རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓๓ · หน้า 137a

ཆེན་པོས་རྒྱུད་ཉེ་བར་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་ས་དང་པོ་མངོན་སུམ་དུ་བྱེད་པ་དང་ཉེ་བར་གནས་པའི་གནས་སྐབས་དང་། རྟོགས་པའི་ཁྱད་པར་ཐོབ་པས་དང་པོ་ལ་ཞུགས་པའོ། །རྒྱུ་གཉིས་པ་མེད་པར་བསྟན་པའི་ཕྱིར། ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ལ་སོགས་

པ་ལ། འདི་དག་གིས་ནི་སྦྱིན་པའི་རྒྱུ་མེད་པས་སྦྱིན་པར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །བདུད་ཀྱི་རིས་ཀྱིས་ལྷ་ལ་སོགས་པ་ཐོ་འཚམས་པའི་བསམ་པས་ཡིན་པའི་ཕྱིར་དང་། མིའི་ལུས་ཀྱིས་ལྷ་རྣམས་ལ་དགོས་པ་མེད་པའི་ཕྱིར་སློང་བར་གྱུར་ཀྱང་སྦྱིན་པར་མི་བྱེད་དོ། །དེ་དག་ཉིད་ལ་གནོད་པ་དང་

ཞེས་བྱ་བ་ནི་བསོད་ནམས་མ་ཡིན་པ་མང་པོ་སོགས་པར་འགྱུར་བའི་ཕྱིར་རོ། །ཕུང་པོ་ཆེན་པོར་ཞེས་བྱ་བ་ནི་ཕ་རོལ་དུ་མི་འདོད་པའི་འབྲས་བུ་འཐོབ་པར་འགྱུར་རོ། །དེས་བྱིན་གྱིས་བརླབས་པ་རྣམས་ལ་ཡང་དེ་བཞིན་དུ་སྦྱིན་པར་མི་བྱ་བར་ཤེས་པར་བྱའོ། །སྨྱོན་པ་ནི་ལས་ཀྱི་རྣམ་པར་སྨིན་པས་སེམས་

འཇིགས་པ་ལ་སོགས་པའི་དབང་དུ་གྱུར་པས་རྣལ་དུ་མི་གནས་པར་གཡེངས་པ་སེམས་རང་གི་གནས་སྐབས་ལ་མི་གནས་པ་རང་གི་རང་བཞིན་ལ་མི་གནས་པའི་སེམས་སོ། །སེམས་འཁྲུགས་པ་ནི་དབང་དུ་མ་གྱུར་པའོ། །དེ་དག་གིས་ནི་བློ་སྔོན་དུ་སོང་བས་སློང་བ་ཡང་མ་ཡིན་ལ། འདོད་ནས་སློང་

བ་ཡང་མ་ཡིན་པར་བསྟན་པ་ཡིན་ནོ། །བླ་རྡོལ་ཙམ་དུ་ཟད་པས་ཞེས་བྱ་བ་ནི་བླ་རྡོལ་ཙམ་གྱིས་སློང་བ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དངོས་པོ་ཡང་གཞན་དག་གི་སྲོག་ལ་གནོད་པའམ། ལོངས་སྤྱོད་ལ་གནོད་པའམ་བུད་མེད་ལ་ཉེ་བར་གནོད་པ་སྦྱིན་པར་མི་བྱེད་དོ། །གང་ཡང་གཞན་དག་ལ་བག་མེད་

པ་དང་། ཉེས་པར་སྤྱོད་པའི་གནས་སུ་གྱུར་པ་ཡང་སྦྱིན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཡང་ཕྱི་རོལ་གྱི་དངོས་པོ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་གནོད་པར་བྱ་བའམ་ཞེས་བྱ་བ་ནི་བདག་ཉིད་འཆི་བར་བྱ་བའི་ཕྱིར་སློང་བའོ། །ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་

གཞན་གསད་པ་ལ་སོགས་པའི་དོན་དུ་སློང་བའོ། །ཕན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དུག་ཀྱང་སྨན་གྱི་དོན་དུ་ཡིན་ན་སྦྱིན་པར་བྱའོ། །མེ་ཡང་བཙོ་བ་ལ་སོགས་པའི་དགོས་པ་བསྒྲུབ་པའི་ཕྱིར་སྦྱིན་པའོ། །མཚོན་ཆ་ཡང་བསྲུང་བ་དང་། མཛེས་པར་བྱ་བའི་ཕྱིར་སྦྱིན་པའོ། །ཆང་ཡང་སྨན་གྱི་དོན་དུ་

เล่ม ๑๓๓ · หน้า 137b

སྦྱིན་ནོ། །ཕ་རོལ་ཡིད་བརྟན་པ་མ་ཡིན་པའི་རྫས་ཀྱང་ཞེས་བྱ་བ་ནི་མ་བྱིན་པར་ལེན་པའི་སྐྱོན་དང་ལྡན་པར་འགྱུར་བས་སྦྱིན་པར་མི་བྱེད་དོ། །ཡིད་བརྟན་པ་ལ་ནི་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཡིད་བརྟན་པ་མ་ཡིན་པའི་ཞེས་བྱ་བའོ། །སྨྱན་བྱེད་ཅིང་ཞེས་བྱ་བ་ནི་སྐྱེས་པ་དང་

བུད་མེད་གཞན་གྱི་གཞན་དང་ཡང་དག་པར་སྦྱོར་བ་སྟེ། ཕོ་ཉའི་བྱ་བའི་སྒོ་ནས་ཞེས་བྱ་བའི་དོན་ཏོ། །གཞན་གྱི་བུད་མེད་ལ་གནོད་པ་བྱས་ནས་ཡོངས་སུ་བླངས་པའི་ཕྱིར་རོ། །དེ་ལྟ་བས་ན་གཞན་ལ་གནོད་པ་བྱེད་པའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བཟའ་བ་དང་བཏུང་བ་སྲོག་ཆགས་དང་བཅས་པ་ཡང་

སྲོག་ཆགས་ལ་གནོད་པའི་འཇིགས་པ་ཡོད་པ་དང་། བཟའ་བར་འོས་པ་མ་ཡིན་པའི་ཕྱིར་མི་སྦྱིན་ནོ། །དངོས་པོ་གང་དག་དགའ་བ་དང་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ནི་གཞན་དག་ལ་ཉེ་བར་གནོད་པའི་སྒོ་ནས་ཉོན་མོངས་པ་ཅན་གྱི་དགའ་བ་དང་། རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉེ་བར་མཁོ་བ་ལས་བྱུང་

བའམ། བཟོ་ལས་བྱུང་བ་ཡང་རུང་གཞན་དག་ལ་གནོད་པ་བྱེད་པ་ནི་སྨད་པར་བྱ་བའི་ལས་ཡིན་པའི་ཕྱིར་ཞེས་བྱས་ནས་སོ། །འོན་ཏེ་དེ་དག་གིས་ཀྱང་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་ཡིན་ན་ཅིའི་ཕྱིར་སྦྱིན་པར་མི་བྱ་ཞེ་ན། སྦྱིན་པ་དེ་ནི་སྐྱོན་མང་པོ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་

པ། དེ་བྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི་ཞེས་བྱ་བའོ། །ངན་སོང་དག་ཏུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་འདི་དག་གིས་ནི་ཉེས་པར་སྤྱོད་པའི་གནས་རྣམས་རབ་ཏུ་བཀག་པ་ཡིན་ནོ། །མི་དགེ་བའི་རྩ་བ་སོགས་པར་འགྱུར་བ་ཡང་མ་ཡིན་ན་ཞེས་བྱ་བ་འདིས་ནི་བག་མེད་

པའི་གནས་མ་ཡིན་ན་སྦྱིན་ནོ་ཞེས་བསྟན་པའི་ཕྱིར་རོ། །སེམས་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་འདོད་པར་རོ། །བདག་གི་དབང་དུ་འགྱུར་བར་བྱ་བའི་ཕྱིར་སྡུད་པ་དང་། ཐེག་པ་གསུམ་ལ་སྒྲུབ་པའི་སྣོད་དུ་རུང་བའི་ཕྱིར་ཡོངས་སུ་སྨིན་པའོ། །རི་དྭགས་གསད་པའི་ཐབས་བསླབ་པ་ཞེས་བྱ་བ་

ནི་རྒྱུ་མཚན་ཉིད་དོ། །རབ་ཏུ་སྨད་པའི་མཆོད་སྦྱིན་ནི་མཆོད་སྦྱིན་ངན་པའོ། །ཡོ་ལང་ཆེན་པོ་ནི་སྲོག་ཆགས་མང་པོ་གསོད་པའི་གནས་སོ། །སྲོག་ཆགས་མང་པོ་བསོགས་ནས་གསོད་པ་སྟེ། བསོགས་ནས་དུས་གཅིག་ཏུ་སྲོག་གཅོད་པ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱང་ཞེས་བྱ་བ་ནི་མཆོད་སྦྱིན་གྱི་བདག་

เล่ม ๑๓๓ · หน้า 138a

པོས་མི་བྱེད་པའོ། །གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག་གོ་ཞེས་བྱ་བ་ནི་མཆོད་སྦྱིན་གྱི་སློབ་དཔོན་ཡང་བྱེད་དུ་མི་འཇུག་པའོ། །ལྷ་རྟེན་རྣམས་སུ་ཞེས་བྱ་བ་ནི་ལྷ་རྟེན་ལ་སོགས་པ་རྣམས་སུ་བྱོལ་སོང་བསད་ནས་ཁྲག་ལ་སོགས་པས་མཆོད་པའོ། །སྲོག་ཆགས་མང་པོ་

གནས་པའི་ས་ཕྱོགས་ཞེས་བྱ་བ་ལ། དེའི་དོན་བསྟན་པའི་ཕྱིར་ཆུ་ལས་སྐྱེས་པ་ནི་ཉ་ལ་སོགས་པའོ། །ཐང་ལས་སྐྱེས་པ་ནི་རི་དྭགས་ལ་སོགས་པའོ། །གནས་པ་ལྟ་བུ་ཞེས་བྱ་བ་ནི་གནས་སུ་གྱུར་པའོ། །དེ་དག་གི་གནས་དང་ཡུལ་དུ་གྱུར་པ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་དག་ན་གནས་པ་བསད་

པའི་ཕྱིར་ཉ་ལ་སོགས་པ་རྣམས་ཀྱིས་ཆུ་འགྲམ་དང་། མཚོ་འགྲམ་ལ་སོགས་པ་གཙོར་གྱུར་པའི་ས་ཕྱོགས་དང་། དགོན་པ་དང་། ནགས་འདབ་ལ་སོགས་པས་བསྡུས་པ་རྣམས་སློང་ན་སེམས་ཅན་དེ་དག་ལ་གནོད་པ་སྤང་བའི་ཕྱིར་སྟེར་བར་མི་བྱེད་དོ། །གང་ཅི་ཡང་རུང་ཞེས་བྱ་བ་ནི་དེ་ལྟ་བུའི་རིགས་གཞན་

ཐམས་ཅད་ཀྱང་ཞེས་བྱ་བའི་དོན་ཏོ། །དགའ་བ་དང་རྩེད་མོའི་ཉེ་བར་མཁོ་བར་གྱུར་པའི་དངོས་པོ་རྣམས་ཀྱང་ཉེས་པར་སྤྱོད་པ་དང་བག་མེད་པའི་གནས་སྤངས་ནས་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར། གླང་པོ་ཆེ་ལ་སོགས་པ་གང་ཡིན་པ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་

ནི་རྒྱུ་དེས་བྱང་ཆུབ་སེམས་དཔའ་ལ་དེ་དག་དགའ་བ་དྲག་པོ་སྐྱེ་བར་འགྱུར་བ་དང་། གུས་པ་འཐོབ་པར་འགྱུར་བ་དང་། རྒྱུ་དེས་དེ་དག་ཡོངས་སུ་སྨིན་པར་འགྱུར་བའོ། །གཅིག་ཏུ་ནད་འཕེལ་བར་བྱེད་པ་དང་། ནད་སྐྱེད་པར་བྱེད་པ་དེ་ལྟ་བུ་སྦྱིན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། སློང་དུ་ཟིན་ཀྱང་ཁ་

ཟས་དང་བཏུང་བ་ཚོད་མ་ཟིན་པ་རྣམས་ལ་ཞེས་བྱ་བ་ལ། ཚོད་མ་ཟིན་པ་ཞེས་བྱ་བ་ནི་ཕན་པ་ཡིན་དུ་ཟིན་ཀྱང་ཤིན་ཏུ་མང་པོ་ནི་ལེགས་པར་ཞུ་བར་མི་འགྱུར་བའི་ཕྱིར་རོ། །མི་ཕན་པ་ནི་ཚོད་ཟིན་ཀྱང་མི་སྦྱིན་ནོ། །བརྐམ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་ཁ་ཟས་ཀྱི་ཚོད་མི་ཟིན་པ་དང་། ཁ་ཟས་བསོད་པ་ལ་སྲེད་

པ་རྣམས་ལ་ཡང་མི་སྦྱིན་པའོ། །དགའ་མགུར་བྱེད་པའི་དབང་དུ་བྱས་ནས་སྨྲས་པ། མྱ་ངན་གྱིས་གདུངས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་དགའ་མགུར་བྱེད་དུ་མི་འཇུག་གོ་ཞེས་བྱ་བའོ། །ཐམས་ཅད་དུ་སྦྱིན་པར་བྱ་བ་མ་ཡིན་པའི་དངོས་པོ་བསྟན་པའི་ཕྱིར་ཕ་མ་ཞེས་བྱ་བ་ལ་དེའི་རྒྱུ་

เล่ม ๑๓๓ · หน้า 138b

བསྟན་པའི་ཕྱིར། བླ་མ་ལྟ་བུའི་གནས་ཀྱི་མཆོག་ཅེས་བྱ་བ་སྨོས་ཏེ། བདག་གི་ལུས་སྐྱེད་པར་བྱེད་པའི་ཕྱིར་དང་། ཕན་པ་ཆེན་པོ་བྱེད་པ་ཡིན་པའི་ཕྱིར་དང་། དེ་དག་བདག་གི་དབང་དུ་གྱུར་པ་མ་ཡིན་གྱི། བདག་ནི་དེ་དག་གི་དབང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ནུ་མ་བསྣུན་པ་དང་རྒྱ་ཆེ་བའི་ཁ་ཟས་

རྣམས་ཀྱིས་གསོ་བ་དང་སྐྱེད་པ་ཡིན་པ་ནི་མི་ཕན་པ་སྤོང་བར་བྱེད་པས་སོ། །དེ་དག་གིས་མི་མཐུན་པ་དང་མཐུན་པ་སྤངས་པ་དང་ཉེ་བར་བསྒྲུབས་པས་ལུས་གསོས་ཤིང་བསྐྱངས་པའི་ཕྱིར་བླ་མའི་གནས་སུ་བསྟན་པ་ཡིན་ནོ། །དུས་ཡུན་རིང་པོར་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུའོ། །སྤྱི་བོ་ལ་ཞེས་བྱ་བ་

ནི་ཡན་ལག་གི་མཆོག་སྟེ། དཀའ་བ་སྤྱོད་པའི་བྱ་བ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་བཀུར་བར་བྱའོ་ཞེས་བྱ་བ་སྟེ། ངེས་པར་བསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་ཇི་ལྟར་དགའ་བ་དེ་ལྟར་སྤྱད་པར་བྱ་བའི་བདག་ཉིད་རང་དབང་དུ་དགའ་མགུར་སྤྱད་པར་ནི་མི་བྱའོ་ཞེས་བསྟན་པའི་ཕྱིར། སྦྱིན་པར་

ཇི་ལྟར་སེམས་ཏེ་ཞེས་བྱ་བ་ནི་ཡིད་ཀྱིས་ཀྱང་མི་བསམ་པའོ། །ལུས་དང་ངག་གིས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས། ཟིལ་གྱིས་མནན་ནས་སེམས་ཅན་རྣམས་སྦྱིན་པར་བྱ་བ་དགག་པའི་ཕྱིར་སྨྲས་པ། ཕྲོགས་ཏེ་གཞན་དག་ལ་སྦྱིན་པར་མི་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་ནི་དེའི་རིགས་ཅན་ནོ། །

དབང་བསྐུར་བ་ནི་དབང་བསྐུར་པའི་གནས་ཐོབ་པའོ། །བདག་པོར་གྱུར་པ་ནི་བཀའ་ཐོགས་པ་མེད་པར་སྒྲུབ་པའོ། །ཡུལ་དེ་ན་ཉེ་བར་གནས་པའི་འཁོར་དང་གཉེན་རྣམས་ཀྱི་དཔོན་ཡིན་ན་ཡང་སོ་སོ་རང་རང་བདག་པོར་གྱུར་པ་ཡིན་པའི་ཕྱིར་བྲན་ནི་མ་ཡིན་པས་དེའི་ཕྱིར་སྟོབས་ཀྱིས་ཕྲོགས་ནས་སྦྱིན་པར་མི་

བྱའོ། །རྒྱལ་སྲིད་ཉེ་བར་ལོངས་སྤྱོད་པའི་དངོས་པོ་སྦྱིན་པའི་སྒོ་ནས་དེ་དག་ལ་སྦྱིན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་དག་ལས་ཕྲོགས་ཏེ་གཞན་དག་ལ་ཞེས་བྱ་བ་ལ་སོགས་པའོ། །བདག་གི་དབང་དུ་གྱུར་པ་ཡིན་ན་ཡང་སེམས་པའི་གནས་སྐབས་དང་། ལེན་པ་པོའི་གནས་སྐབས་ལ་ལྟོས་ནས་སྦྱིན་

པར་མི་བྱ་བར་བསྟན་པའི་ཕྱིར་བསྟན་པ། བདག་གི་བུ་དང་ཆུང་མ་དང་ཞེས་བྱ་བ་ལ་སོགས་པ་ལ། ལེགས་པར་བརྡ་མ་སྤྲད་པ་ནི་རྗེས་སུ་མཐུན་པར་མ་དྲིས་པ་སྟེ། དེ་དག་ལ་སྤྲོ་བ་དྲི་བ་མེད་པར་རོ། །དེའི་ཕྱིར་སྨྲས་པ། མི་འདོད་བཞིན་ཞེས་བྱ་བའོ། །དེ་ཉིད་ནི་ཡིད་མི་དགའ་བཞིན་དུ་སྟེ། གདོང་མཆི་མས་གང་

เล่ม ๑๓๓ · หน้า 139a

ཞིང་བྲལ་བའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ཅིང་དེ་དག་ལ་སྡུག་བསྔལ་དྲག་པོ་སྐྱེས་ནས་གཞན་དག་ལ་ནི་ཕན་གདགས་པ་ཙམ་བྱེད་པ་དེ་ལྟ་བུ་མེད་དེ། ཐམས་ཅད་ལ་སྙོམས་པའི་སྙིང་རྗེ་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་ཕྱིར་སྐྱོན་རྣམས་མེད་ན་ཡང་གནས་མ་ཡིན་པ་ལ་

སྦྱིན་པར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་ལེགས་པར་བརྡ་སྤྲད་དེ་ཡིད་དགའ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། བརྗེད་ངས་པ་རྣམས་ཞེས་བྱ་བ་ནི་ཤིན་ཏུ་འཁོར་རྣམས་ལ་དྲག་ཤུལ་བྱེད་པའོ། །རིགས་དང་རྗེས་སུ་འཚམ་པ་དང་། དེ་ལ་གཞན་དག་དམོད་པར་འགྱུར་བའི་ཕྱིར་དང་། དེས་ལས་དེ་ལྟ་བུ་མི་ནུས་པ་

ཉིད་ནི་བྲན་དུ་སྦྱིན་པར་མི་བྱ་སྟེ། དེས་ན་སྨྲས་པ། སྐྱིད་དེ་བར་འདུག་པ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་སྲིད་སྦྱིན་པའི་དབང་དུ་བྱས་ནས་སྨྲས་པ། ཤས་ཆེར་གཞན་ལ་གནོད་པ་བྱེད་པར་ཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཤས་ཆེར་སེམས་ཅན་རྣམས་ཀྱི་སྲོག་གཅོད་པ་ལ་ཞུགས་པ་རྣམས་

ལ་ཡང་སྦྱིན་པར་མི་བྱེད་དེ། ཡུལ་རླག་པར་བྱེད་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེད་དོ་ཞེས་བྱ་བ་ནི་བསམ་པ་དགེ་བ་ཡིན་པའི་ཕྱིར་མ་བྱིན་པར་ལེན་པར་ཐལ་བར་མི་འགྱུར་རོ། །རང་གི་འཁོར་རྣམས་ཀྱི་ནོར་རྣམས་ཀྱང་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། ཕ་མའི་

ལོངས་སྤྱོད་ཕྲོགས་ཏེ་སློང་བ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ལ་ནི་བདག་ཉིད་སྦྱིན་པར་བྱ་བ་ཡིན་པའི་ཕྱིར་དེ་དག་གི་བདག་མི་ལེན་གྱི་དེ་དག་ཉིད་སྦྱིན་པ་ལ་ངེས་པར་སྦྱོར་བ་ནི་བྱེད་དོ། །དེ་ལྟར་ན་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དེ་བཞིན་དུ། གནོད་པ་བྱས་

ནས་གཏོང་བར་ཡང་མི་བྱེད་དོ་ཞེས་བྱ་བ་ནི་དེ་དག་ལ་གཞན་སྟེར་བ་མེད་པའི་ཕྱིར་དང་། བསྲུང་བར་བྱ་བ་ཡིན་པའི་ཕྱིར་དང་། མི་སྙན་པར་བརྗོད་པའི་རྒྱུ་ཡིན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད་དོ། །ཆོས་ཀྱིས་རྙེད་པ་གང་ཡིན་པ་དེ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆོས་ཀྱིས་བབ་ཅོལ་མ་ཡིན་པར་ཞེས་བྱ་བ་

ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་སྦྱིན་པར་བྱ་བའི་རྫས་ཀྱང་ཉོན་མོངས་པ་ཅན་རབ་ཏུ་དགག་པའི་ཕྱིར་རོ། །ཕ་རོལ་ལ་གནོད་པ་བྱས་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྫས་ཕྲོགས་ནས་མི་སྦྱིན་ཞེས་བྱ་བའི་དོན་ཏོ། །དགེ་

เล่ม ๑๓๓ · หน้า 139b

སྦྱོང་གི་ཡོ་བྱད་ཀྱི་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསླབ་པ་བཅས་པའི་ཁ་ན་མ་ཐོ་བ་རྣམས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། ཁ་ཅིག་གི་ནི་ཉུང་ངོ་། །ཁ་ཅིག་གི་ནི་མང་ངོ་། །དེའི་ཕྱིར་

དགེ་སྦྱོང་གི་འཚོ་བའི་ཡོ་བྱད་རྣམས་མི་སྦྱིན་པར་བསླབ་པ་བཅས་པ་ཡིན་ནོ། །དེས་ན་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རྣམས་སློང་བ་ལ་མི་སྦྱིན་པར་བསྟན་ཏོ། །བདག་ཉིད་ལ་གནོད་པ་མི་བྱ་བའི་བསླབ་པ་ཡང་བཅས་པས་ནང་གི་བདག་ཉིད་རྣམས་སྦྱིན་པར་མི་བྱའོ། །དེ་བཞིན་དུ་ཇི་ལྟར་རིགས་པ་

ཐམས་ཅད་དུ་སྦྱར་བར་བྱའོ། །མི་མཉམ་པའི་སྦྱིན་པ་དགག་པའི་ཕྱིར་དེ་དག་གི་ངོ་བོ་ལ་བལྟས་ནས་སྦྱིན་པར་མི་བྱེད་དོ། །སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་སློང་བ་ཐམས་ཅད་ལ་རྣམ་པ་གཉིས་ཀྱིས་མཉམ་པའི་འདུ་ཤེས་བསྐྱེད་པས་ཀུན་

དུ་སྤྱད་པར་བྱ་སྟེ། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་སམ། སྦྱིན་གནས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །འདིར་སྦྱིན་གནས་ཀྱི་འདུ་ཤེས་བསྐྱེད་པའི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་ཀུན་ལ་སྙིང་རྗེ་ཅན། །ཁྱོད་ལ་མངོན་དུ་ཕྱོགས་འདི་རྣམས། །སྣོད་དང་སྣོད་མིན་མ་མཆིས་པར། །བདག་ཉིད་

ཆེན་པོའི་མཆོད་གནས་བགྱིད། །ཅེས་བྱ་བའི་ཚིག་གིས་སོ། །ཇི་སྐད་སྨྲས་པ་མ་ཡིན་པའི་སྦྱིན་པ་དགག་པའི་ཕྱིར་སྨྲས་པ། ཇི་སྐད་སྨྲས་པ་དང་། ཇི་ལྟར་དམ་བཅས་པ་ལས་ཞེས་བྱ་བ་ལ་སོགས་པ་ལ། ཁྱད་པར་དུ་འཕགས་པའམ། མང་པོ་སྟེར་བ་ལ་ནི་ཇི་སྐད་སྨྲས་པ་བཞིན་མི་སྟེར་བའི་ཉེས་པ་

མེད་པར་བསྟན་པའི་ཕྱིར། མཚུངས་པའམ། ལྷག་པ་ཁོ་ནར་བྱེད་དོ་ཞེས་བྱ་བའོ། །རྣམ་པར་གཡེངས་པའི་སྦྱིན་པ་དགག་པའི་ཕྱིར། ཡིད་མི་དགའ་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་མི་དགའ་བའམ། དམན་པའི་སེམས་ཀྱིས་སྦྱིན་པ་མེད་དེ། དེ་ནི་དམན་པ་དང་། མི་མོས་པས་

སྦྱིན་པ་བསྡུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་དམན་པ་མ་ཡིན་པ་ལ་སོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་དག་ལས་བཟློག་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་རིགས་པ་མ་ཡིན་ནོ། །ཁྲོས་པ་དང་ཞེས་བྱ་བ་ནི་རང་གི་འཁོར་རྣམས་ལ་

เล่ม ๑๓๓ · หน้า 140a

སྟེ། འདི་དག་ལ་མེད་ན་ཡང་རུང་ཞེས་བྱ་བའི་བསམ་པས་སྦྱིན་པར་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་རོ། །དམོད་པའི་སྦྱིན་པ་དགག་པའི་ཕྱིར། ཡང་དང་ཡང་དུ་དམོད་པར་ཡང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་

ལ། དམོད་པར་ཡང་མི་བྱེད་ཅེས་བྱ་བ་ནི་བརྙས་པར་མི་བྱེད་པའོ། །དེ་བསྟན་པའི་ཕྱིར། ཡང་དང་ཡང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཕོངས་པའི་གནས་སྐབས་ལས་ངས་ཕན་བཏགས་སོ་ཞེས་བརྗོད་པའོ། །གུས་པར་མ་བྱས་པའི་སྦྱིན་པ་དགག་པའི་ཕྱིར། བརྙས་ཤིང་མ་གུས་པར་ཞེས་

བྱ་བ་ལ་སོགས་པའོ། །རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་དགག་པར་བྱ་བའི་ཕྱིར། ལོག་པར་སྒྲུབ་པ་རྣམ་པ་སྣ་ཚོགས་ལ་གནས་ཞེས་བྱ་བ་ལ་སོགས་པ་ལ། རྒོད་པ་ཞེས་བྱ་བ་ནི་མ་ཞི་བའི་བདག་ཉིད་ཅན་ནོ། །བདག་ཉིད་མ་བསྡམས་པ་ནི་ལུས་དང་ངག་མ་བསྡམས་པའོ། །ལོག་པར་སྒྲུབ་པ་ཉིད་བསྟན་

པའི་ཕྱིར། གཤེ་བ། ཁྲོ་བ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ལ་ཡང་ཕན་གདགས་པའི་སེམས་སུ་བྱའོ་ཞེས་བསྟན་པའི་ཕྱིར། གཞན་དུ་ན་བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལ་ཞེས་བྱ་བ་ལ་སོགས་པའོ། །ལྟ་བ་ངན་པ་མཆོག་ཏུ་འཛིན་པའི་སྦྱིན་པ་དགག་པའི་ཕྱིར། ལྟ་བ་ངན་པ་མཆོག་ཏུ་

འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་རྣམ་པ་གཉིས་ཏེ། ཕྱིན་ཅི་ལོག་གི་ཆོས་དང་ལྡན་པའི་ཕྱིར་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པས་འཇུག་པ་སྟེ། གང་གི་ཕྱིར་སྨྲས་པ། གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་ཡང་གཞན་ལ་གནོད་པ་བྱེད་པའི་

སྦྱིན་པ་མི་བྱ་བར་བསྟན་ན། ད་ལྟར་ནི་ལྟ་བ་ངན་པས་ཡོངས་སུ་གཟུང་བའི་སྦྱིན་པ་འགོག་པར་བྱེད་པ་ཡིན་པས་ཟློས་པའི་སྐྱོན་ཡོད་པར་ཐལ་བར་མི་འགྱུར་རོ། །འཚེ་བའི་སྦྱིན་པས་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་རིགས་ལ་སོགས་པ་དགེ་མཚན་དང་། བཀྲ་ཤིས་དང་མི་ལྡན་དུ་ཟིན་ཀྱང་

ཉི་མ་དང་རྒྱུ་སྐར་ལ་སོགས་པ་རྣམ་པར་རྟོག་པའི་སྦྱོར་བས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྔོན་དུ་སོང་བ་ཡིན་ན་ཡང་དགག་པར་བྱ་བའི་ཕྱིར། ཤིན་ཏུ་རྣམ་པར་དག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཐར་པར་ཡོངས་སུ་བསྔོས་པ་ཡིན་ན་ཡང་ཞེས་བྱ་བའི་

เล่ม ๑๓๓ · หน้า 140b

དོན་ཏོ། །འབྲས་བུ་ལ་ལྟ་ཞིང་ཞེས་བྱ་བ་ནི་འབྲས་བུ་ལ་ལྟོས་པ་དང་བཅས་པའོ། །དེ་དག་གིས་ནི་རྣམ་པར་སྨིན་པ་ལ་རེ་བ་དང་བཅས་པའི་སྦྱིན་པ་བསྟན་ཏོ། །དེའི་ཕྱིར་སྨྲས་པ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ་ཞེས་བྱ་བའོ། །འབྲས་བུ་མེད་པར་ལྟ་བ་དང་། ཡིད་ཆེས་པ་མེད་པའི་སྦྱིན་པ་དགག་པའི་ཕྱིར།

སྦྱིན་པ་རྣམ་པ་ཐམས་ཅད་ཀྱི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་ཤེས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དད་པས་མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་གཞན་གྱི་དྲིང་མི་འཇོག་ཅིང་རང་གིས་སྦྱིན་པའི་འབྲས་བུ་ལ་ངེས་པ་ཐོབ་པའོ། །སོགས་པའི་སྒྲས་

བསྡུས་པ། སྨན་བྱིན་པས་ནད་མེད་པ་མང་བར་འགྱུར་བ་དང་། གནས་བྱིན་པས་ཐམས་ཅད་ཀྱི་སྦྱིན་བདག་ཏུ་འགྱུར་རོ། །རྐྱེན་བཟློག་པའི་སྦྱིན་པ་དགག་པའི་ཕྱིར། དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་མཐུན་པ་མ་ཡིན་པའི་སྦྱིན་པ་དགག་པའི་ཕྱིར། ཟས་

དང་སྐོམ་ལྷག་མར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། ཞག་ལོན་པ་ཞེས་བྱ་བ་ནི་ཁེངས་བུ་ཉིད་དོ། །མ་བསྙད་མ་སྦྲན་པ་ཞེས་བྱ་བ་ནི་གོ་བར་མ་བྱས་པ་སྟེ། གོ་བར་བྱས་ན་ཉེས་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །མི་མཐུན་པའི་ལས་བྱེད་དུ་འཇུག་ཅིང་ཞེས་བྱ་བ་ནི་ལས་གང་དེ་ཡང་འཚམ་པ་མ་ཡིན་པའོ། །

ཡོངས་སུ་ངལ་བའི་སྦྱིན་པ་དགག་པའི་ཕྱིར། སློང་བ་པོ་ཡང་དང་ཡང་བསླང་དགོས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སློང་བ་པོའི་ཉོན་མོངས་པ་ནི་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། ཡུན་རིང་དུ་བསླང་དགོས་པ་ནི་གང་ཡང་སྨྲས་པ། ཡང་དང་ཡང་བསླང་དགོས་པ་དང་ཞེས་བྱ་བའོ། །ཡང་དང་ཡང་

འོང་དགོས་པས་ནི་གང་ཡང་སྨྲས་པ། སོང་ཞིང་ཕྱིར་འོང་དུ་གཞུག་པ་དང་ཞེས་བྱ་བའོ། །འཁོར་འདོད་པ་ཉིད་ཀྱིས་བསྲིང་བའི་ཕྱིར་གང་སྨྲས་པ། རྙེད་པ་འཚོལ་བའི་ཚུལ་གྱིས་ཉོན་མོངས་ཤིང་ཞེས་བྱ་བའོ། །རྟེན་ཅིང་སྦྱིན་པ་དགག་པའི་ཕྱིར། སྒྲ་དང་ཚིགས་སུ་བཅད་པ་ལ་རྟེན་ཅིང་སྦྱིན་པ་སྦྱིན་པར་

མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །ཤེས་པར་བྱེད་པ་ཙམ་གྱི་སྦྱིན་པ་དགག་པར་བྱ་བ་ནི་གཞན་གྱིས་གོ་བར་བྱ་བའི་ཕྱིར་དང་། གཞན་གྱིས་ཤེས་པར་བྱ་བའི་ཕྱིར་སྦྱིན་པའོ། །དེའི་ཕྱིར་སྨྲས་པ། ཕ་རོལ་རྒྱལ་པོའམ་ཞེས་བྱ་བ་ལ་སོགས་པའོ། །ཕོངས་པའི་ཚུལ་གྱིས་སྦྱིན་པ་དགག་པའི་ཕྱིར།

เล่ม ๑๓๓ · หน้า 141a

བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཅེས་བྱ་བ་ནི་འཚོ་བའི་ཕྱིར་སྲི་ཞིང་ཉུང་ཤས་ལས་མི་སྟེར་བའོ། །ཡིད་ཆེས་པ་བསྐྱེད་ནས་རྒྱུས་སྦྱིན་པ་དགག་པའི་ཕྱིར། འདི་སྦྱིན་པ་འདིས་བྲིད་དེ་ཞེས་བྱ་བའོ། །གཞན་འབྱེད་པའི་སྦྱིན་པ་དགག་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་

ལ། སྐྱོན་རྣམས་ཀྱང་དེ་དང་དེར་ཇི་ལྟར་རིགས་པར་བྱའོ། །མཁས་པ་ཞེས་བྱ་བ་ནི་བྱ་བ་ཉམས་སུ་ལེན་པ་ལ་གཟོ་བའོ། །ལེ་ལོ་མེད་པ་ནི་སྙོམ་ལས་དང་བྲལ་བའོ། །བྱ་བ་བརྩམས་པའི་སྦྱོར་བ་དང་ལྡན་པས་སྒྲུབ་ཕོད་པ་ཕུན་སུམ་ཚོགས་པའོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཀྱིས་སྟ་གོན་དུ་བསྡོགས་པ་

ཡིན་ནོ། །རྗེས་སུ་མཐུན་པ་མ་ཡིན་པའི་སྦྱིན་པ་དགག་པ་ནི་ཟས་སྦྱིན་པའི་དུས་སུ་སྟེ། སློང་བའི་ཚོགས་ཆེན་པོ་འདུས་པའི་ཚེ་ཞེས་བྱ་བའོ། །སྦྱིན་པར་བྱ་བའི་ཆོས་དག་ལས་ཉུང་ངུ་སྟེར་བ་དགག་པའི་ཕྱིར། ཉུང་ངུ་སྦྱིན་པར་མི་བྱེད་དོ་ཞེས་བྱ་བའོ། །བདག་གི་མི་མཐུན་པའི་ཕྱོགས་སུ་གཟུང་བ་

ཚར་བཅད་པའི་ཕྱིར། སྦྱིན་པར་བྱེད་པ་དགག་པའི་ཕྱིར། གཞན་ལ་བརྩེ་བའི་ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་ཅེས་བྱ་བ་སྨྲས་སོ། །མ་དད་པའི་སྦྱིན་པ་དགག་པའི་ཕྱིར། སྔ་རོལ་ཉིད་ནས་ཀྱང་ཡིད་དགའ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བའི་དུས་ན་ཆགས་པའི་དྲི་མ་དང་བྲལ་བའི་ཕྱིར་

ཡིད་དགའ་བའོ། །དངོས་གཞིའི་དུས་ན་ལེན་པ་པོ་ལ་ཕྲག་དོག་གི་དྲི་མ་དང་བྲལ་བས་སེམས་དགའ་བར་བྱེད་ཅིང་ངོ་། །མཇུག་གི་དུས་ན་འགྱོད་པའི་དྲི་མ་དང་བྲལ་བས་བྱིན་ནས་ཀྱང་འགྱོད་པ་མེད་པ་ཉིད་དེ། ཕན་ཡོན་མཐོང་བའི་ཕྱིར་རོ། །བཅོས་མ་སྦྱིན་པ་དགག་པའི་ཕྱིར། གཡོ་སྒྱུའི་སྦྱིན་པ་སྦྱིན་པར་

མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །མ་བཏང་བའི་སྦྱིན་པ་དགག་པའི་ཕྱིར། ཉུང་ངུའམ་མང་པོ་ཅི་ཡང་རུང་ཞེས་བྱ་བ་ལ་སོགས་པའོ། །ཕན་ཡོན་རྣམ་པ་བཞི་ལྷག་པར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་མ་བཏང་བ་མེད་པའི་སྦྱིན་པ་གཏོང་བར་འགྱུར་ཏེ། ཡིད་ཀྱིས་དངོས་པོ་ཡོངས་སུ་

གཏོང་བས་སེར་སྣའི་དྲི་མ་སྤང་བ་དང་། ཡོངས་སུ་འཛིན་པའི་སྐྱོན་དང་བྲལ་བ་དང་། སློང་བ་རྣམས་ཀྱི་ཡིད་ངལ་བསོ་བའི་གནས་སུ་གྱུར་པ་དང་། བདག་ཉིད་ལ་དད་པར་འགྱུར་བའི་རྒྱུ་མཚན་གྱི་ངག་དང་ལྡན་པའོ། །སློང་མོ་པས་བདག་གི་ནོར་བཞིན་ནོ་ཞེས་བྱ་བ་ནི། དུས་རེ་ཞིག་ཙམ་ཡོངས་སུ་ལོངས་སྤྱོད་

เล่ม ๑๓๓ · หน้า 141b

པའི་སྒོ་ནས་བདག་ལ་གཏམས་པ་སླར་ལེན་པའི་ནོར་གྱི་བདག་པོ་བཞིན་ནོ། །སོམ་ཉི་མེད་པར་སློང་བ་ཡང་དེ་བཞིན་ནོ་ཞེས་བསྟན་པའི་ཕྱིར་དང་། དུས་མ་ཡིན་པར་དུས་སུ་རུང་བ་སྦྱིན་པ་རབ་ཏུ་དགག་པའི་ཕྱིར། དུས་སུ་སྦྱིན་པ་སྦྱིན་པར་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡང་དུས་ནི་སྡོམ་པ་ལ་གནས་

པ་དང་། གནས་སྐབས་ཐོབ་པར་གྱུར་པ་སྟེ། ཟས་ལ་ལོངས་སྤྱད་པར་འོས་པའི་དུས་སུ་སྦྱིན་པའོ། །རུང་བ་སྦྱིན་པ་ནི་བདག་དང་ལེན་པ་པོ་གཉིས་ཀ་ལ་གནོད་པ་མེད་པ་དང་། དོན་མ་ཡིན་པ་དང་། གྲགས་པ་མ་ཡིན་པ་མེད་པའོ། །ཚུལ་བཞིན་དུ་སྦྱིན་པར་བྱེད་ཀྱི་ཞེས་བྱ་བ་ནི། འཇིག་རྟེན་

ཐམས་ཅད་ཀྱིས་བསྔགས་པ་སྤྱོད་པ་སྟེ། རྩ་བ་མེད་པའི་གནས་སུ་སྦྱིན་པ་ཞེས་བྱའོ། །འཁྲུལ་པའི་སྦྱིན་པ་སྤང་བའི་ཕྱིར། སེམས་མ་གཡེངས་པར་སྦྱིན་པར་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དཔྱས་བྱེད་ཅིང་སྦྱིན་པ་དགག་པའི་ཕྱིར། སློང་བ་ལ་འཕྱ་བར་མི་བྱེད་ཅེས་བྱ་བ་ལ་སོགས་

པའོ། །བསྟིང་བར་མི་བྱེད་པ་ནི་སྐྱོན་ཟུར་གྱིས་སྨྲ་བར་མི་བྱེད་པའོ། །སྤ་འགོང་བ་ནི་ངན་པའམ་རྩུབ་པོ་སྨྲ་བས་སོ། །ཁྲོ་གཉེར་ཅན་དུ་མི་བྱེད་པ་ནི་སེམས་འཁྲུགས་པར་མི་བྱེད་པའོ། །བརྒྱངས་ཏེ་སྦྱིན་པ་དགག་པའི་ཕྱིར། སྦྱིན་པ་བརྒྱངས་ཏེ་སྦྱིན་པར་མི་བྱེད་ཅེས་བྱ་བའོ། །གཞན་འདོད་པ་

ལ་སྦྱིན་པར་བསྟན་པའི་ཕྱིར། ཡོན་ཏན་དང་ལྡན་པ་དང་། སྦྱིན་གནས་རྣམས་ལ་འདོད་པ་དང་སྦྱར་ནས་རྗེས་སུ་སྦྱིན་པའོ། །ལྐོག་ཏུ་གྱུར་པའི་སྦྱིན་པ་དགག་པ་བསྟན་པའི་ཕྱིར། རང་རང་གིས་བླངས་པ་དེ་དག་ཅེས་བྱ་བ་ལ་སོགས་པའོ། །བློ་སྔོན་དུ་མ་སོང་བའི་སྦྱིན་པ་དགག་པའི་ཕྱིར། འཆལ་

བའི་ཤེས་རབ་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་ཅེས་བྱ་བའོ། །སྦྱིན་པར་བྱ་བའི་ཆོས་བདོག་ཀྱང་རུང་། མི་བདོག་ཀྱང་རུང་སྐྱིད་ཅིང་སྟེ་ཉེ་བར་མཁོ་བ་དང་མ་བྲལ་བའོ། །བཀྲེན་པ་མ་ཡིན་པ་ནི་གནས་སྐབས་གཞན་ཐོབ་པའོ། །ཕོངས་པ་མ་ཡིན་པ་ནི་ཕྱོགས་དང་འཛིན་པ་ཡོད་པའོ། །མགོན་དང་

བཅས་པ་ནི་གྲོགས་བྱེད་པ་གཞན་ཡོད་པའོ། །རྟེན་དང་བཅས་པ་ནི་རྣམ་པ་གང་ཅི་ཡང་རུང་བས་དེ་ཉེ་བར་སྒྲུབ་པའི་ཐབས་ཀྱིས་ཡོངས་སུ་ཟིན་པ་དང་ལྡན་པའོ། །འདི་དག་ལས་བཟློག་པ་ནི་སྡུག་ཅིང་ཞེས་བྱ་བ་ལ་སོགས་པའོ། །ཚིམ་པར་བྱ་བ་དང་ཞེས་བྱ་བ་ནི་བཀྲེས་པ་དང་། སྐོམ་པའི་སྡུག་

เล่ม ๑๓๓ · หน้า 142a

བསྔལ་བསལ་བའོ། །འདོད་པ་བཞིན་དུ་ཡོངས་སུ་བསྐང་བ་ཞེས་བྱ་བ་ནི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །ཇི་ལྟར་མངོན་པར་འདུས་བྱས་པ་ཁོ་ན་བཞིན་དུ་ལས་སུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི། ཇི་ལྟར་བསམས་པ་ལྟར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལས་

གཞན་པ་དག་རྒྱབ་ཀྱིས་ཕྱོགས་པར་གྱུར་ཅིང་མཛའ་བ་དང་བྲལ་བར་འགྱུར་བ་སྤང་བའི་དོན་གྱི་ཐབས་བསྟན་པའི་ཕྱིར། སློང་བ་དེ་ལ་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྫུན་གྱི་ཚིག་ཡོངས་སུ་སྤང་བའི་ཕྱིར། རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ་ཞེས་བྱ་བ་སྨྲས་སོ། །ཡོད་དེ་བདོག་ཀྱང་རུང་མི་

བདོག་ཀྱང་རུང་ཞེས་བྱ་བ་ནི་ཟང་ཟིང་གི་སྦྱིན་པའི་དབང་དུ་བྱས་པའོ། །དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ཡང་ངོ་། །སྦྱིན་པ་སོ་སོ་ཡང་དག་པར་རིག་པ་སྟེ། སྦྱིན་པའི་བསམ་པ་དང་། སྦྱིན་པའི་བར་དུ་གཅོད་པ་དང་། དེའི་གཉེན་པོའི་ཕྱོགས་ཀྱི་ཡེ་ཤེས་དང་། ལྷག་པའི་བསམ་པ་དང་། ལྷག་པར་

མོས་པའི་སྦྱིན་པ་ནི་ཤེས་རབ་ཀྱི་སྦྱིན་པའི་རྣམ་པ་ལ་གཞག་པར་རིག་པར་བྱའོ། །སེར་སྣ་ཅན་སྦྱིན་པ་ལ་མ་ཞུགས་པ་རྣམས་སྦྱིན་པའི་ས་བོན་བསྐྱེད་པ་ལ་མཁས་པའི་དབང་དུ་བྱས་ནས་ཤེས་རབ་ཅན་གྱི་སྦྱིན་པ་གཏང་བའི་ཕྱིར་སྨྲས་པ། ཡོད་དེ་བདོག་ན་སེར་སྣ་ཅན་གྱི་ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་

ལ། ཡོ་བྱད་རྣམས་འཛིན་ཅིང་མི་འདོར་བ་ནི་སེར་སྣ་ཅན་ཞེས་བྱ་བའོ། །ཡང་དང་ཡང་སེར་སྣ་བྱེད་པ་ནི་མཆོག་ཏུ་སེར་སྣ་ཅན་ནོ། །དེས་ན་སྨྲས་པ། ཡོ་བྱད་རྣམས་ཀུན་དུ་འཛིན་ཅིང་ཞེས་བྱ་བའོ། །ཡོ་བྱད་རྣམས་ལ་ཤིན་ཏུ་སེམས་ཞེན་པ་ནི་འཇུངས་པ་ཞེས་བྱ་བའོ། །སྦྱིན་པར་བྱ་བའི་ཆོས་

ནི་སྦྱིན་པ་ཞེས་བྱ་བའི་ཚིག་གི་དོན་ཏོ། །འདིས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པ་ལ་མ་ཞུགས་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སོང་ནས་ཞེས་བྱ་བ་ནི་ཡང་དང་ཡང་སོང་ནས་སོ། །དེ་སྔོན་དུ་འགྲོ་བའི་ཡང་དག་པར་མགུ་བར་བྱ་བའི་སྒོ་ནས་བག་ཕེབས་པར་བྱས་ཏེ་མགུ་བར་གྱུར་

པ་དང་། སྨྲས་པ་ལས་མི་འདའ་བར་ཤེས་ནས་ཚུར་ཤེག་ཅེས་བྱ་བ་ནི་ངའི་གན་དུ་ཤོག་དང་ཞེས་བྱ་བའོ། །ནོར་འགོད་པ་མེད་པར་ཞེས་བྱ་བ་ནི་རང་གི་ནོར་འགོད་པ་མེད་པར་ཏེ། རང་གི་ནོར་ལས་འགོད་མི་དགོས་པར་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མང་བ་ནི་རྒྱ་ཆེན་པོ་ཞེས་བྱ་བའོ། །ཉེ་བར་

เล่ม ๑๓๓ · หน้า 142b

ལོངས་སྤྱོད་པའི་དབང་དུ་བྱས་ནས་ནི་ལོངས་སྤྱོད་ཅེས་བྱ་བའོ། །སྦྱིན་པར་བྱ་བའི་དབང་དུ་བྱས་ནས་ནི། སྦྱིན་པར་བྱ་བའི་ཆོས་ཞེས་བརྗོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སློང་བ་རྣམས་བདག་ལ་དགོས་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །སློང་བ་དང་ཕྲད་

ན་ཞེས་བྱ་བ་ལ། ཁྱོད་ཉིད་ཀྱིས་སྦྱིན་པར་བྱ་བའམ། ཡང་ན་ངའི་གན་དུ་ཐོང་ཤིག་ཅེས་བཅོལ་བའོ། །རྣམ་པ་འདི་དག་གཉིས་ཀྱང་སློང་བ་ལ་ཕན་གདགས་པར་ཞུགས་པས་སྦྱིན་པ་ལ་འཛུད་པར་བྱེད་དོ། །གསུམ་པ་འཇུག་པའི་སྒོ་བསྟན་པ་ནི་རྗེས་སུ་ཡི་རང་བ་ཉིད་དོ། །དེ་ལྟར་རྣམ་པ་

གསུམ་གྱིས་སྦྱིན་པའི་ས་བོན་བསྐྲུན་པ་ཡིན་ཏེ། སེར་སྣའི་དྲི་མ་བསལ་བའི་ཕྱིར་རོ། །ཤེས་རབ་དང་ཐབས་ལ་མཁས་པ་སྔོན་དུ་འགྲོ་བས་དེ་ལྟར་རིམ་གྱིས་གོམས་པར་བྱས་པས་སྦྱིན་པ་ལ་ཞུགས་པ་ནི། དེའི་མི་མཐུན་པའི་ཕྱོགས་ཆགས་པ་རིམ་གྱིས་སྤངས་ནས་དེའི་གཉེན་པོའི་ཕྱོགས་འཐོབ་

པར་འགྱུར་རོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས་ཤེས་རབ་ཅན་གྱི་སྦྱིན་པ་བསྟན་པའི་ཕྱིར། དེའི་མཁན་པོ་དང་། སློབ་དཔོན་དང་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པའི་བདག་ཉིད་ཅན་ཡིན་པས་ན་རང་བཞིན་ཞེས་བྱ་བ་སྟེ། ཡོ་བྱད་ལ་ཆེད་དུ་བྱེད་པ་ཉིད་དོ། །ཡང་གང་སྦྱིན་པར་བྱ་བའི་ཆོས་

མེད་དེ། སྦྱིན་པ་ལ་མ་ཞུགས་པ་འདོད་པའི་བར་ཆད་དུ་གྱུར་པ་རྣམས་སངས་རྒྱས་ལ་བརྟེན་པའམ་ཞེས་བྱ་བ་ནི། སངས་རྒྱས་ལ་དམིགས་ནས་སྦྱིན་པའི་རྫས་ཡོངས་སུ་བཏང་བས་བསྐྲུན་ཅིང་དེ་དག་ཀྱང་བྱེད་དུ་འཇུག་པའོ། །དེ་ལྟར་བདག་ཉིད་ཀྱང་བྱེད་ཅིང་གཞན་དག་ཀྱང་བྱེད་དུ་འཇུག་པ་ཡིན་གྱི།

བདག་ཉིད་ཙམ་བྱེད་པ་ནི་མ་ཡིན་ཏེ། ཐབས་ལ་མཁས་པའི་ཕྱིར་རོ། །དེ་ལྟ་བུའི་སྒོ་ནས་བསྡུས་པ་དང་། ཡོངས་སུ་སྨིན་པར་འགྱུར་རོ། །མཚན་མ་ཙམ་གྱིས་ཞེས་བྱ་བ་ནི་མི་བསལ་བ་ཞེས་བྱ་བའི་དོན་ཏོ། །སྒྱུ་ཚོང་གིས་ཞེས་བྱ་བ་ནི་ཆོམ་རྐུན་པའི་ལུགས་ཀྱིས་སོ། །ཕ་རོལ་པའི་སྦྱིན་པ་དང་བྲལ་

བར་གྱུར་པ་དག་ལ། ཤེས་རབ་ཀྱི་སྟོབས་ཀྱིས་སྦྱིན་པ་ཡང་དག་པར་བསྒྲུབ་པའི་ཕྱིར་བསྟན་པ་ཡིན་ནོ། །གཡོ་སྒྱུས་བྲིད་པར་གྱུར་ལ་ཞེས་བྱ་བ་ནི་ཆོམ་རྐུན་པའི་རྒྱུས་སོ། །དེས་སྔར་མ་རྟོགས་ཏེ་ཞེས་བྱ་བ་ནི་བྱ་བའི་དུས་ནའོ། །དུས་ཕྱིས་རྟོགས་པར་གྱུར་ན་ཡང་རྟོགས་བཞིན་དུ་ཤེས་རབ་ཀྱི་སྟོབས་

เล่ม ๑๓๓ · หน้า 143a

ཀྱིས་རྣམ་པར་འགྱུར་བར་མི་བྱེད་ཀྱི། རྫས་དེ་གཏོང་བར་བྱེད་པ་ནི་ཤེས་རབ་ཅན་གྱི་སྦྱིན་པ་ཞེས་བྱའོ། །བསམ་པས་ཞེས་བྱ་བ་ནི་ལྷག་པའི་བསམ་པས་སོ། །སྦྱངས་པ་ཞེས་བྱ་བ་ནི་མཁས་པར་སྦྱངས་པའོ། །མངོན་དུ་བྱེད་པ་ནི་ཉམས་སུ་ལེན་པར་བྱེད་པའོ། །རྫས་མེད་ཅིང་

མི་བདོག་ན་གཞན་དག་ཡང་དག་པར་བསྐུལ་བར་བྱའོ་ཞེས་བསྟན་པའི་ཕྱིར། གཞན་དག་ལ་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་སྦྱིན་པ་བྱེད་པའི་གྲོགས་བྱེད་དུ་འགྲོ་བས་སྦྱིན་པ་ལ་འཇུག་པ་བསྟན་པའི་ཕྱིར། ཡང་ན་སློང་བ་པོ་ལྷགས་ཤིང་ལྷགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་ཀྱང་

རིགས་པས་བསྒྲུབས་པའི་སྦྱིན་པ་གཏོང་བར་བྱེད་དོ། །རྣམ་པ་གསུམ་གྱིས་ཉེས་པར་བསྒྲུབས་པའི་སྦྱིན་པ་ཡིན་པར་བསྟན་པ་ཉིད་དེ། ཕྱོགས་སུ་ལྷུང་བས་སྦྱིན་པ་དང་། སྤྱོད་ལམ་ངན་པས་ཞུགས་པ་ཉིད་དང་། དྲན་པ་བརྗེད་ངས་པ་ཞལ་ཏ་བྱེད་པ་ཉིད་དོ། །ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པ་ནི་

ངན་འགྲོར་འགྲོ་བའི་འཇིགས་པ་ལས་ཡང་དག་པར་འདས་པའི་ཕྱིར། ངན་འགྲོར་འགྲོ་བ་ལས་འདས་པ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་འཚོ་བ་མེད་པའི་འཇིགས་པ་ལས་ཡང་དག་པར་འདས་པའི་ཕྱིར་ལོངས་སྤྱོད་ཆེན་པོ་ཉིད་རབ་ཏུ་འཐོབ་པ་ཡིན་ནོ། །ཆོས་ཀྱི་སྦྱིན་པའི་དབང་དུ་བྱས་ནས་སྨྲས་པ། མུ་

སྟེགས་ཅན་གླགས་ཚོལ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་བསྟན་པ་འདི་ལ་སྡང་བ་གཞན་གྱི་བུག་པ་དང་སྐྱོན་ཚོལ་བའོ། །ཆོས་ཁས་འཆད་པའམ་ཞེས་བྱ་བ་ནི་སྟོན་པ་དང་། འཆད་པ་དང་། འགྲེལ་པའོ། །གླེགས་བམ་དུ་བྱས་པ་ནི་གཞུང་དུ་གཏོགས་པའོ། །ཆགས་པའི་རང་

བཞིན་ཉིད་མཚོན་པར་བྱ་བ་ནི་རྣམ་པ་གཉིས་ཏེ། དངོས་པོ་གཞན་ལ་ཆགས་པའམ། གླེགས་བམ་ཉིད་ལ་ཆགས་པ་སྟེ། ཞེན་པ་ཤིན་ཏུ་ཆེ་བའི་ཕྱིར་རོ། །སྐྱོན་དེ་དག་གཉི་ག་མེད་ན་ཡང་དོན་དུ་མི་གཉེར་བ་ལ་ཡང་སྦྱིན་པར་མི་བྱའོ་ཞེས་བསྟན་པ་དང་། དོན་དུ་གཉེར་བ་ཡིན་ན་ཡང་རང་གི་བྱ་བ་

རྫོགས་ནས་སྦྱིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རང་གི་དོན་དུ་གླེགས་བམ་དེ་བསྒྲུབས་པའི་དོན་མ་གྲུབ་ན་ནི་ཡེ་ཤེས་ཆེན་པོའི་ཚོགས་སུ་གྱུར་པའི་ཕྱིར་གཞན་མེད་ན་མ་བྱིན་ན་ཡང་ཉེས་པ་མེད་པར་བསྟན་པའི་ཕྱིར་གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཚེ་སོ་སོར་བརྟགས་ནས་ཉེས་པ་མེད་

เล่ม ๑๓๓ · หน้า 143b

པར་བྱས་ལ་སྦྱིན་པར་མི་བྱའོ། །ཉོན་མོངས་པའི་དྲི་མ་ཡོད་ན་ནི་སྦྱིན་པར་བྱའོ། །ཐོག་མ་ཁོ་ནར་ཞེས་བྱ་བ་ནི་དང་པོ་ཉིད་དུའོ། །བྱང་ཆུབ་སེམས་དཔའ་རྒྱུ་རྣམ་པ་གསུམ་གྱིས་ཆོས་ཀྱི་སྦྱིན་པ་བྱེད་དེ། ཆོས་ལ་སེར་སྣ་བྱེད་པ་གཞོམ་པའི་དོན་དང་། མ་འོངས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་

ཕྱིར་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །གསུམ་པོ་འདི་དག་མེད་པར་གྱུར་ན་མ་བྱིན་ན་ཡང་ཁ་ན་མ་ཐོ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ནི། ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན་པོར་འགྱུར་ལ། མཐོང་བའི་ཆོས་ལ་ནི་རྟོགས་པ་ཆེན་པོར་མི་འགྱུར་ན་ཆོས་ཀྱི་མཛོད་དེའི་སྒོ་ནས་

དང་། ཤེས་རབ་ལ་མཁས་པའི་སྒོ་ནས་སེམས་ཅན་མང་པོ་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་དོ། །དེ་ལ་སྦྱིན་པས་ནི་སེམས་ཅན་གཅིག་ཉིད་ཀྱིར་འགྱུར་རོ། །དེའི་ཕྱིར་སེམས་ཅན་མང་པོའི་དགོས་པ་ཉེ་བར་གནས་པ་མཐོང་ནས་སྦྱིན་པར་མི་བྱེད་དེ། དེ་ལྟ་ན་ཡང་ཁ་ན་མ་ཐོ་བར་ཡང་

མི་འགྱུར་ཏེ། ཉེས་པ་མེད་པའི་ཕྱིར་རོ། །འགྱོད་པར་ཡང་མི་འགྱུར་བ་ནི་ཕྱིས་སེམས་གདུང་བ་མེད་པར་འགྱུར་བའོ། །དངོས་པོ་ཡོད་ཅིང་སློང་བ་རྣམས་ལ་མ་བྱིན་ན་བྱང་ཆུབ་སེམས་དཔའི་ཆོས་ལས་ཤིན་ཏུ་འདས་པར་འགྱུར་བ་དེ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། བློ་སྔོན་དུ་སོང་བ་ཡིན་

པའི་ཕྱིར་རོ། །གློ་བུར་དུ་མི་སྦྱིན་ནོ་ཞེས་བྱ་བ་ནི་ཚིག་བླང་པོ་ཡིན་པས་དེའི་ཕྱིར་སྨྲས་པ། ཁྱོད་ལ་མི་སྦྱིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། ཐབས་ལ་མཁས་པས་ཞེས་བྱ་བ་ནི་ཇི་ལྟར་ན་བརྫུན་དུ་མི་འགྱུར་བ་དེ་ལྟར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཉན་ཐོས་རྣམས་ཆོས་གོས་རྣམས་བརྟགས་

ནས་འཆང་བ་ལྟར་བསྟན་པའི་ཕྱིར་སྨྲས་པ། དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྟགས་པའི་ཡོ་བྱད་ཡིན་པའི་ཕྱིར་འཛིན་པ་མེད་པར་ཡང་འགྱུར་ཞིང་ཡོངས་སུ་འཛིན་པ་དང་བཅས་ན་ཡང་འཕགས་པའི་རིགས་ལ་གནས་པར་ཡང་

འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་པོ་དང་ལྡན་པར་ཡང་འགྱུར་ཏེ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ལ་ལོངས་སྤྱོད་ཐམས་ཅད་བསྔོས་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་ཡོ་བྱད་ཡོངས་སུ་བརྟགས་པའི་ཕན་ཡོན་ཡིན་ནོ། །ཕན་ཡོན་གསུམ་པ་ནི་བརྫུན་མ་

เล่ม ๑๓๓ · หน้า 144a

ཡིན་པར་སློང་བ་རྣམས་ལ་བདག་ཉིད་ཇི་ལྟར་འདོད་པ་བཞིན་སྒྲུབ་པར་བྱེད་དེ་གང་གི་ཚེ་སློང་བ་རྣམས་ལ་སྦྱིན་པར་བྱེད་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་བཏང་བ་ཅི་ཡང་མི་མངའ་བས་རྗེས་སུ་གནང་ངོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སེམས་ཅན་རྣམས་ལ་མ་

བཏང་བ་དེ་གང་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །ཁྱེད་ལ་སྦྱིན་པར་གནང་བ་མེད་དོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཞེས་བསམས་ནས་སྨྲ་བར་བྱེད་པའོ། །དེ་དག་ནི་སྣོད་མ་ཡིན་པ་ལ་སྦྱིན་པར་མཛད་པ་མ་ཡིན་པའི་ཕྱིར་རོ། །དངོས་པོ་གཞན་ཡོད་ན་བྱིན་ལ་དེའི་

སེམས་མི་དགའ་བ་མེད་པར་བྱས་ལ་གཏང་བར་བྱའོ། །སྦྱིན་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྦྱིན་པ་བསྟན་པ་ཡིན་ནོ། །ཆོས་དང་ཟང་ཟིང་གི་རང་བཞིན་གྱི་སྦྱིན་པ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་ཉིད་དོ། །རྣམ་གྲངས་ཞེས་བྱ་བས་ནི་ཆོས་སོ་སོ་ཡང་དག་

པར་རིག་པ་བསྟན་ཏེ། སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་གཏོང་བ་དང་། དོན་གཏོང་བ་དང་། ནོར་རབ་ཏུ་སྒྲུབ་པ་དང་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་ཡང་ངོ་། །མཚན་ཉིད་དང་ཞེས་བྱ་བས་ནི་སོ་སོ་ཡང་དག་པར་རིག་པ་བསྟན་ཏེ། མཚན་ཉིད་ཀྱིས་ནི་

ངོ་བོ་ཉིད་ཀྱི་སྦྱིན་པར་རིག་པར་བྱའོ། །ངེས་པའི་ཚིག་དང་ཞེས་བྱ་བས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟོན་ཏོ། །སེར་སྣ་གཅོད་པར་བྱེད་པའམ། དབུལ་བ་སེལ་བར་བྱེད་པས་ན་སྦྱིན་པ་ཞེས་བྱའོ། རྒྱུ་དང་འབྲས་བུ་དང་རབ་ཏུ་དབྱེ་བ་ལས་ཞེས་བྱ་བས་ནི་སྤོབས་པ་སོ་སོ་ཡང་དག་

པར་རིག་པར་བསྟན་ཏེ། ཁ་ཟས་བྱིན་པས་སྟོབས་དང་ལྡན་ཞེས་བྱ་བའི་རྒྱུ་དང་འབྲས་བུ་ལྟ་བུའོ། །རབ་ཏུ་དབྱེ་བ་ནི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དང་། ནང་དང་ཕྱིའི་དངོས་པོ་སྦྱིན་པ་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པ་སྤོང་བར་བྱེད་དོ་ཞེས་བྱ་བས་

ཤེས་རབ་ཅན་གྱི་སྦྱིན་པ་བསྟན་པའི་ཕྱིར། གནོད་པ་བྱེད་པ་རྣམས་ལ་ཞེ་སྡང་སྤངས་ནས་བྱམས་པ་དང་། སྡུག་བསྔལ་ཅན་རྣམས་ལ་གནོད་སེམས་བསལ་ནས་སྙིང་རྗེ་དང་། ཡོན་ཏན་དང་ལྡན་པ་རྣམས་ལ་ཕྲག་དོག་སྤངས་ནས་དགའ་བའི་སེམས་བསྐྱེད་པ་དང་། ཕན་འདོགས་པ་རྣམས་ལ་

เล่ม ๑๓๓ · หน้า 144b

ཆགས་པ་སྤངས་ནས་བཏང་སྙོམས་ཀྱི་སེམས་བསྐྱེད་པར་བྱའོ། །སྔོན་མ་གོམས་པ་ཞེས་བྱ་བ་ནི་སྔོན་གྱི་ཚེ་རབས་སུ་ཞེས་བྱ་བའི་དོན་ཏོ། །གོམས་པར་བྱས་སུ་ཟིན་ཀྱང་སྦྱིན་པར་བྱ་བའི་ཆོས་ཉུང་ཞིང་མེད་པ་ཡང་སྦྱིན་པའི་གེགས་བྱེད་པ་གཉིས་པའོ། །དངོས་པོ་ལ་ཞེན་པ་ནི་གསུམ་པའོ། །ཕྱི་མ་ལ་

འབྲས་བུ་ཆེན་པོ་འབྱུང་བ་མཐོང་བས་མངོན་པར་དགའ་བ་ནི་བཞི་པའོ། །དེ་ལ་དང་པོ་གསུམ་ནི་སྦྱིན་པའི་གེགས་བྱེད་པས་ན་སྦྱིན་པའི་བར་ཆད་ཡིན་ནོ། །བཞི་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་གཞག་པ་ལ་མི་མཐུན་པར་གྱུར་པར་བྱེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་

ཉིད་ནི་རང་ཉིད་ཀྱིས་སྦྱར་བར་བྱ་བའི་ཕྱིར། གང་གི་ཕྱིར་སྦྱིན་པར་བྱ་བའི་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་ལ་སེམས་མི་འཇུག་པ་ནི་སྦྱིན་པ་ལ་སེམས་མི་དགའ་བའོ། །མ་བྱས་པ་ནི་བྱ་བར་འོས་པ་ཡིན་པས་ཞེས་བྱས་ནས་སོ། །ཕོངས་པ་ལས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། ལོངས་

སྤྱོད་ཆུང་བ་ལས་གྱུར་པའི་སྔོན་གྱི་ལས་ཀྱི་ཉེས་པས་ཡི་དྭགས་རྣམས་སམ། དབུལ་པོའི་ཁྱིམ་དུ་སྐྱེས་པར་གྱུར་པས་ན་གཞན་གྱི་དབང་དུ་གྱུར་པའི་ཕྱིར་བཅིངས་པ་ལ་སོགས་པ་ཐོབ་པར་འགྱུར་རོ། །མྱོང་བར་གྱུར་གྱི་ཞེས་བྱ་བ་ནི་སྐྱེ་བ་དེ་ལྟ་བུའོ། །ཕ་རོལ་ལ་ཕན་མ་བཏགས་པར་ཞེས་བྱ་བ་ནི་

དོན་མེད་པར་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་སྒོ་ནས་གཞན་ལ་ཕན་གདགས་པ་བྱས་པས་ཕོངས་པའི་སྡུག་བསྔལ་གྱིས་བདག་འཆིང་བར་གྱུར་ཀྱང་རུང་གི་སློང་བ་བཟློག་པར་ནི་མི་བྱའོ་ཞེས་སོ་སོར་རྟོག་ཅིང་འཚོ་བར་བྱ་བའི་ཐབས་གཞན་ཡང་ཡོད་བཞིན་དུ་སློང་བ་རྣམས་ཅི་སྟེ་ཟློག་པར་བྱེད་ཅེས་

བསྟན་པ་ཡིན་ནོ། །ཡིད་དུ་འོང་བའི་དངོས་པོ་རྣམས་ཀྱང་ཡོངས་སུ་འགྱུར་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པས་དེ་ལ་ཞེན་པ་ནི། སྡུག་བསྔལ་ལ་བདེ་བའི་འདུ་ཤེས་སུ་ཕྱིན་ཅི་ལོག་པ་ཡིན་ལ། ཕྱིན་ཅི་ལོག་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་སྨྲས་པ། ཕྱི་མ་ལ་སྡུག་བསྔལ་སྐྱེད་པ་ཡིན་ནོ་ཞེས་བྱ་བའོ། །

ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་ནས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཉིད་དུའོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་འབྲས་བུ་ཉིད་བསྟན་པའི་ཕྱིར། ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །ལོག་པའི་འབྲས་བུ་ལ་ལྟ་བ་ལས་གྱུར་པ་ཞེས་བྱ་བ་ནི་ལོག་པ་ལ་མངོན་པར་ཞེན་པ་ལས་གྱུར་པའི་འབྲས་བུའི་

เล่ม ๑๓๓ · หน้า 145a

ཉེས་པ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་རྣམ་པ་གསུམ་གྱིས་སྙིང་པོ་མེད་པ་ཉིད་དུ་མཐོང་བ་དང་། སྐད་ཅིག་མ་ཉིད་ཀྱིས་འཇིག་པའི་མི་རྟག་པ་ཡིན་པའི་ཕྱིར་གང་ཡང་སྨྲས་པ་སྐད་ཅིག་ལ་འཇིག་པའི་ངང་ཅན་དང་ཞེས་བྱ་བའོ། །རྒྱུན་གྱིས་འཇིག་པའི་མི་རྟག་པ་ཉིད་ནི་གང་ཡང་སྨྲས་པ།

འབྲས་བུ་ལོངས་སྤྱད་པ་རྣམས་ནི་ཡོངས་སུ་ཟད་ནས་འཇིག་པའི་ངང་ཅན་ཞེས་བྱ་བའོ། །འབྲལ་བས་འཇིག་པའི་མི་རྟག་པ་ཉིད་ནི་གང་ཡང་སྨྲས་པ། འབྲལ་བས་འཇིག་པའི་ངང་ཅན་ཞེས་བྱ་བའོ། །མ་གོམས་པར་རྟོགས་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་

དང་། འདུ་བྱེད་ལ་སྙིང་པོ་མེད་པ་ཉིད་དུ་ལྟ་བ་ཞེས་བྱ་བ་ནི་གེགས་བྱེད་པའི་གཉེན་པོ་རྣམ་པ་བཞི་ཤེས་པ་ཡིན་ནོ། །དང་པོ་གསུམ་ནི་སྦྱིན་པ་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་སྨྲས་པ། ཡང་དག་པར་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་བྱ་བའོ། །བཞི་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་སྨྲས་

པ། ཡང་དག་པའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དེ་ཞེས་བྱ་བའོ། །ནང་དུ་བསྡུས་ནས་ཞེས་བྱ་བ་ནི་གཡེང་བ་མེད་པར་སྟོན་པ་ཡིན་ནོ། །བསམ་པ་དག་ཅིང་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡོངས་སུ་

ཟིན་པ་མངོན་པར་མོས་པའི་སྟོབས་ལས་བྱུང་བའི་ཀུན་དུ་རྟོག་པའི་སྦྱིན་པ་སྟེ། སྦྱོར་བ་ལས་བྱུང་བ་མེད་པར་ཡང་ཚད་མེད་པའི་བསོད་ནམས་སྐྱེ་བའི་རྒྱུར་འགྱུར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་བསྟན་པའི་ཤེས་རབ་ཀྱིས་སྦྱིན་པ་མདོར་བསྟན་པའི་ཕྱིར། དེ་ལྟར་མདོར་བསྡུ་ན་ཞེས་བྱ་བ་ལ་

སོགས་པ་ལ། ལྷག་པའི་བསམ་པའི་སྦྱིན་པའི་མི་མཐུན་པའི་ཕྱོགས་ནི་གནོད་སེམས་ལ་སོགས་པའོ། །འདི་མན་ཆད་ཅེས་བྱ་བ་ནི་ཐམས་ཅད་སྦྱིན་པའི་ཕྱོགས་གཅིག་དཀའ་བའི་སྦྱིན་པ་ལ་སོགས་པ་རྣམ་པར་གཞག་པར་བྱ་བ་ཡིན་གྱི་ཐམས་ཅད་སྦྱིན་པ་ལས་མ་གཏོགས་པ་དཀའ་བའི་སྦྱིན་པ་ལ་

སོགས་པ་ལོགས་ན་མེད་པར་མཚོན་པ་ཡིན་ནོ། །རྒྱུ་རྣམ་པ་གསུམ་གྱིས་སྦྱིན་པ་སྦྱིན་པར་མི་ནུས་ཏེ། ཤིན་ཏུ་བདག་ཉིད་ལ་ཞེན་ཅིང་ཆགས་པ་དང་། སྦྱིན་པར་བྱ་བའི་དངོས་པོ་ལ་ལྷག་པར་ཆགས་པར་གྱུར་པ་དང་། སྦྱིན་པར་བྱ་བའི་དངོས་པོ་ཤིན་ཏུ་རྙེད་དཀའ་བ་ཉིད་དོ། །རྒྱུ་གསུམ་པོ་འདི་དག་

เล่ม ๑๓๓ · หน้า 145b

བྱང་ཆུབ་སེམས་དཔའ་ཟིལ་གྱིས་མནན་ཅིང་སྤངས་ནས་སྦྱིན་པ་སྦྱིན་པར་བྱེད་པ་ནི། དཀའ་བའི་སྦྱིན་པ་ཞེས་བྱ་བར་རྣམ་པར་གཞག་གོ། །ཆུང་ངུ་བདོག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱི་འཚོ་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ཉིད་དོ། །བདག་ཉིད་ལ་གནོད་པ་བྱས་ཏེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བདག་ཉིད་

ཡོངས་སུ་སྤྱད་པར་བྱ་བ་རྣམས་དང་ཕྲལ་ནས་རྒྱུན་མི་འཆད་པའི་སྡུག་བསྔལ་ཟིལ་གྱིས་མནན་ཅིང་ཉིན་རེ་བཞིན་སྟེར་བར་བྱེད་པ་ནི་དཀའ་བའི་སྦྱིན་པ་དང་པོ་སྟེ། བདག་ཉིད་ལ་ལྟོས་པ་མེད་པའི་ཕྱིར་རོ། །སྦྱིན་པར་བྱ་བའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དུ་གཏོགས་པ་དང་།

སེམས་ཅན་དུ་གཏོགས་པ་མ་ཡིན་པའོ། །དེ་ལ་སེམས་ཅན་དུ་གཏོགས་པ་རྣམས་ལ་རྒྱུ་རྣམ་པ་གསུམ་གྱིས་ཞེན་ཅིང་ཆགས་པར་འགྱུར་ཏེ། སྐྱེ་བ་གཞན་དག་ཏུ་གོམས་པའི་སྦྱོར་བས་རྒྱུ་མེད་པ་ཤིན་ཏུ་བྱམས་པར་འགྱུར་བ་ཉིད་ནི་གང་ཡང་སྨྲས་པ། རང་བཞིན་གྱིས་བྱམས་པའམ་ཞེས་བྱ་བའོ། །

དུས་རིང་པོ་ནས་འབྲེལ་པ་ཉིད་ནི་ཡུན་རིང་པོ་ནས་འདྲིས་པའམ་ཞེས་བྱ་བའོ། །བྱ་བ་སྒྲུབ་པ་ལ་ཤིན་ཏུ་མཁོ་བས་ཀྱང་གང་ཡང་སྨྲས་པ། ཤས་ཆེར་ཕན་པའམ་ཞེས་བྱ་བའོ། །དེ་ལྟ་བུའི་དངོས་པོ་རྣམས་ལ་ཆགས་པ་བཏང་ནས་སྟེར་བའོ། །སེམས་ཅན་དུ་གཏོགས་པ་མ་ཡིན་པ་ཉེ་བར་མཁོ་

བའི་དངོས་པོ་རྣམས་ཏེ། རིན་ཐང་མེད་པའམ། རིན་ཐང་ཤིན་ཏུ་ཆེ་བ་ནི་དངོས་པོ་མཆོག་ཅེས་བྱའོ། །གྱ་ནོམ་པའམ། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ནི་རབ་མཆོག་ཏུ་གྱུར་པ་ཞེས་བྱའོ། །དེ་ལྟ་བུ་ལ་ཞེན་པ་སྟེ། ཆགས་པ་ཟིལ་གྱིས་མནན་ནས་སྦྱིན་པར་བྱེད་ཅིང་། འདི་

ལྟ་བུ་ལ་ཡང་ལྟོས་པ་མེད་པ་ནི་དཀའ་བའི་སྦྱིན་པ་ཞེས་བྱའོ། །རྒྱུ་རྣམ་པ་གསུམ་གྱིས་དངོས་པོ་ཚེགས་ཆེན་པོས་སྒྲུབ་པ་ཡིན་ཏེ། །བདག་ཉིད་བསོད་ནམས་ཆུང་བ་ཉིད་དང་། ཡུལ་གྱི་སྟོབས་ཆུང་བ་ཉིད་དང་། དུས་ཀྱི་སྟོབས་ཆུང་བ་ཉིད་དེ། དེ་ལྟ་བུར་རྙེད་པར་དཀའ་བའི་དངོས་པོ་རྣམས་ཡང་

རྙེད་པ་ལ་ལྟོས་པ་མེད་པར་རྗེས་སུ་སྟེར་བར་བྱེད་པའོ། །གང་སྦྱིན་པར་བྱ་བ་ཡང་སྒོ་གཉིས་ནས་འཇུག་པ་ཡིན་ལ། གང་དག་ལ་སྦྱིན་པར་བྱ་བ་ཡང་སྒོ་གཉིས་ནས་འཇུག་པ་ཡིན་པས་ཐབས་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ནི་རྣམ་པ་བཞི་སྟེ། སྒོ་བཞི་ནས་འཇུག་པའི་ཕྱིར་རོ། །བདག་དབང་

เล่ม ๑๓๓ · หน้า 146a

བའི་དངོས་པོ་རྣམས་ཀྱིས་མ་ལ་སོགས་པ་རང་གིས་ཡོངས་སུ་གཟུང་བ་ངེས་པར་གསོ་ཞིང་དགང་དགོས་པ་རྣམས་ལ་གཅིག་ཏུ་གསོ་བར་བྱ་བ་ཡིན་པས་སྟེར་བར་བྱེད་དོ། །སྡུག་བསྔལ་བ་རྣམས་དང་འདོད་པ་རྣམས་ལ་ཡང་སྦྱིན་པར་བྱེད་དོ། །དེ་ལྟར་སྒོ་གཉིས་ནས་ཞུགས་པ་ཡིན་ནོ། །

སྦྱིན་པར་བྱ་བའི་ཆོས་བདག་དབང་བ་མེད་ན་གཞན་གང་སུ་ཡང་རུང་བ་འདུན་པ་བསྐྱེད་ནས་ཆོས་དང་མཐུན་པར་ཐོབ་པ་དེ་སྔ་མ་བཞིན་དུ་རྣམ་པ་གཉིས་ལ་སྦྱིན་པར་བྱེད་དོ། །དེ་ཡང་སྒོ་གཉིས་ནས་ཞུགས་པ་ཡིན་པས་དེ་ལྟ་བུའི་རྣམ་པ་བཞི་ནི་སྒོ་བཞི་ནས་ཞུགས་པ་ཞེས་བརྗོད་དོ། །བྱང་ཆུབ་སེམས་

དཔའ་ནི་སྐྱེས་བུའི་མཆོག་ཡིན་པས་སྐྱེས་བུ་དམ་པ་ཞེས་བྱའོ། །དེའི་སྦྱིན་པ་ཐམས་ཅད་ནི་སྐྱེས་བུ་དམ་པའི་སྦྱིན་པ་ཞེས་བྱ་བར་རྣམ་པར་གཞག་པར་བྱ་སྟེ། དྲི་མི་ཞིམ་པའི་མར་བཞིན་ནོ། །ཡང་དེ་ནི་རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་ལ་ནི་མ་དད་པའི་སྦྱིན་པ་མེད་དོ། །དེའི་ཕྱིར་དད་པས་

སྦྱིན་པ་ནི་སྐྱེས་བུ་དམ་པའི་སྦྱིན་པ་ཉིད་དེ། །དུས་གསུམ་དུ་ཡང་རབ་ཏུ་དགའ་བ་དང་ལྡན་པའི་ཕྱིར་དད་པའི་སྦྱིན་པ་ཞེས་བརྗོད་པའམ། དགེ་བའི་རྩ་བ་གསུམ་གྱི་ཁྱད་པར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །བཀུར་སྟི་བྱས་པའི་སྦྱིན་པ་དང་། ལག་དར་བའི་སྦྱིན་པ་དང་། ཐོབ་པའི་དུས་སུ་

སྦྱིན་པ་དང་། གཞན་ལ་མི་གནོད་པའི་སྦྱིན་པའོ། །སྐྱེས་བུ་དམ་པའི་སྦྱིན་པ་རྣམ་པ་ལྔ་པོ་འདི་ཡང་མདོར་བསྡུས་ན་རྣམ་པ་གཉིས་སུ་གཞག་པར་བྱ་སྟེ། དང་པོ་ནི་བསམ་པ་ཉིད་ཀྱིས་སོ། །བཞི་ནི་སྦྱོར་བ་ཉིད་དེ། བསྟོད་པ་དང་། བྱ་བ་དང་། ཉེ་བར་ལོངས་སྤྱད་པ་གྲུབ་པ་དང་། གཞན་ལ་

མི་གནོད་པའི་དབང་དུ་བྱས་པའོ། །ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། ལྷག་པར་མོས་པའི་ཁྱད་པར་ཉིད་དང་། རང་གི་སྦྱོར་བའི་ཁྱད་པར་ཉིད་དང་། དུས་ཀྱི་ཁྱད་པར་ཉིད་དང་། གཞན་ལ་མི་གནོད་པའི་ཁྱད་པར་ཉིད་དོ། །ཡང་མི་གནོད་པར་སྦྱིན་པ་ཡང་རྣམ་པ་གཉིས་ཏེ། རང་

གི་འཁོར་རྣམས་དང་། ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ལ་སྟེ། རང་གི་རྫས་ཡིན་ན་ཡང་རྫས་གྲུབ་པའི་འཁོར་རྣམས་གདོང་མཆི་མ་དང་བཅས་པར་གྱུར་ན་ཡང་སྦྱིན་པར་མི་བྱེད་དོ། །ཡོངས་སུ་གཟུང་བ་དང་བཅས་པ་རྣམས་ཀྱི་ནོར་ཕྲོགས་ནས་ཀྱང་སྦྱིན་པར་མི་བྱེད་དོ། །རྣམ་

เล่ม ๑๓๓ · หน้า 146b

པ་ཐམས་ཅད་དང་ལྡན་པ་ནི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་སྟེ། དེ་དག་གི་རྣམ་པ་ནི་མདོ་དེ་དང་དེ་དག་ཏུ་གསུངས་པས་དེ་དག་གི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ལྷུག་པར་གཏོང་བས་ན་མི་རྟེན་པར་སྦྱིན་པ་ཞེས་བྱ་བ་སྟེ་གྲགས་པ་ལ་སོགས་པ་མི་འདོད་པ་ཉིད་དོ། །རྟག་ཏུ་ལག་བརྐྱང་བས་ན་མི་

སྲི་བར་སྦྱིན་པ་ཞེས་བྱ་སྟེ། ལག་པ་བརྐྱང་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གཏོང་བ་ལ་དགའ་བའི་ཕྱིར་དགའ་བས་སྦྱིན་པ་ཞེས་བྱ་སྟེ། དུས་གསུམ་དུ་རབ་ཏུ་དགའ་བ་དང་ལྡན་པའི་ཕྱིར་རོ། །རྟག་པའི་མཆོད་སྦྱིན་དང་ལྡན་པས་ན་རྒྱུན་མི་འཆད་པར་སྦྱིན་པ་ཞེས་བྱ་སྟེ། རྟག་ཏུ་སེམས་ཅན་སྐྱོབ་པའི་

སྦྱིན་པ་གཏོང་བ་དང་ལྡན་པ་ཉིད་དོ། །གཏོང་བ་དང་ཡང་དག་པར་ལྡན་པ་ནི་སྣོད་ལ་སྦྱིན་པ་སྟེ། འཚོ་བ་ལོག་པ་མ་ཡིན་པ་ལ་སྦྱིན་པའོ། །བགོ་བཤའ་བྱེད་པ་ལ་དགའ་བ་ནི་སྣོད་མ་ཡིན་པ་ལ་སྦྱིན་པ་སྟེ། དགེ་སྦྱོང་རྣམས་ནས་ལམ་ནས་འགྲོ་བའི་བར་ཐམས་ཅད་ལ་སྦྱིན་པ་ཞེས་བྱ་བའོ། །ནང་

གི་བདག་ཉིད་ཅན་གྱི་དངོས་པོ་ཐམས་ཅད་མ་ལུས་པར་གཏོང་བ་ནི་ཐམས་ཅད་སྦྱིན་པའོ། །གནོད་པ་བྱེད་པ་དང་། ཕན་པ་བྱེད་པ་དང་། ཡོན་ཏན་དང་ལྡན་པ་རྣམས་དང་། སྡུག་བསྔལ་བ་རྣམས་ལ་སྦྱིན་པ་ནི་ཀུན་ལ་སྦྱིན་པ་ཞེས་བྱའོ། ཡང་ན་རང་གི་ཡུལ་དང་ཡུལ་གཞན་དུ་ཡང་སྦྱིན་པ་ནི་

ཀུན་ལ་སྦྱིན་པའོ། །ཉིན་མོ་དང་མཚན་མོ་ཐམས་ཅད་དུ་སྦྱིན་པ་ནི་དུས་ཐམས་ཅད་དུ་སྦྱིན་པ་སྟེ་དུས་ངེས་པ་མེད་པ་ཉིད་དོ། །ཡང་དུས་ཐམས་ཅད་དུ་སྦྱིན་པ་ཞེས་བྱ་བའི་ཕྱུག་པའི་དུས་དང་དབུལ་བའི་དུས་ཐམས་ཅད་དུ་སྦྱིན་པ་ཞེས་བྱ་བའོ། །དཔྱས་དང་བཅས་པའི་དངོས་པོའི་སྦྱིན་པ་མ་ཡིན་པ་ནི་

ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་ཞེས་བྱ་བའམ། ཀུན་ནས་ཉོན་མོངས་པ་མེད་པའི་སྦྱིན་པ་ཉིད་དོ། །འདུ་བའི་སྒོར་གྱུར་པའི་སྦྱིན་པ་ནི། དངོས་པོ་ཐམས་ཅད་སྦྱིན་པ་ཞེས་བྱ་སྟེ། འདུ་བའི་སྒོར་གྱུར་པ་ནི་ཞིང་གི་དངོས་པོ་ལ་སོགས་པའོ། །གང་གི་ཕྱིར་སྨྲས་པ། ཡུལ་གྱི་དངོས་པོ་ཞེས་

བྱ་བ་སྟེ། འདུ་བའི་ནོར་དང་འབྲུའམ་དེ་ལ་སོགས་པའོ། །ལ་ལ་ནས་ནི་སེམས་ཅན་གྱི་དངོས་པོ་ཐམས་ཅད་སྦྱིན་པ་ཞེས་འདོན་ཏེ། དེ་ལྟ་ན་ནི་སེམས་ཅན་མ་ཡིན་པའི་དངོས་པོ་སྦྱིན་པ་ཉིད་ཀྱང་འདོན་པར་འགྱུར་བར་ཐལ་བར་འགྱུར་རོ། །ཕོངས་པ་དང་འདོད་པ་ནི་ཕོངས་ཤིང་འདོད་པ་

เล่ม ๑๓๓ · หน้า 147a

སྟེ་འདོད་པ་ཉིད་ནི་འདོད་པ་དང་ལྡན་པའོ། །དེ་ལ་སྦྱིན་པ་ནི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་སྟེ། ཕོངས་པ་བསལ་བའི་ཕྱིར་དང་། འདོད་པ་སྤང་བའི་ཕྱིར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །རྒྱན་དང་སྣོད་སྤྱད་འདོད་པ་ནས་བྱུག་པ་འདོད་པའི་བར་ནི་འདོད་པ་ལ་སྦྱིན་པ་ཞེས་

བྱ་སྟེ། སེམས་དགའ་བར་བྱེད་པའི་ཕྱིར་རོ། །ཟས་སྦྱིན་པ་ལ་སོགས་པ་ནི་ཕོངས་པ་ལ་སྦྱིན་པ་ཞེས་བྱ་སྟེ། ཕོངས་པ་སྤོང་བར་བྱེད་པ་དང་། སྡུག་བསྔལ་བཟློག་པའི་རྒྱུར་གྱུར་པ་དང་། རྒྱས་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་རྣམ་པ་དྲུག་སྤང་བར་བྱ་བའི་ཕྱིར་སྦྱིན་པ་རྣམ་པ་

བརྒྱད་དུ་རིག་པར་བྱའོ། སྡུག་བསྔལ་རྣམ་པ་དྲུག་ལས་བཀྲེས་པ་དང་སྐོམ་པ་ནི་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་སེལ་བའི་སྦྱིན་པ་ཞེས་བྱ་བ་ནི་ཕོངས་པ་དེ་བསལ་བའི་ཕྱིར་བཟའ་བ་དང་བཏུང་བ་སྦྱིན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། བསླངས་པ་དང་། མ་བསླངས་པའོ། །དེ་ལ་མ་

བསླངས་པ་ནི་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་པ་མཐོང་ནས་མ་བསླངས་པར་རང་གིས་སྟེར་བ་སྟེ། དེའི་ཕྱིར་མ་བསླངས་པའི་སྦྱིན་པ་ཞེས་བྱའོ། འདོད་པ་རྣམས་ཀྱིས་བསླངས་ནས་བྱིན་པ་ནི་བསླངས་པའི་སྦྱིན་པ་ཞེས་བྱའོ། །དེ་བཞིན་དུ་བཞོན་པ་ལ་སོགས་པ་ལ་ཡང་ཇི་ལྟར་

རིགས་པར་སྦྱར་རོ། །ལམ་དུ་འགྲོ་བའི་ཡན་ལག་མ་ཚང་བས་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་བཞོན་པ་སྦྱིན་པའོ། །བགོ་བ་མེད་པའི་སྡུག་བསྔལ་ནི་གསང་བ་དགག་པ་དང་བྲལ་བ་རྣམས་ལ་དེ་བསལ་བར་བྱ་བའི་ཕྱིར་གོས་སྦྱིན་པར་བྱེད་དོ། །འདོད་པས་ཕོངས་པའི་སྡུག་བསྔལ་

ཅན་རྣམས་མངོན་པར་འདོད་པའི་དོན་འདོད་པ་དང་ལྡན་པ་རྣམས་ལ་དེ་བསལ་བའི་ཕྱིར་རྒྱན་ནས་བརྩམས་ནས་དྲི་དང་བྱུག་པའི་བར་སྦྱིན་པར་བྱེད་པའོ། །གྲང་བ་དང་ཚ་བ་ལ་སོགས་པའི་རེག་པའི་སྡུག་བསྔལ་བརྣག་དཀའ་བ་བསལ་བར་བྱ་བའི་ཕྱིར་བརྟེན་ཏེ་གནས་སྦྱིན་པར་བྱེད་དོ། །འགྲོ་

འོང་ལ་སོགས་པའི་ཐ་སྙད་རྒྱུན་འཆད་པའི་སྡུག་བསྔལ་ཅན་རྣམས་ལ་དེ་བསལ་བའི་ཕྱིར་སྣང་བ་སྦྱིན་པར་བྱེད་དོ། །དེ་ལྟར་འདི་དག་ནི་སྦྱིན་པར་བྱ་བའི་རྫས་ཀྱི་དབྱེ་བས་རྣམ་པ་བརྒྱད་དུ་འགྱུར་རོ། །ལེན་པ་པོ་རྣམས་ལ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཕན་གདགས་པར་འགྱུར་

เล่ม ๑๓๓ · หน้า 147b

བས་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་ཞེས་བྱའོ། །ཐམས་ཅད་ཀྱང་བསྡུས་ནས་གསུམ་དུ་བརྗོད་པར་བྱ་སྟེ། ཟང་ཟིང་གི་སྦྱིན་པ་ནི་དངོས་པོ་གཏོང་བས་རབ་ཏུ་ཕྱེ་བ་ཡིན་ཏེ། ལུས་ཉེ་བར་བརྟན་པར་བྱེད་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་ཉམ་ང་བའི་གནས་ནས་སྐྱོབ་པར་བྱེད་པ་སྟེ།

སྲོག་ཉེ་བར་བརྟན་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་བསྟན་པ་དང་། བཤད་པ་དང་། ཉེ་བར་བཤད་པས་ཁ་ན་མ་ཐོ་བ་མེད་པ་ལ་སྦྱོར་བར་བྱེད་པ་སྟེ། སེམས་ཉེ་བར་བརྟན་པར་བྱེད་པའི་ཕྱིར་རོ། །ཟང་ཟིང་གི་སྦྱིན་པས་ཕན་འདོགས་པར་བྱེད་པ་མདོར་བསྡུས་ནས་བསྟན་པའི་ཕྱིར།

བཟང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པས་ན་བཟང་པོའོ། །དེ་དག་གིས་ནི་དབང་པོ་ལྔའི་སྒོ་ནས་ཕན་འདོགས་པར་བསྟན་པ་ཡིན་ནོ། །མི་གཙང་བའི་དངོས་པོ་དང་མ་འདྲེས་པས་ན་གཙང་བའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་རུང་བའོ། །འདི་གཉིས་ཀྱིས་ནི་ཡིད་

ཀྱི་སྒོ་ནས་ཕན་འདོགས་པར་བསྟན་ཏོ། །སེར་སྣའི་དྲི་མ་བསལ་བའི་ཕྱིར་ནི་དངོས་པོ་མཆོག་སྦྱིན་པར་བསྟན་ཏོ། །སོག་འཇོག་གི་དྲི་མ་བསལ་བའི་ཕྱིར་ནི་མང་པོ་སྦྱིན་པར་བསྟན་ཏོ། །རྣམ་པ་འདི་གཉིས་ཀྱིས་ནི་སློང་བའི་མངོན་པར་འདོད་པའི་དོན་གྲུབ་ཅིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་

པས་ཡིད་ཀྱི་སྒོ་ནས་ཕན་བཏགས་པར་བསྟན་པ་ཡིན་ནོ། །སྦྱིན་པ་རྣམ་པ་ལྔ་པོ་འདི་དག་ནི་འདི་ལ་བདེ་བ་ཡིན་ཏེ། དབང་པོ་དྲུག་གི་སྒོ་ནས་ཇི་ལྟར་རིགས་པར་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །སེར་སྣའི་དྲི་མ་ནི་སེམས་ཀྱིས་ཀུན་དུ་འཛིན་པ་སྟེ་སྦྱིན་པ་དང་འགལ་བའོ། །སོག་འཇོག་གི་དྲི་

མ་ནི་ལོངས་སྤྱོད་ཀུན་དུ་འཛིན་པ་སྟེ། བདག་ཉིད་ལ་ལོངས་སྤྱོད་པ་དང་འགལ་བའོ། །འདི་དག་གཉི་ག་ཡང་སེམས་ཅན་དམན་པ་རྣམས་ཀྱི་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེའི་ཕྱིར། དམན་པའི་འཇིག་རྟེན་ཟད་པའི་འཇིགས་པ་ཡིས། །བདག་ཉིད་མི་སྤྱོད་གཞན་ལའང་སྦྱིན་མི་བྱེད། །

ཅེས་བསྟན་པ་ཡིན་ནོ། །སྲོག་ཉམས་པའི་འཇིགས་པ་ལས་བསྐྱབ་པའི་ཕྱིར་མི་འཇིགས་པའི་སྦྱིན་པ་བསྟན་པ་ནི། སེང་གེ་དང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་སྦྱིན་པ་ནི་རྣམ་པ་གསུམ་སྟེ། མདོའི་སྡེ་ལ་སོགས་པའི་ཆོས་རྣམས་དོན་དང་ཡི་གེ་ཕྱིན་ཅི་མ་ལོག་པ་ཉིད་དུ་སྟོན་པ་ཉིད་དང་། འཇིག་

เล่ม ๑๓๓ · หน้า 148a

རྟེན་པའི་ལས་ཐམས་ཅད་ཁ་ན་མ་ཐོ་བ་མེད་པར་ཚུལ་བཞིན་དུ་ཉེ་བར་སྟོན་པ་ཉིད་དང་། ཉེས་པར་སྤྱོད་པ་ལས་ལྡོག་པ་ཡང་དག་པར་འཛིན་དུ་འཇུག་པའོ། །ཆོས་རྣམས་ཀྱི་སྦྱིན་པ་ནི་ཆོས་ཀྱི་སྦྱིན་པའོ། །ཆོས་ཀྱང་རྣམ་པ་གཉིས་ཏེ། དོན་འདིར་ནི་བསྟན་པའི་ཆོས་དང་ལེགས་པར་སྤྱད་པའི་

ཆོས་སོ། །སེམས་ཅན་གཞན་དག་ལ་དེ་དག་གཉི་ག་ཉེ་བར་སྒྲུབ་པའི་དབང་དུ་བྱས་ནས་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །དེ་དག་ཐམས་ཅད་མངོན་པར་བསྡུས་ནས་ཇི་ལྟར་བསྟན་པའི་ཟང་ཟིང་ལ་སོགས་པའི་སྦྱིན་པ་སྔར་བསྟན་པའི་རྣམ་པ་དགུས་བསྡུས་པ་རྣམས་ཇི་ལྟར་རིགས་པར་འདི་དང་གཞན་དུ་བདེ་བར་བསྟན་པ་

ཡིན་ནོ། །རབ་ཏུ་དབྱེ་བ་དང་བཅས་པ་ཞེས་བྱ་བ་ནི་ཟང་ཟིང་གི་སྦྱིན་པའི་དབྱེ་བ་རྣམ་པ་ལྔ་བསྟན་པའོ། །མི་འཇིགས་པའི་སྦྱིན་པ་ཡང་རྣམ་པ་ལྔ་ཉིད་དེ། སེང་གེ་ལ་སོགས་པའི་དངོས་པོ་ལས་ཡོངས་སུ་སྐྱོབ་པས་བསྡུས་པའོ། །ཆོས་ཀྱི་སྦྱིན་པ་ནི་རྣམ་པ་གསུམ་མམ། སྔར་བསྟན་པའི་དབྱེ་བས་རྒྱས་པར་

རིག་པར་བྱའོ། །རྣམ་པར་དག་པ་རྣམ་པ་བཅུའི་སྤྲོས་པའི་རྣམ་པ་ནི་མདོ་ནས་བསྟན་པས་འདིར་ནི་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །སྦྱིན་པའི་བར་དུ་གཅོད་པ་ནི་མང་དུ་འབྱུང་ལ། དལ་འབྱོར་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་བར་ཤེས་ནས་མྱུར་དུ་སྦྱིན་པ་ནི་ཐོགས་པ་མེད་པའི་སྦྱིན་པའོ། །རྐྱེན་དུ་

བྱེད་པ་དེ་ལྟ་བུར་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་ལས་བརྩམས་ཏེ་སེམས་དགའ་བར་འགྱུར་བ་དེ་ལྟར་སློང་བ་པོས་རྙེད་པ་ཐོབ་པས་དགའ་བར་མི་འགྱུར་བའོ། །དེའི་སྒོ་ནས་ཤིན་ཏུ་མྱུར་དུ་སྟེར་བར་རིག་པར་བྱའོ། །མདོར་བསྡུ་ན་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་ནི་རྣམ་པ་གཉིས་ཏེ། མེད་

པར་སྨྲ་བའི་ལོག་པར་ལྟ་བ་ནི་སྦྱིན་པའི་འབྲས་བུ་མེད་པར་ལྟ་བར་མངོན་པར་ཞེན་པའོ། །གང་གི་ཕྱིར་སྨྲས་པ། སྦྱིན་པ་འདིའི་འབྲས་བུ་མེད་དོ་ཞེའམ་ཞེས་བྱ་བའོ། །སྒྲོ་འདོགས་པ་ཡང་ངོ་། །དེ་ཡང་རྣམ་པ་གཉིས་སོ། །རྒྱུ་མ་ཡིན་པ་ལ་རྒྱུར་སྒྲོ་བཏགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་

མཆོག་ཏུ་འཛིན་པའི་ལྟ་བ་སྟེ། གང་གི་ཕྱིར་སྨྲས་པ། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་རོ་ཞེའམ་ཞེས་བྱ་བ་ལ་སོགས་པའོ། །དམན་པ་ལ་མཆོག་ཏུ་སྒྲོ་བཏགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། གང་གི་ཕྱིར་སྨྲས་པ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་ནི་དམན་

เล่ม ๑๓๓ · หน้า 148b

པ་སྟེ། གཅིག་ཏུ་འདོད་པ་ན་སྤྱོད་པར་བྱེད་པའི་ཕྱིར་རོ། །དེ་ལ་མཆོག་སྟེ་རྣམ་པར་དག་པའི་རྒྱུར་མཆོག་ཏུ་འཛིན་པའོ། །གཞན་བསགས་པ་མེད་པའི་སྦྱིན་པ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དགེ་མཚན་དང་། བཀྲ་ཤིས་སམ། ཉི་མ་བཟང་པོ་ལ་སོགས་པ་ལ་སྡོད་པ་དང་། དུས་འདི་ལ་བྱིན་

ན་འབྲས་བུ་ཆེན་པོར་འགྱུར་རོ་ཞེས་བྱ་བས་སྦྱིན་པར་བྱ་བའི་ཆོས་རྣམས་བསགས་ཤིང་བསྡོམས་ནས་དུས་གཅིག་ཏུ་བྱིན་ན་བསོད་ནམས་ཆེན་པོར་འགྱུར་རོ་ཞེས་བརྟགས་པ་དང་། གྲགས་པ་ལ་སོགས་པ་འདོད་པ་སྟེ་གསུམ་པོ་འདི་དག་བྱང་ཆུབ་སེམས་དཔའ་ལ་མེད་དོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་

བསགས་པ་མེད་པའི་སྦྱིན་པ་ཞེས་བྱའོ། །སྐྱོན་ཡང་ཡོད་དེ་སློང་བ་རྣམས་ཕྱིར་ཟློག་པར་བྱེད་པ་དང་། སྦྱིན་པར་བྱ་བ་མེད་དོ་ཞེས་ཞེ་གཅོད་པའི་ཚིག་སྨྲ་བའོ། །དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། སློང་བ་ལྡོག་པ་ལ་དགོས་པ་ཡང་

མེད་པའི་ཕྱིར་སྨྲས་པ། བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན་ཞེས་བྱ་བའོ། །སློང་མོའི་ཚོགས་ལ་དུས་གཅིག་ཏུ་བྱིན་པ་ལ་བསོད་ནམས་ཀྱི་ཁྱད་པར་ཡང་མ་མཐོང་བ་བསྟན་པའི་ཕྱིར། ཅིའི་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བསགས་ཤིང་སྦྱིན་པ་ལ་ནི་ཁ་ན་མ་

ཐོ་བ་དང་བཅས་པར་མཐོང་ལ། ཇི་ལྟར་བྱུང་བ་སྟེར་བ་ནི་ཁ་ན་མ་ཐོ་བ་མེད་པར་མཐོང་ངོ་། །དེ་དག་གཉི་ག་དགྲོལ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། མནར་སེམས་ནི་ཞེ་སྡང་ངོ་། །མི་བཟོད་པ་ནི་ཁྲོ་བའོ། །ཡིད་མི་ཆེས་པ་ནི་རྒྱུན་དུ་ཁོན་དུ་འཛིན་པའོ། །དམན་པ་དང་།

མཉམ་པ་དང་། ཁྱད་པར་དུ་འཕགས་པ་རྣམས་ལ་བརྙས་པ་དང་། འགྲན་པ་དང་། ཕྲག་དོག་མི་བྱེད་པར་སྦྱིན་པ་ནི་ཁེངས་པ་མེད་པའི་སྦྱིན་པ་ཡིན་པར་བསྟན་པའི་ཕྱིར་སློང་བ་པོ་ལ་དམའ་བའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །གྲགས་པའི་དོན་ལ་མི་བརྟེན་པའི་སྦྱིན་པ་ནི་རྟེན་པ་མེད་པའི་

སྦྱིན་པའོ་ཞེས་བསྟན་པའི་ཕྱིར། བརྟེན་པ་ནི་གྲགས་པ་ལ་སྟེ་སྒྲ་དང་ཚིགས་སུ་བཅད་པ་ཞེས་བརྗོད་དེ། བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །གོ་རིམས་བཞིན་དུ་བརྗོད་པ་དང་སྦྱོར་བས་བསོད་ནམས་ཞེས་བྱ་བར་འདོད་པ་ནི་ཚིགས་སུ་བཅད་པ་ཞེས་བྱའོ། །བྲག་ཅའི་སྒྲ་དང་འདྲ་བར་གྲགས་པ་ཡོངས་

เล่ม ๑๓๓ · หน้า 149a

སུ་མ་གྲུབ་པར་བསྟན་པར་བྱ་བའི་ཕྱིར་གྲགས་པ་ནི་རྣམ་པར་རྟོག་པའི་ཡི་གེ་ལས་བྱུང་བ་དང་ཞེས་བྱ་བ་ལ། དེ་ཉིད་སྨྲས་པ། སྒྲ་ཙམ་དང་འབྲེལ་པ་དང་ཞེས་བྱ་བ་ལ། ཡི་གེ་སོ་སོར་དབྱེ་བ་བྱས་ན་ཅི་ཡང་དམིགས་པར་མི་འགྱུར་རོ་ཞེས་བྱ་བའོ། །སྙིང་

པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པའི་ཕྱིར་ཞེས་བྱ་བ་ལ། སྐམ་པོ་ཞེས་བྱ་བ་ནི་རྙིང་ནས་ས་ལ་ལྷུང་བའི་ལོ་མ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་མེ་ཏོག་གི་ཕྲེང་བ་ལ་ལོངས་སྤྱད་ནས་དོར་བ་ཡིན་ཞེས་ཟེར་རོ། །དུས་གསུམ་དུ་དགའ་བའི་རྣམ་པ་

དང་ལྡན་པའི་ཕྱིར་ཞུམ་པ་མེད་པའི་སྦྱིན་པ་ཞེས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པ་རྒྱ་ཆེན་པོ་ཐོས་ནས་བདག་གི་ལུས་ཀྱིས་དེ་ལྟ་བུ་མི་ནུས་སོ་ཞེས་བསམས་པའི་སྒོ་ནས་སེམས་བག་འཁུམས་པ་མེད་པའོ། །ནན་ཏན་དུ་བསམས་ཤིང་ཡོངས་སུ་

བརྟགས་ནས་མཆོག་དང་རབ་མཆོག་ཁྱད་པར་དུ་འཕགས་པའི་དངོས་པོ་སྦྱིན་པ་ནི་ངན་པ་མ་ཡིན་པའི་སྦྱིན་པ་ཞེས་བསྟན་ཏོ། །ཐམས་ཅད་དུ་མཉམ་པའི་སེམས་ཀྱིས་སྦྱིན་ཞིང་མི་མཉམ་པའི་སྦྱིན་པ་མེད་པ་ནི་རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་ཞེས་བྱ་སྟེ། འདས་པ་དང་།

ད་ལྟར་དང་། མ་འོངས་པའི་དུས་གསུམ་ལ་ལྟོས་པས་ཕན་བཏགས་སོ། །ཕན་འདོགས་སོ། །ཕན་འདོགས་པར་འགྱུར་བའོ་ཞེས་བསམས་ནས་སྦྱིན་པར་མི་བྱེད་དོ་ཞེས་བྱས་ནས་སོ། །སྡུག་བསྔལ་གྱིས་སྐྱོ་བས་ན་བདེ་བ་འདོད་པ་ཞེས་བྱ་བའོ། །བདེ་བ་དང་ལྡན་པར་

གྱུར་ཅིག་ཅེས་བདེ་བ་འདོད་པ་ནི་སྲེག་པའི་མེས་ཚིག་པའོ། །རང་ཉིད་ཀྱིས་སྡུག་བསྔལ་བསལ་བར་མི་ནུས་པ་ནི་མཐུ་མེད་པ་ཞེས་བྱའོ། །རྣམ་པར་སྨིན་པའི་སྡུག་བསྔལ་གྱི་བདག་ཉིད་ཡིན་པས་ན་རང་བཞིན་གྱིས་སྡུག་བསྔལ་བ་དག་ཅེས་བྱའོ། །འཇིག་རྟེན་ཕ་རོལ་གྱི་མངོན་

པར་མཐོ་བ་ལ་རེ་བ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར་དང་། དེའི་རྒྱུ་བསྟན་པའི་ཕྱིར། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་བ་ལ་ཞེས་བྱ་བ་ལ། མི་རྟག་པ་གཉིས་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྦྱིན་པ་ཡིན་པའི་ཕྱིར་

เล่ม ๑๓๓ · หน้า 149b

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྦྱིན་པ་རྣམ་པ་དགུ་པོ་འདི་དག་ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་འགྲེལ་པ་སྟེ་དགུ་པ་རྫོགས་

སོ།། །།ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་རྣམ་པ་འདྲ་བར་བསྟན་པའི་ཕྱིར་ཐམས་ཅད་ལ་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྡོམ་གྱི་ཚིགས་སུ་བཅད་པ་གཅིག་ཁོ་ནས་བསྟན་ཏེ། ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་དགུ་ཁོ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་རྣམ་པར་གཞག་པར་རིག་པར་བྱའོ། །རྣམ་པ་དགུ་རྣམ་པར་གཞག་པ་ནི་སྔར་བསྟན་པ་ཁོ་ན་བཞིན་ཏེ། ངོ་བོ་ཉིད་བསྟན་པ་ནས་རྣམ་པར་དག་པ་བསྟན་པའི་བར་རྣམས་སོ། །ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་བཞིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་

ངོ་བོ་ཉིད་རྣམ་པར་གཞག་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་རྣམ་པ་བཞི་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་རྣམ་པར་གཞག་སྟེ། ལེན་པ་ནི་འདི་ལྟར་ཕ་རོལ་ལས་ཞེས་བྱ་བ་སྨོས་པའོ། །བསྲུང་བ་ནི་ཚིག་ལྷག་མ་རྣམས་སོ། །ཡང་རྣམ་པ་གཉིས་ཏེ། བསམ་པ་དང་

སྦྱོར་བས་ཚིག་གཅིག་དང་ཚིག་གསུམ་གྱིས་ཅི་རིགས་པར་སྦྱར་རོ། །ཡང་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་འབྲས་བུའི་དབང་དུ་བྱས་ནས་གཞག་པ་ཡིན་ནོ། །རྣམ་པར་དག་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཁྲེལ་ཡོད་པ་ནི་གཞན་ལ་ལྟོས་ནས་ལེགས་པར་ཡོངས་སུ་

བསྲུང་བའི་ཕྱིར་འདི་ལྟར། ཕ་རོལ་ལས་ལེགས་པར་ཡང་དག་པར་བླང་བ་ཞེས་བྱ་བ་སྨོས་སོ། །ངོ་ཚ་ཤེས་པ་ནི་བདག་ཉིད་ལ་ལྟོས་ནས་ལེགས་པར་ཡོངས་སུ་བསྲུང་བའི་ཕྱིར། འདི་ལྟར་བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་སྨོས་སོ། །ཚུལ་ཁྲིམས་རྣམ་པར་དག་

པའི་འབྲས་བུ་ནི་འགྱོད་པ་མེད་པ་སྟེ། ཡོན་ཏན་ཕྱི་མ་གཉིས་ཀྱིས་བསྟན་ཏོ། །ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསམ་པ་རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ངོ་བོ་རྣམ་པར་གཞག་

เล่ม ๑๓๓ · หน้า 150a

སྟེ། རྣམ་པ་གསུམ་གང་ཞེ་ན། བསམ་པ་དག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གནས་སྐབས་སུ་བདག་ཉིད་ཀྱི་ཚིག་བཙུན་པར་བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བདག་

ཉིད་བསོད་ནམས་ཀྱི་ཞིང་དུ་འགྱུར་བར་བྱ་བའི་ཕྱིར། ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་དང་། དབང་ཕྱུག་གི་བདག་པོ་ཐོབ་ནས་སེམས་ཅན་ལ་གནོད་པ་མི་བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་ཏེ། དེའི་ཕྱིར་བསྟོད་པ་བྱེད་པས་ཀྱང་། ཇི་ལྟར་ཚིག་

ནི་བཙུན་པ་དང་། །ལུས་ཅན་རྣམས་ཀྱི་བསོད་ནམས་ཞིང་། །གཞན་ལ་གནོད་བྱེད་མི་འགྱུར་ཞེས། །སྙིང་བརྩེའི་བདག་ཉིད་ཁྱད་པར་བརྟེན། །ཞེས་སྨྲས་སོ། །ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། ཡང་དག་པར་བླང་བར་བྱ་བའི་ཚུལ་ཁྲིམས་ནི་གང་གི་ཕྱིར་ལེགས་པར་ཡང་

དག་པར་བླང་བ་ཞེས་བྱ་བ་སྨོས་པའོ། །ཕྱིར་གསོ་བར་བྱ་བའི་ཚུལ་ཁྲིམས་ནི་གང་གི་ཕྱིར་ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་ཞེས་སྨོས་པའོ། །རྗེས་སུ་བསྲུང་བར་བྱ་བའི་ཚུལ་ཁྲིམས་ནི་གང་གི་ཕྱིར། མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་སྨོས་

པའོ། །དེའི་ཕྱིར་ངོ་བོ་ཉིད་དུ་བསྟན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི་བསླབ་པ་ཡིན་ལ་བསླབ་པ་ཡང་ཇི་སྐད་བསྟན་པའི་བྱ་བ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡོན་ཏན་རྣམ་པ་བཞིའི་ཕན་ཡོན་བསྟན་པའི་ཕྱིར་དེ་ལ་ཕ་རོལ་ལས་ཚུལ་

ཁྲིམས་ཡང་དག་པར་བླངས་པས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསླབ་པ་ལས་ཉམས་པར་བྱེད་པ་ན་ཞེས་བྱ་བ་ནི་ཉམས་པར་བྱེད་པའི་ཚེ་ན་ཉམས་པའི་སྐྱོན་རྣམས་ཡོད་ན་ཡང་། ཕ་རོལ་ལ་ལྟོས་ཏེ་ཉམས་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་བསམ་

པ་ཤིན་ཏུ་རྣམ་པར་དག་པ་ནི་ཉམས་པར་བྱེད་པའི་རྐྱེན་ཡོད་དུ་ཟིན་ཀྱང་། བདག་ཉིད་ལ་ལྟོས་ནས་ཉམས་པར་མི་བྱེད་དོ། །བརྒྱ་ལ་བག་མེད་པའམ། བརྗེད་ངས་པའམ། མ་ཤེས་པའི་ཕྱིར་ཉམས་པར་བྱས་ནས་ཡང་སོར་ཆུད་པར་བྱེད་པ་དང་། གུས་

เล่ม ๑๓๓ · หน้า 150b

པ་སྐྱེས་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པར་མི་བྱེད་པའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་ན་ཉམས་པ་མེད་པ་ཉིད་ཀྱིས་འགྱོད་པ་མེད་ཅིང་ཡིད་ལ་གཅགས་པ་མེད་དེ། དེ་ལྟར་ན་ཡོན་ཏན་སྔ་མ་གཉིས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བསྐྱེད་པ་ཡིན་ནོ། །ངོ་

ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་ཀྱིས་ནི་ཚུལ་ཁྲིམས་རྗེས་སུ་བསྲུང་བ་ལྷུར་ལེན་པས་འགྱོད་པ་མེད་པར་འགྱུར་བར་བསྟན་ཏོ། །ཡོན་ཏན་སྔ་མ་གཉིས་ནི་ཕྱི་མ་འདྲེན་པ་ཡིན་ཏེ། ཉེ་བའི་རྒྱུའི་དངོས་པོ་ཡིན་པར་བསྟན་པའི་ཕྱིར། དེ་ལ་ཕ་རོལ་ལས་ཡང་དག་

པར་བླངས་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་ཡོན་ཏན་རྣམ་པ་གསུམ་གྱིས་ནི་མ་ཞིག་མ་ཉམས་པར་བྱེད་པས་ཚུལ་ཁྲིམས་བླངས་པ་མི་ཉམས་པར་སྟོན་ཏོ། །གཅིག་གིས་ནི་ཉམས་ན་ཡང་ཕྱིར་གསོ་བར་བྱེད་པར་སྟོན་ཏོ། །

དེ་ལྟར་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཆེ་བ་ཉིད་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་དེ་ནི་ཞེས་བྱ་བ་ནས། དགེ་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་དག་སྨོས་ཏེ། བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ཚུལ་ཁྲིམས་ལ་ནི་དགེ་བ་ཞེས་བྱ་སྟེ། དགེ་བ་ཉིད་ནི་མི་བླུ་བའི་ཕྱིར་རོ། །མི་བླུ་བ་ཉིད་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །དེ་བས་ན་བདག་ལ་ཕན་པ་དང་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་ལ་སོགས་པ་དག་གི་བདག་ལ་ཕན་པ་ཞེས་བྱ་བ་ནི་ཉོན་མོངས་

པ་ཐམས་ཅད་སྤངས་ཤིང་གཏན་དུ་སྤང་བ་དང་། དེ་འདྲེན་པར་བྱེད་པ་བདེན་པ་བཞི་པོ་དག་གི་ནང་ནས་ལམ་ཤེས་པའོ། །དེ་ལྟར་ན་དེ་དག་ནི་གཏན་དུ་སྡུག་བསྔལ་མེད་པའི་གནས་སྐབས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་དག་ནི་ཐེག་པ་དེ་དང་དེ་ལ་

འཇུག་པའི་དུས་ན་བྱ་བ་ཉུང་བའི་ཕྱིར་དང་། དོན་ཉུང་བའི་ཕྱིར་དང་། བདག་གསོ་བར་བྱེད་པའི་ཕྱིར་དང་། བདག་འདུལ་བར་བྱེད་པ་དང་། བདག་ཞི་བར་བྱེད་པ་དང་། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ལ་ཕན་པ་ནི་

เล่ม ๑๓๓ · หน้า 151a

སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ཏེ། ནང་གི་སེམས་ཀྱི་རྒྱུད་ལ་ཡོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཞན་དག་ཅེས་བྱ་བ་ནི་གང་ཟག་རིགས་མེད་པ་ལ་གནས་པ་དག་དང་། རིགས་ལ་གནས་པ་དག་ལ་སྟེ། དེ་དག་ལ་ཕན་པའི་ཕྱིར་ཞུགས་པ་ནི་

གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ལྟར་ཞུགས་པའི་གཉི་ག་ལ་ཕན་པ་སྒྲུབ་པ་ནི་སེམས་བསྐྱེད་པའི་དུས་ན་ཡིན་པར་རིག་པར་བྱའོ། །གཞན་ལ་ཕན་པ་སྒྲུབ་པ་བསྟན་པ་དེ་ཉིད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྣམ་པར་ཕྱེ་སྟེ་འཆད་དོ། །དེ་ལ་གང་ཟག་

རིགས་མེད་པ་ལ་གནས་པ་དག་ནི་སྐྱེ་བོ་མང་པོ་ཞེས་བྱ་བར་འདོད་དོ། །དེ་དག་ལ་ཕན་པ་ནི་རེ་ཞིག་ངན་འགྲོ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་ཡང་དག་པར་སྤོང་བ་གོང་མ་གཉིས་ཀྱིས་རེ་ཞིག་པའི་ཚུལ་དུ་མི་དགེ་བའི་ཆོས་སྤོང་བའོ། །བདེ་བ་ནི་བདེ་འགྲོ་ལ་དགོད་པའི་ཕྱིར་ཡང་དག་

པར་སྤོང་བ་འོག་མ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །དེ་དག་ཉིད་ཀྱི་ནང་ནས་ཞེ་འགྲས་པ་དང་། སྐལ་བ་མེད་པ་དང་། སྣོད་དུ་མ་གྱུར་པ་ལོག་པར་ལྟུང་བ་སྤོང་བ་འདྲོན་པོ་ལྟ་བུ་དག་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ཡོངས་སུ་མི་གཏོང་བའི་ཕྱིར་དུས་ལ་

འབབ་པ་ལ་སྡོད་པས་སྙིང་བརྩེ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་རྟོགས་པའི་སྐལ་བ་ཡོད་པའི་ལྷ་དང་མི་གང་དག་ཡིན་པ་དེ་དག་གི་དོན་གྱི་ཕྱིར་ཞུགས་པ་ཞེས་བྱ་བ་ལ། དོན་ནི་འདིར་དགེ་སྦྱོང་གི་ཚུལ་གྱི་དོན་ལ་བྱ་བར་འདོད་དོ། །ཕན་པ་ནི་དེ་འདྲེན་པར་

བྱེད་པའི་ལམ་མོ། །བདེ་བ་ནི་ཚེ་འདི་ལ་བདེ་བར་གནས་པ་སྟེ། ཤིན་ཏུ་སྦྱངས་པའི་བྱེ་བྲག་དང་ལྡན་པས་ལུས་དང་སེམས་ལ་སིམ་པའི་ཕྱིར་རམ། རྣམ་པར་གྲོལ་བའི་བདེ་བ་ཀུན་དུ་མྱོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྷ་དང་མི་སྨོས་ཏེ། དེ་དག་ལ་རྟོགས་པའི་སྐལ་བ་ཡོད་པའི་ཕྱིར་རོ། །ད་ནི་རྣམ་པ་གཞན་དུ་

བཤད་དེ། གཞན་ལ་ཕན་པའི་དབྱེ་བ་བསྟན་པའི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །བདེ་བ་ཞེས་བྱ་བ་ནི་གནོད་པ་མེད་པའོ། །སྙིང་བརྩེ་བ་ནི་ཇི་ལྟར་འདི་ན་ལ་ལ་དགེ་བ་དང་། གནོད་པ་མེད་པའི་སྤྱོད་པས་གཞན་དག་ལ་

เล่ม ๑๓๓ · หน้า 151b

སྙིང་བརྩེ་བར་བྱེད་པ་ལྟ་བུའོ། །དོན་ནི་དོན་དུ་གཉེར་བར་བྱ་བའི་ཕྱིར་དང་། དོན་དང་ལྡན་པའི་ཕྱིར་ཏེ། འདོད་པར་བྱ་བ་དང་། ཁ་ན་མ་ཐོ་བ་མེད་པ་གང་ཡིན་པའོ། །ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་མི་རྣམས་ནི་དགེ་བ་དང་། གནོད་པ་མེད་པའི་སྤྱོད་པ་ལ་གནས་པའི་

རྒྱལ་རིགས་ལ་སོགས་པ་གང་དག་ཡིན་པ་སྟེ། གང་དག་ལ་སངས་རྒྱས་འབྱུང་བ་དང་། ཆོས་ལེགས་པར་གསུངས་པ་དང་། དགེ་འདུན་ལེགས་པར་སྒྲུབ་པ་རྣམས་ཀྱིས་ཤིན་ཏུ་མང་པོ་དག་ཤས་ཆེར་ཕན་པ་དང་བདེ་བར་འགྱུར་བའོ། །མི་དེ་དག་ནི་བདག་ཉིད་ལ་ཕན་པ་དང་བདེ་བ་བྱས་ནས་

འཇིག་རྟེན་ལ་སྙིང་བརྩེ་ཞིང་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བྱས་ན་གཞན་རྣམས་ཕན་པ་དང་བདེ་བ་ལ་ཡང་དག་པར་སྦྱོར་བར་འགྱུར་ཞིག་གུ་སྙམ་མོ། །གཞན་དག་ཀྱང་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བྱས་ན་བདག་ཅག་ཀྱང་ཕན་པ་དང་བདེ་བ་ལ་ཡང་དག་པར་སྦྱོར་བར་འགྱུར་ཞིག་གུ་

སྙམ་མོ། །དེའི་ཕྱིར་དོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་དང་མི་སྨོས་པ་ནི་དེ་དག་དོན་ཁོང་དུ་ཆུད་པ་དང་། ནན་ཏན་དུ་སྒྲུབ་པ་ལ་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །གཞི་དང་བསླབ་པའི་གནས་ཀྱི་སྒོ་ནས་དཔག་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པ་སྟེ། དེའི་ཕྱིར། བྱང་ཆུབ་

སེམས་དཔའི་བསླབ་པའི་གཞི་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པས་ཞེས་བྱ་བ་སྨོས་སོ། །འཇུག་པ་དང་འབྲས་བུའི་དུས་ན་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་པས་སེམས་ཅན་ལ་ཕན་འདོགས་པ་ཡིན་ཏེ། དེའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་

ཕྱིར་ཉེ་བར་གནས་པས་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་འབྲས་བུ་ཆེ་བ་ཡིན་ནོ། །སངས་རྒྱས་ཀྱི་གནས་སྐབས་ན་འབྲས་བུ་སྨིན་པར་བྱེད་པས་ན་ཕན་ཡོན་ཆེ་བ་ཡིན་ནོ། །

འདི་བསྟན་པས་ནི་ཉན་ཐོས་ལ་སོགས་པའི་ཚུལ་ཁྲིམས་པས་དགེ་བ་ཡོངས་སུ་རྫོགས་ཤིང་མཆོག་ཏུ་དགེ་བ་ཡིན་པར་བསྟན་ཏོ། །ཉན་ཐོས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་གོ་རིམས་བཞིན་དུ་ཐོག་མ་དང་། བར་དང་། ཐ་མར་དགེ་བར་བསྟན་ཏེ།

เล่ม ๑๓๓ · หน้า 152a

འོད་སྲུངས་པའི་སྡེའི་མདོ་ལས་ཀྱང་དེ་སྐད་དུ། དགེ་སློང་དག་ངས་ཁྱེད་ལ་ཆོས་བསྟན་པ་ཞེས་རྒྱས་པར་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཚུལ་ཁྲིམས་ཁོ་ན་ལ་ཡང་ཐོག་མ་དང་། བར་དང་། ཐ་མར་དགེ་བ་ཡོད་དེ་ཐོག་མར་དགེ་བ་ནི་བདག་དང་གཞན་ལ་ཕན་

པ་ནས། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་བའི་བར་གྱི་ཕྱིར་རོ། །བར་དུ་དགེ་བ་ནི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་རོ། །ཐ་མར་དགེ་བ་ནི་འབྲས་བུ་དང་ཕན་ཡོན་ཆེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གཅེས་པར་བྱ་བ་ནི་ཚུལ་ཁྲིམས་ཡིན་ཏེ། ཕྱོགས་གཉིས་ཀྱི་སྒོ་

ནས་སྟོན་ཏོ། །འགྲོ་བ་གསུམ་ན་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ངན་སོང་གི་འགྲོ་བ་དང་ལྷའི་འགྲོ་བ་ན་གནས་པའི་ཆོས་ཉིད་ཀྱིས་ཐོབ་པ་ནི་ཁྱིམ་པའི་ཕྱོགས་སུ་གཏོགས་པའི་ཚུལ་ཁྲིམས་སོ། །མིའི་འགྲོ་བ་ན་གནས་

པའི་ནི་གནས་སྐབས་དང་མཐུན་མཐུན་དུ་གཉི་གའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ཡང་ཚུལ་ཁྲིམས་ཀྱི་དབྱེ་བ་རྣམ་པ་གསུམ་གྱིས་ནི་གཉི་གའི་ཕྱོགས་སུ་གཏོགས་པའི་ཚུལ་ཁྲིམས་ཐམས་ཅད་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྡོམ་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ཉན་

ཐོས་རྣམས་ཀྱི་སྡོམ་པ་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉོན་མོངས་པ་རྣམ་པ་གསུམ་སྤོང་བར་རྣམ་པར་གཞག་པའི་ཕྱིར་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། ཟག་པ་མེད་པ་སྟེ། སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པར་གཏོགས་པ་རྣམ་པ་གསུམ་སྟེ། འདོད་

པ་ན་སྤྱོད་པའི་སྡོམ་པས་ནི་རྩེ་འཇིལ་བས་སྤོང་ངོ་། །གཟུགས་ན་སྤྱོད་པས་ནི་རྣམ་པར་གནོན་པས་སྤོང་སྟེ། རྐྱེན་རྣམས་ཡོད་དུ་ཟིན་ཀྱང་རེ་ཞིག་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །ཟག་པ་མེད་པས་ནི་རྒྱུན་གཅོད་པས་སྤོང་སྟེ། དེ་ཐོབ་ནས་གཏན་དུ་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་གི་

ཚུལ་ཁྲིམས་རྣམ་པ་གསུམ་ཁས་བླང་བར་བྱ་བ་དེ་ཁོ་ན་འདྲ་བར་གྲངས་མཐུན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་རྣམ་པ་གསུམ་དུ་རིག་པར་བྱའོ། །བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་གང་དུ་གང་ལ་གནས་ཀྱང་རུང་སྟེ། དེ་བཞིན་གཤེགས་པས་བཅས་

เล่ม ๑๓๓ · หน้า 152b

པ་ཉིད་ཚུལ་ཁྲིམས་ཡིན་པར་བསྟན་པའི་ཕྱིར། རིས་བདུན་པོ་ཞེས་བྱ་བ་སྨོས་ཏེ། རིས་བདུན་པོ་ལ་བརྟེན་ནས། རིས་བདུན་གྱིས་ཕྱེ་བའི་ཕྱིར་རོ། །རྣམ་པས་རྣམ་པ་ཐ་དད་པ་ནི་བསྙེན་གནས་ཏེ། བསྙེན་གནས་པའི་སྡོམ་པ་ལོགས་ཤིག་ཏུ་ཕྱེ་བའི་ཕྱིར་རྣམ་པ་བརྒྱད་དུ་འགྱུར་རོ། །ཁྱིམ་པ་དང་རབ་

ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་ཞེས་བྱ་བ་ལ་དགེ་བསྙེན་གྱི་ཚུལ་ཁྲིམས་དང་དགེ་བསྙེན་མའི་ཚུལ་ཁྲིམས་ནི་ཁྱིམ་པའི་ཕྱོགས་སུ་གཏོགས་པའི་ཚུལ་ཁྲིམས་ཡིན་ཏེ། ཉེས་པར་སྤྱོད་པ་ལས་དབེན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་ནི་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། འདོད་པ་ལས་དབེན་

པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དགེ་བའི་ཆོས་གང་དག་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་ལ་གནས་ནས་ཞེས་མདོ་ལས་གསུངས་པས་ཚུལ་ཁྲིམས་ལ་གནས་པ་ཁོ་ནའི་དགེ་བའི་ཆོས་སྐྱེ་བ་དང་གནས་པ་དང་འཕེལ་བར་བསྟན་པའི་ཕྱིར། ཡང་དག་པར་བླངས་པའི་འོག་ཏུ་ཞེས་བྱ་བ་

སྨོས་ཏེ། བྱང་ཆུབ་ཆེན་པོའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །འདིས་ནི་རང་གི་སེམས་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ཏེ། དགེ་བ་སྡུད་པའི་ཚུལ་ཁྲིམས་ཡིན་པར་རིག་པར་བྱའོ། །གཞན་གྱི་སེམས་ཀྱི་རྒྱུད་ལ་སེམས་

ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ཏེ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །དེ་ལྟར་འདི་གཉིས་ཀྱི་ཁྱད་པར་ཤིན་ཏུ་གསལ་བ་ཡིན་ནོ། །ཁྱད་པར་གཞན་ནི་བསམ་པ་དང་བྱེད་པ་ཐ་དད་པའི་བྱེ་བྲག་ལས་རིག་པར་བྱའོ། །ཡིད་མ་སྨོས་པ་ནི་ཡིད་ཀྱི་སྒོ་ནས་འཇུག་པའི་དགེ་བ་ཡང་ཡོད་

མོད་ཀྱི་ཚུལ་ཁྲིམས་ཀྱི་སྐབས་སུ་བབ་པའི་ཕྱིར་དེ་རྣམ་པར་མི་གཞག་སྟེ། ཚུལ་ཁྲིམས་ནི་ལུས་དང་ངག་ཁོ་ནའི་ཡིན་པའི་ཕྱིར་རོ། དེ་ཡང་འདུས་པ་དང་སོ་སོར་བྱེད་པས་རིག་པར་བྱ་སྟེ། དགེ་བའི་ཆོས་ལ་ལ་ནི་ལུས་ཀྱིས་སོགས་པར་བྱེད་དོ། །ལ་ལ་ནི་ངག་གིས་སོ། །ལ་ལ་ནི་གཉིས་ཀས་བྱེད་དོ། །

དེ་ཡང་གཞིའི་སྒོ་ནས་བསྟན་པ་ནི་ཐོས་པ་ལ་སོགས་པའི་སྦྱོར་བ་ལས་སྐྱེས་པའི་དབང་དུ་བྱས་ནས་རྣམ་པ་གསུམ་དུ་སྟོན་ཏེ། ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའོ། །ཆོས་གཉིས་བསྒོམ་པར་བྱ་བ་ཞེས་གསུངས་པའི་ཕྱིར། ཞི་གནས་དང་ལྷག་མཐོང་གཉིས་ཀྱི་བསྒོམས་པ་ལས་

เล่ม ๑๓๓ · หน้า 153a

བྱུང་བ་ཡིན་པར་བསྟན་ཏེ། སྒོམ་པ་དེ་ཡང་ལུས་དང་སེམས་དབེན་པ་སྔོན་དུ་འགྲོ་བའི་ཕྱིར་གཅིག་པུར་དགའ་བ་ཡིན་ནོ། །བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཡིད་ཀྱིས་བྱས་པ་ཡིན་ཡང་ཐོས་པ་ཉིད་ལ་གདགས་ཏེ། ཇི་ལྟར་ཐོས་པའི་ཆོས་ལ་སེམས་པ་དང་

གྲུབ་པ་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བརྩོན་པར་བྱེད་དེ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་བརྩོན་པ་ཞེས་བྱ་བའི་ཐ་ཚིག་གོ། །བླ་མ་ལ་མཆོད་པའི་ལས་ནི་ལུས་ཀྱིས་བྱས་པར་སྟོན་ཏོ། །བདག་གི་བསོད་ནམས་འཕེལ་བར་བྱ་བའི་ཕྱིར་དགེ་བའི་ཆོས་སྡུད་པ་ནི་གཞན་དག་ལ་ཕན་གདགས་པ་

སྒྲུབ་པའི་བསམ་པས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་ཡང་འགྱུར་རོ། །རྣམ་པ་གཉིས་ཀྱིས་ནི་ཕན་འདོགས་པའི་ཞིང་ལ་གནས་པ་དང་། བླ་མའི་ཞིང་ལ་གནས་པ་བསྟན་ཏོ། །སྡུག་བསྔལ་བའི་ཞིང་ལ་གནས་པའི་དབང་དུ་བྱས་ཏེ། ནད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་སྨོས་སོ། །

ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་དགེ་བའི་ཆོས་བསགས་པ་སྟོན་ཏེ། མདོར་བསྡུ་ན་ལེགས་པར་སྨྲས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་རྣམ་པར་བྱང་བ་དང་མཐུན་པའི་ཚིག་གོ། །དེ་ཡང་རྣམ་པ་གཉིས་

ཏེ། སངས་རྒྱས་ཀྱི་བཀའ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་བརྟེན་པའི་ཚིག་ལ་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་སྨྲ་ན་འདི་ཉིད་སྨྲ་བར་བྱ་ཞེས་བརྗོད་དོ། །རྗོད་པར་བྱེད་པ་ནི་ཡིད་ལ་འཛིན་པའོ། །ཚིག་ཏུ་འབྱིན་པ་ཡང་དེ་དང་འདྲའོ། །དགའ་བའི་སེམས་བསྐྱེད་ནས་ཞེས་བྱ་བ་ནི་གཡོ་མེད་པའི་

ལྷག་པའི་བསམ་པ་དང་། མཆོག་ཏུ་དགའ་བའི་སེམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །བདག་གིས་བྱས་པ་ལ་ཇི་ལྟར་དགའ་བ་དེ་བཞིན་དུ་གཞན་གྱིས་བྱས་པ་ལ་ཡང་རྗེས་སུ་ཡི་རང་ཞིང་དགའ་བར་བྱེད་དོ། །བཟོད་པར་བྱེད་ཅེས་བྱ་བ་ནི་ལུས་དང་ངག་གི་ཕྱིར་གནོད་པ་མི་བྱེད་པའི་ཕྱིར་

རོ། །དགེ་བ་བྱས་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་བསོད་ནམས་ཐ་དད་པ་སྐྱེ་བར་འགྱུར་བར་བསྟན་པའི་ཕྱིར་ཡོངས་སུ་སྔོ་བར་བྱེད་པ་ཡིན་ནོ་ཞེས་སྨོས་སོ། །སྨོན་ལམ་ཆེན་པོ་བཅུ་སྔོན་དུ་འགྲོ་བའི་ཡང་དག་པའི་སྨོན་ལམ་རྣམས་འདེབས་པ་ཡིན་ནོ། །དཀོན་མཆོག་མཆོད་

เล่ม ๑๓๓ · หน้า 153b

པ་ནི་མདོར་བསྡུ་ན་ཟང་ཟིང་གི་མཆོད་པ་དང་སྒྲུབ་པའི་མཆོད་པ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་ཅེས་སྨོས་སོ། །མཆོད་པ་ངན་པ་དགག་པའི་ཕྱིར་རྒྱ་ཆེན་པོ་ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་ངན་པ་གཏན་དུ་མི་བྱའོ། །བརྩོན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་པ་ལ་སོགས་པ་ཕ་

རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བས་བསྡུས་པའི་དགེ་བ་སྟོན་ཏོ། །བག་ཡོད་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་བརྩོན་པ་ཁོ་ན་སྟོན་ཏོ། །ཚོགས་ཀྱི་ལམ་གྱི་གནས་དགེ་བ་བསྟན་པའི་ཕྱིར། བསླབ་པའི་གཞི་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པས་སྤྱོད་པར་མི་བྱེད་པའི་ཚུལ་གྱིས་སྲུང་བར་བྱེད་དེ།

ཤེས་བཞིན་གྱིས་ནི་སྤྱད་པར་གྱུར་ཀྱང་ཕྱིར་གསོ་བའི་ཚུལ་གྱིས་ཀུན་ནས་སྲུང་བར་བྱེད་དོ། །འདི་གཉིས་ནི་ཉོན་མོངས་པ་མི་འབྱུང་བ་དང་བྱུང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །བདག་ཉིད་ལ་བདག་བྱམས་པ་མེད་པས་ན་བདག་གི་རྒྱུད་ཀྱི་འཁྲུལ་པ་དང་། ཉེས་པར་སྤྱོད་པ་ལ་ཉེས་པ་ཁོ་ན་རབ་ཏུ་ཤེས་

པའི་ཕྱིར་ཡོངས་སུ་ཤེས་པའོ། །དེ་ཡང་ཚེ་འདི་དང་ཕྱི་མའི་ཉེས་དམིགས་མཐོང་བས་ན་ཉེས་པར་ལྟ་བ་ཡིན་ནོ། །ཡོངས་སུ་ཤེས་ཤིང་ཉེས་དམིགས་མཐོང་ནས་ཚུལ་བཞིན་དུ་ཡོངས་སུ་སྤོང་བའི་ཕྱིར་གཏོང་བར་བྱེད་དོ། །འཁྲུལ་པ་བྱུང་ན་ཡང་ཉེས་པ་ལ་ཉེས་པ་ཡིན་པར་འཆགས་

པར་བྱེད་པའི་ཕྱིར་འཁྲུལ་པ་ཞེས་བྱ་བ་ལ་སོགས་པས་ཉེས་པ་འཆགས་པའི་གནས་བསྟན་ཏོ། །སྒྲུབ་པ་ནི་མ་སྐྱེས་པ་སྐྱེད་པའོ། །སྲུང་བ་ནི་སྐྱེས་ཟིན་པ་བརྗེད་མི་ངས་པའི་ཚུལ་གྱིས་གནས་པར་བྱེད་པའོ། །རྣམ་པར་འཕེལ་བར་བྱེད་པ་ནི་གནས་པ་ལ་ཁྱད་པར་དུ་འགྲོ་བའི་ཚུལ་གྱིས་རྒྱ་ཆེན་

པོ་དང་འཕེལ་བ་དང་། ཡངས་པར་འགྱུར་རོ། །སེམས་ཅན་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ཏུ་རྣམ་པར་གཞག་པ་སྟེ། སེམས་ཅན་རྣམ་པ་གསུམ་ནི་ཕོངས་པ་རྣམས་དང་། ཞུགས་པ་རྣམས་དང་། ཞེ་འགྲས་པ་རྣམས་སོ། །ཕོངས་པ་ནི་

རྣམ་པ་གཉིས་ཏེ། ཕན་འདོགས་པ་མ་ཡིན་པ་དང་། ཕན་འདོགས་འདོགས་པའོ། །དེ་ལ་ཕན་འདོགས་པ་མ་ཡིན་པ་ནི་སྡུག་བསྔལ་རྣམ་པ་གསུམ་གྱིས་གཡེན་སྤྱོ་བ་རྣམས་ཏེ། སེམས་ཅན་གྱི་བྱ་བ་དེ་དང་དེ་དག་ཏུ་གྲོགས་མེད་པའི་སྡུག་བསྔལ་གྱིས་གཡེན་སྤྱོ་བ་དེ་དག་ལ་གྲོགས་བྱེད་པ་དང་། ནད་ཀྱི་

เล่ม ๑๓๓ · หน้า 154a

སྡུག་བསྔལ་གྱིས་གཡེན་སྤྱོ་བ་རྣམས་ལ་ནད་གཡོག་གི་སྒོ་ནས་གྲོགས་བྱེད་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཐབས་མི་ཤེས་པས་རྨོངས་པའི་སྡུག་བསྔལ་གྱིས་གཡེན་སྤྱོ་བ་རྣམས་ལ་སྤྱིར་ཆོས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ་དང་།

སེམས་ཅན་སོ་སོ་ལ་བྱེ་བྲག་ཏུ་ཐབས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པའོ། །ཕན་འདོགས་འདོགས་པའི་སེམས་ཅན་ནི་རྣམ་པ་བཞི་སྟེ། ལན་དུ་ཕན་འདོགས་སུ་རེ་བ་དེ་དག་ལ་ནི་བྱས་པ་གཟོ་བ་རྗེས་སུ་སྲུང་བའི་སྒོ་ནས་མཉམ་པའམ་ལྷག་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ་དང་།

འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་སྐྲག་པ་དེ་དག་འཇིགས་པ་རྣམ་པ་སྣ་ཚོགས་ལས་སྐྱོབ་པ་དང་། སྡུག་བསྔལ་བར་གྱུར་པ་དེ་དག་གི་མྱ་ངན་གྱི་མཚན་ཉིད་ཀྱི་སྡུག་བསྔལ་སེལ་བ་དང་། ཡོ་བྱད་གྱིས་ཕོངས་པ་དེ་དག་ལ་ཡང་རིགས་པས་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པའོ། །ཞུགས་པ་ནི་རྣམ་པ་གཉིས་

ཏེ། རྟེན་ལ་རག་ལས་པ་དེ་དག་ལ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་རྟེན་སྦྱིན་པས་ཚོགས་ཡོངས་སུ་སྡུད་པ་དང་། ཆོས་མཐུན་པ་གཞན་ལ་མི་རྟེན་པ་དེ་དག་ལ་ནི་སོ་སོར་ཡང་དག་པར་དགའ་བར་བྱ་བས་དུས་དུས་སུ་ཐད་དུ་འགྲོ་བ་དང་། ཟང་ཟིང་ལེན་པ་དང་། འཇིག་རྟེན་པའི་དོན་དང་མཐུན་པར་སྤྱོད་

པ་དང་། འོང་ཞིང་འགྲོ་བ་ལ་དབང་བྱེད་དུ་འཇུག་པ་དང་། དོན་དང་ལྡན་པ་མ་ཡིན་པ་མ་གཏོགས་པར་སེམས་དང་མཐུན་པར་བྱེད་པ་དང་། རྟེན་ཡོད་པ་དག་ཀྱང་རྣམ་པ་གཉིས་ཏེ། ཡང་དག་པར་ཞུགས་པ་དེ་དག་གི་ཡང་དག་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་དགའ་བར་བྱ་

བའི་ཕྱིར་ལྐོག་གམ་མངོན་སུམ་དུ་གླེང་བའོ། །ལོག་པར་ཞུགས་པ་དེ་དག་ལ་ནི་ལྷག་པའི་བསམ་པ་དག་པས་ཚར་གཅད་པར་བྱ་བ་སྟེ། ཉེས་པ་ཆུང་ངུ་ལ་ནི་སྨ་དབབ་པའི་མཚན་ཉིད་དང་། འབྲིང་ལ་ནི་ཆད་པའི་ལས་བྱེད་དུ་གཞུག་པའི་མཚན་ཉིད་དང་། ཆེན་པོ་ལ་ནི་བསྐྲད་པའི་མཚན་ཉིད་ཀྱིས་

བྱེད་དོ། །ཚར་གཅད་པར་བྱ་བའི་དོན་དང་ལྡན་པར་བསྟན་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཞེ་འགྲས་པ་ཡང་རྣམ་པ་གཉིས་ཏེ་ཉེས་པར་སྤྱད་པ་སྤྱོད་པ་དེ་དག་ནི་གནོད་པ་རྣམ་པ་སྣ་ཚོགས་ཀྱི་སྡུག་བསྔལ་དང་འབྲེལ་པའི་འགྲོ་བ་མངོན་སུམ་དུ་བསྟན་པས་མི་དགེ་བ་

เล่ม ๑๓๓ · หน้า 154b

ལས་སྐྱོ་བར་བྱེད་པ་དང་། ལེགས་པར་སྤྱད་པ་སྤྱོད་པ་དེ་དག་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་བྱེད་པ་ལ་སོགས་པས་དགའ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་རྣམ་པ་གསུམ་ལ་གནས་པའི་ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་རྫོགས་པར་

འགྱུར་བའི་རྒྱུ་བསྟན་པར་འདོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་བཅུས་ན་ལེགས་པར་བསྡོམས་པའི་ཚུལ་ཁྲིམས་ཅན་དུ་འགྱུར་ཏེ། ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་

སྟེ། འདས་པའི་འདོད་པ་སྤངས་པ་རྣམས་ལ་ལྟ་བའི་སྲིད་པ་ཀུན་དུ་མི་སྤྱོད་པས་མི་ལྟ་བ་དང་། མ་འོངས་པ་རྣམས་ལ་མངོན་པར་དགའ་བའི་སྲེད་པ་ཀུན་དུ་མི་སྤྱོད་པས་མི་ལྟ་བ་དང་། ད་ལྟར་བྱུང་བའི་རྙེད་པ་དང་བཀུར་སྟི་དང་ལྡན་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། ལུས་དང་སེམས་དབེན་

པ་དང་། ངག་དང་རྟོག་པ་ཡོངས་སུ་དག་པ་དང་། བདག་ལ་ཁྱད་དུ་མི་གསོད་པ་དང་། ཤས་ཆེར་ངེས་པ་དང་། ཤས་ཆེར་བཟོད་པ་དང་། བག་ཡོད་པར་གནས་པ་དང་། ཆོ་ག་དང་འཚོ་བ་རྣམ་པར་དག་པའོ། །ཕྱག་དར་གྱི་འདུ་ཤེས་ཀྱིས་ཡོངས་སུ་སྤངས་པའི་རྩྭ་དང་མི་གཙང་བའི་འདུ་

ཤེས་ཀྱིས་ཡོངས་སུ་སྤངས་པའི་ཕྱི་ས་ལ་ཇི་ལྟར་ཐམས་ཅད་མི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་རྩྭ་དང་འདྲ་བའི་འདོད་པ་རྣམས་ལ་སྙིང་པོ་མེད་པའི་ཕྱིར། མི་ལྟ་བ་དང་། ཕྱི་ས་དང་འདྲ་བའི་འདོད་པ་རྣམས་ལ་ཉོན་མོངས་པའི་ཕྱི་ས་རུལ་བ་ལྟ་བུ་དང་འབྲེལ་པའི་ཕྱིར་མི་ལྟ་བའོ། །འཚོ་བའི་

བསམ་པས་རབ་ཏུ་བྱུང་བས་ཇི་ལྟར་འདོད་པ་ཐམས་ཅད་སྤངས་པ་རྣམས་ལ་མི་ལྟ་བ་དེ་བས་ནི་བྱང་ཆུབ་སེམས་དཔའ་མིའི་འདོད་པའི་མཆོག་རྣམས་ལ་མི་ལྟ་བ་ཁྱད་པར་དུ་བྱས་ནས། འཁོར་ལོས་སྒྱུར་བའི་འདོད་པ་རྣམས་ལ་མི་ལྟ་བ་ཞེས་བྱ་བ་སྨོས་སོ། །ལྷ་རྫས་མཆོག་གི་དབང་དུ་བྱས་ནས་

བདུད་ཀྱི་གནས་སུ་གཏོགས་པའི་འདོད་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། དཔེར་ན་འཇིགས་པ་ཆེན་པོ་སྣ་ཚོགས་ཀྱིས་གང་ཞིང་ཟིང་ཟིང་བར་འཇུག་པ་ནི་གནོད་པའི་རྩ་བ་ཡིན་ཏེ། ཐར་བར་བྱ་བ་མི་ནུས་པ་དེ་བཞིན་དུ་འདོད་པ་རྣམས་ལ་ཡང་དག་པར་མཐོང་ན་མངོན་པར་དགའ་བར་མི་འགྱུར་རོ། །

เล่ม ๑๓๓ · หน้า 155a

རྙེད་པ་དང་བཀུར་སྟི་རྣམས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་ཕྱིར། ཁ་ཟས་ཀྱི་སྐྱུགས་པ་དང་འདྲ་བར་ཤེས་རབ་ཀྱིས་ཡང་དག་པར་མཐོང་ན་ལྷག་པར་ཞེན་པ་མེད་ཅིང་རོ་མྱོང་བར་མི་བྱེད་དོ། །རབ་ཏུ་དབེན་པར་མངོན་པར་དགའ་བ་ཡིན་ཏེ་ཞེས་བྱ་བ་ནི་ལུས་དབེན་པར་གྱུར་པ་

སྟེ། དེ་བས་ན་གཅིག་པུ་ཞེས་སྨོས་སོ། །ཚོགས་ཀྱི་ནང་ན་འདུག་ཀྱང་སེམས་དབེན་པར་གྱུར་ཏེ། ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་གྱི་དེ་ཉིད་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔག་ཏུ་མེད་པར་མངོན་པར་སྒྲུབ་པ་དང་། དབང་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་དོ། །ངན་

པའི་གཏམ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་མོ། །ངན་པའི་ཚིག་ཅེས་བྱ་བ་ནི་དེ་ཉིད་རྣམ་གྲངས་ཀྱི་སྒོ་ནས་བསྟན་པའོ། །དང་དུ་ལེན་པར་མི་བྱེད་ཅེས་བྱ་བ་ནི་མི་སྨྲ་བ་སྟེ། མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་བརྒྱ་ལམ་ན་ཡང་བརྗེད་ངས་པས་འདོད་པ་ལ་སོགས་པའི་རྟོག་པ་

ངན་པ་ཅུང་ཟད་ཀྱང་མི་བསྐྱེད་དོ། །སྐྱེས་པར་གྱུར་ན་ཡང་འགྱོད་པ་དང་ཉེས་དམིགས་སུ་ལྟ་སྟེ། དེ་དག་གཉི་ག་ཀུན་དུ་མི་སྤྱོད་པར་དྲན་པ་ཉེ་བར་གནས་སོ། །མི་བྱ་བའི་སེམས་ཞེས་བྱ་བ་ནི་མི་བྱ་བའི་བློ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་གང་གིས་སྐྱེས་པ་དེ་འདོར་བར་འགྱུར་ཏེ། འདོར་བ་

ལ་གོམས་ན་ཀུན་དུ་མི་སྤྱོད་པ་ལ་དགའ་བ་དང་། ཀུན་དུ་སྤྱོད་པ་དང་མི་མཐུན་པར་གནས་སོ། །དགེ་བ་སྡུད་པ་རྣམས་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམས་ནི་ཡངས་ཤིང་རྒྱས་པའི་ཕྱིར་རྒྱ་ཆེ་བའོ། །གཞིའི་སྒོ་ནས་ཚད་གཟུང་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ། །རྟོག་པའི་ཡུལ་

ཐམས་ཅད་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཡུན་མི་ཐུང་བར་བཞུགས་པའི་ཕྱིར་ཡུན་རིང་དུ་ལོན་པའོ། །གཞན་དག་གིས་བྱ་མི་ནུས་པའི་ཕྱིར་མཆོག་ཏུ་དགའ་བའོ། །སྐྲག་པ་ནི་འཇིགས་པའོ། །ཞུམ་པ་ནི་བག་ཚ་བའོ། །འགོང་བ་ནི་བདག་གིས་མི་ནུས་ཀྱང་སྲིད་དོ་སྙམ་

པའི་ཕྱིར་རོ། །སྤྲོ་བ་ཁོ་ན་བསྐྱེད་པའི་ཕྱིར། དེ་དག་ཀྱང་མིར་གྱུར་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་གི་ཉེས་པ་དང་གཞན་ལ་གནོད་པའི་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི་གཞན་དག་ལ་སྡུག་བསྔལ་སྐྱེད་པར་མི་བྱེད་པས་ནི་ངེས་པ་བསྟན་ཏོ། །གཞན་གནོད་པ་བྱེད་པ་ལ་

เล่ม ๑๓๓ · หน้า 155b

སེམས་མི་འཁྲུགས་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་ཕྱིར་གནོད་པ་མི་བྱེད་པ་དང་། རྣམ་པར་འཚེ་བ་མེད་པས་ནི་བཟོད་པ་བསྟན་ཏོ། །ཕྱིར་རྡེག་པ་ནི་ལུས་ཀྱིས་ཏེ། གནོད་པ་བྱས་པ་དག་ལ་སེམས་ཀྱིས་ཀྱང་སྡང་བར་མི་བྱེད་ན་ཞེས་བྱ་བ་དང་སྦྱོར་རོ། །འདས་པའི་ཉེས་པ་སོ་སོར་

འཆགས་པའི་ཕྱིར་ནི་སྔོན་གྱི་མཐའ་དང་ལྡན་པའོ། །མ་འོངས་པའི་དུས་ཀྱི་མ་འོངས་པའི་ཉེས་པ་ལ་དེ་ལྟར་ནན་ཏན་བྱེད་པས་ན་ཕྱི་མའི་མཐའ་དང་ལྡན་པའོ། །ད་ལྟར་བྱུང་བའི་ཉེས་པ་མི་བརྗེད་པའི་ཕྱིར་ན་དབུས་ཀྱི་མཐའ་དང་ལྡན་པའོ། །སོ་སོར་བརྟགས་ནས་ཁ་ན་མ་ཐོ་བ་མེད་པའི་ལུས་དང་ངག་གི་

ལས་ལ་འཇུག་པའི་ཕྱིར་ནི་སྔ་ནས་བྱ་བའོ། །དེ་ལྟར་སོ་སོར་རྟོག་པ་ནི་དེ་ཁོ་ན་བཞིན་དུ་སྤྱོད་པ་ལ་འཇུག་པའི་ཕྱིར་ནི་ལྷན་ཅིག་རྗེས་སུ་སྤྱོད་པའོ། །ཆོ་ག་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། དགེ་བ་མི་སྤྱོམས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲང་བ་ལ་སོགས་པའི་སྡུག་བསྔལ་

བཟོད་པའི་ཕྱིར་སྡུག་བསྔལ་ལ་ཇི་མི་སྙམ་པའོ། །མ་རྙེད་པས་ཡིད་མི་བདེ་བ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའི་རང་བཞིན་ཅན་ནོ། །དབང་པོ་དུལ་ཞིང་ཞི་བའི་ཕྱིར་རྒོད་པ་མེད་པ་དང་། ཡེང་ཡེང་པོ་མ་ཡིན་པའོ། །འཚོ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ཚུལ་འཆོས་པ་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་སྒྲུབ་པ་ལ་ནི་མི་མཐུན་པའི་ཕྱོགས་སྤང་བས་མི་མཐུན་པའི་ཕྱོགས་དང་དུ་མི་ལེན་པའི་ཕྱིར་དགེ་བ་སྡུད་པའི་ཚུལ་ཁྲིམས་རྣམ་པར་གཞག་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ལྔ་ཁོ་ནར་ངེས་པའོ། །ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ལྔ་སྟེ། དེ་ལྟ་ན་དེ་དག་གི་གཉེན་པོར་གྱུར་པ་རྣམ་པ་བཅུས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བ་དཔག་ཏུ་མེད་པ་མྱུར་དུ་སྡུད་པར་འགྱུར་རོ། །ལུས་དང་ལོངས་སྤྱོད་ལ་ལྷག་པར་ཞེན་ན་ལུས་དང་ལོངས་སྤྱོད་ལ་ལྟ་བར་འགྱུར་རོ། །ལྟ་བ་ཡོད་ན་ཡོངས་

སུ་མི་གཏོང་ངོ་། །དེ་ལྟ་བས་ན་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་དང་དུ་ལེན་པར་མི་བྱེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཆལ་པའི་ཚུལ་ཁྲིམས་ཀྱི་གཞི་དང་དུ་མ་བླངས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

เล่ม ๑๓๓ · หน้า 156a

ཕྱིན་པའོ། །སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་མི་སྐྱེད་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཉིད་ལོག་པའི་བདེ་བའི་དབང་དུ་བྱས་ཏེ་ལེ་ལོ་མི་བསྟེན་པས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ས་པའི་ཉོན་མོངས་པ་མི་སྐྱེད་པས་

ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་འཆལ་བའི་ཤེས་རབ་རྣམ་པ་ལྔ་སྟེ། བསོད་ནམས་ཀྱི་འབྲས་བུའི་ཕན་ཡོན་རབ་ཏུ་མི་ཤེས་པ་དང་། དགེ་བའི་རྒྱུ་རབ་ཏུ་མི་ཤེས་པ་དང་། འབྲས་བུ་ལ་ཕྱིན་ཅི་ལོག་ཏུ་ཀུན་དུ་སྤྱོད་པ་དང་།

ཕྱིན་ཅི་ལོག་གི་གཉེན་པོ་རབ་ཏུ་མི་ཤེས་པ་དང་། དགེ་བའི་ཆོས་ལ་བར་དུ་གཅོད་པ་རབ་ཏུ་མི་ཤེས་པའོ། །དེ་དག་གི་གཉེན་པོར་གྱུར་པའི་གནས་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྒོ་ནས་དགེ་བ་སྡུད་པར་བསྟན་ཏོ། །སེམས་

ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ནི་སེམས་ཅན་རྣམ་པ་བཅུ་གཅིག་ཡོད་པའི་དབང་དུ་བྱས་ནས་རྣམ་པར་གཞག་སྟེ། སེམས་ཅན་ཐམས་ཅད་ནི་བསྡུས་ནས་ཡོངས་སུ་བཅད་པ་རྣམ་པ་བཅུ་གཅིག་གིས་རྣམ་པར་བཞག་ནས་དེ་དང་འཚམ་པའི་དོན་བྱ་བའི་རྗེས་སུ་འབྲང་བས་སེམས་

ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་འགྱུར་བ་དང་། རྣམ་པ་རེ་རེ་ལ་ཡང་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་རྣམ་པ་བཅུ་གཅིག་པོ་དག་གང་ཞེ་ན། བྱ་བ་དེ་དང་དེ་དག་ལ་གྲོགས་བྱེད་དེ། དེ་འདོད་པ་རྣམས་དང་སྡུག་བསྔལ་ཞིང་རིགས་པ་ལ་རྨོངས་ཏེ་དེ་འདོད་པ་རྣམས་དང་། ཕན་

འདོགས་འདོད་པས་ཕྱིར་ལན་དུ་ཕན་འདོགས་པར་འདོད་པ་རྣམས་དང་། འཇིག་རྟེན་སྐྱབས་འདོད་པ་རྣམས་དང་། ཕོངས་པར་གྱུར་པ་དང་། མྱ་ངན་གྱིས་གཟིར་བ་དང་། ཡོ་བྱད་མེད་དེ་དེ་འདོད་པ་རྣམས་དང་། མཁན་པོ་དང་སློབ་དཔོན་དང་བླ་མ་ལ་རྟེན་འཆའ་བར་འདོད་པ་རྣམས་དང་།

ཡོངས་སུ་འཛིན་པས་གནས་པ་རྣམས་དང་། མཐུན་པར་བྱེད་པའི་སེམས་དང་། མཐུན་པར་བྱ་བས་འདུལ་བ་རྣམས་དང་། ཡང་དག་པ་དང་ལོག་པར་ཞུགས་པ་རྣམས་དང་བསྡུ་བ་དང་ཚར་བཅད་པར་འོས་པ་རྣམས་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞེ་འགྲས་པ་རྣམས་སོ། །གྲོགས་

เล่ม ๑๓๓ · หน้า 156b

བྱེད་པ་ནི་སོ་སོར་ཕྱེ་ན་བྱ་བ་དང་མི་བྱ་བ་རྣམས་ལ་གྲོགས་བྱེད་པ་རྣམ་པ་བརྒྱད་ཡོད་པར་རིག་པར་བྱ་སྟེ། བྱ་བ་དང་མི་བྱ་བ་བརྟག་པ་ནི་གང་གི་ཕྱིར། བྱ་བ་སེམས་པ་ཞེས་བྱ་བ་སྨོས་པ་སྟེ། གང་དུ་བྱས་པ་དང་མ་བྱས་པ་ལས་འབྱོར་པ་དང་རྒུད་པར་གྱུར་པར་མཐོང་ནས་དེ་ལ་སེམས་པའོ། །དེ་ལྟར་བྱུང་

བའི་དུས་ནས་གཟུང་སྟེ། བྱ་བ་གདོན་མི་ཟ་བར་ངེས་པར་འཛིན་པ་ནི་བྱ་བ་གཏན་ལ་འབེབས་པའོ། དེ་དག་གཉི་ག་བསྟན་པའི་ཕྱིར་དེ་དང་དེར་གྲོགས་སུ་འགྲོ་བའོ། །ལམ་དུ་འགྲོ་བ་འདྲོན་པོ་མེད་པའམ། ཕྱི་བཞིན་དུ་འབྲང་བ་མེད་པ་རྣམས་ལ་གྲོགས་སུ་འགྲོ་བ་དང་། རིགས་པས་བརྩམ་པའི་

བྱ་བ་ལ་སོགས་པ་ལས་ཀྱི་མཐའི་སྦྱོར་བ་དག་པ་དང་། ལོངས་སྤྱོད་བསྒྲུབས་པ་བསྲུང་བ་དང་། སེམས་ཅན་ཕན་ཚུན་བྱེ་བ་སྡུམས་པ་དང་། ཉི་མ་ངེས་པར་བསོད་ནམས་ཀྱི་ཁྱད་པར་མྱོང་བར་འགྲོ་བའི་དུས་དང་། བསོད་ནམས་རྩོམ་པའི་དུས་ནའོ། །སེམས་ཅན་རྣམས་ནི་ལུས་དང་སེམས་ཀྱི་

སྡུག་བསྔལ་རྣམ་པ་གཉིས་ཀྱིས་སྡུག་བསྔལ་ཏེ། ལུས་ཀྱི་རྣམ་པ་བཞི་སྟེ། ནད་ཀྱི་སྡུག་བསྔལ་དང་། དབང་པོ་ཉམས་པའི་སྡུག་བསྔལ་དང་། ཡན་ལག་མེད་པའི་སྡུག་བསྔལ་དང་། ངལ་བ་དང་དུབ་པའི་སྡུག་བསྔལ་ལོ། །སེམས་ལས་བྱུང་བའི་སྡུག་བསྔལ་ཏེ། སེམས་ལས་བྱུང་བའི་སྡུག་

བསྔལ་བ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་དུ་རྣམ་པར་གཞག་གོ། །དེ་ནི་རྣམ་པ་གསུམ་སྟེ། སྒྲིབ་པའི་ཀུན་ནས་དཀྲིས་པའི་ཕྱིར་སྒྲིབ་པའི་སྡུག་བསྔལ་དང་། རྟོག་པ་ཀུན་དུ་སྤྱོད་པའི་ཕྱིར་བར་ཆད་བྱེད་པའི་སྡུག་བསྔལ་དང་གཞན་གྱིས་སྨ་ཕབ་པའི་ཕྱིར་ཕམ་པའི་སྡུག་བསྔལ་

ལོ། །དེ་ལ་ནད་ཀྱིས་ཐེབས་པ་ལ་ནི་གཡོག་བྱ་བ་དང་སྨན་སྦྱིན་པས་རིམ་གྲོ་བྱེད་དོ། །ལོང་བ་རྣམས་ལ་ནི་འདོད་པའི་གནས་སུ་ཕྱིན་པར་བྱེད་པའམ། ལམ་སྟོན་པར་བྱེད་དོ། །འོན་པ་རྣམས་ལ་ནི་ཡོངས་སུ་སྤང་བར་བྱ་བ་དང་། བསྟན་པར་བྱ་བའི་དངོས་པོ་བརྡ་སྤྲོད་པ་དང་། ཡན་ལག་གི་

མཚན་མ་སྟོན་པར་བྱེད་དོ། །ཡན་ལག་མེད་པ་རྐང་པ་མེད་པ་རྣམས་ལ་ནི་བདག་ཉིད་ཀྱི་ལུས་སམ་བཞོན་པས་འདོད་པའི་གནས་སུ་ཕྱིན་པར་བྱེད་དོ། །གདམས་པ་དང་རྗེས་སུ་བསྟན་པས་ནི་ཀུན་ནས་དཀྲིས་པ་སེལ་བར་བྱེད་དོ། །རྟོག་པ་ཀུན་དུ་སྤྱོད་པ་ཡང་དེ་དང་འདྲའོ། །གཞན་དག་གིས་སྨ་ཕབ་

เล่ม ๑๓๓ · หน้า 157a

པ་ལ་ནི་དེ་དང་བྲལ་བའི་ཐབས་ལ་རྗེས་སུ་རྟོག་པས་སེལ་བར་བྱེད་དོ། །ཁྱད་དུ་གསོད་པ་དང་ལྡན་པ་ནི་གོས་སྦྱིན་པའི་ཁྱིམ་པའམ་ཉེ་དུའི་ཁྱིམ་ལས་འགྱུར་བའོ། །འབྱོར་པའི་རྗེས་སུ་རྟོག་པ་ནི་ཁྱིམ་གྱི་འབྱོར་པ་དང་ལྡན་པའོ། །ཆོས་ཉིད་བསྟན་པའམ་འཇིག་རྟེན་ཐམས་ཅད་ཀྱི་ཆོས་

དང་འབྲེལ་པ་བསྟན་པས་ནི་ཕམ་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ཉེས་པར་སྤྱད་པ་སྤྱོད་པ་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་གྱུར་པས་ཀུན་ནས་ཉོན་མོངས་པ་རྣམས་ལ་ནི་ཆོས་བསྟན་པའི་སྒོ་ནས་དེ་སྤང་བའི་ཕྱིར་ཉེས་པར་སྤྱོད་པ་ལས་ལྡོག་པ་ཡང་དག་པར་ལེན་དུ་གཞུག་

པའི་ཚུལ་གྱིས་བྱེད་དོ། །ཚིག་འབྲུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པའི་ཚིག་བརྒྱད་ཀྱིས་ནི་དྲི་བ་རྣམ་པ་གསུམ་ལ་ཡོན་ཏན་བཞི་དང་ལྡན་པའི་ལན་བཏབ་པར་བསྟན་ཏེ། མི་ཤེས་པ་འདྲི་བ་ལ་ནི་དོན་དང་མཚམས་སྦྱོར་བའི་དབང་དུ་བྱས་ནས་ཕྱིན་ཅི་མ་ལོག་པའི་དོན་དང་། མཚམས་སྦྱོར་བས་ལན་

འདེབས་སོ། །འགལ་བ་འདྲི་བ་ལ་ནི་ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས་ནས་ཆོས་ཉིད་དང་རྗེས་སུ་མཐུན་པ་ཉིད་དང་། དགོངས་པ་བསྟན་པས་ལན་འདེབས་སོ། གཉི་ག་འདྲི་བ་ལ་ནི་གོ་བར་བྱེད་པ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སྟོན་པས་ལན་འདེབས་སོ། ཐོབ་པའི་དབང་དུ་བྱས་ནས་

འཇིག་རྟེན་པའི་ཡོན་ཏན་མངོན་པར་སྒྲུབ་པ་དང་མཐུན་པ་དང་། འགྲུས་སྐྱོང་གི་འཕགས་པའི་ལམ་གྱི་ཚོགས་ཀྱི་ཕྱིར་ལན་འདེབས་སོ། །རྟག་ཏུ་བྱེད་པ་དང་བྱང་བར་བྱེད་པའི་ཕྱིར་ན་འགྲུས་སྐྱོང་ཞེས་བྱ་བ་སྟེ། རྟག་ཏུ་གུས་པར་བྱེད་པས་ཟག་པ་རྣམས་ལས་སེམས་སྲུང་བར་བྱེད་པའི་ཕྱིར་

རོ། །གཞན་ཡང་ཚིག་འབྲུ་འབྱོར་པ་ནི་འབྲེལ་པས་བསྟན་ཏེ། སྔ་ཕྱི་མི་མཐུན་པ་མེད་པ་དང་། རྗེས་སུ་མཐུན་པ་ནི་རྗེས་སུ་འཕྲོད་པས་བསྟན་ཏེ། ཆོས་ཉིད་དང་མི་མཐུན་པ་མེད་པ་དང་། ཐབས་དང་ལྡན་པ་ནི་འཚམ་པས་བསྟན་ཏེ། འདུལ་བའི་རྐྱེན་དུ་བབ་པ་དང་། མཐུན་པ་ནི་འགྲུས་སྐྱོང་གི་

ཡན་ལག་གི་ཚོགས་ཀྱིས་བསྟན་ཏེ། ཚངས་པར་སྤྱོད་པ་དང་མཐུན་པས་གསལ་བར་བྱེད་དེ། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་གསུང་བསྟན་པ་ན་སྔ་མ་ཕྱི་མས་གསལ་བར་བྱེད་དེ། ཟབ་པ་ནི་འབྲུག་སྒྲ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བཞིན་དུ་ཚིག་བཞི་པོ་འདི་དག་གིས་ནི་ཚིག་ཕྱི་མ་དང་

เล่ม ๑๓๓ · หน้า 157b

བཅས་པར་སྟོན་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ལན་བཏབ་པར་བསྟན་ཏེ། དྲི་བ་ཐམས་ཅད་ལ་ཡང་སྔ་ཕྱི་མི་འགལ་བ་དང་། ཆོས་ཉིད་དང་མི་འགལ་བ་དང་། འདུལ་བ་དང་མི་འགལ་བ་དང་། དོན་དམ་པ་དང་འབྲེལ་པ་ཡིན་ནོ། །ཐབས་མཁས་པས་སྟོན་པ་ནི་བསྟན་པའི་

སྒོ་ནས་སྟོན་ཏོ། །ཇི་ལྟར་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་སྤང་བའི་ཕྱིར་རིགས་པ་སྟོན་པ་བཞིན་དུ་སྦྱིན་པ་ཡང་སེར་སྣ་སྤང་བའི་ཕྱིར་བསྟན་ཏོ། །ལོངས་སྤྱོད་སྒྲུབ་པ་ལ་བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསྟན་ཏོ། །བསྲུང་བའི་ཕྱིར་ནི་ཚེགས་ཆུང་ངུས་ནོར་

དང་འབྲུ་བསྡུ་བའི་བྱ་བ་བསྟན་ཏོ། །བསྟན་པ་ལ་མ་ཞུགས་པ་རྣམས་ནི་དད་པ་ཐོབ་པར་བྱ་བའི་སྒོ་ནས་འཇུག་པར་བྱེད་དོ། །ཞུགས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་སྒོ་ནས་ངན་སོང་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཡང་དག་ཕུལ་གྱི་ཆོས་སྟོན་ཏོ། །ལམ་ཐོབ་པ་

རྣམས་ལ་ནི་ཀུན་དུ་སྦྱོར་བ་ལྷག་མ་སྤང་བའི་སྒོ་ནས་ཡང་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ཡང་འདའ་བར་བྱ་བའི་ཕྱིར་ཐབས་མཁས་པས་སྟོན་ཏོ། །ཕན་འདོགས་པ་ལ་ལན་མང་དུ་ཕན་གདགས་པར་འདོད་པ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་པ་སྔོན་དུ་བཏང་བའི་རྙེད་པ་དང་བཀུར་སྟིའི་ལེན་

དུ་ཕན་གདགས་པ་མཉམ་པའམ་ལྷག་པས་ཉེ་བར་གནས་པས་དོན་བྱེད་དོ། །དེ་དག་ཉིད་ཀྱི་བྱ་བ་ལ་གྲོགས་བྱེད་པ་དེ་དག་ཉིད་ལ་ནི་གྲོགས་བྱེད་དུ་འགྲོ་བར་བྱེད་དོ། །སྡུག་བསྔལ་བ་རྣམས་ནི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ། །འཇིགས་པ་རྣམས་ལ་ནི་འཇིགས་པ་ལས་སྐྱོབ་པར་བྱེད་དོ། །སྡུག་

བསྔལ་བར་གནས་པ་རྣམས་ལ་ནི་མྱ་ངན་བསང་བར་བྱེད་དོ། །ཡོ་བྱད་མེད་པ་རྣམས་ལ་ནི་ཡོ་བྱད་ཉེ་བར་སྒྲུབ་པར་བྱེད་དོ། །གནས་འདོད་པ་རྣམས་ལ་ནི་གནས་སྦྱིན་པར་བྱེད་དོ། །འདུལ་བ་རྣམས་ལ་ནི་སེམས་དང་མཐུན་པར་བྱེད་དོ། །ཡང་དག་པར་བསྐྱང་བ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་དོ། །

ལོག་པར་ཞུགས་པ་རྣམས་ལ་ནི་ཚར་གཅོད་པར་བྱེད་དོ། །ཞེ་འགྲས་པ་རྣམས་ལ་ནི་བསྟན་པ་ལ་འདུན་པར་བྱེད་པས་གྲོགས་བྱེད་དོ། །དེ་ལྟར་ན་ཡང་དག་པར་སྒྲུབ་པ་བཅུ་གཅིག་གིས་དེ་རྣམས་ཀྱི་དོན་བྱེད་དོ། །འཇིགས་པའི་སྐྱབས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་སྟེ། དུད་འགྲོར་གྱུར་པའི་

เล่ม ๑๓๓ · หน้า 158a

སེམས་ཅན་གྱི་འཇིགས་པ་ལས་སྐྱོབ་པར་བྱེད་པ་དེ་ཡང་རྣམ་པ་གཉིས་ཏེ། ཐང་ལ་གནས་པ་དང་། ཆུ་ལ་གནས་པའོ། །མིའི་འཇིགས་པ་ལས་སྐྱོབ་པར་བྱེད་དེ། མི་རྣམས་ཀྱི་འཇིགས་པ་ཉེ་བར་སྒྲུབ་ནུས་པ་ལ་ཡང་རྣམ་པ་བཞི་ཡོད་དེ། བདག་གི་ཡུལ་ཆད་

པས་བཅད་པ་དང་། ནན་ཐུར་བྱ་བའི་མཐུ་ཡོད་པའི་ཡུལ་གྱི་བདག་པོ་དང་། མཐུའམ་འཇབ་བུས་ནོར་འཕྲོག་པའི་རྐུན་འཇོམས་རྣམས་དང་། ལོངས་སྤྱོད་ལ་སོགས་པའི་བར་ཆད་བྱེད་པའི་དགྲ་རྣམས་དང་། དངོས་པོ་ཚད་ངེས་པའི་བདག་པོ་ཐོབ་པའི་རྗེ་དཔོན་རྣམས་སོ། །གཅེས་

པ་དང་མི་ལྡན་པ་ནི་རྣམ་པ་གསུམ་སྟེ། ཡོ་བྱད་དང་མི་ལྡན་པའི་ཕྱིར་འཚོ་བ་མེད་པའི་འཇིགས་པ་དང་། ལེགས་པར་སྤྱོད་པ་དང་མི་ལྡན་པའི་ཕྱིར་མི་སྙན་པའི་འཇིགས་པ་དང་། སྨྲ་བའི་བྱ་བ་དང་མི་ལྡན་པའི་ཕྱིར་འཁོར་དུ་བག་ཚ་བའི་འཇིགས་པའོ། །མི་མ་ཡིན་པ་ལས་

གྱུར་པ་ལ་ནི་རྣམ་པ་གཉིས་ཏེ། སྐྱེ་བའི་ཁྱད་པར་གྱིས་བསྐྱེད་པ་དང་། རིག་སྔགས་ཀྱི་ཁྱད་པར་གྱིས་བསྐྱེད་པའོ། །སྡུག་བསྔལ་བ་ཡང་རྣམ་པ་གཉིས་ཏེ། བཤེས་གཉེན་གྱིས་སྡུག་བསྔལ་བ་དང་། ལོངས་སྤྱོད་ཀྱིས་སྡུག་བསྔལ་བའོ། །དེ་ལ་གནས་སྐབས་ཀྱི་ལོག་པར་

བརྗོད་པའི་རྒྱུའི་རྟོག་པ་ནི་མྱ་ངན་ནོ། །སྐྱེ་གནས་དང་། དགོས་པ་དང་། རིག་པ་དང་འབྲེལ་པ་དང་ལྡན་པའི་ཕྱིར་གཉེན་བཤེས་རྣམ་པ་ལྔ་ཡོད་དེ། དེ་དག་ཤི་བ་ལས་གྱུར་པའི་མྱ་ངན་ལ་ནི་སེམས་ཅན་ཐམས་ཅད་ཀྱི་རིགས་མཐུན་པའི་མི་རྟག་པར་བསྟན་པས་དེ་སེལ་བར་

བྱེད་དོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་བླ་མ་ཤི་བ་ལས་གྱུར་པ་དེ་དག་ལ་ཡང་རྣམ་པ་གསུམ་སྟེ། སློབ་དཔོན་དང་མཁན་པོ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སོ། །ལོངས་སྤྱོད་ཞིག་པ་ནི་ལོངས་སྤྱོད་ཀྱི་སྡུག་བསྔལ་བའོ། །ཞིག་པ་ཡང་མི་རྟག་པ་རྣམ་པ་གསུམ་གྱིས་འགྱུར་ཏེ། དབང་གིས་

འཇིག་པའི་མི་རྟག་པར་གྱུར་པ་ནི་གང་གི་ཕྱིར་རྒྱལ་པོས་ཕྲོགས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང་། མི་མཐུན་པའི་རྐྱེན་བྱུང་བས་འཇིག་པའི་མི་རྟག་པར་གྱུར་པ་ནི་གང་གི་ཕྱིར་མེས་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་དང་། གནས་མི་མཐུན་པ་ལས་ནི་བྲལ་བའི་མི་རྟག་པས་

เล่ม ๑๓๓ · หน้า 158b

འཇིག་གོ། །སྦྱོར་བ་མི་མཐུན་པ་ལས་ནི་མ་གྲུབ་པ་ལས་གྱུར་པ་དང་། སྐལ་བས་ཉེས་པ་ལས་གྱུར་པའི་རང་གི་ངང་གིས་འཇིག་པ་སྟེ། དེའི་མྱ་ངན་ནི་འདུ་བྱེད་རྣམས་མི་རྟག་པར་བསྟན་པས་སེལ་བར་བྱེད་དོ། །དེ་ལས་སྐྱེས་པའི་མྱ་ངན་ལ་ཡང་ཕ་མ་ཤི་བ་ལས་གྱུར་པ་དང་། བུ་དང་ཆུང་

མ་ཤི་བ་ལས་གྱུར་པ་རྣམས་ནི་ཆེ་བའོ། །བྲན་ལ་སོགས་པ་ལ་ནི་དགོས་ཤིང་གཅེས་པའི་སྒོ་ནས་ཅི་རིགས་པར་རྣམ་པ་གསུམ་དུ་འགྱུར་རོ། །རྫས་རྣམས་ལ་ཡང་ཡོ་བྱད་སྒྲུབ་པར་བྱ་བའི་ཕྱིར་ཚུལ་ཁྲིམས་སྔོན་དུ་བཏང་སྟེ། སྡུག་བསྔལ་རྣམ་པ་བཞིའི་གཉེན་པོར་བསྟན་པ་ཡང་དེ་དང་འདྲའོ།

ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ནི་བསམ་པ་ཕུན་སུམ་ཚོགས་པ་དང་། ཟང་ཟིང་སྒྲུབ་པས་བསྟན་ཏོ། །བསམ་པ་ཕུན་སུམ་ཚོགས་པ་ནི་ཟང་ཟིང་མེད་པའི་གཏོང་བས་བསྟན་ཏོ། །ཟང་ཟིང་གི་ལོངས་སྤྱོད་ནི་རྣམ་པ་གཉིས་ཏེ། གཞན་ལས་བླངས་པ་དང་། ཐུན་མོང་དུ་ལོངས་

སྤྱོད་པའོ། །སེམས་དང་མཐུན་པར་བྱེད་པའི་ཚུལ་ཁྲིམས་ནི་བསྟན་པ་དང་རྒྱས་པའི་སྒོ་ནས་རིག་པར་བྱ་སྟེ། བསྟན་པ་ནི་སེམས་ཅན་རྣམས་ཀྱི་མོས་པ་དང་ཁམས་ཀྱི་དབང་གིས་དེ་ལྟ་དེ་ལྟ་བུར་སྒྲུབ་པར་བསྟན་པ་སྟེ། གཞུང་ལས་འབྱུང་བ་བཞིན་ནོ། །དེ་ལ་བསམ་པ་ནི་སེམས་པའོ། །

རང་བཞིན་ནི་བག་ལ་ཉལ་ཏེ་ཁམས་སོ། །ལུས་དང་ངག་གི་སྦྱོར་བ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྐྱེ་བར་འགྱུར་བར་མཐོང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེ་ཡང་གལ་ཏེ་དེ་དག་ལ་ཕན་པ་དང་བདེ་བར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔའ་སོ་སོར་

བརྟགས་ཏེ། བདག་ཉིད་དང་གཞན་དག་ལ་ཡང་ཕན་པ་མེད་པའི་ཕྱིར་འཇུག་པར་མི་བྱེད་དོ། །གལ་ཏེ་ཕན་པ་དང་བདེ་བར་འགྱུར་བ་ཞིག་ཡིན་ན་ནི་མཐུན་པར་འཇུག་པར་བྱེད་དེ། ཡོངས་སུ་འགྱུར་བའི་ཚེ་དེ་དག་ཉིད་ལ་བདེ་བའི་ཕྱིར་རོ། །སྙིང་བརྩེ་བའི་སེམས་ཀྱིས་ནི་བྱེད་པ་

ཉིད་དོ། །དེ་བཞིན་དུ་གཞན་གྱི་སྦྱོར་བ་ལ་ཡང་གཞན་གྱི་སེམས་དང་མཐུན་པར་བྱ་བའི་ཕྱིར་ཇི་སྐད་བསྟན་པའི་མཚན་ཉིད་ལ་མཐུན་པར་འཇུག་པར་ཡང་མི་བྱེད་ལ། མཐུན་པར་འཇུག་པར་ཡང་བྱེད་དེ། མདོར་བསྡུ་ན་བདག་ཉིད་དང་གཞན་ལ་ལྟོས་ཏེ་རྗེས་སུ་འཇུག་གོ། །བདག་ཉིད་ཀྱི་

เล่ม ๑๓๓ · หน้า 159a

ལུས་དང་ངག་གི་ཀུན་དུ་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པས་བཅས་པའི་བསླབ་པའི་གཞིར་གཏོགས་པ་ཡང་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ན་ནི་གཞན་གྱི་སེམས་བསྲུང་བའི་ཕྱིར་དེ་གཏོང་བར་བྱེད་དོ། །དེ་ལས་བཟློག་པ་ནི་

གཏོང་བར་མི་བྱེད་དེ། །བདག་ལ་ལྟོས་པ་ཡང་དེ་དང་འདྲའོ། །ཇི་ལྟར་དེ་ཕ་རོལ་གྱི་བསམ་པ་ལ་ལྟོས་ནས་ལུས་དང་ངག་གི་ཀུན་དུ་སྤྱོད་པ་གཏོང་ཞིང་གཞན་དག་གི་བདེ་བ་དང་སྡུག་བསྔལ་སྐྱེ་བའི་སྒོ་ནས་ཕན་པ་དང་བདེ་བའི་ཕྱིར་འཇུག་ཅིང་མི་གཏོང་བ་དེ་ལས་བཟློག་པ་ལ་ནི་གཏོང་བར་

བྱེད་ཅེ་ན། གཅིག་ལ་རྣམ་པར་འཁྲུགས་ན་ཐམས་ཅད་ལ་གནོད་པར་འགྱུར་བའི་ཕྱིར་དགའ་བར་བྱ་བ་ཡང་མི་བརྗེད་དེ། ཤད་ཀྱིས་སྦྱོང་བ་ནི་བཟོད་པ་གསོལ་བའོ། །མི་སྨྲ་བ་ལ་ཞེས་བྱ་བ་ནི་ངོམ་ཟུམ་ཅན་འཇིག་རྟེན་གྱི་ཚུལ་མི་ཤེས་པ་ལ་ཡང་བདག་ཉིད་གསོང་པོར་སྨྲ་བ་ཡིན་པའི་

ཕྱིར་ཡང་དག་པར་དགའ་བར་བྱེད་ན་དེ་ལས་བཟློག་པ་ལ་ལྟ་སྨོས་ཀྱང་བྱེད་མོད། འཁྲུགས་པར་མི་བྱེད་ཅེས་བྱ་བ་ནི་ཕ་རོལ་གྱི་སྡུག་བསྔལ་སྐྱེ་བ་སྤངས་པས་དེ་དག་ཉིད་ལ་ཕན་པའི་ཕྱིར་ཚར་གཅོད་པར་བྱེད་པ་ནི་ཟད་དེ་ཞེས་བྱ་བ་འདིས་བསྟན་ཏོ། །འཕྱ་བར་ཡང་མི་བྱེད་ཅེས་བྱ་བ་ནི་སྐྱེ་

བོ་མང་པོའི་ནང་དུ་སྨ་དབབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གནས་མ་ཡིན་པར་འགྱོད་པ་སྐྱེད་པར་ཡང་མི་བྱེད་དེ། དེ་ཡིད་མི་བདེ་བའི་གནས་ཡིན་པའི་ཕྱིར་རོ། །ཆད་པའི་ལས་ཀྱིས་ཀྱང་གླེང་བར་མི་བྱེད་དེ་ངོ་ཚ་བར་བྱ་བ་ཡིན་པའི་ཕྱིར་རོ། །དགའ་བའི་ཤས་ཆུང་བ་རྣམས་ལ་ཡང་བདག་ལ་

སྟོད་པར་མི་བྱེད་དེ། ཞུམ་པའི་རྣམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པ་གསུམ་གྱི་སྒོ་ནས་བསྟེན་པའི་ཉེས་པ་སྤང་བ་ནི་འབྲེལ་པ་གཅོད་པའི་ཕྱིར་རོ། །མཛའ་བོ་ལ་དམོད་པར་ཡང་མི་བྱེད། མི་མཛའ་བའི་བསྔགས་པ་ཡང་མི་བརྗོད་ཅེས་བྱ་བ་ནི་དེ་དག་མི་དགའ་བར་འགྱུར་བའི་ཕྱིར་རོ། །

ལྷན་ཅིག་གནས་པ་བཞིན་དུ་ཡིད་རྟོན་པར་ཡང་མི་བྱེད་དེ། དེ་དག་གི་སེམས་ཀྱི་མཚན་མ་གཞན་དག་ཏུ་འགྱུར་བའི་ཕྱིར་རོ། །རྒྱུན་དུ་སློང་བར་ཡང་མི་བྱེད་དེ་སྐྱོ་བའི་གནས་ཡིན་པའི་ཕྱིར་རོ། །རང་གིས་བྱིན་ན་ཡང་ཚོད་ཤེས་པ་ཡིན་ཏེ། བྱིན་པའི་འོག་ཏུ་ཡང་ཁྱད་དུ་གསོད་པའི་

เล่ม ๑๓๓ · หน้า 159b

སེམས་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །མགྲོན་དུ་བོས་ནས་ཡང་སྤོང་བར་མི་བྱེད་དོ། འདོད་པས་ཕོངས་པར་གྱུར་པ་སྤང་བའི་ཕྱིར་རོ། །དེ་དག་ཅི་ནས་འདོད་པས་ཕོངས་པར་མི་འགྱུར་བ་དེ་ལྟ་བུར་ཡང་ཤད་ཀྱིས་བྱང་བར་བྱེད་དོ། །ཡང་དག་པར་དགའ་བར་བྱ་བའི་ཚུལ་ཁྲིམས་ནི་འཇུག་པ་དང་

བཅས་པའི་མངོན་པར་མཐོ་བའི་རྒྱུ་ཡང་དག་པར་བླང་བ་དང་། ངེས་པར་ལེགས་པའི་རྒྱུ་ཡང་དག་པར་བླངས་པའི་དབང་དུ་བྱས་ནས་དེ་ལ་དད་པས་འཇུག་པའོ། །མངོན་པར་མཐོ་བའི་རྒྱུ་ནི་ཚུལ་ཁྲིམས་དང་གཏོང་བ་སྟེ། བདེ་འགྲོའི་ལུས་དང་ལོངས་སྤྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །

ཐོས་པ་ནི་ཤེས་རབ་འདྲེན་པ་ཡིན་པར་རིག་པར་བྱའོ། །ཤེས་རབ་ཀྱང་ངེས་པར་ལེགས་པའི་རྒྱུ་ཡིན་ནོ། །ཚར་བཅད་པའི་ཚུལ་ཁྲིམས་ནི་འགལ་བ་རྣམ་པ་གསུམ་ལས་ཚར་བཅད་པ་རྣམ་པ་གསུམ་དུ་སོ་སོར་སྦྱར་བར་རིག་པར་བྱའོ། །བསོད་ནམས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་

བ་ཞེས་བྱ་བ་ནི་མི་རིགས་པར་དད་པས་བྱིན་པ་ལོངས་སྤྱོད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལས་ཕྱག་བྱ་བ་ལ་སོགས་པ་བདག་གིར་བྱེད་པའི་ཕྱིར་རོ། །ཞེ་འགྲས་པ་རྣམས་ལ་ནི་མདོར་བསྡུ་ན་སྒྲུབ་པ་གཉིས་ཡོད་དེ། ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་ནི་དེ་དག་ལས་སྐྱོ་བ་

བསྐྱེད་པའི་ཕྱིར། ཉེས་པར་སྤྱོད་པའི་འབྲས་བུ་ཡང་དག་པར་སྟོན་ཏོ། །འཁོར་ཆེན་པོའི་ནང་དུ་བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱ་བའི་བསམ་པས་མི་སྨྲ་བ་ལ་ཕྱིར་འདྲི་བའི་ལན་ལོན་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་གཟུགས་འཇིགས་པ་བསྟན་པས་སྐྲག་པར་

བྱས་ནས་འདྲི་བའི་ལན་འདེབས་སུ་གཞུག་པ་དང་། དེའི་སྒོ་ནས་སྐྱེ་བོ་ཕལ་པོ་ཆེ་འདུལ་བའི་ཕྱིར་རོ། །རྫུ་འཕྲུལ་བྱ་བས་ཀྱང་འདུན་པར་བྱེད་དེ། ཐུན་མོང་པ་དང་ཐུན་མོང་མ་ཡིན་པས་འདུན་པར་བྱས་ནས་སྒྲུབ་པ་ལ་འགོད་པའི་ཕྱིར། ཡང་དག་པར་དགའ་བར་བྱས་ནས་ཞེས་བྱ་བ་

ལ་སོགས་པ་བསྟན་ཏེ། བསླབ་པའི་དངོས་པོའི་ཚོགས་མཐའ་ཡས་པ་བསྡུས་པས་ན་ཚུལ་ཁྲིམས་ཀྱི་ཕུང་པོའོ། བསོད་ནམས་དཔག་ཏུ་མེད་པའི་ཚོགས་བསྡུས་པས་ན་བསོད་ནམས་ཀྱི་ཕུང་པོའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་རྒྱས་པར་བསྟན་ནས།

เล่ม ๑๓๓ · หน้า 160a

ད་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་ཕྱོགས་གཉིས་སུ་གཏོགས་པ་སྟེ། དེ་བས་ན་དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་སྐྱབས་སུ་སོང་

བ་ཉི་ཚེ་ལ་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླང་བ་ཡོད་པ་དེ་བཞིན་དུ་སེམས་བསྐྱེད་པ་ལ་ཡང་དག་པར་བླང་བ་ཡོད་པར་འགྱུར་བའི་ཕྱིར་སྨོན་ལམ་བཏབ་པ་ཞེས་སྨོས་སོ། །དཔེར་ན་ཉན་ཐོས་ཀྱི་ཚུལ་ཁྲིམས་གང་དམད་དུ་མེད་པ་ལས་ཡང་དག་པར་བླང་བ་བཞིན་དུ་འདི་ལ་ཡང་དེ་དང་འདྲ་བར་བསྟན་

པའི་ཕྱིར་ཆོས་མཐུན་པ་ཞེས་སྨོས་སོ། །དེ་ཡང་ཤེས་པ་ལས་མངོན་པར་བསྟན་པའི་ཕྱིར་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངག་གི་རྣམ་པར་རིག་བྱེད་ཀྱི་དོན་ནི་ཚིག་འབྲུའི་སྒོ་ནས་འཛིན་ནུས་པའོ། །དོན་གྱི་སྒོ་ནས་ནི་གོ་བར་ནུས་པའོ། །གུས་པ་ཡོད་པ་ལ་སྡོམ་པ་སྐྱེ་བར་འགྱུར་གྱི་གུས་པ་

མེད་པ་ལ་ནི་མི་སྐྱེ་བས་ན་གུས་པའི་བསྙེན་བཀུར་གྱི་རིམ་པ་བསྟན་པའི་ཕྱིར། རྐང་པ་གཉིས་ལ་ཐོག་མར་ཕྱག་བྱས་ནས་ཞེས་སྨོས་སོ། །འདོད་པ་ལ་སྡོམ་པ་སྐྱེའི་མི་འདོད་པ་ལ་མ་ཡིན་པས་ན་གསོལ་བ་གདབ་པར་བྱ་སྟེ་ཞེས་སྨོས་སོ། །གསན་ཅིང་སྩལ་བའི་རིགས་སོ་ཞེས་བྱ་བ་ནི་བདག་གིས་

གསོལ་བ་གསོན་ལ་སྩོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ། ཉན་ཐོས་རྣམས་ཀྱི་སྡོམ་པ་ནི་ཚོགས་རྣམས་འདུས་པ་ཙམ་ལ་གུས་པར་བྱ་བས་ཐོབ་པར་འགྱུར་གྱི་སྡོམ་པ་འདི་ནི་དེ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱ་བ་སྔོན་དུ་བཏང་

བས་ཐོབ་པར་འགྱུར་བར་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ཆེན་པོ་དང་མཐུ་ཆེན་པོ་ཐོབ་པ་རྣམས་ཞེས་བྱ་བ་ནི་ས་ཆེན་པོ་ལ་ཞུགས་པ་ཤ་སྟག་ཡིན་པར་བསྟན་ཏོ། །མཆོད་པ་ཞེས་བྱ་བ་ནི་ཅི་ནུས་ཀྱིས་མེ་ཏོག་དང་སྤོས་ལ་

སོགས་པའི་མཆོད་པ་དང་ལུས་ཀྱིས་ཀྱང་ཕྱག་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་རྣམས་ཀྱང་ཞེས་བྱ་བ་ནི་སྡོམ་པ་འདི་ལྟ་བུ་དང་ལྡན་པ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པའི་ཡོན་ཏན་རྗེས་སུ་དྲན་པར་བྱས་ནས་དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་

เล่ม ๑๓๓ · หน้า 160b

མཆོད་པ་བྱ་བར་བསྟན་ཏོ། །སྡོམ་པ་དེ་མཆོག་ཏུ་དགེ་བའི་བསམ་པས་སེམས་བསྐྱེད་པ་ཡིན་པའི་ཕྱིར་སྙིང་ནས་ཞེས་སྨོས་སོ། །ཆུང་ངུ་ཡང་ཞེས་བྱ་བ་ནི་ངེས་པ་མེད་པར་བསྟན་པ་སྟེ། གལ་ཏེ་ནུས་པ་དང་རྒྱུའི་སྟོབས་ཡོད་ན་ནི་སྙིང་ནས་བྱ་བའམ། དེ་ལྟ་མ་ཡིན་ན་ནི་ཆུང་ངུས་བྱ་བའོ། །གལ་ཏེ་ཁྱིམ་པ་ཡིན་ན་ནི་

རིགས་ཀྱི་བུ་ཞེས་བྱ་བའམ། གལ་ཏེ་གཞོན་པ་ཞིག་ཡིན་ན་ནི་ཚེ་དང་ལྡན་པ་ཞེས་བྱ་བ་དང་། གལ་ཏེ་རྒན་པ་ཞིག་ཡིན་ན་ནི་བཙུན་པ་ཞེས་བྱ་བའི་ཚིག་གིས་རིམ་པ་བཞིན་ནོ། །སྡོམ་པ་ཡང་དག་པར་བླང་བ་དེ་རྙེད་པ་ཆེ་བ་ཡིན་པར་རྗེས་སུ་དྲན་པ་དང་བདག་ཉིད་ཀྱིས་དེ་འཐོབ་པར་འགྱུར་བར་སེམས་བཞིན་

དུ་ཅང་མི་སྨྲ་བར་བྱའོ། །དཔེར་ན་ཉན་ཐོས་ཀྱི་སྡོམ་པ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་སྨོན་ལམ་སྔོན་དུ་འགྲོ་བར་བསྟན་པའི་ཕྱིར་བརྟན་པར་བྱ་བའི་དོན་དུ་སྨོན་ལམ་འདྲི་བར་བྱེད་དོ། །འདོད་དམ་ཞེས་ཀྱང་དྲིའོ། །བསླབ་པའི་གནས་སུ་གྱུར་པས་ན་

བསླབ་པའི་གཞི་རྣམས་ཏེ། དེ་ལྟར་ན་གནས་ཀྱི་སྒོ་ནས་བསྟན་ནས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་བསྟན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངེས་པ་ཡིན་པའི་ཕྱིར་དུས་གསུམ་དུ་ཡང་དང་ཡང་དག་པར་བླངས་

པ་ལ་བདག་དབང་དུ་གྱུར་པར་མཁྱེན་པར་གསོལ་བའོ། །ཆོས་ཉིད་ཅེས་བྱ་བ་ནི་སྡོམ་པ་ཡང་དག་པར་བླང་པའི་ཆེ་བ་ཉིད་ཀྱི་ཁྱད་པར་གདོན་མི་ཟ་བར་ཡོད་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་ལ་དགོངས་པའི་ཁྱད་པར་གྱི་ཕྱིར་རོ། །དེ་ལྟ་བུའི་ལྟས་

ཞེས་བྱ་བ་ནི་གདན་ཀུན་དུ་གཡོ་བའི་ལྟས་སོ། །ལྟས་དེས་བསྐུལ་བ་ན་ངེས་པར་འདི་སྙམ་དུ་དགོངས་པར་འགྱུར་ཏེ། སྐད་ཅིག་འདི་ལ་གཅིག་ཅིག་གིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་ན་འཇིག་རྟེན་གྱི་ཁམས་གང་དུ་སུ་ཞིག་གིས་བླངས་སྙམ་དུ་དགོངས་པར་འགྱུར་ཏེ། དེ་སྔོན་དུ་

བཏང་བའི་ཡེ་ཤེས་ཀྱིས་གཟིགས་པ་ནི་ཡེ་ཤེས་གཟིགས་པ་ཡིན་ནོ། །གཅིག་ཏུ་ན་ཡེ་ཤེས་ཉིད་གཟིགས་པ་ཡིན་ཏེ། མངོན་སུམ་དུ་འཇུག་པའི་ཕྱིར་རོ། །བུ་དང་འདྲ་བ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིའོ། །སྤུན་དང་འདྲ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །བར་ཆད་མེད་

เล่ม ๑๓๓ · หน้า 161a

པར་དོན་གྲུབ་པར་འགྱུར་བའི་ཕྱིར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་དག་གིས་བཏང་སྙོམས་སུ་མཛད་པས་ན་འཕེལ་བ་ཉིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་མཁྱེན་ཞེས་བྱ་བའི་ཐ་ཚིག་གོ། །སྡོམ་པ་

ཡང་དག་པར་བླང་བ་ཐམས་ཅད་ལས་ཆེས་བླ་མར་གྱུར་པ་དང་། ཆེས་གྱ་ནོམ་པར་གྱུར་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་དུ་འཕགས་པ་ཉིད་ཀྱང་རྣམ་པ་བཞིས་བསྟན་ཏེ། དེ་ལས་ཆེས་གོང་མར་གྱུར་པ་མེད་པས་ན། བླ་ན་མེད་པའོ། །བསོད་ནམས་ཀྱི་འབྲས་བུ་དཔག་ཏུ་མེད་པར་

བསྡུས་པས་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པས་བསྐྱེད་པས་ན། སེམས་ཅན་གྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་ལ་ཉེས་པར་སྤྱོད་པ། རྣམ་པ་ཐམས་ཅད་

ཀྱི་གཉེན་པོར་གྱུར་པའི་སྡོམ་པ་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་གནས་ལ་རྣམ་པ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་མི་སྤྱོད་དེ་འཇུག་པར་མི་བྱེད་དོ། །དེའི་གཉེན་པོར་གྱུར་པས་ཁྱད་པར་དུ་འཕགས་པ་ཉིད་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱེད་

པས་སྟོན་ཏེ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྗེས་སུ་བསྲུང་བའི་ཐབས་ནི་བདག་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བདག་གི་བློའི་སྟོབས་ཀྱིས་བྱ་བ་དང་མི་བྱ་བར་ཉེ་བར་བརྟག་ཅིང་ལུས་ལ་སོགས་པས་སྒྲུབ་པར་བྱ་བ་འདི་ནི་བྱང་

ཆུབ་སེམས་དཔའི་བྱ་བའི་ཆ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པ་ཉིད་ནི་བསླབ་པའོ། །རྒྱས་པར་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་བསྟན་པ་ལས་མཉན་པ་དེ་ལྟ་བུར་རྗེས་སུ་བསྲུང་བའི་ཚུལ་ཁྲིམས་སུ་བསྟན་པ་ཡིན་ནོ། །ཁྱད་པར་དུ་

འཕགས་པའི་འབོགས་པར་བྱེད་པ་ལས་མནོད་པར་བྱ་བ་བསྟན་པའི་ཕྱིར་རོ། །འབོགས་པར་བྱེད་པའི་ཁྱད་པར་ཉེས་པ་ཡོངས་སུ་སྤང་བའི་སྒོ་ནས་དད་པ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དད་པ་ཉིད་ནི་སྡོམ་པ་འདི་ལ་མོས་པའི་སྟོབས་བསྐྱེད་པ་དང་ལྡན་པའི་ཕྱིར་རོ། །དེའི་མི་

เล่ม ๑๓๓ · หน้า 161b

མཐུན་པའི་ཕྱོགས་ཀྱིས་ནི་དད་པ་མེད་པ་ཉིད་སྟོན་ཏོ། །མ་མོས་པ་ནི་མ་དད་པ་ཆེན་པོས་སོ། །མི་འཇུག་པ་ནི་འབྲིང་གིས་སོ། །མི་རྟོག་པ་ནི་ཆུང་ངུས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱིས་གནས་པས་ཉེས་པ་རྣམ་པ་དྲུག་དང་ལྡན་པ་ལས་ཀྱང་མནོད་པར་མི་བྱ་བར་བསྟན་པ་ལ།

ལུས་དང་ལོངས་སྤྱོད་ལ་ལྟ་བ་ཀུན་དུ་སྤྱོད་པས་ན་བརྐམ་ཆགས་ཅན་ནོ། །དེའི་དབང་དུ་གྱུར་པས་ན་ཆགས་པས་ཟིལ་གྱིས་ནོན་པ་སྟེ། དེ་ལྟ་བུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་དུ་ལེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་དབང་དུ་བྱས་ནས་ཚུལ་

ཁྲིམས་ཉམས་པ་ཞེས་སྨོས་སོ། །འཆལ་བའི་ཚུལ་ཁྲིམས་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། རྩ་བའི་ཉེས་པ་བྱེད་དེ་མ་ལུས་པར་ཆད་པའི་ཕྱིར་ནི་ཚུལ་ཁྲིམས་ཉམས་པ་ཞེས་སྨོས་སོ། །ལྷག་མ་དང་བཅས་པའི་ཉེས་པ་སྤྱོད་དེ་ཉམས་པར་བྱས་པའི་ཕྱིར་ནི་བསླབ་པ་དག་ལ་གུས་པར་མི་བྱེད་

ཅེས་སྨོས་སོ། །གུས་པར་མི་བྱེད་པ་ཉིད་ནི་ལྷོད་པའོ། །མི་བཟོད་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་བསྟན་ཏེ། གནོད་པ་བྱེད་པ་ལ་ཞུགས་པའི་ཚེ་སེམས་འཁྲུགས་པས་ན་ཁྲོ་བའོ། །དེ་ཕྱིན་ཆད་གནོད་པ་དྲན་པའི་ཚུལ་གྱིས་ཡང་དང་ཡང་དུ་སེམས་འཁྲུགས་པས་ན་ཁོན་དུ་འཛིན་པའོ། །དགེ་སྦྱོང་

གི་ཆོས་རྣམ་པ་བཞིའི་མི་མཐུན་པའི་ཕྱོགས་ཀྱི་ཚུལ་གྱིས་ནི་ཉེས་པ་མི་བཟོད་པའོ། །དགེ་བའི་ཕྱོགས་ལ་སེམས་སྤྲོ་བ་མེད་པས་ན་སྙོམ་ལས་ཅན་ནོ། །མི་མཐུན་པའི་ཕྱོགས་ལ་དགའ་བས་ན་ལེ་ལོ་ཅན་ནོ། །མི་མཐུན་པའི་ཕྱོགས་ལ་དགའ་བ་ཉིད་ནི་ཤས་ཆེར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །

སེམས་རྣམ་པར་གཡེང་བ་ནི་ཞི་གནས་ལ་སོགས་པ་བསྒོམ་པ་ལ་སེམས་གནས་སུ་མི་བཏུབ་པའི་ཕྱིར་རོ། །འཆལ་བའི་ཤེས་རབ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཀུན་དུ་སྤྱོད་པ་ལས་ནི་ཡིད་རྟུལ་བ་དང་། རྨོངས་པའི་རང་བཞིན་ཅན་ཞེས་སྨོས་ཏེ། ལེགས་པར་བཤད་པ་ལ་སོགས་པའི་དེ་

ཁོ་ན་བདག་ཉིད་ཀྱིས་ཡོངས་སུ་ཤེས་པར་མི་ནུས་པས་ན་ཡིད་རྟུལ་བའོ། །གཞན་ལས་ཐོས་སུ་ཟིན་ཀྱང་ཡོངས་སུ་ཤེས་པར་མི་ནུས་པས་ན་རྨོངས་པའི་རང་བཞིན་ཅན་ཏེ། དེ་ལྟར་ན་ཀུན་དུ་སྤྱོད་པ་ལས་བསྟན་ཏོ། །རང་བཞིན་གྱིས་རྨོངས་པར་གྱུར་པ་ཉིད་ནི་སེམས་ཞུམ་པ་ཞེས་བྱ་བས་བསྟན་

เล่ม ๑๓๓ · หน้า 162a

ཏོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་ཡོངས་སུ་འཛིན་པ་ལས་འཆལ་བའི་ཤེས་རབ་སྟོན་ཏོ། །དམ་པའི་ཆོས་ལ་སྐུར་པ་བཏབ་པས་ནི་ཚེ་རབས་གཞན་རྣམས་སུ་ཡང་ཤེས་རབ་འཆལ་བར་འགྱུར་རོ། །ཀུན་ཆུབ་པར་བྱས་པ་ནི་ཚིག་གིས་བརྗོད་པ་

སྟེ། དེ་དག་གི་ཚུལ་ཁྲིམས་དེ་ལ་ཡང་སྐུར་པ་འདེབས་པར་འགྱུར་ལ་གང་ཟག་ལ་ཡང་སྨོད་པར་འགྱུར་ཏེ། དེའི་རྒྱུས་བསོད་ནམས་མ་ཡིན་པ་ཆེན་པོ་ཡོངས་སུ་སྡུད་པར་འགྱུར་བའི་ཕྱིར་སྨད་པའི་ཉེས་དམིགས་བསྟན་ཏོ། །དེ་ལ་ཡིད་ཀྱིས་མངོན་པར་ཞེན་པས་ན་ལྟ་བའོ། །དེའི་འདུ་ཤེས་ཡིད་ལ་བྱེད་

པ་ཀུན་དུ་སྤྱོད་པས་ན་ཀུན་དུ་རྟོག་པའོ། །སྔ་ནས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་བསྒྲག་པ་ནི་བརྟག་པར་བྱ་བའི་ཕྱིར་རོ། །བསླབ་པའི་གཞི་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ས་ལས་མདོར་བསྡུས་ཏེ་བསྟན་པས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་འདི་ལས་ཞེས་སྨོས་སོ། །སྙིང་ནས་

ཞེས་བྱ་བ་ནི་མོས་པའི་སྟོབས་བསྐྱེད་པའི་ཕྱིར་རོ། །སོ་སོར་བརྟགས་ནས་ཞེས་བྱ་བ་ནི་ནུས་སམ་མི་ནུས་པ་ཉེ་བར་བརྟགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་བཟློག་པ་ནི་ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན་ཞེས་བྱ་བས་བསྟན་ཏེ། ལ་ལ་སྙིང་ནས་མོས་པ་མེད་དུ་ཟིན་ཀྱང་

གཞན་གྱི་དྲིང་འཇོག་པའམ། གཞན་དང་འགྲན་པའི་ཕྱིར་ལེན་པ་ཡང་ཡོད་པས་ན་དེ་གཉི་ག་འགོག་པར་བྱེད་དོ། །ཉན་ཐོས་ཀྱི་བསླབ་པ་ལས་རྩ་བའི་ཉེས་པའི་ཁྱད་པར་བསྟན་པ་དང་། བསླབ་པའི་ཁྱད་པར་བསྟན་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཡོད་དེ་ཞེས་སྨོས་ཏེ། །ཉན་ཐོས་འདོད་

ཆགས་དང་ཞེ་སྡང་དང་གཏི་མུག་ལ་གནས་ནས་འཁྲིག་པའི་འདོད་ཆགས་ཀྱིས་གཉིས་ཀྱིས་གཉིས་སྤྲོད་པའི་སྦྱོར་བ་དང་། ཡོ་བྱད་ཀྱི་འདོད་ཆགས་ཀྱིས་གཞན་གྱི་ནོར་རྐུ་བ་དང་། སེམས་ཅན་ལ་ཀུན་ནས་མནར་སེམས་ཀྱིས་ཀུན་ནས་དཀྲིས་པས་མི་གསོད་པ་དང་། གཏི་མུག་གི་ཀུན་ནས་དཀྲིས་པས་

བདག་ལ་མེད་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་སྒྲོགས་པའི་ཆོས་གཞི་བྱས་ན་སྐལ་བ་མེད་པར་འགྱུར་བ་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་གཞན་བཞི་ཡོད་པར་རིག་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་བྱུང་བ་ཀུན་དུ་མྱོང་བས་བྱང་ཆུབ་སེམས་དཔའ་སྐལ་བ་

เล่ม ๑๓๓ · หน้า 162b

མེད་པར་འགྱུར་རོ། །བདག་ལ་བསྟོད་པ་ཞེས་བྱ་བ་ལ་སོགས་པས་བཀུར་སྟི་སྟོན་ཏོ། །ཉན་ཐོས་ཇི་ལྟར་འཁྲིག་པའི་འདོད་ཆགས་ཀྱིས་བདག་དང་གཞན་སུན་ཕྱུང་བས་སྐལ་བ་མེད་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྙེད་པ་དང་བཀུར་སྟི་ལ་བརྐམ་པས་བདག་དང་གཞན་སུན་ཕྱུང་ན་ཕམ་པར་

འགྱུར་རོ། །དེ་བས་ན་ཚུལ་ཁྲིམས་འདི་ཆེས་ཟབ་པ་དང་རྒྱ་ཆེ་བ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །ཉན་ཐོས་ནི་བརྐམ་ཆགས་ཀྱིས་གཞན་གྱི་ནོར་བརྐུས་ན་ཕམ་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ནི་བདག་ལ་ནོར་ཡོད་བཞིན་དུ་ཟང་ཟིང་ལ་སེར་སྣ་བྱེད་པས་སློང་བ་པོ་ཉམ་

ཐག་པ་ལ་མ་བྱིན་ནམ། ཆོས་ཀྱི་བགོ་བཤའ་མ་བྱས་ན་ཕམ་པར་འགྱུར་རོ། །ཉན་ཐོས་ནི་མི་བསད་པས་ཕམ་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ཀུན་ནས་མནར་སེམས་ཀྱི་སེམས་བསྐྱེད་ནས་ལག་པའམ་བོང་བ་ལ་སོགས་པས་གནོད་པ་བསྐྱེད་ནས་གནོད་

པ་བྱེད་བྱེད་པས་གནོད་པའི་ཉེས་པ་ཤད་ཀྱི་སྦྱངས་ཤིང་ཉེས་པ་བཤགས་པ་ལས་ཀྱང་མི་ཉན་ན་ཕམ་པར་འགྱུར་རོ། །ཉན་ཐོས་ནི་མེད་བཞིན་དུ་ཐོབ་པའི་ཆོས་བསྒྲགས་པས་ཕམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཡོད་པ་མི་སྟོན་པ་དང་། དམ་པའི་ཆོས་ལ་སྐུར་པ་འདེབས་པ་དང་། དམ་

པའི་ཆོས་མ་ཡིན་པ་སྟོན་པས་ཕམ་པར་འགྱུར་རོ། །དེ་ལ་དགའ་བ་ནི་བདག་ཉིད་འདོད་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་གཞན་དག་ལ་འཆད་པས་ན་སྟོན་པའོ། །འཇོག་པ་ནི་སྒྲུབ་པའི་སྒོ་ནས་འཛུད་པའི་ཕྱིར་རོ། །དམ་པའི་ཆོས་ལྟར་བཅོས་པ་ཞེས་བྱ་བ་ལ་སོགས་པས་ན་བདག་ཉིད་དང་གཞན་

གྱི་སྟོབས་གཉིས་ལས་འགྱུར་བར་སྟོན་ཏོ། །གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པས་ནི་ཚང་བ་ཡང་རུང་མ་ཚང་བ་ཡང་རུང་བས་སྐལ་བ་མེད་པར་འགྱུར་བར་སྟོན་ཏོ། །ཕམ་པ་བྱུང་བའི་དགེ་སློང་ལ་ཚེ་འདི་ཉིད་ལ་འཕགས་པའི་ལམ་ཐོབ་པ་དང་། དེའི་སྦྱོར་བ་ལས་བྱུང་བའི་དགེ་བའི་ཆོས་

འཐོབ་པའི་སྐལ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྟོགས་པ་དང་། ཉེས་པའི་ཚོགས་བསགས་པས་རྟོགས་པར་འགྱུར་བའི་སྐལ་བ་མེད་དེ་དེའི་ཕྱིར་བསམ་པ་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་སྨོས་སོ། །དཔེར་ན་ཉན་ཐོས་ནི་རྩ་བའི་ཉེས་པ་བྱས་པས་དགེ་སློང་མ་ཡིན་དགེ་སྦྱོང་མ་

เล่ม ๑๓๓ · หน้า 163a

ཡིན། ཤཱཀྱའི་སྲས་མ་ཡིན་པར་འགྱུར་ཏེ། ཆ་ལུགས་ཙམ་གྱི་སྒོ་ནས་དགེ་སྦྱོང་ཞེས་བྱ་བར་ཟད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བྱས་པས་ཁས་འཆེ་བ་ཙམ་གྱི་བྱང་ཆུབ་སེམས་དཔར་ཟད་དོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་

གིས་ནི་ཕམ་པའི་གནས་ལྟ་བུའི་འགལ་བ་བྱས་ན་ཡང་སྡོམ་པ་བཏང་བ་མ་ཡིན་ཏེ། ཚུལ་འདི་ནི་ཉན་ཐོས་དང་མི་འདྲའོ། །ཆེན་པོས་ནི་བཏང་བར་འགྱུར་ཏེ། དེ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཕམ་པའི་གནས་ལྟ་བུའི་ཆོས་རྣམས་རྒྱུན་མ་ཆད་པར་ཀུན་དུ་སྤྱོད་པས་ནི་དེ་ལྟར་

ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པ་ཐམས་ཅད་དུ་ཉམས་པར་བྱས་པར་འགྱུར་ཏེ། དེའི་ཕྱིར་ཆུང་ངུ་ཙམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཚ་མེད་པ་དེས་ཀྱང་མགུ་བར་བྱེད་དེ་དེ་ཀུན་དུ་སྤྱོད་པ་མི་སྤོང་བས་ན་དག་པའོ། །དེ་ལ་ཡང་ཉེས་དམིགས་སུ་མི་ལྟ་བས་ན་ཡོན་ཏན་དུ་ལྟ་བ་ཅན་ཏེ།

རྣམ་པ་འདི་རྣམས་ཀྱིས་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རྩ་བའི་སྡོམ་པ་ཞེས་བྱ་སྟེ། དེ་ཆད་པར་གྱུར་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དྲག་པོ་ཀུན་དུ་སྤྱོད་པས་ངོ་ཚ་ཤེས་པ་དང་།

ཁྲེལ་ཡོད་པ་ཉམས་པར་བྱས་པས་ཚེ་འདི་ཉིད་ལ་སྡོམ་པ་ཡང་དག་པར་བླང་བའི་སྐལ་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་ཕྱིར་མནོད་པའི་སྐལ་བ་ཡོད་དེ། །ངོ་ཚ་ཤེས་པ་དང་

ཁྲེལ་ཡོད་པ་ཉམས་པ་མེད་པའི་ཕྱིར་རོ། །གཏན་དུ་གཏོང་བའི་རྒྱུ་བསྟན་པའི་ཕྱིར་སྨོན་པ་ཡོངས་སུ་བཏང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ནས་དཀྲིས་པ་ཆེན་པོ་ཀུན་དུ་སྤྱོད་པས་ཕམ་པའི་གནས་ལྟ་བུའི་ཆོས་ཀུན་དུ་སྤྱོད་པས་གཏོང་བར་འགྱུར་རོ། །ཉན་ཐོས་རྣམས་ཀྱི་སྡོམ་པ་ནི་ཚེའི་

མཐའ་དང་ཉིན་ཞག་གཅིག་གི་མཐའི་བར་དུ་གནས་པར་ཟད་དེ། ཤི་བའི་འོག་ཏུ་དེ་དག་གི་དྲན་པ་མེད་པ་དང་། ཤིན་ཏུ་མི་མཐུན་པའི་ལུས་ཐོབ་པའི་ཕྱིར་ཚེ་རབས་ཕྱི་མ་ལ་རྗེས་སུ་མི་འབྲང་བས་ན་དེ་ཁོ་ན་བཞིན་དུ་བཅས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་དང་བློ་གྲོས་དང་བྱེ་བྲག་ཕྱེད་པའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด