རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๓ · หน้า 190a
བྱའོ། །དགེ་བའི་སེམས་མ་སྐྱེས་པའི་མི་མཐུན་པ་ཉོན་མོངས་པའི་གཉེན་པོའི་ཕྱོགས་དང་མཐུན་ཞིང་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་གཉིས་རྣམ་པར་སྤངས་པས་མཐུན་པ་དང་ལྡན་པས་དགེ་བའི་ཆོས་སྐྱེས་པ་རྣམས་མི་འཕྲོགས་པ་ལ་གནས་པས་མི་རྨོངས་པའི་ཕྱིར་རྣལ་དུ་གནས་པ་སྟེ།
འཕེལ་ཞིང་སྤངས་པར་འགྲོ་བའི་ཕྱིར་རོ། །ཉོན་མོངས་པ་སྐྱེས་པ་རྣམས་དང་ལྷན་ཅིག་མི་གནས་པས་སྤོང་བར་བྱེད་པས་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ཁྱད་པར་ཅན་ཞེས་བྱའོ། །རིག་པའི་གནས་མངོན་པར་རྟོགས་པའི་སྦྱོར་བའི་སྒོ་ནས་ཞུགས་པའི་ཕྱིར་དང་། དེ་ཐོབ་པར་བྱེད་པའི་ལམ་ནས་ཞུགས་
པ་ཉེ་བར་བཟུང་ནས་ཚོལ་བ་པ་ཞེས་བྱའོ། །ཁོང་དུ་ཆུད་པའི་རིག་པའི་གནས་རྣམས་ལ་སྒོམ་ཞིང་ནན་ཏན་བྱེད་པས་སློབ་པ་ནི་སློབ་པའི་བརྩོན་འགྲུས་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་དང་ལྡན་པའི་ཕྱིར་ཕ་རོལ་གྱི་དོན་བྱེད་པའི་བརྩོན་འགྲུས་ཞེས་བྱའོ། །ཉེས་པ་བྱས་པ་ལས་སླར་གསོ་བའི་སྦྱོར་བ་ནི་ཀུན་ནས་
སྲུང་བའི་བརྩོན་འགྲུས་ཞེས་བྱའོ། །མངོན་པར་མོས་པ་དང་། འདུན་པ་སྔོན་དུ་འགྲོ་བ་དང་། གཉེན་པོའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་འཐོབ་པ་དང་སྤོང་བའི་བརྩོན་འགྲུས་དང་། ལུང་དང་རྟོགས་པའི་ཆོས་ལ་ནན་ཏན་བྱེད་པའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་ལ་ནན་ཏན་བྱེད་པའི་བརྩོན་འགྲུས་
དང་། བསླབ་པ་རྗེས་སུ་སྲུང་བའི་བརྩོན་འགྲུས་ཏེ། བདུན་པོ་འདི་དག་གི་དབང་དུ་བྱས་ནས་ཇི་ལྟར་རིགས་པར་རིག་པར་བྱའོ། །བཟོད་པ་བཞིན་དུ་ཞེས་བྱ་བ་ནི་རྣམ་པ་བརྒྱད་དུའོ། །སློང་མོའི་དོན་དུ་སྡུག་བསྔལ་བའི་སེམས་ཅན་རྣམས་འོངས་པ་ལ་བཟོད་པ་ཞེས་བྱ་བ་དེ་འདིར་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ།
སེམས་ཅན་གཞན་དག་ལ་ཡང་དེ་བཞིན་ནོ། །སྤྱོད་པ་དང་རྗེས་སུ་མཐུན་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །འཚམ་པ་ཞེས་བསྟན་པའི་ཕྱིར་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པའོ། །དུས་རིང་པོར་ཡོངས་སུ་འདྲིས་པའི་དངོས་པོ་ལ་སྦྱོར་བའི་ཕྱིར་གོམས་པ་དང་ཞེས་བྱའོ། །མ་འོངས་པའི་དུས་སུ་ཡང་རྒྱུན་མི་
འཆད་པར་གུས་པར་སྦྱོར་བའི་ཕྱིར་མི་གཡེལ་བ་ཞེས་བྱའོ། །བདག་ཉིད་ཀྱང་ལྟ་བ་མཆོག་ཏུ་འཛིན་པ་ལ་མངོན་པར་ཞེན་པར་མི་བྱེད་པའི་དུས་སམ། གཞན་དག་ལས་གདམས་ངག་དང་རྗེས་སུ་བསྟན་པ་བཟུང་ནས་སྒྲུབ་པར་བྱེད་པའི་དུས་སུ་ཡང་རུང་ཕྱིན་ཅི་མ་ལོག་པའི་ལྟ་བའི་དབང་གིས་ཡང་དག་པར་
เล่ม ๑๓๓ · หน้า 190b
མཚོན་པའི་སྦྱོར་བ་ཡིན་པའི་ཕྱིར་ལེགས་པར་ཟིན་པ་ཞེས་བྱའོ། །མཚན་མ་བསྒོམ་པའི་དུས་སུ་སྦྱོར་བའི་ཕྱིར་དུས་སུ་གོམས་པར་བརྩོན་པ་ཞེས་བསྟན་ཏེ། །མཚན་མ་རྣམ་པ་དྲུག་ལ་མཁས་པ་ནི་མཚན་མ་རྟོག་པ་དང་ལྡན་པའི་བརྩོན་འགྲུས་ཞེས་བྱའོ། །མཚན་མ་ཉིད་ཀྱང་དང་པོ་ཉིད་དུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་
ཤེས་པས་ཉེ་བར་མཚོན་ནས་མཚན་མ་རྣམས་ཡང་དག་པར་བཟུང་ནས་མི་བརྗེད་པར་མཚོན་པའི་དུས་སུ་ཡོངས་སུ་ཤེས་ཤིང་རབ་ཏུ་རྟོགས་པའོ། །ཟབ་པ་ནི་དེ་ཁོ་ནའི་དོན་ཁོང་དུ་ཆུད་པའི་བརྩོན་འགྲུས་སོ། །མཐུ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བ་ནི་བསམ་གྱིས་མི་ཁྱབ་པའི་བརྩོན་འགྲུས་སོ། །བདག་ཉིད་
ལ་ཁྱད་དུ་མི་གསོད་པ་ནི་དེ་དག་ཀྱང་མིར་གྱུར་པས་འདི་ལྟ་བུའི་བརྩོན་འགྲུས་བརྩམས་ཀྱིས་བདག་ཀྱང་མིར་གྱུར་པ་ཡིན་པས་རིམ་གྱིས་བསྒྲུབ་པར་བྱའོ་ཞེས་གོ་ཆ་བགོ་བར་བྱེད་ཅིང་། གོ་ཆ་ཆེན་པོའི་སྦྱོར་བ་མི་འདོར་ཞིང་བདག་གིས་མི་ནུས་སོ་ཞེས་བྱ་བའི་འདུ་ཤེས་ཡིད་ལ་མི་བྱེད་པའི་ཕྱིར་ཞུམ་པར་མི་བྱེད་པའོ། །བར་
མ་དོར་ལྡོག་པར་མི་འགྱུར་བའི་ཕྱིར་ཆོག་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། །བཅུ་པོ་འདི་དག་ནི་རྣམ་པར་དག་པའི་བརྩོན་འགྲུས་ཀྱི་རྣམ་པ་ཡིན་ནོ། །མདོར་བསྡུ་ན་སྦྱོར་བ་རྣམ་པ་ལྔས་རྣམ་པར་དག་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་གྱི་སྦྱོར་བ་རྣམ་པར་དག་པ་དང་རྗེས་སུ་སྐྲག་པ་དང་། ཡང་དག་པར་དགའ་
བ་དང་བྲལ་བའི་སྒྲུབ་པ་རྣམ་པར་དག་པ་དང་། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་རྣམ་པར་དག་པ་དང་། ཞི་གནས་ཀྱི་སྦྱོར་བ་རྣམ་པར་དག་པ་དང་། འབྲས་བུའི་ཁྱད་པར་ལ་སྦྱོར་བ་རྣམ་པར་དག་པ་སྟེ། ཇི་ལྟར་རིགས་པར་སྦྱར་བར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་འགྲེལ་པ་སྟེ་བཅུ་
གཉིས་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་ཀྱི་རྣམ་པ་ནི་བཞིར་རྣམ་པར་གཞག་པར་བྱ་སྟེ། གང་ཡང་དམིགས་པ་ཉིད་སྨྲས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་བསམ་པ་སྔོན་དུ་འགྲོ་བའི་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་ཐོས་
པ་དང་། དེའི་དོན་བསམ་པ་སྔོན་དུ་འགྲོ་བར་བྱས་ནས་བསྒོམ་པ་དང་ལྡན་པས་བསྐྱེད་པའི་སེམས་རྩེ་གཅིག་པ་གང་ཡིན་པ་དེ་ནི་དམིགས་པ་ཞེས་བྱ་བར་རྣམ་པར་གཞག་པར་བྱ་སྟེ། བསམ་གཏན་གྱི་དབང་དུ་བྱས་པའི་ཆོས་རྣམས་དེ་ལས་སྐྱེད་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པ་སྨྲས་པ། འཇིག་རྟེན་པ་དང་།
เล่ม ๑๓๓ · หน้า 191a
འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམ་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་གང་གི་ཕྱིར་སྨྲས་པ། སེམས་རྩེ་གཅིག་པ་ཞེས་བྱ་བ་ལ་དམིགས་པ་གཅིག་ལ་སེམས་རྣམ་པར་མི་གཡེང་བའི་རྒྱུན་གྱིས་འཇུག་པ་ནི་སེམས་རྩེ་གཅིག་པ་ཞེས་
བྱ་སྟེ། དམིགས་པ་ལ་གཏད་པས་ཞེས་བྱས་ནས་སོ། །དེའི་ཕྱིར་སྨྲས་པ། སེམས་གནས་པ་ཞེས་བྱའོ། །རབ་ཏུ་དབྱེ་བ་ནི་གང་གི་ཕྱིར་སྨྲས་པ། ཞི་གནས་ཀྱི་ཕྱོགས་སམ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གྱི་རྩ་བ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ལ། ཉེ་བར་གྱུར་པ་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །གཞི་ལ་
བརྟེན་ནས་འཕགས་པའི་ལམ་སྐྱེ་བས་གཉིས་ཀའི་ཕྱོགས་སོ། །ཡང་ན་སེམས་གནས་པ་རྣམ་པ་དགུ་ནི་ཞི་གནས་ཀྱི་ཕྱོགས་སོ། །སེམས་གནས་པ་རྣམ་པ་བཞི་ནི་ལྷག་མཐོང་གི་ཕྱོགས་སོ། །འཕགས་པའི་ལམ་ནི་གཉི་གའི་ཕྱོགས་སོ། །བདག་ཉིད་ཀྱི་རྣམ་པ་ཐམས་ཅད་དང་། བདག་ཉིད་ཀྱི་བྱ་བ་ཐམས་ཅད་
ཀྱི་དབང་དུ་བྱས་ནས་བསམ་གཏན་ཐམས་ཅད་རྣམ་པར་གཞག་པར་བྱའོ། །བསམ་གཏན་ཐམས་ཅད་ཀྱི་རྣམ་པ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའོ། །བྱ་བ་ནི་རྣམ་པ་གསུམ་སྟེ། ཚེ་འདི་ལ་བདེ་བར་རེག་པར་བྱ་བའི་ཕྱིར་གནས་པ་ནི་བདེ་བར་གནས་པར་བྱ་བའི་བསམ་གཏན་
ཞེས་བྱ་སྟེ། རང་གི་རྒྱུད་དུ་གཏོགས་པ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་དོ། །རེ་ཞིག་བྱང་
ཆུབ་སེམས་དཔའི་བྱ་བ་ནི་འདི་ཙམ་སྟེ། གང་ཡང་བདག་གི་རྒྱུད་སྣོད་དུ་རུང་བར་བྱ་བ་དང་སྣོད་དུ་རུང་བར་གྱུར་ནས་སངས་རྒྱས་ཀྱི་ཆོས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །ཅི་རིགས་པར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་གྱི་དོན་བྱ་བའི་བསམ་
གཏན་རྣམ་པར་སྤངས་པའོ། །འཇིག་རྟེན་པའི་ནི་རྣམ་པ་གསུམ་ཡང་ཡིན་ནོ། །ཀུན་ནས་ཉོན་མོངས་པ་རྣམ་པ་བཞི་སྤངས་པའི་བསམ་གཏན་ནི་ཚེ་འདི་ཉིད་ལ་བདེ་བར་གནས་པ་ཡང་དག་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྣམ་པར་རྟོག་པའི་རབ་ཏུ་རྒྱུ་བ་དང་བྲལ་བ་ནི་གང་གི་ཕྱིར་སྨྲས་
เล่ม ๑๓๓ · หน้า 191b
པ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་སྔར་བསྟན་པ་རྣམས་སོ། །དེ་ཁྱད་པར་ཅན་དུ་གྱུར་པ་ལས་ཤིན་ཏུ་སྦྱངས་པས་བསྐྱེད་པས་མཆོག་ཏུ་རབ་ཏུ་ཞི་བ་ཞེས་བྱ་བ་ལ། རྟེན་ལ་ཕན་འདོགས་པའི་ཁྱད་པར་དང་ལྡན་པས་
ཤིན་ཏུ་སྦྱངས་པས་བསྐྱེད་པའོ། །རང་གི་ངང་གིས་འཇུག་པའི་ཕྱིར་མཆོག་ཏུ་ཞི་བ་ཞེས་བྱ་བའོ། །ལྟ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་རློམ་སེམས་དང་བྲལ་བ་ཞེས་བྱའོ། སྲེད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ་མྱོང་བ་མེད་པའོ། །གཟུགས་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་སྤངས་
པའི་ཕྱིར་མཚན་མ་ཐམས་ཅད་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐ་དད་པ་ནི་མང་བས་ན་སྣ་ཚོགས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཉིད་ནི་དེ་དག་གི་མིང་ཡང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། མིང་ཡང་མི་ཤེས་ན་ཞེས་བྱ་བའོ། །ངོ་བོ་ཡང་སྤྱོད་
ཡུལ་མ་ཡིན་པའི་ཕྱིར་ཚད་མེད་པ་ཉིད་དོ། །གང་གི་ཕྱིར་སྨྲས་པ། སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཞེས་བྱ་བའོ། །ཡོན་ཏན་སྒྲུབ་པའི་བསམ་གཏན་བསྟན་པས་ཁྱད་པར་དུ་འཕགས་པའི་ཡོན་ཏན་རྣམས་ངེས་པར་བསྟན་པའི་ཕྱིར་རོ། །ཉན་ཐོས་དང་ཐུན་མོང་བ་རྣམས་ཞེས་བྱ་བ་ནི་མིང་ཉིད་
ཀྱིས་ཡིན་གྱི་རྒྱ་ཆེ་བ་ནི་མ་ཡིན་ནོ། །བསམ་གཏན་ལ་བརྟེན་ནས་དེའི་སྟོབས་ཀྱིས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བདག་གི་ལུས་སྤྲུལ་པ་དུས་གཅིག་ཏུ་སྤྲོས་པས་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཕན་པ་བྱས་པ་རྣམས་ལ་ལན་དུ་ཕན་འདོགས་པའི་ཕྱིར་དུ་བྱེད་པ་དང་། འཇིགས་པ་
རྣམས་ལས་སྲུང་བ་དང་། སྡུག་བསྔལ་བར་གནས་པ་རྣམས་ཀྱི་མྱ་ངན་སེལ་བ་དང་། སྐྲག་པར་བྱེད་པའི་བར་དུའོ། །དེ་ལྟ་བུའི་བསམ་གཏན་གྱི་སེམས་ཅན་རྣམས་ཀྱི་བྱ་བ་སྒྲུབ་པར་བྱེད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཞེས་བྱའོ། བྱ་བ་སྒྲུབ་པ་ཉིད་ལ་དེ་དག་ལས་གཞན་པའི་བསམ་
གཏན་ནི་མེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པའོ། །བསམ་གཏན་ལས་ཡོངས་སུ་མ་ཉམས་པའི་རྣམ་པར་སྨིན་པའི་སྐྱེ་བ་གཞན་དག་གིས་བཟློག་པར་དཀའ་བ་གང་ཡིན་པ་བཟློག་པ་ནི་དཀའ་བའི་བསམ་གཏན་ཡིན་ནོ། །བྱང་ཆུབ་སེམས་དཔའ་བསམ་
เล่ม ๑๓๓ · หน้า 192a
གཏན་ལ་བརྟེན་ནས་བསམ་གཏན་དཔག་ཏུ་མེད་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་གཞན་དག་གིས་མི་ནུས་པ་དང་། ཉན་ཐོས་ལ་སོགས་པ་ལ་མེད་པ་གང་ཡིན་པ་དེ་ནི་དཀའ་བའི་བསམ་གཏན་གཉིས་པ་དང་གསུམ་པའོ། །དང་པོ་ནི་རྟོག་དཔྱོད་དང་ལྡན་པའོ། །གཉིས་པ་ནི་ཡིད་
བདེ་བའི་དབང་པོ་དང་ལྡན་པའོ། །གསུམ་པ་ནི་བདེ་བའི་དབང་པོ་དང་ལྡན་པའོ། །བཞི་པ་ནི་བཏང་སྙོམས་དང་ལྡན་པ་སྟེ། ཕྱིན་ཅི་ལོག་གི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །རང་གི་རྒྱུད་ཀྱི་བདེ་བ་ལ་འཇུག་པ་ཉེ་བར་གཟུང་ནས་ཟག་པ་མེད་པའི་དགེ་བ་ནི་རོ་མྱང་བ་མེད་པའི་ཕྱིར་སྐྱེས་བུ་དམ་
པའི་བསམ་གཏན་ཞེས་བྱ་སྟེ་སྲེད་པས་རོ་མ་མྱངས་པའི་ཕྱིར་རོ། །སེམས་ཅན་གཞན་ལ་བསྟན་ནས་གནོད་སེམས་ལ་སོགས་པའི་གཉེན་པོའི་ཕྱོགས་ཚད་མེད་པ་བཞི་ནི་སྐྱེས་བུ་དམ་པའི་བསམ་གཏན་ཞེས་བྱའོ། །རྣམ་པ་དྲུག་ནི་ཡང་རབ་ཏུ་དབྱེ་བ་ཉིད་ཀྱང་རྣམ་པ་གཉིས་སོ། །ཕྱོགས་ཀྱི་དབྱེ་བ་ཡང་རྣམ་པ་
གཉིས་སོ། །བྱ་བའི་བྱེ་བྲག་ཀྱང་རྣམ་པ་གཉིས་སོ། །རབ་ཏུ་དབྱེ་བ་ཉིད་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་ཐམས་ཅད་ནི་དགེ་བ་དང་། ལུང་དུ་མ་བསྟན་པ་སྟེ། ཉོན་མོངས་པ་ཅན་མེད་པའི་ཕྱིར་རོ། །ཕྱོགས་ཉིད་ཀྱི་དབྱེ་བ་ནི་ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་ཏེ། མ་འདྲེས་པའི་
དབྱེ་བའོ། །དེའི་ཕྱིར་གཉི་གའི་ཕྱོགས་མ་སྨོས་སོ། །བྱ་བའི་བྱེ་བྲག་ཉིད་ནི་གང་ཡང་བསམ་གཏན་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པའི་རང་གི་དོན་དང་གཞན་གྱི་དོན་ལ་ལེགས་པར་སེམས་པ་ནི་དོན་ལེགས་པར་ངེས་པར་བསམས་པའི་བསམ་གཏན་ཞེས་བྱའོ། །མངོན་པར་བསྒྲུབ་པའི་བསམ་གཏན་
ནི་ཁྱད་པར་ཅན་གྱི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །རྣམ་པ་བདུན་ནི་མདོར་བསྡུས་ན་དམིགས་པ་ཉིད་དོ། །བྱ་བ་ཉིད་དུ་རྣམ་པར་གཞག་པར་བྱའོ། །དམིགས་པ་ཡང་རྣམ་པ་གཉིས་ཏེ། མཉམ་པར་བཞག་པའི་ས་དང་། མཉམ་པར་མ་བཞག་པའི་ས་པའོ། །མིང་ལ་དམིགས་པ་ནི་
བསམ་གཏན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་མཉན་པ་དང་། གཟུང་བ་དང་། བཅང་བ་དང་། བསམ་གཏན་གྱི་སྟོབས་ཀྱིས་སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་ལ་ཡི་གེ་སྣ་ཚོགས་ཀྱིས་ཆོས་སྟོན་པ་སྟེ། བསམ་གཏན་དེ་ནི་མིང་ལ་དམིགས་པ་ཞེས་
เล่ม ๑๓๓ · หน้า 192b
བྱའོ། །དོན་ལ་དམིགས་པ་ནི་བསམ་གཏན་གྱི་སྟོབས་ཀྱིས་བསྟན་པའི་དོན་རྣམས་རྟོགས་ནས་གཞན་ལ་སྟོན་པ་ཉིད་དོ། །མཉམ་པར་གཞག་པའི་ས་པའི་དབང་དུ་བྱས་ནས་སྨྲས་པ། ཞི་གནས་ཀྱི་མཚན་མ་ལ་དམིགས་པ་ཞེས་བྱ་བ་ལ་དམིགས་པ་ནི་མཚན་མ་སྒོམ་པའི་དུས་སོ། །བྱ་བ་ཡང་རྣམ་པ་གཉིས་ཏེ།
བདག་དང་གཞན་གྱི་རྒྱུད་ཀྱི་དབྱེ་བའོ། །ཕོངས་ཤིང་འདོད་པ་དང་ལྡན་པའི་སེམས་ཅན་རྣམས་ཕོངས་པ་བསལ་བར་བྱ་བའི་ཕྱིར་དང་། འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་གཏན་ནི་ཕོངས་ཤིང་འདོད་པ་དང་ལྡན་པའི་བསམ་གཏན་ཞེས་བྱ་བའོ། །འབྱུང་པོ་དང་གདོན་ལ་སོགས་པ་ཉེ་བར་ཞི་བར་
བྱེད་པའི་སྒྲུབ་པའི་གསང་སྔགས་རྣམས་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་བརྟེན་ནས་བསམ་གཏན་གྱི་སྟོབས་དང་། གསང་སྔགས་ཀྱིས་བྱིན་གྱིས་བརླབས་པས་སེམས་ཅན་རྣམས་ཀྱི་འབྱུང་པོ་དང་གདོན་གྱི་གནོད་པ་འབྱུང་བ་རྣམས་རབ་ཏུ་ཞི་བར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་སྔགས་ཀྱི་ཚིག་
རྣམས་བསྟན་པས་ཉེ་བར་འཚེ་བ་ལ་སོགས་པ་དེ་དག་རབ་ཏུ་ཞི་བར་འགྱུར་རོ། །དང་པོར་བརྟགས་ནས་གནོད་པ་བྱུང་བ་རྣམས་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། བསམ་གཏན་གྱི་སྟོབས་ཀྱིས་དངོས་པོ་རྣམས་ཀྱི་རོ་དང་ནུས་པ་ཡོངས་སུ་གྱུར་པའི་ཁྱད་པར་ཤེས་ནས་བྱིན་གྱིས་རློབ་པར་བྱེད་པའི་བསམ་གཏན་དེ་
ཡང་དེའི་མིང་དུ་རྣམ་པར་གཞག་པ་འཐོབ་པོ། །མུ་གེའི་ངུ་འབོད་ཆེན་པོ་དག་བྱུང་བའི་ཚེ་ཞེས་བྱ་བ་ནི་ལོ་མང་པོར་ཤིན་ཏུ་དྲག་པའི་མུ་གེ་བྱུང་ཞིང་ཆར་མི་འབབ་པའི་ཚེ་ཆར་འབེབས་པར་བྱེད་དོ། །བསམ་གཏན་གྱི་སྟོབས་ཀྱིས་སེམས་ཅན་རྣམས་འཇིགས་པ་ལས་ཡོངས་སུ་སྐྱོབ་པར་ཡང་
བྱེད་དོ། །འབྲོག་དགོན་པ་ལ་སོགས་པར་ཞུགས་ཤིང་ལམ་སྟོར་བ་རྣམས་ལ་ལམ་སྟོན་ཅིང་བཞོན་པ་ལ་སོགས་པ་ཡང་སྒྲུབ་པར་བྱེད་དོ། །ལོངས་སྤྱོད་སྦྱིན་པས་འདུལ་བ་རྣམས་ལ་ལོངས་སྤྱོད་ཉེ་བར་སྒྲུབ་པར་བྱེད་དེ། དེ་དག་གདུལ་བའི་དོན་དུའོ། །དུས་གཅིག་ཏུ་ཕྱོགས་ཐམས་ཅད་དུ་
བག་མེད་པ་ལ་སྐུལ་བར་ཡང་བྱེད་དོ། །དེ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པར་བྱེད་དེ། དེ་དག་ནི་ཕོངས་ཤིང་འདོད་པ་དང་ལྡན་པའི་བསམ་གཏན་ཞེས་བྱའོ། །དང་པོར་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མ་ཞུགས་པ་རྣམས་འཇུག་པར་བྱེད་དོ། །གཉིས་པས་ནི་ཞུགས་པ་རྣམས་
เล่ม ๑๓๓ · หน้า 193a
ཡོངས་སུ་སྨིན་པར་བྱེད་དོ། །གསུམ་པ་རྗེས་སུ་བསྟན་པས་ནི་ཡོངས་སུ་སྨིན་པ་རྣམས་གྲོལ་བར་བྱེད་དོ། །སེམས་ཅན་ཉེས་པར་སྤྱོད་པ་རྣམས་འགྱོད་པ་བསྐྱེད་པའི་ཕྱིར་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའི་ས་སྟོན་པར་བྱེད་དོ། །སྔ་མ་གསུམ་ནི་ཚེ་འདི་ལ་བདེ་བ་ཞེས་བྱ་བའོ། །
ངན་འགྲོའི་ས་རྣམ་པར་སྟོན་པར་བྱེད་པ་ནི་ཚེ་ཕྱི་མ་ལ་བདེ་བའོ། །གཞན་དག་རྩོད་པ་བྱེད་པའི་དུས་དང་། དོན་སྟོན་པའི་དུས་སུ་ནི་སྤོབས་པ་ཉེ་བར་སྒྲུབ་པར་བྱེད་དོ། །དྲན་པ་ཉེ་བར་སྒྲུབ་པར་བྱེད་པ་ནི་ཆོས་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་པའི་དུས་སུའོ། །ཕྱིན་ཅི་མ་ལོག་པ་ནི་
ཡང་དག་པའི་ཆོས་ཀྱི་མཚན་ཉིད་ཉེ་བར་སྟོན་པ་ཉིད་ནི་བསྟན་བཅོས་ཏེ། གཞན་ལ་མི་ལྟོས་པར་དོན་གསལ་བར་སྟོན་པར་བྱེད་པའོ། །སྙན་ངག་ནི་ཚིགས་སུ་བཅད་པར་སྦྱར་བའོ། །མ་མོ་ཞེས་བྱ་བ་ནི་མདོ་སྡེའི་མན་ངག་སྟོན་པར་བྱེད་པའོ། །སྦྱོར་བ་རྣམ་པར་གཞག་པ་སྟོན་པར་བྱེད་ཅིང་
སྟོན་པ་ནི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཁ་ན་མ་ཐོ་བ་མེད་པའི་བཟོའི་གནས་ལ་སོགས་པ་ལ་སྔོན་གོམས་པར་བྱས་པས་ཞེས་བྱ་བ་དེ་ལྟ་བུ་ཡང་འདི་ལ་བདེ་བའི་བསམ་གཏན་ཞེས་བྱའོ། །འོད་ཟེར་སྤྲོས་པས་འགྲོ་བའི་སྡུག་བསྔལ་
སེལ་བར་བྱེད་པ་ཡང་འདི་ལ་བདེ་བའོ། །དེ་བཞིན་དུ་མདོར་བསྡུ་ན་རྣམ་པར་དག་པ་རྣམ་པ་ལྔས་རྣམ་པར་དག་པ་རྣམ་པར་གཞག་པ་རྣམ་པ་བཅུར་འགྱུར་རོ། །འཇིག་རྟེན་པའི་དག་པ་ནི་མདོར་བསྡུ་ན་དག་པར་བྱེད་པར་རིག་པར་བྱ་སྟེ། ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་པའམ། ངེས་པར་འབྱེད་པའི་ཆ་
དང་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་དང་། ཉམས་པའི་ཆ་དང་མཐུན་པ་དག་ནི་རང་གི་ས་པ་དང་། ས་འོག་མ་པ་དག་གི་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་ཕྱིར་མ་དག་པའོ། །དེའི་ཕྱིར་སྨྲས་པ། རོ་མྱོང་བ་མེད་པའི་བསམ་གཏན་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་དག་པ་
ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེ་དག་གཉིས་ཀ་ཡང་རྣམ་པར་དག་པས་དག་པ་ཞེས་བྱའོ། །སྦྱོར་བ་དང་། དངོས་གཞི་དག་གི་དག་པ་ནི་ཐོབ་པའི་དག་པ་ཞེས་བྱའོ། །གང་ཡང་སྨྲས་པ། སྦྱོར་བའི་དག་པས་དག་པ་དང་ཞེས་བྱ་བ་ལ་སོགས་པའོ། །དངོས་གཞི་ལས་ཁྱད་
เล่ม ๑๓๓ · หน้า 193b
པར་གོང་མ་རྣམ་པར་དག་པས་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པ་སྟེ། དེ་ཡང་ཐོབ་པའི་དག་པ་ཞེས་བྱའོ། །ཏིང་ངེ་འཛིན་ལ་འཇུག་པ་དང་། གནས་པ་ལ་སོགས་པ་ལ་དབང་བའི་སྦྱོར་བ་ཉིད་དང་། བསམ་གཏན་ལས་ཟློག་པ་ལ་དབང་བ་ཉིད་ཀྱི་སྦྱོར་བ་དང་། ཡོན་ཏན་ཡང་དག་པར་སྒྲུབ་
པ་ལ་དབང་བ་ཉིད་ཀྱི་སྦྱོར་བ་གང་དག་ཡིན་པ་ནི་དབང་བ་དག་པས་རྣམ་པར་དག་པའི་བསམ་གཏན་ནོ། །ལྟ་བར་གྱུར་པའི་སྐྱོན་ཐམས་ཅད་དང་བྲལ་བས་ནི་རྟེན་རྣམ་པར་དག་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྒྱུད་ལ་ཡོད་པ་རྣམས་རབ་ཏུ་སྤོང་བ་ནི་སྒྲིབ་པ་རྣམ་པར་དག་པས་རྣམ་པར་དག་པའི་
བསམ་གཏན་ཞེས་བྱའོ། །བསམ་གཏན་གྱི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ནི་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། གནས་སྐབས་ཉིད་ནི་གང་ཡང་སྨྲས་པ། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་ཞུགས་པ་ཞེས་བྱ་བ་ལ་མོས་པས་སྤྱོད་པའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཤེས་རབ་ནི་ཤེས་བྱ་ལ་རྗེས་སུ་འཇུག་པ་ཡིན་ཏེ། ཆོས་བདག་མེད་པ་རབ་ཏུ་རྟོགས་པ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ས་ལ་ཞུགས་པ་རྣམས་ཀྱི་ཤེས་རབ་ནི་ཤེས་བྱའི་རྗེས་སུ་ཞུགས་པ་ཡིན་ཏེ། །མངོན་པར་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ངོ་བོ་ཉིད་ནི་གང་ཡང་སྨྲས་པ། ཆོས་རྣམས་རབ་ཏུ་རྣམ་
པར་འབྱེད་པ་ཞེས་བྱ་བ་ལ། ཤེས་རབ་ནི་རབ་ཏུ་རྟོགས་པའི་མཚན་ཉིད་ཡིན་ཏེ། རབ་ཏུ་རྣམ་པར་འབྱེད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པ་ཉིད་ནི་གང་ཡང་སྨྲས་པ། རིག་པའི་གནས་ལྔ་པོ་ཞེས་བྱ་བ་ལ་རིག་པའི་གནས་ལྔ་པོ་དག་ལ་མཁས་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པའི་ཤེས་རབ་
ཀྱང་དེ་དག་ལ་དམིགས་པ་ཞེས་བྱ་བར་བརྗོད་པར་བྱའོ། །ཤེས་རབ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་བསྡུས་པ་ཉིད་ནི་གང་ཡང་སྨྲས་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་སྟེ། ཤེས་རབ་ཐམས་ཅད་ནི་འཇིག་རྟེན་པའི་དང་། འཇིག་རྟེན་
ལས་འདས་པས་བསྡུས་པར་འགྱུར་རོ་ཞེས་བྱ་བའོ། །རྣམ་པ་དེ་དག་གཉི་ག་ཡང་ཅི་རིགས་པར་གསུམ་དུ་རིག་པར་བྱ་སྟེ། དེ་ཁོ་ནའི་རྗེས་སུ་ཞུགས་པ་དང་། མཁས་པའི་རྗེས་སུ་ཞུགས་པ་དང་། བྱ་བའི་རྗེས་སུ་ཞུགས་པ་སྟེ། དབྱེ་བ་ནི་དེ་དག་གོ། །དེ་ཁོ་ནའི་རྗེས་སུ་ཞུགས་པ་ཡང་རྣམ་པ་བཞིར་
เล่ม ๑๓๓ · หน้า 194a
རྣམ་པར་གཞག་པར་བྱ་སྟེ། དམིགས་པ་ཉིད་དང་། རབ་ཏུ་དབྱེ་བ་ཉིད་དང་། རྣམ་པ་ཉིད་དང་། ཞུགས་པའི་ལམ་རྣམ་པར་གཞག་པའོ། །དེ་ལ་དམིགས་པ་རྣམ་པར་གཞག་པ་ནི་བདེན་པའི་ཚུལ་གྱི་དབང་དུ་བྱས་ནས་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་བདེན་པ་བཞི་པའོ། །དེའི་ཕྱིར་སྨྲས་
པ། ཆོས་བདག་མེད་པ་བརྗོད་དུ་མེད་པ་ལས་བརྩམས་ཏེ་ཞེས་བྱ་བའོ། །བདེན་པ་རྟོགས་པར་བྱ་བའམ་ཞེས་བྱ་བ་ལ་སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་དབྱེ་བས་རྣམ་པ་གསུམ་མོ། །དེ་ལ་མངོན་པར་རྟོགས་པ་ལ་སྦྱོར་བའི་ཤེས་རབ་ཀྱི་དབང་དུ་བྱས་ནས་སྨྲས་པ། བདེན་པ་རྟོགས་པར་བྱ་བའམ་
ཞེས་བྱ་བ་ལ། དེ་ནི་མོས་པས་སྤྱོད་པའི་སར་གཏོགས་པའོ། །མངོན་པར་རྟོགས་པས་རབ་ཏུ་ཕྱེ་བའི་དབང་དུ་བྱས་ནས་སྨྲས་པ། བདེན་པ་རྟོགས་པའི་དུས་སམ་ཞེས་བྱ་བས་ནི་ས་དང་པོ་ལ་ཞུགས་པའི་དུས་སུའོ། །དེའི་རྗེས་ལ་ཐོབ་པའི་དབང་དུ་བྱས་ནས་སྨྲས་པ། བདེན་པ་མངོན་པར་རྟོགས་པ་ཡན་ཆད་
ཅེས་བྱ་བ་སྟེ། དེ་ནི་ས་གཞན་ལ་རིག་པར་བྱའོ། །དེ་ལྟ་བུ་ནི་རབ་ཏུ་དབྱེ་བ་ཉིད་དོ། །རྣམ་པའི་དབང་དུ་བྱས་ནས་སྨྲས་པ། མཆོག་ཏུ་རབ་ཏུ་ཞི་བར་ཉེ་བར་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྟོག་པའི་རྒྱུ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའོ། །རྣམ་པར་རྟོག་པའི་སྤྱོད་
ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་དང་། ཚིག་གིས་བརྗོད་པའི་གནས་དང་བྲལ་པའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱའོ། །དེ་བཞིན་ཉིད་དུ་རོ་གཅིག་པ་རབ་ཏུ་རྟོགས་པའི་ཕྱིར་དང་།
མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཉིད་དུ་བསྟན་པའི་ཕྱིར་སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས་པ་ཞེས་བྱ་བ་ལ་དེ་བཞིན་ཉིད་ཀུན་དུ་འགྲོ་བ་ལ་ཞུགས་པའི་ཕྱིར་སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས་པ་ཞེས་བྱའོ། །མཆོག་ལ་སོགས་པའི་རྣམ་པ་རབ་ཏུ་རྟོགས་པའི་ཕྱིར་ཤེས་བྱའི་མཐར་ཕྱིན་པའོ། །གཉིས་སུ་མེད་
པས་རབ་ཏུ་ཕྱེ་བས་མཐའ་གཉིས་རྣམ་པར་སྤངས་པའོ། །མཐའ་གཉིས་རྣམ་པར་སྤངས་པའི་ཕྱིར་དབུ་མའི་ལམ་དུ་འགྲོ་བའོ་ཞེས་བྱ་སྟེ། ཇི་སྐད་དུ་མདོ་སྡེ་ལས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །འདི་གཉིས་ཀྱི་དབུས་གང་ཡིན་པ་
เล่ม ๑๓๓ · หน้า 194b
དེ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་ཤེས་པར་བྱར་མེད་པ་གང་ཡིན་པ་དེ་ནི་འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ཀྱི་ཡང་དག་པ་ལ་རྟོགས་པ་ཞེས་བརྗོད་དོ་ཞེས་བསྟན་པ་ཡིན་ནོ། །གནས་བརྒྱད་ལ་མཁས་པ་ནི་རྣམ་པར་གཞག་པའི་རབ་ཏུ་ངེས་པ་
ཡིན་པར་རིག་པར་བྱའོ། །རྒྱས་པར་ནི་རིགས་ཀྱི་ལེའུའི་རྗེས་སུ་འབྲངས་ནས་སོ། །དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་ནི་དང་པོ་དགེ་བའི་ཆོས་ཀྱི་ཚོགས་སོ། །གཉིས་པ་ནི་མི་དགེ་བའི་ཆོས་ཀྱི་ཚོགས་སོ། །གསུམ་པ་ནི་ལུང་དུ་མ་བསྟན་པའི་ཆོས་ཀྱི་ཚོགས་སོ། །དེ་དག་ལ་དེ་ནི་རྣམ་པ་ཡོངས་སུ་ཤེས་པ་ལ་
མཁས་པའོ། །རྣམ་གྲངས་གཞན་ཡང་ཆོས་ཐམས་ཅད་ཀྱི་དོན་དམ་པའི་ཚུལ་གྱི་དབང་དུ་བྱས་ནས་དོན་དམ་པར་ཡོད་པ་ནི་ཚོགས་དང་པོའོ། །རང་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་རྫས་སུ་ཡོད་པའི་དབང་དུ་བྱས་པ་ནི་ཚོགས་གཉིས་པའོ། །ཀུན་རྫོབ་ཀྱི་ཚུལ་གྱིས་བཏགས་པ་ཉིད་དུ་ཡོད་པའི་དབང་དུ་བྱས་པ་ནི་
ཚོགས་གསུམ་པའོ། །གནས་བརྒྱད་ལ་མཁས་པས་བསྡུས་པའི་ཤེས་རབ་ནི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། །རྗེས་སུ་མཐུན་པའི་ཕྱིར་དང་། ཤིན་ཏུ་ཕན་འདོགས་པར་བསྟན་པའི་ཕྱིར་དང་། མཁས་པ་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་གསུམ་པ་ནི་རབ་ཏུ་དབྱེ་ན་བཅུ་གཅིག་ཏུ་རིག་
པར་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཅེས་བྱ་བ་ལ་སོགས་པའོ། །དཀའ་བའི་ཤེས་རབ་ནི་རྣམ་པ་གསུམ་དུ་བསྟན་ཏེ། དེ་ཁོ་ནའི་དོན་རྟོགས་པའི་མཐར་ཐུག་པ་ཉིད་དེ། ཆོས་བདག་མེད་པ་རབ་ཏུ་རིག་པའི་རྣམ་པས་ཞུགས་པ་ཉིད་དང་། གདུལ་བའི་
ཐབས་ཀྱི་མཐར་ཐུག་པ་ཉིད་དེ། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་གདུལ་བའི་ཐབས་ཡོངས་སུ་ཤེས་པའི་ཕྱིར་དང་། ཤེས་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་ཐོགས་པ་མེད་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་དེ་དག་ནི་བདག་དང་གཞན་ལ་ཕན་པ་སྒྲུབ་པ་དང་། གཞན་ལ་ཕན་པའི་
ཐབས་སྒྲུབ་པ་དང་། གཞན་ལ་ཕན་པའི་ནུས་པ་སྒྲུབ་པའི་དབང་དུ་བྱས་པ་ཡིན་པར་རིག་པར་བྱའོ། །མཉམ་པར་མ་བཞག་པའི་ས་པའི་སྦྱོར་བའི་དབྱེ་བ་དང་། མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་ས་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པ་འཕེལ་བ་དང་། མཉམ་པར་བཞག་པའི་
เล่ม ๑๓๓ · หน้า 195a
ས་པའི་ཤེས་རབ་ཀྱི་དབང་དུ་བྱས་ནས་སྒོ་བཞིར་རྣམ་པར་གཞག་པར་བྱའོ། །མཉམ་པར་མ་བཞག་པའི་སྦྱོར་བ་ལས་བྱུང་བའི་ཤེས་རབ་ཀྱང་རྣམ་པ་གཉིས་ཏེ། དམ་པའི་ཆོས་ཐོས་པའི་རྗེས་ལ་ཐོབ་པའི་སྦྱོར་བ་ལས་སྐྱེས་པ་ཐོས་པ་ལས་བྱུང་བའི་ཤེས་རབ་དང་། དེ་ཉིད་ལ་ཚུལ་བཞིན་ཡིད་ལ་
བྱེད་པ་དང་ལྡན་པས་རིགས་པས་ངེས་པར་བརྟགས་པའི་སྦྱོར་བ་ལས་སྐྱེས་པ་བསམས་པ་ལས་བྱུང་བའོ། །དེ་ཉིད་སྦྱོར་བ་བྱེད་པའི་དུས་སུ་ལུས་ཀྱི་སྟོབས་དང་། ནུས་པ་དང་། བརྟན་པ་དང་བཅས་པས་གེགས་སུ་གྱུར་པ་ཟིལ་གྱིས་མནན་ནས་སྒྲུབ་པར་བྱེད་པ་ནི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། །བྱང་ཆུབ་
སེམས་དཔའི་བྱ་བ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བྱ་བ་ལ་འཇུག་པ་དང་། བྱ་བ་མ་ཡིན་པ་ལས་ལྡོག་པའོ། །མཉམ་པར་བཞག་པའི་ས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་བསྡུས་པ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་བསྒོམས་པའི་སྟོབས་ཞེས་བརྗོད་དོ། །དེའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་ཕྱིར་སྨྲས་པ། ཚད་མེད་
པའོ་ཞེས་བྱ་བའོ། །སྐྱེས་བུ་དམ་པ་མ་ཡིན་པའི་ཤེས་རབ་ལས་བཟློག་པ་ནི་སྐྱེས་བུ་དམ་པའི་ཤེས་རབ་ཏུ་རྣམ་པར་གཞག་པར་ཤེས་པར་བྱའོ། །སྐྱེས་བུ་དམ་པ་མ་ཡིན་པའི་རིམ་གྱིས་འཇུག་པའི་ཤེས་རབ་ནི་རྣམ་པ་ལྔར་འགྱུར་རོ། །དེ་ལ་དང་པོར་སྐྱེས་བུ་དམ་པ་མ་ཡིན་པ་དང་བསྟན་པ་ལས་དམ་པ་མ་ཡིན་
པའི་ཆོས་ཐོས་པས་ཕྱིན་ཅི་ལོག་གི་ཐོས་པ་ལས་བྱུང་བའི་ཤེས་རབ་ཐོབ་པའོ། །དེའི་རྗེས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པས་ཕྱིན་ཅི་ལོག་གི་བསམས་པ་ལས་བྱུང་བའི་ཤེས་པའོ། །དེ་ལས་བདག་དང་གཞན་གྱི་དོན་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལས་ཐབས་མ་ཡིན་པ་དང་བཅས་པའི་
བསྒོམས་པ་ལས་བྱུང་བའོ། །དེ་ལྟར་རབ་ཏུ་ཞུགས་པ་ལས་ཕྱིན་ཅི་ལོག་གི་ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག་པ་ལས་ཕྱིན་ཅི་ལོག་གི་ཆོས་ལ་གནས་པའི་ཤེས་པ་འབྱུང་ངོ་། །དེ་ལྟ་བུའི་ལམ་ནས་དེ་ལྟར་རིམ་གྱིས་ཞུགས་པ་ལས་ཉོན་མོངས་པ་ཟློག་པ་ཐོབ་པར་མི་འགྱུར་ཏེ། ཤེས་རབ་དེས་ཀུན་ནས་ཉོན་
མོངས་པ་སྤོང་བར་མི་འགྱུར་རོ། །དེ་དག་ལས་བཟློག་པས་ནི་སྐྱེས་བུ་དམ་པའི་ཤེས་རབ་ལ་རིམ་གྱིས་འཇུག་པར་རིག་པར་བྱའོ། །རྣམ་གྲངས་གཉིས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ནན་ཏན་བྱ་བའི་དབྱེ་བ་དང་། རྒྱུའི་རབ་ཏུ་དབྱེ་བའི་དབང་དུ་བྱས་ནས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ཁོ་
เล่ม ๑๓๓ · หน้า 195b
ནའི་དོན་ཡང་ངོ་བོ་ཉིད་དང་། གྲངས་སུ་ཡོངས་སུ་བཅད་པས་ཆ་ཕྲ་བ་དང་། མཁས་པར་ཤེས་པར་བྱའོ། །སྔོན་གྱི་ལས་ལས་ངེས་པར་བྱུང་བའི་ཤེས་རབ་ནི་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ནི་སྐྱེ་བས་ཐོབ་པ་ཞེས་བྱའོ། །རྒྱུ་བསྟན་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་
ཕྱིར་ཞེས་བྱ་བ་སྟེ། སྔོན་གྱི་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་ལ་སོགས་པ་ལས་སྐྱེས་པ་ནི་ལུང་དང་ལྡན་པའི་ཤེས་རབ་ཅེས་བྱའོ། །ས་བཅུ་རྣམས་སུ་སོ་སོར་རིག་པ་ནི་རྟོགས་པ་དང་ལྡན་པ་ཞེས་བྱའོ། །དམིགས་པ་དང་།
རྣམ་པའི་དབྱེ་བས་དང་། བྱ་བ་གཉིས་བྱས་པའི་ལམ་གྱི་ཤེས་རབ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། འཕགས་པའི་བདེན་པ་བཞི་ཤེས་པའི་དབྱེ་བས་ནི་རྣམ་པ་བཞིའོ། །འདི་ཉིད་ལ་ཉོན་མོངས་པ་ཟད་པ་ཤེས་པ་དང་། མ་འོངས་པ་ན་ཕུང་པོ་མི་སྐྱེ་བ་ཤེས་པའོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་
འདས་པའི་དབང་དུ་བྱས་ནས་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམ་པར་གཞག་གོ། །གཉེན་པོའི་ཕྱོགས་ཤེས་རབ་ཀྱི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། མཐུའི་རབ་ཏུ་དབྱེ་བ་དང་། རྒྱུའི་དངོས་པོའི་ཁྱད་པར་དང་། སྦྱོར་བའི་ཁྱད་པར་དང་། རྟེན་གྱི་ཁྱད་པར་གྱི་དབང་དུ་བྱས་ནས་རྣམ་པ་བདུན་དུ་རྣམ་
པར་གཞག་གོ། །དེ་ལ་ཟག་པ་མེད་པའི་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོའི་ཕྱོགས་སུ་གྱུར་པ་ནི་ཆོས་ཤེས་པའི་བཟོད་པའོ། །གཟུགས་དང་གཟུགས་མེད་པའི་གཉེན་པོའི་ཕྱོགས་སུ་གྱུར་པའི་རྗེས་སུ་རྟོག་པ་ཤེས་པ་སྟེ། དེ་ལྟར་ན་གཉེན་པོའི་ཕྱོགས་སོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་ཀུན་
རྫོབ་ཀྱི་རྣམ་པ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཞེས་བརྗོད་དོ། །མཐུ་རྣམ་པ་དྲུག་དང་ལྡན་པ་ནི་ཡང་མངོན་པར་ཤེས་པ་ཞེས་བྱའོ། །མཚན་རྣམས་ངེས་པར་སྒྲུབ་པར་བྱེད་པ་ཤེས་པ་ནི་མཚན་རྣམས་ཀྱི་རྒྱུ་ཡོངས་སུ་ཤེས་པའི་ཕྱིར་མཚན་ཉིད་ཤེས་པའི་ཤེས་པ་ཞེས་བྱའོ། །སྟོབས་བཅུའི་སྦྱོར་བར་གྱུར་པའི་
ཡེ་ཤེས་ནི་སྟོབས་བཅུ་སྔོན་དུ་འགྲོ་བའི་ཤེས་པའོ། །ཡང་གཞན་དག་ནི་སྟོབས་བཅུའི་སྒོ་ནས་འཇུག་པ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །རིགས་པ་རྣམ་པ་བཞི་ལ་བརྟེན་ནས་དེ་དང་དེ་ལས་རིགས་པས་ཡོངས་སུ་བརྟགས་པའི་རྣམ་པ་ནི་རིགས་པ་ཤེས་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་སྟོན་པ་ལ་མཁས་
เล่ม ๑๓๓ · หน้า 196a
པ་དང་། བསྟན་པ་རྗེས་སུ་སྲུང་བ་ལ་ནུས་པ་དང་ལྡན་པ་དང་། ཁྱིམ་རྒྱུད་ལེགས་པར་བསྐྱང་བ་ལ་མཁས་པ་དང་། རྒྱལ་པོའི་ཚུལ་དང་། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པའི་དབང་དུ་བྱས་ནས་ཕོངས་ཤིང་འདོད་པ་དང་ལྡན་པ་རྣམས་ལ་ཆོས་ཉེ་བར་སྒྲུབ་པར་བྱེད་པ་ཉིད་དང་། ཁོང་དུ་ཆུད་
པར་བྱ་བ་ལ་སོགས་པ་ཉེ་བར་བསྒྲུབ་པ་ནི་ཕོངས་ཤིང་འདོད་པའི་ཤེས་རབ་ཅེས་བྱ་བར་རྣམ་པར་གཞག་གོ། །རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་སྟོན་པ་ལ་མཁས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞིར་རིག་པར་བྱ་སྟེ། ཤེས་པ་གང་གིས་ཆོས་རྣམས་ཀྱི་རྣམ་གྲངས་ངེས་པར་སྟོན་པ་ལ་ཐོགས་པ་མེད་པའི་རྣམ་པས་
རབ་ཏུ་མཁྱེན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །མཚན་ཉིད་ལས་བརྩམས་ནས་དེ་བཞིན་དུ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ངེས་པའི་ཚིག་བརྗོད་པ་ལས་བརྩམས་ནས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །རབ་ཏུ་དབྱེ་བ་ལས་བརྩམས་ནས་སྤོབས་
པ་སོ་སོ་ཡང་དག་པར་རིག་པའོ། །ཤེས་རབ་གང་གིས་མུ་སྟེགས་ཅན་གྱི་ཉེས་པ་བརྗོད་པར་ནུས་པས་ཕས་ཀྱི་རྒོལ་བ་ཚར་གཅོད་པ་གང་ཡིན་པ་དེ་ནི་ཚར་གཅོད་པའི་ཤེས་རབ་ཅེས་བྱའོ། །གང་ཡང་རང་གི་ཕྱོགས་ཀྱི་ཡོན་ཏན་རྗོད་པར་བྱེད་པ་ཉིད་ནི་རང་གི་གྲུབ་པའི་མཐའ་ཐོབ་པ་སྟོན་པར་བྱེད་པ་ནི་ཡང་དག་པར་
རྣམ་པར་འཇོག་པའི་ཤེས་རབ་ཅེས་བྱའོ། །ཁྱིམ་རྒྱུད་ལེགས་པར་བསྐྱང་བ་ལ་མཁས་པས་ནི་ཁྱིམ་གྱི་འབྱོར་པ་འཕེལ་བར་བྱེད་དོ། །རྒྱལ་པོའི་བྱ་བ་ལ་མཁས་པ་དང་། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པས་རྒྱལ་པོ་བསྲུང་པ་དང་། འཇིག་རྟེན་ཤེས་པའི་ཤེས་རབ་ཅེས་བྱའོ། །ངེས་པ་ཞེས་བྱ་བ་ནི་ཤིན་
ཏུ་ངེས་པ་སྟེ། མཁས་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་གནས་ཉིད་དང་། ཤེས་རབ་ཀྱི་བྱ་བ་དེ་ཉིད་ཀྱིས་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་རྣམ་པར་གཞག་པར་བྱའོ། །རིག་པའི་གནས་རྣམ་པ་ལྔ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་ཤིན་ཏུ་རྣམ་པར་བྱང་བ་སྟེ། རྣམ་པར་གནས་པའི་
དབང་དུ་བྱས་ནས་ཆོས་དང་ཆོས་ཀྱི་རྗེས་སུ་མཐུན་པའི་རྗེས་སུ་འགྲོ་བས་སོ། །རབ་ཏུ་གནས་པ་ནི་མ་ཡིན་ཞེས་བྱ་བ་ནི་རིག་པའི་གནས་བཞི་ལ་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་གནས་པར་མི་བྱེད་པའི་ཕྱིར་རོ། །ཤེས་རབ་གང་དང་གང་གིས་དེ་དང་དེ་ལ་རྨོངས་པ་རྣམས་ལ་བསྟན་པ་ནས། ཡང་
เล่ม ๑๓๓ · หน้า 196b
དག་པར་དགའ་བར་བྱེད་པའི་བར་ནི་བྱ་བ་བྱས་པའི་ཤེས་རབ་ཅེས་བྱའོ། །དབྱེ་བ་གཉིས་ཀྱིས་ཐ་དད་དུ་བྱས་པས་དོན་རྣམ་པ་ལྔ་ཉིད་ལ་བརྟེན་ནས་དེ་ལ་དམིགས་པའི་ཤེས་རབ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་དག་པ་བཅུར་རིག་པར་བྱའོ། །དོན་རྣམ་པ་ལྔ་ནི་དེ་ཁོ་ནའི་དོན་དང་། འཇུག་པའི་དོན་དང་། ཉེ་
བར་ལེན་པའི་དོན་དང་། ཐབས་ཀྱི་དོན་དང་། མཐར་ཐུག་པའི་དོན་ཏོ། །དེ་ཁོ་ནའི་དོན་ཡང་རྣམ་པ་གཉིས་ཏེ། དེ་ཁོ་ནའི་དོན་ཡང་དག་པ་དང་། རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པའོ། །རྒྱུ་དང་འབྲས་བུའི་དོན་ནི་འཇུག་པའི་དོན་དང་ཞེས་བྱ་བ་སྟེ། རྒྱུ་དང་འབྲས་བུ་དག་གི་རྒྱུན་འཇུག་པའི་ཕྱིར་རོ། །དེ་
ཡང་རྣམ་པ་གཉིས་ཏེ། ཕྱིན་ཅི་མ་ལོག་པའི་རྣམ་པས་རྒྱུར་འཛིན་པ་དང་། འབྲས་བུར་འཛིན་པའོ། །ཉེ་བར་ལེན་པའི་དོན་རྣམ་པ་གཉིས་ནི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་སྟེ། འཇུག་པ་དང་ལྡོག་པའི་ཕྱོགས་ཉེ་བར་ལེན་པའི་ཕྱིར་རོ། །འདིས་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བས་དེ་དག་གཉིས་ཀ་ཡང་
ཡོངས་སུ་ཤེས་པས་དེ་ལྟར་རྣམ་པ་གཉིས་སོ། །ཐབས་ནི་འཇུག་པའི་ཚུལ་ཁྲིམས་དང་ལྡོག་པའི་ཚུལ་ཁྲིམས་སོ། །དེ་ལྟ་ན་ཡང་བྱ་བ་དང་། བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ལས་རྣམ་པ་གཉིས་སོ། །མཐར་ཐུག་པའི་དོན་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་སྤངས་པ་དང་།
རྣམ་པར་བྱང་བ་ཡང་དག་པར་བསྒྲུབས་པའོ། །དེ་གཉི་ག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་དེ་བཞིན་དུ་ཤེས་རབ་རྣམ་པ་གཉིས་སོ། །ཤེས་རབ་ཤིན་ཏུ་རྣམ་པར་ངེས་ཤིང་སྟེ། རྣམ་པར་བྱང་བ་སྦྱིན་པར་བྱེད་པའི་ཕྱིར་རོ། །དཔག་ཏུ་མེད་པ་ནི་རྫས་ཀྱི་རྣམ་པའི་དབྱེ་བས་སོ། །ཕ་རོལ་ཏུ་ཕྱིན་པ་
དྲུག་པོ་འདི་རྣམས་ནི་མདོ་ནས་བསྟན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ནི་མདོ་སྡེ་གཞན་དེ་དང་དེ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལ་སོགས་པའི་མདོ་རྣམས་སོ། །ཐོར་བུ་ཐོར་བུས་ཞེས་བྱ་བ་ནི་ཉུང་ཤས་ཉུང་ཤས་ཀྱིས་བསྟན་པ་རྣམས་སོ། །མདོར་
བསྡུས་ཏེ་བསྟན་པ་ཞེས་བྱ་བ་ནི་མཚན་ཉིད་བསྡུས་ནས་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་པ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པའོ། །ངེས་པར་བཤད་པ་ནི་རྒྱས་པར་བསྟན་པའོ། །སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ལ་སོགས་པའི་མཚན་ཉིད་འདིར་བསྟན་པའི་དོན་ངེས་པར་གཟུང་བ་མདོ་
เล่ม ๑๓๓ · หน้า 197a
གཞན་དག་ནས་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་ཡང་ངོ་བོ་ཉིད་ལ་སོགས་པ་ངེས་པར་སྦྱར་བར་བྱའོ། །འདིར་བཤད་པའི་ལུགས་འདི་ཡང་གཞན་དག་ཏུ་གྲངས་ལ་སྦྱར་བར་བྱའོ་ཞེས་བྱ་བར་སྨྲས་པ། བསྡུ་བ་ཡང་ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བའོ། །མདོ་སྡེ་འབའ་ཞིག་ཏུ་མ་ཟད་ཀྱི་སྐྱེས་
པའི་རབས་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྐྱེས་པའི་རབས་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཡང་དག་པར་ལྡན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་བསོད་ནམས་
དང་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །སྐྱེས་པའི་རབས་ལ་སོགས་པ་དེ་དག་ལས་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་སོགས་པ་འགའ་ཞིག་ཀྱང་སྟོན་ཏོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཇི་ལྟར་རིགས་པར་དཔྱད་ནས་སྦྱར་བར་བྱའོ། །ཕ་
རོལ་ཏུ་ཕྱིན་པ་དྲུག་དང་ཡང་དག་པར་ལྡན་པའི་བསོད་ནམས་ཀྱིས་ཡང་དག་པར་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། དགེ་བའི་ཆོས་འདས་པ་ཉེ་བར་བཟུང་ནས་ཆེན་པོ་ཉིད་དེ་དང་ལྡན་པས་དཀར་པོའི་ཆོས་ཀྱི་ཆུ་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པ་
དང་ལྡན་པའི་ཕྱིར་རོ། །མ་འོངས་པའི་དུས་ཉེ་བར་བཟུང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པ་དང་ལྡན་པས་དཀར་པོའི་ཆོས་ཆེན་པོའི་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་སྟེ། །ཇི་ལྟར་རྒྱ་མཚོར་གནས་པའི་ཆུ་ཆེན་པོ་ཉིད་ཡིན་པས་ཆུ་ཆེན་པོ་ཞེས་བྱའོ། །བྱ་བ་སྣ་ཚོགས་འབབ་ཆེ་བའི་ཕྱིར་རྒྱ་
མཚོ་ཆེན་པོ་ཞེས་བྱའོ། །ཚུལ་འདི་ཡང་དེ་དང་འདྲ་བ་ཡིན་ནོ། །རྒྱ་མཚོ་ཆེན་པོ་དང་ཆོས་མཚུངས་པར་བསྟན་པའི་ཕྱིར་ཇི་ལྟར་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་ཀྱི་རིན་པོ་ཆེ་ཆེན་པོའི་འབྱུང་
གནས་ཡིན་ཏེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པས་རིན་པོ་ཆེའི་འབྱུང་གནས་ཡིན་ཏེ། རབ་ཏུ་སྐྱེད་པར་བྱེད་པས་ཞེས་བྱ་བས་སོ། །དེའི་ཕྱིར་དེ་ལ་རིན་པོ་ཆེ་ཆེན་པོ་རབ་ཏུ་སྦྱིན་པ་ཡིན་ནོ་ཞེས་བྱའོ། །འདི་དག་གིས་ནི་བསོད་ནམས་དང་ཡེ་ཤེས་ནི་བྱང་ཆུབ་ཆེན་
เล่ม ๑๓๓ · หน้า 197b
པོ་དང་རྒྱུ་དང་འབྲས་བུ་མཚུངས་པར་བསྟན་པའི་ཕྱིར་དེའི་རྒྱུ་འདི་ནི་འབྲས་བུ་དང་རྗེས་སུ་མཐུན་པའོ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ།། །།སྡོམ་ནི་སྔ་མ་བཞིན་དུ་ཞེས་བྱ་བའི་འགྲེལ་པ་ནི་སྔར་བསྟན་པའི་གང་ལ་བསླབ་པ་དང་། ཇི་ལྟར་སློབ་
པ་ཞེས་བསྟན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྦྱོར་བས་མངོན་པར་བསྒྲུབ་པས་བསླབ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ད་ནི་བསྡུ་བའི་དངོས་པོ་རྣམ་པ་བཞིའི་སྦྱོར་བས་ཀྱང་བསླབ་པར་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་བསྡུ་བའི་དངོས་པོ་བཞི་པོ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཐུན་པར་བསྟན་པར་བྱ་བའི་ཕྱིར་
སྨྲས་པ། སྡོམ་ནི་སྔ་མ་བཞིན་དུ་ཞེས་བྱ་བའོ། །བསྡུ་བའི་དངོས་པོ་དང་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པས་དེ་བསྟན་པ་ཉིད་ཀྱིས་དེ་ཡང་བསྟན་པར་འགྱུར་རོ་ཞེས་བསམས་ནས་དེ་བཞག་ནས་སྙན་པར་སྨྲ་བ་ཉིད་བསྟན་པ་ནི་ཐོག་མ་དང་། བར་དང་། ཐ་མར་དགེ་བ་ཉིད་ཀྱི་ཚིག་ནི་སྙན་
པར་སྨྲ་བ་ཉིད་ཀྱི་ངོ་བོ་ཞེས་བརྗོད་པ་ཡིན་ཏེ། དེ་ལ་རྣ་བའི་དབང་པོས་ཐོས་པའི་དུས་ན་དབང་པོ་འཕྲོག་ཅིང་དགའ་བར་བྱ་བ་ཡིན་པའི་ཕྱིར་ཐོག་མར་དགེ་བའོ། །ཡིད་འཕྲོག་པར་བྱེད་ཅིང་བྱ་བ་ཉམས་དགའ་བ་དང་ལྡན་པའི་ཕྱིར་དང་། ཡོངས་སུ་བརྟགས་པ་བཟོད་པའི་ཕྱིར་བར་དུ་དགེ་བའོ། །སྒྲུབ་པ་
ཉམས་སུ་ལེན་པའི་དུས་སུ་ཡོངས་སུ་གྱུར་པའི་བདེ་བ་ཡིན་པའི་ཕྱིར་ཐ་མར་དགེ་བའོ། །དེ་ལ་ཡིད་དུ་འོང་བའི་ཚིག་ནི་ཐོག་མར་དགེ་བའོ། །བདེན་པ་ནི་སླུ་བ་མེད་པ་ཡིན་པའི་ཕྱིར་དང་། ཡོངས་སུ་བརྟག་བཟོད་པའི་ཕྱིར་བར་དུ་དགེ་བའོ། །བདེ་བར་ཡོངས་སུ་འགྱུར་བ་དང་། ཕན་པར་ཡོངས་སུ་འགྱུར་
བའི་ཕྱིར་དང་། ཕན་པ་དང་བདེ་བའི་འབྲས་བུ་ཆོས་ཀྱི་དོན་དང་ལྡན་པ་ཡིན་པའི་ཕྱིར་དེས་ན་ཐ་མར་དགེ་བ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་ཐོག་མ་དང་བར་དང་ཐ་མ་རྣམས་སུ་དེའི་ཚིག་བཞིན་དུ་བྱས་ན་བདུད་རྩིའི་རང་བཞིན་དུ་འགྱུར་ཞིང་། ཡན་ལག་གསུམ་དང་ལྡན་པའི་ལེགས་པར་བཤད་པ་ནི་སྙན་
པར་སྨྲ་བའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཡན་ལག་གསུམ་ནི་སྙན་པ་དང་། བདེ་བ་དང་། ཕན་པར་འགྱུར་བའོ། །སྙན་པའི་ཕྱིར་རྣར་བདེ་བའོ། །བདེ་བ་ནི་ཡིད་བདེ་བར་བྱེད་པ་སྟེ། སྒྲུབ་པར་བྱེད་པའི་དུས་སུ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དུས་སུ་མངོན་
เล่ม ๑๓๓ · หน้า 198a
པར་མཐོ་བ་དང་། ངེས་པར་ལེགས་པའི་འབྲས་བུ་འབྱུང་བའི་ཕྱིར་ཕན་པ་དང་བདེ་བ་འདྲེན་པར་བྱེད་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་སྙན་པར་སྨྲ་བའི་ངོ་བོ་ཉིད་དེ། །མདོར་བསྡུ་ན་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་ཡིན་པར་རིག་པར་བྱའོ། །མདོར་བསྡུ་ན་སྙན་པར་སྨྲ་བ་ཐམས་
ཅད་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་གཏམ་གྱི་ངོ་བོ་ཉིད་དང་། ཆོས་སྟོན་པའི་གཏམ་གྱི་ངོ་བོ་ཉིད་དོ། །དེ་ལ་འཇིག་རྟེན་གྱི་གཏམ་གྱི་ངོ་བོ་ཡང་རྣམ་པ་གཉིས་ཏེ། དུས་ཐམས་ཅད་དུ་རབ་ཏུ་འཇུག་པར་བྱ་བ་ཡིན་པའི་ཕྱིར་རྟག་ཏུ་བ་དང་། ཡང་དག་པར་འབྱོར་པ་དང་ལྡན་པའི་དུས་
སུ་འཇུག་པར་བྱ་བ་ཡིན་པའི་ཕྱིར་རེས་འགའ་བའོ། །དེ་ཡང་སྔ་མ་ནི་ཡང་དག་པར་དགའ་བར་བྱེད་པའོ། །གཉིས་པ་ནི་ཀུན་དུ་དགའ་བར་བྱེད་པའོ། །ཡང་དག་པར་དགའ་བར་བྱེད་པའི་ངག་གང་ཡིན་པ་དེ་ཡང་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱ་སྟེ། ལུས་དང་ངག་གི་ཉེས་པ་རྣམ་པར་སྤོང་བར་བྱེད་པ་ཉིད་
དང་། དངོས་པོ་རྣམ་པ་བཞི་ཡོངས་སུ་འདྲི་བར་བྱེད་པའི་རྣམ་པ་ཉིད་དོ། །དེ་ལ་ལུས་ཀྱི་སྐྱོན་ནི་གནོད་སེམས་དང་ཁོང་ཁྲོ་བ་དང་། མནར་སེམས་དང་། ཕྲག་དོག་གི་ཀུན་ནས་ལྡང་བ་དང་བཅས་པའི་བཞིན་གྱི་འགྱུར་བའོ། །དེ་མེད་པའི་ངོ་བོ་བསྟན་པའི་ཕྱིར། ཁྲོ་གཉེར་མེད་ལ་ཞེས་བྱ་བའོ། །ངག་གི་སྐྱོན་ནི་
རིགས་མཐོན་པོ་ལ་སོགས་པའི་ང་རྒྱལ་གྱིས་ཁེངས་པས་ཡིད་ཀྱིས་མི་འདུད་པ་དང་། དྲུང་དུ་འོངས་བ་རྣམས་ལ་མ་ཚོར་བ་ལྟར་གནས་པའོ། །དེ་མེད་པའི་ངོ་བོ་བསྟན་པའི་ཕྱིར་གསོང་པོར་སྨྲ་ཞིང་ཞེས་བྱ་བ་ལ། རང་ཉིད་མངོན་དུ་ཕྱོགས་པར་བསྟན་པའི་ཕྱིར་འོངས་པ་རྣམས་ལ་བདེ་བར་འོངས་སམ་ཞེས་བྱ་བ་ལ་
སོགས་པ་རང་ཉིད་སྔོན་དུ་སྨྲ་བའོ། །ཚིག་གཉིས་པོ་འདི་དག་ཚིག་གཞན་གཉིས་ཀྱིས་བསྟན་པ་ཉིད་དེ། ཚིག་གཉིས་ཀྱིས་བསྟན་ཅེས་བྱ་བ་ཡང་གོ་རིམས་ལ་བརྟེན་ནས་བཞིན་གྱི་མདངས་འབྱིན་ལ་ཞེས་བྱ་བས་ནི་ཁྲོ་གཉེར་མེད་ལ་ཞེས་བྱ་བ་བསྟན་ཏོ། །འཛུམ་པ་སྔོན་དུ་གཏོང་ཞིང་ཚིག་གང་གི་ཞེས་བྱ་བས་ནི་
གསོང་པོར་སྨྲ་ཞིང་ཞེས་བྱ་བ་བསྟན་ཏོ། །དེ་ལྟར་ལུས་དང་ངག་གི་སྐྱོན་སྤངས་པ་ཡིན་ནོ། །དངོས་པོ་ཡོངས་སུ་འདྲི་བའི་རྣམ་པ་བསྟན་པའི་ཕྱིར། བདེ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་དང་བདེ་ལེགས་ཉིད་ནི་གནོད་པ་མེད་པ་ཉིད་དེ། གདོན་དང་མི་མ་ཡིན་པ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་
เล่ม ๑๓๓ · หน้า 198b
གནོད་པ་མེད་པ་ཞེས་བྱའོ། །ནད་ཀྱི་གནོད་པ་མེད་པ་ཉིད་ནི་ཁམས་སྙོམས་པའོ། །གཞན་དག་གི་ལུས་དང་སེམས་ལ་གནོད་པ་མེད་པ་ནི་མཚན་མོ་དང་ཉིན་མོ་བདེ་བ་ཡོངས་སུ་འདྲི་བའོ། །ཅི་ཞིག་འདྲི་ཞེ་ན་བདེའམ། ཁམས་སྙོམས་སམ། མཚན་མོ་བདེའམ། ཉིན་མོ་བདེའམ་ཞེས་འདྲི་བར་བྱེད་དོ། །ཚུར་ཤོག་ལེགས་
པར་འོངས་སོ་ཞེས་སྨྲ་ཞིང་སྟན་འདིངས་པ་ནི་ཡོངས་སུ་འདྲི་བའོ། །འཇིག་རྟེན་པའི་ཐ་སྙད་ནི་གྲོང་ཁྱེར་བའི་སྐྱེ་བོ་རྣམས་སོ། །དེ་དག་ནི་དངོས་པོའི་དབང་དུ་བྱ་བའོ། །འབྱོར་པ་འཕེལ་བའི་དུས་སུ་དང་པོར་སྙན་པའི་ངག་སྨྲ་བ་ནི་ཡང་དག་པར་དགའ་བར་བྱེད་པའོ། །མདོར་བསྡུ་ན་འཕེལ་བ་ཡང་རྣམ་པ་གཉིས་ཏེ།
འཇིག་རྟེན་འདིའི་འབྱོར་པ་དང་། འཇིག་རྟེན་ཕ་རོལ་གྱི་འབྱོར་པའི་དབང་དུ་བྱ་བའོ། །འཇིག་རྟེན་འདིའི་འབྱོར་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲང་བའི་མཐར་ཐུག་པའི་ཁྱད་པར་རོ། །དེ་ལ་སེམས་ཅན་དུ་བགྲང་བ་ཡང་རྣམ་པ་གཉིས་ཏེ། རིགས་རྒྱུད་ངེས་པར་འཛིན་པ་ནི་གང་སྨྲས་
པ། བུ་འབྱོར་པའམ་ཞེས་བྱ་བ་སྟེ། བུ་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩེད་མོ་དགའ་བའི་དངོས་པོ་ནི་གང་སྨྲས་པ། ཆུང་མ་འབྱོར་པའམ་ཞེས་བྱ་བ་ནི་རིགས་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །མ་དང་ཕའི་ཕྱོགས་སུ་གཏོགས་པའི་དངོས་པོ་ནི་གང་སྨྲས་པ། ཉེ་དུ་
འབྱོར་པའམ་ཞེས་བྱ་བ་ནི་ཉེ་དུའི་ཕུན་སུམ་ཚོགས་པའི་ཁྱད་པར་ཐོབ་པར་འགྱུར་བ་ནི་འབྱོར་པའོ། །སེམས་ཅན་མ་ཡིན་པར་བགྲང་བའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཉོ་ཚོང་འདུ་བའི་སྒོར་གྱུར་པའི་འབྲས་བུ་ནི་གང་སྨྲས་པ། ནོར་འབྱོར་པ་ཞེས་བྱ་བའོ། །ཞིང་གིས་འདུ་བའི་སྒོར་གྱུར་
པ་ནི་གང་ཡང་སྨྲས་པ། འབྲུ་འབྱོར་པ་ཞེས་བྱ་བ་སྟེ། འབྱོར་པ་ནི་ཕུན་སུམ་ཚོགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བདག་འབྱོར་པ་དང་ལྡན་པར་མ་རྟོགས་ཤིང་མ་ཤེས་པ་ལ་འབྱོར་པ་མཐོང་ན་ཞེས་བྱ་བ་ནི་ཇི་ལྟར་འབྱོར་པ་དང་ལྡན་པར་བདག་ཉིད་ཀྱིས་སྔར་མ་ཤེས་པ་ལ་དང་པོར་དེ་
བརྗོད་པ་ལས་དེ་ཐོབ་པས་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་གང་སྨྲས་པ། བསྙད་ཅིང་ཀུན་དུ་དགའ་བར་བྱེད་པ་ཞེས་བྱ་བའོ། །འཇིག་རྟེན་ཕ་རོལ་གྱི་འབྱོར་པ་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་འཇུག་པ་དང་བཅས་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་དད་པ་དང་།
เล่ม ๑๓๓ · หน้า 199a
ཚུལ་ཁྲིམས་དང་། གཏོང་བས་ནི་འཇུག་པར་འགྱུར་ཏེ། དེ་དག་གིས་ལུས་དང་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་རྗེས་སུ་ཐོབ་པར་བྱེད་པ་ཡིན་པས་དེ་ལྟར་ན་མངོན་པར་མཐོ་བ་འབྱོར་པ་ཡིན་ནོ། །དད་པས་ཐོས་པ་ལ་འཇུག་པར་འགྱུར་རོ། །དེ་ལས་ཤེས་རབ་རྣམ་པ་
གསུམ་འབྱུང་བར་འགྱུར་རོ། །ཤེས་རབ་རྣམ་པ་གསུམ་གྱིས་ཅི་རིགས་པར་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་ངེས་པར་ལེགས་པ་ཡང་དག་པར་འཐོབ་བོ། །དེ་ལྟར་ན་ངེས་པར་ལེགས་པ་འབྱོར་བར་འགྱུར་ཏེ། ཕ་རོལ་གྱི་འབྱོར་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་ཀྱི་ཡོན་
ཏན་དང་ལྡན་པ་ནི་རྣམ་པ་ཉི་ཤུར་རིག་པར་བྱ་སྟེ། ཕན་པ་མཆོག་གིས་ཕན་འདོགས་པར་གྱུར་པ་ཞེས་བྱ་བ་ནི་སྙན་པར་སྨྲ་བ་གསུམ་གྱི་ནང་ནས་ཕྱི་མ་མཆོག་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་སྙན་པར་སྨྲ་བ་ཉིད་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དམན་པ་དང་བར་མ་དང་། མཆོག་ཏུ་གྱུར་པ་
ཉིད་དུ་རིག་པར་བྱའོ། །རབ་ཏུ་དབྱེ་བས་ཞེས་བྱ་བ་ནི་རྒྱས་པ་ཉིད་དོ། །མདོར་བསྡུ་ན་ཞེས་བྱ་བ་ནི་མདོར་བསྟན་པའོ། །འཇིག་རྟེན་གྱི་ཚུལ་དང་ལྡན་པ་ནི་འཇིག་རྟེན་པའི་ལུགས་ཀྱིས་བསྡུས་པའོ། །ཆོས་བསྟན་པ་དང་ལྡན་པ་ནི་དེའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དཀའ་བའི་སྙན་པར་སྨྲ་བ་ནི་
རྣམ་པ་གསུམ་དུ་རྣམ་པར་གཞག་པར་བྱའོ། །གནོད་པ་དྲག་པོ་བྱེད་པའི་སེམས་ཅན་རྣམས་ལ་ཡང་ལན་དུ་གནོད་པ་བྱེད་པར་འདོད་པ་བྱམས་པའི་སེམས་བསྐྱེད་པ་ཉིད་ཀྱིས་ཟིལ་གྱིས་མནན་པ་ཉིད་དང་། ཤིན་ཏུ་རྨོངས་ཤིང་དབང་པོ་རྟུལ་པོ་རྣམས་ལ་སྙིང་རྗེའི་སེམས་ཉེ་བར་བཞག་ནས་ཡིད་སྐྱོ་
བ་ཟིལ་གྱིས་མནན་ཏེ་ཕན་པ་དང་བདེ་བ་སྟོན་པ་དང་། ཡོན་གནས་རྣམས་ལ་སྒྱུ་དང་གཡོས་རྣམ་པར་གནས་ཤིང་ལོག་པར་སྒྲུབ་པ་ཆེན་པོ་བྱེད་པ་རྣམས་ལ་ཡང་གནོད་སེམས་མི་སྐྱེད་པ་སྟེ། ཚིག་རྣམ་པ་གསུམ་ནི་ཇི་ལྟར་རིགས་པར་དཀའ་བ་ཡིན་ནོ། །གནོད་པ་ཆེ་ཐང་དུ་བྱེད་པ་ཉིད་བསྟན་
པའི་ཕྱིར་གསོད་པ་ཞེས་བྱ་བ་ལ་སོགས་པ་ལ། གསོད་པ་ནི་སྲོག་གི་བར་ཆད་བྱེད་པའོ། །ཕྱིར་རྒོལ་བ་ནི་ལོངས་སྤྱོད་ཀྱི་བར་ཆད་བྱེད་པའོ། །དགྲ་ནི་ཆུང་མ་འཕྲོག་པར་བྱེད་པའོ། །རྣམ་གྲངས་གཞན་ཡང་དགེ་བའི་བར་ཆད་བྱེད་པ་ནི་ཕྱིར་རྒོལ་བའོ། །ཕན་པ་མ་ཡིན་པ་དང་། དོན་
เล่ม ๑๓๓ · หน้า 199b
མ་ཡིན་པ་འདོད་པ་ནི་དགྲ་ཞེས་བྱའོ། །སྒོ་བཞི་ནས་འཇུག་པའི་སྙན་པར་སྨྲ་བ་ནི་མདོར་བསྡུས་ན་གང་ཟག་གསུམ་གྱི་བྱ་བས་རྣམ་པར་གཞག་པར་བྱ་སྟེ། གང་ཟག་གསུམ་ཡང་སྒྲུབ་པ་ལ་མངོན་དུ་ཕྱོགས་པ་དང་། སྒྲུབ་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་སྒྲུབ་པར་འདོད་པ་ཐབས་མི་ཤེས་པའོ། །དེ་ལ་སྒྲུབ་པ་ལ་མངོན་
དུ་ཕྱོགས་པ་ལ་ཡང་རྣམ་པ་གཉིས་ཏེ། རྒྱུད་ཡོངས་སུ་མ་སྨིན་པ་དང་། རྒྱུད་ཡོངས་སུ་སྨིན་པའོ། །རྒྱུད་ཡོངས་སུ་མ་སྨིན་པའི་ལམ་བསྐྱེད་པ་ལ་གེགས་དང་བཅས་པར་ཀུན་དུ་སྤྱོད་པ་ལ་དགའ་བ་དང་སྤྲོ་བའི་སེམས་ཐོབ་ནས་རྒྱུད་སྣོད་དུ་བྱ་བའི་ཕྱིར་སྔ་རོལ་དུ་བྱ་བའི་ཆོས་བསྟན་པ་རྣམ་པ་དགུ་པོ་སྦྱིན་
པའི་གཏམ་ལ་སོགས་པ་སྟོན་པར་བྱེད་དོ། །རྒྱུད་ཡོངས་སུ་སྨིན་པ་ནི་སེམས་དགའ་ཞིང་སྒྲིབ་པ་མེད་ལ་སྤྲོ་བ་དང་བཅས་པ་སྟེ། དེའི་འཕགས་པའི་ལམ་བསྐྱེད་པའི་ཕྱིར་དང་། ངན་འགྲོ་ལས་གདོན་པའི་ཕྱིར་དང་། ཡང་དག་པའི་འདོན་པར་བྱེད་པའི་འཕགས་པའི་བདེན་པ་བཞི་སྟོན་པར་བྱེད་དོ། །སྒྲུབ་
པ་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་ཁྱིམ་པ་ནི་འདོད་པ་ལ་ཞེན་པ་དང་ལྡན་པས་བག་མེད་པའི་ཕྱིར་དགེ་བའི་ཆོས་རྣམས་སྒོམ་པར་མི་བྱེད་པའོ། །རབ་ཏུ་བྱུང་བ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་ལྡན་པས་སོ། །ཡང་
ཁྱིམ་པ་ནི་མི་དགེ་བའི་ཆོས་ལ་སྤྱོད་པས་སོ། །རབ་ཏུ་བྱུང་བ་ནི་ལུང་དུ་མ་བསྟན་པའི་ཆོས་ལ་སྤྱོད་པས་སོ། །བག་མེད་པ་གཉི་ག་ལ་ཡང་དགེ་བའི་ཆོས་བསྒོམ་པ་མེད་པའི་ཕྱིར་དེ་དག་ལ་ཡང་དག་པར་བསྐུལ་བ་ནི་དུས་དང་མཐུན་པར་དོན་འདོད་པས་བྱམས་པའི་སེམས་ཉིད་ཀྱིས་ཚིག་སྙན་པས་འདི་
ལྟར་མི་ཉིད་དང་། འཕགས་པའི་རིགས་ཀྱི་ཡུལ་དུ་སྐྱེས་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། ལས་ཀྱི་མཐའ་ཕྱིན་ཅི་མ་ལོག་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་ཐོབ་པར་གྱུར་ནས་ཁྱོད་ལྟ་བུ་འདི་ལྟར་ཕྱིན་ཅི་ལོག་ཏུ་ཞུགས་ནས་དོན་མ་ཡིན་པ་ལ་ཅིའི་ཕྱིར་སྤྱོད་ཅེས་དྲན་
པར་བྱེད་ཅིང་ཡང་དག་པར་སྐུལ་བར་བྱེད་དོ། །ཐབས་མི་ཤེས་པ་རྣམས་ཀྱི་ཐེ་ཚོམ་བྱུང་ངོ་ཅོག་སྟེ་ཆོས་སོམ་ཉི་དང་ལྡན་པ་དེ་དག་གི་སྐྱེས་ཤིང་སྐྱེས་པའི་ཐེ་ཚོམ་གཅོད་པ་ནི་བསྟན་པ་དང་། ཉེ་བར་བསྟན་པས་སྟོན་པ་སྟེ། ཆོས་བསྟན་པ་དང་། འབེལ་བའི་གཏམ་རྣམ་པར་ངེས་པར་བྱའི་ཞེས་བྱ་
เล่ม ๑๓๓ · หน้า 200a
བའོ། །སྐྱེས་བུ་མཆོག་གི་སྙན་པར་སྨྲ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་སྙན་པར་སྨྲ་བ་ཞེས་བྱ་བ་སྟེ། སྐྱེས་བུ་དམ་པ་ཉིད་ཀྱི་ཐུན་མོང་མ་ཡིན་པས་སྟོན་ཏེ། ཆོས་སྟོན་པ་ནི་རྣམ་པ་ལྔར་ཡོངས་སུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔར་གྱུར་པ་དང་ཞེས་བྱ་བས་ནི་ས་
ཆེན་པོ་ལ་ཞུགས་པ་རང་གི་ངོ་བོ་ལུས་ལ་གནས་པའོ། །དེ་བཞིན་གཤེགས་པར་གྱུར་པ་ཞེས་བྱ་བས་ནི་དེ་ཉིད་སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་ཚུལ་གྱིས་གནས་པའོ། །ཐུན་མོང་མ་ཡིན་པ་སྟོན་པ་ནི་འདུལ་བ་ལས་བཅས་པ་དང་། མདོ་སྡེ་ལས་བཅས་པའི་དབང་དུ་བྱས་ནས་རྣམ་པ་ལྔར་ཤེས་པར་བྱའོ། །འདུལ་
བ་ལས་བཅས་པའི་དབང་དུ་བྱས་ནས་སྨྲས་པ། གླེང་གཞི་དང་བཅས་པ་དང་། ངེས་པར་འབྱུང་བ་དང་བཅས་པ་དང་ཞེས་བྱ་བ་ལ། ལྟུང་བ་བྱུང་བ་ལ་མཁས་པ་དང་། དེ་ལས་ངེས་པར་འབྱུང་བ་ལ་མཁས་པ་ལ་བརྟེན་ནས་གོ་རིམས་བཞིན་ཏེ། ལྟུང་བ་འབྱུང་བ་ལ་མཁས་པ་ལ་བརྟེན་ནས། གདུལ་
བྱ་རྣམས་ཀྱིས་བྱ་བ་མ་ཡིན་པ་སྤྱོད་པའི་དངོས་པོ་དང་མཐུན་པའི་ཉེས་པ་བྱས་པ་ལས་བསླབ་པའི་གཞི་གནས་ཏེ་དུས་སུ་འཆའ་བ་གང་ཡིན་པ་དེ་ནི་གླེང་གཞི་དང་བཅས་པ་ཞེས་བྱའོ། །ཇི་སྐད་དུ་འདུལ་བ་ལས། བཅོམ་ལྡན་འདས་ཀྱིས་གླེང་གཞི་འདི་དང་། རབ་ཏུ་དབྱེ་བ་འདི་དང་། དངོས་པོ་འདི་ལས་ཞེས་
རྒྱས་པར་བསྟན་པ་ཡིན་ནོ། །ངེས་པར་འབྱུང་བ་དང་བཅས་པ་ནི་དེ་བཞིན་དུ་བསླབ་པའི་གཞིའི་གནས་སུ་བཅས་པའི་ཆོས་སྟོན་པ་དང་། ངེས་པར་འབྱུང་བ་ལ་མཁས་པ་ལ་བརྟེན་ནས་དུས་དང་། ཡུལ་དང་། གང་ཟག་དང་། གནས་སྐབས་ལ་ལྟོས་ནས་ལྟུང་བ་མེད་པ་ཡང་གསུངས་ཏེ། ལས་
དང་པོ་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་འདུལ་བའི་བསླབ་པ་རྣམ་པ་གཉིས་པོ་བཅས་པ་ལྟུང་བ་བྱུང་བ་དང་། ངེས་པར་འབྱུང་བ་ལ་མཁས་པ་འདི་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་པ་གཞན་ཉན་ཐོས་ལ་
སོགས་པ་རྣམས་ཀྱི་མ་ཡིན་པའོ། །དེའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བརྗོད་དོ། །མདོ་སྡེ་ལས་བཅས་པའི་དབང་དུ་བྱས་ནས་ནི་རྣམ་པ་གསུམ་བསྟན་ཏོ། །རྟོན་པ་དང་བཅས་པར་བསྟན་པ་ནི་དངོས་པོ་རྣམ་པ་བཞི་ལ་རྟོན་པ་རྣམ་པ་བཞི་བསྟན་པའོ། །རྟུལ་བ་དང་བཅས་པ་བསྟན་པ་ནི་སྡུག་
เล่ม ๑๓๓ · หน้า 200b
བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བའི་ལམ་བསྟན་པའོ། །ཆོ་འཕྲུལ་དང་བཅས་པ་སྟོན་པ་ནི་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཇི་ལྟར་རིགས་པར་སེམས་ཅན་རྣམས་གཞུག་པར་བྱ་བའི་ཕྱིར་རོ། །དངོས་པོ་རྣམ་པ་བཞི་ལས་དང་པོ་གཉིས་ནི་འདི་གཉིས་ཏེ། ཆོས་དང་། གང་ཟག་གོ། །དེ་ལས་ཆོས་
ལ་བརྟན་པར་བྱའི་གང་ཟག་ལ་ནི་མ་ཡིན་ཏེ། གང་གི་ཚེ་དེ་ཉིད་ལས་རྣམ་པར་གྱུར་ནས་གཞན་དུ་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །ཆོས་ཀྱང་རྣམ་པ་གཉིས་ཏེ། དོན་དང་ཡི་གེའི་དབྱེ་བས་སོ། །དེ་དག་ལས་ཀྱང་དོན་ལ་བརྟན་པར་བྱའི་ཡི་གེ་ལ་ནི་མ་ཡིན་ཏེ། ཡི་གེ་ནི་རྣམ་གྲངས་དང་། ཡོངས་སུ་
འགྱུར་བའི་སྒོ་ནས་ཡང་དག་པ་མ་ཡིན་པ་དང་། ཡང་དག་པའི་དོན་རབ་ཏུ་སྟོན་པས་སོ། །དོན་ཡང་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་ཏོ། །དེ་ལ་ངེས་པའི་དོན་ལ་བརྟན་པར་བྱ་སྟེ། ཚིག་གི་དོན་སོ་སོར་རྟོགས་པའི་ཕྱིར་རོ། །དྲང་བའི་དོན་ལ་ནི་མ་ཡིན་ཏེ། དོན་གཞན་སྟོན་པས་ན་ཚིག་གི་དོན་
རྟོགས་པར་དཀའ་བའི་ཕྱིར་རོ། །དོན་ཉེ་བར་ཐོབ་པ་ཡང་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་ཉེ་བར་ཐོབ་པ་ནི་སྣང་བ་ཙམ་གྱི་དངོས་པོ་འཛིན་པའི་རྣམ་པར་ཤེས་པའོ། །ཕྱིན་ཅི་མ་ལོག་པའི་སྤྱིའི་མཚན་ཉིད་ཐོབ་པ་ནི་འདོད་ཆགས་དང་བྲལ་བ་དང་རྗེས་སུ་མཐུན་པ་དང་། ཀུན་ནས་ཉོན་མོངས་པའི་གཉེན་
པོའི་ཕྱོགས་རྣམ་པར་བྱང་བ་དང་མཐུན་པའི་རྣམ་པ་ཡོངས་སུ་འཛིན་པའི་ཡེ་ཤེས་སོ། །དེ་ལས་དང་པོ་ལ་བསྟན་པར་མི་བྱ་སྟེ། འདོད་ཆགས་དང་བྲལ་བ་ལ་རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལས་བཟློག་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ལ་ནི་བསྟན་པར་བྱའོ། །དེ་ལྟར་ན་རྟོན་པ་དང་
བཅས་པ་ཡིན་ནོ། །རྟུལ་བ་ནི་ལམ་གྱི་ནུས་པའི་ཁྱད་པར་རོ། །དེ་ནི་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བར་བྱེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ། །ཕྱིར་མི་ལྡོག་པར་ཞེས་བྱ་བ་ནི་ཤིན་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་པ་དོན་དང་བཅས་པ་ནི་ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པའོ། །སྙན་
པར་སྨྲ་བ་རྣམ་པ་དྲུག་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱ་སྟེ། འདུལ་བའི་བསླབ་པའི་གནས་ལ་རྗེས་སུ་གནང་བ་དང་། དགག་པར་བསྟན་པ་དང་། མདོ་སྡེ་ལས་རྣམ་པ་ཐམས་ཅད་ཀྱི་ཚིག་གི་དོན་ངེས་པར་བསྟན་པའི་བསྟན་པའོ། །རྣམ་པ་ཐམས་ཅད་ཀྱི་ཚིག་གི་དོན་ངེས་པར་བསྟན་པ་ནི་སོ་
เล่ม ๑๓๓ · หน้า 201a
སོ་ཡང་དག་པར་རིག་པ་བཞི་ལ་བརྟེན་པའི་རྣམ་གྲངས་དང་། མཚན་ཉིད་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་དབྱེ་བས་སོ། །རྣམ་པ་བདུན་དུ་རྣམ་པར་གཞག་པ་ནི་འཇིག་རྟེན་གྱི་ཚུལ་གྱི་གཏམ་དང་། དམན་པ་དང་། བར་མ་དང་། མཆོག་རྣམས་ཇི་ལྟར་རིགས་
པར་ཡང་དག་པར་ཞུགས་པ་ལ་ཇི་ལྟར་འདོད་པའི་དོན་སྦྱིན་པ་དང་། འཇིགས་པ་རྣམས་ལ་དབུགས་དབྱུང་བའི་གཏམ་དང་། རྨོངས་པ་རྣམས་ལ་རིགས་པས་ཉེ་བར་སྟོན་པ་དང་། ཕྱིན་ཅི་ལོག་ལ་ཞུགས་པ་རྣམས་ཡང་དག་པའི་དངོས་པོར་སྐུལ་བ་དང་། རང་ཉིད་ལ་ནུས་པ་མེད་ན་ཡང་གཞན་དག་ལ་སྐུལ་བར་
བྱེད་པའི་གཏམ་གྱི་དབང་དུ་བྱས་པའོ། །འཇིག་རྟེན་གྱི་ཚུལ་གྱི་གཏམ་ནི་ཡང་དག་པར་དགའ་བར་བྱེད་པ་དང་། ཀུན་དུ་དགའ་བར་བྱེད་པའོ། །ཇི་ལྟར་འདོད་པའི་དོན་སྦྱིན་པ་ནི་རྣམ་པ་གཉིས་ཏེ་ཡོ་བྱད་ཐམས་ཅད་ཀྱིས་སྙིང་ལས་ཆུང་བར་བྱ་བ་དང་། བྱ་བ་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བའི་ཕྱིར་
བདག་ཉིད་ཀྱིས་དེ་དག་ཡང་དག་པར་སྒྲུབ་པར་བྱེད་པའོ། །སླུ་ཞིང་རྣམ་པར་ཉམས་པའི་བདག་ཉིད་ཅན་གྱི་ངག་ནི་དེ་ལྟ་བུའི་ཐ་སྙད་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བཟློག་པའི་འདོད་པ་རྣམས་ལ་མི་སླུ་བའི་རྣམ་པ་ནི་ངག་གི་ཐ་སྙད་རྣམ་པ་བརྒྱད་དོ། །ཡོངས་སུ་དག་
པའི་ངག་གི་ཀུན་དུ་སྤྱོད་པ་ནི་ཕོངས་ཤིང་འདོད་པའི་སྙན་པར་སྨྲ་བའོ། །ངག་རྣམ་པར་དག་པ་རྣམ་པ་བཞི་ལ་བརྟེན་ནས་ཞེས་བྱ་བས་ནི་འཕགས་པའི་ཐ་སྙད་ཀྱི་རྒྱུ་གསལ་བར་བྱ་བའི་ཕྱིར་བསྟན་ཏོ། །རྣམ་པ་བཞིས་ཡོངས་སུ་དག་པའི་ངག་གི་ཀུན་དུ་སྤྱོད་པ་ཉིད་ལ་འཕགས་པའི་ཐ་སྙད་བརྒྱད་གཞག་པར་བྱའོ། །
གཞན་ལ་ནི་མ་ཡིན་ནོ་ཞེས་བསམས་པའོ། །འདི་དང་གཞན་དུ་བདེ་བའི་སྙན་པར་སྨྲ་བ་ནི་ཕོངས་པ་སྤོང་བ་དང་། ཕུན་སུམ་ཚོགས་པ་ཉེ་བར་སྒྲུབ་པར་བྱེད་པའི་དབང་དུ་བྱས་ནས་རྣམ་པར་གཞག་པ་ཡིན་ནོ། །ཕོངས་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་འདིར་ཐོབ་པ་དང་། འཇིག་རྟེན་
ཕ་རོལ་དུ་ཐོབ་པར་འགྱུར་བའོ། །ཡང་རྒྱུ་དང་། འབྲས་བུའི་དབྱེ་བས་རྒྱུས་ཕོངས་པ་དང་། འབྲས་བུས་ཕོངས་པ་ཞེས་བྱ་བའོ། །དང་པོ་ནི་རྣམ་པ་གསུམ་སྟེ། ཉེ་དུ་སྲོག་དང་བྲལ་བའམ་སྡུག་པ་དང་བྲལ་བའི་ཕོངས་པ་དང་། དེ་ལྟ་བུ་ལ་གནས་པ་ལ་འཆི་བ་དང་། མི་རྟག་པ་བསྟན་
เล่ม ๑๓๓ · หน้า 201b
པས་མྱ་ངན་སེལ་བར་བྱེད་པའི་སྙན་པར་སྨྲ་བ་ཉིད་དང་། ཡིད་དུ་འོང་བའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་རྣམ་པར་ཉམས་པ་ནི་མེ་ལ་སོགས་པས་ལོངས་སྤྱོད་རླག་པའི་མྱ་ངན་སེལ་བ་སྟེ་སྔ་མ་བཞིན་ནོ། །ནད་མངོན་དུ་གྱུར་པས་ནད་མེད་པས་ཕོངས་པར་གྱུར་པ་ལ་སོ་སོར་རྟོག་པའི་སྟོབས་དང་། སྡུག་བསྔལ་དང་དུ་
ལེན་པའི་བཟོད་པ་བསྟན་པས་སོ། །ཕོངས་པ་གཉིས་པ་ནི་རྣམ་པ་གཉིས་ཏེ། །ཚུལ་ཁྲིམས་ཉམས་པ་ལས་ཀུན་དུ་སྤྱོད་པ་དང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའོ། །དེ་དག་གཉི་ག་སྤང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡང་དག་པའི་གཏམ་དང་། ཤེས་རབ་ཀྱི་ཡང་དག་པའི་གཏམ་བྱེད་པ་ནི་སྙན་པར་སྨྲ་བའོ། །
ཕུན་སུམ་ཚོགས་པ་ཉེ་བར་སྒྲུབ་པར་བྱེད་པ་ནི་འདུལ་བའི་བསླབ་པ་དང་ཡང་དག་པར་ལྡན་པ་ནི་དགེ་སློང་རྣམས་རིགས་བཞིའི་བསླབ་པའི་གནས་ལ་ཡོངས་སུ་དག་པར་སློབ་པར་སྟོན་པའོ། །རིགས་ཀྱི་ལེའུ་ལས་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་ཞེས་བྱ་བ་ལ་སོགས་པའོ། །སྙན་པར་སྨྲ་བ་གང་ཡིན་པ་དེ་
ནི་དོན་སྤྱོད་པ་ཡང་ཡིན་ཏེ། སྙན་པར་སྨྲ་བ་དེ་དང་དེར་ཉེ་བར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་འདོད་པའི་དོན་སྤྱོད་པ་ཡང་ཡིན་པས་དོན་སྤྱོད་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། དོན་སྤྱོད་པ་ནི་ཞེས་བྱ་བ་ལ་ཚིག་འཁྱལ་པ་རྣམ་པར་གཞག་པ་ཡིན་ཏེ། ཇི་ལྟར་བརྫུན་དུ་སྨྲ་བ་ལ་སོགས་པའི་ཚིག་རྣམས་ནི་ངག་
འཁྱལ་པ་ཡང་ཡིན་ཏེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །ཉོན་མོངས་ཅན་རྣམས་ནི་ངག་འཁྱལ་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །གང་དོན་དེ་ལྟ་ན་ནི་ངག་གི་ཉེས་པར་སྤྱོད་པ་བཞི་ཆར་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་ཟེར་བའི་སྐྱོན་སྤང་བའི་ཕྱིར་བརྫུན་དུ་སྨྲ་བ་ལ་སོགས་པ་
ལམ་གཞན་དུ་གྱུར་པའི་ངག་འཁྱལ་པ་ཡང་ཡོད་པས་རྣམ་པར་འཇོག་པ་བཞིན་དུ། འདིར་ཡང་སྙན་པར་སྨྲ་བ་ཉིད་ཀྱི་མཚན་ཉིད་དོན་སྤྱོད་པ་ཡིན་ན་ཡང་བསྡུ་བའི་དངོས་པོ་བཞི་ཐ་དད་དུ་རྣམ་པར་གཞག་པའི་ཕྱིར་སྨྲས་པ། དེ་ལས་བྱེ་བྲག་ཏུ་གྱུར་པའི་དོན་སྤྱོད་པ་གཞན་ཡང་ཞེས་བྱ་བ་ལ་
སོགས་པའོ། །དེ་དག་གཉི་ག་བཤད་པའི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙན་པར་སྨྲ་པ་དང་ལྡན་པ་དེ་ནི་སྙན་པར་སྨྲ་བར་རིགས་པས་ཞེས་བྱ་སྟེ། སེམས་ཅན་སྡུད་པའི་ཐབས་སུ་གྱུར་པའི་ཕྱིར་རོ། །ཡང་དག་པར་བསྟན་པ་ནི་རྗེས་སུ་གཟུང་བས་ཁས་
เล่ม ๑๓๓ · หน้า 202a
བླངས་ཤིང་བདག་གིར་བྱས་པའོ། །དེ་ལྟར་ན་གོ་རིམས་བསྟན་པར་འགྱུར་རོ། །སྙན་པར་སྨྲ་བའི་རྗེས་ཐོགས་སུ་དོན་མཐུན་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །བསླབ་པ་རྣམས་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསླབ་པ་རྣམ་པ་གསུམ་ཡིན་ལ།
དེ་དག་ཀྱང་དོན་སྤྱོད་པ་རྣམ་པ་བཅུས་རབ་ཏུ་ཕྱེ་བ་ཡིན་པར་རྒྱུ་བཅུས་རྣམ་པར་གཞག་པར་བྱའོ། །དེའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་དོན་ཡོངས་སུ་རྫོགས་པར་བྱེད་པའི་དབང་དུ་བྱས་ནས་སྨྲས་པ། དོན་སྤྱོད་པའི་ངོ་བོ་ཉིད་རྣམ་པར་གཞག་པར་རིག་པར་བྱ་སྟེ། དོན་གྱི་གཙོ་བོ་ཡོངས་སུ་འཛིན་པའི་དབང་
དུ་བྱས་ནས་སོ། །རྒྱུ་བཅུ་པོ་གང་ཡིན་ཞེ་ན། སྡོམ་པ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སྡོམ་པ་གསུམ་ནི་ཚུལ་ཁྲིམས་ཉམས་པ་ལས་སྡོམ་པ་དང་། ཡུལ་ལས་སྡོམ་པ་དང་། ཉོན་མོངས་པ་ལས་སྡོམ་པའོ། །ཚངས་པར་སྤྱོད་པ་གསུམ་གྱི་རྒྱུ་ཡིན་པའི་ཡང་ཕྱིར་རོ། །ཚངས་པར་སྤྱོད་པ་རྣམ་པ་
གསུམ་ནི་ལོག་པའི་སྡོམ་པ་བླངས་པ་དང་། གཏན་དུ་མ་སྤངས་པ་དང་། གཏན་དུ་སྤངས་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོའི་ཡང་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་གསུམ་ནི་ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ནི་སྡིག་པ་བྱེད་པ་རྣམས་ཀྱིའོ། །སྲེད་པའི་
ཀུན་ནས་ཉོན་མོངས་པ་ནི་དེ་ལས་གཞན་པའི་འདོད་པ་ཅན་རྣམས་ཀྱིའོ། །ལྟ་བའི་ཀུན་ནས་ཉོན་མོངས་པ་ནི་མུ་སྟེགས་ཅན་རྣམས་ཀྱིའོ། །ངན་འགྲོ་དང་། གནོད་པ་དང་བཅས་པའི་བདེ་འགྲོ་དང་། གནོད་པ་མེད་པའི་བདེ་འགྲོའི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཡང་ཕྱིར་ཏེ། ངན་འགྲོ་ནི་ངན་སོང་
རྣམ་པ་གསུམ་མོ། །གནོད་པ་དང་བཅས་པའི་བདེ་འགྲོ་ནི་ངན་འགྲོ་རྣམས་མ་གཏོགས་པ་འདོད་པའི་ཁམས་པ་སྟེ། སྡུག་བསྔལ་གྱི་ཚོར་བ་ཡོད་པའི་ཕྱིར་རོ། །གནོད་པ་མེད་པའི་བདེ་འགྲོ་ནི་གཟུགས་དང་། གཟུགས་མེད་པའོ། །ནག་པོའི་ལས་དང་། ལས་འདྲེན་མ་དང་། དཀར་པོའི་
ལས་རྣམས་ཀྱི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཡང་ཕྱིར་ཏེ། ནག་པོ་ནི་མི་དགེ་བའོ། །འདྲེན་མ་ནི་འདོད་པ་ན་སྤྱོད་པའི་དགེ་བའོ། །དཀར་པོ་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་དགེ་བའོ། །གནས་སྐབས་གསུམ་གྱི་ཉོན་མོངས་པའི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཡང་
เล่ม ๑๓๓ · หน้า 202b
ཕྱིར་ཏེ། །གནས་སྐབས་གསུམ་གྱི་ཉོན་མོངས་པ་ནི་མངོན་པར་ཟིལ་གྱིས་གནོན་པའི་གནས་སྐབས་དང་། ཀུན་དུ་སྤྱོད་པའི་གནས་སྐབས་དང་། བག་ལ་ཉལ་གྱི་གནས་སྐབས་སོ། །ཡང་སྡིག་པའི་སྤྱོད་པ་དང་། འདོད་པའི་སྤྱོད་པ་དང་། དཀའ་བའི་སྤྱོད་པའི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཡང་ཕྱིར་ཏེ།
སྡིག་པའི་སྤྱོད་པ་ནི་ལས་ངན་པ་བྱེད་པ་རྣམས་ཀྱིའོ། །འདོད་པའི་སྤྱོད་པ་ནི་འདོད་པའི་བདེ་བ་ལ་མངོན་པར་ཞེན་པ་རྣམས་སོ། །དཀའ་བའི་སྤྱོད་པ་ནི་བདག་ཉིད་ངལ་ཞིང་དུབ་པར་བྱེད་པའོ། །རབ་ཏུ་བྱུང་བས་ནི་མཐའ་དེ་གཉི་ག་སྤང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ཡང་བདེ་འགྲོ་དང་། །འཇིག་རྟེན་
པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་རྒྱུར་གྱུར་པའི་ཡང་ཕྱིར་རོ། །ཡང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་རྒྱུར་གྱུར་པའི་ཡང་ཕྱིར་དང་། གཉིས་ཀྱིས་སྐལ་བ་དང་ལྡན་པ་རྣམས་མཉམ་པར་གཞག་པ་དང་རྣམ་པར་གྲོལ་བའི་རྒྱུ་ཡང་ཡིན་པའི་ཕྱིར་རོ། །
བསླབ་པའི་དོན་རྗེས་སུ་སྤྱོད་པ་ནི་དོན་སྤྱོད་པ་ཞེས་བྱ་བ་ནི་ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འབྲངས་ནས་སྦྱོར་བ་བྱེད་པ་ནི་སྒྲུབ་པ་ཞེས་བྱ་བའོ། །དེ་ཉིད་བཤད་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྤྱོད་པ་ཞེས་བྱའོ། །རྒྱུ་མེད་པར་ངོ་བོ་ཉིད་ཀྱིས་སྙིང་བརྩེ་བའི་བདག་ཉིད་ཅན་དེ་ལ་ཡང་
དག་པར་དགོད་པའི་ཕྱིར་སྨྲས་པ། སྙིང་རྗེའི་སེམས་ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་ཉིད་མདོར་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་དེ་དག་གིས་དགེ་སྦྱོང་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་དོན་སྤྱོད་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཀྱི་དོན་སྡུད་པ་ཉེ་བར་
བཟུང་ནས་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱ་སྟེ། མ་སྨིན་པ་རྣམས་སྨིན་པར་བྱ་བ་དང་། སྨིན་པ་རྣམས་གྲོལ་བར་བྱ་བའི་ཕྱིར་རོ། །ཡང་དེའི་དོན་གྱི་བྱ་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་ཀྱི་འཇིག་རྟེན་དང་།
འཇིག་རྟེན་ལས་འདས་པའི་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་རིག་པར་བྱའོ། །ཡང་དེ་ནི་དངོས་པོ་ཡོངས་སུ་སྤོང་བའི་སྒོ་གསུམ་དུ་འཇུག་པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཚེ་འདིའི་དོན་ཞེས་བྱ་བ་ནི་འཇིག་རྟེན་འདིའོ། །ཚེ་ཕྱི་མའི་དོན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱིའོ། །ཚེ་
เล่ม ๑๓๓ · หน้า 203a
འདི་དང་ཕྱི་མའི་དོན་ཞེས་བྱ་བ་ནི་འཇིག་རྟེན་གཉི་གའི་དོན་ཏོ། །ལོངས་སྤྱོད་ཀྱི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བའི་དབང་དུ་བྱས་ནས་སྒོ་གསུམ་དུ་རིག་པར་བྱ་སྟེ། །ཆོས་དང་མཐུན་པ་ནི་ཉེས་པར་སྤྱོད་པ་རྣམས་རྣམ་པར་སྤང་བའོ། །ཡོན་ཏན་དང་ལྡན་པ་ནི་
སླུ་བ་དང་། འདྲིད་པ་དང་། བཅོས་པའི་གཡོ་དང་། སྒྱུ་རྣམ་པར་སྤངས་པའི་ཕྱིར་རོ། །སྒྲུབ་པ་ནི་མ་ཐོབ་པ་ཐོབ་པར་བྱེད་པའོ། །ཐོབ་པ་རྣམ་པར་མི་ཉམས་པ་ནི་བསྲུང་བའོ། །བསྲུངས་པ་རྣམ་པར་འཕེལ་བ་ནི་སྤེལ་བ་ཉིད་དེ། ལས་ཀྱི་ཡོན་ཏན་འདི་དག་གིས་འཇིག་རྟེན་འདིར་ཡང་ཁ་ན་མ་ཐོ་བ་མེད་པའི་སྙན་
པ་དང་བདེ་བ་ཐོབ་པར་འགྱུར་ཏེ། དེ་ལྟ་བུ་ནི་འཇིག་རྟེན་འདི་པ་ཞེས་བརྗོད་དོ། །འདི་ལྟ་སྟེ་གཞན་གྱིས་ཀྱང་དམད་པར་མི་འགྱུར་ལ། རང་ཉིད་ཀྱང་དགའ་བ་དང་མགུ་བའི་གནས་འཕེལ་བར་འགྱུར་རོ། །ལོངས་སྤྱོད་སྤངས་ནས་གཞན་ལ་རག་ལས་པའི་འཚོ་བ་དང་རབ་ཏུ་འབྲེལ་པའོ། །རབ་ཏུ་བྱུང་བའི་
ཚུལ་ལ་ཡང་དག་པར་སྦྱོར་བ་ནི་གཅིག་ཏུ་ཕྱི་མའི་དོན་ཡིན་ཏེ། ངེས་པར་ཕྱི་མ་ལ་རབ་ཏུ་བསྔགས་པའི་འགྲོ་བ་རྣམས་སུ་འགྲོ་བར་འགྱུར་ཞིང་བདེ་བར་འགྱུར་རོ། །འཇིག་རྟེན་འདི་ལ་ནི་གཅིག་ཏུ་བདེ་བ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། རིམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཞེས་བྱ་
བ་ནི་མཐོང་བའི་ལམ་གྱིས་འདོད་པའི་ཁམས་ཀྱི་ངན་འགྲོའི་འགྲོ་བ་ལས་འདོད་ཆགས་དང་བྲལ་བ་དང་། བསྒོམ་པའི་ལམ་གྱིས་འདོད་པའི་ཁམས་མ་ལུས་པ་ལས་འདོད་ཆགས་དང་བྲལ་བ་སྟེ། དེ་ལྟ་བུར་ཇི་སྲིད་སྲིད་པའི་རྩེ་མོའི་བར་ལས་འདོད་ཆགས་དང་བྲལ་བས་བསྟན་པར་བྱའོ། །དེས་ཚེ་
འདིའི་དོན་བསྟན་པའི་ཕྱིར། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་ཞེས་བྱ་བ་ལ། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་ཁྱད་པར་དང་ལྡན་པ་སྟེ། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་རབ་ཏུ་མྱོང་བར་འགྱུར་བས་དེའི་ཕྱིར་སྨྲས་པ། །བདེ་བ་ལ་རེག་པས་གནས་པར་
འགྱུར་ལ་ཞེས་བྱ་བ་ལ། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བས་རྣམ་པར་དག་པའི་ལྷར་སྐྱེ་བར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་མཐར་ཐུག་པ་ཐོབ་པས་མྱ་ངན་ལས་འདས་པའི་ཁམས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །གང་ཟག་རྣམ་པ་གསུམ་ལ་གོ་རིམས་བཞིན་
เล่ม ๑๓๓ · หน้า 203b
དུ་དགེ་བ་ཡང་དག་པར་འཛིན་དུ་གཞུག་པའི་སྤྱོད་པ་དང་། རབ་ཏུ་བྱུང་བ་ཡང་དག་པར་འཛིན་དུ་འཇུག་པའི་སྤྱོད་པ་དང་། ལྟ་བ་ངན་པ་འདོར་དུ་བཅུག་ནས་བསྟན་པ་ལ་འཛུད་པར་བྱེད་པའི་སྤྱོད་པ་ནི་ནུས་པ་དཀའ་བའི་ཕྱིར་དཀའ་བའི་དོན་སྤྱོད་པ་ཞེས་བྱའོ། །གང་ཟག་གསུམ་ལས་རྒྱུ་ལས་ཉམས་པ་ནི་སྔོན་གྱི་
དུས་ཉེ་བར་བཟུང་ནས་དགེ་བའི་རྩ་བ་ཐམས་ཅད་དུ་མ་སྤྱད་ཅིང་དགེ་བ་ལ་གོམས་པར་མ་བྱས་པ་ཉིད་ལ་བྱང་ཆུབ་སེམས་དཔའ་འབད་པ་ཆེན་པོས་སོ་སོར་བརྟགས་ནས་སྐྱེ་བ་འདི་ཉིད་ལ་མི་བྱེད་པ་གང་ཡིན་པ་དེ་ཕྱིས་ཀྱང་བྱེད་པར་མི་འགྱུར་བ་ཉིད་དུ་རིག་ནས་དགེ་བ་ལ་ཡང་དག་པར་འཛུད་པར་བྱེད་
པའོ། །ད་ལྟར་གྱི་དུས་སུ་ལོངས་སྤྱོད་ཆེན་པོ་དང་ལྡན་པས་བག་མེད་པ་ལ་མང་དུ་གནས་ཤིང་འདོད་པ་ལ་གཅིག་ཏུ་ཞེན་པ་དེ་དག་གི་རབ་ཏུ་བྱུང་བར་སྐུལ་བ་ནི་ཤིན་ཏུ་དཀའ་བ་ཡིན་པ་ལས་དེ་བཞིན་དུ་ཡང་དག་པར་སྐུལ་བར་བྱེད་པའོ། །སྐྱེ་བ་གཞན་དག་ཏུ་མུ་སྟེགས་ཅན་གྱི་ལྟ་བ་ལ་མོས་པ་བརྟན་ཞིང་
སྦགས་པ་དེ་དག་ལྟ་བ་ངན་པ་དང་ཕྲལ་ནས་བསྟན་པ་འདི་ལ་གཞུག་པར་དཀའ་བ་ལས་ལྟ་བ་ངན་པ་དེ་དང་ཕྲལ་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་འགོད་པར་བྱེད་པའོ། །བདག་ཉིད་ཀྱིས་བླུན་པ་ནི་ཕྱིན་ཅི་ལོག་ཏུ་གྱུར་པའི་བློ་ཅན་ཡིན་པའི་ཕྱིར་རོ། །མངོན་པར་ཞེན་པ་ནི་འདི་ཁོ་ན་བདེན་གྱི།
གཞན་ནི་རྨོངས་པའོ་ཞེས་བྱ་བ་སྟེ། ལོག་པར་ལྟ་བ་མང་པོ་དང་ལྡན་པའི་ཕྱིར་རིགས་པ་དང་རིགས་པ་མ་ཡིན་པ་སྟོན་པའི་ཚིག་གི་སྒོ་ནས་བསྟན་ཅིང་བསྒྲུབས་ཀྱང་ཁས་ལེན་པར་མི་བྱེད་པའོ། །མངོན་པར་མཐོ་བའི་ལམ་གཉིས་འཇུག་པ་དང་བཅས་པ་དང་ངེས་པར་ལེགས་པའི་ལམ་གྱི་ངོ་བོ་
ནི་གཅིག་གོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ཡང་དག་པར་སྐུལ་བར་བྱེད་པས་སྒོ་བཞི་ནས་འཇུག་པ་ནི་ཐམས་ཅད་ཀྱི་སྒོ་ནས་དོན་སྤྱོད་པ་ཞེས་བྱའོ། །དེ་ལ་དད་པས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་འཇུག་པར་འགྱུར་རོ། །དེ་དག་
གིས་ནི་མ་འོངས་པ་ན་ལུས་དང་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་ཏེ། ཁམས་གསུམ་དུ་ཇི་ལྟར་རིགས་པ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དད་པས་ནི་ཤེས་རབ་ལ་ཡང་འཇུག་པར་འགྱུར་ལ། ཤེས་རབ་ཀྱིས་སྒོམ་པ་རབ་ཀྱི་མཐར་
เล่ม ๑๓๓ · หน้า 204a
ཐུག་པར་གྱུར་པ་ན་ཉོན་མོངས་པ་རབ་ཏུ་སྤངས་ནས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ཡང་ན་རིམ་གྱིས་ནན་ཏན་དུ་བྱ་བ་ཡིན་པའི་དབང་དུ་བྱས་ནས་དད་པ་ལ་སོགས་པ་བཞི་རྣམ་པར་གཞག་གོ། །འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གིས་
བྱང་ཆུབ་སེམས་དཔའ་ལས་ཆོས་ཐོས་པ་ན་ལས་དང་འབྲས་བུ་དང་། དཀོན་མཆོག་དང་། བདེན་པ་རྣམ་པ་གསུམ་ལ་དད་པ་ཐོབ་པར་འགྱུར་རོ། །དེ་དད་པ་ཐོབ་པ་དེ་དང་ལྡན་པས་ཁྱིམ་ན་གནས་པའི་ཉེས་དམིགས་དང་། རབ་ཏུ་བྱུང་བའི་ཕན་ཡོན་མཐོང་བ་ན་ལུས་ཀྱི་སྡོམ་པ་དང་། ངག་གི་སྡོམ་པ་དང་།
འཚོ་བ་ཡོངས་སུ་དག་པ་ཡང་དག་པར་འཛིན་དུ་འཇུག་གོ། །ཡང་དེ་ལྟ་བུའི་ཚུལ་གྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པར་ཤེས་ནས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་འགོད་པར་བྱེད་དོ། །དེས་དོན་ངན་པ་གཏོང་བར་བྱེད་དོ་ཞེས་བྱ་བས་གཏོང་བ་ཕུན་སུམ་ཚོགས་པ་ཡང་
དག་པར་འཛིན་དུ་འཇུག་གོ་ཞེས་བརྗོད་དེ། འདུས་བྱས་ཟག་པ་དང་བཅས་པ་རྣམས་ལ་འཛིན་པ་ནི་སེར་སྣ་ཅན་ནོ་ཞེས་བྱ་བས་སོ། །ཚིག་རྣམ་པ་ལྔའི་དབང་དུ་བྱས་ནས། སྐྱེས་བུ་དམ་པའི་དོན་སྤྱོད་པ་ནི་རྣམ་པ་ལྔའོ། །ཡང་ཚིག་གི་དོན་རྣམ་པ་ལྔ་ནི་སྐུལ་བ་དང་། རྗེས་སུ་སྟོན་པ་དང་། ཆོས་
སྟོན་པ་རྣམས་སུ་རིག་པར་བྱའོ། །དེའི་ཕྱིར་སྨྲས་པ། ཡང་དག་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་ལ། ཚིག་གི་ལམ་ལྔ་ནི་ཡང་དག་པའི་དོན་ལ་སོགས་པའོ། །རྣམ་པ་གཉིས་ནི་རང་གི་འཁོར་དུ་གཏོགས་པ་ཡང་དག་པ་དང་། ལོག་པར་ཞུགས་པ་རྣམས་ཡོངས་
སུ་བཟུང་བ་དང་། ཚར་བཅད་པའི་དབང་དུ་བྱས་པ་དང་། གཞན་དག་བསྟན་པ་ལ་སྡང་བ་དང་། བར་མ་དང་ཞུགས་པ་དང་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ལ་དྲང་བ་དང་གཞུག་པ་དང་ཡོངས་སུ་སྨིན་པར་བྱ་བ་དང་རྣམ་པར་གྲོལ་བའི་དབང་དུ་བྱས་པའོ། །ཡོངས་སུ་གཟུང་བའི་བྱ་བ་ནི་
གཉིས་ཏེ། ཟང་ཟིང་གི་བགོ་བཤའ་བྱ་བས་དང་ཡང་དག་པར་རབ་ཏུ་དགའ་བར་བྱ་བས་སོ། །ཚར་གཅད་པའི་བྱ་བ་ནི་ཆུང་ངུ་ལ་སོགས་པའི་རིམ་གྱིས་རྣམ་པ་གསུམ་སྟེ། སྤྱོ་བ་དང་། ཆད་པའི་ལས་དང་། བསྐྲད་པར་བྱའོ། །རྣམ་པ་བདུན་དུ་རྣམ་པར་གཞག་པ་ནི་སྤྱིའི་རིམ་གྱིས་སྒོམ་
เล่ม ๑๓๓ · หน้า 204b
པ་ལ་སྦྱོར་བའི་ནན་ཏན་ལ་ཡང་དག་པར་སྦྱོར་བར་བྱེད་པའོ། །རྣམ་པ་ལྔ་སྟེ། ཁྱད་པར་ཉིད་ནི་ཐེག་པ་གསུམ་ལ་རབ་ཏུ་དགོད་པའི་དབང་དུ་བྱས་ནས་ནི་རྣམ་པ་གཉིས་སོ། །སྤྱིའི་བསྟན་པར་བྱ་བའི་ཕྱིར། ཐེག་པ་དམན་པ་ལས་བརྩམས་པ་དང་། ཐེག་པ་ཆེན་པོ་ལས་བརྩམས་པ་ཞེས་བྱ་བ་ལ། །ཐེག་
པའི་དབྱེ་བའི་དབང་དུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཚོགས་ནི་དབང་པོའི་སྒོ་བསྡམས་པའི་ཕྱིར་རོ། །དེ་དག་སྲུང་བ་ནི་ཉམས་པ་ལས་སྲུང་བའོ། །བསགས་པ་ནི་འཕེལ་བར་བྱེད་པའོ། །རབ་ཏུ་དབེན་པ་ནི་ལུས་དང་སེམས་དབེན་པའོ། །སེམས་རྩེ་གཅིག་ཏུ་བྱ་བ་ནི་དེ་ལ་དང་པོར་སེམས་ཡང་དག་
པར་གཏོད་པའོ། །སྒྲིབ་པ་རྣམ་པར་དག་པར་བྱ་བ་ནི་ཀུན་དུ་སྤྱོད་པ་རྣམ་པར་སྦྱོང་བ་ལ་སོགས་པ་ལ་དམིགས་པ་ཡིད་ལ་བྱེད་པ་སྒོམ་པའོ། །ལས་དང་པོ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་མཚན་མ་ལྔ་བཟུང་ལ་བསྒོམ་པར་བྱའོ་ཞེས་བྱ་བའོ། །ཕོངས་ཤིང་འདོད་པ་དང་ལྡན་པའི་དོན་སྤྱོད་པ་ནི་ཀུན་ནས་དཀྲིས་
པ་རྣམ་པ་བརྒྱད་རབ་ཏུ་སྤོང་བ་ལ་འཛུད་པའི་དབང་དུ་བྱས་ནས་རྣམ་པར་གཞག་པར་བྱའོ། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་རྣམ་པར་གཞག་པ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་ཚོགས་དང་བཅས་པའི་གེགས་བྱེད་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །དེ་ལ་
ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའི་གེགས་སུ་གྱུར་པ་སྟེ། བདག་དང་གཞན་ལ་ལྟོས་ནས་ཉེས་པར་སྤྱོད་པ་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པ་མེད་པའི་ཕྱིར་དང་། བླངས་པ་ཡང་དག་པར་མི་སྲུང་བའི་ཕྱིར་རོ། །ཏིང་ངེ་འཛིན་དང་རབ་ཏུ་ལྡན་པ་ལ་
བྱིང་བ་དང་རྨུགས་པའི་འཇིགས་པ་ཡོད་པས་ནང་གི་བདག་ཉིད་ཞུམ་པར་འགྱུར་ཏེ། །དེ་དག་གིས་ཏིང་ངེ་འཛིན་གྱི་ཕུང་པོའི་གེགས་བྱེད་པའི་ཕྱིར་རོ། །ལྷག་མཐོང་དང་རབ་ཏུ་ལྡན་པ་ལ་ནི་རྒོད་པ་དང་། འགྱོད་པའི་འཇིགས་པ་ཡོད་པ་ཉིད་དོ། །ཆགས་པ་དང་འགྱོད་པ་དང་
བཅས་པའི་ཕྱིར་ཤེས་བྱའི་གཟུགས་བརྙན་མཐོང་བ་མེད་པ་ཉིད་དོ། །དེའི་ཕྱིར་དེ་དག་གཉི་ག་ཡང་ཤེས་རབ་ཀྱི་ཕུང་པོའི་གེགས་སུ་གྱུར་པ་ཡིན་ཏེ། དེའི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །ལུས་དང་སེམས་ཉེ་བར་བརྟན་པར་གྱུར་པ་ནི་ཕུང་པོ་གསུམ་སྒོམ་པར་བྱེད་དོ། །དེ་ལ་ལུས་
เล่ม ๑๓๓ · หน้า 205a
ཉེ་བར་བརྟན་པ་ནི་སྐྱེ་བ་གཞན་དུ་བྱས་པའི་སྦྱིན་པས་ཚེ་འདི་ལ་དེ་དང་རྗེས་སུ་མཐུན་པའི་རྐྱེན་མངོན་པར་འགྲུབ་པར་འགྱུར་རོ། །སེམས་ཉེ་བར་བརྟན་པ་ནི་སྐྱེ་བ་གཞན་ལ་བྱས་པའི་ཆོས་ཀྱི་སྦྱིན་པས་ཚེ་འདི་ལ་དེ་དང་རྗེས་སུ་མཐུན་པའི་ཆོས་ཐོས་པ་དང་། གདམས་ངག་དང་རྗེས་སུ་
བསྟན་པ་རབ་ཏུ་ཐོབ་པར་འགྱུར་རོ། །སྦྱིན་པ་རྣམ་པ་གཉི་གའི་བར་དུ་གཅོད་པར་བྱེད་པ་ནི་གཞན་གྱི་འབྱོར་པ་མི་བཟོད་པ་དང་། དངོས་པོར་འཛིན་པ་ཆེན་པོ་ཡིན་ན་སྦྱིན་པ་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བས་སོ། །སེལ་བར་བྱེད་ཅེས་བྱ་བ་ནི་སོ་སོར་རྟོག་པའི་སྟོབས་ཀྱིས་སྐྱེས་པ་རྣམས་སྤོང་བའོ། །
སྤོང་བར་བྱེད་པ་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་མ་སྐྱེས་པ་རྣམས་ཤིན་ཏུ་མི་སྐྱེད་པའོ། །རྣམ་པ་དགུ་ནི་ལུས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་པར་དབྱེ་བས་སོ་སོར་རྣམ་པ་བཞིར་འགྱུར་ལ། ཡིད་ཀྱི་ཉེས་པར་སྤྱོད་པའི་དབྱེ་བ་རྣམས་ནི་ཡང་གཅིག་ཏུ་བྱས་པའོ། །དེ་ལ་རིགས་པ་གཉིས་ཀྱིས་
ལུས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་བཞིར་གཞག་པར་བྱ་སྟེ། ལས་ཀྱི་ལམ་རྣམ་པར་གཞག་པ་དང་། དགེ་བསྙེན་གྱི་བསླབ་པའི་གནས་ཀྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པའི་དབང་དུ་བྱས་པས་སོ། །ལས་ཀྱི་ལམ་རྣམ་པར་གཞག་པའི་ཚུལ་གྱིས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་མོ། །
ཚུལ་གཞན་གྱིས་ནི་བཞི་པ་མྱོས་པར་འགྱུར་བའི་བཏུང་བ་གཏོགས་པར་བྱས་པའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་གཅིག་ཏུ་བྱས་པ་ནི་དེ་དག་ལ་བྱ་བ་ཐ་དད་ཡོད་དུ་ཟིན་ཀྱང་མངོན་དུ་གྱུར་པ་ཙམ་གྱིས་ལས་ཀྱི་ལམ་དུ་རྣམ་པར་འཇོག་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་སྦྱོར་བ་
དང་། དངོས་གཞི་དང་། མཇུག་རྣམས་སུའོ། །རྣམ་པ་བཅུ་མདོར་བསྡུ་ན་སྦྱོར་བ་རྣམ་པར་དག་པ་དང་། བསམ་པ་རྣམ་པར་དག་པའི་དབང་དུ་བྱས་པའོ། །སྦྱོར་བ་རྣམ་པར་དག་པ་ཡང་རྣམ་པ་ལྔའོ། །དེ་བཞིན་དུ་བསམ་པ་རྣམ་པར་དག་པ་ཡང་ངོ་། །ཡང་འདི་དག་གི་རྣམ་པར་གཞག་
པ་གཞན་སྨྲས་པ། ཕྱི་རོལ་དག་པ་དང་། ནང་དག་པ་ལ་བརྟེན་ཏེ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་དང་མ་འདྲེས་པའི་དགེ་བའི་རྩ་བ་ཡང་དག་པར་བླངས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། །དེས་ན་སྨྲས་པ། ཉེས་པར་སྤྱོད་པ་དང་འདྲེས་ཤིང་ཞེས་བྱ་བ་ལ། བར་བར་དུ་ཉེས་
เล่ม ๑๓๓ · หน้า 205b
པར་སྤྱོད་པ་ལ་འཇུག་པ་ནི་འདྲེས་པ་ཉིད་དོ། །ཉེས་པར་སྤྱོད་པ་སྔོན་དུ་འགྲོ་བ་ནི་དགེ་བ་བྱ་བའི་ཕྱིར་སྔོན་དུ་ཉེས་པར་སྤྱོད་པ་བྱེད་པ་ཞེས་བྱའོ། །དེའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་ཉིད་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དེ། དཔེར་ན་ཆོས་མ་ཡིན་པས་ལོངས་སྤྱོད་བསྒྲུབས་ནས་སམ། ཕ་རོལ་ལས་ཕྲོགས་
ནས་སྦྱིན་པ་བྱེད་པ་ལྟ་བུའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཤིན་ཏུ་མ་ཡིན་པས་ན་ཕྱིར་ལྡོག་པར་འགྱུར་བ་དང་། ཐར་པ་མ་ཡིན་པའི་སྲིད་པ་འདེད་པ་དང་གཟུགས་དང་། གཟུགས་མེད་པས་བསྡུས་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པ་མ་ཡིན་པ་རང་གིས་
པའི་བག་ལ་ཉལ་དང་བཅས་ལ་གཅིག་ཏུ་རྣམ་པར་དག་པའི་ཐར་པ་ཡིན་ནོ་ཞེས་ཡང་དག་པར་འཛུད་པར་མི་བྱེད་དོ། །དེ་ལྟ་བས་ན་ཕྱིན་ཅི་མ་ལོག་པའི་དོན་གྱི་བྱ་བ་ཡིན་ནོ། །རིམས་སུ་འབབ་པ་ནི་གོ་རིམས་བཞིན་དུ་ནན་ཏན་བྱ་བ་ལ་སྦྱོར་བའོ། །དེས་ན་སྨྲས་པ། ཐོག་མར་བསླབ་པའི་
ཆོས་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བ་དང་། ཕྱོགས་གཅིག་པ་མ་ཡིན་པ་ཉིད་ནི་རིགས་ལ་སོགས་པའི་ངེས་པ་མེད་པར་འཇུག་པར་བྱེད་པ་ཞེས་བྱས་ནས་སོ། །དེའི་ཕྱིར་སྨྲས་པ། རིགས་བཞི་དང་ཞེས་བྱ་བ་ལ་སོགས་པ་ལ། ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་དང་རྗེས་སུ་
མཐུན་པའི་དོན་ཉེ་བར་སྒྲུབ་པའོ། །མཐུན་མཐུན་དུ་སྦྱོར་བ་ནི་ཐབས་སྣ་ཚོགས་ཀྱིས་ཉེ་བར་སྒྲུབ་པའོ། །དེའི་ཕྱིར་སྨྲས་པ། གང་དག་ཅེས་བྱ་བ་ལ་སོགས་པའོ། །གང་ཟག་སྡིག་པའི་ལས་ཤིན་ཏུ་དྲག་པོ་དང་ལྡན་པས་སྡུག་བསྔལ་ཆེ་ཐང་དུ་མྱོང་བའི་རྒྱུ་ལ་ཞུགས་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་
ཆེན་པོའི་བསམ་པ་ན་ད་དག་པ་དང་པོའོ། །སེམས་ཅན་ཆེར་རྨོངས་པ་རྣམས་ལ་སྡུག་བསྔལ་ཐམས་ཅད་ཀྱིས་ཡོངས་སུ་ངལ་བར་གྱུར་ཀྱང་སྐྱོ་བ་བཟོད་པར་བྱས་ནས་རབ་ཏུ་དགའ་བའི་བསམ་པས་སྤྱོད་པ་ནི་གཉིས་པའོ། །ཤིན་ཏུ་དམན་ཞིང་ཕོངས་པའི་གང་ཟག་ལ་ཡང་བདག་
ཉིད་རིགས་དང་འབྱོར་པ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཡིན་དུ་ཟིན་ཀྱང་དམན་པའི་བསམ་པས་སྤྱོད་པ་ནི་གསུམ་པའོ། །གཡོ་སྒྱུས་ཉེ་བར་སྤྱོད་པ་རྣམས་ལ་བཅོས་མ་མ་ཡིན་པའི་སེམས་ཀྱིས་སྤྱོད་པ་ནི་བཞི་པའོ། །གནོད་པ་དྲག་པོ་བྱེད་པ་རྣམས་ལ་ཡང་བྱམས་པའི་བསམ་
เล่ม ๑๓๓ · หน้า 206a
པས་སྤྱོད་པ་ནི་རྣམ་པར་དག་པ་ལྔ་པའོ། །དོན་སྤྱོད་པ་བསྟན་པའི་སྒོ་ནས་དོན་མཐུན་པ་ཡང་ཡིན་པས་ངོ་བོ་ཉིད་ལ་སོགས་པ་ཡང་བསྟན་པར་མི་བྱ་སྟེ། གྲུབ་ཟིན་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྣམ་པ་གཞན་གྱིས་དོན་མཐུན་པ་བསྟན་པར་བྱའོ། །དང་པོར་དོན་མཐུན་པ་རྣམ་པ་
གསུམ་དུ་རྣམ་པར་གཞག་པར་བྱ་སྟེ། དངོས་པོ་ཉིད་ནི་དོན་གང་དང་། དགེ་བའི་རྩ་བ་གང་ལ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཉིད་དོན་ཅེས་བརྗོད་དོ། །བདག་དང་གཞན་གྱི་ཕན་པ་དང་བདེ་བ་འདོད་པ་རྣམས་ཀྱིས་འདོད་པར་བྱ་བ་ཡིན་པས་ཞེས་བྱས་ནས་སོ། །རང་སྒྲུབ་པར་བྱེད་པ་ཉིད་ནི་གང་གི་ཕྱིར་
སྨྲས་པ། བདག་ཉིད་དང་ཡང་དག་པར་སྟོན་ཏེ་ཞེས་བྱ་བ་ལ། དོན་མཐུན་པ་ཞེས་བྱ་བ་ནི་གཞན་དང་དོན་མཐུན་པ་ཉིད་དེ། དོན་འདྲ་བ་ཉིད་དང་། སྒྲུབ་པ་འདྲ་བ་ཉིད་དོ། །དགོས་པ་ཉིད་ནི་དགོས་པ་རྣམ་པ་གཉིས་ཏེ། དགེ་བའི་རྩ་བ་ཡང་དག་པར་བླངས་པ་ལ་གཞན་དག་གུས་པ་
བསྐྱེད་པའི་ཕྱིར་དང་། བདག་ཉིད་ཀྱི་ཚིག་གཟུང་བར་འོས་པར་བྱ་བ་དང་སྐུར་པ་འདེབས་པའི་སྐབས་མེད་པར་བྱ་བའི་ཕྱིར་རོ། །དང་པོ་བསྟན་པའི་ཕྱིར་སྨྲས་པ། དེ་འདུལ་བ་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་ལ་བརྟན་ཞིང་ངེས་ཏེ་ཞེས་བྱ་བ་ནི་གུས་པར་བྱས་ནས་སྒྲུབ་པ་ལས་ཕྱིར་
མི་ལྡོག་པར་འགྱུར་བའོ། །དེས་ན་སྨྲས་པ། །ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བ་ལ། བརྟན་ཞིང་ངེས་པའི་སྦྱོར་བའི་རྒྱུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་འདིས་གང་ཁོ་ན་བདག་ཅག་ལ་བསྟན་པ་དེ་ཉིད་ལ་བདག་ཉིད་ཀྱང་བརྟན་ཞིང་ངེས་པར་ཀུན་དུ་སྤྱོད་པར་བྱེད་པ་ལས་ན།
ངེས་པར་བདག་ཅག་ལ་ཕན་པ་དང་བདེ་བ་བསྟན་པ་ཡིན་ཏེ། འདི་ཉིད་ཀྱང་ཕན་པ་དང་བདེ་བ་འདོད་པ་བཞིན་དུ་མི་ཕན་པ་དང་མི་བདེ་བ་ལ་སྤྱོད་པར་མི་བྱེད་དོ་ཞེས་བསམས་ནས་འདི་ལ་བསྒྲུབ་པར་བྱའོ་ཞེས་སྒྲུབ་པར་བྱེད་དོ། །གཉིས་པའི་དབང་དུ་བྱས་ནས་སྨྲས་པ། བཅོས་དགོས་སོ་
ཞེས་མི་ཟེར་རོ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་གཅིག་ཏུ་དོན་མཐུན་པ་ཡང་མ་ཡིན་ཏེ་རྣམ་པར་དབྱེ་བ་ཡོད་དོ་ཞེས་བསྟན་པའི་ཕྱིར་རོ། །མུ་བཞི་དང་ལྡན་པར་སྟོན་པར་བྱེད་དེ། མུ་གསུམ་ནི་དཀར་པོའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །བཞི་པ་ནི་ནག་
เล่ม ๑๓๓ · หน้า 206b
པོའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །དེ་ནི་སྤང་བར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་ཡང་དག་པར་འདས་པའི་ཕྱིར་རོ། །བདག་ཉིད་ཀྱི་རྒྱུད་བཟང་པོ་རྣམས་གཞན་དག་དང་མཉམ་དུ་ཟིན་ཀྱང་རབ་ཏུ་སྦས་ནས་གནས་པ་གཙོར་བྱས་ནས་དམན་པར་སྟོན་པ་ནི་ཁ་ན་མ་ཐོ་བ་
མེད་པར་འགྱུར་རོ་ཞེས་བྱ་བ་ནི་མུ་དང་པོ་སྟེ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཀྱིས་ཕན་ཚུན་མཉམ་པ་ཉིད་དེ། མཉམ་པའི་ས་ལ་གནས་པ་ཉིད་དང་། གང་ཡང་ས་རྣམ་པར་སྦྱོང་བར་བྱེད་པ་ཉིད་དོ། །ཡོན་ཏན་མཉམ་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། དགེ་བའི་
ཆོས་ལ་སྦྱོར་བ་ཉིད་དོ། །མཐུ་མཉམ་པ་ནི་མངོན་པར་ཤེས་པའི་མཐུའོ། །བྱང་ཆུབ་སེམས་དཔའི་ལམ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པའོ། །སློབ་དཔོན་ནི་འཇིག་རྟེན་ཐམས་ཅད་ཀྱིས་སློབ་དཔོན་དུ་འདོད་པའོ། །དེ་དང་མཉམ་པ་ཉིད་ཡིན་ན་ཡང་མཉམ་པ་ཉིད་དུ་མི་སྟོན་ཏེ། ཅིའི་ཕྱིར་
ཞེ་ན། །དེ་ཉིད་ལ་འཇིག་རྟེན་ཐམས་ཅད་ཀྱིས་གུས་པ་དང་བསྙེན་བཀུར་དང་རིམ་གྲོ་བྱེད་པར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་སློབ་དཔོན་དུ་འཛིན་པར་བྱ་བའི་ཕྱིར་རོ། །དོན་མཐུན་པ་ཉིད་དུ་བསྟན་ན་དེ་ལ་དེ་ལྟར་འཛིན་པར་མི་འགྱུར་ཞིང་། གུས་པ་དང་བསྙེན་བཀུར་བྱེད་པ་
ཉམས་པར་བྱེད་པར་འགྱུར་རོ། །དེ་ལྟ་བུ་མཐོང་བས་དོན་མཐུན་པ་ཉིད་དུ་སྟོན་པར་མི་བྱེད་དོ། །བདག་ཉིད་ཡོན་ཏན་དང་མཐུ་ཁྱད་དུ་འཕགས་པ་དང་ལྡན་པར་གྱུར་ལ་དམན་པ་ལ་མོས་པ་ཉན་ཐོས་ལ་སོགས་པ་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་ཐོས་པ་དང་། བསྒྲུབ་པར་མི་
འགྱུར་ཞིང་སྐྲག་པ་རྣམས་ལའོ། །སོ་སོར་བརྟགས་ནས་ཞེས་བྱ་བ་ནི་དགོས་པའི་དབང་གིས་དེའི་རྣམ་པས་དོན་མཐུན་པ་ཉིད་དུ་སྟོན་པར་བྱེད་དོ། །དཔེར་ན་དེ་བཞིན་གཤེགས་པ་ཉན་ཐོས་ལ་སོགས་པ་དང་བདག་ཉིད་དོན་མཐུན་པར་སྟན་པར་མཛད་དོ། །དེས་འདུལ་བ་རྣམས་ཀྱི་
དོན་བྱེད་པ་ལྟ་བུའོ། །སེམས་ཅན་དམན་པ་རྣམས་ཀྱི་དོན་ཡང་བྱེད་པར་འདོད་པས་སྐྱེ་གནས་དང་། རིགས་དང་། རུས་ལ་སོགས་པ་བདག་ཉིད་མཉམ་པར་སྟོན་པར་བྱེད་དོ། །དེའི་ཕྱིར་སྨྲས་པ། བསམས་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །མུ་གསུམ་པ་ནི་བསྐུལ་བར་བྱ་བ་གང་
เล่ม ๑๓๓ · หน้า 207a
ཞིག་འདྲིས་ཤིང་བཤེས་པས་འཇུག་པར་འགྱུར་བ་དེ་དག་ཀྱང་ཡང་དག་པར་བླངས་པ་ལ་བརྟན་པར་བྱ་བའི་ཕྱིར་དེ་དང་དོན་མཐུན་པ་ཉིད་དུ་སྟོན་པར་བྱེད་པ་འདི་ནི་ཡང་རབ་ཏུ་གྲགས་པའི་དོན་མཐུན་པ་ཡིན་པར་རིག་པར་བྱའོ། །བདག་ཉིད་ཀྱི་དོན་དང་། གཞན་གྱི་དོན་ལ་ཡང་
འཇུག་པ་མ་ཡིན་པ་ཞེས་བྱ་བས་གཞན་གྱི་དོན་ལ་ཡང་བག་མེད་པའི་དབང་གིས་བཏང་སྙོམས་སུ་གནས་པས་དོན་མཐུན་པ་བསྟན་པའི་སྒོ་ནས་གཞན་གྱི་དོན་བྱེད་པ་མ་ཡིན་ནོ། །ས་བཅུ་པ་ལ་སོགས་པའི་མདོ་སྡེ་ནས་གསུངས་པའི་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་སྤྱོད་པར་
འགྱུར་ཞིང་། བསྡུ་བའི་དངོས་པོ་ཡང་སྦྱིན་པ་ལས་བྱུང་བའོ། །དེ་བཞིན་དུ་གཞན་དག་ལ་ཡང་ངོ་། །གཉི་ག་སྨོས་པའི་དགོས་པ་བསྟན་པའི་ཕྱིར་སྨྲས་པ། དེ་ལ་སྦྱིན་པ་རྣམ་པ་དུ་མར་བསྟན་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་རྣམ་པ་གཉིས་ཏེ། བདག་
གི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པས་ནི་སྔ་མ་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་གཞན་ནོ། །དེས་ན་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་བྱ་བ་ཐམས་ཅད་ནི་
འདི་དག་གིས་བསྡུས་པ་ཡིན་ནོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཉིད་བྱང་ཆུབ་ཐོབ་པ་ལ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་ཀུན་དུ་སྤྱོད་པ་དང་། ཕུལ་དུ་བྱུང་བ་ཉིད་དང་། རྣམ་པར་དག་པའི་དབང་དུ་བྱས་ནས་དེའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ་
གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་ཞེས་བྱ་བ་ནི་སྒོ་ཞེས་བྱ་བའི་དོན་ཏེ། དགེ་བའི་ཆོས་ལ་ལེགས་པར་སྤྱོད་པ་ཞེས་བརྗོད་དོ། །ལེགས་པར་སྤྱོད་པ་ནི་ཁ་ན་མ་ཐོ་བ་མེད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་བསྡུས་པ་ཉིད་དེ། སྦྱིན་པ་ལ་སོགས་པའི་ཆོས་རྣམས་ལུས་ལ་
སོགས་པའི་སྒོ་གསུམ་ནས་ཀུན་དུ་སྤྱོད་པའོ། །རྒྱ་ཆེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཕུལ་དུ་བྱུང་བའི་རྣམ་པ་བསྟན་ཏོ། །རྒྱ་ཆེ་བ་ཉིད་ནི་ཆེན་པོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གསུམ་གྱིས་དབྱེ་བ་མེད་པའི་ཕྱིར་མ་ལུས་པ་ལ་འཇུག་པས་ན་དེས་ན་རྒྱ་ཆེ་བ་ཉིད་དོ། །སེམས་
เล่ม ๑๓๓ · หน้า 207b
ཅན་ལ་དབྱེ་བ་མེད་པ་ནི་བདག་དང་། གཞན་ཞེས་དབྱེ་བའི་རྣམ་པར་རྟོག་པ་མེད་པ་ཉིད་དོ། །དངོས་པོ་ལ་དབྱེ་བ་མེད་པ་ནི་འདི་ནི་སྦྱིན་པར་བྱའོ། །འདི་ནི་སྦྱིན་པར་མི་བྱའོ་ཞེས་བྱ་བའི་རྣམ་པར་རྟོག་པ་མེད་པ་ཉིད་དོ། །དུས་ལ་དབྱེ་བ་མེད་པ་ཉིད་ནི་དུས་འདི་ལ་ནི་སྦྱིན་པ་ཞེས་བྱ་བ་ལ་
སོགས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། དུས་ཐམས་ཅད་ཀྱི་སྒོ་ནས་འཇུག་པ་ནི་རྒྱ་ཆེ་བ་ཞེས་བསྟན་པར་འགྱུར་རོ། །ཡང་དབྱེ་བ་མེད་པའི་ཕྱིར་སྤྱིའི་ཆེན་པོ་ཉིད་དོ། །སྤྱིའི་ཆེན་པོ་ཡིན་པའི་ཕྱིར་ཆེན་པོ་ཉིད་དོ། །དེ་ལྟར་ན་
རྟེན་དང་དངོས་པོ་དང་། དུས་ཆེན་པོ་ཉིད་ཀྱིས་ཆེན་པོ་ཞེས་བྱའོ། །ཆེན་པོ་ཡིན་པས་ན་རྒྱ་ཆེ་བ་ཞེས་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །རྒྱུ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་གཞན་གྱི་རྒྱུའི་སྟོབས་ཀྱི་རབ་ཏུ་སྤྱོད་པས་དེ་བཞིན་དུ་ཀུན་དུ་སྤྱོད་པ་བསྟན་པ་ཡིན་ནོ། །རྣམ་པ་བཞིར་
ཞེས་བྱ་བ་ནི་དགའ་བའི་བསམ་པའི་སྦྱོར་བ་ཉིད་ཡིན་པའི་ཕྱིར་དང་བའི་རབ་ཏུ་དགའ་བ་དང་བཅས་པ་ཉིད་དེ། །དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ་ཞེས་སྦྱར་བར་བྱའོ། །མ་འདྲེས་པའི་སྦྱོར་བ་ཉིད་ཡིན་པའི་ཕྱིར་མི་མཉམ་པ་མེད་པའོ། །གུས་པ་དང་བཅས་པའི་བསམ་པའི་
སྦྱོར་བ་ཡིན་པའི་ཕྱིར་གུས་པར་བྱ་བ་བྱེད་པའོ། །ལྟོས་པ་མེད་པའི་བསམ་པའི་སྦྱོར་བ་ཡིན་པའི་ཕྱིར་རྟེན་པ་མེད་པའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་བསམ་པའི་སྦྱོར་བ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པར་རིག་པར་བྱའོ། །ཡང་དེ་དག་གི་དག་པ་ཉིད་ཀྱིས་
དག་པ་ནི་དྲི་མ་མེད་ཅིང་འོད་གསལ་བར་རིག་པར་བྱའོ། །འདྲེས་པར་གྱུར་པའི་སྦྱོར་བ་ཡིན་པའི་ཕྱིར་གཞན་ལ་གནོད་པ་བྱེད་པ་ཉིད་དང་། །ད་ཡང་ལྟ་བ་སྔོན་དུ་འགྲོ་བ་ཉིད་དོ། །དེ་ལ་རྒྱུ་དང་པོ་མེད་པར་བསྟན་པའི་ཕྱིར། །གཞན་ལ་གནོད་པ་མེད་པ་དང་ཞེས་བྱ་བ་ལ་
སོགས་པ་ལ། གཞན་དག་ལ་གནོད་པ་མི་བྱེད་ཅེས་བྱ་བའི་དོན་ཏོ། །རྒྱུ་གཉིས་པ་མེད་པར་བསྟན་པའི་ཕྱིར། ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། །མ་འདྲེས་པ་དེ་དག་ཀུན་དུ་སྤྱོད་དོ་ཞེས་བྱའོ། །གུས་པར་བྱེད་པའི་
เล่ม ๑๓๓ · หน้า 208a
སྦྱོར་བ་ནི་རྣམ་པ་གཉིས་ཏེ། ཕན་ཡོན་མཐོང་བ་ཉིད་དང་། དེ་ཁོ་ན་ཉིད་ལ་རབ་ཏུ་ངེས་པ་ཉིད་དོ། །སྒོ་གསུམ་ནས་ཕན་ཡོན་བསྟན་པའི་ཕྱིར་ཡོན་ཏན་དུ་ལྟ་བ་ཉིད་ནི་གཞན་རྗེས་སུ་གཟུང་བ་ལ་རབ་ཏུ་ཞུགས་པའོ། །འབྲས་བུ་ཁྱད་པར་ཆེན་པོ་ཉིད་མཐོང་བ་ནི་
སྙིང་པོར་ལྟ་བའོ། །མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཕྱོགས་གང་ཡིན་པ་ནི་ཞི་བར་ལྟ་བའོ། །རྒྱུ་གཉིས་པ་བསྟན་པའི་ཕྱིར་ཤིན་ཏུ་ངེས་པ་ཞེས་བྱ་བ་ལ་རྒྱུ་དང་འབྲས་བུ་བློའི་མངོན་སུམ་དུ་གྱུར་པ་ཉིད་དོ། །དེས་ན་སྨྲས་པ། གཞན་གྱི་དྲིང་མི་འཇོག་ཅིང་ཞེས་བྱའོ། །གཞན་གྱི་དད་པ་
བསྐྱེད་ནས་སྒྲུབ་པ་མ་ཡིན་ཏེ། གཞན་གྱི་གདོང་དུ་ལྟ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཁམས་གསུམ་གྱི་ཤིན་ཏུ་རབ་ཏུ་ཁྱད་པར་དུ་འཕགས་པའི་རྣམ་པར་སྨིན་པ་ལ་ལྟོས་པ་མེད་པར་བསྟན་པ་ནི་མི་རྣམས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཡང་ལྟོས་པ་མེད་པ་ཉིད་དང་།
འདོད་པ་ན་སྤྱོད་པའི་ལྷ་རྣམས་ནི་རྣམ་པ་གཉིས་ཏེ། །ས་ལ་བརྟེན་པ་དང་། གཞལ་ཡས་ཁང་ལ་བརྟེན་པའོ། །ས་ལ་བརྟེན་པའི་ལྷ་རྣམས་ཀྱི་རྒྱལ་པོ་ནི་བརྒྱ་བྱིན་ཉིད་དོ། །གཞན་རྣམས་ཀྱི་ལྷའི་རྒྱལ་པོ་ནི་བདུད་ཉིད་དོ། །གཟུགས་དང་གཟུགས་མེད་པའི་རྣམ་པར་སྨིན་པའི་དབང་དུ་
བྱས་ནས་སྨྲས་པ། ཚངས་པ་ཉིད་ཅེས་བྱའོ། །ཚེ་འདི་ལ་ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་པར་བསྟན་པའི་ཕྱིར། ཕན་འདོགས་པ་ལ་ཡང་རེ་བ་མེད་ཅེས་བྱའོ། །རྙེད་པ་དང་བཀུར་སྟི་ལ་ལྟོས་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར། ཁེ་དང་། རྙེད་པ་དང་ཞེས་བྱ་བ་ལ་སོགས་
པའོ། །བདག་གི་ལུས་ཀྱི་ཁྱད་པར་ལ་ཡང་མི་བརྟེན་པར་བསྟན་པའི་ཕྱིར་སྨྲས་པ། ཐ་ན་ལུས་དང་སྲོག་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་རྣམ་པ་བཞི་ཉེ་བར་བསྡུ་བར་བྱ་བའི་ཕྱིར་དང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཏུ་དགའ་བ་
དང་ལྡན་པ་དང་ཞེས་བྱ་བ་ནི་དད་པ་དང་རབ་ཏུ་དགའ་བ་དང་ལྡན་པའོ། །གཞན་ལ་གནོད་པ་མི་བྱེད་པས་ན་མི་མཐུན་པ་མེད་པའོ། །ཡོན་ཏན་ལ་སོགས་པ་མཐོང་བས་ཡང་དག་པར་བླངས་ལ་འཇུག་པ་ཞེས་བྱ་བ་ནི་གུས་པར་བྱ་བ་བྱེད་པའོ། །རྣམ་པར་སྨིན་པ་ལ་སོགས་པ་ལ་མི་
เล่ม ๑๓๓ · หน้า 208b
ལྟོས་པས་ན་མི་བརྟེན་པའོ། །རྣམ་པར་དག་པ་གསུམ་གྱི་རྣམ་པ་བསྟན་པའི་ཕྱིར། སྦྱངས་པ་ཉིད་དང་། མི་གཡོ་བ་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་ཉིད་ཅེས་བྱ་བ་ནི་མཐར་ཐུག་པའི་ས་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དགེ་བའི་རྩ་བ་རྣམས་རྣམ་པ་གཉིས་ཀྱིས་རྣམ་
པར་དག་པའོ། །མཐར་ཐུག་པར་གྱུར་པ་རྣམས་ཀྱི་ནི་གསུམ་ཆར་གྱིས་ཀྱང་ངོ་། །སྦྱངས་པ་ནི་བསམ་པའི་ཁྱད་པར་ཐོབ་པ་དང་། རང་གི་ངང་གིས་འཇུག་པ་དང་འབད་པ་མེད་པར་འཇུག་པ་ཉིད་དང་། མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། སོ་སོར་
མ་བརྟགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། སོ་སོར་བརྟགས་ནས་བྱེད་པ་ཉིད་ནི་མ་ཡིན་ནའོ། །གང་གིས་འབད་པ་མེད་པར་ཀུན་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་འཇུག་པར་འགྱུར་བའི་རྟེན་དང་སེམས་ཀྱི་རྒྱུད་ཐོབ་པར་འགྱུར་བའོ། །མི་གཡོ་བ་ཉིད་ནི་བརྟེན་པས་སོ། །ཡང་ན་གཞན་
དུ་འགྱུར་བ་མེད་པ་ཉིད་དེ། ཡོངས་སུ་མ་ཉམས་པའི་སྦྱོར་བས་སོ། །དཔེར་ན་བདེན་པ་མཐོང་བའི་ཉན་ཐོས་རྣམས་དགེ་བའི་ཆོས་རྣམས་ལས་ཀྱང་མི་ཉམས་ཏེ། ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁྱད་པར་
དུ་འགྲོ་བ་ཡིན་པའི་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་རོ། །འཕེལ་བར་འགྱུར་བའི་རྒྱུ་ནི་རྣམ་པ་གཉིས་ཏེ། རྒྱུ་ཉེ་བར་བསགས་པ་དང་ལྡན་པ་ཉིད་དང་། རྣམ་པར་སྨིན་པའི་ཁྱད་པར་ཐོབ་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། མཚན་མོ་དང་ཉིན་མོ་དང་དེ་དང་དེ་དག་ཅེས་བྱ་བ་
ལ་སོགས་པ་ལ། དུས་ལ་ལྟོས་ནས་ངེས་པར་འཕེལ་བར་འགྱུར་བ་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དངོས་པོ་དཔེར་བྱས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་ཞེས་བྱ་བའི་དོན་ཏེ། དེ་ལྟར་མིག་སྨན་རི་མོ་སྣ་ཚོགས་ལྟར། །ཞེས་བྱ་བ་ལྟ་བུའོ། །བྱང་ཆུབ་སེམས་
དཔའ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པ་ནི་ས་བཅུ་པ་ལ་དབང་བསྐུར་བ་ཐོབ་པའོ། །དེའི་དོན་དམ་པའི་ཚུལ་དང་། རབ་ཏུ་གྲགས་པའི་ཚུལ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་རྣམ་པར་གཞག་པར་བྱའོ། །དོན་དམ་པའི་ཚུལ་གྱི་དབང་དུ་བྱས་པ་ནི་དབང་ཕྱུག་
เล่ม ๑๓๓ · หน้า 209a
ཆེན་པོའི་གནས་སུ་སྐྱེས་པ་དེ་དག་ལ་དབྱེ་བ་མེད་པའོ། །རབ་ཏུ་གྲགས་པའི་ཚུལ་གྱི་དབང་དུ་བྱས་པ་ནི་སྨྲས་པ། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ། །དེ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ནི་དགའ་ལྡན་གྱི་ཕོ་བྲང་དུ་སྐྱེས་པར་གྱུར་པའོ། །སྲིད་པ་ཐ་
མ་པ་ནི་དེ་ནས་ཤི་འཕོས་ནས་མིའི་རིགས་སུ་སྐྱེས་པའོ། །དེའི་དགེ་བའི་རྩ་བ་དེས་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐར་ཐུག་པ་རྣམ་པར་དག་པར་འགྱུར་བའོ། །དེའི་ཕྱིར་སྨྲས་པ། བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས་པའི་ཆོས་
འདི་དག་གི་མཐར་ཐུག་པའི་འབྲས་བུ་ལ་དབྱེ་བ་མེད་པར་བསྟན་པ་ཡིན་ནོ། །གཞན་དུ་ན་སྔར་བསྟན་པའི་ཚུལ་གྱིས་བསྡུས་པའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་ཚིག་གིས་ཇི་ལྟར་རང་གི་རྒྱུད་རབ་ཏུ་ཁྱད་པར་དུ་འཕགས་པ་ཐོབ་པར་
འགྱུར། དེས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་གྱི་སྤྱིའི་འབྲས་བུ་གཅིག་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པ་རྣམ་པ་དགུར་ཅིའི་ཕྱིར་བསྟན་ཞེ་ན། དེ་དག་གི་འབྲས་བུ་རྣམ་པ་དགུ་ཉིད་དོ་ཞེས་བསྟན་པའི་ཡོན་ཏན་བསྟན་པའི་
ཕྱིར། དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་མཐར་ཐུག་པ་དང་མཐར་ཐུག་པ་མ་ཡིན་པས་གཅིག་དང་དུ་མའི་བདག་ཉིད་ཀྱི་འབྲས་བུ་བསྟན་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་
གཉིས་ཀྱི་དང་པོའི་དབང་དུ་བྱས་པའོ། །རྡོ་རྗེ་སྙིང་པོའི་སྐུ་ཉིད་ནི་དེའི་རྟེན་དུ་གྱུར་པ་མཚན་གྱིས་བརྒྱན་པའི་གཟུགས་ཀྱི་སྐུ་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་གཅད་དུ་མེད་ཅིང་གཞིག་ཏུ་མེད་པའི་ཕྱིར་ཐམས་ཅད་རྡོ་རྗེའི་རང་བཞིན་ཡིན་གྱི་སྐུ་གདུང་འབའ་ཞིག་ཏུ་མ་
ཟད་པའོ། །དཀའ་བའི་སྦྱིན་པ་ལ་སོགས་པ་ངོ་མཚར་རྨད་དུ་གྱུར་པ་ཉིད་ཀྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་ཐོབ་པའོ། །ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ལ་སོགས་པ་ལ་ཞུགས་པས་ནི་ལྷ་དང་མི་རྣམས་ཀྱིས་ཐམས་ཅད་ཀྱི་སྒོ་ནས་མཆོད་པ་ནི་
เล่ม ๑๓๓ · หน้า 209b
འབྲས་བུའོ། །སྐྱེས་བུ་དམ་པ་ལ་བརྟེན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དམ་པར་གྱུར་པ་ཉིད་དེ། ངེས་པའི་དོན་གྱི་དབང་དུ་བྱས་ནས་མདོའི་ཚིག་རྣམས་བསྟན་པ་ཡིན་པར་རིག་པར་བྱའོ། །ཚུལ་བཞིན་ན་རྐང་པས་འགྲོ་བར་བྱེད་ཅེས་བྱ་བའི་ཚིག་གིས་དྲང་བའི་དོན་ཏོ། །ཕྱིན་ཅི་ལོག་བཅུ་
གཉིས་ལ་རྐང་པ་ཞེས་བརྗོད་དེ། ཡང་སྲིད་པར་འགྲོ་བར་བྱེད་པའི་ཕྱིར་དང་། འདིས་འགྲོ་ཞིང་བསྐྱོད་པས་ཞེས་བྱས་ནས་སོ། །དེ་དག་ལྷག་མ་མ་ལུས་པར་སྤངས་པས་ན་དགྲ་བཅོམ་པ་ནི་རྐང་པ་མེད་པའོ། །ཕྱིར་མི་འོང་བ་ནི་རྐང་པ་གཉིས་པ་སྟེ། ཡང་སྲིད་པའི་སྡུག་བསྔལ་ལ་བདེ་བར་
འདུ་ཤེས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་ཀུན་དུ་སྤྱོད་པ་ཉིད་དོ། །གལ་ཏེ་དེ་ལ་གཅིག་ཏུ་སྡུག་བསྔལ་གྱི་འདུ་ཤེས་དང་སེམས་ཀྱིས་ཀུན་དུ་སྤྱོད་པར་གྱུར་ན་ནི་ཡང་སྲིད་པར་སྐྱེ་བ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་དེ་ནི་དེ་དག་ཀུན་དུ་སྤྱོད་པའི་ཕྱིར་རྐང་གཉིས་པའོ། །རྐང་བཞི་པ་ནི་འཕགས་པ་ཉན་ཐོས་
འདོད་ཆགས་དང་མ་བྲལ་བའི་གང་ཟག་སྟེ། དེ་དག་ནི་མི་གཙང་བའི་མཚན་ཉིད་ཅན་གྱི་འཁྲིག་པའི་འདོད་པ་ལ་གཙང་བར་འདུ་ཤེས་པ་དང་། སེམས་ཕྱིན་ཅི་ལོག་ཡོད་པ་དང་ཡང་སྲིད་ཀྱི་སྡུག་བསྔལ་བདེ་བར་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡོད་པའི་ཕྱིར་རོ། །རྐང་
མོངས་ནི་སོ་སོའི་སྐྱེ་བོ་སྟེ། ཐམས་ཅད་མ་སྤངས་པའི་ཕྱིར་རོ། །ཡང་དེ་ནི་ཁམས་དང་། སྐྱེ་བའི་དབྱེ་བས་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའོ། །གཟུགས་ཅན་ལས་མིང་གི་ཕུང་པོ་བཞི་ལ་ཞུགས་པ་ནི་འདུ་ཤེས་ཅན་ནོ། །དེ་ལས་བཟློག་པ་ནི་འདུ་ཤེས་མེད་པའོ། །
དེ་བཞིན་དུ་མི་གསལ་བའི་འདུ་ཤེས་ཀུན་དུ་སྤྱོད་པའི་གཟུགས་མེད་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཡིན་ནོ། །དེ་ལྟར་ན་དགྲ་བཅོམ་པ་དང་། སློབ་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་མཆོག་ཉིད་དུ་བསྟན་པར་འགྱུར་གྱི། གཞན་དུ་ནི་ཉེ་བར་དགོད་
པ་འདི་མཛེས་ཤིང་རྗེས་སུ་མཐུན་པ་མ་ཡིན་ནོ། །མཚན་རྣམས་ནི་དཔག་ཏུ་མེད་པའི་བསོད་ནམས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་ཏེ། རེ་རེ་ཡང་བསོད་ནམས་བརྒྱ་ཡིས་བསྐྱོད་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ་བདུད་དང་ཕྱིར་རྒོལ་བ་རྣམས་
เล่ม ๑๓๓ · หน้า 210a
ཀྱིས་གནོད་པ་ལ་སོགས་པ་མེད་པའི་འབྲས་བུའོ། །དེ་ལ་བར་དུ་གཅོད་པ་མེད་པ་ནི་གནོད་པ་མེད་པའོ། །སྐུ་ལ་མི་འདོད་པའི་དངོས་པོའི་རེག་པ་མི་འབྱུང་བ་ནི་ཐོ་འཚམས་པ་མེད་པའོ། །ཐུགས་ལ་རྣམ་པར་འགྱུར་བ་མེད་པ་ནི་བསྐྱོད་པར་མི་ནུས་པའོ། །འདི་དང་གཞན་དུ་བདེ་བར་འགྱུར་
བའི་སྦྱིན་པ་ལ་སོགས་པ་ནི་འདི་ཉིད་དང་གཞན་ཉིད་དུ་མཆོག་ཏུ་བདེ་བའི་དངོས་པོ་མི་ལས་ཤིན་ཏུ་འདས་པའི་འབྲས་བུ་ཐོབ་པའོ་ཞེས་བྱ་བར་སྨྲས་པ། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་ལ། བདེ་བའི་མཆོག་ནི་དེ་བཞིན་གཤེགས་པའི་རྒྱུད་ཀྱིས་བསྡུས་པའོ། །སྦྱིན་པ་ལ་སོགས་པའི་རྣམ་པར་
དག་པའི་འབྲས་བུ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའི་སའི་གཞི་ལས་བསྡུ་བའི་དངོས་པོའི་ལེའུ་སྟེ་བཅོ་ལྔ་པའི་འགྲེལ་པ་རྫོགས་སོ།། །།དཀོན་མཆོག་ལ་མཆོད་པ་དང་། མཛའ་བོ་བསྟན་པའི་སྡོམ་གྱི་འགྲེལ་པ་ནི་ཇི་ལྟར་བསླབ་པར་
བྱ་བའི་དབང་དུ་བྱས་ཤིང་རྗེས་སུ་འབྲངས་ནས་དེ་དང་མཐུན་པར་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་ཇི་ལྟར་བསླབ་པར་བྱ་བའི་སྦྱོར་བ་བསྟན་ནས། ད་ནི་དཀོན་མཆོག་གསུམ་ལ་མཆོད་པའི་སྒོ་ནས་དང་། །དགེ་བའི་བཤེས་གཉེན་བསྟེན་པའི་སྦྱོར་བ་དང་། ཚད་མེད་པ་བཞི་བསྒོམ་པའི་སྦྱོར་བས་
ཀྱང་བསླབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྡོམ་ཐ་མ་སྨྲས་པ་ཡིན་ནོ། །དེ་ལས་དང་པོ་ཁོ་ནར་སངས་རྒྱས་དཀོན་མཆོག་ལ་མཆོད་པ་བསྟན་པར་འདོད་ནས་སྨྲས་པ། དེ་བཞིན་གཤེགས་པ་ལ་མཆོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་
བཞིན་གཤེགས་པའི་རྟེན་ལ་ཞེས་བྱ་བའི་ཐ་ཚིག་གོ། །རེ་རེ་ལ་ཡང་རབ་ཏུ་དབྱེ་བ་དཔག་ཏུ་མེད་པ་ཡོད་པས་མདོར་བསྡུ་ན་ཞེས་སྨྲས་སོ། །རྣམ་པ་བཅུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཆོད་པ་ནི་རྣམ་པ་བཅུར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་བཅུ་པོ་དེ་དག་
ཀྱང་མདོར་བསྡུ་ན་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། མཆོད་བྱའི་དངོས་པོ་ཁྱད་པར་ཉིད་དང་། མཆོད་པ་པོའི་ཁྱད་པར་ཉིད་དང་། མཆོད་པའི་རབ་ཏུ་དབྱེ་བའི་ཁྱད་པར་ཉིད་དེ། གང་ལ་མཆོད་པ་དང་། གང་གིས་མཆོད་པ་དང་། གང་དག་གིས་མཆོད་པ་ཞེས་བྱ་བ་གསུམ་པོ་
เล่ม ๑๓๓ · หน้า 210b
འདི་དག་གི་དབང་དུ་བྱས་ནས་རྣམ་པ་བཞི་དང་། གཉིས་དང་། ཚིག་ལྷག་མས་སོ། །མདོར་བསྡུ་ན་མཆོད་བྱའི་དངོས་པོ་ཡང་གཉིས་ཏེ། དེ་བཞིན་གཤེགས་པའི་གཟུགས་ཡེ་ཤེས་དང་བཅས་པ་མ་གྱུར་པ་ལ་མཆོད་པ་དང་། གྱུར་པ་དང་བཅས་པ་ནི་གང་ཡང་སྨྲས་པ། མཆོད་རྟེན་ལ་མཆོད་པ་ཞེས་
བྱ་བས་སོ། །དེ་དག་གཉིས་ཀ་ལ་མཆོད་པ་ཡང་རྣམ་པ་གཉིས་ཏེ། མངོན་དུ་གྱུར་པ་ལའམ། མངོན་དུ་མ་གྱུར་པ་ལ་མཆོད་པ་རྣམ་པ་གཉིས་སོ། །མངོན་དུ་གྱུར་པ་ལ་མཆོད་པ་དང་། མངོན་དུ་མ་གྱུར་པ་ལ་མཆོད་པ་ཞེས་བྱ་བས་དེ་ལྟར་ན་མཆོད་པར་བྱ་བའི་དངོས་པོ་ཡང་རྣམ་པ་བཞིར་དབྱེ་བར་བྱའོ། །ཟང་
ཟིང་གི་མཆོད་པ་གང་ཡིན་པ་དེ་ཡང་སྦྱིན་པ་དང་འདྲ་བར་རྣམ་པ་གཉིས་ཀྱིས་འཇུག་པར་འགྱུར་ཏེ། ལུས་ཀྱི་སྒོ་ནས་མཆོད་པ་ནི་གང་ཡང་སྨྲས་པ། བདག་གིས་བྱས་པའི་མཆོད་པ་དང་ཞེས་བྱ་བའོ། ངག་གི་སྒོ་ནས་བྱེད་དུ་བཅུག་པ་ནི་གང་ཡང་སྨྲས་པ། གཞན་བྱེད་དུ་བཅུག་པའི་མཆོད་པ་དང་ཞེས་
བྱ་བའོ། གཞན་བྱེད་དུ་བཅུག་པའི་མཆོད་པ་ཡང་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཅན་གྱི་མཆོད་པ་ནི་སྐྱོན་དང་ལྡན་པའི་སྒོ་ནས་དགག་པར་བྱའོ། །འབྲས་བུ་ཆེན་པོ་དང་ལྡན་པས་ཡོན་ཏན་དང་ལྡན་པ་ནི་རྗེས་སུ་གནང་བ་ཡིན་པས་ཡང་འདིར་རྗེས་སུ་གནང་བར་བསྟན་པར་རིག་པར་བྱའོ། །
མཆོད་པའི་ངོ་བོ་ཡང་རྣམ་པ་གཉིས་ཏེ། རྫས་ལ་བརྟེན་ཅིང་གནས་པས་རབ་ཏུ་ཕྱེ་བ་ཉིད་ནི་རྙེད་པ་དང་བཀུར་སྟིའི་མཆོད་པའོ། །རྫས་ལ་མི་བརྟེན་པ་རང་གི་དོན་ལ་མངོན་པར་བརྩོན་པས་རབ་ཏུ་ཕྱེ་བ་ནི་སྒྲུབ་པའི་མཆོད་པའོ། །རྙེད་པ་དང་བཀུར་སྟིའི་མཆོད་པའི་བྱེ་བྲག་གི་དབྱེ་བ་ཡང་རྣམ་པ་
གཉིས་ཏེ། རྒྱ་ཆེན་པོའི་མཆོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པའོ། །ཆེན་པོ་ཉིད་དང་ལྡན་པས་རྒྱ་ཆེན་པོའོ། །དག་པ་ཉིད་དང་ལྡན་པས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལྟར་ན་འདིར་མཆོད་པ་རྣམ་པ་གཉིས་ཡིན་ནོ། །མངོན་སུམ་དུ་ཞེས་བྱ་བ་ནི་
དེ་བཞིན་གཤེགས་པ་མངོན་སུམ་དུ་བྱས་པ་སྟེ། ཤའི་མིག་གིས་མཐོང་ནས་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་པར་བྱེད་པ་ཞེས་བྱ་བ་ནི་བཀུར་སྟི་བྱས་ནས་ཞེས་བྱ་བའི་དོན་ཏོ། །གྱུར་པས་ཤེས་པ་དང་མི་ལྡན་པའི་དེ་བཞིན་གཤེགས་པའི་གཟུགས་ཀྱང་འདུ་ཤེས་རྣམ་པ་གཉིས་ཀྱིས་རྣམ་
เล่ม ๑๓๓ · หน้า 211a
པར་གཞག་པར་བྱ་སྟེ། ཐ་མལ་པ་དང་། ཁྱད་པར་ཅན་ནོ། །ཐ་མལ་པ་ནི་བསོད་ནམས་བསགས་པའི་སྒོར་གྱུར་པ་རྣམ་པ་སྣ་ཚོགས་པའི་གནས་དང་དབྱིབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཁྱད་པར་ཅན་གྱི་ནི་དབྱིབས་ཀྱི་དབྱེ་བས་རྣམ་པ་གསུམ་མོ། །གང་ཡང་སྨྲས་པ། །མཆོད་
རྟེན་ནམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་སྐུ་གདུང་གི་སྙིང་པོ་ཅན་འབྲུའི་ཕུང་པོའི་དབྱིབས་ལྟ་བུས་རབ་ཏུ་ཕྱེ་བའོ། །གཙང་ཁང་ཕྱུར་བུ་ནི་ནང་ན་སྐུ་གཟུགས་བཞུགས་པའི་གྲུ་བཞིའོ། །གཙང་ཁང་ནི་དེ་གཉིས་ཀའི་སྙིང་པོ་ཅན་གྱི་ཟླུམ་པོའོ། །གསུམ་པོ་འདི་
དག་ཉིད་སོ་སོར་གནས་སྐབས་ཀྱི་བྱེ་བྲག་གིས་ནི་རྣམ་པ་གཉིས་ཏེ། མཆོད་རྟེན་རྙིང་ངམ་མཆོད་རྟེན་གསར། །ཞེས་བྱ་བའོ། །དེ་ལ་རྙིང་པ་ནི་གང་ཡང་མི་བཞུགས་པས་མཆོད་པ་དང་བསྙེན་བཀུར་ཐམས་ཅད་དང་བྲལ་བའོ། །དེ་ལས་བཟློག་པ་ནི་གསར་པའོ། །ཡང་དེ་དག་ནི་དབྱིབས་ཉམས་
ཤིང་འཐོར་བར་གྱུར་པ་ནི་རྙིང་བའོ། །རྙིང་པ་ལས་བཟློག་པར་གྱུར་པ་ནི་གསར་པའོ། །དེ་དག་གི་དབྱེ་བ་བསྟན་པ་ཡང་མཆོད་པ་བྱས་ན་བསོད་ནམས་ཡོངས་སུ་འཛིན་པ་མཉམ་པར་བསྟན་པའི་ཕྱིར་བརྗོད་པ་ཡིན་ནོ། །མངོན་དུ་གྱུར་པ་ཞེས་བྱ་བ་ནི་དབང་པོའི་ཡུལ་དུ་གྱུར་པའོ། །དེའི་ཕྱིར་སྨྲས་པ།
མངོན་སུམ་དུ་ཞེས་བྱ་བ་སྟེ། །མིག་གི་མདུན་ན་གནས་པས་ཞེས་བྱས་ནས་སོ། །མངོན་སུམ་དུ་མཆོད་པའི་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པར་གྱུར་པའི་བསམ་པ་རྣམ་པ་དྲུག་ལས་གང་ཡང་རུང་བ་དང་ལྡན་པའི་ཕྱིར་ལྷག་པའི་
བསམ་པ་དང་ལྡན་པའོ། །དེའི་སྒོ་ནས་དགའ་བ་དང་རབ་ཏུ་དགའ་བ་དང་ལྡན་པ་ནི་དགའ་བ་དང་ལྡན་པའོ། །དེ་བཞིན་གཤེགས་པ་གཅིག་གི་ཆོས་ཉིད་གང་ཡིན་པ་ཞེས་བྱ་བ་ནི་གནས་སྐབས་གསུམ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཚོགས་དང་ཆོས་ཀྱི་སྐུ་དག་དང་། །
འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པར་བཞེད། །ཅེས་བྱ་བས་སོ། །མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་སྙིང་པོ་ཅན་གྱི་ཆོས་
เล่ม ๑๓๓ · หน้า 211b
ཉིད་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་མངོན་སུམ་དང་། མངོན་སུམ་མ་ཡིན་པའི་ཐུན་མོང་གི་མཆོད་པ་སྟེ། གཅིག་མངོན་དུ་བྱས་ནས་མཆོད་པ་བྱེད་པ་ནི་མངོན་སུམ་གྱི་མཆོད་པའོ། །དེ་ལས་གཞན་པ་ནི་མངོན་སུམ་མ་ཡིན་པའི་མཆོད་པའོ། །དེ་དག་གཉི་ག་ཐུན་མོང་གི་རྣམ་པ་ལ་ཞུགས་
པའི་ཕྱིར་ཐུན་མོང་གི་མཆོད་པའོ། །མངོན་སུམ་དུ་མ་གྱུར་པ་ལ་ཞེས་བྱ་བ་ནི་རྗེས་སུ་ཐོས་པ་དང་། རྗེས་སུ་དྲན་པ་སྟེ། གཞན་དག་ན་དེ་བཞིན་གཤེགས་པ་བཞུགས་སུ་ཟིན་ཀྱང་མཐོང་བའི་ཡུལ་ལས་འདས་པའི་ཕྱིར་རམ། མ་བྱུང་བའམ་ཡོངས་སུ་མྱ་ངན་ལས་འདས་པ་ནི་མངོན་སུམ་དུ་མ་
གྱུར་བ་ཞེས་བྱ་བའོ། །མཆོད་རྟེན་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་སེམས་མངོན་པར་འདུས་བྱས་ཏེ་ཞེས་བྱ་བ་ནི་རྨི་ལམ་བཞིན་དུ་ཡིད་ཀྱིས་བརྟགས་པ་ནི་བསོད་ནམས་ཆུང་བའི་ཕྱིར་འབའ་ཞིག་ཅེས་བརྗོད་དེ། མངོན་སུམ་དུ་མ་ཡིན་པའི་མཆོད་པ་གཉིས་པ་ལ་རྒྱ་ཆེན་པོ་ཞེས་
བརྗོད་པའི་ཚིག་གིས་སོ། །དེས་ནི་ཐུན་མོང་མ་ཡིན་པ་ལ་མི་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཕྱིར་ཞེས་བྱ་བའི་ཚིག་གིས་སོ། །མངོན་སུམ་མ་ཡིན་པའི་མཆོད་པ་ཡང་རྣམ་པ་གཉིས་ཏེ། དངོས་པོ་ཉེ་བར་སྟོབས་པའི་མཆོད་པ་ནི་གང་གི་ཕྱིར་སྨྲས་པ། དེ་བཞིན་གཤེགས་
པའམ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཉེ་བར་བཞག་པའི་མཆོད་པ་ནི་གང་གི་ཕྱིར་སྨྲས་པ། ཡོངས་སུ་མྱ་ངན་ལས་འདས་ནས་ཞེས་བྱ་བ་ལ་སོགས་པའོ། །ཅི་ནུས་ཞེས་བྱ་བ་ནི་ནུས་པ་དང་རྗེས་སུ་མཐུན་པར་རོ། །དེ་ཉིད་ཀྱི་དོན་བསྟན་པ་ན་ཅི་ལྕོགས་ཀྱིས་ཞེས་བྱ་བའོ། །ཡང་ན་
བསམ་པ་དང་། འབྱོར་པ་ཇི་ལྟ་བུས་ཚིག་གཉིས་སོ། །རྒྱ་ཆེ་བ་ཉིད་བསྟན་པ་ནི་ཚད་མེད་པའི་འབྲས་བུ་ཉིད་དང་ལྡན་པར་བསྟན་པས་ཚངས་པ་དུ་མའི་བསོད་ནམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ཏེ་ཞེས་བྱ་བ་ལ་མཆོད་རྟེན་གཅིག་ཅིག་རབ་ཏུ་བཞེངས་པའི་བསོད་ནམས་ཡོངས་སུ་གཟུང་བ་
ཡང་ཚངས་པའི་བསོད་ནམས་ཡོངས་སུ་གཟུང་བར་འགྱུར་ན་དུ་མ་ཉིད་བཞེངས་པས་ནི་ཚངས་པ་དུ་མ་ཉིད་ཀྱི་བསོད་ནམས་ཡོངས་སུ་གཟུང་བར་འགྱུར་རོ། །ཇི་སྐད་དུ་མདོ་གཞན་དག་ལས། ས་ཕྱོགས་གང་དག་ན་དེ་བཞིན་གཤེགས་པའི་མཆོད་རྟེན་མི་བཞུགས་པ་དེ་དག་ཏུ་
เล่ม ๑๓๓ · หน้า 212a
བཞེངས་པར་བྱེད་ན་ཚངས་པའི་བསོད་ནམས་ཡོངས་སུ་གཟུང་བ་ཡང་ཚངས་པའི་བསོད་ནམས་དང་མཉམ་པར་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཚངས་པའི་བསོད་ནམས་ཀྱི་ཚད་ནི་བསོད་ནམས་གང་གིས་བསྐལ་པ་གཅིག་ཏུ་མཐོ་རིས་སུ་འགྲོ་བར་འགྱུར་བ་སྟེ། ཡང་དང་ཡང་
རྒྱུན་མི་འཆད་པར་རྣམ་པར་སྨིན་པ་འཇུག་པར་འགྱུར་བའི་བསོད་ནམས་ལ་ཚངས་པའི་བསོད་ནམས་ཞེས་བརྗོད་དོ། །བསམ་གཏན་དང་པོའི་སེམས་ཅན་གྱི་བསོད་ནམས་དང་མཚུངས་པ་ལ་བྱའོ། དེ་ལ་མདོ་གཅིག་ལས་ནི་དགེ་འདུན་མཐུན་པར་བྱས་ན་ཚངས་པ་དང་མཉམ་པའི་བསོད་ནམས་འཐོབ་
པར་འགྱུར་རོ་ཞེས་གསུངས་སོ། །ཚིགས་སུ་བཅད་པ་གཞན་དག་ལས་ནི། དགེ་འདུན་མཐུན་པར་བྱས་ན་ནི། །བསྐལ་པར་མཐོ་རིས་བདེ་བ་འཐོབ། །ཅེས་གསུངས་པ་ཡིན་ནོ། །ལོག་པར་ལྟུང་བ་མི་འགྱུར་ལ། །ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་སྐབས་ཀྱི་དབང་དུ་བྱས་པའོ། །བདེ་
འགྲོར་ཡང་རྒྱུན་མི་འཆད་པར་རྣམ་པར་སྨིན་པའི་འབྲས་བུ་འཇུག་པའོ། །ཚོགས་ཡོངས་སུ་རྫོགས་པར་མི་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མཆོད་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཉིད་མཚོན་པར་བྱེད་དོ། །དེ་དག་གིས་ནི་ཇི་ལྟར་རིགས་པའི་རྒྱུ་དང་འབྲས་བུའི་ཆེ་བ་ཉིད་ཡོངས་སུ་
གསལ་བར་བྱས་པ་ཡིན་ནོ། །འབའ་ཞིག་གི་སྒྲའི་དོན་ནི་ཐུན་མོང་མ་ཡིན་པའི་དོན་དུ་བལྟ་བར་བྱའོ། །འབའ་ཞིག་གི་སྒྲ་གཉིས་པ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་བཞེངས་པའི་འབའ་ཞིག་གོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱིན་གྱིས་བརླབས་
པ་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའི་འབྲས་བུ་ཐུན་མོང་པའོ། །བདག་གིས་བྱས་པའི་མཆོད་པ་བསྟན་པའི་ཕྱིར་བདག་ཉིད་ཀྱི་རང་གི་ལག་གིས་ཉེ་བར་བཟུང་ནས་ཏེ། ཉེས་པའི་དབང་གིས་གཞན་བྱེད་དུ་བཅུག་པ་མ་ཡིན་པའོ། །དེ་ཉིད་བསྟན་པའི་ཕྱིར་ལེ་ལོ་ལ་སོགས་པ་ལ་
བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ། ལུས་ཀྱི་ལེ་ལོ་དང་། སེམས་ཀྱི་སྙོམ་ལས་བདག་པོར་བྱས་ནས་ཞེས་པའི་ཐ་ཚིག་གོ། །བྱ་བ་ངན་པ་དང་འབྲེལ་པའི་ཉེས་པ་དང་། བག་མེད་པའི་ཉེས་པའི་གནས་ཀྱིས་ཏེ། དེ་ལྟ་བུས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་མཆོད་པ་ཡིན་ནོ། །མ་
เล่ม ๑๓๓ · หน้า 212b
དང་ཕ་ལ་སོགས་པ་སྔོན་དུ་འགྲོ་བར་བྱས་ནས་བྱེད་དུ་བཅུག་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་དངོས་པོ་སྔོན་དུ་འགྲོ་བར་བྱས་པ་ཡིན་གྱི་ཡོངས་སུ་གཟུང་བའི་དངོས་པོ་འབའ་ཞིག་ནི་མ་ཡིན་ཏེ། །འོན་ཀྱང་དེ་ལས་གཞན་པའི་སེམས་ཅན་གྱི་དངོས་པོ་སྔོན་དུ་འགྲོ་བར་
བྱས་ནས་ཞེས་བསྟན་པའི་ཕྱིར་རྒྱལ་པོ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཁྱིམ་པ་གཞན་བྱེད་དུ་བཅུག་པའོ། །དེ་ལྟ་བུའི་འབྱོར་པ་དང་ལོངས་སྤྱོད་མང་པོ་ཡོད་པའི་ཚུལ་བསྟན་ནས། ཆུང་བ་རྣམས་ཀྱི་ལུགས་བསྟན་པའི་ཕྱིར། །དངོས་པོ་ཆུང་ངུ་ཡོད་པ་ཞེས་བྱ་བའོ། སྙིང་རྗེ་དང་ལྡན་པའི་
ཞེས་བྱ་བ་ལ། སེམས་ཅན་ལ་བརྩེ་བ་བདག་པོར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་བསོད་ནམས་མ་བྱས་པས་ཚེ་འདི་ལ་སྡུག་བསྔལ་བར་གྱུར་ལ། ཚེ་འདི་ལ་བསོད་ནམས་མ་བྱས་པས་ཕྱི་མ་ལ་དེ་བཞིན་དུ་སྡུག་བསྔལ་བར་འགྱུར་གྱི་ཞེས་བྱ་བར་ཤེས་ནས་སྙིང་རྗེས་དེ་མངོན་དུ་གྱུར་པ་རྣམས་
ལ་མཆོད་པ་བྱེད་དུ་འཇུག་གི་བྱང་ཆུབ་སེམས་དཔའ་རང་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་བདག་ཉིད་ཀྱིས་མཆོད་པ་གང་ཡིན་པ་དེ་ནི་མཆོད་བྱའི་དངོས་པོའི་ཆེ་བའི་བདག་ཉིད་ཀྱིས་འབྲས་བུ་ཆེན་པོ་ཉིད་དོ། །གཞན་གྱིས་མཆོད་པ་གང་ཡིན་པ་དེ་ཡང་འབྲས་བུ་ཆེན་པོ་ཉིད་དེ།
ཕྱོགས་གཅིག་ཏུ་ལྷུང་བ་ཡིན་ཡང་མཆོད་བྱའི་དངོས་པོ་དང་། མཆོད་པ་པོའི་དངོས་པོའི་ཁྱད་པར་གྱིས་སོ། །གཉི་གས་བྱས་པ་གང་ཡིན་པ་དེ་ནི་གཉི་གའི་ཕྱོགས་སུ་གྱུར་པས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཉིད་དུ་འགྱུར་བས་སྔར་བསྟན་པའི་མཆོད་པ་བས་ཤིན་ཏུ་ཁྱད་པར་
དུ་འཕགས་པ་ཡིན་པས་གོང་ན་མེད་པར་རིག་པར་བྱའོ་ཞེས་བྱ་བའོ། །རྙེད་པ་དང་བཀུར་སྟིའི་མཆོད་པའི་དབང་དུ་བྱས་ནས་སྨྲས་པ། ན་བཟའ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕྱིའི་དངོས་པོ་ཡོངས་སུ་གཏོང་བས་རབ་ཏུ་ཕྱེ་བ་ནི་རྙེད་པའི་མཆོད་པའོ། །ནང་གི་བདག་ཉིད་ལུས་
ཀྱི་འགྱུར་བ་ལ་སོགས་པས་བྱས་པ་ནི་བསྙེན་བཀུར་གྱི་མཆོད་པའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་པར་ཕྱག་འཚལ་བ་དང་། ཐལ་མོ་སྦྱོར་བ་དང་། འདུད་པ་ལ་སོགས་པས་བསྡུས་པ་ནི་གཉི་གའི་རྣམ་པས་ཡིན་པར་རིག་པར་བྱ་སྟེ། བསྙེན་བཀུར་གྱི་བྱ་བས་
เล่ม ๑๓๓ · หน้า 213a
ཡོངས་སུ་བསྡུས་པ་ཉིད་དོ། །ད་ནི་བསྙེན་བཀུར་བྱ་བའི་དངོས་པོ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་བ་རྙེད་པའི་མཆོད་པས་བསྡུས་པ་བསྟན་པར་བྱ་བའི་ཕྱིར། བདུག་པའི་སྤོས་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། གཡས་ཕྱོགས་སུ་སྐོར་བ་དག་གིས་ཞེས་བྱ་
བ་ནི་སྐོར་བ་བྱེད་པས་མཆོད་པའོ། །དེ་ལྟ་བུར་རྒྱལ་མཚན་དང་། བ་དན་ལ་སོགས་པའི་མཆོད་པ་ཡོངས་སུ་བཏང་བའི་དངོས་པོའི་ལོངས་སྤྱོད་ཀྱི་སྒོ་ནས་རྣམ་པ་སྣ་ཚོགས་པ་དང་། ཟད་མི་ཤེས་པ་ཅན་གྱི་སྦྱིན་པ་དང་ཞེས་བྱ་བ་ནི་གྲོང་དང་ཤིང་ལ་སོགས་པ་གཏན་ཟད་པར་མི་འགྱུར་བའི་དངོས་པོ་རབ་ཏུ་
སྦྱིན་པར་བྱེད་པའོ། །རིན་པོ་ཆེའི་མཆོད་པ་བསྟན་པའི་ཕྱིར་རིན་པོ་ཆེ་རབ་ཏུ་སྦྱིན་པས་བསྡུས་པ་ནི་ནོར་བུ་དང་། མུ་ཏིག་ཅེས་བྱ་བ་ལ་སོགས་པའོ། །རྒྱན་གྱི་མཆོད་པ་ནི་སྙན་ཆ་གདུབ་ཀོར་དང་ཞེས་བྱ་བ་ལ་སོགས་པའོ། །ཐ་མར་གྱུར་པའི་རིན་པོ་ཆེའི་མཆོད་པ་བསྟན་པའི་ཕྱིར། ཐ་ན་དྲིལ་བུ་
འབུལ་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །ཤིན་ཏུ་དམན་པའི་རྒྱན་གྱི་མཆོད་པ་བསྟན་པའི་ཕྱིར་སྲད་བུས་དཀྲི་བ་རྣམས་ཀྱིས་མཆོད་པ་བྱེད་པ་ཞེས་བྱ་བའོ། །རྣམ་པ་བདུན་གྱིས་ཡོངས་སུ་བསྡུས་པའི་རྒྱ་ཆེ་བའི་མཆོད་པ་རྣམ་པ་བཞི་བསྟན་པའི་ཕྱིར་དངོས་པོ་ཆུང་ངུ་ཡང་དུས་རིང་དུ་མཆོད་
པ་ལ་ཞུགས་པས་རྟག་ཏུ་བྱེད་པའི་སྦྱོར་བས་དུས་རྒྱ་ཆེ་བའི་ཕྱིར་རྒྱ་ཆེ་བ་ཉིད་དེ། གང་གི་ཕྱིར་སྨྲས་པ། ཡུན་རིང་པོར་མཆོད་པ་བྱེད་དེ་ཞེས་བྱ་བའོ། །ལན་ཅིག་ཉིད་ཡིན་ན་ཡང་མཆོག་ཏུ་གྱུར་པའི་དངོས་པོ་ཉེ་བར་འབུལ་བས་རབ་ཏུ་ཕྱེ་བ་ཉིད་དེ། དངོས་པོ་མང་པོའི་སྒོ་ནས་མཆོད་པས་
དངོས་པོ་རྒྱ་ཆེ་བའི་ཕྱིར་རྒྱ་ཆེ་བའོ། །དངོས་པོ་གཅིག་ཅིག་གཏོང་བའི་སྒོ་ལ་ཞུགས་པ་ཡིན་ན་ཡང་ཡིད་དུ་འོང་བ་དང་། རིན་ཆེ་བའི་དངོས་པོ་ཡོངས་སུ་གཏོང་བ་ལ་ཞུགས་པ་ཡང་དངོས་པོ་གོང་ན་མེད་པའི་ཕྱིར་རྒྱ་ཆེ་བ་ཞེས་བྱ་བའོ། །བྱ་བ་རྒྱ་ཆེ་བས་རྒྱ་ཆེ་བ་ནི་མངོན་དུ་གྱུར་པ་ལ་མཆོད་
པ་ནས་གཞན་བྱེད་དུ་བཅུག་པའི་བར་དག་ལ་གཅིག་ཏུ་དེར་ཞེན་པས་བྱས་པའི་ཕྱིར་རོ། །མོས་པ་དྲག་པོས་བྱས་པ་ནི་བསམ་པ་རྒྱ་ཆེ་བས་རྒྱ་ཆེ་བ་ཉིད་དོ། །རྒྱ་ཆེ་བའི་དངོས་པོ་ཐམས་ཅད་རྒྱ་ཆེ་བ་ཉིད་དུ་ཡོངས་སུ་བསྔོ་བར་བྱ་བའི་ཕྱིར་སྨྲས་པ། དགེ་བའི་རྩ་བ་དེ་ཡང་ཞེས་བྱ་བ་ལ་སོགས་པའོ། །
เล่ม ๑๓๓ · หน้า 213b
ཉེས་པ་དྲུག་རྣམ་པར་སྤངས་པའི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་རྣམ་པ་དྲུག་བསྟན་པའི་ཕྱིར་བག་མེད་པ་དང་། ལེ་ལོའི་ཉེས་པ་སྤངས་པ་ནི་རང་གི་ལག་གིས་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ལ་ཁྱད་དུ་གསོད་པའི་ཉེས་པ་སྤངས་པའི་ཕྱིར་གུས་པས་བྱེད་དེ་ཞེས་བྱ་བའོ། །རྣམ་པར་
གཡེང་བའི་ཉེས་པ་སྤངས་པའི་ཕྱིར། །སེམས་མི་གཡེང་བས་བྱེད་ཅེས་བྱ་བའོ། །རྙེད་པ་དང་བཀུར་སྟིའི་ཉེས་པ་སྤངས་པའི་ཕྱིར་སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཞེས་བྱ་བའོ། །གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཉེས་པ་སྤངས་པའི་ཕྱིར་ཚུལ་འཆོས་པའི་ཕྱིར་
མི་བྱེད་པ་ཞེས་བྱ་བའོ། །དངོས་པོ་དམན་པའི་སྐྱོན་སྤངས་པའི་ཕྱིར་མཐུན་པའི་དངོས་པོས་མཆོད་པ་བྱེད་དེ་ཞེས་བྱ་བའོ། །དངོས་པོ་དམན་པ་ནི་དམ་པ་མ་ཡིན་ཏེ། འཇིག་རྟེན་གྱིས་མངོན་པར་འདོད་པར་བྱ་བ་མ་ཡིན་པ་དམན་པས་མོས་པའི་ལྷ་ལ་སོགས་པ་མཆོད་པས་རབ་ཏུ་ཕྱེ་བ་ཉིད་དོ། །ཡོ་
བྱད་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་ཆང་དང་ཤ་ལ་སོགས་པའོ། །ཇི་སྐད་བསྟན་པའི་རྙེད་པ་དང་བཀུར་སྟིའི་མཆོད་པ་ནི་སྒོ་གསུམ་ནས་འཇུག་པའི་ཉེ་བར་མཁོ་བའི་ཁྱད་པར་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རང་གི་ཞོ་ཤས་བསྒྲུབས་པ་རྣམས་སམ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་
ཞོ་ཤས་བསྒྲུབས་པ་ཞེས་བྱ་བ་ནི་ཆོས་དང་མཐུན་པ་ཉིད་དུ་བསྟན་པ་ཡིན་ཏེ། མ་བྱིན་པར་ལེན་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །གཞན་ལས་ཡོངས་སུ་བཙལ་བ་རྣམས་སམ་ཤེས་བྱ་བ་ནི་ཆོས་དང་མཐུན་པ་ཐོབ་པ་ཡིན་ཏེ། །ལོག་པར་འཚོ་བ་རྣམ་པར་སྤངས་པའི་ཕྱིར་རོ། །ཡོ་བྱད་ལ་
དབང་ཐོབ་པ་རྣམས་ཀྱི་ཞེས་བྱ་བ་ནི་མཐུ་དང་ནུས་པ་ཁྱད་པར་ཅན་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དབང་ཐོབ་པར་གྱུར་པས་ཡོངས་སུ་ཚོལ་བའི་ངལ་བ་རྣམ་པར་སྤངས་པའི་ཕྱིར་ལུས་དང་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་པས་རྒྱ་ཆེ་བར་བསྟན་པའི་ཕྱིར། ལུས་གཉིས་སམ་ཞེས་བྱ་བ་ལ་སོགས་པ་ལ།
མངོན་པར་སྤྲུལ་ནས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་སོ། །ལྷའི་ལས་ཡང་དག་པར་འདས་པའི་མེ་ཏོག་ཅེས་བྱ་བ་ནི་ལྷ་དང་མི་ཐམས་ཅད་ཀྱི་བསོད་ནམས་ལས་ཤིན་ཏུ་འདས་པ་མཐུ་ཁྱད་པར་ཅན་ལས་སྐྱེས་པའོ། །བསྟོད་པ་ཤིན་ཏུ་རྒྱ་ཆེན་པོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་གྱི་
เล่ม ๑๓๓ · หน้า 214a
རྣམ་པ་ཐམས་ཅད་སྒྲུབ་པར་བྱེད་པ་མཚོན་པར་བྱེད་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་ལ་དགག་པ་མེད་པའི་ཕྱིར་སངས་རྒྱས་འབྱུང་བ་དོན་དུ་གཉེར་མི་དགོས་སོ། །དེའི་ཕྱིར་སྨྲས་པ། ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ་ཞེས་བྱ་བའོ། །ཐམས་
ཅད་ཀྱི་ཐམས་ཅད་དུ་མཆོད་པའི་ཡོ་བྱད་མེད་པར་གྱུར་ན་མཆོད་པ་ལ་མཁས་པའི་བསོད་ནམས་འཕེལ་བར་བྱ་བའི་ཐབས་བསྟན་པ་ནི་འཛམ་བུའི་གླིང་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁྱད་པར་ནི་ཡུལ་རྒྱ་ཆེན་པོ་ཁྱབ་པར་འཇུག་པའི་མཆོད་པ་རྣམས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་མཆོད་པར་ཡོངས་སུ་གཟུང་ནས་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས་ནུས་པ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱེད་དོ། །དགའ་བ་དང་ལྡན་པ་དང་ཞེས་བྱ་བ་ནི་འགྲན་པ་དང་ཕྲག་དོག་སྤངས་ནས་ཇི་ལྟར་རང་གི་བསོད་ནམས་ཀྱིས་མགུ་ཞིང་དགའ་བ་བཞིན་དུ་
གཞན་གྱི་བསོད་ནམས་བྱས་པ་ལ་དགའ་བར་བྱ་བའི་ཐ་ཚིག་གོ། །རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པ་ཞེས་བྱ་བ་ནི་བསོད་ནམས་རྒྱ་ཆེན་པོ་ཡོངས་སུ་གཟུང་བར་ངེས་པར་བྱས་ནས་སྦྱར་བར་བྱའོ་ཞེས་བྱ་བ་ཡིན་ནོ། སྡིག་པ་སོ་སོར་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་།
སངས་རྒྱས་རྣམས་ལ་གསོལ་བ་བཏབ་པ་དང་། ཡང་དག་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཞེས་བྱ་བའི་ལམ་རྣམ་པ་བཞི་ནི་བསོད་ནམས་ཆེན་པོ་ཡོངས་སུ་འཛིན་པའི་ཐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་སྨྲས་པ་ཡིན་ནོ། །སྒྲུབ་པའི་མཆོད་པ་བསྟན་པ་ནི་རྣམ་པ་བརྒྱད་དེ།
ཚད་མེད་པ་བཞི་བསྒོམ་པར་བྱ་བ་ཉིད་ཀྱིས་དང་། འདུས་བྱས་ཀྱི་ཉེས་དམིགས་བསྒོམ་པ་ཉིད་ཀྱིས་དང་། མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བས་དང་། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའི་ལམ་རྗེས་སུ་དྲན་པ་བསྒོམ་པ་ཉིད་ཀྱིས་དང་། ཆོས་བདག་མེད་པ་ཡིད་ལ་
བྱེད་པ་བསྒོམ་པ་ཉིད་ཀྱིས་དང་། བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་ཡང་དག་པར་བླངས་པས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་མངོན་པར་མི་འབྲལ་བའི་བྱ་བ་ཉིད་ཀྱིས་དང་། ཕ་རོལ་ཏུ་ཕྱིན་པ་བསྡུ་བའི་དངོས་པོ་ལ་སྦྱར་བས་སོ། །ཟང་ཟིང་གི་མཆོད་པ་བས་སྒྲུབ་པའི་
เล่ม ๑๓๓ · หน้า 214b
མཆོད་པ་ཆེན་པོ་ཉིད་དུ་བསྟན་པའི་ཕྱིར། མཆོད་པ་དེའི་བརྒྱའི་ཆ་དང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ལ་མཆོད་པ་དང་། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བ་ལ། མཆོད་རྟེན་ལ་མཆོད་པ་མ་གཏོགས་པ་ལྷག་མ་ཆོས་ལ་མཆོད་པ་དང་།
དགེ་འདུན་ལ་མཆོད་པ་བརྗོད་པར་བྱའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི་སྔར་བསྟན་ཟིན་ཏོ། །བསམ་པ་དེའི་དབྱེ་བ་བསྟན་པའི་ཕྱིར། །དྲུག་གིས་བྱེད་དེ་ཞེས་བྱ་བ་ལ། ཡོན་ཏན་གྱི་ཞིང་གི་ལྷག་པའི་བསམ་པ་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །ཕན་འདོགས་
པའི་ལྷག་པའི་བསམ་པ་རྣམ་པ་ཐམས་ཅད་ཀྱིས་ཤིན་ཏུ་ཕན་འདོགས་པ་སྒྲུབ་པར་བྱེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དམ་པར་གྱུར་པའི་ཕྱིར་རོ། །དཀོན་པའི་ལྷག་པའི་བསམ་པ་ནི་རེས་འགའ་ཞིག་རྙེད་པའི་ཕྱིར་རོ། །
འགའ་ཞིག་པའི་ལྷག་པའི་བསམ་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཅིག་པུ་འབྱུང་བའི་ཕྱིར་རོ། །རྟོན་པའི་ལྷག་པའི་བསམ་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་རྣམ་པ་ཐམས་ཅད་ཀྱི་ཡོན་ཏན་རྟོན་པའི་ཕྱིར་རོ། །དེའི་ཆོས་སམ་དེའི་
ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་པ་བྱས་པ་ནི་ཞེས་བྱ་བ་ནི་ཆོས་དང་དགེ་འདུན་ལ་ཡང་སྟེ། ཆོས་དང་དགེ་འདུན་ལ་ཡང་ལྷག་པའི་བསམ་པ་དེ་ཉིད་ཀྱིས་མཆོད་པར་བྱ་བ་ཡིན་པ་ནི་སྟོན་པ་དང་། བསྟན་པ་དང་། སློབ་མའི་འབྲེལ་པས་སོ། །རྣམ་པ་བདུན་ཉིད་ཀྱིས་དགེ་བའི་བཤེས་
གཉེན་དུ་རྣམ་པར་གཞག་པར་བྱ་སྟེ། ཡན་ལག་རྣམ་པར་གཞག་པ་དང་། བྱ་བ་དོན་ཡོད་པ་རྣམ་པར་གཞག་པ་དང་། དད་པའི་གཞིའི་གནས་ལ་གནས་པར་བསྟན་པ་ཉིད་དང་། དགེ་བའི་བཤེས་གཉེན་གྱི་བྱ་བ་ཉིད་ངེས་པར་བསྟན་པ་ཉིད་དང་། དགེ་བའི་བཤེས་གཉེན་ལ་
བརྟེན་པ་ཉིད་དང་ཆོས་མཉན་པའི་བྱ་བ་བསྟན་པ་ཉིད་དང་། ཡིད་ལ་མི་བྱ་བའི་གནས་བསྟན་པ་ཉིད་དོ། །ཡན་ལག་རྣམ་པ་བརྒྱད་ནི་གཞན་ལ་ཕན་གདགས་པའི་ཕྱིར་འཇུག་པའི་རྒྱུ་དང་། ལྡོག་པའི་རྒྱུ་རྣམས་མེད་པ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པར་གཞག་པའོ། །རྣམ་པ་
เล่ม ๑๓๓ · หน้า 215a
བཞིས་གཞན་ལ་ཕན་འདོགས་པ་ལ་འཇུག་པར་འགྱུར་ཏེ། ཚིག་གཟུང་བར་འོས་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་། རྟོགས་པ་དང་ལྡན་པ་ཉིད་དང་། སེམས་ཅན་གྱི་དོན་འདོད་པ་ཉིད་དོ། །རྒྱུ་རྣམ་པ་བཞིས་གཞན་ལ་ཕན་འདོགས་པ་ལས་ལྡོག་པར་འགྱུར་ཏེ། རྒྱུ་
རྣམ་པ་བཞི་དང་ལྡན་དུ་ཟིན་ཀྱང་སྤོབས་པ་མེད་པས་འཇིགས་པ་དང་། སྡུག་བསྔལ་བཟོད་པར་མི་ནུས་པ་ཉིད་དང་། ངལ་བ་དང་ཡིད་ཡོངས་སུ་སྐྱོ་བ་མང་བ་ཉིད་དང་། ངག་གི་བརྗོད་པ་མ་ཚང་བ་ཉིད་དོ། །དེ་དག་ལས་བཟློག་པའི་རྒྱུ་བཞི་དང་ལྡན་པ་ལས་ནི་གཞན་ལ་ཕན་འདོགས་པ་ལས་
ལྡོག་པར་མི་འགྱུར་རོ། །ཡང་ཡན་ལག་རྣམ་པ་བརྒྱད་ཀྱིས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་རྣམ་པ་གསུམ་གསལ་བར་བསྟན་པ་ཡིན་ཏེ། ཚིག་གཟུང་བར་འོས་པ་དང་། གཞན་གྱི་དོན་སྒྲུབ་པར་བྱེད་པའི་ཡོན་ཏན་དང་ལྡན་པ་དང་། གཞན་དོན་སྒྲུབ་པའི་བྱེད་པ་དང་ལྡན་པ་སྟེ། ཡན་ལག་
གཅིག་དང་། གསུམ་དང་། བཞི་དང་གོ་རིམས་བཞིན་ནོ། །ཚུལ་ཁྲིམས་ལ་གནས་པ་ནི་ཚིག་གཟུང་བར་འོས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལེགས་པར་བླངས་པའི་ཕྱིར་ཚུལ་ཁྲིམས་རྣམས་ལ་གནས་པའོ། །དེའི་རྗེས་སུ་བསྲུང་བའི་ཕྱིར་མ་ཉམས་པའོ། །
ཉེས་པ་བྱུང་བ་ཕྱིར་འཆོས་པའི་ཕྱིར་སྐྱོན་མེད་པར་བྱེད་པའོ། །དེ་ལྟར་ན་ཡང་དག་པར་བླངས་པ་དང་། བསྲུང་བ་དང་། ཕྱིར་བཅོས་པས་ཚུལ་ཁྲིམས་ལ་གནས་པར་གསལ་བར་བསྟན་པ་ཡིན་ནོ། །ལུང་གི་ཆོས་མང་དུ་ཐོས་པར་བྱས་ན་བློས་རྟོགས་ནས་ནི་མང་དུ་ཐོས་པ་ཞེས་བྱ་སྟེ། བྱང་
ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ནས་ཆོས་གང་དག་གིས་བྱང་ཆུབ་སེམས་དཔའི་ལམ་མངོན་པར་བརྗོད་པས་རྗོད་པར་བྱེད་ལ། དེ་ལྟ་བུའི་ཆོས་མང་དུ་ཐོས་པར་གྱུར་ལ་གཟུང་ཞིང་བརྗོད་ནས་ཡིད་ཀྱིས་ལེགས་པར་དཔྱད་དེ་ལྟ་བས་རབ་ཏུ་རིག་པར་བྱས་པ་དེ་ལྟ་བུ་ནི་མང་དུ་ཐོས་པ་ཞེས་
བྱའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་ལྡན་པ་ནི་རྟོགས་པ་དང་ལྡན་པ་ཞེས་བྱ་སྟེ། བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྣ་ཚོགས་པ་དེ་ལྟ་བུ་
เล่ม ๑๓๓ · หน้า 215b
ཐོབ་པ་ནི་ཞི་གནས་ཐོབ་པ་ཞེས་བྱའོ། །མི་རྟག་པའི་འདུ་ཤེས་ནས་འགོག་པའི་འདུ་ཤེས་ཀྱི་བར་དུ་ཐོབ་པ་དེ་ལྟ་བུ་ནི་ལྷག་མཐོང་ཐོབ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པ་དང་ལྡན་པའི་ཕྱིར་སྙིང་བརྩེ་བའི་བསམ་པ་ཅན་ཞེས་བྱ་བའོ། །བདག་ཉིད་ལ་ལྟོས་པ་མེད་པར་
གཞན་ལ་ཕན་པ་སྒྲུབ་པར་བྱེད་པ་ནི་སྙིང་རྗེ་དང་ལྡན་པའོ། །དེས་ན་སྨྲས་པ། རང་གི་བདེ་བ་ཡལ་བར་དོར་ནས་ཞེས་བྱ་བ་ལ། རང་གི་ཉམས་སུ་མྱོང་བའི་བདེ་བ་ཡོངས་སུ་བཏང་ནས་གཞན་གྱི་དོན་ལ་སྦྱོར་བ་ཞེས་བྱའོ། །དྲན་པ་ཉམས་པ་མེད་པ་དང་། སོ་སོ་ཡང་དག་པར་རིག་པ་ཟད་པ་
མེད་པས་ཆོས་སྟོན་པ་ན་བག་ཚ་བ་མེད་པ་ཡིན་པའི་ཕྱིར་འཇིགས་པ་མེད་པ་ཡིན་ཞེས་བྱའོ། །གཞན་གྱི་གནོད་པ་བྱས་པ་བཟོད་པས་བཟོད་པ་ཅན་དུ་བསྟན་པའི་ཕྱིར་བརྙས་ཀྱང་རུང་། འཕྱས་ཀྱང་རུང་། བསྟིངས་ཀྱང་རུང་། ངན་དུ་བརྗོད་ཀྱང་རུང་འགྱུར་བ་མི་བསྐྱེད་པར་གཞན་གྱི་དོན་ལ་སེམས་
པར་བྱེད་པ་དང་། ཁྲོས་པ་ལ་ལན་དུ་མི་ཁྲོ་བ་ཡིན། གཞན་གྱིས་སྨོད་ཅིང་ཚིག་ངན་པ་བརྗོད་པའི་བར་དུ་བྱས་ཀྱང་གཞན་དག་ལ་ཁྲོ་བར་ཡང་མི་བྱེད་ལ་ཡིད་ཀྱིས་ཀྱང་ལོག་པར་མི་སེམས་སོ། །བརྡེག་པ་ལ་སོགས་པས་ཀུན་དུ་སྐྱོ་བར་མི་འགྱུར་ཏེ། ལུས་ཀྱི་མཐུ་ཐོབ་པའི་ཕྱིར་རོ། །
སོ་སོར་རྟོག་པའི་སྟོབས་ཀྱིས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་རྟོག་པ་མང་བ་ཉིད་དོ། །དེའི་ཕྱིར་སྨྲས་པ། ངལ་བ་མེད་པས་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ཚིག་ཡིན་པའི་ཕྱིར་རྫོགས་པ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་འཆད་པར་འགྱུར་རོ། །མདོར་
བསྡུ་ན་ཆོས་ཉིད་ལས་མ་ཉམས་པའི་ངག་དང་། སླུ་བ་མེད་པས་རྒྱུན་ཆགས་སུ་འབྱུང་བ་དང་། ཡི་གེ་གསལ་བས་གསལ་བ་ཉིད་དོ། །དེ་ལྟ་བུའི་ཡན་ལག་བརྒྱད་དང་ལྡན་པའི་དགེ་བའི་བཤེས་གཉེན་ནི་རྣམ་པ་ཐམས་ཅད་ཀྱིས་གཞན་གྱི་དོན་བྱེད་པར་ནུས་སོ་ཞེས་བསྟན་པར་འགྱུར་རོ། །
བྱ་བ་དོན་ཡོད་པ་ཡིན་ཏེ་ཞེས་བྱ་བ་ནི་ངེས་པར་ཕན་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དོན་ཡོད་པ་རྣམ་པ་ལྔ་པོ་འདི་དག་ནི་སྔར་བསྟན་པའི་ཡན་ལག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སྙིང་བརྩེ་བ་ཅན་ནི་ཕན་པ་དང་བདེ་བར་འདོད་པའོ། །མང་དུ་ཐོས་པ་ནི་ཡང་དག་པ་ཇི་ལྟ་བ་
เล่ม ๑๓๓ · หน้า 216a
བཞིན་དུ་རབ་ཏུ་ཤེས་པའོ། །རྟོགས་པ་དང་ལྡན་པ་ནི་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་བའོ། །འཇིགས་པ་མེད་པ་དང་། གསལ་བའི་ཚིག་ཉིད་ནི་ཐབས་གང་དང་། ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་ཞེས་བྱ་བ་ཡིན་ནོ། །ལྡང་བ་ཕུན་སུམ་ཚོགས་
པ་ནི་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །བཟོད་པ་དང་ལྡན་པའི་ཕྱིར་ཕྱོགས་སུ་མ་ལྷུང་བའོ། །དེ་ལྟར་ན་བསམ་པས་དོན་འདོད་པ་ཡིན་པ་ཉིད་དང་། བསྟན་པའི་ཚུལ་ཕུན་སུམ་ཚོགས་པས་ལུང་དང་རྟོགས་པ་དག་གི་དོན་ཇི་ལྟ་བ་བཞིན་མཁྱེན་པ་ཉིད་དང་། འདུལ་བའི་ཐབས་མཁྱེན་པ་དང་། བརྩོན་
འགྲུས་བརྩམས་པ་ཉིད་དང་། སེམས་སྙོམས་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །མཐོང་བ་དང་ཐོས་པས་ཀྱང་སེམས་མངོན་པར་དང་བར་བྱེད་ན་ཞེས་བྱ་བ་ནི་དད་པར་བྱ་བའི་གནས་སུ་བསྟན་པ་ཡིན་ཏེ། སེམས་རབ་ཏུ་ཞི་བའི་ཕྱིར་སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ་སྟེ། ཡན་
ལག་མི་འགྱུར་བས་རབ་ཏུ་མཛེས་པ་ཉིད་དོ། །ལུས་ལ་སོགས་པའི་ལས་རབ་ཏུ་ཞི་བའི་ཕྱིར་དབང་པོ་རྣམས་ཞི་ཞིང་མི་གཡོ་བས་བརྟན་པ་སྟེ། ལུས་དང་ངག་དང་ཡིད་གཡོ་བ་མེད་པའི་ཕྱིར་རོ། །གཞན་ལས་རྙེད་པ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་ཚུལ་འཆོས་པ་མེད་པ་ཡིན་ནོ། །རྙེད་
པ་དང་བཀུར་སྟི་ཡོངས་སུ་བསྒྱུར་བ་དང་། ཡོངས་སུ་ཐོབ་པའི་གང་ཟག་ལ་ཕྲག་དོག་མེད་པ་ཡིན་ཏེ། ཇི་ལྟར་བདག་ཉིད་ཀྱིས་རྙེད་པ་དང་བཀུར་སྟི་ཐོབ་པས་དགའ་བ་དེ་བས་ཆེས་གཞན་གྱིས་ཐོབ་ན་དགའ་བས་ཕྲག་དོག་མེད་པའོ། །དེ་ལྟར་ན་བསམ་པ་ཉིད་དང་། སྦྱོར་བ་ཉིད་ཀྱིས་ཕྲག་དོག་མེད་
པ་གསལ་བར་བསྟན་པ་ཡིན་ནོ། །ཟང་ཟིང་ལ་ཤིན་ཏུ་འདོད་པ་མ་ཡིན་པས་ཡོ་བྱད་བསྙུངས་པ་ཡིན་ནོ། །ཡོ་བྱད་བསྙུངས་པ་ཉིད་ཀྱང་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཞེས་བྱ་བས་བསྟན་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པའི་
དབང་དུ་བྱས་ནས་མཐོང་བ་ལ་སོགས་པའི་ཚིག་གི་ལམ་ལྔས་སྐུལ་བར་བྱེད་པ་ནི་གླེང་བར་བྱེད་པ་ཞེས་བྱའོ། །ལྟུང་བའི་ཆོས་སམ། ཆོས་རྣམས་དྲན་པར་བྱེད་པ་ནི་དྲན་པར་བྱེད་པ་ཞེས་བྱའོ། །རབ་ཏུ་དབེན་པས་ཇི་སྲིད་དུ་ཞི་གནས་དང་ལྷག་མཐོང་ཕྱིན་ཅི་མ་ལོག་པའི་གདམས་ངག་སྟོན་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด