བྱ་བའི་སྒྲ་ནི་དོན་གྱི་གཙོ་བོའི་ཚིག་གོ། །ལྟ་བ་ལོག་པར་ཞུགས་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་ཕྱི་མ་ཕྱི་མས་བཤད་
པ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་ནི་ལྟ་བ་ལོག་པར་ཞུགས་པར་འགྱུར་རོ། །དེས་དེའི་གཉེན་པོའི་ཕྱོགས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཉམས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེས་སྦྱིན་པ་བཏང་བའི་འབྲས་བུ་འབྱུང་བར་མ་མཐོང་བ་ནི་འོང་བ་མ་མཐོང་བའོ། །
འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་ནི་འབྲས་བུ་མ་མཐོང་བའོ། །རྣམ་གྲངས་གཞན་ཡང་ལྟ་བ་ལོག་པ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་སྟེ། སྦྱིན་པ་དང་དེའི་འབྲས་བུ་ལ་གཞན་གྱི་སྟོབས་ཀྱིས་མངོན་པར་ཡིད་ཆེས་པའི་དད་པ་མེད་པའི་སྦྱོར་བས་སོ། །དད་པའི་མི་མཐུན་པའི་ཕྱོགས་མ་
དད་པ་ཉེ་བའི་ཉོན་མོངས་པ་རྒྱས་པར་གྱུར་པས་འོང་བ་མ་མཐོང་བའོ། །རང་གི་སྟོབས་ཀྱིས་སྦྱིན་པའི་འབྲས་བུ་ནི་མེད་དོ་ཞེས་ཡང་དག་པའི་ལྟ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལོག་པར་ལྟ་བ་ནི་འབྲས་བུ་མ་མཐོང་བའོ། །ཡང་རྣམ་གྲངས་གཞན་ནི་སྐྱེ་བ་མང་པོའི་འོག་ཏུ་སྦྱིན་པ་ལས་བྱུང་བའི་བསོད་
ནམས་བྱ་བའི་དངོས་པོའི་འབྲས་བུ་མྱོང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་འབྲས་བུ་མི་འདོད་པ་ནི་ལྟ་བ་ལོག་པའོ། །འདི་ནས་འཆི་འཕོས་མ་ཐག་པའི་སྐྱེ་བར་ངེས་པར་མྱོང་བ་མ་ཡིན་ན་སྐྱེ་བ་མང་པོས་ཆོད་པའི་འབྲས་བུས་ཅི་ཞིག་བྱ་ཞེས་ཟེར་བ་ནི་འོང་བ་མ་མཐོང་བ་དང་། འབྲས་བུ་མ་མཐོང་བའོ། །དེ་ལྟ་
བུའི་ལྟ་བས་སྦྱིན་པ་བྱིན་པ་ནི་རང་གི་རྒྱུད་ལ་འབྲས་བུ་ཅི་ཡང་མེད་པ་ཉིད་དོ། །སྦྱིན་པ་དེ་བྱིན་པ་ནི་ལེན་པ་པོ་དང་། རྗེས་སུ་མཐུན་པའི་དངོས་པོ་ཉིད་ཡིན་པས་གཞན་གྱི་དོན་འབའ་ཞིག་པ་ཉིད་ཡིན་ནོ། །ཚུལ་ཁྲིམས་ཉམས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་ལྡོག་པར་གྱུར་པ་སྟེ། གང་ཚུལ་ཁྲིམས་
ངན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་མེད་པ་ཞེས་བྱ་བ་ནི་ནན་ཏན་བྱེད་པར་མི་ནུས་པ་སྟེ། སྒྲུབ་པའི་སྣོད་དུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཡང་དེ་དག་གཞན་ངན་པར་སྤྱོད་པ་ལས་བཟློག་པའི་ཕྱིར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །དེས་གཞན་དག་ལ་ཆོས་སྟོན་པས་ཉེས་པར་སྤྱོད་
เล่ม ๑๓๓ · หน้า 35b
པའི་གནས་ནས་བསླངས་ནས་ལེགས་པར་སྤྱོད་པའི་གནས་ལ་འགོད་པར་བྱེད་དེ་ཞེས་བྱ་བ་ནི་གཞན་གྱི་དོན་ཏོ། །མཐོང་བའི་ཆོས་འདི་ཉིད་ལ་སྟོན་པར་བྱེད་པའི་ཚེ་ཚུལ་ཁྲིམས་རྣམ་པར་དག་པ་དང་། མ་འོངས་པ་ན་ཤེས་རབ་རྒྱས་པར་བྱ་བའི་རྒྱུ་ཡང་མེད་པ་སྟེ། རང་གི་རྒྱུད་ཉམས་པར་
བྱས་པའི་ཕྱིར་འབའ་ཞིག་པའོ། །ས་འོག་མ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་དགྲ་བཅོམ་པའམ། ཕྱིར་མི་འོང་བ་ལ་གནས་ནས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་འབྲས་བུའི་དབང་དུ་བྱས་ནས་སྦྱིན་པ་ལ་སོགས་པའི་བྱ་བ་
ལ་སྦྱོར་བ་ནི་གཞན་གྱི་དོན་འབའ་ཞིག་པ་སྟེ། དེ་ནི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདས་པའི་ཕྱིར་དང་། གཞན་དག་རྗེས་སུ་གཟུང་བ་ནི་དེ་ལ་ཡོད་པའི་ཕྱིར་རོ། །བསམ་གཏན་ལ་དབང་ཐོབ་པའི་སྦྱོར་བས་བསམ་གཏན་བསྒྱུར་བ་ལ་མཁས་པར་འགྱུར་ཏེ། ལས་དང་། ཉོན་མོངས་པ་དང་།
སྐྱེ་བ་ལ་དབང་ཐོབ་པའི་སྦྱོར་བས་སོ། །གཞན་གྱི་དོན་དུ་བསམ་གཏན་བསྒྲུབས་ནས་དེ་དག་ཏུ་སྙོམས་པར་འཇུག་པ་དང་། སྐྱེ་བས་ཐོབ་པར་བསྒྱུར་ཏེ། དེ་ལས་ཉམས་པ་ཡང་མེད་བཞིན་དུ་དེའི་དབང་གིས་སྐྱེ་བ་མི་ལེན་གྱི། གཞན་གྱི་དོན་མང་དུ་བྱ་བ་གཙོར་གྱུར་པར་མཐོང་བའི་འདོད་པའི་
ཁམས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་རོ། །བསམ་གཏན་དེ་ལ་རང་གི་རྒྱུད་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་པ་ཉིད་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་མེད་པའི་ཕྱིར་དང་། གཞན་དག་ལ་ཉེ་བར་ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར། གཞན་གྱི་དོན་འབའ་ཞིག་པ་ཡིན་ནོ། །
ས་བརྒྱད་པ་ནས་ཉེ་བར་བཟུང་ནས་དབང་ཐོབ་པས་དབང་བཅུའི་སྦྱོར་བས་མཐུ་ཆེན་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱིས་སྟོང་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་རྣམས་ཀྱི་དོན་དུ་དགའ་ལྡན་ན་བཞུགས་པ་ནས་བརྩམས་ནས་ཇི་སྲིད་མྱ་ངན་ལས་འདས་པ་ཆེན་པོའི་བར་
གྱི་མཛད་པ་སྟོན་པར་མཛད་དོ། །དེ་ལྟ་ན་ཡང་དེ་ཉིད་ཀྱི་དོན་ཡོད་པ་མ་ཡིན་པས་གཞན་གྱི་དོན་འབའ་ཞིག་པའོ། །རང་གི་དོན་མཛད་ཟིན་པ་ཞེས་བྱ་བ་ནི་རང་གི་མཛད་པ་རྣམས་མཛད་པས་ཡོངས་སུ་རྫོགས་པར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
เล่ม ๑๓๓ · หน้า 36a
རྣམས་ལ་བརྟེན་ནས་སེམས་ཅན་གྱི་དོན་མཛད་པ་རྣམ་པ་སྣ་ཚོགས་ལ་འཇུག་པར་འགྱུར་རོ་ཞེས་བྱ་བར་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གི་མཛད་པ་ནི་དེ་དག་ཉིད་ཅི་དགོས་པ་ཅི་ཡང་ཡོད་པ་མ་ཡིན་པས་གཞན་གྱི་དོན་
འབའ་ཞིག་པའོ། །ཇི་སྐད་བསྟན་པའི་སྔ་མ་གཉིས་ནི་ཞེས་བྱ་བ་ནི་ལྟ་བ་ཉམས་པ་ནི་གཞན་གྱི་དོན་སྦྱིན་པའི་སྒོ་ནས་སོ། །ཚུལ་ཁྲིམས་ཉམས་པ་ནི་སྟོན་པའི་སྒོ་ནས་ཏེ། ཡོངས་སུ་ཤེས་པར་བྱས་ལ་གཅིག་ཏུ་སྤང་བར་བྱ་བ་ཁོ་ནའོ། །བྱང་ཆུབ་སེམས་དཔའ་ལ་ལྟ་བ་ཉམས་པས་
སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་ཉམས་པས་གཞན་ཚུལ་ཁྲིམས་ལ་འགོད་པ་མེད་དེ། བྱང་ཆུབ་སེམས་དཔའི་ཆོས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེ་མ་ཡིན་པ་ཞེས་བྱ་བ་ནི་བསམ་གཏན་བསྒྱུར་བ་ལ་སོགས་པ་སྟེ། གང་གི་ཕྱིར་བསམ་གཏན་བསྒྱུར་བར་བྱས་ནས་
གཞན་གྱི་དོན་ཡིན་པ་དེས་ན་བྱ་བ་ཁོ་ན་སྟེ། རང་གི་རྒྱུད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་རྒྱུར་གྱུར་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྤྲུལ་པའི་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་ལ་བསླབ་པར་བྱའོ། །ཁྱད་པར་དུ་ཡང་སེམས་ཅན་
རྣམས་སྨིན་ཅིང་དགྲོལ་བའི་བྱ་བ་ལ་བསླབ་པར་བྱའོ། །དེ་དག་ལས་བཟློག་པ་ཞེས་བྱ་བ་ནི་ལྟ་བ་ཕུན་སུམ་ཚོགས་པས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཆོས་སྟོན་པའོ། །བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་རྣམ་པ་ལྔ་ནི་མདོར་བསྡུ་ན་གསུམ་དུ་རྣམ་པར་གཞག་
པར་བྱ་སྟེ། རྫས་ཀྱིས་དང་། དུས་ཀྱིས་དང་། ཁྱད་པར་གྱིས་སོ། །རྫས་ཀྱིས་ནི་གཉིས་ཏེ། ཉེས་པར་སྤྱོད་པ་ལས་བསླངས་ནས་ལེགས་པར་སྤྱོད་པ་ལ་འགོད་ཅིང་སྦྱོར་བར་བྱེད་པ་དང་། མཐོང་བའི་ཆོས་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་རྗེས་སུ་མཐུན་པའི་རྫས་ཉེ་བར་སྒྲུབ་པར་བྱེད་པ་ཉིད་དོ། །
དུས་ཀྱང་གཉིས་ཏེ། ཁྱད་པར་ཅན་དང་། ཅིག་ཤོས་ཉིད་དོ། །རྣམ་གྲངས་གཞན་ཡང་ངོ་བོ་ཉིད་དང་། ཐོག་མ་དང་། བར་མ་དང་། ཐ་མའོ། །ངོ་བོ་ཉིད་ཀྱང་གཉིས་ཏེ། ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཅན་དང་། རྗེས་སུ་འཛིན་པའི་མཚན་ཉིད་དོ། །ཐོག་མ་ནི་ཚེ་འདི་པའོ། །བར་
เล่ม ๑๓๓ · หน้า 36b
མ་ནི་ཚེ་རབས་གཞན་པའོ། །ཐ་མ་ནི་ཉེ་བར་ཞི་བར་བྱེད་པའོ། །དེ་ལ་ཆུང་ངུ་ནི་ཤེས་པའི་རྫས་སམ། བསོད་ནམས་བྱ་བའི་དངོས་པོའི་རྫས་སམ། ཁམས་སམ་རྣམ་པར་སྨིན་པར་རིག་པར་བྱའོ། །དེ་དག་ལས་བཟློག་པས་ནི་དགེ་བ་སྩོགས་པ་ཆེ་བར་རིག་པར་བྱའོ། །དགེ་
བ་མ་ཐོབ་པ་རྣམས་དང་པོར་བསྐྱེད་པས་ཐོབ་པ་ནི་དགེ་བ་ཡོངས་སུ་གཟུང་བའོ། །ཐོབ་པ་རྣམས་ཡང་དང་ཡང་མངོན་དུ་བསྒོམ་པར་སྦྱོར་བ་ནི་དགེ་བ་སྩོགས་པའོ། །གཞན་ཡང་ཞེས་བྱ་བ་ནི་གང་བདག་གིས་བྱས་པའི་དགེ་བ་དེ་ལ་ངེས་པར་གཞན་དག་ཡང་དག་པར་སྦྱོར་བར་བྱེད་པ་ཡིན་
ནོ། །གཞན་དུ་ན་བདག་ཉིད་འགྱོད་པའི་རྒྱུར་འགྱུར་གྱི། དགའ་བའི་རྒྱུར་མི་འགྱུར་རོ། །དེའི་ཕྱིར། གཞན་ལ་ཡོད་པའི་ཡོན་ཏན་གྱིས། །ཡོན་ཏན་མེད་རྣམས་གདུང་བར་འགྱུར། །ཁྱོད་ནི་ཉིད་ཀྱི་ཡོན་ཏན་རྣམས། །གཞན་ལ་མེད་པས་དེ་བཞིན་འགྱུར། །ཞེས་བསྟོད་པ་
ཡིན་ནོ། །འཛིན་དུ་འཇུག་པ་ནི་འདི་ལྟར་གྱིས་ཤིག་ཅེས་ཡང་དག་པར་སྦྱོར་བ་སྟེ། ཡང་དག་པར་འཛིན་དུ་འཇུག་པ་ཉིད་ཡང་དག་པར་སྦྱོར་བ་ཡིན་ནོ། །འདུལ་བར་བྱེད་ཅེས་བྱ་བ་ནི་དབང་དུ་གྱུར་པ་བསྒྲུབ་པའམ། བར་ཆད་སེལ་བར་བྱེད་པའོ། །འཛུད་པར་བྱེད་ཅེས་བྱ་བ་ནི་བསྒྲུབ་
པ་ལ་འགོད་པའོ། །འཇོག་པར་བྱེད་ཅེས་བྱ་བ་ནི་མི་གཡོ་བར་གྱུར་པ་དང་། གཞན་གྱིས་བསྒྱུར་དུ་མི་ནུས་པའི་ཕྱིར་ཏེ། ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་དང་། ཡོངས་སུ་གྱུར་པའི་དུས་སུ་བདེ་བའི་ཕྱིར་ཏེ། མཐར་ཐུག་པའི་དུས་སུ་རྗེས་སུ་མཐུན་པའི་ཕྱིར་རོ་
ཞེས་བྱ་བར་དགོངས་པའོ། །གང་བདག་ཉིད་ཉོན་མོངས་པ་ཅན་མ་ཡིན་པའི་བདེ་བ་ཉེ་བར་སྒྲུབ་པར་བྱེད་པ་དང་། ངེས་པར་གཞན་དག་ལ་ཡང་དག་པར་བསྒྲུབ་པར་བྱའོ། །གཞན་དུ་ན་འདོད་པའི་བདེ་བ་ལ་སྤྱོད་པ་ཉིད་དང་འདྲ་བར་འགྱུར་རོ། །ཡོ་བྱད་ཀྱི་བདེ་བ་ཞེས་བྱ་བ་ནི་འདོད་པ་ན་
ཀུན་དུ་སྤྱོད་པའི་རྣམ་པ་སྣ་ཚོགས་པའི་སྒོ་ནས་བདེ་བ་རྒྱ་ཆེན་པོ་ངེས་པར་འབྱུང་བའོ། །བསམ་གཏན་ལ་གནས་པའི་བདེ་བ་ཞེས་བྱ་བ་ནི་ཆེན་པོར་གྱུར་པ་དང་ཚད་མེད་པའོ། །ཕན་འདོགས་པའི་མཚན་ཉིད་ཅེས་བྱ་བ་ནི། དེ་མ་ཐག་ཏུ་ལུས་དང་སེམས་ཀྱི་བདེ་བ་སྐྱེད་པར་བྱེད་པས་རྗེས་སུ་
เล่ม ๑๓๓ · หน้า 37a
འཛིན་པར་བྱེད་པ་སྟེ། ཉོན་མོངས་པ་ཅན་སྤངས་པའི་ཕྱིར་དང་། ཕན་འདོགས་པས་ཕྱེ་བའི་ཕྱིར་ཕན་པའི་རྒྱུས་བསྡུས་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་ཚེ་འདི་པ་དང་། ཚེ་གཞན་ལ་འཆོལ་བའི་སྦྱོར་བས་བསྟན་པའི་ཕྱིར། བདག་དང་གཞན་གྱི་
དོན་ཚེ་འདི་ལ་ཕན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚེ་འདི་ལ་ཕན་པ་ནི་དང་པོ་རྩོམ་པའི་དུས་ན་འཇིག་རྟེན་འདིའི་བདེ་བ་དང་། ཡིད་བདེ་བའི་རྒྱུ་ཉིད་ཡིན་གྱི། ཚེ་གཞན་ནི་མ་ཡིན་པ་སྟེ། མི་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་མི་ཕན་པའི་རང་བཞིན་ནོ་ཞེས་བྱ་བའོ། །ཚེ་གཞན་
ལ་ཕན་པ་ལ་འཇིག་རྟེན་འདིར་དེ་ལྟ་མ་ཡིན་པ་ནི་གཞན་དུ་འདོད་པའི་རྣམ་པར་སྨིན་པ་ཐོབ་པར་བྱ་བའི་དུས་ན་སྡུག་བསྔལ་དང་ཡིད་མི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་གཉིས་ཀ་ལ་ཕན་པ་སྟེ། བདེ་བ་དང་ཡིད་བདེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། འདོད་པའི་རྣམ་པར་སྨིན་
པ་ཉིད་ཀྱི་ཕྱིར་རོ། །གཉིས་ཀ་ལ་ཕན་པ་མ་ཡིན་པ་ནི་སྨྲས་མ་ཐག་པ་གཉིས་ལས་བཟློག་པའོ། །ཆོས་ཡང་དག་པར་བླངས་པ་བཞི་པོ་དག་ཏུ་གོ་རིམས་བཞིན་ཞེས་བྱ་བ་ནི་ཡང་དག་པར་བླངས་པ་བཞིའི་སྒོ་ནས་ཇི་སྐད་བསྟན་པའི་བདག་དང་གཞན་གྱི་དོན་རྣམ་པ་བཞི་གོ་རིམས་བཞིན་
རིག་པར་བྱའོ། །དགེ་བའི་ཆོས་འཕེལ་བར་བྱ་བའི་ཕྱིར་དང་། མ་འོངས་པ་ན་འདོད་པའི་རྣམ་པར་སྨིན་པ་ཐོབ་པར་བྱ་བའི་ཕྱིར་དང་། རྟག་ཏུ་བྱ་བ་དང་འབྲེལ་པར་ཞུགས་པ་ཉིད་ནི་ཆོས་ཡང་དག་པར་བླངས་པ་ཞེས་བྱ་སྟེ། ལེགས་པར་སྤྱད་པ་ཡིན་ནོ། །སྔོན་མི་དགེ་བའི་ཆོས་ཀྱི་སྦྱོར་བ་
ལ་གོམས་པར་བྱས་པ་ལས་ད་ལྟར་ཉེས་པར་སྤྱོད་པ་ལ་བདེ་བ་དང་ཡིད་བདེ་བས་འཇུག་པར་འགྱུར་བ་ནི་དང་པོའོ། །ཉོན་མོངས་པ་མང་བ་དང་། སྦྱོར་བ་གོམས་པར་མ་བྱས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་དང་བཅས་པ་ཡིན་ན་ཡང་རྟེན་གཞན་གྱི་སྟོབས་ཀྱིས་ཚུལ་ཁྲིམས་ལ་སོགས་པ་
ལེགས་པར་སྤྱོད་པ་ལ་འཇུག་པ་ནི་གཉིས་པའོ། །ཉོན་མོངས་པ་ཆུང་བ་ཉིད་དང་། སྔོན་སྦྱོར་བ་གོམས་པར་བྱས་པའི་ཕྱིར་དགེ་བའི་ཕྱོགས་ལ་བདེ་བ་དང་། ཡིད་བདེ་བ་དང་བཅས་པས་འཇུག་པ་ནི་གསུམ་པའོ། །མི་འདོད་བཞིན་དུ་གཞན་གྱི་སྟོབས་ཀྱིས་བྱེད་དུ་བཅུག་པའམ། སྡུག་
เล่ม ๑๓๓ · หน้า 37b
བསྔལ་དང་ཡིད་མི་བདེ་བས་ཉེས་པར་སྤྱོད་པ་ལ་འཇུག་པར་གྱུར་པ་ནི་བཞི་པའོ། །དེ་དག་ལས་ནག་པོའི་ཕྱོགས་གཉིས་ནི་སྤང་བར་བྱ་བའོ། །དཀར་པོའི་ཕྱོགས་གཉིས་ནི་ངེས་པར་བསྟེན་པར་བྱ་བའོ། །དཀར་པོའི་ཕྱོགས་ཀྱི་སྒོ་ནས་བདག་དང་གཞན་གྱི་དོན་ཚེ་འདི་པ་དང་ཚེ་གཞན་
པར་རིག་པར་བྱའི་ནག་པོའི་ཕྱོགས་ཀྱི་སྒོ་ནས་ནི་མ་ཡིན་ནོ། །དེ་ལ་མྱ་ངན་ལས་འདས་པ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྒྱུ་དང་བཅས་པར་ཉེ་བར་ཞི་བར་བྱེད་པའི་རང་བཞིན་ཡིན་པས་ཞི་བར་བྱེད་པའོ། །དེ་ཉིད་ནི་བདག་དང་གཞན་གྱི་དོན་ཏེ། དོན་ཞེས་བྱ་བའི་སྒྲ་ནི་དགོས་པ་ཞེས་བྱ་བའི་
ཚིག་ཡིན་པའི་ཕྱིར་རོ། །འཁོར་བ་དང་འགལ་བའི་དཀར་པོའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཇི་ལྟར་རིགས་པའི་དགེ་སྦྱོང་གི་འབྲས་བུ་རྣམ་པ་བཞི་འཐོབ་པ་ལ་རྗེས་སུ་མཐུན་པའི་ཕྱིར་དང་། ཉེ་བར་ཞི་བར་བྱེད་པ་ལ་དགོས་པའི་ཕྱིར་ཞི་བར་བྱེད་པ་སྟེ། བདག་དང་
གཞན་གྱི་དོན་ཡིན་ནོ། །མདོར་བསྡུ་ན་བདེ་བའི་རྣམ་པ་བཞི་དང་། རྣམ་པར་གཞག་པ་རྣམ་པ་ལྔར་རིག་པར་བྱ་སྟེ། རྒྱུ་བདེ་བ་དང་། ངོ་བོ་ཉིད་ཀྱི་བདེ་བ་དང་། སྡུག་བསྔལ་གྱི་གཉེན་པོའི་བདེ་བ་དང་། དོན་དམ་པའོ། །གསུམ་ནི་རེ་རེ་ལ་རེ་རེ་གོ་རིམས་བཞིན་ནོ། །དོན་དམ་པའི་
བདེ་བ་ནི་གཉིས་ཏེ། དེའི་དུས་པ་དང་། གཏན་དུ་བའོ། །རྒྱུ་ཉིད་བདེ་བ་ནི་རྒྱུ་བདེ་བའོ། །གཞན་དག་ཀྱང་དེ་བཞིན་ནོ། །བདེ་བ་འབྱུང་བའི་རྒྱུ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་སོ་སོའམ་བསྡུས་ནས་བདེ་བའི་རྒྱུར་རྣམ་པར་གཞག་གོ། །ཡུལ་ལས་སྐྱེས་པ་བདག་པོ་དང་།
དམིགས་པའི་རྐྱེན་གྱིས་བསྡུས་པ་དབང་པོ་དང་ཡུལ་གྱི་ལྷན་ཅིག་བྱེད་པ་ཅན་ནི་བདེ་བའི་རྒྱུ་ཡིན་པའི་ཕྱིར། བདེ་བ་ཞེས་བརྗོད་དོ། །དེ་དག་རྒྱུ་གསུམ་གྱིས་བདེ་བར་རྣམ་པར་གཞག་པར་བྱས་ཏེ། མངོན་པར་འདོད་པ་ཉིད་ཡིན་པ་དང་། བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་། འདོད་པའི་རྣམ་པར་
སྨིན་པས་བསྡུས་པའི་ཕྱིར། གསུམ་པོ་འདི་དག་དང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཡང་རྒྱུ་རྣམ་པ་གཉིས་སུ་འགྱུར་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་ཞེས་བྱའོ། །མ་འོངས་པའི་འདོད་པའི་ཚོར་བ་མྱོང་བའི་རྒྱུ་ཡང་ཁམས་གསུམ་དུ་ཡང་རྣམ་པར་སྨིན་པ་
เล่ม ๑๓๓ · หน้า 38a
དང་བཅས་པའི་དགེ་བའི་ལས་སམ། མཐོང་བའི་ཆོས་ཀྱི་དབྱེ་བ་ནི་བདེ་བའི་རྒྱུ་ཞེས་བརྗོད་དོ། །བདེ་བའི་རྒྱུ་ནི་བཞི་པོ་འདི་དག་ཡིན་གྱི། འདི་དག་ལས་གཞན་བདེ་བའི་རྒྱུ་ནི་མེད་དོ་ཞེས་བྱ་བར་བསྟན་པའི་ཕྱིར། འདི་ལས་གོང་ན་ཡང་མེད་དོ་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །དེ་ལ་བདེ་བ་ནི་ཡོངས་སུ་རྫོགས་པའི་བདེ་བ་དང་། ཡོངས་སུ་མ་རྫོགས་པའི་བདེ་བའོ། །དེ་ལ་ཡོངས་སུ་རྫོགས་པ་ནི་སྡུག་བསྔལ་བསལ་བར་བྱ་བ་ལ་ལྟོས་པ་མེད་པར་བདེ་བའི་རྒྱུ་དག་ལས་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ནི་ཚོར་བ་བདེ་བའོ་ཞེས་བསྟན་པའི་ཕྱིར།
སྡུག་བསྔལ་རབ་ཏུ་ཞི་བ་ལ་མི་ལྟོས་པར་ཞེས་བྱ་བ་སྨྲས་ཏེ། སྡུག་བསྔལ་བསལ་བ་ལས་བྱུང་བ་མ་ཡིན་པའོ་ཞེས་བསྟན་པར་འགྱུར་རོ། །གསུམ་པོ་དེ་དག་ཉིད་ལས་ཞེས་བྱ་བ་ནི་དབང་པོ་དང་། ཡུལ་དང་། རེག་པ་ལས་བསྡུས་པའི་བདེ་བའི་རྒྱུ་ཞེས་བྱ་བའི་དོན་ཏོ། །ལུས་དང་
སེམས་རྗེས་སུ་འཛིན་པར་བྱེད་པ་སྟེ། བདེ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ཚོར་བ་བདེ་བ་དེ་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་པའི་དབང་དུ་བྱས་ནས་སྨྲས་པ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཟག་པ་མེད་པ་ཡང་སློབ་པ་དང་། མི་སློབ་
པའི་ལམ་གྱིས་བསྡུས་པའི་དབྱེ་བས་རྣམ་པ་གཉིས་སོ། །ཟག་པ་དང་བཅས་པ་ཡང་ཁམས་གསུམ་པའི་ཁམས་དང་སྐྱེ་མཆེད་དང་ཡང་དག་པར་ལྡན་པའོ། །དེའི་ཕྱིར་སྨྲས་པ། དེ་ཡང་ཅི་རིགས་པར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་མཆེད་དྲུག་གི་བྱེ་བྲག་ལས་མིག་གི་འདུས་ཏེ་རེག་པ་
ལས་བྱུང་བ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཅི་རིགས་པའི་དོན་ནི་འདི་ཡིན་ཏེ། འདོད་པ་དང་རབ་ཏུ་ལྡན་པའི་རྣམ་པ་དྲུག་ནི་ལུས་དང་ཡང་དག་པར་ལྡན་པའི་རྣམ་པར་ཤེས་པ་དྲུག་གོ། །གཟུགས་ཀྱི་ཁམས་དང་ཡང་དག་པར་ལྡན་པ་ནི་རྣམ་པར་ཤེས་པ་བཞི་དང་ཡང་དག་པར་
ལྡན་པའི་རྣམ་པ་བཞི་སྟེ། དེ་དག་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པས་སོ། །གཟུགས་མེད་པ་དང་ཡང་དག་པར་ལྡན་པ་ནི་རྣམ་པ་གཅིག་ཉིད་དོ། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པ་སྟེ། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པ་དྲུག་གོ། །ཡང་རྣམ་པ་
เล่ม ๑๓๓ · หน้า 38b
དྲུག་པོ་དེ་དག་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་། སེམས་ཀྱིའོ། །དེ་ལ་ལུས་ཀྱི་ནི་རྣམ་པ་ལྔའོ། །སེམས་ཀྱི་ནི་དྲུག་པའོ། །དེའི་ཕྱིར་སྨྲས་པ། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་
པ་ནི་ཡིད་ཀྱིའོ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་ལྔ་དང་ཡང་དག་པར་ལྡན་པའི་ཚོར་བ་ནི་རྡུལ་ཕྲ་རབ་བསགས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དག་པར་བརྟེན་པ་ནི་སེམས་ཙམ་ལ་བརྟེན་པའི་ཕྱིར་སེམས་ལས་བྱུང་བའོ། །དུས་མི་མཉམ་པར་
གྱུར་པ་ལ་སོགས་པ་ལས་བྱུང་བའི་སྡུག་བསྔལ་གྱི་གཉེན་པོས་ཞི་བར་བྱས་ཏེ། ལོག་པ་ཙམ་དེ་ཉིད་ལ་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་བདེ་བར་རྣམ་པར་འཇོག་པར་བྱེད་དོ། །ཚོར་བ་བདེ་བ་དེ་ཡང་ཡོད་ཅིང་ཚོར་བའི་རྒྱུ་ཡང་ཡོད་ན་སྡུག་བསྔལ་ལ་གནས་པས་ཡང་དག་པར་བསྡུས་
པའི་ཚོར་བ་ལྡོག་པར་འགྱུར་བས་ཚོར་བ་རྒྱུན་ཆད་པ་ནི་བདེ་བའོ་ཞེས་བསྟན་པའི་ཕྱིར་སྨྲས་པ་དང་། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་བའོ། །གནོད་པ་དང་བཅས་པའི་སྡུག་བསྔལ་ལས་ཐར་པ་ནི་གནོད་པ་མེད་པའི་བདེ་བའོ། །གནོད་པ་དང་བཅས་པའི་
སྡུག་བསྔལ་ནི་རྣམ་པ་བཞི་སྟེ། ཁྱིམ་པ་རྣམས་ཀྱིས་བཙལ་བ་དང་། བསྲུང་བ་ལ་སོགས་པས་བྲེལ་བའི་སྡུག་བསྔལ་དང་། འདོད་པ་ལ་མི་མཁས་པའི་སྡུག་བསྔལ་དང་། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པས་ཀུན་དུ་དཀྲུགས་པའི་སྡུག་བསྔལ་དང་། སྒྲིབ་པ་ལ་ཀུན་དུ་རྨོངས་པའི་
སྡུག་བསྔལ་ལོ། །དེ་དག་ལས་ངེས་པར་ཐར་པའི་རྣམ་པ་བཞི་ནི་གནོད་པ་མེད་པའི་བདེ་བ་ཞེས་བྱ་བའོ། །ཡང་དག་པར་དད་པས་ཞེས་བྱ་བ་ནི་བདག་དུལ་བར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནས་བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་གྱི་བར་གྱི་ཕྱིར་རབ་ཏུ་བྱུང་བ་ནི་མངོན་པར་འབྱུང་བའི་
བདེ་བའོ་ཞེས་བསྟན་པའི་ཕྱིར། ཁྱིམ་སོའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ངེས་པར་ཐར་པ་ཞེས་བྱ་བ་སྟེ། ཁྱིམ་སོའི་བྱ་བ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་ནི་ནོར་མེད་པ་རྣམས་ནི་ཚོལ་བའི་སྒོ་ནས་སྡུག་བསྔལ་ལོ། །ནོར་དང་བཅས་པ་རྣམས་ནི་བསྲུང་བའི་སྒོ་ནས་སྡུག་བསྔལ་ལོ། །དེ་དག་ལས་
เล่ม ๑๓๓ · หน้า 39a
ངེས་པར་གྲོལ་བ་ནི་དེ་དག་གི་གཉེན་པོའི་ཕྱོགས་མངོན་པར་འབྱུང་བའི་བདེ་བར་རྣམ་པར་གཞག་སྟེ། ཁྱིམ་སོ་ལས་ངེས་པར་འབྱུང་བ་ནི་གཞན་ལ་ངེས་པར་ཡོད་པ་མ་ཡིན་པས་དེའི་ཕྱིར་མངོན་པར་འབྱུང་བའི་བདེ་བ་ཞེས་བྱའོ། །གཉེན་པོའི་ཕྱོགས་མངོན་
སུམ་དུ་བྱས་པས་འདོད་པ་རྣམས་དང་སྡིག་པ་མི་དགེ་བའི་ཆོས་རྣམས་སྤོང་བས་ན་བདེ་བ་སྟེ། བསམ་གཏན་དང་པོའི་ས་པའི་བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱ་བའོ། །རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ས་པའི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ངང་གིས་
འཇུག་པ་ནི་ཉེ་བར་ཞི་བའི་བདེ་བར་རྣམ་པར་གཞག་པར་བྱའོ། །ཁམས་གསུམ་པའི་ཉོན་མོངས་པའི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པས་ཟག་པ་ཐམས་ཅད་དང་བྲལ་བར་གྱུར་པའི་སྦྱོར་བས་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བདེ་བ་གང་ཡིན་པ་དེ་ནི་མངོན་པར་
རྫོགས་པར་བྱང་ཆུབ་པའི་བདེ་བ་ཞེས་བྱ་སྟེ། སྤངས་པ་དང་ཡེ་ཤེས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་དག་གཉི་ག་ཡང་བདེ་བ་ཞེས་བརྗོད་དེ། སྡུག་བསྔལ་ལས་ངེས་པར་གྲོལ་བའི་ཕྱིར་རོ། །བདེ་བ་རྣམ་པ་ལྔ་རྣམ་པར་གཞག་པའི་ཕྱིར་སྨྲས་པ། དེ་ལ་རྒྱུ་བདེ་བ་
ནི་ཞེས་བྱ་བ་ལ་སོགས་པ་ལ། ཚོར་བའི་རྒྱུར་གྱུར་པ་བཞི་པོ་ཡང་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཉིད་དུ་རྣམ་པར་གཞག་གི །དེ་དག་གི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ཏེ། ཇི་ལྟར་མི་བདེ་ཞེས་བྱ་བ་དང་། སངས་རྒྱས་འབྱུང་བ་བདེ་བ་སྟེ། །ཞེས་བྱ་བ་ལྟ་བུའོ། །ཚོར་བ་བདེ་བ་ནི་ཉམས་སུ་
མྱོང་བའི་མཚན་ཉིད་ཡིན་པའི་ཕྱིར། ངོ་བོ་ཉིད་ཀྱིས་བདེ་བ་ཞེས་བརྗོད་དེ། རྒྱུ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །རྒྱུའི་དངོས་པོས་ཀྱང་མ་ཡིན་ལ་ཞེས་བྱ་བ་ནི། བདེ་བ་དེ་ལ་རྒྱུ་ཡོད་པ་མ་ཡིན་གྱི་སྡུག་བསྔལ་དང་བྲལ་བར་གྱུར་པ་ཙམ་ཡིན་པས་དེའི་ཕྱིར་བདེ་བ་དེ་ལ་རྒྱུ་ཡོད་པ་མ་ཡིན་ལ།
ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། ཚོར་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྡུག་བསྔལ་རྒྱུན་ཆད་པའི་ངོ་བོ་ཙམ་ལ་བདེ་བ་ཞེས་ཉེ་བར་གདགས་སོ། །དེའི་ཕྱིར། སྡུག་བསྔལ་ཞི་བར་གྱུར་པ་ཞེས་བྱ་བ་ལ། སྡུག་བསྔལ་ཞི་བར་གྱུར་པའི་དོན་ཡང་སྡུག་བསྔལ་བསལ་བས་ཞེས་བྱ་བའོ། །
เล่ม ๑๓๓ · หน้า 39b
ཡང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པ་ཡིན་པས་ཞི་བར་གྱུར་པ་ཡིན་ལ། ཆུང་བར་གྱུར་པ་ནི་བསལ་བའོ། །ཚོར་བ་རྒྱུན་ཆད་པའི་བདེ་བ་ནི་སྔར་བསྟན་མ་ཐག་པའི་བདེ་བ་རྣམ་པ་གསུམ་པོ་ལྟ་བུ་ནི་མ་ཡིན་ཏེ། འོན་ཀྱང་སྡུག་བསྔལ་དང་བདེ་བ་ཚོར་བ་ཡང་དག་པར་ན་
སྡུག་བསྔལ་ཞེས་བརྗོད་དེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ལས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ནི་དུས་རེ་ཞིག་པའི་སྦྱོར་བས་དོན་དམ་པའི་བདེ་བ་ཞེས་བྱའོ། །དེའི་ཕྱིར། ཚོར་བ་གང་ཅི་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ཅི་ཡང་རུང་བ་ཞེས་བྱ་
བས་ནི་ཚོར་བ་རྣམ་པ་གསུམ་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི་ངོ་བོ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡིན་པའི་ཕྱིར་དང་། བདེ་བའི་ཚོར་བ་ཡང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ཏེ། གཞན་
དུ་འགྱུར་བའི་སྦྱོར་བས་སོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་སྦྱོར་བ་མེད་པའི་བདེ་བ་ལ་སྦྱོར་བས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །དེ་བཞིན་དུ་ཚོར་བ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་དོ། །ཐ་མ་རྫོགས་པར་བྱང་ཆུབ་པའི་བདེ་བ་ནི་དོན་
དམ་པ་སྟེ། སྡུག་བསྔལ་ལས་གཏན་དུ་ངེས་པར་གྲོལ་བས་བདེ་བ་མ་ལུས་པའི་མཐར་ཐུག་པའོ། །ཕུང་པོའི་ལྷག་མ་དང་བཅས་པའི་དབང་དུ་བྱས་ནས། ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་ཕྱོགས་ནི་ཁམས་གསུམ་གྱི་ཉོན་མོངས་པའོ།
གནས་ངན་ལེན་ཞེས་བྱ་བ་ནི་ཉོན་མོངས་པའི་ས་བོན་ནོ། །རྟེན་ལ་ཡོད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་ཡང་དག་པར་གནས་པའོ། །གཏན་མེད་པར་གྱུར་པ་ཞེས་བྱ་བ་ནི་གཏན་དུ་ཀུན་ནས་བཅོམ་པ་སྟེ། གང་ལ་རྣམ་པར་གྲོལ་བའི་བདེ་བ་ཞེས་བྱ་བའོ། །འདི་ལས་གཞན་པ་གསུམ་ནི་
རྫོགས་པར་བྱང་ཆུབ་པའི་བདེ་བ་ལ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་གནོད་པ་མེད་པའི་བདེ་བ་ཞེས་དེའི་མིང་གིས་བརྗོད་དོ། །དེ་དང་མཐུན་པ་ཉིད་བསྟན་པའི་ཕྱིར་ཚིག་ཕྱི་མ་དག་བསྟན་པ་ཡིན་ནོ། །གནོད་པ་མེད་པའི་བདེ་བའི་རྒྱུ་ཡིན་པའི་ཕྱིར། གནོད་པ་མེད་པའི་བདེ་བ་ཞེས་བསྟན་ཏོ། །དེ་བཞིན་
เล่ม ๑๓๓ · หน้า 40a
དུ་རྒྱུ་ཉིད་དང་། ངོ་བོ་ཉིད་དང་། སྡུག་བསྔལ་རྒྱུན་ཆད་པ་ཉིད་དང་། དོན་དམ་པ་ཉིད་ཀྱིས་བདེ་བ་རྣམ་པ་ལྔའི་རྣམ་པར་དབྱེ་བ་བསྟན་པར་འགྱུར་རོ། །སྔར་བསྟན་པའི་ཚེ་འདི་པ་དང་ཚེ་གཞན་པའི་དབྱེ་བས་བདག་དང་གཞན་གྱི་དོན་ཆོས་ཡང་དག་པར་བླངས་
པ་བཞི་ཡང་བསྟན་པ་ཡིན་ནོ། །དེ་ལ་ནག་པོའི་ཕྱོགས་རྣམས་ཀྱིས་བསྡུས་པས་ནི་སེམས་ཅན་རྣམས་ཉེ་བར་བསྡུ་བར་མི་བྱ་ལ། བདག་ཉིད་ཀྱང་ཡང་དག་པར་སྦྱར་བར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཕན་པའི་
ཕྱོགས་ཞེས་བྱ་བ་ནི་ཕྱི་མའི་རྣམ་པར་སྨིན་པ་བདེ་བའོ། །གནོད་པའི་ཕྱོགས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་འོངས་པའི་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བའོ། །རྒྱུ་གཅིག་ཏུ་ཉོན་མོངས་པ་ཅན་ཉིད་དུ་གྱུར་པས་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར། དེའི་འབྲས་བུ་ཡང་མི་འདོད་པ་ཉིད་
དུ་གྱུར་པས་དེ་ནི་གཞན་ཡང་བསྒྲུབ་པར་མི་བྱ་ལ། མི་ཕན་པའི་ཕྱོགས་ཀྱི་བདེ་བ་ལ་འཇུག་པར་གྱུར་ན་ཡང་སེམས་ཅན་འདི་དག་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་དོན་ལ་ཞུགས་པ་མ་ཡིན་གྱི་དོན་མེད་པ་ལ་ཞུགས་པ་ཡིན་ནོ་ཞེས་ཤེས་རབ་ཀྱིས་རྣམ་པར་ཤེས་པར་བྱས་ལ། དེ་ལས་སེམས་
ཅན་རྣམས་བཟློག་པར་བྱ་སྟེ། བསྔགས་པ་མ་ཡིན་པ་བརྗོད་པ་ཉིད་དང་། ཉེས་དམིགས་སྟོན་པ་ཉིད་ཀྱིས་དེ་ལས་བཟློག་པའི་སྦྱོར་བས་ནུས་པ་ཡོད་ན་འབད་པར་བྱའོ། །ཆོས་ཡང་དག་པར་བླངས་པ་གཉིས་པ་གང་ཡིན་པ་དེ་ལ་ནི་ཕན་པ་ཡིན་ན་ནི་མི་འདོད་ཅིང་། རེ་ཞིག་པའི་སྡུག་བསྔལ་
དང་ཡིད་མི་བདེ་བ་སྐྱེར་ཟིན་ཀྱང་། ཐབས་གང་ཡང་རུང་བས་སྟོབས་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཐབས་མཁས་པ་ལ་བརྟེན་ནས་ཞེས་བྱ་བ་ལ། དེ་ལ་བླངས་པ་དང་པོ་བསྡུས་པའི་མི་ཕན་པ་ལས་སེམས་ཅན་རྣམས་བཟློག་
པ་ན་དུས་རེ་ཞིག་སྡུག་བསྔལ་དང་། ཡིད་མི་བདེ་བར་སྐྱེར་ཟིན་ཀྱང་དེ་ནི་ཉེ་བར་བསླབ་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བ་སྦྱིན་པར་འདོད་པ་ཡིན་ན། ཅིའི་ཕྱིར་ད་ལྟར་གྱི་བདེ་བ་བསལ་ནས་སྡུག་བསྔལ་ལ་སྦྱོར་བར་འདོད་ཅེ་ན། སྨྲས་པ། སྡུག་བསྔལ་དང་བཅས་
เล่ม ๑๓๓ · หน้า 40b
པའི་བདེ་བ་བསྒྲུབ་པ་གང་ཡིན་པ་དེ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་སྡུག་བསྔལ་དང་བཅས་པས་ཕན་པ་བསྒྲུབ་པ་དང་། བདེ་བ་དང་བཅས་པས་མི་ཕན་པ་ལས་བཟློག་པ་དེ་གཉིས་ཀ་ཡང་མ་འོངས་པའི་དུས་རིང་པོའི་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་འདི་དག་ཀྱང་
བདེ་བ་སྒྲུབ་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་རྣམས་ལ་ཕན་པར་འདོད་པ་གང་ཡིན་པ་དེ་ནི་དོན་གྱིས་ན་བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་སྟེ། ཕན་པ་ནི་བདེ་བ་དང་འབྲེལ་པ་ཡིན་ཏེ། ཡོངས་སུ་གྱུར་པའི་དུས་སུ་བདེ་བ་མི་འདོར་བ་ཡིན་ནོ། །དེ་ལྟ་བུའི་
བསམ་པ་ཉིད་ཀྱིས་སྦྱོར་བའི་དབང་དུ་བྱས་ནས་སྨྲས་པ། ཕན་པ་སྦྱིན་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་དང་ཡང་དག་པར་འབྲེལ་པའི་འབྲས་བུ་བསྟན་པའི་ཕྱིར། འདི་ལྟར་ཕན་པ་ནི་རྒྱུ་ལྟ་བུ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ལ་ཕན་པ་ནི་རྒྱུ་ཡིན་ལ། མ་འོངས་པའི་བདེ་བ་ནི་
འབྲས་བུ་ཡིན་ནོ། །དེ་ལྟ་བས་ན་གང་འགའ་ཞིག་ཕན་པ་ལ་རྗེས་སུ་ཞུགས་པ་དེ་ནི་འབྲས་བུར་གྱུར་པའི་བདེ་བ་ལ་རྗེས་སུ་ཞུགས་པ་ཡིན་པར་རིག་པར་བྱའོ། །མཐོང་བའི་ཆོས་དང་དེ་ལས་གཞན་པའི་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་དང་། མ་འོངས་པའི་འབྲས་བུ་བསྟན་པ་ཡིན་
ནོ། །བཞི་པོ་འདི་དག་ནི་གཅིག་ཏུ་བསྒྲུབ་པར་བྱ་བ་སྟེ། ཚེ་འདི་འམ། ཚེ་རབས་གཞན་དུ་གཏན་དུ་བ་དང་། རེ་ཞིག་པའི་ལས་ལ་སོགས་པ་གནོད་པ་མེད་པ་རྣམས་དཔྱད་མི་དགོས་པར་ངེས་པར་བསྒྲུབ་པར་བྱ་བ་སྟེ། བརྟག་མི་དགོས་པར་ཞེས་བྱ་བའི་དོན་ཏོ། །རྒྱུ་བསྟན་པར་བྱ་བའི་ཕྱིར།
ཕན་འདོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕན་འདོགས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དབང་པོ་དང་ཡུལ་གྱིས་བསྡུས་པའི་ཀུན་ནས་ཉོན་མོངས་པར་འགྱུར་བ་སྟེ། ཉོན་མོངས་པའི་རྟེན་དང་དམིགས་པ་ཡིན་པའི་ཕྱིར་རོ། །རེག་པས་བསྡུས་པ་ནི་ཉོན་
མོངས་པ་ཅན་ཏེ། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཚོར་བ་བདེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་རྟེན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །མི་ཕན་པ་ནི་བདེ་བ་དང་འགལ་བའི་ཕྱིར་རོ། །མི་འཕྲོད་པ་ནི་
เล่ม ๑๓๓ · หน้า 41a
སྡུག་བསྔལ་དང་རྗེས་སུ་འབྲེལ་པའོ། །ཡང་ན་མི་ཕན་པའི་དོན་བསྟན་པ་ནི། མི་འཕྲོད་པ་སྟེ། ཡོངས་སུ་གྱུར་ནས་སྡུག་བསྔལ་བའི་ཕྱིར་མི་འཕྲོད་པའི་སྨན་བཞིན་ནོ། །དེ་དག་ནི་བསྒྲུབ་པར་མི་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ལ་སོགས་པ་ཡིན་པའི་ཕྱིར་
རོ། །དེ་དག་ལས་བཟློག་པ་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། ཉོན་མོངས་པ་ཅན་མ་ཡིན་པ་ནི་བསྒྲུབ་པར་བྱ་སྟེ། ཁ་ན་མ་ཐོ་བ་མེད་པ་ལ་སོགས་པའི་ཕྱིར་རོ། །ཅི་ནུས་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པ་དང་རྗེས་སུ་མཐུན་པར་རོ། །ཅི་ལྕོགས་པ་བཞིན་དུ་ཞེས་བྱ་བ་ནི་
སེམས་ཅན་དང་རྗེས་སུ་མཐུན་པར་རོ། །བདག་ཉིད་ཀྱིས་ཀྱང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དང་། ཉོན་མོངས་པ་ཅན་གང་ཡིན་པ་དེ་ལ་ཡང་དག་པར་སྤྱོད་པར་མི་བྱེད་སློབ་པར་མི་བྱེད། ཉམས་སུ་མྱོང་བར་མི་བྱེད་ཀྱི། དེ་དག་ལས་བཟློག་པ་ལ་ནི་ཡང་དག་པར་སྤྱད་པ་
ནས་ཉམས་སུ་མྱོང་བའི་བར་དུ་བྱེད་དོ། །དེ་ལ་ཡུལ་དང་། དབང་པོ་དང་། རེག་པས་བསྡུས་པ་འདོད་པའི་རྣམ་པར་སྨིན་པ་འབྱུང་བའི་ཆོས་རྒྱུ་བདེ་བ་ལ་ནི་ཡང་དག་པར་སྤྱད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོའི་བདེ་བ་དང་། ཚོར་བ་རྒྱུན་ཆད་པའི་བདེ་བ་དང་། ཁ་ན་མ་ཐོ་བ་མེད་
པའི་བདེ་བ་སྟེ། དེ་དག་ལ་ནི་བསླབ་པར་བྱའོ། །ཚོར་བ་བདེ་བ་གང་ཁ་ན་མ་ཐོ་བ་མེད་པ་དེ་ནི་ཉམས་སུ་མྱོང་བར་བྱའོ་ཞེས་བྱ་བ་ནི་འདི་དག་གི་དབྱེ་བའོ། །རྒྱུ་ཡང་རྣམ་པ་གསུམ་ཡོད་ལ་ཞེས་བྱ་བ་ནི་རྒྱུའི་ངེས་པ་ལས་འབྲས་བུའི་ངེས་པར་རིག་པར་བྱའོ། །བསོད་ནམས་ཀྱི་རྣམ་པར་སྨིན་
པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཉེ་བར་སོགས་པར་འགྱུར་རོ་ཞེས་བྱ་བར་སྔོན་དུ་རྣམ་པར་སྨིན་པའི་རྒྱུ་བསྟན་ཏོ། །རྣམ་པར་སྨིན་པར་བྱེད་པའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ཚོགས་ཀྱང་རྣམ་པ་གཉིས་ཏེ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེའི་ཕྱིར་
འདིར་གཉིས་ཀའི་རྒྱུ་བསྟན་པ་ནི། བསོད་ནམས་ཀྱི་རྒྱུ་དང་། ཡེ་ཤེས་ཀྱི་རྒྱུ་ཞེས་བྱ་བ་སྟེ། བསོད་ནམས་ཀྱི་རྒྱུ་དང་། ཡེ་ཤེས་ཀྱི་རྒྱུ་ཞེས་བསྡུ་བར་བྱའོ། །བྱེད་པ་པོ་གང་རྣམ་པར་སྨིན་པ་ལ་གནས་པ་དང་། རྣམ་པར་སྨིན་པ་གང་ལ་གནས་པར་འགྱུར་བ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །
เล่ม ๑๓๓ · หน้า 41b
གང་བསོད་ནམས་དང་ལྡན་པར་གྱུར་པ་དེ་ནི་བསོད་ནམས་ཀྱི་འབྲས་བུའོ། །ཡེ་ཤེས་ཀྱི་བྱ་བ་ནི་ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པ་གང་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་མདོར་བསྟན་པ་དེ་བཞིན་དུ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བས་སྔར་བསྟན་པའི་རྣམ་པར་སྨིན་པ་བཤད་
པར་བྱའོ། །རེ་རེ་ལ་ཡང་དབྱེ་བ་དཔག་ཏུ་མེད་པ་དང་ལྡན་པས། མདོར་བསྡུ་ན་ཞེས་བྱ་བ་སྨྲས་ཏེ། དེའི་འབྲས་བུ་རྣམ་པ་བརྒྱད་ཡིན་པས་རྣམ་པར་སྨིན་པ་ནི་བརྒྱད་དོ། །ཡང་ན་བདེ་འགྲོར་སྐྱེས་ནས་རིང་དུ་གནས་པའི་དབང་དུ་བྱས་ནས་རྣམ་པར་སྨིན་པ་དང་པོའོ། །བདག་གི་དངོས་པོ་ཁྱད་
པར་དུ་འཕགས་པ་དང་། སྐྱེ་བ་ཁྱད་པར་དུ་འཕགས་པ་དང་། ལོངས་སྤྱོད་དང་འཁོར་ཁྱད་པར་དུ་འཕགས་པའི་དབང་དུ་བྱས་ནས་གཉིས་པ་དང་། གསུམ་པ་དང་། བཞི་པའོ། །འཇིག་རྟེན་པ་རྣམས་ཀྱི་ཚད་མའི་དབང་དུ་བྱས་ནས་ལྔ་པའོ། །ཚད་མར་གྱུར་པའི་གྲགས་པའི་
ཚིགས་སུ་བཅད་པའི་དབང་དུ་བྱས་ནས་ནི་དྲུག་པའོ། །ཡོན་ཏན་ཐམས་ཅད་ཀྱི་སྣོད་དུ་གྱུར་པའི་དབང་དུ་བྱས་ནས་བདུན་པའོ། །སྣོད་དུ་གྱུར་པས་བྱ་བ་ཐམས་ཅད་ལ་མཐུ་དང་ལྡན་པའི་དབང་དུ་བྱས་ནས་ནི་བརྒྱད་པའོ། །རྣམ་པ་གཉིས་ཀྱིས་ཚེ་ཕུན་སུམ་ཚོགས་པ་བསྟན་ཏེ། འཕེན་པ་ཆེན་པོ་
ཉིད་དང་། གནས་པ་ཆེན་པོ་ཉིད་དོ། །བྱང་ཆུབ་སེམས་དཔའ་བདེ་འགྲོར་སྐྱེས་པར་གྱུར་པའི་ཚེ་རིང་བར་འཕེན་པའི་ལས་ཀྱིས་འཕངས་པའི་ཚེ་ནི་རིང་བ་ཉིད་དང་ལྡན་པར་འགྱུར་གྱི་ཐུང་བར་མི་འགྱུར་ཏེ། དེ་ནི་དེར་སྐྱེས་པའི་སེམས་ཅན་གཞན་རྣམས་ལས་ལྷག་པར་འགྱུར་བའོ། །འཕངས་པའི་
ཚེ་རིང་བ་དང་ལྡན་པར་ཇི་སྲིད་འཕངས་པ་དེ་ལས་བར་དུ་ཆད་པར་མི་འགྱུར་བར་རིང་དུ་གནས་པ་ནི་རིང་དུ་གནས་པ་ཉིད་ཅེས་བརྗོད་དོ། །དེ་ལྟར་འཕངས་པའི་རྗེས་སུ་འཇུག་པ་ནི་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའི་ཚེ་རིང་བ་དེ་དབྱེ་ན་རྣམ་པ་བཞིར་འགྱུར་ཏེ།
རིང་བ་ཉིད་དང་། བར་མ་ཆད་པ་ཉིད་དང་། དགེ་བའི་ལས་དང་རྗེས་སུ་མཐུན་པ་ཉིད་དང་། བདེ་བ་དང་རྗེས་སུ་མཐུན་པ་ཉིད་དོ། །དེ་དག་ཐམས་ཅད་ནི་ཚེ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཁ་དོག་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་ནི་གཟུགས་བཟང་བའོ། །
เล่ม ๑๓๓ · หน้า 42a
དབྱིབས་ཕུན་སུམ་ཚོགས་པ་ནི་བལྟ་ན་སྡུག་པའོ། །གཉིས་ཀ་ཡང་མཛེས་པའི་རྒྱུ་ཡིན་པའི་ཕྱིར་མཛེས་པའོ། །ཡང་ན་ཆུ་ཞེང་ཕུན་སུམ་ཚོགས་པའི་ཕྱིར་མཛེས་པའོ་ཞེས་བྱ་བ་དང་། རྣམ་པ་གསུམ་པོ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། ཁ་དོག་དང་། དབྱིབས་ཕུན་
སུམ་ཚོགས་པ་དང་། དབང་པོ་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པ་དང་། ཆུ་ཞེང་ཕུན་སུམ་ཚོགས་པའོ། །རྣམ་པ་གཉིས་ཀྱིས་རིགས་མཐོ་ཞིང་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། མ་དང་ཕའི་ཕྱོགས་ནས་སྤྱོད་པ་སྨད་དུ་མེད་པ་དང་། ལོངས་སྤྱོད་ཆེན་པོ་ཉིད་དོ། །ཡང་དེ་ནི་རྣམ་པ་
བཞིར་འགྱུར་ཏེ། མའི་ཕྱོགས་ནས་རིགས་རྣམ་པར་དག་པ་དང་། ཕའི་ཕྱོགས་ནས་རིགས་རྣམ་པར་དག་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་འདོད་པའོ། །ལྷག་པར་ཕུན་སུམ་ཚོགས་པའི་བདག་པོར་གྱུར་པ་ནི་གཙོ་བོ་ཉིད་དུ་གྱུར་པ་ཞེས་བྱ་བའི་
དོན་ཏོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདུས་བྱས་པ་དང་། སེམས་ཅན་ནོ། །འདུས་བྱས་པ་ནི་སྲིད་པའི་ཉེ་བར་མཁོ་བས་བསྡུས་པ་ལོངས་སྤྱོད་ལ་སོགས་པ་འཚོ་བའི་ཡོ་བྱད་རྣམས་སོ། །སེམས་ཅན་ཡང་ཕྱོགས་སུ་གཏོགས་པ་དང་། འཁོར་ཏེ་རྣམ་པ་གཉིས་སོ་ཞེས་བྱ་བར། ལོངས་
སྤྱོད་ཆེ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཆེ་བ་ཡང་རྣམ་པ་བཞི་སྟེ། བཟང་ཞིང་རྒྱ་ཆེ་བའི་ལོངས་སྤྱོད་ཉིད་དང་། གྱ་ནོམ་པས་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་ཉིད་དང་། རྒྱུན་མི་འཆད་པའི་ལོངས་སྤྱོད་ཉིད་དང་། ཤིན་ཏུ་ལོངས་སྤྱོད་པའི་ལོངས་སྤྱོད་ཉིད་དེ། མའི་ཕྱོགས་དང་།
ཕའི་ཕྱོགས་སུ་གཏོགས་པའི་གཉེན་ནི་ཕྱོགས་སུ་གཏོགས་པ་ཞེས་བྱའོ། །དེ་དག་ཉིད་ལ་གཉེན་བཤེས་དང་། ཞབས་འབྲིང་དང་། སྣག་གི་གཉེན་མཚམས་ཞེས་ཀྱང་བྱའོ། །བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་སྐྱེས་བུ་རྣམས་ནི་འཁོར་ཞེས་བྱའོ། །འཁོར་གྱི་ཕྱོགས་ཆེན་པོ་ཡང་རྣམ་པ་
བཞི་སྟེ། མཆོག་ཏུ་གྱུར་པའི་ཕྱོགས་ཀྱི་འཁོར་ཉིད་དང་། གྱ་ནོམ་ཞིང་འབར་བའི་ཕྱོགས་ཀྱི་འཁོར་ཉིད་དང་། རྗེས་སུ་མཐུན་པའི་ཕྱོགས་ཀྱི་འཁོར་ཉིད་དང་། རྗེས་སུ་ཆགས་པའི་ཕྱོགས་ཀྱི་འཁོར་ཉིད་དོ། །ལུས་དང་ངག་གི་ལས་གང་དག་གིས་གཞན་དག་ལ་བསླུ་བ་མེད་པས་ཡིད་བརྟན་དུ་རུང་བས་
เล่ม ๑๓๓ · หน้า 42b
དེ་དང་རྗེས་སུ་མཐུན་པའི་ངག་གི་ལས་ལ་ཡིད་ཆེས་པ་ཡིན་ཏེ། དེས་ན་རྩོད་པའི་གནས་ཐམས་ཅད་དུ་རྩོད་པ་ཅན་རྣམས་ཀྱི་དབང་པོར་གྱུར་པས་ཚད་མར་གཞག་པར་འོས་པའི་ཕྱིར་འོས་པའོ། །བསླུ་བ་མེད་པ་ཡང་གསུམ་རྣམ་པར་དག་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། གཏོང་བ་དང་ལེན་པའི་
ཐ་སྙད་རྣམ་པར་གཞག་པ་ནི། གང་གཞལ་ལུགས་ལ་གཡོ་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཞལ་ལུགས་ལ་གཡོ་བྱེད་པ་ནི་ལེན་པ་དང་གཏོང་བ་ལ་མཐོན་དམན་དུ་བྱེད་པའོ། །འཇལ་བ་ལ་གཡོ་བྱེད་པ་ནི་སྲང་མཐོན་དམན་དུ་བྱེད་པའོ། །དེ་ལྟ་བུའི་གཞལ་ལུགས་ལ་སོགས་པས་
བསླུ་བར་མི་བྱེད་པའོ། །རང་གི་ནོར་གཏོང་བའི་དབང་དུ་བྱས་ནས་སྨྲས་པ། གཡོ་སྒྱུ་དང་ཞེས་བྱ་བ་ལ། གཡོ་དང་སྒྱུས་གཞན་དག་ལ་ཀུན་དུ་སྤྱོད་པ་མ་ཡིན་གྱི། བདེན་པ་ཡང་བདེན་པ་ཉིད་དུ་བྱེད་པ་ཉིད་དོ། །འཇིག་རྟེན་གྱི་ཐ་སྙད་རྣམ་པར་དག་པའི་དབང་དུ་བྱས་པ་དེ་ལ་ཡང་
གཡོ་དང་སྒྱུས་སྤྱོད་པར་མི་བྱེད་དོ་ཞེས་བྱའོ། །ཡང་ན་སྐྱེད་གཏོང་བ་ལ་སོགས་པ་ལ་ཡང་གཡོ་དང་སྒྱུ་མི་བྱེད་པའོ། །ནོར་སེར་སྣ་བྱས་པའི་དབང་དུ་བྱས་ནས་སྨྲས་པ། ནོར་གཏམས་པ་ལ་ངོར་མི་བྱེད་ཅིང་ཞེས་བྱ་བ་སྟེ། དེ་ལྟར་ན་ཉོ་བ་དང་འཚོང་བའི་སྒོ་ནས་གཏོང་བ་དང་ལེན་པའི་རྣམ་པར་
དག་པ་དང་། སྐྱེད་གཏང་བ་དང་ནོར་གཏམས་པ་ལ་རྣམ་པར་དག་པས་བསླུ་བ་མེད་པ་བསྟན་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཡིད་བརྟན་དུ་རུང་ཞིང་ཞེས་བྱ་བ་ལ་སྨྲས་པ། སེམས་ཅན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཚད་མར་གྱུར་པ་ཉིད་ཀྱི་དཔང་པོར་གཞག་པར་འོས་པ་ཡིན་ནོ། །
ཡིད་ཆེས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། གཞལ་ལུགས་ལ་གཡོ་བྱེད་པ་ལ་སོགས་པས་བསླུ་བ་མེད་པའོ། །གཞི་དེས་ཞེས་བྱ་བ་ནི་ཡིད་བརྟན་དུ་རུང་བ་དང་། ཡིད་ཆེས་པའི་གཞི་དེས་བསླུ་བར་མི་བྱེད་པའི་ལུས་ལ་སོགས་པའི་ལས་ཀྱི་གཞི་གང་ཡིན་པ་དེས་ཞེས་བྱ་བའི་དོན་ཏོ། །འཛིན་པར་
འགྱུར་བ་ཞེས་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པའི་ངག་ཅེས་བྱ་བའི་དོན་ཏོ། །གཞན་རྣམས་ཀྱིས་ཚད་མར་གྱུར་པས་བླང་བར་བྱ་བའི་ངག་ཡིན་པའི་ཕྱིར་གཟུང་བར་བྱ་བའི་ཚིག་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དབང་ཆེ་བར་གྲགས་པ་ནི་ཡངས་པ་དང་། རྒྱ་ཆེ་བ་དང་། རྣམ་པར་བཀྲམ་པ་སྟེ།
เล่ม ๑๓๓ · หน้า 43a
རྫས་དྲུག་ལས་ཀུན་དུ་བྱུང་བ་ནི་དབང་ཆེ་བར་གྲགས་པའོ། །བཟོའི་ལས་ཀྱི་གནས་རྣམ་པ་སྣ་ཚོགས་པ་ལ་མཁས་པ་ལས་བརྩམས་ནས་འཇིག་རྟེན་འདིར་གྲགས་པས་ཁྱབ་པ་ནི་གྲགས་པ་ཆེན་པོའོ། །དེ་དག་གཉི་གའི་སྦྱོར་བས་འཇིག་རྟེན་གྱི་བླ་མར་བྱེད་པ་ནི་
སྙན་པའོ། །དེ་བཞིན་དུ། དབང་ཆེ་བ་དང་། མཐུ་ཆེ་བ་དང་། ནུས་པ་ཆེ་བ་ཞེས་བྱ་སྟེ། སྐྱེ་བོ་མང་པོས་འདོད་པར་བྱ་བ་ཡིན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལ་དཔའ་བ་ནི་སྙིང་སྟོབས་སོ། །དེ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །ཉོན་
མོངས་པ་ཅན་ནི་གཡུལ་ངོར་དཔའ་བའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་སྦྱིན་པ་ལ་དཔའ་བ་སྟེ། སྙིང་སྟོབས་སྦྱིན་དང་འཐབ་པ་ལ་ཞེས་བསྟན་པའི་ངེས་པས་སོ། །བརྩོན་པ་ནི་ཡངས་ཤིང་རྒྱ་ཆེ་བའི་ལས་ཀྱི་མཐའ་ལ་ལུས་སྤྲོ་ཞིང་སྦྱོར་བ་དང་། དགེ་བའི་ཆོས་ལ་སེམས་སྤྲོ་བ་སྟེ། དེ་དག་
གཉིས་ཀ་ཡང་བརྩོན་པའོ། །བརྟན་པ་ནི་ངང་བརྟན་པ་སྟེ། སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་ཞིང་བདེ་བ་དང་བྲལ་བར་གྱུར་ཀྱང་ལུས་དང་སེམས་ལ་འགྱུར་བ་མེད་པས་བརྟན་ཞིང་སྲ་བའོ། །བྱ་བ་དེ་དང་དེ་ལ་བློས་ཉམས་སུ་མྱོང་བ་ལ་མཁས་པ་ནི་མཁས་པའོ། །སྦྱོར་བ་ལ་མཁས་པ་ནི་ཤེས་
ཉན་ཆེ་བའོ། །ཡང་ཤེས་བྱ་ཡངས་པ་ལ་རྗེས་སུ་འཇུག་པ་ལ་སེམས་པ་ནི་མཁས་པའོ། །ཤེས་བྱ་ཟབ་མོ་ལ་རྗེས་སུ་འཇུག་པ་ནི་ཤེས་ཉེན་ཆེ་བའོ། །དེ་དག་གཉིས་ཀ་དང་ལྡན་པ་ནི་ཤེས་རབ་ཆེན་པོ་དང་། ཤེས་རབ་ཟབ་མོ་ཞེས་བརྗོད་དོ། །ངང་ཚུལ་བཟང་བ་ནི་ཉེས་པར་སྤྱོད་པའི་
གཉེན་པོའི་ཕྱོགས་སུ་གྱུར་པ་ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་དག་ལ་མཁས་པ་ནི་ཇི་ལྟར་ཐོས་པ་ལས་བྱུང་བའི་ས་ལས་བསྟན་པ་བཞིན་དུ་དེ་དག་ལ་རབ་ཀྱི་མཐར་ཐུག་པར་གྱུར་པ་ལ་ལྷག་པར་མཁས་པ་དང་
ལྡན་པར་རིག་པར་བྱ་སྟེ། གཅིག་ལ་གཅིག་ལྟོས་ནས་ཁྱད་པར་འདི་དང་འདིའོ་ཞེས་མཁས་པའོ། །གཞི་དེས་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་མཁས་པ་དག་གི་གཞི་དེས་སོ། །བླ་མར་འགྱུར་ཞིང་ཞེས་བྱ་བ་ནི་གནས་དེ་དག་ལ་སྤྱོད་པ་ན་འཇིག་རྟེན་ཀུན་འདོད་པའོ། །དེའི་རིགས་སྐྱེ་བོའི་
เล่ม ๑๓๓ · หน้า 43b
ཚོགས་ཆེན་པོའི་ཞེས་བྱ་བ་སྨྲས་སོ། །བཀུར་སྟིར་བྱ་བ་ནི་བརྩེ་བའི་གནས་ཡིན་པའི་ཕྱིར་རོ། །བཙུན་པར་བྱ་བ་ནི་བརྩེ་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རིམ་གྲོར་བྱ་བ་ནི་གུས་པར་བྱ་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཡང་ན་བཀུར་སྟི་བྱ་བ་ནི་ལུས་ཀྱིས་སོ། །བཙུན་པར་བྱ་བ་ནི་
ངག་གིས་སོ། །རིམ་གྲོར་བྱ་བ་ནི་ཡིད་ཀྱིས་ཏེ་ཡོན་ཏན་འབྱུང་བའི་ཕྱིར་རོ། །རྣམ་པ་དེ་དག་ཉིད་ཀྱིས་མཆོད་པར་བྱ་བའི་གནས་ཡིན་ནོ། །སྐྱེས་པའི་དངོས་པོ་ཞེས་བྱ་བ་ནི་གང་དང་ལྡན་པས་སྐྱེས་པ་ཞེས་བརྗོད་པའོ། །དེ་གང་ཡིན་ཞེ་ན། སྐྱེས་པའི་དབང་པོ་དང་ལྡན་པའོ་ཞེས་བསྟན་
པའི་ཕྱིར་སྨྲས་ཏེ། དེ་ལྟར་ན་མི་ཉིད་ཀྱི་གཙོ་བོ་ཉིད་བསྡུས་པར་འགྱུར་རོ། །མི་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། དམན་པ་དང་། འབྲིང་དང་མཆོག་གིས་སོ། །དམན་པ་ནི་མ་ནིང་གི་མཚན་དང་ལྡན་པའོ། །བར་མ་ནི་བུད་མེད་ཀྱི་དབང་པོ་དང་ལྡན་པའོ། །མཆོག་ནི་སྐྱེས་པའི་དབང་
པོ་དང་ལྡན་པ་སྟེ། དེའི་ཕྱིར་མཆོག་ཉེ་བར་བཟུང་ནས། སྐྱེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་སྐྱེས་བུར་རྣམ་པར་གཞག་པ་ནི་གཉིས་ཏེ། རྣམ་པ་དང་། མཚན་མས་སོ། །གཟུགས་ན་སྤྱོད་པ་རྣམས་ནི་སྐྱེས་པའི་རྣམ་པ་དང་ལྡན་པས་སྐྱེས་པ་ཞེས་བརྗོད་ཀྱི།
སྐྱེས་པའི་མཚན་མ་དང་ལྡན་པས་ནི་མ་ཡིན་ནོ། །མིའི་ནང་ན་ཁ་ཅིག་ནི་སྐྱེས་པའི་མཚན་མ་དང་ལྡན་ཡང་བུད་མེད་དང་མ་ནིང་གི་རྣམ་པ་ལྟ་བུ་ཡང་ཡོད་པས་དེའི་ཕྱིར་ཚིག་གཉིས་བསྟན་ཏོ། །སྟོབས་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་སྟོབས་ཕུན་སུམ་ཚོགས་པ་རྣམ་པར་གཞག་པར་བྱ་སྟེ།
རྒྱུ་ལས་བྱུང་བ་དང་། རྐྱེན་ལས་བྱུང་བའོ། །རྒྱུ་ལས་བྱུང་བ་ནི་ལས་ལས་སྐྱེས་པ་སྟེ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །གྱ་ནོམ་ཞིང་རྒྱ་ཆེ་བའི་ཁ་ཟས་ལ་ལོངས་སྤྱོད་པའི་རྐྱེན་ལས་སྐྱེས་པ་གང་ཡིན་པ་དེ་ནི་རྐྱེན་ལས་བྱུང་བའོ། །གནོད་པ་ཆུང་བ་དང་ནད་མེད་པའི་རང་བཞིན་ཅན་གྱིས་ནི་སྟོབས་
དང་པོ་བསྟན་ཏེ། ནད་མང་བ་ལ་ལྷན་ཅིག་སྐྱེས་པའི་སྟོབས་ཡོད་པ་མ་ཡིན་ནོ། །སྤྲོ་བ་ཆེ་བས་ནི་གཉིས་པ་བསྟན་ཏེ། ཁ་ཟས་ལ་ལོངས་སྤྱོད་པའི་ཁྱད་པར་གྱིས་ལུས་རྒྱས་པས་ལུས་གྱ་ནོམ་པར་གྱུར་ན་སྤྲོ་བ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ལས་ལས་སྐྱེས་པའི་ནད་མེད་པ་ནི་གནོད་
เล่ม ๑๓๓ · หน้า 44a
པ་ཆུང་བའོ། །དུས་ལས་བྱུང་བ་དང་ཁ་ཟས་དང་གནས་ཀྱི་ཁྱད་པར་ལས་སྐྱེས་པའི་ནད་མེད་པ་ནི་ནད་མེད་པའོ། །དེ་ལྟར་སྔོན་གྱི་ལས་ལས་སྐྱེས་པ་དང་། རྐྱེན་མ་སྙོམས་པར་གྱུར་པ་ལས་སྐྱེས་པའི་ནད་མེད་པས་གཉི་ག་སྨོས་པ་ཡིན་ནོ། །སྟོབས་སུ་བྱེད་པའི་
བྱ་བ་ལ་རྩོམ་པ་དང་ལྡན་པ་ནི་སྤྲོ་བ་ཆེ་བའོ། །ཡང་གནོད་པ་ཆུང་བ་དང་། ནད་མེད་པའི་རང་བཞིན་ཅན་ཡིན་པས་སྟོབས་དང་ལྡན་པར་འགྱུར་ཏེ། རེག་བྱས་བསྡུས་པའི་ཉེ་བར་ལེན་པའི་ཁྱད་པར་རོ། །སྤྲོ་བ་ཆེ་བ་ཉིད་ཀྱིས་ནི་མཐུ་དང་ལྡན་པར་འགྱུར་ཏེ། བྱ་བ་ཐམས་ཅད་ལ་སྦྱོར་བ་བཟོད་
པའི་ཕྱིར་རོ། །དེ་གཉི་ག་རང་བཞིན་གྱི་སྟོབས་ཞེས་བྱའོ། །དེའི་ཕྱིར་གཞན་ཁ་ཟས་ལས་བྱུང་བ་ལ་སོགས་པ་ནི་རང་བཞིན་གྱི་སྟོབས་ཞེས་མི་བྱའོ། །ཡང་སྟོབས་ཀྱི་རྣམ་པར་གཞག་པ་གཞན་བསྟན་པ་ནི། ལུས་ཀྱི་དང་སེམས་ཀྱི་དབང་དུ་གྱུར་པ་སྟེ། གནོད་པ་ཆུང་བ་དང་། ནད་མེད་
པའི་རང་བཞིན་ཅན་ནི་ལུས་ཀྱིའོ། །སྤྲོ་བ་ཆེ་བ་ནི་སེམས་ཀྱིའོ་ཞེས་བྱ་བའོ། །རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། སྔར་བསྟན་པའི་རྒྱུ་གསུམ་པོ་སྟེ། རྣམ་པར་སྨིན་པའི་རྒྱུ་ནས་ཡེ་ཤེས་ཀྱི་རྒྱུའི་བར་གྱིས་རྣམ་པར་སྨིན་པ་བསྟན་ནས། དེའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་སྨིན་པའི་རྒྱུ་གང་
ཞེ་ན་ཞེས་བྱ་བ་ལ། སེམས་ཅན་གྱི་རྒྱུད་ལས་རྣམ་པ་སྣ་ཚོགས་ཀྱིས་མངོན་པར་འདུས་བྱས་པའི་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་པའི་རྒྱུ་ཡང་རྣམ་པ་སྣ་ཚོགས་པར་བསྟན་པའི་ཕྱིར། མི་འཚེ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྨིན་པ་རེ་རེ་ལ་ཡང་རྒྱུ་རྣམ་པ་སྣ་ཚོགས་པ་ཡོད་
པ་ཡིན་ན་ཡང་རྣམ་པར་སྨིན་པ་བརྒྱད་ཀྱིས་རྣམ་པར་སྨིན་པའི་རྒྱུའི་གཙོ་བོ་ཉིད་ཤེས་པར་བྱ་བའི་ཕྱིར་བརྒྱད་བསྟན་པ་ཡིན་ཏེ། བྱ་བ་མང་པོས་འཇིགས་པའི་སྤྲོ་བ་བསྐྱེད་པའི་ཕྱིར། འབྲི་རྫིའི་བུ་ལ་བསླབ་པ་གསུམ་བསྟན་པ་བཞིན་ནོ། །དེ་ཡང་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །
འཚེ་བ་ནི་སྲོག་གཅོད་པའོ། །དེ་ལས་ལྡོག་པ་ནི་མི་འཚེ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པས་སྤངས་པ་དང་། ཆོས་ཉིད་ཀྱིས་སྤངས་པའོ། །དེ་ལ་ཡང་དག་པར་བླངས་པས་སྤངས་པ་ནི་སྡོམ་པ་རྣམ་པ་བརྒྱད་ཀྱིས་བསྡུས་པའོ། །ཆོས་ཉིད་ཀྱིས་སྤངས་པ་ནི་རྒྱུན་དུ་
เล่ม ๑๓๓ · หน้า 44b
ཞུགས་པ་རྣམས་ཀྱི་ཚེ་བརྗེས་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའི་ས་གཉིས་པ་ནས་གཟུང་བ་རྣམས་ཀྱིའོ། །དེ་གཉི་གས་བསྡུས་པའི་མི་འཚེ་བ་བསྟན་པའི་ཕྱིར་སྨྲས་པ། མི་འཚེ་བའི་བསམ་པ་ནི་ཞེས་བྱ་བ་ལ། ཁ་ཅིག་སྐྱེ་བ་ཇི་སྲིད་པར་རང་བཞིན་གྱིས་སྲོག་མི་
གཅོད་པ་ཡོད་ཀྱང་དེ་སྡིག་པ་མི་བྱེད་པ་ཞེས་བྱ་བའི་གཉེན་པོའི་ཕྱོགས་ལ་ལེགས་པར་སྤྱོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྤོང་བས་བསྡུས་པའི་ལེགས་པར་སྤྱོད་པ་གཟུང་བའི་ཕྱིར་མི་འཚེ་བའི་བསམ་པ་སྨོས་ཏེ། སྲོག་གཅོད་པ་ལས་ལོག་པས་ཚེ་རིང་བར་འགྱུར་རོ་ཞེས་མདོ་ལས་བསྟན་ཏོ། །
སྣང་བ་དང་། གོས་གཙང་མ་སྦྱིན་པ་ནི་ཞེས་བྱ་བ་ནི། མར་མེ་སྦྱིན་པས་མིག་ཐོབ་འགྱུར། །ཞེས་མདོ་ལ་ལ་ནས་བསྟན་པ་སྣང་བ་སྦྱིན་པ་གསུངས་པ་ཡིན་ནོ། །སྣང་བ་སྦྱིན་པས་ཁ་དོག་སྣང་བར་བྱེད་པའི་ཕྱིར་ཁ་དོག་དང་ལྡན་པར་འགྱུར་བའོ། །གོས་སྦྱིན་པས་ནི་ཁ་དོག་མཛེས། །ཞེས་
ལ་ལ་ནས་བསྟན་པས་དེའི་ཕྱིར་བསྟན་པ་ཡིན་ཏེ། གོས་བྱིན་པས་གསང་བའི་གནས་རྣམས་བཀབ་པས་མཛེས་པར་འགྱུར་བའི་ཕྱིར་རོ། །སར་པ་སྨོས་པ་ནི་ཁ་དོག་ལྡན་པའི་གོས་བྱིན་པར་བསྟན་པར་འགྱུར་ཏེ། དྲི་མ་མེད་པའི་གོས་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཚུལ་ཁྲིམས་
དང་ལྡན་པའི་རང་བཞིན་ཡིན་ནོ་ཞེས་བྱ་བར་རིག་པར་བྱ་སྟེ། ཚུལ་ཁྲིམས་ནི་བདེ་འགྲོར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དང་། དེ་དག་ནི་འཕངས་པའི་རྣམ་པར་སྨིན་པའི་རྒྱུའི་ཁྱད་པར་ལས་བྱུང་བའི་ཕྱིར་ཏེ། གཅིག་གིས་གཅིག་ནི་འཕངས་པ་ལས། །དུ་མ་ཡོངས་སུ་རྫོགས་པར་འགྱུར། །ཞེས་
བྱ་བས་སོ། །ང་རྒྱལ་ངེས་པར་བཅོམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ནི་ང་རྒྱལ་བཅོམ་པ་ཉིད་ཀྱིས་རིགས་མཐོན་པོའི་རྒྱུ་ཡིན་ཏེ། བླ་མ་དང་བླ་མའི་གནས་རྣམས་ལ་ཕྱག་འཚལ་བ་དང་། འདུད་པ་དང་། གཞན་དག་ལ་ཡང་གུས་པའི་སེམས་ཀྱིས་འདུད་པ་དང་། བྲན་དང་འདྲ་བ་
དང་། གདོལ་པ་དང་འདྲ་བར་འཇིག་རྟེན་ཤེས་པས་རྗེས་སུ་འཇུག་པའོ། །དེས་ནི་རིགས་མཐོ་ཞིང་ཆེ་བ་རྣམས་སུ་སོ་སོར་སྐྱེ་བར་འགྱུར་ཏེ། ང་རྒྱལ་ངེས་པར་བཅོམ་པ་ཡིས། །མཐོན་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་མདོ་ལས་བསྟན་པའི་ཕྱིར་རོ། །དབང་ཕྱུག་ཕུན་སུམ་ཚོགས་
เล่ม ๑๓๓ · หน้า 45a
པ་རྣམ་པ་གསུམ་བསྟན་པའི་རྒྱུ་འདིར་བསྟན་པར་བྱ་སྟེ། གཞན་གཉིས་ཀྱང་དེའི་ཁོངས་སུ་འདུས་པའི་ཕྱིར་དང་། དེའི་རྗེས་སུ་འབྲངས་པའི་ཕྱིར་དང་། གང་ལ་སྤྱོད་པ་དང་། གང་དག་དང་སྤྱོད་པ་དང་། གང་དག་གིས་འདུས་བྱས་པ་སྤྱོད་པས་དེ་ཐམས་ཅད་
ལོངས་སྤྱོད་ཅེས་བྱས་ནས་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ནི་སྦྱིན་པ་ཡིན་པར་བསྟན་པ་ཡིན་ནོ། །སློང་བ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི་སྦྱིན་པ་རྣམ་པ་གཉིས་བསྟན་ཏེ། དོན་དུ་གཉེར་བ་དང་། དོན་དུ་མི་གཉེར་བའོ། །འདོད་ཅིང་གསོལ་བ་འདེབས་པ་རྣམས་ལ་བྱིན་པ་ནི་དོན་དུ་གཉེར་
བ་ལ་སྦྱིན་པ་སྟེ། ཟས་འདོད་པ་རྣམས་ལ་ཟས་ལ་སོགས་པ་གང་འདོད་པ་སྦྱིན་པའོ། །ཡོ་བྱད་མི་བདོག་པ་རྣམས་དང་། ཕན་འདོགས་པ་རྣམས་དང་། སྡུག་བསྔལ་བ་རྣམས་དང་། ཡོན་གནས་རྣམས་ལ་དོན་དུ་མི་གཉེར་ཡང་ཡོ་བྱད་མེད་པར་རང་གིས་ཤེས་ནས་རྫས་བྱིན་པས་ཉེ་བར་
སྡུད་པ་ཡིན་ནོ། །དེ་ལ་དོན་དུ་གཉེར་བ་ལ་བྱིན་པས་ནི་བདག་ཉིད་ཀྱིས་ཉེ་བར་ལོངས་སྤྱོད་པའི་ཉེ་བར་མཁོ་བ་རྣམས་ཐོབ་པར་འགྱུར་རོ། །དོན་དུ་མི་གཉེར་བ་ལ་བྱིན་པས་ནི་ཉེ་བར་སྤྱད་པ་མ་ཡིན་པའི་ནོར་གྱི་ཕུང་པོ་ཆེན་པོ་ཐོབ་པས་དེ་ལྟར་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ལོངས་སྤྱོད་
བསགས་པ་དང་ལྡན་པས་ལོངས་སྤྱོད་ཆེན་པོ་ཉིད་དོ། །དེའི་ཕྱིར་མདོ་གཞན་ནས་གསུངས་པ། ཕྱུག་པོར་འགྱུར། ནོར་ཆེན་པོ་དང་ལྡན་པར་འགྱུར། ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ངག་གིས་ཉེ་བར་སྤྱོད་པ་བཞི་དང་བྲལ་བའི་
ངག་ཡོན་ཏན་ལྔ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདེན་པའི་ཚིག་དང་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་ལྔ་དང་ལྡན་པ་ནི། སྙན་པ་དང་། རྣམ་པར་གསལ་བ་དང་། ཤེས་པར་བྱ་བ་དང་། མཉན་པར་བྱ་བ་དང་། མི་མཐུན་པ་མེད་པའོ། །གོམས་པ་སྨོས་
པ་ནི་བརྟེན་པར་བྱ་བ་ལ་སོགས་པ་མཚོན་པའི་དོན་ཏོ། །ཕྱི་མ་ལ་ཞེས་བྱ་བ་ནི་སྐྱེ་བ་ཕྱི་མ་ལའོ། །བདག་ཉིད་ལ་ཞེས་བྱ་བ་ནི་རང་གི་རྒྱུད་དོ། །ཡོན་ཏན་རྣམ་པ་སྣ་ཚོགས་བསྒྲུབ་པར་སྨོན་ལམ་འདེབས་ཤིང་ཞེས་བྱ་བ་ནི་བདག་ཉིད་ལ་ཡོན་ཏན་རྣམ་པ་སྣ་ཚོགས་པ་བསྒྲུབ་པའི་ཕྱིར་སྨོན་ལམ་
เล่ม ๑๓๓ · หน้า 45b
འདེབས་པ་ཞེས་བྱ་བའི་དོན་ཏེ། བདག་ནི་རྟག་ཏུ་སྡིག་པའི་གྲོགས་པོ་དང་བྲལ་དགེ་བའི་བཤེས་དང་མངོན་པར་མི་འབྲལ་ཞིང་། །བདུད་ཀྱི་ཞགས་པ་དང་བྲལ་ཟབ་ཅིང་རྒྱ་ཆེའི་ཆོས་རབ་འབྱེད་ལ་ངེས་པར་རབ་མཁས་ཤིང་། །འཇིག་རྟེན་ཆོས་ཀྱིས་མི་གོས་སྐྱེ་བ་ཀུན་དུ་རྟག་ཏུ་གཞོན་
ནུར་ཚངས་པར་སྤྱོད་པ་དང་། །སེམས་ཅན་མཆོག་གྱུར་བྱང་ཆུབ་སེམས་དཔའ་གཞན་ཕན་ལ་དགྱེས་ཐུགས་རྗེ་ཅན་དུ་བྱང་ཆུབ་བར་དུ་འགྱུར་བར་ཤོག །ཅེས་བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་སྨོན་ལམ་ལ་ཀུན་དུ་སྤྱོད་ཅིང་། དཀོན་མཆོག་གསུམ་ལ་མཆོད་པ་དང་།
བླ་མ་ལ་མཆོད་པའོ། །བླ་མ་ལ་མཆོད་པ་ལ་ཡང་དུས་གཉིས་ཀྱིས་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་འཚོ་ཞིང་གཞེས་པ་ལ་ཆོས་གོས་ལ་སོགས་པ་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་རབ་ཏུ་འབུལ་བ་དང་། ཉེ་བར་འགྲོ་བ་ལ་སོགས་པ་དང་། སྡུད་པའི་ལས་ནི་སངས་རྒྱས་
དཀོན་མཆོག་ལ་ཟང་ཟིང་གི་མཆོད་པའོ། །ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའི་སྒྲུབ་པའི་མཆོད་པ་ནི་བདག་གི་དོན་ཏེ་འདི་ནི་མཆོད་པའི་ཆོ་གའོ། །དེའི་ཕྱིར་སྒྲ་གཅན་ཟིན་བཟང་པོས། བདག་ལ་ཕན་པ་བསྒྲུབ་པའི་འགྲོ་བ་གང་། །མཁས་པས་བསྔགས་པའི་ཞི་
བ་འདོད་པ་ཡང་། །དེས་ཀྱང་ཁྱོད་ལ་རབ་ཏུ་མཆོད་ལགས་ཀྱི། །ཟང་ཟིང་མཆོད་པ་སྤངས་པ་དེ་ལྟ་མིན། །ཞེས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་གཟུགས་བརྙན་བཞེངས་པ་དང་། སྔར་མི་བཞུགས་པའི་ས་ཕྱོགས་སུ་དེ་བཞིན་
གཤེགས་པའི་མཆོད་རྟེན་བཞེངས་པ་དང་། མཆོད་རྟེན་རྙིང་པ་ལ་སོགས་པ་གསོ་བ་དང་། གཉིས་ཀ་ལ་ཡང་མེ་ཏོག་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་འབུལ་བ་དང་། དེ་ལྟ་བུའི་རང་བཞིན་ནི་སངས་རྒྱས་དཀོན་མཆོག་ལ་མཆོད་པའོ། །
ཡི་གེ་འདྲི་བ་ལ་སོགས་པ་ཆོས་སྤྱོད་བཅུའི་སྒོ་ནས་སྤྱོད་པ་ནི་ཆོས་ལ་མཆོད་པའོ། །རྐྱེན་བཞིས་ཉེ་བར་སྡུད་པར་བྱེད་པ་དང་། འདུད་ཅིང་ཕྱག་འཚལ་བ་ལ་སོགས་པ་ནི་དགེ་འདུན་དཀོན་མཆོག་ལ་མཆོད་པའོ། །བདག་ཉིད་ཀྱི་བླ་མ་ནི་ཁྱིམ་པའི་ཕྱོགས་ལ་མ་དང་ཕའོ། །རབ་ཏུ་བྱུང་བའི་
เล่ม ๑๓๓ · หน้า 46a
ཕྱོགས་ལ་ནི་མཁན་པོ་དང་སློབ་དཔོན་ཏེ། དེ་དག་ལ་མཆོད་པ་ནི་བླ་མ་ཡོངས་སུ་མཉེས་པའི་སྤྱོད་པ་དང་གཡོག་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ། །དེ་ལྟ་བུའི་ཡོན་ཏན་གྱི་དྲིས་བསྒོས་པའི་རྒྱུད་ནི་དཀོན་མཆོག་གསུམ་དང་། བླ་མའི་མཆོད་པ་ལ་
བརྟེན་ནས་རྒྱུ་དང་རྐྱེན་གྱི་ཁྱད་པར་གྱིས་དབང་ཆེ་བར་གྲགས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །བདག་དང་གཞན་གྱི་དབང་དུ་བྱས་ནས་རྒྱུད་གཉིས་དང་གཉིས་ཀྱིས་མི་ཉིད་ཀྱི་རྒྱུ་བསྟན་པ་ནི་སྐྱེས་པར་གྱུར་ཅིང་སྐྱེས་པའི་དབང་པོ་དང་ཡང་ལྡན་ལ། དེ་ལྟ་བུའི་སྐྱེས་པའི་དངོས་པོས་
འདུན་པ་དང་། བརྩོན་འགྲུས་དང་། བརྟན་པ་དང་། ཤེས་རབ་ཆེན་པོ་ལ་བརྟེན་པའི་ཡོན་ཏན་མཐོང་ནས་མངོན་པར་དགའ་བའི་རང་བཞིན་ཅན་དུ་གྱུར་ནས་གནས་པ་ནི་བདག་གི་དབང་དུ་བྱས་པའི་རྒྱུ་དང་པོའོ། །བུད་མེད་དུ་གྱུར་ཀྱང་བུད་མེད་ཀྱི་དངོས་པོ་ལ་སྨོད་ཅིང་མི་མཐུན་པར་བལྟ་ལ།
སྐྱོན་མང་པོའི་གནས་སུ་བལྟ་བས་གནས་ཤིང་འདུན་པ་ལ་སོགས་པ་དམན་པ་ལ་བརྟེན་པའི་ཕྱིར་དང་། བརྒྱ་བྱིན་ལ་སོགས་པའི་གནས་ཁྱད་པར་ཅན་ཐོབ་པའི་སྣོད་མ་ཡིན་པའི་ཕྱིར་ཉེས་དམིགས་མཐོང་བས་གནས་པ་དེ་ནི་མ་འོངས་པའི་དུས་སུ་སྐྱེས་པའི་དབང་པོ་དང་ལྡན་པར་འགྱུར་བའོ། །
གཞན་ལ་བརྟེན་པའི་རྒྱུ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བུད་མེད་དུ་གྱུར་ཅིང་བུད་མེད་ཀྱི་དངོས་པོ་ལ་མངོན་པར་དགའ་བ་རྣམས་ལ་སྔར་བསྟན་པའི་བུད་མེད་ཀྱི་དངོས་པོའི་ཉེས་དམིགས་སྟོན་ཅིང་དེ་ལས་འདུན་པ་བཟློག་པ་ནི་སྐྱེས་པའི་དབང་པོ་རབ་ཏུ་ཐོབ་པར་འགྱུར་རོ། །བུད་མེད་ཀྱི་དངོས་
པོར་གྱུར་ཀྱང་ཉུང་རུ་མ་ལ་སོགས་པ་ཕོའི་དབང་པོ་བཅད་པའི་ཕྱིར་ཁྲིད་པའི་མི་རྣམས་དང་། དུད་འགྲོ་རྣམས་ཆོས་དང་མཐུན་པས་ཏེ། རིན་གྱིས་བླུ་བའམ། ཆོས་བསྟན་པས་དེ་མགུ་བར་བྱས་ནས་ཐར་བར་བྱེད་ཀྱི། སྟོབས་ཀྱིས་ནི་མ་ཡིན་ཏེ། དེ་ལྟར་ཐར་བར་བྱེད་ན་སྐྱེས་པའི་དབང་
པོ་ཐོབ་པར་འགྱུར་ཏེ། བཞི་པོ་དེ་དག་ནི་སྐྱེས་པ་ཉིད་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བརྗོད་དོ། །སེམས་ཅན་རྣམས་ཀྱི་བྱ་བའི་ངོ་བོ་ནི་བྱ་བ་བྱུང་ངོ་ཅོག་གོ། །དེའི་བྱ་བ་ནི་བྱུང་ངོ་ཅོག་གི་བྱ་བའོ། །གཞན་གྱི་ལས་ཀྱི་གྲོགས་ལ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱི་ཐམས་ཅད་དུ་མི་ནུས་
เล่ม ๑๓๓ · หน้า 46b
པའམ་མི་ཤེས་པས་ཡེ་ནས་མི་རྩོམ་པ་དེ་ལ་བདག་ཉིད་ཀྱིས་བྱས་ནས་སྦྱིན་པར་བྱེད་པ་འདི་ནི་བྱ་བ་ལ་གྲོགས་བྱེད་པའོ། །གཅིག་པུས་བྱ་བར་བརྩམས་པ་ལས་བྱ་བ་བསྒྲུབ་པར་མི་ནུས་པ་དག་ལ་བདག་ཉིད་གཉིས་པར་གྱུར་ནས་སྒྲུབ་པ་འདི་ནི་ལྷན་ཅིག་བྱེད་པའི་གྲོགས་ཡིན་ནོ། །དེ་དག་
ལ་བདག་ཉིད་ཀྱི་ནུས་པ་དང་མཐུན་པར་གྲོགས་བྱའོ་ཞེས་བྱ་བར་ཅི་ནུས་ཅི་ལྕོགས་ཞེས་བྱ་བ་སྨོས་སོ། །ཆོས་དང་མི་འགལ་ཞིང་དོན་དང་མཐུན་པ་དག་ནི་འདོད་པའི་རྣམ་པར་སྨིན་པའི་རྒྱུ་ཡིན་པས་དེ་ལྟ་བུའི་བྱ་བ་ལ་གྲོགས་བྱའོ་ཞེས་བསྟན་པའི་ཕྱིར། ཆོས་དང་མཐུན་པ་ཞེས་བྱ་བ་ལ་
སོགས་པ་ལ། དེ་ལྟ་བུའི་གཞན་དག་གི་བྱ་བ་ལ་གྲོགས་བྱེད་པ་དང་ལྷན་ཅིག་བྱེད་པས་བྱ་བ་དག་ལ་འགྲོ་བ་ནི་མ་འོངས་པའི་སྟོབས་ཀྱི་རྒྱུར་བསྟན་ཏེ། དེ་དག་གིས་གཞན་གྱི་ལུས་ཀྱི་སྤྲོ་བ་བརྟན་པར་བྱེད་པའི་ཕྱིར་སྟོབས་ཀྱི་རྒྱུ་ཉིད་ཡིན་ནོ། །ད་ནི་བཏུང་བ་བྱིན་པས་སྟོབས་དང་ལྡན་ཞེས་བྱ་
བའི་མདོའི་རྗེས་སུ་འབྲངས་ནས་རྒྱུ་གཉིས་པ་བསྟན་པའི་ཕྱིར། བརྟས་པར་འགྱུར་བ་ནི་སྟོབས་སྐྱེད་པར་བྱེད་པའོ། །སྤྲོ་བ་སྐྱེད་པར་བྱེད་པ་ཞེས་པ་ནི་བརྩམས་པའི་ལས་ཀྱི་བྱ་བའི་རྒྱུར་གྱུར་པ་རྣམས་བསྒྲུབ་པའོ། །དེ་ལྟར་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་སོ་སོར་ངེས་པའི་རྒྱུ་
རྣམ་པ་བརྒྱད་བསྟན་ཏེ། རྒྱུའི་དབྱེ་བས་རྣམ་པར་སྨིན་པ་དབྱེ་བར་བྱའོ་ཞེས་བྱ་བས་སོ། །ད་ནི་ཇི་སྐད་བསྟན་པའི་རྣམ་པར་སྨིན་པའི་རྒྱུ་རྣམ་པ་བརྒྱད་པོ་དགེ་བའི་བདག་ཉིད་ཅན་གྱི་རྣམ་པར་སྨིན་པ་རྒྱས་པ་ལ་སོགས་པར་བྱེད་པ་བསྟན་པའི་ཕྱིར། རྒྱུ་གསུམ་གྱིས་ཞེས་བྱ་བ་ལ་
སོགས་པ་ལ། རྒྱས་པར་འགྱུར་ཏེ་ཞེས་བྱ་བ་ནི་བསགས་པས་ཞུགས་པར་གྱུར་པས་ཁྱད་པར་ཅན་དུ་འགྱུར་བ་སྟེ། རྣམ་པར་སྨིན་པའི་ཁྱད་པར་མངོན་པར་སྒྲུབ་པར་བྱེད་པ་ལའོ། །དེའི་ཕྱིར་སྨྲས་པ། ཡོངས་སུ་རྫོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་རྫོགས་པ་ཞེས་
བྱ་བ་ནི་མ་ཚང་བ་མེད་པ་སྟེ། མི་དམན་ཞིང་ཞེས་བྱ་བའི་དོན་ཏོ། །བརྟས་པ་ཞེས་བྱ་བས་ནི་ཁ་དོག་བཟང་བར་འགྱུར་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་ཡངས་པའོ། །ཡང་ན་སྔ་མ་སྔ་མའི་བཤད་པ་ཡིན་ནོ། །རྒྱུ་གསུམ་གྱིས་སེམས་རྣམ་པར་དག་པར་རིག་པར་བྱ་སྟེ། རྣམ་པར་སྨིན་པ་ལ་མི་རེ་
เล่ม ๑๓๓ · หน้า 47a
བས་དྲི་མ་མེད་པ་ཉིད་ཡིན་ཏེ། དེའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོས་པས་ཞེས་བྱ་བའོ། །བསམ་པ་ཆེན་པོ་དང་ལྡན་པའི་ཕྱིར་དྲག་ཅིང་རོ་གཅིག་པའི་དགའ་བའི་ཤུགས་ཀྱིས་ལས་དེ་དག་ནན་ཏན་
གྱིས་སྤྱོད་དོ། །དེ་ལྟར་རང་ལ་ལྟོས་ནས་སེམས་རྣམ་པར་དག་པ་རྣམ་པ་གཉིས་སོ། །ཆོས་དང་ལྡན་པར་མཚུངས་པ་དམན་པ་དང་འབྲིང་དང་མཆོག་གི་ལས་དེ་ལྟ་བུ་དང་ལྡན་པ་མཐོང་ན་ལས་དེ་དག་ལ་བརྙས་པ་དང་། འགྲན་པ་དང་། ཕྲག་དོག་གི་ཉེ་བའི་ཉོན་མོངས་པ་མི་སྐྱེད་ཅིང་རྗེས་
སུ་ཡི་རང་བའི་སྒོ་ནས་མངོན་པར་དགའ་བ་དང་། རབ་ཏུ་དགའ་བའི་བསམ་པ་དང་། རྙོག་པ་མེད་པའི་བསམ་པ་དང་ལྡན་པའོ། །མི་ནུས་ཤིང་སྟོབས་མེད་ན་ཡང་ལས་དེ་སྤྱད་ཅིང་ཉམས་སུ་བླང་བའི་དབང་དུ་བྱས་ནས་ཡིད་ཀྱི་རྗེས་སུ་རྣམ་པར་རྟོག་ཅིང་རྗེས་སུ་དཔྱོད་པ་ལས་དེ་མངོན་
པར་འདོད་པ་ནི་སེམས་རྣམ་པར་དག་པའོ། །མདོར་ན་སྦྱོར་བ་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། རྟག་ཏུ་བྱ་བའི་སྦྱོར་བ་དང་། གུས་པར་བྱ་བའི་སྦྱོར་བའོ། །རྟག་ཏུ་བྱ་བའི་སྦྱོར་བ་ལ་ཡང་རྣམ་པ་གཉིས་སུ་བྱས་ནས་རང་གི་རྒྱུད་ཀྱི་སྦྱོར་བ་རྣམ་པར་དག་པ་རྣམ་པ་གསུམ་དུ་རིག་པར་
བྱ་སྟེ། དུས་ཡུན་རིང་པོར་གོམས་པར་བྱེད་པ་དང་། སྐྱེ་བ་རངས་པ་དང་། ཉིན་གཅིག་པ་དང་། སྐད་ཅིག་ལ་སོགས་པའི་རྒྱུན་དུ་སྦྱོར་བ་དང་། དེ་དག་གཉི་ག་ལ་ཡང་གྲིམས་པར་བྱེད་པ་ནི་གུས་པར་བྱེད་པའི་སྦྱོར་བའོ། །དེ་ལྟར་ན་བདག་ཉིད་ཀྱི་དབང་དུ་བྱས་པའི་སྦྱོར་བ་རྣམ་པར་
དག་པ་གསུམ་ཡིན་ནོ། །གཞན་ལ་བརྟེན་པའི་སྦྱོར་བ་རྣམ་པར་དག་པ་རྣམ་པ་བཞི་བསྟན་པ་ནི། གཞན་དག་ལ་ཡང་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ལ་ཐམས་ཅད་དུ་གོམས་པར་མ་བྱས་པའི་སེམས་ཅན་རྣམས་ལས་དེ་ཡང་དག་པར་ལེན་དུ་
འཇུག་པ་དང་། ཡང་དག་པར་སྦྱར་བའི་ཕྱིར་བསྔགས་པ་བརྗོད་པ་དང་ཞེས་བྱ་བ་སྨྲས་སོ། །ལས་དེ་ལ་བརྩོན་འགྲུས་བརྩམས་པའི་སེམས་ཅན་རྣམས་ཡང་དག་པར་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་ལྷག་པར་བསྔགས་པ་བརྗོད་པ་ཞེས་བྱ་བའོ། །ཡང་དགེ་བའི་ལས་དེ་ཉིད་ལ་དེ་དག་རྒྱུན་མི་
เล่ม ๑๓๓ · หน้า 47b
འཆད་ཅིང་བར་མེད་པར་ངེས་པར་སྦྱོར་བར་བྱེད་པ་དང་མི་འདོར་བའི་སྦྱོར་བ་ལ་འགོད་པར་བྱེད་པའོ། །དེ་ལྟར་མ་ཞུགས་པ་རྣམས་དང་ཞུགས་པ་རྣམས་དང་། མི་བརྟན་པར་ཞུགས་པ་རྣམས་ལ་ཡང་དག་པར་ལེན་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་། ལྷག་པར་བསྔགས་
པ་བརྗོད་པ་དང་། མི་འདོར་བའི་སྦྱོར་བ་ལ་འགོད་པར་བྱེད་པ་བསལ་བར་བྱེད་པ་ཡིན་ནོ། །སྣོད་དང་སྣོད་མ་ཡིན་པ་ལ་རྟོག་པ་མེད་དོ་ཞེས་བྱ་བའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་བསམ་པ་དང་སྦྱོར་བ་ལས་མ་གཏོགས་པའི་ཞིང་གཞན་ནི་མེད་དོ། །དེའི་ཕྱིར་སྨྲས་པ།
སེམས་ཅན་ཀུན་ལ་སྙིང་རྗེ་ཅན། །ཁྱོད་ལ་མངོན་དུ་ཕྱོགས་འདི་རྣམས། །སྣོད་དང་སྣོད་མིན་མ་མཆིས་པར། །བདག་ཉིད་ཆེན་པོའི་མཆོད་གནས་བྱེད། །ཅེས་བྱ་བ་དེའི་ཕྱིར་བསམ་པ་དང་སྦྱོར་བའི་ཁྱད་པར་ཉིད་ཞིང་ཡིན་ནོ། །དེས་ན་སྨྲས་པ། ཡང་དག་པར་བསྒྲུབ་པ་དང་ཞེས་
བྱ་བ་ལ་དུས་སུ་ཉེ་བར་བསྒྲུབ་པ་ནི་ཡང་དག་པར་བསྒྲུབ་པའོ། །དེ་ལྟ་བུར་ཡང་དག་པར་བསྒྲུབས་པའི་ཡང་དག་པའི་སྦྱོར་བའི་འབྲས་བུའི་གནས་སྐབས་སུ་འབྲས་བུ་ངེས་པར་སྦྱིན་པར་ངེས་པར་འགྱུར་བ་ནི་ཞིང་རྣམ་པར་དག་པ་ཞེས་བྱ་བས་སོ། །ཞིང་དང་འདྲ་བས་ཞིང་ཞེས་བྱས་ནས་
ཏེ། འབྲས་བུ་མང་ཞིང་བཟང་བ་ངེས་པར་སྟེར་བར་ཆོས་མཚུངས་པས་རྣམ་པར་སྨིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱ་བ་གང་ཡིན་པ་དང་། རྣམ་པར་སྨིན་པ་ལ་གནས་པས་རྣམ་པར་སྨིན་པ་བདག་པོར་གྱུར་པའི་དབང་གིས་ཅིར་འགྱུར་བ་དེ་གཉིས་ཀ་ཡང་རྣམ་པར་སྨིན་པའི་
འབྲས་བུར་རིག་པར་བྱའོ། །ཚེ་རིང་བ་དང་ལྡན་ཞིང་རིང་དུ་གནས་པའི་ཕྱིར་ཡུན་རིང་པོར་སྦྱོར་བའོ། །ཡང་དེ་ནི་ཡང་དག་པར་སྤོང་བ་གསུམ་པ་གཙོར་གྱུར་པས་དགེ་བའི་ཕྱོགས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་རབ་ཏུ་སྦྱོར་བ་དེ་བསྟན་པའི་ཕྱིར། དགེ་བའི་ཕྱོགས་ལ་སྦྱོར་བ་དང་ཞེས་བྱ་
བ་ནི། ཡུན་རིང་པོར་ཡང་དག་པར་སྤོང་བ་བཞི་པ་གཙོ་བོར་གྱུར་པས་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་དོ། །དེ་བསྟན་པའི་ཕྱིར། མང་པོ་སོགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་དོན་དང་གཞན་གྱི་དོན་ལས་བརྩམས་ནས་ཞེས་བྱ་བ་ནི་ལས་དེས་སངས་རྒྱས་
เล่ม ๑๓๓ · หน้า 48a
ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བ་ཞེས་བྱ་བ་ནི་བདག་གི་དོན་ཏོ། །ཡང་ན་བདག་ལ་ཕན་པ་དང་བདེ་བ་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་བདག་གི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་
པར་བྱེད་པ་ཞེས་བྱ་བ་ནི་གཞན་གྱི་དོན་ཏོ། །མདོག་ཕུན་སུམ་ཚོགས་པར་གྱུར་ན་རིམ་གྱིས་གདུལ་བྱ་རྣམས་དགའ་ཞིང་འདུན་པར་འགྱུར་བ་ནི་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མདོག་ཕུན་སུམ་ཚོགས་པར་གྱུར་ན་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་པར་འགྱུར་ཏེ། མཐོང་བ་ཙམ་
གྱིས་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རོ། །དགའ་བར་གྱུར་ནས་ཡང་དང་ཡང་དེའི་ཐད་དུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ཡིད་དུ་འོང་བ་དང་ལྡན་པའི་ཕྱིར་མངོན་པར་ཕྲད་པར་འགྱུར་ཞིང་། སྐྱེ་བོའི་ཚོགས་ཆེན་པོ་དག་དེའི་ཚིག་མཉན་པར་འདོད་པར་འགྱུར་ཞིང་དེས་སྨྲས་
པ་དེ་བྱེད་པར་ཡང་འདོད་པར་འགྱུར་བའོ། །དེ་ལྟ་བུའི་རིམ་གྱིས་དབང་དུ་འགྱུར་ཞིང་འདུལ་བར་འགྱུར་རོ། །རིགས་ཕུན་སུམ་ཚོགས་པར་གྱུར་པའི་རིམ་གྱིས་བསྒོ་བ་ལས་འདའ་བར་མི་བྱེད་པ་ནི་དེའི་འབྲས་བུའོ་ཞེས་བསྟན་པ་ཉིད་ནི་རིགས་ཕུན་སུམ་ཚོགས་པར་གྱུར་ན་དང་པོར་འཇིག་རྟེན་
པ་ཐམས་ཅད་ཀྱིས་མངོན་པར་འདོད་པར་འགྱུར་རོ། །རིགས་བཟང་པོ་དང་ངེས་པར་ལྡན་པའི་ཕྱིར་སྐྱེ་བོའི་ཚོགས་ཆེན་པོའི་དྲུང་དུ་ཉེ་བར་འོང་ཞིང་བཀུར་བ་སྟེ་ལུས་ཀྱི་ཉེ་བར་སྤྱོད་པའི་ཁྱད་པར་གྱིས་མཆོད་པར་འགྱུར་རོ། །ངག་གི་ཉེ་བར་སྤྱོད་པའི་ཁྱད་པར་གྱིས་རབ་ཏུ་བསྔགས་པར་
འགྱུར་རོ། །ཡིད་ཀྱི་ཉེ་བར་སྤྱོད་པའི་ཁྱད་པར་གྱིས་རབ་ཏུ་དང་བ་བསྐྱེད་པར་འགྱུར་རོ། །རྒྱུ་གསུམ་པོ་འདི་དག་གིས་གང་དང་གང་ལ་ཡང་དག་པར་སྦྱར་བ་དེ་དང་དེ་ལ་དེའི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནས་མྱུར་དུ་ཡང་དག་པའི་གུས་པས་བསྒོ་བ་བཞིན་སྒྲུབ་པར་བྱེད་དོ། །བྱེད་པར་མི་འདོད་
པ་དག་གིས་ཀྱང་ཚིག་གི་ལན་མངོན་སུམ་དུ་འདེབས་པར་ནུས་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་བྱེད་མི་ནུས་ཞེས་བྱ་བའི་དོན་ཏོ། །ཟློག་པར་མི་བྱེད་པ་ནི་མ་གུས་པས་མི་བྱེད་པའོ། །ལོག་པར་མི་བྱེད་པ་ནི་འདྲེན་པར་མི་བྱེད་པ་སྟེ། བྱ་བར་མི་འདོད་པ་དག་ལ་ཡང་ངོ་། །དེའི་ཕྱིར་སྨྲས་པ། མི་བྱའོ་
เล่ม ๑๓๓ · หน้า 48b
ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི། དབང་ཕྱུག་ཕུན་སུམ་ཚོགས་པ་ཞེས་བྱ་བའོ། །རང་གི་འབྲས་བུ་ལ་ལྟོས་པ་མེད་པར་རྒྱུ་ལ་མངོན་པར་ཞེན་པས་ལོངས་སྤྱོད་དེ་དང་དེ་སེམས་ཅན་གཞན་དག་ལ་རབ་ཏུ་སྒྲུབ་པར་བྱེད་དོ། །དེས་ན་སྨྲས་པ།
སྦྱིན་པས་སེམས་ཅན་རྣམས་སྡུད་ཅིང་ཞེས་བྱ་བ་ནི་ལུས་བརྟན་པར་བྱེད་པས་རྗེས་སུ་སྡུད་པས་ན་སྡུད་ཅིང་ཞེས་བྱ་བའོ། །དབང་དུ་གྱུར་པས་ན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའོ། །ངག་གི་ལེགས་པར་སྤྱོད་པ་རྣམ་པ་བཞིའི་འབྲས་བུ་ཡིན་པའི་ཕྱིར་ཚིག་བཙུན་པ་ཉིད་དང་། ཆོས་
ཉེ་བར་སྟོན་པའི་རང་བཞིན་ཡིན་པའི་ཕྱིར། སྙན་པར་སྨྲ་བ་ཉིད་དེ། སེམས་ཉེ་བར་བརྟན་པར་བྱེད་པས་ཉེ་བར་བསྡུས་པ་ཡིན་ནོ། །ངག་གི་ལེགས་པར་སྤྱད་པ་བཞིས་ཡང་དག་པར་ཉེ་བར་བསྡུས་པའི་མཚན་ཉིད་ཅན་ནི་དོན་སྤྱོད་པས་བསྡུས་པ་ཡིན་ནོ། །མཚུངས་པར་བྱ་བ་
ལ་ནན་ཏན་བྱེད་པའི་མཚན་ཉིད་ནི་དོན་མཐུན་པས་བསྡུས་པ་སྟེ། ཕན་པ་ལ་ཡང་དག་པར་སྦྱོར་བ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །དབང་ཆེ་བར་གྲགས་པར་འགྱུར་བ་ནི་རིམ་གྱིས་སེམས་དང་འབྲེལ་པར་འགྱུར་བ་ལས་རིམ་གྱིས་འབྲས་བུར་འགྱུར་བ་བསྟན་པའི་ཕྱིར་དང་། བཟོའི་གནས་
རྣམ་པ་སྣ་ཚོགས་པ་ལ་མཁས་པའི་ཕྱིར་བྱ་བ་བྱེད་པ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་རྣམས་ཀྱི་གྲོགས་བྱེད་དུ་འགྲོ་ཞིང་། གྲོགས་སུ་འགྲོ་བ་དེས་ཕན་འདོགས་པར་འགྱུར་རོ། །དེས་ན་སེམས་དང་འབྲེལ་པར་འགྱུར་ཞིང་གུས་པ་དང་བཅས་པར་འགྱུར། བྱས་པ་གཟོ་བར་འགྱུར་
རོ། །གུས་པ་དེ་དང་། བྱས་པ་གཟོ་བ་དེས་བསྡུས་པས་བསྒོ་བ་བཞིན་དུ་ཉན་པར་འགྱུར་རོ། །མཉན་པར་བྱ་བ་དང་། ལས་སུ་བྱ་བ་རྣམས་གུས་པ་དང་བཅས་པས་ལེན་པར་བྱེད་དོ། །དེ་ལྟར་རྗེས་སུ་འཇུག་པས་རབ་ཏུ་གཟུང་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་
དང་ཐེག་པ་གསུམ་གྱིས་བསྡུས་པའི་ཡོན་ཏན་རྣམས་བསྐྱེད་པ་ལ་ནུས་པ་དང་ལྡན་པའི་ཕྱིར་སྣོད་དུ་གྱུར་པར་འགྱུར་བ་ཡིན་ནོ། །འདུན་པ་དང་། བརྩོན་འགྲུས་དང་། བརྟན་པ་དང་ལྡན་པའི་ཕྱིར་ཉམས་སུ་བླང་བ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །ཤེས་རབ་ཡངས་པ་དང་ལྡན་
เล่ม ๑๓๓ · หน้า 49a
པའི་ཕྱིར་རབ་ཏུ་རྣམ་པར་འབྱེད་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །དེ་ལ་དཔའ་བའི་ཁྱད་པར་དང་ལྡན་པས་མི་ཞུམ་ཞིང་མི་འགོང་ལ་བག་ཚ་བ་མེད་པར་འགྱུར་རོ། །འཁོར་གྱི་ནང་དུ་འཇིགས་པ་མེད་པར་འགྱུར་རོ། །སྤྱོད་ལམ་དང་། གནས་
ཐམས་ཅད་ལ་བཟློག་པ་མེད་ཅིང་སྒྲིབ་པ་མེད་པར་འགྱུར་རོ། །སྒྲིབ་པ་མེད་པ་ཉིད་བསྟན་པ་ནི་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་འགྲོ་བ་ལ་འགོག་པ་མེད་པ་ཉིད་དང་། སེམས་ཅན་ཐམས་ཅད་དང་དུས་ཐམས་ཅད་དུ་སྨྲ་བ་ལ་བཀག་པ་མེད་པ་ཉིད་དང་། དེ་བཞིན་དུ་
མ་གྲགས་པ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །དེ་ལྟར་འཇིགས་པ་མེད་པར་འགྱུར་བ་ཉིད་དང་། སྒྲིབ་པ་མེད་པ་ཉིད་དང་། དབེན་པར་གནས་པའི་བར་གྱི་སྣོད་དུ་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དགེ་བའི་ཕྱོགས་ལ་སྦྱོར་བས་ན་ལུས་ངལ་བ་མེད་པ་ནི་མི་སྐྱེ་བ་སྟེ། བདག་
གི་དོན་གྱི་དབང་དུ་བྱས་པའོ། །གཞན་གྱི་དོན་གྱི་དབང་དུ་བྱས་ནས་ནི་སེམས་ཅན་གྱི་དོན་ལ་མི་སྐྱོ་བའོ། །སྤྲོ་བ་ཆེ་བ་ཉིད་དང་། གོ་ཆ་ཆེན་པོ་བགོས་པའི་ཕྱིར་བརྩོན་འགྲུས་རྩོམ་པའོ། །བརྩོན་འགྲུས་ཁྱད་པར་དུ་འཕགས་པ་དང་ལྡན་པ་དང་། བརྩོན་འགྲུས་མི་དམན་པས་ན་
བརྩོན་འགྲུས་བརྟན་པའོ། །སྟོབས་དང་མཐུ་དང་ལྡན་པ་དང་། མྱུར་དུ་སོ་སོར་རྟོག་པ་དང་ལྡན་པའི་ཕྱིར་མངོན་པར་ཤེས་པ་མྱུར་བའོ། །རྣམ་པར་སྨིན་པའི་འབྲས་བུ་བརྒྱད་པོ་འདི་དག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དང་། དགེ་བའི་ཕྱིར་དང་། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་
བསྒྲུབ་པར་བྱའོ་ཞེས་བྱ་བས་ཕན་པ་སྟེ་གཞན་གྱི་དོན་ལས་བརྩམས་པའོ། །བདག་གི་དོན་ལས་བརྩམས་ནས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བས་སྐྱེ་བ་ལ་ཡང་མཐུན་ཞིང་ཞེས་བྱ་བའོ། །དེའི་ཕྱིར་མཐུན་ཞིང་འཕྲོད་པ་ཞེས་བྱ་བས་གཉི་གའི་དོན་སྒྲུབ་པར་བྱེད་པའི་
ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ཡང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་སྨིན་པའི་འབྲས་བུ་འདི་ལ་གནས་ན་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་
เล่ม ๑๓๓ · หน้า 49b
བུ་རྣམ་པར་གཞག་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་གྱུར་པ་དེས་ནི་སེམས་ཅན་རྣམས་ཀྱི་དོན་རྣམ་པ་སྣ་ཚོགས་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཐབས་ཐ་དད་པས་ཕན་པ་དང་བདེ་བ་བསྒྲུབ་པར་ནུས་པའོ། །ཐབས་ཀྱི་སྒོ་རེ་རེས་ཀྱང་ཕན་པ་དང་བདེ་བ་དཔག་ཏུ་མེད་
པའི་དོན་བསྒྲུབ་པར་ནུས་པ་ནི་ལྕོགས་པ་ཞེས་བྱའོ། །ཡང་ན་ལུས་དང་སེམས་ཀྱི་སྟོབས་དང་ལྡན་པ་ནི་ནུས་ཤིང་ལྕོགས་པ་ཞེས་བྱའོ། །རྣམ་པར་སྨིན་པ་བརྒྱད་པོ་འདི་དག་གི་སྟོབས་ཀྱིས་ཇི་ལྟར་རིགས་པར་འདུལ་བར་བྱ་བ་དེ་དག་ལ་རྗེས་སུ་མཐུན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་
དུ་བྱ་བ་དག་ལ་བསྒོ་བ་ཉན་པར་འགྱུར་བ་ཡང་ཇི་སྐད་བསྟན་པའི་རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པ་ལས་ཇི་ལྟ་བ་བཞིན་དུ་བྱེད་པའོ། །དེའི་ཕྱིར་རང་གི་དོན་བྱ་བ་ཡན་ཆད་ལ་ཞེས་བྱ་བའོ། །དེའི་ཕྱིར་འདི་གཉིས་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ཡང་མི་འགྲུབ་པར་བསྟན་པའི་
ཕྱིར། དོན་ཆེ་བ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དོན་རྣམ་པ་སྣ་ཚོགས་པ་མང་པོ་བྱེད་མི་ནུས་པའོ། །དོན་ཁྱད་པར་ཅན་བྱེད་པ་མེད་པའི་ཕྱིར་མཐུན་པ་མ་ཡིན་པའོ། །ཇི་ལྟ་ཇི་ལྟར་གཞན་གྱི་དོན་ལ་འབད་པ་ཆུང་བ་དེ་ལྟ་དེ་ལྟར་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་མི་ནུས་སོ་
ཞེས་བསྟན་པའི་ཕྱིར། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནུས་པ་དང་བྲལ་བས་ནི་གཞན་གྱི་དོན་བྱ་བ་ལ་དོན་ཆེན་པོར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་བདག་ཉིད་ཀྱིས་མི་ནུས་ཤིང་མི་ལྕོགས་ལ་ཞེས་བྱ་བ་ལ་
སོགས་པ་ལ། དེ་ལྟ་ན་ཡང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་པས་གཉི་གའི་ཡན་ལག་ཚོགས་ན་གཉི་གའི་དོན་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་དེས་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་ཀྱང་ནུས་ཤིང་ལྕོགས་
པར་གྱུར། སེམས་ཅན་རྣམས་ཀྱང་བསྒོ་བ་བཞིན་དུ་ཉན་པར་གྱུར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནུས་པ་དང་ལྡན་པས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སེམས་ཅན་རྣམས་བསྒོ་བ་བཞིན་ཉན་པས་ནི་ཐེག་པ་གསུམ་ལ་མྱུར་དུ་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་
เล่ม ๑๓๓ · หน้า 50a
ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་སྨིན་པར་གྱུར་པ་ལས་ནི་རང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་གྱུར་པ་ལས་ནི་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་རྣམ་པ་
འདི་དག་གིས་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་པར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་ན་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་པར་གྱུར་ན་ཕན་པ་ཐོབ་པར་འགྱུར།
བདེ་བ་དང་ཕྲད་པར་འགྱུར་རོ། །དེ་ལྟ་བས་ན་འཁོར་བ་འབྲས་བུ་དང་བཅས་པར་འགྱུར། དོན་དང་བཅས་པར་འགྱུར་རོ། །དེ་དང་བྲལ་བར་གྱུར་ན་འབྲས་བུ་མེད་པར་འགྱུར། དོན་མེད་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་བསྟན་པས་བསོད་ནམས་དང་། ཡེ་ཤེས་ཀྱི་འབྲས་བུ་
ཡང་བསྟན་པར་ནུས་པས། དེ་ལ་བསོད་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཡིན་ཞེས་བྱ་བ་སྨྲས་སོ། །ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ་ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པར་གཞག་པའི་དབང་དུ་བྱས་པའོ། །ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་ངོ་བོ་ནི་བསོད་ནམས་ཞེས་བརྗོད་དེ། དངོས་པོ་ཉིད་དང་། འབྲས་བུ་
ཉིད་ཀྱིས་སོ། །དངོས་པོ་ཉིད་ནི་བསོད་ནམས་བྱ་བའི་དངོས་པོ་གསུམ་ཞེས་བསྟན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ལས་བྱུང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམས་པ་ལས་བྱུང་བའི་བསོད་
ནམས་སོ་ཞེས་བྱ་བ་ལ། བཟོད་པ་ཡང་རྣམ་པ་གཉིས་ཏེ། སོ་སོར་བརྟགས་པའི་སྟོབས་ཀྱིས་ཡང་དག་པར་བསྡུས་པ་དང་། བསྒོམ་པའི་སྟོབས་ཀྱིས་བསྡུས་པའོ། །བསྒོམ་པའི་སྟོབས་ཀྱིས་བསྡུས་པ་ནི་བྱམས་པ་བསྒོམ་པའི་ངོ་བོ་ཉིད་དེ། གནོད་སེམས་སྤངས་པས་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་བས་
གནོད་སེམས་སྤངས་པ་ནི་བྱམས་པ་བསྒོམ་པ་ཡིན་ནོ་ཞེས་བྱས་ནས་སོ། །དེ་ལྟ་བུ་ནི་རེ་ཞིག་དངོས་པོ་ཉིད་དོ། །འབྲས་བུ་ཉིད་ནི་རང་གི་རྒྱུད་ཀྱི་ལོངས་སྤྱོད་དང་། བདག་གི་དངོས་པོ་དང་། འཁོར་གྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་དང་ཤེས་རབ་ནི་དོན་གཅིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་
เล่ม ๑๓๓ · หน้า 50b
བཞིན་ཉིད་ཡེ་ཤེས་སོ། །རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་སྟེ། ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པའོ། །ཡེ་ཤེས་ནི་ཐེ་ཚོམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པའམ། ཡང་དག་པར་གཏན་ལ་འབེབས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་དང་རྗེས་སུ་མཐུན་པས་དེ་
དག་གི་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་བྱང་
ཆུབ་ཀྱི་ཚོགས་སུ་རྣམ་པར་གཞག་གོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ལ། གཅིག་ནི་ཡེ་ཤེས་ཀྱི་ཚོགས་སུ་གཞག་ན། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་གཉིས་གང་གི་ཁོངས་སུ་འདུ་བར་འགྱུར་ཞེ་ན། སྨྲས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡང་བརྩོན་འགྲུས་ནི་དགེ་བའི་ས་ཆེན་པོ་པ་སྟེ། ཐམས་ཅད་དུ་བརྩོན་འགྲུས་མེད་ན་དགེ་བ་མི་འབྱུང་བ་ཉིད་དེ། དགེ་བ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་སོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་
གཉེན་པོར་གྱུར་པའི་ཕྱིར། བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་ནོ། །མདོའི་རྗེས་སུ་འབྲངས་ནས་ཀྱང་འདི་དག་རྣམ་པར་གཞག་པར་བྱ་སྟེ། མདོ་སྡེ་ལས་བསྟན་པ། བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་
འགྱུར་ཏེ་ཞེས་བྱ་བ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུའོ། །དེའི་ཕྱིར་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོད་པ་ཉིད་དུ་མཚོན་པར་བྱེད་པ་ཉིད་དོ། །དེ་ལྟར་ན་ཡང་ངོ་བོ་ཉིད་དང་རྗེས་སུ་མཐུན་པའི་དབང་དུ་བྱས་ནས་བསོད་ནམས་དང་ཡེ་ཤེས་སུ་རྣམ་པར་གཞག་
པར་རིག་པར་བྱའོ། །དེའི་ཕྱིར་བརྩོན་འགྲུས་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཡང་དག་པར་ལེན་པ་ནི་སྡོམ་པ་ཡང་དག་པར་ལེན་པའི་དུས་སུའོ། །བསྲུང་བ་ནི་དེའི་རྗེས་ལ་ཡན་ལག་ལྔ་བག་ཡོད་པས་བསྡུས་པ་ཡོངས་སུ་སྦྱོང་བའོ། བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་
เล่ม ๑๓๓ · หน้า 51a
ཚད་མེད་པ་རྣམས་བསྒོམ་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཕྲག་དོག་དང་། ཞེ་སྡང་གི་གཉེན་པོ་ནི་ཚད་མེད་པ་རྣམས་ཡིན་ལ། བཟོད་པ་ཡང་དེ་དག་གི་གཉེན་པོར་གྱུར་པ་ཉིད་ཡིན་པས་སོ། །
བརྩོན་འགྲུས་ལ་བརྟེན་ནས་ཡེ་ཤེས་མ་སྐྱེས་པ་ནི་སྐྱེ་བར་འགྱུར་ལ། སྐྱེས་པ་རྣམས་ནི་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་རོ། །དེའི་ཕྱིར་སྨྲས་པ། བརྩོན་འགྲུས་ལ་བརྟེན་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོས་པས་བཟུང་
ནས་བསམས་ཤིང་སྒོམ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐོས་པ་ལ་སོགས་པའི་སྦྱོར་བས་ཐོས་པའི་ཤེས་རབ་ཀྱིས་ཕུང་པོ་ལ་སོགས་པ་ལ་ཉེ་བར་རྟོགས་པར་བྱེད་དོ་ཞེས་བྱ་བ་སྨྲས་པ། ཕུང་པོ་ལ་མཁས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་རེ་ཞིག་ཡེ་ཤེས་ལ་མཁས་པའི་
དབང་དུ་བྱས་ནས་བསྟན་ནས། བདེན་པ་རྣམ་པར་འབྱེད་པ་ལ་མཁས་པའི་དབང་དུ་བྱས་ནས་སྨྲས་པ། སྡུག་བསྔལ་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་དབང་དུ་བྱས་ནས། དགེ་བའམ་ཞེས་བྱ་བ་ལ་སོགས་པའོ། །ཡང་བསམ་གཏན་ནི་རྣམ་པར་
གཡེང་བ་མེད་པ། སེམས་རྩེ་གཅིག་པ་ཡང་དག་པར་ཉེ་བར་གཏོད་པའོ། །དེའི་ཕྱིར་སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་དགེ་བ་ལ་སྦྱོར་བར་མི་ནུས་པས་དགེ་བ་ཐམས་ཅད་ལ་བསམ་གཏན་དང་ལྡན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བསམ་གཏན་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པའོ། །
རྣམ་པ་དྲུག་ཡོད་དོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཅན་ནོ། །ཡང་ན་བསོད་ནམས་དང་བསོད་ནམས་ཀྱི་ཕྱོགས་བརྩོན་འགྲུས་དང་། བསམ་གཏན་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །ཡེ་ཤེས་དང་ཡེ་ཤེས་ཀྱི་ཕྱོགས་བརྩོན་འགྲུས་དང་། བསམ་གཏན་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །དེ་རེ་
རེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་དཔག་ཏུ་མེད་པའི་སྒོ་ནས་ཞུགས་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་མཚུངས་པའི་རྒྱུ་ཁས་བླངས་ནས་དྲིས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གང་ཞེ་ན་ཞེས་བྱ་བའོ། །ལན་ཡང་དུས་གཅིག་ཏུ་
เล่ม ๑๓๓ · หน้า 51b
བཏབ་པ་ནི་མདོར་བསྡུ་ན་གསུམ་ཡོད་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་རྒྱུ་དང་རྐྱེན་བསྡོམས་ནས་རྒྱུ་ཞེས་རྣམ་པར་གཞག་གོ། །འདས་པ་དང་ད་ལྟར་གྱི་ཚེའི་རྐྱེན་གྱི་དབང་དུ་བྱས་ནས་རྒྱུ་ཞེས་བྱ་བར་བསྟན་ཏེ། མདོར་བསྡུ་ན་དགེ་བའི་ཆོས་སྐྱེ་བར་བྱེད་པ་ནི་བཞི་ཡིན་ཏེ། སྐྱེས་བུ་དམ་པ་ལ་
བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། སྐྱེ་བ་སྔ་མའི་དུས་སུ་སྤྱད་པ་དང་བཞི་ནི་རྒྱུ་གཉིས་སུ་རྣམ་པར་གཞག་པར་བྱའོ། །འདི་དག་ཏུ་མ་གཏོགས་པ་ནི་དགེ་བའི་ཆོས་ལ་འདུན་པ་སྟེ་ཆོས་ཐམས་ཅད་ཀྱི་རྩ་བ་ནི་འདུན་པ་ཡིན་པའི་ཕྱིར་རྒྱུ་ཁྱད་པར་དུ་འཕགས་
པའི་མཚན་ཉིད་ཅན་རྣམས་ཀྱི་ནང་ནས་དང་པོའི་རྒྱུ་ཡིན་ནོ། །ཡང་འདུན་པ་དེ་ནི་རྣམ་པ་གསུམ་སྟེ། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྨྲས་པ་ནི། འཐོབ་པ་དང་ཞེས་བྱ་བའོ། །ཐོབ་པར་གྱུར་པ་རྣམས་མི་ཉམས་པའི་སྦྱོར་བ་ལ་གནས་པ་ནི་གང་ཡང་གནས་པ་དང་ཞེས་བྱ་བའོ། །གནས་པ་རྣམས་གོང་
ནས་གོང་དུ་འཕེལ་བ་དང་རྒྱས་པར་འགྱུར་བ་དང་། འདུན་པ་ཞེས་བྱ་བ་ནི་རྒྱུ་དང་པོ་སྟེ། ཡང་དག་པའི་སྤོང་བ་ཐ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །མཐུན་ལ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། མི་མཐུན་པ་མེད་པ་ཞེས་བྱ་བ་སྟེ། སྐྱེ་བ་གཞན་དག་ཏུ་གོམས་པར་བྱས་པས་ནི་རྒྱུ་ཉེ་བར་བསགས་
པར་འགྱུར་རོ། །རྒྱུ་ཉེ་བར་བསགས་པ་དང་ལྡན་པ་ནི་བསོད་ནམས་དང་ཡེ་ཤེས་སྐྱེད་པར་བྱེད་ཀྱི་མ་བསྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྔོན་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མི་མཐུན་པ་མེད་པའི་རྐྱེན་ནི་དངོས་པོ་མེད་པ་དང་། དངོས་པོ་དང་ལྡན་པ་རྣམ་པ་གཉིས་སུ་བསྟན་པའི་ཕྱིར་དངོས་པོ་ཁ་ཅིག་
མངོན་དུ་མ་གྱུར་པས་མི་མཐུན་པ་མེད་པ་ཡིན་ལ། དངོས་པོ་ཁ་ཅིག་མངོན་དུ་གྱུར་པ་དང་ལྡན་པས་མི་མཐུན་པ་མེད་པ་སྟེ། བར་དུ་གཅོད་པའི་རྒྱུ་མེད་ཅིང་བར་ཆད་མ་ཡིན་པའི་རྒྱུ་དང་ལྡན་པས་དངོས་པོ་རྣམས་སྐྱེ་བར་འགྱུར་རོ་ཞེས་བྱ་བས་གཉི་ག་ཡང་མི་མཐུན་པ་མེད་པའི་རྐྱེན་དུ་བསྟན་པ་ཡིན་ནོ། །ཕྱིན་ཅི་
ལོག་མི་མཐུན་པའི་ཕྱོགས་འགལ་བ་དག་བསོད་ནམས་དང་ཡེ་ཤེས་མ་ཡིན་པ་སྐྱེ་བའི་མཐུན་པ་ཡིན་པ་དེ་དག་ནི་བསོད་ནམས་དང་ཡེ་ཤེས་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། ཕྱིན་ཅི་ལོག་གི་རྐྱེན་ཞེས་བྱའོ། །དེས་ན་སྨྲས་པ། ཉེ་བར་མི་གནས་ཤིང་ཞེས་བྱ་བ་ལ། ཉེ་བར་མི་གནས་པ་ནི་ཉེ་བར་མ་གྱུར་པའོ། །
เล่ม ๑๓๓ · หน้า 52a
ཉེ་བར་མ་གྱུར་པ་ཉིད་དེ་ཉེ་བར་མ་གྱུར་པས་ན་ཕྱིན་ཅི་མ་ལོག་པའི་རྐྱེན་ནི་ཉེ་བར་གནས་པས་བསོད་ནམས་དང་ཡེ་ཤེས་སྐྱེ་བ་ལ་རྗེས་སུ་མཐུན་པ་ཡིན་ནོ། །ཕྱིན་ཅི་ལོག་གི་རྐྱེན་བསྟན་པར་བྱ་བའི་ཕྱིར། སྡིག་པའི་གྲོགས་པོ་ཞེས་བྱ་བ་ལ། སྔར་བསྟན་པ་བཞིན་དུ་རིག་པར་
བྱ་བའམ། སྡིག་པའི་གྲོགས་པོ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཕྱིན་ཅི་ལོག་ཏུ་བསྟན་པ་ནི་འཇིག་རྟེན་འཕེལ་བར་བྱེད་པ་དག་གི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། བྱོལ་སོང་འཆིང་བ་ལ་སོགས་པ་ནི་བསོད་ནམས་རབ་ཏུ་
འཕེལ་བའི་རྒྱུར་རྣམ་པར་འཇོག་པར་བྱེད་ལ། དེའི་བཅིངས་པ་བཀྲོལ་ན་བསོད་ནམས་མ་ཡིན་པར་རྣམ་པར་འཇོག་པར་བྱེད་པ་དང་། ཉན་ཐོས་ཀྱི་བསླབ་པ་ཕྱོགས་གཅིག་པའི་རྗེས་སུ་འབྲངས་བ་དག་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་ལས་ཕྱིན་ཅི་ལོག་ཏུ་སྟོན་པར་བྱེད་པ་ཡིན་ཏེ། ས་ལེ་སྦྲམ་
དང་། དངུལ་ལ་སོགས་པ་མ་བླངས་ན་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མུ་སྟེགས་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཡེ་ཤེས་ཕྱིན་ཅི་ལོག་ཏུ་བསྟན་པས། མི་ཤེས་པ་དང་ཐེ་ཚོམ་དང་འཆལ་པའི་ཤེས་པས་བསླབ་པ་རབ་ཏུ་ཐོབ་ཅིང་ལྡན་པར་འགྱུར་
རོ། །ཆོས་འདི་པ་ཁ་ཅིག་ཀྱང་ཆོས་རྣམས་ཕྱིན་ཅི་ལོག་གི་མཚན་ཉིད་དུ་རྣམ་པར་འཇོག་ཅིང་ཕྱིན་ཅི་ལོག་གི་མཚན་ཉིད་དུ་འཛིན་པར་འགྱུར་ཏེ། དེ་བཞིན་དུ་ལོག་པར་ངེས་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཐོབ་པ་དང་ཞེས་བྱ་བ་ལ། མི་དགེ་བའི་ཆོས་སྐྱེ་བའི་རྐྱེན་མ་ཡིན་ན་ཡང་འགལ་
བའི་རྐྱེན་གཞན་དག་ཀྱང་ཡོད་དོ་ཞེས་བསྟན་པ་ཉིད་ནི་དེ་ཡང་སྔར་གྱི་ལུས་དང་སེམས་གཡོ་བར་བྱེད་པ་ཇི་ལྟར་ཉན་ཐོས་ཀྱི་ས་ལས་བསྟན་པ་ལྟ་བུ་རྣམས་སོ། །རྒྱུ་གསུམ་པོ་འདི་དག་མ་ལུས་པ་མ་ཚང་བ་མེད་པ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྒྱུ་གསུམ་པོ་
འདི་དག་ལས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བསོད་ནམས་ཀྱི་འབྲས་བུ་ནི་རྣམ་པར་སྨིན་པའི་འབྲས་བུ་ཉིད་དང་། དེ་ལ་ཡང་དག་པར་བརྟེན་པའི་སེམས་ཅན་གྱི་དོན་བྱ་བར་རིག་པར་བྱའོ། །ཡེ་ཤེས་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་འབྲས་བུར་རིག་པར་བྱའོ། །གནོད་པ་མེད་པར་ཞེས་བྱ་བ་
เล่ม ๑๓๓ · หน้า 52b
ནི་རྗེས་སུ་མི་མཐུན་པ་མེད་པ་སྟེ། སྡུག་བསྔལ་གྱི་གནོད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་དང་ལྡན་པས་རྣམ་པར་སྨིན་པའི་ལོངས་སྤྱོད་
དང་། བདག་གི་དངོས་པོ་དང་། འཁོར་ཕུན་སུམ་ཚོགས་པར་ལོངས་སྤྱོད་ཀྱིས་རྒུད་པའི་སྡུག་བསྔལ་དང་། བདག་གི་དངོས་པོས་རྒུད་པའི་སྡུག་བསྔལ་དང་། འཁོར་གྱིས་ཕོངས་པའི་སྡུག་བསྔལ་གྱི་གནོད་པ་མེད་པར་འཁོར་བ་ན་འཁོར་བའི་ལོངས་སྤྱོད་ཆེན་པོ་ལ་བརྟེན་ནས་སེམས་ཅན་གྱི་
དོན་བྱ་བར་ནུས་པར་འགྱུར་རོ། །བདག་གི་དངོས་པོའི་རྣམ་པར་སྨིན་པ་ལ་བརྟེན་ནས་བསྡུ་བའི་དངོས་པོ་གཞན་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་པར་ནུས་སོ། །དེ་ལྟར་བདག་དང་གཞན་གྱི་རྒྱུད་ལ་བརྟེན་ནས་བསོད་ནམས་ཀྱི་འབྲས་བུ་རྣམ་པ་གཉིས་སོ། །ཡེ་ཤེས་ལ་བརྟེན་ནས་ནི་ཕྱིན་ཅི་མ་
ལོག་པ་དང་རྒྱ་ཆེ་བའི་བསོད་ནམས་བྱེད་པ་དང་། ཉེ་བར་སོགས་པར་འགྱུར་ཏེ། དགེ་བའི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བ་ནི་རིགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་ནི་ཤེས་བྱའི་རྣམ་པ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་སྦྱོར་བ་གོམས་པར་བྱས་པས་རྒྱུད་ཁྱད་པར་དུ་འཕགས་
པའི་ཡེ་ཤེས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོག་པར་འགྱུར་བའི་འབྲས་བུར་རིག་པར་བྱའོ། །དེ་ལྟར་ན་བསོད་ནམས་ཀྱི་རྣམ་པ་གཉིས་དང་། ཡེ་ཤེས་ཀྱི་རྣམ་པ་གཉིས་ཀྱིས་རྣམ་པ་བཞིར་འགྱུར་རོ། །ཁོངས་སུ་གཏོགས་པ་རྣམས་ཀྱི་དབྱེ་བ་ནི་དཔག་ཏུ་མེད་དོ། །རྣམ་པར་
སྨིན་པ་དང་། དེའི་རྒྱུ་དང་། དེའི་འབྲས་བུ་ལས་བསོད་ནམས་དང་ཡེ་ཤེས་དག་གིས་བྱེད་པའི་གཙོ་བོ་ཉིད་དུ་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་བར་བསྟན་པའི་ཕྱིར་སྨྲས་པ། དེ་ལ་རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་དེ་དག་
ཀྱང་ཚོགས་སུ་རྣམ་པར་གཞག་པར་བྱ་བ་ཉིད་དོ། །བསོད་ནམས་ལ་བརྟེན་ཅིང་བསོད་ནམས་ལས་བྱུང་བ་ཉིད་དོ་ཞེས་བྱ་བ་ནི། རེ་ཞིག་རྣམ་པར་སྨིན་པ་ཉིད་ནི་བསོད་ནམས་ལས་བྱུང་བའི་ཕྱིར་བསོད་ནམས་ལ་བརྟེན་པ་ཉིད་ཡིན་ནོ། །གནོད་སེམས་མེད་པ་ལ་སོགས་པ་རྣམ་པར་སྨིན་པའི་རྒྱུ་རྣམ་པ་བརྒྱད་
เล่ม ๑๓๓ · หน้า 53a
ཀྱང་སྔོན་བསོད་ནམས་བྱེད་པ་གོམས་པའི་སྟོབས་ལ་བརྟེན་ནས་ཞེས་བྱས་ནས་བསོད་ནམས་ལ་བརྟེན་པ་ཉིད་དོ། །དུས་རིང་པོར་དགེ་བ་བསགས་པ་ལ་སོགས་པ་རྣམ་པར་སྨིན་པའི་འབྲས་བུ་ཡང་སྔོན་བསོད་ནམས་གོམས་པར་བྱས་པའི་སྟོབས་ཉིད་ཀྱི་རྒྱུ་མཐུན་པ་ཉིད་
ཀྱིས་འཇུག་པར་འགྱུར་རོ་ཞེས་བྱས་ནས་དེ་ཡང་བསོད་ནམས་ལ་བརྟེན་པ་ཉིད་དོ། །དེ་ལྟར་ན་རེ་ཞིག་བསོད་ནམས་གཙོ་བོ་ཡིན་ནོ། །བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་པ་ཡིན་ཏེ། ཡེ་ཤེས་ལ་བརྟེན་ནས་བསོད་ནམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟ་བས་
ན་རྣམ་པར་སྨིན་པ་ལ་སོགས་པ་ཆོས་དགུ་པོ་གང་ཡིན་པ་དེ་དག་ལས་འདི་གཉིས་ཁོ་ན་གཙོ་བོའི་བྱེད་པ་སྟེ། བསོད་ནམས་དང་། ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་གཞི་ཡིན་ནོ། །དེ་དག་ལས་ཀྱང་ཡེ་ཤེས་གཙོ་བོ་ཡིན་
པར་བསྟན་པའི་ཕྱིར། བསོད་ནམས་ཀྱང་དེའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རིགས་པ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ལས་སོ། །དཔྱས་དང་བཅས་པའི་ལས་ཀྱི་གནས་ཀྱིས་ལོངས་སྤྱོད་བསྒྲུབ་པ་ནི་གནོད་པར་འགྱུར་བའི་ཕྱིར་རོ། །ཚོད་ཟིན་པར་ལོངས་སྤྱད་པར་བྱ་སྟེ། ཚོད་མ་ཟིན་པར་ལོངས་
སྤྱོད་པ་ནི་ཚུལ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དང་། ནད་རྣམས་འབྱུང་བའི་གནས་ཡིན་པའི་ཕྱིར་གནོད་པར་འགྱུར་བ་ཡིན་ནོ། །དེ་ལྟར་རེ་ཞིག་བདག་པོའི་འབྲས་བུ་སོ་སོར་མྱོང་བ་མཐོང་བའི་ཆོས་ཀྱི་དོན་ཉིད་བསྟན་ནས། ད་ནི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་མྱོང་བ་བསྟན་པའི་ཕྱིར། རྣམ་པར་སྨིན་
པར་འགྱུར་བའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ཉིད་ཀྱི་ཕྱིར་བསམ་གཏན་བསྒྲུབས་ནས་བསམ་གཏན་གྱི་སྦྱོར་བས་མཐོང་བའི་ཆོས་ལ་བསམ་གཏན་བསྒྱུར་བ་ལ་མཁས་པས། ཚེ་འདི་ཉིད་ལ་
བདེ་བ་ལ་རིག་པར་བྱ་བའི་ཕྱིར་ཡིན་གྱི། ཚེ་གཞན་གྱི་དོན་དུ་ནི་མ་ཡིན་ཏེ། བསམ་གཏན་གྱིས་བསྒྱུར་བའི་ཕྱིར་རོ། །བསམ་གཏན་གྱི་སྦྱོར་བ་དེ་ནི་གཞན་གྱི་དོན་དུ་སྦྱོར་བ་མ་ཡིན་ཏེ། གཞན་དུ་སྦྱོར་བར་གྱུར་ན་འཇིག་རྟེན་ཕ་རོལ་པོར་འགྱུར་རོ། །དེ་བཞིན་གཤེགས་པ་མཐར་ཐུག་པ་རྙེད་པར་
เล่ม ๑๓๓ · หน้า 53b
གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་པ་ཉིད་ནི་མཐོང་བའི་ཆོས་ཀྱི་དོན་ཉིད་ཡིན་ཏེ། དེས་རྣམ་པར་གྲོལ་བའི་བདེ་བ་རབ་ཏུ་བསྟན་པའི་ཕྱིར་དང་། སྐྱེ་བ་གཞན་མི་མངའ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་སྨོས་པ་ནི་བྱང་ཆུབ་སེམས་དཔའི་
མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་བསལ་བའི་ཕྱིར་ཏེ། དེའི་དེ་ནི་ཕ་རོལ་དུ་ཡང་འབྱུང་བ་ཡིན་ཏེ། སྐྱེ་བ་ཁྱད་པར་ཅན་གོང་ནས་གོང་དུ་འགྲོ་བར་འགྱུར་བ་འཐོབ་པའི་ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། མཐོང་བའི་ཆོས་ཀྱི་ལམ་དང་། ཚོགས་སུ་གྱུར་པས་
ལུས་དང་སེམས་རྗེས་སུ་སྡུད་པར་བྱེད་པའི་ཕྱིར་མཐོང་བའི་ཆོས་ཀྱི་དོན་ཏོ། །ཕྱི་མར་ཡང་སྐྱེ་བར་གྱུར་པ་མེད་པའི་ཕྱིར་ཕ་རོལ་མེད་པ་ཞེས་བྱ་བའི་དོན་ཏོ། །གཞན་གང་དག་བྱང་ཆུབ་སེམས་དཔས་བཏུལ་བ་ཞེས་བྱ་བ་ལ། གང་དག་བྱང་ཆུབ་སེམས་དཔས་ཇི་སྐད་བསྟན་པའི་དོན་ལ་ཡང་དག་པར་
སྦྱར་བ་དང་། ངེས་པར་ཡང་དག་པར་སྦྱར་བ་དེ་དག་གི་མཐོང་བའི་ཆོས་ཀྱི་དོན་ཡིན་ནོ། །འཕངས་ཤིང་ཡོངས་སུ་གཟུང་བས་སྐྱེ་བ་ཕྱི་མ་ལ་ལོངས་སྤྱོད་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ནི་ཡང་ཕྱི་མ་པ་ཞེས་བྱ་བའི་དོན་ཏོ། །མ་འོངས་པ་ན་རྣམ་པར་སྨིན་པར་
འགྱུར་བའི་ཕྱིར་རོ། །འདོད་པའི་ཁམས་སྨོས་པ་ནི་གཞན་དག་ན་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །འདོད་པའི་ཁམས་དེ་ན་ཚེ་ཕྱི་མའི་ལུས་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་ཕྱི་མ་པ་ཞེས་པའི་དོན་ཏེ། དགེ་བའི་རྣམ་པར་སྨིན་པ་ཉིད་ཀྱིས་མ་འོངས་པ་སྡུད་པར་བྱེད་པའི་ཕྱིར་
དང་། རྣམ་པར་སྨིན་པ་གཞན་དང་སྦྱོར་བ་མེད་པའི་ཕྱིར་རོ། །བསམ་གཏན་དང་གཟུགས་མེད་པར་སྐྱེ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པར་བདག་གི་ལུས་ལེན་པ་ཞེས་བྱ་བའི་དོན་ཏོ། །ཕུན་སུམ་ཚོགས་པ་གཉིས་པོ་འདི་དག་ནི་བསམ་གཏན་དང་གཟུགས་མེད་པར་སྐྱེས་པ་རྣམས་ཀྱི་
རྒྱུར་གྱུར་པ་སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལ་བརྟེན་པ་ནི་ཕྱི་མའི་དོན་ཏོ། །དེ་དག་སྡུག་བསྔལ་གྱིས་འཇུག་པར་འགྱུར་བ་ནི་མཐོང་བའི་ཆོས་མ་ཡིན་པའོ། །ཕྱི་མ་ལ་འདོད་པའི་རྣམ་པར་སྨིན་པར་འགྱུར་བས་ཕ་རོལ་པོ་ཞེས་བྱའོ། །དེ་བདེ་བ་དང་ཡིད་བདེ་བ་དང་བཅས་པས་དགེ་
เล่ม ๑๓๓ · หน้า 54a
བའི་ཆོས་ལ་སྦྱོར་བར་གྱུར་ན་མཐོང་བའི་ཆོས་དང་ཕྱི་མ་གཉི་གར་རིག་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་གཞན་དག་ལ་ཡང་དེ་བཞིན་དུ་གཞན་གྱི་དོན་དུ་འགྱུར་བར་རིག་པར་བྱའོ། །གང་དག་བྱང་ཆུབ་སེམས་དཔས་བཏུལ་བར་གྱུར་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །
ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པར་འགྱུར་བ་ཞེས་བྱ་བ་ལ་དེའི་སྐྱེ་བ་གཅིག་ཙམ་གྱིས་བསྒོས་པའི་ཕྱིར་གཏན་དུ་བ་མ་ཡིན་པ་ཉིད་དེ། དེའི་རྒྱུ་ཡང་ཚད་ཡོད་པའི་སྐྱེ་བས་ཐོབ་པའི་ཕྱིར་གཏན་དུ་བ་མ་ཡིན་པ་ཉིད་དོ། །འཇིག་རྟེན་པའི་དག་པ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་
བྲལ་བར་གྱུར་པ་ནི་ཉམས་པར་ཡང་འགྱུར་བ་དང་། ཡང་འདིར་འབྱུང་བར་འགྱུར་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་སྨོས་པ་ནི་བདེན་པ་མཐོང་བ་བསལ་བའི་དོན་ཏོ། །བདེན་པ་མཐོང་བས་འཇིག་རྟེན་པའི་ལམ་ཉིད་ཀྱིས་འདོད་ཆགས་དང་བྲལ་བར་གྱུར་ན་གཏན་དུ་བ་ཞེས་བྱའོ། །ཉོན་
མོངས་པ་ཐམས་ཅད་གཏན་སྤངས་པའི་མྱ་ངན་ལས་འདས་པ་འདུས་མ་བྱས་པ་དེ་ནི་གཏན་དུ་བའོ། །དེའི་ཕྱིར་ཡོངས་སུ་ཉམས་པ་དང་། དེའི་ཕྱིར་འོང་བ་མེད་པའི་ཕྱིར་རོ། །དེ་འཐོབ་པར་བྱེད་པའི་འཕགས་པའི་ལམ་ཡང་གཏན་དུ་བ་ཉིད་དང་། ཡོངས་སུ་མི་ཉམས་པ་ཉིད་དོ། །བྱང་
ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་དེ་ལ་བརྟེན་པ་དེ་དག་ཀྱང་ཡོངས་སུ་ཉམས་པ་མེད་པ་ཡིན་ནོ་ཞེས་བྱའོ། །ཡང་དེ་ནི་ས་གནོན་ཅིང་ཡོངས་སུ་སྦྱོང་བའི་དུས་སུ་རིག་པར་བྱའོ། །འདུས་བྱས་ཀྱི་ཆོས་རྣམས་ནི་མི་རྟག་པ་དང་། ཐེར་ཟུག་པ་ལ་སོགས་པ་མ་ཡིན་པ་
རྣམས་ཇི་ལྟར་གཏན་དུ་བར་འགྱུར་ཞེ་ན། རྣམ་པར་ཕྱེ་ནས་བསྟན་པར་བྱ་བའི་ཕྱིར། རྒྱུ་རྣམ་པ་གསུམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་ལ། ངོ་བོ་ཉིད་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དེ་ནི་འདུས་མ་བྱས་པའི་ཕྱིར་རྟག་པ་ཉིད་ཀྱིས་ན་གཏན་དུ་བ་ཉིད་དོ། །འདུས་བྱས་པ་རྣམས་ནི་མི་རྟག་
པའི་ཕྱིར་གཏན་དུ་བ་མ་ཡིན་པའོ། །འཕགས་པའི་ལམ་ནི་ཡོངས་སུ་ཉམས་པ་མ་ཡིན་པས་རྟག་ཏུ་རྗེས་སུ་ལྡན་པ་ཉིད་དོ། །དེས་ན་དེའི་རྣམ་གྲངས་ནི་གཏན་དུ་བ་ཞེས་བྱ་སྟེ། འབྲས་བུ་ལོངས་སྤྱད་ནས་ཟད་པར་མི་འགྱུར་བའི་ཕྱིར་ཡོད་དོ། །འབྲས་བུ་བྱིན་ནས་ལྡོག་པར་གྱུར་པ་མ་ཡིན་
เล่ม ๑๓๓ · หน้า 54b
པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཟག་པ་དང་བཅས་པའི་དགེ་བ་ནི་འབྲས་བུ་མ་མྱོང་གི་བར་དུ་རྒྱུད་ལ་ངེས་པར་འབྲེལ་པར་གནས་ལ་འབྲས་བུ་བྱིན་ནས་ངེས་པར་ལྡོག་པར་འགྱུར་རོ། །དེས་ན་འབྲས་བུ་ཉེ་བར་ལོངས་སྤྱོད་ནས་ཟད་པར་འགྱུར་བའི་ཕྱིར་གཏན་དུ་བ་མ་ཡིན་
པའོ། །ལམ་ནི་དེ་ལྟ་བུ་མ་ཡིན་ནོ། །དེས་ན་དེ་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་ནུས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་གཅིག་ལ་འཇུག་པར་འགྱུར་བ་ན་བདག་ཉིད་ཀྱི་ནུས་པ་དང་མཐུན་པར་བསླབ་པར་བྱའོ། །དུས་གསུམ་དུ་བྱང་
ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པའི་གནས་ཀྱི་དོན་བཅུ་པོ་འདི་དག་ལ་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས་བདག་དང་གཞན་གྱི་དོན་གྱི་ལེའུའི་
བཤད་པ་སྟེ་གསུམ་པ་རྫོགས་སོ།། །།བདག་དང་གཞན་གྱི་དོན་བསླབས་པར་གྱུར་པའི་བྱང་ཆུབ་སེམས་དཔས་དེ་ཁོ་ན་ཉིད་ཀྱི་དོན་ལ་སློབ་པར་བྱེད་ན་ཉོན་མོངས་པ་མེད་པར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་དེ་ཁོ་ན་ཉིད་ཀྱི་དོན་བསྟན་ཏོ། །ཉོན་མོངས་པ་མེད་པ་ཡང་
རྣམ་པ་གཉིས་ཏེ། ཉོན་མོངས་པ་མེད་པས་ཉོན་མོངས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའི་ཉོན་མོངས་པ་མེད་པའོ། །གཉི་གའི་ཉོན་མོངས་པ་མེད་པ་ནི་དེ་ཁོ་ན་རྣམ་པར་རིག་པར་འགྱུར་རོ་ཞེས་བྱ་བར་དེ་ཁོ་ནའི་དོན་གང་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེའི་ངོ་བོ་ཉིད་ནི་དེ་ཉིད་
དོ། །དེ་ཁོ་ན་ཉིད་ཀྱི་དོན་ནི་དེ་ཁོ་ནའི་དོན་ཏེ། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཡུལ་ཉིད་དོ། །མདོར་བསྡུ་ན་དེ་ཁོ་ན་ཉིད་ནི་རྣམ་པ་གཉིས་ཏེ། དངོས་པོའི་དེ་ཁོ་ན་ཉིད་དང་། ཆོས་རྣམས་ཀྱི་རང་གི་རང་བཞིན་ནི་འདིའོ་ཞེས་ཡོངས་སུ་གཅོད་པའོ། །དེ་དག་ནི་དངོས་པོ་མ་ལུས་པའི་དེ་ཉིད་དེ།
ཆོས་དེ་དག་ཀྱང་འདི་ཙམ་མོ་ཞེས་གྲངས་ཡོངས་སུ་གཅོད་པའོ། །དེའི་ཕྱིར་སྨྲས་པ། ཇི་ལྟར་ཡོད་པ་ལས་བརྩམས་ཏེ། །ཞེས་པ་ལ་སོགས་པ་ལ། ཇི་ལྟར་ནི་ཕྱིན་ཅི་མ་ལོག་པའོ། །འདི་ཡོད་པའི་ངང་ཚུལ་ཅན་ནི་ཇི་ལྟར་ཡོད་པའོ། །ཇི་ལྟར་ཡོད་པ་ཉིད་ནི་ཇི་ལྟར་ཡོད་པ་ཅན་ནོ། །
เล่ม ๑๓๓ · หน้า 55a
དེའི་ངོ་བོ་ནི་ཇི་ལྟར་ཡོད་པ་ཉིད་དོ། །དེ་ལས་བརྩམས་ཏེ་ཞེས་བྱ་བ་ནི་དེའི་དབང་དུ་བྱས་ནས་དེ་ཁོ་ན་དང་པོའི་དོན་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པར་བྱ་བའོ། །དེའི་ཕྱིར་སྨྲས་པ། ཆོས་རྣམས་ཀྱི་ཡང་དག་པ་ཉིད། །ཅེས་བྱ་བ་ནི་ཡང་དག་པ་ཉིད་དང་། ཕྱིན་
ཅི་མ་ལོག་པ་ཉིད་དེ་དངོས་པོ་ཉིད་ཀྱི་ཇི་ལྟ་བུ་ཉིད་དོ། །ཇི་སྙེད་ཡོད་པ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་མ་ལུས་པ་སྟེ། ཀུན་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ནའི་དོན་མཐའ་དག་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་མདོར་བསྡུས་ནས་ཞེས་བྱ་བའི་
དོན་ཏོ། །དེ་ལ་དེ་ཁོ་ནའི་དོན་ནི་རྣམ་པ་གཉིས་ཏེ། ཤེས་པ་རྣམ་པ་གཉིས་གཉིས་སྐྱེད་པར་བྱེད་དོ། །འཇིག་རྟེན་པའི་འཁྲུལ་པ་མེད་པའི་ཤེས་པ་དང་། ཆོས་འདི་པ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ཤེས་པ་སྟེ། ཀུན་རྫོབ་ཀྱི་ཤེས་པ་དང་། དོན་དམ་པའི་ཤེས་པའི་དབང་དུ་བྱས་
པའོ། །ཀུན་རྫོབ་ཀྱི་ཤེས་པས་བསྡུས་པའི་འཁྲུལ་པ་མེད་པའི་ཤེས་པ་ཡང་རྣམ་པ་གཉིས་ཏེ། ཐ་སྙད་ཀྱི་རྗེས་སུ་ཞུགས་པ་ཐ་སྙད་དུ་གདགས་པ་འཇིག་རྟེན་ཐ་མལ་པ་རྣམས་ཀྱི་དང་། རིགས་པས་ཉེ་བར་བརྟགས་པའི་རྗེས་སུ་འཇུག་པའི་རིགས་པས་བསྒྲུབས་པ་དང་ལྡན་པ་ནི་ཁྱད་
པར་དུ་འཕགས་པའི་འཇིག་རྟེན་གཉིས་པ་རྣམས་ཀྱིའོ། །དེ་ལ་ཆོས་འདི་པ་རྣམས་ཀྱི་དེ་ཁོ་ན་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་རིག་པའི་མཚན་ཉིད་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་གཉེན་པོའི་
ཕྱོགས་སུ་གྱུར་པ་ཐོགས་པ་མེད་པའི་ཡེ་ཤེས་ཏེ། དོན་དམ་པའི་བདེན་པའི་དབང་དུ་བྱས་པའོ། །དེའི་ཕྱིར་སྨྲས་པ། དེ་ཁོ་ནའི་དོན་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་འཇིག་རྟེན་པ་རྣམས་ལ་གྲགས་པ་ནི་འཇིག་རྟེན་གྱི་གྲགས་པ་སྟེ། འཇིག་རྟེན་གྱི་ཆོས་ཀྱི་རྩོད་པ་མེད་པའི་མཐར་
ཐུག་པའོ་ཞེས་བྱ་བས་བྱིས་པ་དང་མཁས་པའི་བར་གྱི་འཇིག་རྟེན་པ་རྣམས་གང་དག་ལ་མཚུངས་པར་བློ་འཇུག་པར་འགྱུར་ཞིང་གྲགས་པའི་དབང་གིས་ཐ་མི་དད་པར་མཐོང་བའོ། །དེའི་ཕྱིར་འཇིག་རྟེན་གྱི་གྲགས་པ་ཞེས་བརྗོད་པ་ཡིན་ནོ། །རིགས་པ་ནི་རབ་ཏུ་གྲགས་པའི་ཚད་མ་རྣམ་པ་གསུམ་
เล่ม ๑๓๓ · หน้า 55b
མོ། །གྲགས་པ་ནི་སོ་སོར་ཤེས་པ་དང་ཁོང་དུ་ཆུད་པ་ནི་རིགས་པས་གྲགས་པའོ། །ཉོན་མོངས་པ་ཉིད་སྒྲིབ་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་སྟེ། རང་གི་གཉེན་པོའི་ཕྱོགས་ཀྱི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་ཕྱིར་རོ། །དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཉོན་
མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པ་སྟེ། མ་རིག་པ་དང་བྲལ་བ་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བའོ་ཞེས་བྱ་བའི་ཚིག་གིས་སོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་རྣམ་པར་དག་པའོ། །དེའི་ཡུལ་ཉིད་ནི་སྤྱོད་ཡུལ་ཏེ། དེ་ཁོ་ནའི་དོན་གསུམ་པའོ། །ཤེས་བྱ་ཉིད་སྒྲིབ་
པ་ཡིན་པས་ཤེས་བྱའི་སྒྲིབ་པ་སྟེ། ཤེས་བྱ་ཉིད་ནི་དེ་དང་འདུ་བ་སྟེ། གང་སངས་རྒྱས་ཀྱི་ཡེ་ཤེས་ལས་གཞན་པའི་ཤེས་པ་རྣམས་ཟིལ་གྱིས་མནན་ནས་འཇུག་པའོ། །དེས་རྣམ་པར་དག་པའི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པ་སྟེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་
མེད་ཅིང་ཐོགས་པ་མེད་པའོ། །དེའི་སྤྱོད་ཡུལ་དུ་གྱུར་པ་ནི་དེ་ཁོ་ན་བཞི་པའོ། །དེ་ལྟར་ན་འདིར་ཆོས་འདི་པ་རྣམས་ཀྱི་ཡང་འཇིག་རྟེན་པའི་བཞིན་དུ་ཐ་མལ་པ་དང་། ཁྱད་པར་དུ་འཕགས་པའི་དབྱེ་བས་ཡེ་ཤེས་གཉིས་སུ་རིག་པར་བྱའོ། །དེ་ལྟར་རེ་ཞིག་མདོར་རྣམ་པར་བཞག་ནས་
དེ་ཁོ་ན་ཉིད་བཞིའི་དོན་མདོར་བསྟན་པ་དེ་དག་རྣམ་པར་དབྱེ་ཞིང་བཤད་པའི་ཕྱིར་སྨྲས་པ། དེ་ལ་བརྡ་དང་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ནི་བྱིས་པ་ནས་མཁས་པའི་བར་ཐ་སྙད་ལ་མཁས་པ་རྣམས་ཀྱིའོ། །དངོས་པོ་གང་ལ་ཞེས་བྱ་བ་ནི་མདོར་བསྡུ་ན་འཆད་པར་འགྱུར་བའི་
དངོས་པོ་རྣམ་པ་བཞི་པོ་འདི་ལྟ་སྟེ། འབྱུང་བའི་དངོས་པོ་དང་། འབྱུང་བ་ལས་གྱུར་པའི་དངོས་པོ་དང་། དེ་སྡོམ་པའི་དངོས་པོ་དང་། གཉི་ག་མ་ཡིན་པའི་དངོས་པོའོ། །མཐོང་བ་མཚུངས་པའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞེས་བྱ་
བ་ནི། བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློ་སྐྱེ་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་ལས་འཇིག་རྟེན་པ་ཐམས་ཅད་ཀྱི་རྩོད་པ་མེད་པས་རྩོད་པ་དང་བྲལ་བའི་ལྟ་བ་མཚུངས་པར་གྱུར་པས་མཚུངས་པའི་བློ་དང་ཤེས་པ་སྐྱེ་བར་འགྱུར་བ་དེ་ལ་དེ་ཁོ་ན་
เล่ม ๑๓๓ · หน้า 56a
ཉིད་ཅེས་བསྟན་པ་ཡིན་ནོ། །དེ་ལ་བརྡ་ནི་མིང་ལ་ངེས་པར་སྦྱོར་བ་སྟེ། དེས་དངོས་པོ་རྣམས་དེ་ལྟ་དེ་ལྟར་མཚོན་པར་བྱེད་པའོ། །ཀུན་རྫོབ་ནི་ཐ་སྙད་དེ། བརྟགས་ནས་ཇི་ལྟར་འདུ་ཤེས་འཇུག་པར་འགྱུར་བ་དེ་ལྟར་ཐ་སྙད་དུ་བྱེད་པར་ཞེས་བྱ་བའི་མདོའི་
ཚིག་གིས་སོ། །འདྲིས་པ་ནི་དེ་དག་ཉིད་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དཔག་ཏུ་མེད་པར་གོམས་པས་རྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་སྒྲ་དང་འབྲེལ་པ་སྟེ། དངོས་པོ་འདིའི་མིང་ནི་འདི་ཡིན་ནོ་ཞེས་བཏགས་པའོ། །དེའི་རྗེས་སུ་འགྲོ་བར་ཞུགས་པ་ནི་བརྡ་དང་ཀུན་
རྫོབ་ལ་འདྲིས་པའི་རྗེས་སུ་འབྲང་ཞིང་དེའི་སྒོ་ནས་ཞུགས་ཤིང་རབ་ཏུ་ཞུགས་པ་ན་བློ་དེའི་རྗེས་སུ་ཞུགས་ཤིང་སྐྱེས་པས་ལྟ་བ་མཚུངས་པར་གྱུར་པ་སྟེ། དངོས་པོ་ལ་མོས་པ་མཚུངས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དངོས་པོའི་ཚོགས་དེའི་དབང་དུ་བྱས་ནས་རྣམ་པ་གསུམ་དུ་བརྟག་
པར་བྱ་སྟེ། འབྱུང་བའི་དངོས་པོ་དང་། འབྱུང་བ་ལས་གྱུར་པའི་དངོས་པོ་དང་། གཉིས་ཀའི་དངོས་པོའོ། །ལུས་ཀྱི་ཡོ་བྱད་རྣམ་པ་བཅུའི་དབང་དུ་བྱས་པ་དང་ཡོངས་སུ་བཟུང་བའི་དངོས་པོའི་དབང་དུ་བྱས་པའོ། །རྒྱན་དུ་བྱ་བ་དང་། སྣོད་སྤྱད་དང་ཞེས་བྱ་བ་ལ། ཉེ་བར་སྤྱོད་པ་
ནི་ཉེ་བར་སྤྱོད་པ་སྟེ། རྒྱན་ལ་སོགས་པར་གཏགས་པ་མཚུངས་པ་ཞེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་རབ་ཏུ་གྲགས་པའི་དབང་དུ་བྱས་ནས། བདེ་བ་དང་སྡུག་བསྔལ་ལ་ཡང་ཞེས་བྱ་བའི་ཚིག་སྨྲས་སོ། །འདུས་མ་བྱས་ནི་རྗོད་པ་ཙམ་དུ་ཟད་ཀྱི་ཐ་སྙད་དུ་
བྱ་བ་མ་ཡིན་པས་འདུས་བྱས་རྣམས་བསྟན་ཏོ། །འདི་ནི་འདི་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་ངེས་པར་དཔྱོད་པ་ན་ཤེས་པ་མཚུངས་པར་བསྟན་པའི་ཕྱིར་འདི་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པའི་དངོས་པོ་ལ་མོས་པ་མཚུངས་པ་ནི་དངོས་པོ་ལ་མོས་པ་མཚུངས་པའམ། ངེས་པའི་
རྣམ་པ་ལ་ལྷག་པར་མོས་པའོ། །ལྷག་པར་མོས་པ་གང་ཡིན་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་འཛིན་པ་ཞེས་བྱ་བ་ནི་མཚན་ཉིད་ངེས་པར་བསྟན་པ་ཡིན་ནོ། །དེའི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་བསྟན་པའི་ཕྱིར་སྨྲས་པ། གཅིག་ནས་གཅིག་ཏུ་འོངས་པ་ཞེས་བྱ་བ་ལ་སོགས་པ་ལ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด