ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར
ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་ཡཱ་ན་སཾ་གྲ་ཧ་ཨུ་པ་ནི་བནྡྷ་ནཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๔ · หน้า 190b
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཾ་གྲ་ཧ་ཨུ་པ་ནི་བནྡྷ་ནཾ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྔ་མས་རིགས་ཚུལ་དུ། །རྣམ་པར་ཕྱེ་
བས་བློ་ཞེན་རྣམས། །མི་རྟོགས་པས་ན་ཚིག་རེ་ནས། །བསྡུས་པ་རྣམ་པར་དབྱེ་བར་བྱ། །དོན་བཅུས་ཐེག་པ་ཆེན་པོ་མཐའ་དག་དོན་དུ་བསྡུ་བར་འདོད་པས་བསྟན་བཅོས་ཀྱི་ལུས་ཀྱི་བདག་ཉིད་དོན་བཅུ་པོ་དེ་དག་གཙུག་ལག་ཉིད་དུ་བརྗོད་པའི་སྒོ་ནས། ཐེག་པ་ཆེན་པོ་ལ་ཤིན་ཏུ་
ཞུགས་པ་ཞེས་བྱ་བ་ལ་སོགས་པ་གླེང་སློང་བར་བྱེད་དོ། །ཡོན་ཏན་གྱི་ཚིག་གམ་བཏགས་པ་ལ་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་སྟེ། འདིས་ཐེག་པ་ཆེན་པོ་ཤིན་ཏུ་རྟོགས་པའམ། དེ་ལ་ཤིན་ཏུ་ཞུགས་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པའོ། །བྱང་ཆུབ་སེམས་
དཔའ་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་གཟུངས་དང་སྤོབས་པའི་ཡོན་ཏན་ཐོབ་པ་ཐེག་པ་ཆེན་པོའི་དོན་འཛིན་པ་དང་རབ་ཏུ་སྟོན་པར་ནུས་པ་དེས་སམ། མིང་དེ་སྐད་ཅེས་བྱ་བས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་འདི་བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་ཕྱིར་
བྱང་ཆུབ་སེམས་དཔའ་སྟེ། སེམས་དཔའ་ཞེས་བྱ་བའི་སྒྲས་ནི་འདིར་སྲོག་ཆགས་བརྗོད་པ་ཡིན་ནོ། །དམིགས་པས་ཀྱང་དེ་སྐད་ཅེས་བྱ་བར་སྣང་སྟེ། དཔེར་ན་མི་སྡུག་པ་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་ལ་མི་སྡུག་པ་དང་། སྟོང་པ་ཉིད་ཅེས་བྱ་བ་དང་། ངན་པར་བྱས་པ་
ལ་དམིགས་པའི་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱ་བ་ལྟ་བུའོ། །ཡང་ན་འདི་བྱང་ཆུབ་ཀྱི་ཕྱིར་སྲན་ཐུབ་པས་ན་བྱང་ཆུབ་སེམས་དཔའོ། །ཐེག་པ་ཆེན་པོའི་ཆེ་བའི་བདག་ཉིད་ཅེས་བྱ་བ་ནི་ཟབ་པ་དང་། རྒྱ་ཆེ་བ་གཉིས་ཀྱིས་བླ་ན་མེད་པའོ། །བདག་གི་སྒྲ་ནི་ངོ་བོ་ཉིད་དང་། བྱེད་པའི་
ཚིག་སྟེ། དཔེར་ན་མེ་ནི་ཚ་བའི་བདག་ཉིད། དུག་ནི་འཆི་བར་བྱེད་པའི་བདག་ཉིད་ཅེས་བྱ་བ་ལྟ་བུའོ། །འདི་ནི་ཆེ་བའི་བདག་ཉིད་ཡིན་པས་ཆེ་བ་སྟེ། དེའི་དངོས་པོ་ནི་ཆེ་བའི་བདག་ཉིད་དོ། །དེ་བརྗོད་པ་ཞེས་བྱ་བ་ནི་གཞན་དག་རང་གིས་མི་ཤེས་པས་དེ་རབ་ཏུ་བཤད་པའོ། །ཕྱིར་ཞེས་བྱ་
เล่ม ๑๓๔ · หน้า 191a
བས་ནི་དགོངས་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ལ་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་
ཞེས་འོག་ནས་འབྱུང་བའི་ཕྱིར་རོ། །བཅོམ་ལྡན་འདས་དེའི་སྤྱན་སྔར་ཞེས་བྱ་བས་ནི་སངས་རྒྱས་ཀྱིས་གནང་བས་ཡིད་བརྟན་དུ་རུང་བ་ཉིད་དུ་སྟོན་ཏེ། སྟོན་པ་དང་ཉེ་ན་གཞན་དུ་མི་སྨྲ་བའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་གནས་བཅུ་ཉེ་བར་འདོད་པར་འགོད་པ་སྟོན་ཏོ། །ཐེག་པ་ཆེན་
པོ་ལས་བརྩམས་ནས་ཞེས་བྱ་བ་ནི་དེའི་ཆེད་དུའམ། དབང་དུ་བྱས་པ་སྟེ། ཉན་ཐོས་ཀྱི་ཐེག་པའམ། འཇིག་རྟེན་པ་ལས་བརྩམས་པ་མ་ཡིན་པའོ། །ཡང་ཐེག་པ་ཆེན་པོ་སྨོས་པ་ནི་འདི་ཁོ་ན་ལས་བརྩམས་ཀྱི་གཞན་ལས་བརྩམས་པ་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཏེ། འདི་
ལྟར་འཇིག་རྟེན་པ་ལས་བརྩམས་ནས། བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྣམ་པ་གཞན་དག་ལས་སངས་རྒྱས་ཀྱི་གསུང་ཁྱད་པར་དུ་འཕགས་སོ། །ཉན་ཐོས་ཀྱི་དབང་དུ་བྱས་ན། ཀྱེ་མ་འདུ་བྱེད་རྟག་པ་མེད། །སྐྱེ་ཞིང་འཇིག་པའི་
ཆོས་ཅན་ཡིན། །ཞེས་བྱ་བ་ལ་སོགས་པ་གཞན་དག་ལས་ཁྱད་པར་དུ་འཕགས་ཏེ། དེ་ལྟ་བས་ན་ངེས་པར་བྱ་བར་རིགས་སོ། །ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྒྱུའམ། གྲགས་པའི་ཕྱིར་ཆོས་མངོན་པར་མིང་བཏགས་པ་ཐེག་པ་ཆེན་
པོའི་མདོ་ཁྱད་པར་ཅན་ལས་གསུངས་ཀྱི་གཞན་ལས་ནི་མ་ཡིན་ནོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའམ། ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ཐེག་པ་ཆེན་པོ་སྟེ། རྒྱུ་དང་འབྲས་བུ་ཆེ་བའི་ཕྱིར་བྱེད་པ་དང་། བགྲོད་པར་བྱ་བ་བསྒྲུབ་པའི་གཞི་ཡིན་པའི་ཕྱིར་རོ། །མདོར་བསྡུ་ན་
བྱང་ཆུབ་སེམས་དཔའི་ས་བཅུ་འབྲས་བུ་དང་བཅས་པའོ། །རྒྱས་པར་བྱ་ན་ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསླབ་པ་རྣམས་དང་། གཞི་དང་རྟགས་ལ་སོགས་པ་ནི་ཐེག་པ་ཆེན་པོའོ། །དེའི་
เล่ม ๑๓๔ · หน้า 191b
མདོ་ནི་སྨོས་པའི་ཕྱིར་ཏེ། རྐྱང་པ་དང་ཚིག་ཏུ་སྦྱར་བའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚིག་གོ། །གལ་ཏེ་དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔས་དེ་ཇི་ལྟར་བཤད་དེ། ཉན་པའི་རྣམ་པར་རིག་པ་ནི་དེས་མ་བཤད་དོ་ཞེ་ན། དེའི་དབང་
གིས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ལྷ་ལ་སོགས་པའི་དབང་གིས་རྨི་ལམ་ན་བསྟན་བཅོས་དང་སྔགས་ལ་སོགས་པ་རྙེད་པ་བཞིན་ནོ། །གཞན་དུ་ན་ངག་གི་རྣམ་པར་རིག་བྱེད་ཀྱང་སངས་རྒྱས་ཀྱིས་གསུངས་པ་ཇི་ལྟར་འགྱུར། རེ་ཞིག་ངག་གི་རང་བཞིན་ནི་མདོར་མི་འཐད་དེ། ཡི་གེ་རེ་
རེ་ནི་དོན་རྟོགས་པར་བྱེད་པར་མི་རུང་བའི་ཕྱིར་རོ། །རིམ་གྱིས་འབྱུང་བ་ལྷན་ཅིག་མི་གནས་པ་རྣམས་ཀྱང་ཚོགས་པར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་བདག་མ་ཐོབ་པའི་ངག་ནི་མིང་ལ་འཇུག་པར་མི་རུང་ངོ་། །ཡི་གེའི་བདག་ཉིད་མ་ཡིན་པའི་སྒྲ་བྱུང་བ་ཡང་མིང་ལ་ཅུང་ཟད་ཀྱང་གསལ་
བར་མི་བྱེད་དེ། དེ་ལྟར་ན་མིང་གི་རང་བཞིན་ཡང་མདོར་མི་འཐད་དོ། །དེ་ལྟ་བས་ན་ཇི་སྐད་བསྟན་པ་ཉིད་མདོར་རིགས་ཏེ། ཆོས་མངོན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་དེ་ལས་སོ། །རྣམ་པ་ཞེས་བྱ་བ་ནི་བྱེ་བྲག་སྟེ། དེ་དག་ཉིད་ཕན་ཚུན་མ་འདྲེས་པས་ཁྱད་པར་དུ་འགྱུར་བས་
ན་ཁྱད་པར་རམ། ཉན་ཐོས་ལ་སོགས་པའི་ཆོས་རྣམས་ལས་མཆོག་ཏུ་གྱུར་པ་དང་། ལྷག་པའི་ཕྱིར་ཁྱད་པར་ཏེ། བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་པའི་ཕྱིར་རོ། །བཅུ་ཞེས་བྱ་བ་ནི་གྲངས་ཏེ། སངས་རྒྱས་ཀྱི་གསུང་བགྲང་བར་བྱ་བ་ཁྱད་པར་དུ་འཕགས་པས་བསྟན་བཅོས་ཀྱི་
ལུས་རྣམ་པར་འཇོག་གོ། །འདི་དག་གི་གསུང་ནི་རྣམ་པ་བཅུས་ཁྱད་པར་དུ་འཕགས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རྣམ་པ་བཅུས་ཁྱད་པར་དུ་འཕགས་པའོ། །སངས་རྒྱས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་གཏི་མུག་གི་གཉིད་
གཉིས་ཟད་པ་དང་། །ཤེས་བྱ་ཐམས་ཅད་ལ་ཤེས་པ་རྒྱས་པའི་ཕྱིར་སངས་རྒྱས་ཏེ། སྐྱེས་བུ་གཉིད་སད་པ་བཞིན་ནོ། །མེ་ཏོག་ཀུ་མུ་ཏ་རྒྱས་པ་བཞིན་ནོ། །ཤེས་བྱ་ནི་ཤེས་པར་བྱའོ། །གནས་ཀྱི་སྒྲས་ཕྱེ་བའི་ཕྱིར་གནས་པ་རྣམས་ནི་འདུས་བྱས་རྣམས་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་
เล่ม ๑๓๔ · หน้า 192a
བ་དང་། རྣམ་པར་བྱང་བར་འགྱུར་བའི་ཆོས་རྣམས་སོ། །འདུས་མ་བྱས་རྣམས་ནི་མ་ཡིན་ཏེ། གནས་ཀྱི་དོན་མེད་པའི་ཕྱིར་རོ། །དེ་དག་གི་གནས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་རྒྱུ་ཡིན་པ་དང་། རྟེན་ཡིན་པའི་ཕྱིར་ཅི་རིགས་སུ་སྦྱར་རོ། །ཤེས་བྱ་ཉིད་
ཤེས་བྱའི་རྟེན་དུ་འགྱུར་ཏེ། ཤེས་བྱ་ཉིད་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་མི་འགལ་ལོ། །ཤེས་བྱའི་གནས་ཉིད་ཁྱད་པར་ཡིན་པས། ཤེས་བྱའི་གནས་ཀྱི་ཁྱད་པར་ཏེ། དེས་འདི་དག་གི་གསུང་ཁྱད་པར་དུ་འཕགས་པས་ཤེས་བྱའི་གནས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་
པའི་གསུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞེས་བྱ་བར་ཐམས་ཅད་དུ་རྣལ་མ་དང་སྦྱར་རོ། །ཤེས་བྱའི་མཚན་ཉིད་ནི་ཤེས་བྱའི་ངོ་བོ་ཉིད་དེ་དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་ཡོངས་སུ་གྲུབ་པ་ནི་དངོས་པོ་ཡིན་པས་ངོ་བོ་ཉིད་དོ། །ཀུན་བརྟགས་པ་
ནི་ངོ་བོ་ཉིད་དང་འདྲ་བས་ངོ་བོ་ཉིད་དོ། །འཁྲུལ་པའི་རྒྱུ་ཡིན་པ་དང་། ངོ་བོ་ཉིད་ཀྱི་གནས་ཡིན་པས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་ནང་དུ་ཞུགས་པས་སྤྱིའི་མཚན་ཉིད་དོ། །གཞན་གྱི་དབང་ནི་ལུས་ལ་སོགས་པ་འཁྲུལ་པའི་རྣམ་པར་རིག་པ་
རྣམས་ཕན་ཚུན་ཐ་དད་པའི་ཕྱིར་རང་གི་མཚན་ཉིད་དོ། སའི་ཁམས་ལ་སོགས་པ་བཞིན་ནོ། །དཔེར་ན་སའི་ཁམས་སྲ་བར་ཡོངས་སུ་གཅོད་པ་ན་གཞན་མ་ཡིན་ཡང་སྲ་བའི་མཚན་ཉིད་ཅེས་བརྗོད་པ་ལྟ་བུའོ། །ཡང་དཔེར་ན་སྐྱེས་བུ་ཆེན་པོའི་མཚན་ཉིད་རྣམས་དང་། མདོ་སྡེ་པའི་སྐྱེ་བ་ལ་
སོགས་པ་བཞིན་ནོ། །དེས་ན་དེ་ནི་ཤེས་བྱའང་ཡིན་ལ་མཚན་ཉིད་ཀྱང་ཡིན་པའམ་ཡང་ན་ཤེས་བྱའི་མཚན་ཉིད་ཡིན་པས་ཤེས་བྱའི་མཚན་ཉིད་དེ། དེ་གཞན་མ་ཡིན་པ་དང་། གཞན་དང་གཞན་མ་ཡིན་པ་ལས་གྲོལ་བའི་ཕྱིར་ཅི་རིགས་སུ་སྦྱར་རོ། །དེས་འདི་དག་གི་གསུང་ཁྱད་པར་དུ་
འཕགས་སོ། །འདིས་ཤེས་བྱའི་མཚན་ཉིད་ལ་འཇུག་པའམ། འདི་ནི་ཤེས་བྱའི་མཚན་ཉིད་ལ་འཇུག་པ་ཡིན་པས་ཤེས་བྱའི་མཚན་ཉིད་ལ་འཇུག་པ་སྟེ། འཇུག་པ་ནི་མངོན་པར་རྟོགས་པའོ། །རྣམ་པར་རིག་པ་ཙམ་ཉིད་ནི་ཤེས་བྱའི་མཚན་ཉིད་ལ་འཇུག་པའོ། །དེ་ཉིད་ཁྱད་
เล่ม ๑๓๔ · หน้า 192b
པར་ཏེ། དེས་འདི་དག་གི་གསུང་ཁྱད་པར་དུ་འཕགས་སོ། །འཇུག་པ་དེའི་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་ཞེས་བྱ་བ་ནི་འཇུག་པ་ཞེས་བྱ་བ་རྣམ་པར་རིག་པ་ཙམ་ཉིད་དེ། དེའི་རྒྱུ་ནི་མོས་པས་སྤྱོད་པའི་ས་ལ་སྦྱོར་བའི་དུས་ན་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་
མ་དག་པ་རྣམས་སོ། །འབྲས་བུ་ནི་རབ་ཏུ་རྟོགས་པའི་དུས་ན་དེ་དག་ཉིད་འཇིག་རྟེན་ལས་འདས་པར་གྱུར་པ་སྟེ། ལྷག་པའི་བསམ་པ་དག་པས་ཡོངས་སུ་ཟིན་པའོ། །དེ་དག་ཉིད་དེས་འཇུག་པའི་རྒྱུ་དང་འབྲས་བུའི་ཁྱད་པར་ཏེ། དེས་འདི་དག་གི་གསུང་ཁྱད་པར་དུ་འཕགས་སོ། །དེའི་
རྒྱུ་དང་འབྲས་བུ་བསྒོམ་པ་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་རྣམ་པར་རིག་པ་ཙམ་དེ་ཉིད་ཀྱི་རྒྱུ་དང་འབྲས་བུ་ནི་དེའི་རྒྱུ་དང་འབྲས་བུའོ། །བསྒོམ་པ་ནི་དེ་གོམས་པར་བྱེད་པའོ། །དེས་རབ་ཏུ་དབྱེ་བས་དེའི་རྒྱུ་དང་འབྲས་བུ་བསྒོམ་པ་རབ་ཏུ་དབྱེ་བ་སྟེ། ས་བཅུའི་ངོ་བོ་ཉིད་དོ། །དེ་ཉིད་ཁྱད་པར་ཏེ། དེས་
འདི་དག་གི་གསུང་ཁྱད་པར་དུ་འཕགས་སོ། །ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱེད་པ་ཐ་དད་པའི་ས་དེ་དག་ཉིད་ལ་དེ་ཉེ་བར་འཛིན་པ་ལ་བརྩོན་པ་ན་དེ་ལ་སློབ་པ་ཡིན་པས་བསླབ་པ་གསུམ་རྣམ་པར་གཞག་གོ། །ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་
པ་སྟེ། ས་དེ་དག་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་སྤོང་བ་དང་། སེམས་ཅན་གྱི་དོན་བྱ་བ་དང་། དགེ་བ་ཐམས་ཅད་སྤྱོད་པ་དང་། ཚུལ་ཁྲིམས་རྣམ་པ་གསུམ་ཡང་དག་པར་ལེན་ཏོ། །གདུལ་བ་སྲབ་ཀྱི་ཁ་ལོ་སྒྱུར་བ་བཞིན་དུ་ལམ་ལོག་པར་ཞུགས་པའི་ལུས་ལ་སོགས་
པའི་ལས་རྣམས་འདིས་སྡོམ་པས་ན་སྡོམ་པའོ། །དེ་ལྟར་ན་བསླབ་པ་ཉིད་ལྷག་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །ལྷག་པའི་ཚུལ་ཁྲིམས་ཉིད་ཁྱད་པར་ཏེ། དེས་འདི་དག་གི་གསུང་ཁྱད་པར་དུ་འཕགས་སོ། །སེམས་ཀྱི་དབང་དུ་བྱས་པའི་
བསླབ་པ་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། །དཔའ་བར་འགྲོ་བ་དང་ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་བཟང་སྐྱོང་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་བསྡུའོ། །ལྷག་པའི་སེམས་ཀྱི་བསླབ་པ་ལ་ཏིང་ངེ་འཛིན་
เล่ม ๑๓๔ · หน้า 193a
ཉིད་སེམས་སུ་སྟོན་པས་གསུངས་སོ་ཞེས་སྨྲས་ཏེ། སེམས་ཀྱི་རྣམ་པ་བྲིས་ཞེས་བྱ་བ་ལས་སུ་བསྟན་པ་ལྟ་བུའོ། །ཤེས་རབ་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྤྲོས་པའི་རྣམ་པར་རྟོག་པ་
ཐམས་ཅད་ཀྱི་གཉེན་པོའོ། །དེ་ལ་སྦྱོར་བ་པའི་དངོས་གཞིའི་དབང་དུ་བྱས། དེའི་རྗེས་ལ་ཐོབ་པའི་དབང་དུ་བྱས། དེའི་བླ་ན་མེད་པའི་དབང་དུ་བྱས་ནས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་འདི་དག་ནི་ལམ་གྱི་རང་བཞིན་ནོ། །དེའི་འབྲས་བུ་སྤངས་པ་དང་།
ཡེ་ཤེས་ཀྱི་ཁྱད་པར་གཉིས་ཀྱིས་ཁྱད་པར་དུ་འཕགས་པའི་གསུང་ཞེས་བསྟན་ཏེ། བསླབ་པ་འདི་རྣམས་ཀྱི་འབྲས་བུ་ནི་དེའི་འབྲས་བུའོ། །དེ་ནི་དེའི་འབྲས་བུ་ཡང་ཡིན་ལ་སྤངས་པ་ཡང་ཡིན་པས་དེའི་འབྲས་བུ་སྤངས་པ་སྟེ། གློ་བུར་གྱི་སྒྲིབ་པ་དང་བྲལ་བ་དེ་བཞིན་ཉིད་རྣམ་པར་
གྲོལ་བའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་ཞི་བ་ཉིད་དུ་མཐོང་བའི་ཕྱིར་འཁོར་བ་ཉིད་མྱ་ངན་ལས་འདས་པ་སྟེ། དེ་ཤེས་པ་ནི་ཆགས་པའི་གནས་མ་ཡིན་ནོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་གནས་པ་མ་ཡིན་ནོ། །དེ་ཉིད་ཁྱད་པར་ཏེ། དེས་འདི་
དག་གི་གསུང་ཁྱད་པར་དུ་འཕགས་སོ། །བསླབ་པ་འདི་རྣམས་ཀྱི་འབྲས་བུ་ནི་དེའི་འབྲས་བུ་སྟེ། དེ་ནི་དེའི་འབྲས་བུ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་དེའི་འབྲས་བུ་ཡེ་ཤེས་སོ། །སངས་རྒྱས་ཀྱི་སྐུ་གསུང་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་སྐུ་ནི་དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཏེ། ཆོས་
ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གཉི་ག་ཡང་རྣམ་པར་རྟོག་པ་ཀུན་ཏུ་མི་འབྱུང་ན་རྣམ་པར་མི་རྟོག་པ་དང་འདི་བྱེ་བྲག་ཅི་ཡོད་ཅེ་ན། དེ་ནི་གཉེན་པོ་སྟེ་བྱ་བ་དང་བཅས་པའོ། །འདི་ནི་དེའི་འབྲས་བུ་བྱ་བ་བྱས་པ་སྟེ། འདི་ནི་བྱེ་བྲག་གོ། །ལོངས་སྤྱོད་རྫོགས་པ་ནི་དེའི་དབང་གིས་ཐོབ་པ་
སྟེ། ཡེ་ཤེས་ཁྱད་པར་ཅན་དེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡེ་ཤེས་ཁྱད་པར་དུ་འཕགས་པ་རྣམས་དང་ལྷན་ཅིག་ཐུན་མོང་མ་ཡིན་པའི་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་སོ་སོར་མྱོང་ངོ་། །ཕྱི་རོལ་རྣམ་པར་དག་པའི་ཡེ་ཤེས་མེད་པར་བྱང་ཆུབ་སེམས་དཔའི་བྱ་བ་དང་། ཚོགས་ལྷག་མ་
เล่ม ๑๓๔ · หน้า 193b
ཡང་རྫོགས་པར་མི་འགྱུར་རོ། །སྤྲུལ་པ་ནི་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཉིད་ཀྱི་བྱེ་བྲག་གོ། །དེས་དེ་ཁོ་ན་ལས་རབ་ཏུ་མི་ཉམས་ཤིང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྫོགས་པ་མི་གཏོང་བས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ལ་བྱ་བ་སྒྲུབ་པོ། །
མིག་གི་དབང་པོ་དང་། དེའི་རྣམ་པར་ཤེས་པ་དང་། གཟུགས་ཀྱི་དཔེ་རྣམས་དང་སྦྱར་ཏེ། དེ་མེད་ན་དེ་མེད་པར་འགྱུར་རོ། །དེ་ཉིད་ཁྱད་པར་ཏེ། དེས་དེ་དག་གི་གསུང་ཁྱད་པར་དུ་འཕགས་སོ། །ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི་དེར་མ་བསྟན་པའི་ཕྱིར་རོ། །གནས་
བཅུ་པོ་འདི་དག་ཅེས་བྱ་བ་ནི་དེ་དག་ལ་ཐེག་པ་ཆེན་པོའི་དོན་མཐའ་དག་གནས་པས་གནས་ཏེ། གཞི་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཆེད་དུ་བཤད་པ་དག་གོ་ཞེས་བརྗོད་པའི་རིགས་པ་ལས་བཅོམ་ལྡན་འདས་ཀྱིས་བསྟན་པ་དག་གོ་ཞེས་སྨོས་
པ་ནི་སངས་རྒྱས་ཀྱི་སྤྱན་སྔར་དེས་གནང་ནས་བཤད་པའི་ཕྱིར་ཏེ། ས་བཅུ་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་སྨོས་སོ། །མཆོག་ཉིད་ཅེས་བྱ་བ་ནི་ལམ་དེ་སངས་རྒྱས་ཉིད་དུ་འགྱུར་བར་བསྟན་པ་མཆོག་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དེ་
བཞིན་གཤེགས་པའི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་འདིས་ཞེས་བྱ་བ་ལ་སོགས་པ་ནི་མི་སྲིད་དུ་དོགས་ནས་སྨྲས་པའོ། །འདི་ལྟར་དངོས་པོ་དྲུག་ལ་སོགས་པ་ནི་ཉན་ཐོས་ཀྱི་ཐེག་པ་བསྟན་པར་མི་དམིགས་ལ། བྱེ་བྲག་ལ་སོགས་པ་ལ་ནི་དེ་དམིགས་ཏེ། དེ་ཙམ་
གྱིས་ནི་བྱེ་བྲག་ཡི་སོགས་པ་ཡང་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ་ཞེས་གཞན་གྱི་སྐབས་སུ་འགྱུར་བ་ཡིད་ལ་བཞག་ནས། གནས་བཅུ་པོ་འདི་དག་ནི་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་བྱང་ཆུབ་ཀྱང་ཡིན་ལ་ཆེན་པོའང་ཡིན་པའམ། ཆེན་
པོ་རྣམས་ཀྱི་བྱང་ཆུབ་ཡིན་པས་བྱང་ཆུབ་ཆེན་པོའོ། །ཡེ་ཤེས་དང་སྤངས་པའི་ཁྱད་པར་གྱི་རང་བཞིན་ཏེ། ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །སྤངས་པ་ཡིན་ཏེ་དེ་སྤངས་པས། །དྲི་མེད་ཡེ་ཤེས་ཐོགས་པ་མེད། །འདི་ནི་བྱང་ཆུབ་རྣམ་པ་བཞི། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཀུན་
เล่ม ๑๓๔ · หน้า 194a
ཏུ་སྒྲུབ་པར་བྱེད་ཅིང་ཐོབ་པར་བྱེད་པ་ནི་གནས་བཅུ་པོ་དག་ཡིན་གྱི། དངོས་པོ་དྲུག་གམ། གཙོ་བོ་ལ་སོགས་པ་ནི་མ་ཡིན་པས་དེ་དག་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཤིན་ཏུ་འཐད་པ་ཞེས་བྱ་བ་ནི་ཚད་མ་དང་ལྡན་པའི་ཕྱིར་ཏེ། འདི་ལྟར་འོག་ནས་
གཏན་ལ་འབེབས་སོ། །མཐུན་པ་ཞེས་བྱ་བ་ནི་མངོན་དུ་འགྱུར་བའི་ཕྱིར་ཏེ། རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །འགལ་བ་མེད་པ་ཞེས་བྱ་བ་ནི་སྐྱོན་མེད་པའི་ཕྱིར་ཏེ། ཇི་ལྟར་དངོས་པོ་དྲུག་ལ་སོགས་པ་ཤེས་པའམ། ཉན་ཐོས་ཀྱི་ཐེག་པ་སྐྱོན་དང་བཅས་ཤིང་སངས་
རྒྱས་ཉིད་དང་མི་མཐུན་པ་ལྟར་གནས་བཅུ་པོ་འདི་དག་ནི་དེ་ལྟ་མ་ཡིན་ནོ། །འདིར་ཚིགས་སུ་བཅད་པ་ཞེས་བྱ་བ་སྨོས་པ་ནི་སྔར་བཤད་པ་དང་འོག་ནས་འབྱུང་བའི་དོན་སྟོན་པའོ། །འདི་ལྟར་གཞན་ལ་མ་མཐོང་ལ། ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཆེན་པོ་མངོན་དུ་འགྱུར་བ་དང་།
གྲངས་དང་གོ་རིམས་ཀྱི་དགོས་པ་འཐད་པ་དང་བཅས་པ་རྣམ་པར་འགྲེལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་རེ་ཞིག་ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་ངོ་། །འབྲས་བུ་འདིའི་རྒྱུ་ནི་འདི་ཡིན་ནོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་
པར་བྱས་ཏེ། དེ་ཡང་རྒྱུ་བསྟན་པ་མེད་པར་ནི་མི་ཤེས་སོ། །རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཏེ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་སྤངས་ནས་བསྟན་པའོ། །དེའི་འོག་ཏུ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་སྤངས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་དག་
གི་མཚན་ཉིད་ཤེས་པར་བྱས་ཏེ། མེད་པ་དང་ཡོད་པ་ལྷན་ཅིག་གཅིག་ཏུ་འདོགས་པ་ནི་སྒྲོ་འདོགས་པའོ། །ཡོད་པ་ལ་སྐུར་ཅིང་སེལ་བ་ནི་སྐུར་པ་འདེབས་པའོ། །སྒྲོ་འདོགས་པ་དང་སྐུར་པའི་མཐའ་འདི་གཉིས་ནི་གཡང་ས་ཞེས་བྱ་བའི་ཐ་ཚིག་སྟེ། །འདི་གཉིས་ལ་གནས་
ན་དབུ་མའི་ལམ་ལས་རབ་ཏུ་ཉམས་པར་འགྱུར་རོ། །དེ་གཉིས་སྤངས་པ་ལ་མཁས་པ་ནི་ཡང་དག་པར་སོ་སོར་རྟོག་པ་སྟེ། མེད་པ་ཀུན་བརྟགས་པ་ལ་སྒྲོ་མི་འདོགས་ཤིང་མི་སྐུར་ཏེ་མེད་པའི་ཕྱིར་རོ། །ཡོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །གཞན་གྱི་དབང་ལ་སྒྲོ་འདོགས་པར་
เล่ม ๑๓๔ · หน้า 194b
མི་བྱེད་དེ་ཡོད་པའི་ཕྱིར་རོ། །མེད་པ་ལ་སྒྲོ་འདོགས་པའི་ཕྱིར་རོ། །སྐུར་པར་ཡང་མི་བྱེད་དེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་སྒྲོ་འདོགས་པར་མི་བྱེད་དེ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐུར་པར་མི་བྱེད་དོ། །ཡང་ན་འདིར་སྒྲོ་འདོགས་པ་དང་། སྐུར་
པའི་མཐའ་སྤངས་པ་ལ་མཁས་པ་འདི་ནི་གང་གཞན་གྱི་དབང་ལ་ཀུན་བརྟགས་པ་མེད་པས་སྒྲོ་མི་འདོགས་པ་དང་། ཡོངས་སུ་གྲུབ་པ་ཡོད་པས་སྐུར་པར་མི་བྱེད་པའོ། །མཐའ་གཉིས་སྤངས་པས་ངོ་བོ་ཉིད་གསུམ་ལ་མཁས་པ་དེ་ལྟ་བུ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ཉིད་ཀྱིས་
ཇི་སྐད་སྨོས་པའི་ཤེས་བྱའི་མཚན་ཉིད་རྟོགས་པར་བྱའོ། །ཁོང་དུ་ཆུད་པ་ནི་རྟོགས་པ་སྟེ། འཇུག་པ་དང་མངོན་སུམ་དུ་བྱེད་པའོ། །ཡང་ན་གང་གིས་རྟོགས་པའོ། །དེའི་འོག་ཏུ་འཇུག་པ་རྣམ་པར་རིག་པ་ཙམ་ཉིད་དེ་དང་མཐུན་པ་ཀུན་རྫོབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་དོན་དམ་པར་
རྟོགས་པར་བྱ་སྟེ། ལྷག་པའི་བསམ་པ་དག་པས་ཡོངས་སུ་ཟིན་པར་བྱའོ། །འདུན་པ་དང་མོས་པ་ནི་བསམ་པ་སྟེ། ཤེས་ནས་དད་པས་བསྡུས་པའི་ཕྱིར་དེའི་ཚེ་དེ་གཉིས་ལྷག་པར་ཆེའོ། །འཇུག་པ་ནི་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པ་ཞེས་བྱ་བ་དང་དོན་གཅིག་གོ། །ས་བཅུ་
དག་ཏུ་བསླབ་པ་གསུམ་ལ་སློབ་ཅིང་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒོམས་པས་དེ་དག་ཉིད་ཡོངས་སུ་རྫོགས་པར་བྱའོ། །དེའི་འོག་ཏུ་དེའི་འབྲས་བུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དྲི་མ་མེད་ཅིང་ཐོགས་པ་མེད་པ་ཐོབ་པར་བྱའོ།
དེ་ལྟར་ན་གོ་རིམས་དང་གྲངས་ཀྱི་དགོངས་པ་དང་། བྱང་ཆུབ་ཆེན་པོ་དང་མཐུན་པ་ཡང་དངོས་དང་ཞར་ལ་བཤད་པ་ཡིན་ཏེ། གོ་རིམས་ནི་འདི་ཁོ་ན་ཡིན་ལ་གྲངས་ཀྱང་བཅུ་ཁོ་ན་སྟེ། མི་ཉུང་མི་མང་ངོ་། །འབྲས་བུ་བྱེ་བྲག་མེད་པར་འགྱུར་བའི་ཕྱིར་ཉན་ཐོས་ཀྱི་ལམ་ཉིད་སངས་རྒྱས་ཀྱི་ལམ་ཉིད་དུ་མི་
རུང་ངོ་། །བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་ཉན་ཐོས་ཀྱི་ཐེག་པ་ལས་ནི་གང་དུ་ཡང་སངས་རྒྱས་ཀྱི་ལམ་བསྟན་པ་མེད་དོ། །སངས་རྒྱས་ནི་ཉན་ཐོས་ལས་ཁྱད་པར་དུ་མ་འཕགས་པར་ཡང་མི་འདོད་དེ། སྟོན་པ་དང་སློབ་མར་རྣམ་པར་གཞག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ལམ་
เล่ม ๑๓๔ · หน้า 195a
གྱི་ཁྱད་པར་ཉེ་བར་བསྟན་པ་འགའ་ཞིག་བཤད་དགོས་ཏེ། དེ་ནི་ཐེག་པ་ཆེན་པོ་འདི་ལས་གཞན་དུ་མི་འཐད་དོ། །དེ་ལྟ་བས་ན་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་ཉིད་དུ་མངོན་ཏེ། སངས་རྒྱས་ཀྱི་ལས་
ནི་སངས་རྒྱས་མ་ཡིན་པས་བཤད་པར་མི་ནུས་སོ། །བསྟན་པ་འདིར་ནི་ཐེག་པ་ཆེན་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་མེད་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་ཁྱད་པར་དུ་འཕགས་པའི་རྣམ་པ་ཐམས་ཅད་བཤད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་བསྡུས་པ་སྟེ།
ཇི་སྙེད་དང་ཇི་ལྟ་བ་བཞིན་དུ་ཁྱད་པར་དང་བཅས་པར་བསྟན་པའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་མུ་མེད་པས་ན་ཐོག་མ་མེད་པའི་དུས་སོ། །དབྱིངས་ནི་རྒྱུ་སྟེ་ས་བོན་ནོ། །གང་དག་གི་ཞེ་ན། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་
ཅད་ཀྱིའོ། །རྣམ་པར་བྱང་བ་རྣམས་ཀྱི་ནི་མ་ཡིན་ཏེ། འདི་ལྟར་འོག་ནས་མང་དུ་ཐོས་པས་བསྒོས་པའི་གནས་ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་ལ། ཀུན་གཞི་རྣམ་པར་ཤེས་པ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་ཆོས་རྣམས་ཀྱི་ས་བོན་གང་ཡོད་པའོ་ཞེས་
འབྱུང་ངོ་། །རྟེན་ཡིན་པའི་ཕྱིར་ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །རྟེན་གྱི་དོན་ནི་གནས་ཀྱི་དོན་ཏེ། རྒྱུའི་དོན་ནི་མ་ཡིན་པས་གནས་ལོགས་ཤིག་ཏུ་སྨོས་སོ། །གཞན་དུ་ན་ནི་དབྱིངས་ཀྱི་སྒྲ་ཉིད་ཀྱིས་ཆོག་པར་འགྱུར་རོ། །དེ་ཡོད་པས་ན་
འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་གཏན་ལ་དབབ་པའི་གནས་སུ་འོག་ནས་བཤད་པ་ལྟ་བུ་སྟེ། སྐྱེ་བ་ཀུན་ནས་ཉོན་མོངས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་ཅན་དམྱལ་བ་ལ་སོགས་པར་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དང་།
སྐྱེ་བ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ལོག་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཕྱིར་དེ་ཐོབ་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་ཞེས་བྱ་བའོ། །ཡང་ཞལ་ནས་གསུངས་པས་ཀུན་གཞི་རྣམ་པར་ཤེས་པ་སྒྲུབ་སྟེ། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་
เล่ม ๑๓๔ · หน้า 195b
གཞི་སྟེ། །ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་ཅན་ཞེས་བྱ་བ་ནི་འདུས་བྱས་རྣམས་སོ། །ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་རྣམས་ལས་རྣམ་པར་དབྱེ་བའོ། །རྣམ་པར་བྱང་བའི་ཆོས་རྣམས་ནི་རང་བཞིན་གྱི་ཀུན་ནས་ཉོན་མོངས་པ་ཅན་ཉོན་མོངས་
པ་ཐམས་ཅད་ཀྱི་བང་བ་དང་མཛོད་ལྟ་བུར་གྱུར་པ་མི་མཐུན་པའི་ཕྱོགས་ལ་འབྲས་བུའི་དངོས་པོར་སྦྱོར་བ་མ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་མཐུན་པ་དག་ནི་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་ངོ་། །གང་ན་མི་མཐུན་པའི་ཕྱོགས་ཡོད་པ་དེ་ན་གཉེན་པོ་ཡོད་པའི་ཕྱིར་གནས་ནི་ཡིན་ནོ།
རྒྱུ་དང་འབྲས་བུའི་དངོས་པོའི་དོན་ནི་ཀུན་གཞིའི་དོན་ནོ། །ལྷན་ཅིག་འཇུག་པའི་དོན་ནི་གནས་ཀྱི་དོན་ཏེ། སྨན་ནད་མེད་ཀྱི་ཐིགས་པ་དུག་གི་བུམ་པ་དང་ལྷན་ཅིག་གནས་པ་ནི་དུག་གི་རྒྱུ་ལས་འབྱུང་བར་མི་རུང་ངོ་། །དེར་ཞེས་བྱ་བ་ནི་བག་ཆགས་ཀྱི་གནས་སྟོན་ཏེ། བག་ཆགས་ཙམ་ནི་
ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི། བག་ཆགས་ཀྱི་གནས་དང་བཅས་པ་ལ་བྱ་སྟེ། དཔེར་ན་གཞན་དག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་བུའོ། །སྦྱོར་བ་ཞེས་བྱ་བ་ནི། མངོན་དུ་ཁྱབ་པར་བག་ཆགས་བསྒོ། །ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སེམས་ཅན་དག་དེའི་བདག་ཉིད་དུ་
སྦྱོར་བ་ཞེས་བྱ་བ་ནི་ཡོངས་སུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཆེན་པོ་ལ་སོགས་པ་གསལ་བ་དག་གཙོ་བོ་ལ་མི་གསལ་བའི་བདག་ཉིད་དུ་སྦྱོར་བ་ལྟར་ཆོས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་ལྟ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་དབྱེ་བའི་ཕྱིར། ས་བོན་ཐམས་ཅད་པ་ཞེས་
བྱ་བ་སྨོས་ཏེ། ས་བོན་ཐམས་ཅད་དང་ལྷན་ཅིག་འབྱུང་བ་དང་འགག་པའི་ཕྱིར་རོ། །སྟེན་པའི་ཚུལ་གྱིས་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་ཕན་ཚུན་དུ་སྦྱོར་ཏེ། གཙོ་བོ་ཉིད་གསལ་བའང་ཡིན་ལ་བདག་གི་ངོ་བོ་ཡང་ཡིན་ཞེས་བྱ་བ་དེ་ནི་འགལ་ལོ། །དམ་པ་དག་ལ་ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་རྣམས་ལ་བཤད་པ་སྟེ། འོས་ཡིན་པའི་ཕྱིར་རོ། །འོས་མ་ཡིན་པས་གཞན་དག་ལ་ནི་མ་བཤད་དོ། །དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་ནི་ལུང་གཞན་གྱིས་ཀུན་གཞི་རྣམ་པར་ཤེས་པའི་རྣམ་གྲངས་སུ་རྣམ་པར་འཇོག་པས་གྲགས་
เล่ม ๑๓๔ · หน้า 196a
པ་སྟོན་ཏོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་བྱ་བ་ལ་སོགས་པ་ལ་ཟབ་པ་ནི་འཇིག་རྟེན་པའི་མཁས་པའི་བློས་ཀྱང་གཏིང་དཔག་དཀའ་བའི་ཕྱིར་རོ། །ཕྲ་བ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་ཤེས་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་
ཤེས་བྱ་ཕྲ་བ་ཐམས་ཅད་ཤེས་པའི་སྐབས་མ་ཡིན་པས་ཉན་ཐོས་རྣམས་ལ་མ་བཤད་དོ། །ཆུ་བོ་ཞེས་བྱ་བ་ནི་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱུན་མི་འཆད་པའི་ཕྱིར་ཏེ། ཆུའི་ཆུ་བོ་བཞིན་ནོ། །ཇི་སྲིད་འཁོར་གྱི་བར་དུ་རྣམ་པ་གཞན་དུ་འགྱུར་བ་མེད་པས་འདི་ལ་བདག་ཏུ་ཡོངས་
སུ་སེམས་པར་གྱུར་ན་མི་རུང་ཞེས་བྱིས་པ་བདག་ཏུ་ལྟ་བ་དེ་དག་ལ་མ་བསྟན་ཏོ། །དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་འཇུག་པའི་རྒྱུར་སྟོན་ཏོ། །འདིས་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་གྲུབ་པ་དང་བདེ་བ་གཅིག་པས་དབང་པོ་གཟུགས་ཅན་ཐམས་ཅད་
ལེན་པས་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་དུ་ན་ནི་ཤི་བའི་རོ་བཞིན་དུ་འཇིག་པར་འགྱུར་རོ། །ལུས་ཀུན་ཏེ། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་རྣམས་མ་བྱུང་བ་དང་། གཟུགས་མེད་པར་ཡང་ལུས་མངོན་པར་འགྲུབ་
པ་སྟེ། ཉིང་མཚམས་སྦྱོར་བའོ། །དེ་སྦྲེལ་བ་ནི་ཡོངས་སུ་འཛིན་པའོ། །དེ་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ཁུ་ཆུ་དང་ཁྲག་གི་ནང་དུ་བརྒྱལ་བ་ན་ཀུན་གཞི་རྣམ་པར་ཤེས་པས་ལུས་མཐའ་དག་བཟུང་བ་ཡིན་ཏེ། ལུས་མཐའ་དག་གི་བག་ཆགས་བསྒོས་པའི་ཕྱིར་ཡོངས་སུ་བཟུང་བ་ཡིན་ནོ། །
དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཞེས་བྱ་བ་ནི་རྣམ་གྲངས་རྣམ་པར་གཞག་པ་ཉིད་དུ་ལུང་གཞན་གྱིས་སྟོན་པར་བྱེད་དོ། །གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་བཞི་པོ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་
བདག་དང་བདག་གིས་མངོན་པར་ཞེན་པའོ། །དེའི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཏེ། ངའོ་བདག་གོ་སྙམ་དུ་ཁེངས་སོ། །དེ་གཉིས་ཡོད་ན་བདག་ལ་ཆགས་པ་འབྱུང་སྟེ། བདག་ལ་དགའོ། །དེ་གསུམ་གྱི་རྒྱུ་ནི་མ་རིག་པ་སྟེ། མི་ཤེས་པ་རིག་པའི་མི་མཐུན་པའི་ཕྱོགས་སོ། །དེ་ནི་རྣམ་པར་ཤེས་
เล่ม ๑๓๔ · หน้า 196b
པ་ཀུན་ནས་ཉོན་མོངས་པའི་གནས་ཡིན་ཏེ། མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པ་དང་། དགེ་བ་ལ་སོགས་པའི་གནས་སྐབས་སུའམ། འགལ་བ་མེད་པར་ཀུན་དུ་འབྱུང་བའི་ཕྱིར་རོ། །གཞན་དུ་ན་ནི་དགེ་བའི་སེམས་ལ་ངའོ་སྙམ་དུ་ཇི་ལྟར་འགྱུར། གནས་གཅིག་པོས་ནི་སྐྱེད་
ཅེས་བྱ་བ་ནི་འགགས་མ་ཐག་པའི་ཡིད་ཀྱིས་སོ། །གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་པ་སྟེ་ཞེས་བྱ་བ་ནི། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ་སྟེ། ངར་འཛིན་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ནི་དེས་བྱས་པའི་ཕྱིར་རོ། །ཡུལ་ལ་རྣམ་པར་རིག་པའི་ཕྱིར། །ཞེས་
བྱ་བ་ནི་ཡུལ་འཛིན་པར་སྣང་བའི་ཕྱིར་རྣམ་པར་ཤེས་པའི་སྒྲར་གྲུབ་བོ། །དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ་ཞེས་བྱ་བ་ནི། ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ཡི་གེ་མི་མངོན་པར་བྱས་པའི་ཕྱིར་རོ། །རྣམ་པར་སྒྲུབ་པ་དང་། ངེས་པའི་ཚིག་གཉིས་ཀྱིས་སྒྲའི་དོན་ཤེས་
པའི་ཕྱིར་རོ། །འཐད་པ་མེད་པར་གཞན་ལ་བསྟན་པར་མི་ནུས་པས་ཉོན་མོངས་པ་ཅན་གྱི་ཡིད་སྒྲུབ་པ་ལ་རིགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་འཇོག་གོ། །མ་འདྲེས་པའི་མ་རིག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་དུ་ཟིན་ན་དེ་མེད་ན་མ་རིག་པ་མ་འདྲེས་
པ་ཡང་མེད་པར་འགྱུར་རོ། །མ་རིག་པ་མ་འདྲེས་པ་ནི་དེ་ཁོ་ན་ལ་ཤེས་པ་སྐྱེ་བའི་གགས་བྱེད་པ་གཏི་མུག་གོ་ཞེས་འོག་ནས་འཆད་དོ། །དེ་ནི་རྣམ་པར་ཤེས་པ་ལྔ་པོ་དག་ལ་མི་འབྱུང་སྟེ། དེ་ལ་གནས་པ་ལ་གཉེན་པོ་མེད་པའི་ཕྱིར་ཏེ། གང་ན་མི་མཐུན་པའི་ཕྱོགས་ཡོད་པ་དེ་ན་གཉེན་པོ་ཡོད་པར་
འགྱུར་རོ། །རྣམ་པར་ཤེས་པ་ལྔ་ནི་དེའི་གཉེན་པོ་མ་ཡིན་ཏེ་དེ་དག་ལ་མཐོང་བའི་ལམ་མི་སྐྱེ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་མ་ཡིན་ཏེ། ཉོན་མོངས་པའི་ངོ་བོ་ཉིད་དེ་ཉིད་ཀྱིས་དེ་ཉོན་མོངས་པ་ཅན་དུ་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ལ་
ཡང་མ་ཡིན་ཏེ། དེ་ལས་གཞན་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་མ་འདྲེས་པར་མི་འགྲུབ་པའི་ཕྱིར་རོ། །ཉོན་མོངས་པ་དེས་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དུ་དམ་བཅའ་ན་ནི་གཏན་དུ་ཉོན་མོངས་པ་ཅན་དུ་འགྱུར་ཏེ། ཉོན་མོངས་པའི་མཚན་ཉིད་དེ་དང་མཚུངས་པར་ལྡན་
เล่ม ๑๓๔ · หน้า 197a
པའི་ཕྱིར་སྦྱིན་པ་ལ་སོགས་པའི་སེམས་དགེ་བར་མི་འགྱུར་རོ། །གང་གི་ལྟར་ན་དགེ་བའི་སེམས་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པ་དེའི་ལྟར་ན་ནི་དེ་ཉིད་དང་མཚུངས་པར་ལྡན་པར་འགྱུར་གྱི་གཞན་དང་ནི་མ་ཡིན་ནོ། །ཉོན་མོངས་པ་
ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པས་ནི་དེའི་གཉེན་པོ་མངོན་སུམ་དུ་བྱེད་པར་ཡང་མི་རུང་སྟེ། གང་གི་ལྟར་ན་ཉོན་མོངས་པ་ཅན་གྱི་ཡིད་དང་ལྷན་ཅིག་འབྱུང་བའི་དགེ་བའི་སེམས་ཡོད་པ་དེའི་ལྟར་ན་ནི་དེས་དྲངས་པའི་གཉེན་པོ་སྐྱེ་བའི་ཕྱིར་མི་མཐུན་པའི་ཕྱོགས་འགགས་ཏེ་རིགས་སོ། །དེ་ལྟར་
ནའང་འདི་ལས་གཞན་པ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་མ་འདྲེས་པར་མི་འགྲུབ་པ་མ་ཡིན་ནམ། མི་མཐུན་པར་བཞག་པ་སྟེ། ང་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་མ་འདྲེས་པ་ཉིད་དུ་འདོད་པ་མ་ཡིན་
གྱི། འོ་ན་ཇི་ཞེ་ན། གཞན་ལ་མེད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཞིན་ནོ། །མ་འདྲེས་པར་མི་འགྲུབ་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ནི་གཞན་གྱིས་རྣམ་པར་གཞག་པ་ལ་ལྟོས་ནས་ཉེས་པ་བརྗོད་པའི་ཕྱིར་རོ། །ལྔ་པོ་དག་དང་འདྲ་བ་ཞེས་བྱ་བ་འདི་ནི་སྒྲུབ་པ་
མ་ཡིན་ནོ། །འོ་ན་ཅི་ཞེ་ན། སུན་འབྱིན་པ་དེ། སུ་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བྱ་བ་འདི་ཁས་ལེན་པ་དེས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མཐུན་པར་ཁས་བླངས་པ་དེ་འགལ་ཏེ། ལྷན་ཅིག་སྐྱེས་པའི་གནས་
མེད་པའི་ཕྱིར་རོ། །གཞན་གྱི་གཞུང་ལ་ནི་གང་ལྷན་ཅིག་སྐྱེ་བའི་གནས་མེད་པའི་རྣམ་པར་ཤེས་པ་ཅི་ཡང་མེད་དོ་ཞེས་སོ། །ཀུན་གཞི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་གནས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བདག་པོའི་རྐྱེན་དུ་བརྗོད་པས་འདོད་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་
ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་ཡིན་ནོ། །འདིར་ནི་ཉོན་མོངས་པ་ཅན་གྱི་ཡིད་བདག་པོའི་རྐྱེན་དུ་བརྗོད་པར་འདོད་དོ། །གང་དག་སྙིང་ལ་གནས་པའི་གཟུགས་ཅི་ཡང་རུང་བ་ཞིག་ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་གནས་སོ་ཞེས་སྨྲས་པ། དེ་དག་གི་དེ་
เล่ม ๑๓๔ · หน้า 197b
ཡང་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ནི་ཐམས་ཅད་དུ་ངེས་པར་རྟོགས་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་གཉིས་ཀྱིས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དབང་པོ་གཟུགས་ཅན་ལ་བརྟེན་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་
བཞིན་ནོ། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། །གང་ལ་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པ་དེ་ལ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་དེ་ཡོད་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་ནི་མེད་
པའི་ཕྱིར་ཁྱད་པར་དུ་འཐད་དོ། །གཞན་དུ་ན་ནི་གཉི་གར་ཡང་འདུ་ཤེས་དང་ཚོར་བ་འགོག་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་དུ་འབྱུང་བ་མེད་པའི་ཕྱིར་བྱེ་བྲག་མེད་པར་འགྱུར་རོ། །བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོའི་ས་ཐ་དད་པ་དང་། ངེས་པར་
འབྱུང་བ་དང་། ཞི་བར་གནས་པར་འདོད་པ་ཐ་དད་པའི་ཕྱིར་ཡང་ཐ་དད་པར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ཐ་དད་པ་མེད་པའི་ཕྱིར་རོ། །གཉི་གར་ཡང་སེམས་དང་སེམས་ལས་བྱུང་བ་འགོག་པར་བྱེ་བྲག་ཅི་ཡོད། འདི་ནི་མདོ་སྡེ་པ་དང་གཏན་ལ་དབབ་པ་སྟེ།
དེ་དང་ཉེ་བའི་ཕྱིར་རོ། །དེ་ནི་མི་ལྡན་པ་རྣམས་རྫས་སུ་ཡོད་པར་མི་འདོད་ན་སྙོམས་པར་འཇུག་པ་རྫས་ཐ་དད་པར་ག་ལ་འགྱུར། ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །ཞེས་བྱ་བ་ལ་ངེས་པའི་ཚིག་ནི་ངེས་པའི་ཚིག་སྟེ། ངར་སེམས་པའི་ཕྱིར་ཡིད་དོ་ཞེས་བྱ་བའི་ངེས་པའི་ཚིག་གང་ཡིན་
པ་འདི་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ཇི་ལ་གནས་པར་འགྱུར། རྣམ་པར་ཤེས་པ་དྲུག་པོ་དག་ནི་ངར་སེམས་པའི་ཕྱིར་ཡིད་དོ་ཞེས་བྱ་བ་དེ་ལྟར་འཐད་པ་མ་ཡིན་ཏེ་འགགས་ཟིན་པའི་ཕྱིར་རོ། །འདུ་ཤེས་མེད་པར་སྐྱེ་བའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ཞེས་བྱ་བ་ལ་
འདུ་ཤེས་མེད་པ་ཞེས་བྱ་བ་ནི་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སེམས་དང་སེམས་ལས་བྱུང་བ་འགགས་པའོ། །དེར་སྐྱེ་བ་ནི་ཉིང་མཚམས་སྦྱོར་ཞིང་སྦྲེལ་བའོ། །དེའི་རྒྱུན་ནི་དེ་ཕན་ཆད་རྒྱུན་དུ་འབྱུང་བའོ། །གལ་ཏེ་དེས་ཉོན་མོངས་པ་ཅན་གྱི་ཡིད་མི་འདོད་ན་ངར་འཛིན་པ་མེད་པ་ཉིད་དུ་
เล่ม ๑๓๔ · หน้า 198a
འགྱུར་ཏེ། ཉོན་མོངས་པ་མཐའ་དག་དང་ལྡན་པའི་སྐྱེ་བའི་རྒྱུན་ནི་ངར་འཛིན་པ་མེད་པར་མ་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་དེ་ནི་འཕགས་པས་སྨྲས་པའི་འོས་ཡིན་ནོ། །སྐྱེ་བའི་སྐད་ཅིག་ལ་མངོན་དུ་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཅན་ངར་འཛིན་པའི་
འཕེན་པས་ངར་འཛིན་པ་དང་བཅས་པ་ཉིད་དོ། །ངར་འཛིན་པ་མ་སྤངས་པའི་ཕྱིར་རྗོད་བྱེད་དང་བཅས་པ་ལ་སོགས་པ་ལྟ་བུའོ་ཞེས་བྱར་ཡང་མི་རུང་སྟེ། ངར་འཛིན་པ་དང་བཅས་ཏེ་འགགས་པ་དང་། རྗོད་བྱེད་ལ་སོགས་པ་ཡང་སེམས་ལས་གཞན་དུ་མི་འགྲུབ་པའི་ཕྱིར་རོ། །ངར་འཛིན་
པའི་བག་ཆགས་ནི་ལུས་ཀྱི་རྒྱུད་ལ་མི་རིགས་ཏེ། གཟུགས་ཀྱི་ཕུང་པོ་ལ་དེ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐད་ཅིག་ཕན་ཆད་སོ་སོའི་སྐྱེ་བོའི་སྐྱེ་བའི་རྒྱུན་ངར་འཛིན་པ་མེད་པས་ཇི་སྐད་བཤད་པ་དེ་རིགས་སོ། །གང་ལ་དེ་དང་ལྷན་ཅིག་འབྱུང་བའི་སེམས་ངར་འཛིན་པའི་གནས་ཡོད་
པ་དེ་ལ་ནི་ཉེས་པ་མེད་དོ། །ངར་འཛིན་པ་དང་ལྡན་པར་ནི། །རྣམ་པ་ཀུན་དུ་མི་འཐད་དོ། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་མི་རུང་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་གནས་སྐབས་ནི་སྦྱིན་པ་ལ་སོགས་པ་ལ་ངར་འཛིན་པ་དང་ལྡན་ཏེ། ང་སྦྱིན་པ་བྱེད་དོ་སྙམ་དུ་ངར་སེམས་
པའི་ཕྱིར་རོ། །ངར་འཛིན་པ་དང་ལྡན་པ་ནི་མ་རིག་པ་མེད་ན་མི་འབྱུང་ངོ་། །མ་རིག་པ་ཡང་སེམས་ལས་བྱུང་བ་ཡིན་པས་གནས་མེད་པར་མི་འབྱུང་སྟེ། ཉོན་མོངས་པ་ཅན་གྱི་ཡིད་མ་གཏོགས་པར་གནས་གཞན་མེད་དོ། །དགེ་བའི་སེམས་ནི་མ་རིག་པའི་གནས་སུ་མི་རུང་ངོ་། །ཉོན་
མོངས་པ་ཅན་གྱི་ཡིད་མེད་ན་གཉིས་མེད་ཅེས་བྱ་བ་ནི་མ་རིག་པ་མ་འདྲེས་པ་དང་། ལྔ་པོ་དག་དང་འདྲ་བའོ། །གསུམ་པོ་འགལ་བར་འགྱུར་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་བྱེ་བྲག་དང་། ངེས་པའི་ཚིག་དང་། ངར་འཛིན་པ་མེད་པའི་སྐྱེ་བ་གསུམ་མོ། །མ་རིག་པ་མ་འདྲེས་
པ་སྔར་བསྟན་པ་དེ་བཤད་དེ། །ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་དང་། །ཞེས་བྱ་བ་ནི་ཡང་དག་པའི་དོན་མཐོང་བའི་གགས་བྱེད་པ་སྟེ། དེ་ཡོད་ན་དེ་མི་འབྱུང་བའི་ཕྱིར་རོ། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་
เล่ม ๑๓๔ · หน้า 198b
ལུང་དུ་མ་བསྟན་པའི་གནས་སྐབས་སུ་ཡང་རྗེས་སུ་འབྲེལ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་སེམས་ཀྱི་ལུས་གསུམ་པ་མི་དམིགས་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཡིད་ཅེས་བྱ་བའི་སྒྲའི་ལུས་ནི་འགགས་མ་ཐག་པའི་རྣམ་པར་ཤེས་པ་ཡིན་ལ་རྣམ་པར་ཤེས་
པའི་སྒྲའི་ནི་རྣམ་པར་ཤེས་པ་དྲུག་པོ་དག་ཡིན་པ་ལྟར་སེམས་ཞེས་བྱའི་སྒྲའི་ལུས་གཞན་ནི་དེ་ལྟར་མི་དམིགས་སོ། །བརྗོད་པ་འདིའི་ལུས་མེད་པ་ནི་མ་ཡིན་ནོ། །འདི་རྣམ་གྲངས་སུ་གཏོགས་པའང་མ་ཡིན་ཏེ། ཡིད་དང་རྣམ་པར་ཤེས་པའི་སྒྲ་གཉིས་ཀྱི་བརྗོད་པར་བྱ་བ་ཐ་དད་པའི་ཕྱིར་རོ། །
འདིར་སྒྲའི་ལུས་སུ་འདོད་པ་ནི་བརྗོད་པར་བྱ་བའོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཞེས་བྱ་བའི་སྒྲའི་བརྗོད་པར་བྱ་བའོ། །ཇི་ལྟ་ཞེ་ན། འཇུག་པའི་རྣམ་པར་ཤེས་པས་བསྡུས་པའི་ཆོས་ཀྱི་ས་བོན་ནུས་པའི་ཁྱད་པར་ཅན་སྣ་ཚོགས་རྣམ་པ་ཐ་དད་པ་རྣམས་ཀྱིས་ཀུན་དུ་
བསགས་ཤིང་གང་བར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་སྒོར་བྱས་ཤིང་བསྟེན་ནས་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་ཀྱི་སྒྲ་དེ་ལ་འཇུག་པའི་རྒྱུར་སྟོན་ཏོ། །ཤེས་བྱ་ཕྲ་མོ་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་བྱ་ཕྲ་མོ་ཉེ་བར་བཟུང་བ་ཁས་བླངས་ནས་ཉན་ཐོས་རྣམས་ལ་མ་བཤད་དེ།
དེ་དག་ནི་ཤེས་བྱ་རགས་པ་བསྡུ་བས་གདུལ་བ་ཡིན་པའི་ཕྱིར། ཤེས་བྱ་ཕྲ་མོ་ཤེས་པ་ལ་གཏོགས་པ་མེད་པ་ཉིད་དོ། །ཉན་ཐོས་རྣམས་ནི་ཤེས་བྱ་ཐམས་ཅད་ཤེས་པ་ལ་གཏོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ནུས་པ་དང་། དོན་དུ་གཉེར་བ་དང་། གཏོགས་པའི་མཚན་ཉིད་མེད་
པར་སྟོན་ཏོ། །དེ་དག་ནི་དེ་བསྟན་པ་མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་མ་བསྟན་ཀྱང་ཤེས་བྱ་གཟུགས་ལ་སོགས་པ་རགས་པ། སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་སོ་སོར་རྟོག་པ་དག་ཉོན་
མོངས་པ་རྣམས་སྤངས་ཏེ། དེའི་དོན་དུ་དེ་དག་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱོད་པར་གནས་སོ། །རགས་པ་ཉིད་ནི་གཟུགས་ནི་ལུས་ཅན་ཡིན་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པ་དང་། རྒྱུ་བ་རགས་པའི་ཕྱིར་རོ། །དེ་ལས་བཟློག་པ་
เล่ม ๑๓๔ · หน้า 199a
ཀུན་གཞི་རྣམ་པར་ཤེས་པ་ནི་ཕྲ་བའོ། །ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་ན་ཡང་སྡུག་བསྔལ་མཐར་འབྱིན་པར་ངས་མ་བཤད་དོ་ཞེས་གང་གསུངས་པ་དེ་ནི་ཉོན་མོངས་པ་རྣམས་ལས་དགོངས་པའོ། །མ་སྤངས་ན་ཞེས་བྱ་བའི་བྱེ་བྲག་
གི་སྒྲ་དང་གཞི་མཐུན་པའི་ཕྱིར་ཏེ། ཉོན་མོངས་པ་ལ་མ་གཏོགས་པ་སྤང་བར་བྱ་བ་གཞན་མེད་པའི་ཕྱིར་རོ། །ཡང་ན་མི་རྟག་པ་ལ་སོགས་པ་སྤྱིའི་རྣམ་པར་སྙེགས་ཀྱི། ཀུན་གཞི་རྣམ་པར་ཤེས་པ་ཉིད་ཅེས་མ་བཟུང་བས་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་
ཐམས་ཅད་ཤེས་པ་ལ་གཏོགས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་ཀྱི་མཐུས་ནུས་པ་དང་། དོན་དུ་གཉེར་བ་དང་། གཏོགས་པའི་མཚན་ཉིད་དང་ལྡན་པའི་ཕྱིར། ཐམས་ཅད་ཤེས་པར་བྱ་བར་གཏོགས་སོ། །གཞན་དུ་ན་ནི་གཞན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ། །གཞན་དག་གི་
བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་དང་། སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་དང་། དུས་དང་དུས་མ་ཡིན་པ་མི་ཤེས་པ་ཐམས་ཅད་མཁྱེན་པ་མ་ཡིན་པས་གཞན་གྱི་དོན་མཐའ་དག་བྱེད་མི་ནུས་པའི་ཕྱིར་དེ་དོན་དུ་གཉེར་བའི་
བྱང་ཆུབ་སེམས་དཔའ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་བཤད་དོ། །དེ་ཤེས་པ་མེད་པར་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པ་མེད་པར་དོན་དུ་ཡོངས་སུ་རྟོགས་པ་སྤོང་བར་མི་འགྱུར་ཏེ། དེ་མ་སྤངས་ན་
ཡོངས་སུ་བརྟག་པར་བྱ་བའི་དོན་ཡོད་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་དོ། །དེའི་ཕྱིར་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་མངོན་སུམ་དུ་མ་བྱས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པས་ཡོངས་སུ་བརྟག་
པར་བྱ་བའི་དོན་གཅིག་ལས་གཅིག་བཟློག་པའི་རང་གི་མཚན་ཉིད་མ་རྟོགས་ན་ནི་མཐའ་ཡས་པའི་ཕྱིར་ཐམས་ཅད་རྟོགས་པར་མི་ནུས་སོ། །གལ་ཏེ་འདི་དག་ཀུན་གཞི་རྣམ་པར་ཤེས་པ་འདི་ཉིད་བརྗོད་པའི་བག་ཆགས་ཡོངས་སུ་གྱུར་པའི་དབང་གིས་དོན་དང་། སེམས་ཅན་དང་། བདག་
เล่ม ๑๓๔ · หน้า 199b
དང་། རྣམ་པར་རིག་པར་སྣང་བ་འབྱུང་བར་ཤེས་ན་དེའི་ཚེ་གཟུང་བའི་དོན་མེད་པར་རྟོགས་ནས་འཛིན་པ་ཡང་མེད་པར་རིགས་པས་ཁོང་དུ་ཆུད་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་བོ། །དེའི་རྗེས་ལ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་གོམས་པར་བྱེད་ཅིང་དེ་དང་ཆོས་ཐམས་
ཅད་རོ་གཅིག་པར་ཤེས་ཏེ། མཐའ་ཡས་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་ཡིན་ནོ། །དམིགས་པ་དག་པ་ལ་མ་གཏོགས་པར་ཤེས་པ་དག་པའི་ཐབས་གཞན་མེད་དོ། །དེ་ལྟར་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཤེས་
སོ་ཞེས་གསུངས་སོ། །ཡང་སྨྲས་པ། བརྟགས་པའི་ཆོས་ལ་རྣམ་རྟོག་པ། །ཤེས་བྱ་ཀུན་ལ་མ་སྤངས་ན། །ཐམས་ཅད་མཁྱེན་པ་ཉིད་མེད་དེ། །དེ་ཕྱིར་ཆོས་ལ་བདག་མེད་བསྟན། །ཞེའོ། །ལུང་གི་ཚུལ་འདི་མི་མངོན་པར་མི་ཤེས་པ་དག་ནི། དཔེར་ན་རྒྱུན་གྱིས་ནུས་
པའི་ཕྱིར། །མེས་ནི་ཐམས་ཅད་སྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་ཀྱི། །ཅིག་ཅར་ཐམས་ཅད་རིག་ཕྱིར་མིན། །ཞེས་སྨྲའོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་དང་། མ་ཤེས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་སླ་བ་དང་དཀའ་བར་འགྱུར་རོ་ཞེས་
གཙོ་བོ་ཁོ་ནར་བརྗོད་དོ། །ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་ནམ་ཞེ་ན། ཐམས་ཅད་མཁྱེན་པ་ནི་ཡིན་མོད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ནི་མ་ཡིན་ནོ། །ཡང་རྣམ་གྲངས་(གྱིས་‚ཀྱིས་)ཀུན་གཞི་རྣམ་པར་ཤེས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་ཏེ་ཞེས་བྱ་
བ་ནི་སྡེ་པ་གཞན་ལ་གྲགས་པར་ཉེ་བར་འགོད་པས་ཀུན་གཞི་རྣམ་པར་ཤེས་པའི་ལམ་པོ་ཆེ་བཏོད་པ་ཉིད་དུ་མཇུག་སྡུད་པར་སྐབས་སྦྱོར་བའོ། །དེ་བཞིན་གཤེགས་པ་བྱུང་ན་ཕན་ཡོན་བཞི་ཡོད་དོ་ཞེས་མདོ་གང་ལས་གསུངས་པ་དེ་ནི། དེ་བཞིན་གཤེགས་པ་བྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་དེ་
ལས་འདི་གསུངས་སོ། །སྐྱེ་དགུ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་གཞི་ལ་བརྟེན་ནས་དགའ་བས་ད་ལྟར་གྱི་དུས་ན་ཀུན་གཞི་ལ་ཀུན་དུ་དགའོ། །ཇི་ལྟ་ཞེ་ན། འདི་ལྟར་ཀུན་གཞི་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་འདས་པའི་དུས་ཏེ་དེ་ལས་བྱུང་བའི་ཕྱིར་རོ། །
เล่ม ๑๓๔ · หน้า 200a
འདི་ལྟར་ཡང་འདི་ནི་མ་འོངས་པ་ན་མངོན་པར་དགའ་བའི་ངང་ཚུལ་ཅན་ཏེ། དེ་འདོད་པ་ལ་གཞོལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཀུན་གཞི་ལ་མངོན་པར་དགའ་བ་ཅན་ཞེས་བྱ་བའོ། །ཀུན་གཞི་སྤངས་པའི་ཕྱིར་ཞེས་བྱ་བ་ནི་ལེགས་པར་གཞོམ་པའི་ཕྱིར་རོ། །ཉན་འདོད་ཅེས་
བྱ་བ་ནི་ཉན་པར་འདོད་པའོ། །རྣ་བ་གཏོད་ཅེས་བྱ་བ་ནི་སྨོན་ལམ་བཏབ་ནས་ཐོས་པ་ལས་བྱུང་བའི་ཤེས་པས་ཉན་པའོ། །ཀུན་ཤེས་པར་བྱེད་པར་སེམས་ཉེ་བར་འཇོག་ཅེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་པས་དོན་གཏན་ལ་འབེབས་པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་
ཅེས་བྱ་བ་ནི་བསྒོམས་པ་ལས་བྱུང་བ་འཇིག་རྟེན་ལས་འདས་པས་སོ། །ལམ་གྱི་བདེན་པ་ནི་བསྟན་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཏེ་ནན་ཏན་དུ་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྒྲུབ་པ་ནི་རང་གི་སེམས་ཀྱི་རྒྱུད་ལ་འཇོག་པའི་ཕྱིར་རོ། །དགེ་འདུན་ཕལ་ཆེན་སྡེའི་ལུང་ལས་ཀྱང་ཞེས་བྱ་བ་འདིས་ཀྱང་
ལམ་པོ་ཆེ་བཏོད་པར་སྒྲུབ་བོ། །རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གཞན་དག་གི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན་ཤིང་གི་རྩ་བ་ནི་སྡོང་བུ་ལ་སོགས་པའི་རྒྱུ་ཡིན་པ་ལྟ་བུའོ། །ས་སྟོན་སྡེའི་ལུང་ལས་ཀྱང་ཞེས་བྱ་བ་ནི་དེ་དག་གི་ལུང་གི་ཕུང་པོ་རྣམ་པ་གསུམ་ལ་སྐད་ཅིག་པ་ནི་གང་
དག་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པའོ། །དེའི་ཚེ་རབས་པ་ནི་གང་དག་འཆི་བ་ལ་ཐུག་གི་བར་དུ་རྗེས་སུ་འབྲང་བའོ། །འཁོར་བ་ཇི་སྲིད་པ་ནི་གང་དག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་རྗེས་སུ་འབྲང་བའོ། །དེ་དག་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མི་སྲིད་པས་ཀུན་
གཞི་རྣམ་པར་ཤེས་པ་དེ་ཉིད་མིང་གཞན་གྱིས་བསྟན་པ་སྟེ། ཇི་སྐད་བསྟན་པའི་ཕུང་པོ་རྣམས་ནི་ཇི་སྲིད་འཁོར་བར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། ལ་ལར་རེས་འགའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞི་དང་དུས་བསྟན་ཏོ། །དེ་ལ་གཟུགས་མེད་པར་ནི་གཟུགས་རྒྱུན་ཆད་དོ། །
འདུ་ཤེས་མེད་པ་དང་། དེའི་སྙོམས་པར་འཇུག་པ་ལ་ནི་སེམས་ཀྱི་རྒྱུན་ཆད་དོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ནི་གཉེན་པོ་སྐྱེས་ཀྱི་བར་དུ་གཟུགས་དང་སེམས་ཀྱི་ས་བོན་གྱི་རྒྱུན་མི་འཆད་དོ། །འཕགས་པ་གནས་བརྟན་པ་རྣམས་ཀྱི་ལུང་ལས་ནི་སྲིད་པའི་ཡན་ལག་གི་སྒྲར་གསུངས་ཏེ། སྲིད་
เล่ม ๑๓๔ · หน้า 200b
པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཕྱེ་སྟེ་སྨྲ་བའི་ལུང་ལས་ཀྱང་དེ་སྐད་དུ་འབྱུང་ངོ་། །ལྟ་བ་ལ་སོགས་པ་དྲུག་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནས། ཡིད་ལ་སོགས་པའི་བར་དུ་ཅི་རིགས་སུ་སྦྱར་རོ། །གང་ཞིག་ཀུན་གཞི་རྣམ་པར་ཤེས་པ་ལ་ཞེ་སྡང་བ་ནི་རྣམ་པར་ཤེས་པའི་ཆ་
བདུན་དང་ལྡན་པའི་ཕྲེང་བ་ལྟ་བར་བྱེད་པ་ནས་དངོས་པོ་ཡོངས་སུ་གཅོད་པའི་བར་རོ་ཞེས་སྨྲ་བ་དེའི་ལན་རིགས་པ་ཐིགས་པའི་ནང་དུ་བལྟ་བར་བྱའོ། །ལམ་པོ་ཆེ་བཏོད་པ་ཡིན་ནོ་ཞེས་བྱ་བ་ནི་སྡེ་པ་གཞན་གྱི་ལུང་དུ་མ་ལས་གྲགས་པས་ཀུན་གཞི་རྣམ་པར་ཤེས་པའི་ལམ་དུ་དོང་བ་དང་རྗེས་སུ་དོང་བ་
ཉིད་སྟོན་ཏོ། །ཁ་ཅིག་འདི་སྙམ་དུ་ཞེས་བྱ་བ་ནི་ལོག་པར་རྟོགས་པ་སྟོན་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་དོན་གཅིག་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དེ་ཡང་མི་འཐད་དེ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་དང་རྣམ་པར་ཤེས་
པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བའི་རང་བཞིན་ཅན་གྱི་སྒྲ་གཉིས་དང་དོན་གཉིས་ཐ་དད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་དྲུག་པོ་འདས་མ་ཐག་པ་ནི། ཡིད་དོ། །ཡུལ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ་ཞེས་འབྱུང་བས་
ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་དོ། །དེ་བཞིན་དུ་སེམས་ཀྱི་དོན་གྱིས་ཀྱང་ཐ་དད་དུ་དབྱེ་བར་བྱའོ། །ཡང་ཁ་ཅིག་ནི་ཞེས་བྱ་བ་ནི་ཀུན་གཞི་ལ་ཀུན་དུ་དགའ་བ་ལ་སོགས་པ་དོན་གཞན་དུ་རྟོགས་ཏེ། དེ་སྨྲས་པ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་ཀུན་གཞི་ཞེས་བྱའོ་
ཞེས་བྱ་བ་སྟེ། དེ་དག་ལ་བདག་ཉིད་དུ་འཛིན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ཀུན་གཞིའོ་ཞེས་བྱ་བ་ནི་དེས་དེ་དག་ལ་བདག་ཉིད་དུ་འཛིན་པའི་ཕྱིར་རོ། །བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ནི་ཀུན་གཞིའོ་ཞེས་བྱ་བ་ནི། འདོད་ཆགས་དང་ཚོར་བ་ལྷན་ཅིག་སྤྱོད་པའི་སྤྱི་ནི་ཀུན་གཞི་ཉིད་
དེ། འདོད་ཆགས་རྒྱས་པར་འགྱུར་བའི་ཕྱིར་རོ། །ཡང་ན་སོ་སོ་ལ་བྱ་སྟེ། ཆགས་པ་དང་དེའི་གནས་ཡིན་པའི་ཕྱིར་རོ། །དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྨོངས་པ་རྣམས་སོ། །ཇི་ལྟ་ཞེ་ན། ལུང་དང་རྟོགས་པས་དེ་སྙམ་དུ་སེམས་སོ་ཞེས་བྱ་བ་སྨོས་པ་སྟེ། ཉེ་བར་བསྟན་པ་
เล่ม ๑๓๔ · หน้า 201a
དང་། ཉེས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཡང་ན་ཡིད་ཆེས་པའི་ལུང་མེད་པ་དང་། རང་གིས་ཀྱང་ཁོང་དུ་མ་ཆུད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པའི་ཚུལ་དུ་ན་ཡང་དེ་དག་གི་རྣམ་པར་གཞག་པ་དེ་མི་རུང་བ་མེད་མོད་ཀྱི་ཞེས་བྱ་བ་ནི་སྨད་པ་སྟེ།
རང་གི་ལོ་རྒྱུས་ཀྱི་ལུགས་ཀྱིས་ན་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རུང་བར་བསྟན་ཏོ། །དེ་ལ་མ་རྨོངས་པ་རྣམས་ཀྱི་ཀུན་གཞི་རྣམ་པར་གཞག་པ་དེ་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་བཟུང་ནས་རྣམ་པར་འཇོག་པ་ནི་ཆེས་བཟང་ངོ་ཞེས་བྱ་བ་ནི་སྨད་པར་རྣམ་པར་འགྲེལ་ཏེ། དེའི་བཤད་པའི་
རྣམ་པར་རྟོག་པའི་ཉེས་པ་བརྗོད་པའི་ཕྱིར་རོ། །འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་ངན་འགྲོ་རྣམས་སུ་སྐྱེས་པ་དག་དང་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ལ་ངན་འགྲོ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སོ། །དེ་དག་ནི་རྟག་པར་
ཤིན་ཏུ་སྡུག་བསྔལ་བ་ཉིད་དུ་བྱེ་བྲག་མེད་དེ། དེ་དག་ལ་རེས་འགའ་ཡང་བདེ་བ་མེད་དོ། །མི་མཐུན་པ་ཞེས་བྱ་བ་ནི་མི་འདོད་པའོ། །འདོད་པ་མེད་པའི་དོན་ལ་ནི་སུ་ཡང་མི་སྦྱོར་ཏེ། སྦྱོར་བའི་དོན་དང་མི་ལྡན་པའི་ཕྱིར་རོ། །དེ་དག་ནི་དེ་དང་འབྲལ་བ་ཉིད་དུ་འདོད་དོ་ཞེས་བྱ་བས་ནི་དེ་སྟོན་ཏེ།
སྡུག་བསྔལ་གྱི་ཕུང་པོ་འདི་དག་མེད་ཀྱང་ཅི་མ་རུང་སྙམ་དུ་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བར་འདོད་ཅེས་བྱ་བའི་ཐ་ཚིག་གོ། །གང་དག་དང་འབྲལ་བར་འདོད་པ་དེ་དག་ལ་སྦྱོར་བར་མི་རུང་སྟེ། འགལ་བའི་ཕྱིར་རོ། །བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ཡང་བསམ་གཏན་བཞི་པ་ཡན་ཆད་གོང་མ་
གཟུགས་མེད་པ་རྣམས་དང་མི་མཐུན་པ་ཡིན་ཏེ། ཡིད་འབྱུང་བའི་རྒྱུ་ཡིན་པས་རྣམ་པར་སུན་འབྱིན་པའི་ཕྱིར་རོ། །དེ་དང་ལྡན་པའི་སེམས་ཅན་རྣམས། །ཞེས་བྱ་བ་ནི་བསམ་གཏན་བཞི་པ་ཐོབ་པ་རྣམས་སོ། །དེ་ལྟ་བས་ན་དེར་ཡང་དེ་ལ་དེ་དག་སྦྱོར་བར་མི་རིགས་ཏེ་མེད་པའི་ཕྱིར་རོ། །འཇིགས་
ཚོགས་ལ་ལྟ་བ་ཡང་ཆོས་འདི་ལ་བདག་མེད་པ་ལ་མོས་པ་དག་དང་མི་མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་སྤང་བར་བྱ་བའི་ཕྱིར་རོ། །མོས་པ་སྨོས་པ་ནི་བདག་མེད་པ་མཐོང་བ་རྣམས་ལ་དེ་མེད་པའི་ཕྱིར་རོ། །དེ་ལ་ཡང་དེ་དག་སྦྱོར་བ་མི་རིགས་སོ་ཞེས་བྱ་བ་ནི་སྤོང་བར་འདོད་པ་དང་། སྤོང་བའི་ཕྱིར་རོ། །དེ་ལྟར་
เล่ม ๑๓๔ · หน้า 201b
གཞན་གྱི་ལུགས་རྣམས་ལ་སྐྱོན་བརྗོད་ནས་དེ་རང་གི་ཕྱོགས་ལ་གསལ་ཞིང་ཡོན་ཏན་ཕུལ་དུ་ཕྱིན་པ་བརྗོད་པར་འདོད་ནས་ཀུན་གཞི་རྣམ་པར་ཤེས་པ་ལ་ནང་གི་བདག་གི་དངོས་པོ་ཁས་བླངས་པ་ནི་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བའི་སྒྲ་ནི་གཞན་གྱིས་སྨྲས་པའི་ཁྱད་པར་བཟློག་པའི་དོན་ཏེ། ནང་དུ་བདག་གི་
དངོས་པོར་ཁས་བླངས་པ་ནི་ནང་གི་བདག་གི་དངོས་པོར་ཁས་བླངས་པའོ། །དེ་བས་ན་ཤིན་ཏུ་སྡུག་བསྔལ་བ་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་སུ་སྐྱེས་པ་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ཞིག་པར་འདོད་པ་ལ་གཞོལ་ཡང་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་བདག་ཏུ་ཆགས་པའི་
ཞགས་པས་བཅིངས་པ་རྣམས་དེ་རྣམ་པར་ཞིག་པར་འདོད་པར་ནི་ནམ་ཡང་མི་འགྱུར་ཏེ། ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པས་མི་མཐུན་པ་མེད་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་རྟག་ཏུ་སྡུག་བསྔལ་བའི་ཕུང་པོ་འདི་དག་མེད་ཀྱང་ཅི་མ་རུང་སྙམ་དུ་སྨོན་གྱི་བདག་མེད་ཀྱང་ཅི་མ་རུང་སྙམ་
དུ་ནི་མ་ཡིན་ཏེ། བདག་ཏུ་ལྟ་བའི་གཉེན་པོ་མེད་པའི་ཕྱིར་རོ། །འགྲོ་བ་གཞན་ལ་བརྟེན་པའི་ཕུང་པོ་རྣམས་ལ་དེ་དག་གི་འདོད་པ་གང་ཡིན་པ་དེའང་ཀུན་གཞི་རྣམ་པར་ཤེས་པའི་དབང་གིས་འགྱུར་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ལ་དེ་ལྟར་བདག་ཏུ་ཆགས་པར་ནི་མི་རུང་སྟེ། དེ་ནི་ངན་འགྲོར་
སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་གཞན་དུ་ཡང་དེ་ལ་འདོད་པར་ནི་མི་རུང་ངོ་། །བསམ་གཏན་བཞི་པ་ཡན་ཆད་གཟུགས་མེད་པར་སྐྱེས་པ་རྣམས་འདོད་ཆགས་དང་བཅས་པའི་བདེ་བ་དང་མི་མཐུན་དུ་ཟིན་ཀྱང་བདག་ཏུ་ཆགས་པས་བཅིངས་པ་
ནི་བདག་ཏུ་ཆགས་པས་གཞན་གྱི་དབང་གིས་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ལ་འཇུག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་གཉེན་པོ་མ་བྱུང་གི་བར་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་འགྱུར་བ་མེད་པར་འཇུག་གི །ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། འདུ་ཤེས་མེད་
པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་རྣམས་སུ་རྒྱུན་ཆད་མེད་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚོར་བ་མེད་པ་ནི་གཉི་ག་ལ་ཡང་གྲུབ་པ་མེད་དོ། །དེ་བཞིན་དུ་ཆོས་འདི་པ་ཀུན་བརྟགས་པའི་བདག་ཏུ་ལྟ་བ་དང་མི་མཐུན་དུ་
เล่ม ๑๓๔ · หน้า 202a
ཟིན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ཆགས་པ་དང་རྗེས་སུ་འབྲེལ་པ་ལྷན་ཅིག་ཏུ་སྐྱེས་པ་ནི་ཡོད་པ་ཉིད་དེ། གློ་བུར་དུ་སྒྲ་ཆེན་པོ་ཐོས་ནས་སྐྲག་པ་སྐྱེ་བའི་ཕྱིར་རོ། །ཆགས་པ་དེ་ཕུང་པོ་དག་ཉིད་ལ་ཅིའི་ཕྱིར་མི་འདོད་ཅེ་ན། འདི་ལྟར་དེ་དག་
ལ་དེ་འབྱུང་བ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ་། །ཕུང་པོ་བཞི་པོ་དེ་དམིགས་པ་དང་རྣམ་པར་ཡོངས་སུ་ཆད་པ་དག་ནི་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་དགྲ་བཅོམ་པ་ལ་ཡང་འབྱུང་ངོ་
ཞེ་ན། བདག་ཏུ་ལྟ་བ་དང་མི་མཐུན་དུ་ཟིན་ཀྱང་ཞེས་བརྗོད་ཀྱི། དེ་སྤངས་སུ་ཟིན་ཀྱང་ཞེས་བརྗོད་པ་ནི་མ་ཡིན་ཏེ། དགྲ་བཅོམ་པས་ནི་དེ་སྤངས་པས་ཉེས་པ་མེད་དོ། །ཡང་ན་དགྲ་བཅོམ་པ་ལ་ནི་དེ་ལོག་པས་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་ཆགས་པ་མེད་དོ། །དེ་ལྟ་བས་ན་ཀུན་
གཞི་རྣམ་པར་ཤེས་པ་ཀུན་གཞི་ཉིད་དུ་ཆེས་ལེགས་པར་རྣམ་པར་གཞག་པ་གྲུབ་པོ་ཞེས་བྱ་བ་ནི་གཏན་ལ་ཕབ་ནས་མཇུག་སྡུད་པའོ། །ཆོས་ལེགས་པར་ཞེས་བྱ་བ་ནི་ཉེས་པ་མེད་པ་དང་ཡོན་ཏན་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ལྟར་རྣམ་གྲངས་རྣམ་པར་བཞག་ནས་མིང་ཙམ་གྱིས་རང་བཞིན་
ཡོངས་སུ་རྟོགས་པའི་ཕྱིར་མཚན་ཉིད་རྣམ་པར་འཇོག་སྟེ། རང་དང་འབྲེལ་པ་ཅན་གྱི་མཚན་ཉིད་ཀྱིས་རྟོགས་པར་བྱེད་དོ། །དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཐ་དད་པའི་ཕྱིར་འབྲེལ་པ་ཅན་གྱི་མཚན་ཉིད་ཕྱེ་བས་སོ། །རང་གི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ།
གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དང་ལྷན་ཅིག་འབྱུང་བ་དང་། འགག་པ་ཡང་དང་
ཡང་མྱོང་ནས་སྐྱེ་བར་འདོད་པ་དེ་དག་གི་སྐྱེ་བ་ལ་རྒྱུའི་དངོས་པོ་ཡིན་ནོ། །ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་ཞེས་བྱ་བ་ནི་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པ་འདི་ནི་གང་སྐྱེ་བ་ཅན་རྣམས་དང་ལྷན་ཅིག་བྱུང་
เล่ม ๑๓๔ · หน้า 202b
བ་དང་འགག་པ་མྱོང་བ་སྟེ། དེ་ལྟ་བུར་གྱུར་པ་ནི་བག་ཆགས་ཞེས་བྱ་བ་ས་བོན་ཡོངས་སུ་འཛིན་པར་རུང་ངོ་། །དེ་དང་ལྡན་པའི་ཕྱིར་ཡང་དེ་དག་གི་རྒྱུར་འགྱུར་རོ། །གཙོ་བོ་ལ་སོགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ས་བོན་ཡོངས་སུ་འཛིན་པ་དང་མི་ལྡན་པའི་ཕྱིར་རོ། །དེ་མ་
ཐག་པ་ལ་སོགས་པའི་རྐྱེན་རྣམས་ཀྱང་མ་ཡིན་ཏེ། དེ་དག་ནི་ཕན་འདོགས་པ་ཡིན་གྱི་རྒྱུ་མ་ཡིན་ཏེ། གཙོ་བོའི་རྒྱུའི་ས་བོན་ཡོངས་སུ་འཛིན་པ་དང་མི་ལྡན་པའི་ཕྱིར་རོ། །གཙོ་བོའི་རྒྱུ་ནི་ས་བོན་ཏེ། དེ་ཡོངས་སུ་འཛིན་པར་བྱེད་པས་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུ་མཚན་ཡིན་
གྱི། ཕན་འདོགས་པར་བྱེད་པ་ནི་མ་ཡིན་ནོ། །རྒྱུའི་མཚན་ཉིད་སྨོས་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་འབྲེལ་པ་ཅན་གྱི་མཚན་ཉིད་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དངོས་པོའི་རྐྱེན་གྱིས་བྱེད་པའི་ནུས་པ་མ་བྱུང་བ་རྒྱུ་མཚན་ཙམ་དུ་བརྗོད་པའི་ཕྱིར་རོ། །རྒྱུ་ཉིད་ནི་བྱེད་པའི་ནུས་པ་ཉིད་བྱུང་
བ་ཡིན་གྱི། རྒྱུ་མཚན་ཙམ་ཉིད་ནི་མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འབྲས་བུ་ཉིད་ཀྱི་མཚན་ཉིད་ནི་དེ་ཉིད་ཀྱི་ལས་ཀྱི་ནུས་པ་ཉིད་
དུ་བྱུང་བ་སྟེ། གང་འཇུག་པའི་རྣམ་པར་ཤེས་པས་བསྡུས་པའི་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཀུན་དུ་འབྱུང་བ་དེ་དག་གིས་བག་ཆགས་སྐྱེད་པར་བྱེད་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་འབྲས་བུའི་མཚན་ཉིད་དེ། ཕན་ཚུན་རྒྱུ་དང་འབྲས་བུར་བྱེད་པའི་ཕྱིར་རོ། །
འོག་ནས་ཀྱང་། ཆོས་རྣམས་བརྗོད་པའི་བག་ཆགས་ལས། །བྱུང་སྟེ་དེ་དག་ཉིད་ལས་དེ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །བག་ཆགས་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་ནི་བག་ཆགས་ཀྱི་རང་བཞིན་གཏན་ལ་དབབ་པའི་ཕྱིར་འདྲི་བར་བྱེད་པའོ། །ཆོས་དེ་དག་ལྷན་ཅིག་འབྱུང་བ་
དང་འགགས་པ་ལ་བརྟེན་ནས་དེ་འབྱུང་བའི་རྒྱུ་མཚན་ཉིད་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་སྟེ་ཞེས་བྱ་བ་ནི་བག་ཆགས་སྒོ་བར་བྱེད་པ་དེ་དག་དང་ལྷན་ཅིག་དུས་གཅིག་ཏུ་སྐྱེ་བ་དང་འགག་པ་ཡུན་རིང་དུ་རྙེད་ནས་བག་ཆགས་སྒོ་བར་བྱེད་པ་དེ་དག་ཉེ་བར་མ་གྱུར་ཀྱང་སྐྱེ་བར་འགྱུར་བའི་རྒྱུ་མཚན་ཉིད་ནི་
เล่ม ๑๓๔ · หน้า 203a
བག་ཆགས་བསྒོ་བར་བྱ་བ་ཡིན་ཏེ། ཉིད་ཅེས་བྱ་བ་ནི་བག་ཆགས་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ལས་བག་ཆགས་ལོགས་ཤིག་ཏུ་ཕྱུང་བ་ལྟ་བུར་དངོས་པོའི་རྐྱེན་གྱིས་སྟོན་ཏོ། །དཔེར་ན་ཏིལ་དག་ལ་མེ་ཏོག་གིས་བསྒོས་ན་ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགགས་
ཀྱང་ཏིལ་རྣམས་དེའི་དྲི་གཞན་འབྱུང་བའི་རྒྱུ་མཚན་ཉིད་དུ་འབྱུང་བ་ཞེས་བྱ་བ་ནི་གྲགས་པའི་དཔེ་དཔེར་བརྗོད་པའོ། །དཔེར་ན་ཏིལ་རྣམས་སྣ་མའི་མེ་ཏོག་ལ་སོགས་པ་དང་ལྷན་ཅིག་ཏུ་ཡུན་རིང་དུ་སྐྱེ་བ་དང་འགག་པ་རྙེད་པར་གྱུར་ནས་མེ་ཏོག་བསལ་ཀྱང་དེའི་དྲི་འབྱུང་བའི་རྒྱུ་མཚན་ཉིད་ཡིན་པ་དང་།
དཔེར་ན་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་བག་ཆགས་ལྷན་ཅིག་འབྱུང་བ་རྣམས་དང་འགག་པའི་རྒྱུ་ལས་བྱུང་བ་རྣམས་དང་། མང་དུ་ཐོས་པ་རྣམས་ཀྱི་མང་དུ་ཐོས་པའི་བག་ཆགས་ཀྱང་ཐོས་པ་དང་ལྷན་ཅིག་འབྱུང་བ་དང་འགག་པ་ལས་འབྱུང་སྟེ།
དེས་ཆོས་འཛིན་པའི་བློ་དང་སྒྲ་དག་བྱས་པ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི། གཞན་ལ་གྲགས་པ་ལ་ལྟོས་ནས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཉིད་སྟོན་ཏོ། །དཔེར་བརྗོད་པ་མང་པོ་འཇིག་རྟེན་དང་
བསྟན་བཅོས་ལ་ལྟོས་པ་དང་། ཕྱི་དང་ནང་ཐ་དད་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དང་ས་བོན་དེ་དག་གི་རྫས་དེ་དག་ཐ་དད་དམ། འོན་ཏེ་ཐ་དད་པ་མེད་པར་གནས་ཞེས་བྱ་བ་ནི་ཉིས་འགེག་ཏུ་གཞུག་པར་རྟོགས་པ་སྙིང་ལ་བཞག་སྟེ། གཉི་ག་ལ་སྐྱོན་གདགས་པར་འདོད་ནས་
དྲི་བའོ། །གལ་ཏེ་སོ་སོ་ན་ནི་དེས་ན་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་བག་ཆགས་སྒོ་བར་བྱེད་པའི་ཆོས་དེ་དག་ཇི་ལྟ་བ་དེ་བཞིན་དུ་དེ་དག་གི་བག་ཆགས་ཀྱང་ཐ་དད་པའི་ཕྱོགས་སུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །ཇི་སྟེ་ཐ་དད་པ་མ་ཡིན་ན་ནི་དེ་དག་ཐ་དད་པ་མ་ཡིན་པ་
དེ་ཉིད་མི་འཐད་དེ། རྒྱུ་དང་འབྲས་བུ་ཐ་དད་པའི་ཕྱིར་རོ། །དེ་དག་དང་རྫས་སུ་ན་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་ཡང་དག་པར་འདས་པའི་ཚུལ་གྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་རྣམས་གནས་
เล่ม ๑๓๔ · หน้า 203b
པར་བརྗོད་དེ། ནུས་པའི་ཁྱད་པར་གྱི་རང་བཞིན་གྱི་ཕྱིར་རོ། །བག་ཆགས་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་ཏེ། ནུས་པ་ཡང་ནུས་པ་ཅན་དང་དེ་ཉིད་དམ་གཞན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་དང་ཕན་ཚུན་ཐ་དད་དམ་ཐ་དད་པ་མ་ཡིན་ཞེས་འདྲི་བ་ནི་ཚུལ་བཞིན་མ་ཡིན་པ་
སྟེ། ནུས་པ་ཅན་རྒྱུར་བྱས་ནས་བཏགས་པའི་ཕྱིར་རོ། །མདོ་སྡེ་པའི་ལྟར་ན་དོན་གྱི་རྣམ་པར་འཛིན་པའི་བློ་འབྱུང་བ་དང་། རྣམ་པ་རྣམས་ཕན་ཚུན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བསམ་པའི་སྐབས་མི་རྙེད་དེ། དེ་གཉི་ག་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་ཞེ་ན།
ཤིང་རྣམས་ཞེས་བྱ་བའི་བློ་དེ་ནི་གཅིག་ཡིན་ལ་རྣམ་པ་ནི་མང་སྟེ། རྣམ་པ་རྣམས་རེ་ཞིག་གཅིག་པ་ཉིད་ནི་མ་ཡིན་ཏེ། མང་པོ་ཉིད་དུ་རང་རང་གིས་རིག་པའི་ཕྱིར་རོ། །དུ་མ་ཉིད་ཀྱང་མ་ཡིན་ཏེ། ཅིག་ཅར་ཤེས་པ་དུ་མ་མི་འབྱུང་བ་དང་། རྣམ་པར་ཤེས་པའི་དེ་ཁོ་ན་གཅིག་
ལས་མི་འདའ་བའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་རྣམས་ཀྱང་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ལས་ཡང་དག་པར་འདས་པར་ཁོང་དུ་ཆུད་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་དེ་དང་
དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བས་ཇི་ལྟར་ལྟ་ཞེ་ན་ཞེས་བྱ་བ་ནི་གཅིག་ལ་གཅིག་རྒྱུ་དང་ལྡན་པར་མི་སྲིད་པའི་ཕྱིར་རོ། །དཔེར་ན་མར་མེ་འབར་བ་ཞེས་བྱ་བ་ནི་རིགས་པས་ཤེས་པར་བྱེད་དོ། །ཤིང་ཚིག་ན་མེ་ལྕེ་འབྱུང་སྟེ་དེའི་ཡན་ལག་ཚིག་པ་མེད་པར་མེད་པའི་
ཕྱིར་རོ། །དེས་ན་ཇི་ལྟར་སྙིང་པོ་ཚིག་པ་དང་མེ་ལྕེ་འབྱུང་བ་དུས་གཅིག་པ་ལྟ་བུ་སྟེ་དུས་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་སྔར་ཚིག་ལ་ཕྱིས་མེ་ལྕེ་འབྱུང་ན་ནི་རྒྱུ་མེད་པ་ལས་འབྱུང་བའི་ཚིག་པ་དེ་ལྟ་བུ་མེ་ལྕེ་ཡང་གང་ལས་འབྱུང་བར་འགྱུར། ཇི་སྟེ་སྔར་མེ་ལྕེ་འབྱུང་བ་ཕྱིས་ཚིག་ན་རྒྱུ་མེད་པ་
ལས་བྱུང་བའི་མེ་ལྕེ་ཇི་ལྟ་བུ་ཚིག་པ་ཡང་ཇི་ལྟ་བུ་སྟེ་གཉི་ག་མེད་པར་འགྱུར་རོ། །དེ་ལྟ་བས་ན་ཇི་ལྟར་མར་མེའི་མེ་ལྕེ་འབྱུང་བ་དང་། སྙིང་པོ་ཚིག་པ་དག་དུས་གཅིག་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་ཡང་དུས་གཅིག་ཁོ་ནར་ཕན་ཚུན་གཅིག་
เล่ม ๑๓๔ · หน้า 204a
ལ་གཅིག་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ། །མདུང་ཁྱིམ་གཅིག་ལ་གཅིག་བརྟེན་པ་ཡང་དེ་བཞིན་ནོ། །དེ་ལྟར་རྒྱུའི་རྐྱེན་དུ་རྣམ་པར་གཞག་སྟེ་ཞེས་བྱ་བ་ནི་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པ་ཇི་སྐད་བཤད་པ་ལྟར་དེ་གཞན་དུ་མ་ཡིན་
ནོ། །རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། གང་དག་གིས་རྒྱུ་ལྔ་ནི་རྒྱུའི་རྐྱེན་ཏོ་ཞེས་སྨྲ་བ་དེ་དག་ཀྱང་རྣམ་གྲངས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཉིད་དུ་སྨྲའོ། །བག་ཆགས་བསྐྱེད་པ་མེད་པར་ནི་སྐལ་བ་མཉམ་པ་དང་། ཀུན་
དུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་འདས་པ་རྣམས་རྒྱུ་ཉིད་དུ་མི་རུང་བའི་ཕྱིར་རོ། །བག་ཆགས་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་ན་མེད་པའི་ཕྱིར་རོ། །འདྲོན་པོའི་དཔེས་ནི་མཚུངས་པར་ལྡན་པའི་རྒྱུ་ལ་ཡང་སེམས་དང་སེམས་ལས་བྱུང་བ་ཕན་ཚུན་ལྟོས་ནས་
ཡུལ་ལ་སྤྱོད་པ་རྣམས་ཀྱི་རང་གི་ནུས་པ་ཡོད་དོ། །ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་ས་བོན་མེད་པར་ནི་ནུས་པ་མི་འཐད་དོ། །ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ནི་བཏགས་པ་པ་སྟེ། དུས་གཅིག་ཏུ་འབྱུང་བ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་རུང་བའི་ཕྱིར་རོ། །ཀུན་གཞི་རྣམ་
པར་ཤེས་པ་ཕྱི་དང་ནང་གི་ས་བོན་ཐམས་ཅད་པ་ཡིན་པའི་ཡང་ཕྱིར་ཏེ། དེ་ལ་མ་གཏོགས་པར་རྒྱུའི་རྐྱེན་གཞན་མི་དམིགས་སོ། །བག་ཆགས་ཐ་དད་པ་མ་ཡིན་ཞིང་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་པ་སྣ་ཚོགས་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན་ཞེས་བྱ་བ་ནི་རིགས་པ་མེད་པར་རྒོལ་བའོ། །
དཔེར་ན་ཚི་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བ་ཞེས་བྱ་བ་ནི་འཐད་པར་སྨྲས་པའོ། །ཚི་གུའི་རྩི་ནི་ཚོན་གྱི་བྱེ་བྲག་སྟེ། སྣ་ཚོགས་སུ་མི་སྣང་བ་དག་གོ། །འབྲས་བུ་མངོན་པར་འགྲུབ་པ་ཉིད་ཚོན་གྱི་སྣོད་ཡིན་པས་འབྲས་བུ་མངོན་པར་འགྲུབ་པའི་ཚོན་གྱི་སྣོད་དོ། །དེར་བཅུག་
པ་ནི་རྐྱེན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །རས་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཚོན་ལྟ་བུའི་ཆོས་སྣ་ཚོགས་ཀུན་དུ་སྟོན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་ཕྲ་བ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱིས་ཤེས་པར་དཀའ་བའི་ཕྱིར་རོ། །མཆོག་ཏུ་ཟབ་པ་ཞེས་བྱ་བ་ནི་
เล่ม ๑๓๔ · หน้า 204b
ཉན་ཐོས་ལ་སོགས་པས་གཏིང་དཔག་དཀའ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་ལས་རྒྱུ་དང་ལྡན་པ་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་ནི་ངོ་བོ་ཉིད་དོ། །རྣམ་པར་འབྱེད་པར་བྱེད་པ་ནི་རྣམ་པར་འབྱེད་
པའོ། །རྣམ་པར་འབྱེད་པར་ནུས་པའམ། རྣམ་པར་འབྱེད་པར་དགོས་པ་ནི་རྣམ་པར་འབྱེད་པ་ཅན་ཏེ། ཀུན་གཞི་རྣམ་པར་ཤེས་པས་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་རང་བཞིན་སྐྱེ་བ་ཅན་ཐམས་ཅད་རྣམ་པར་འབྱེད་པར་བྱེད་པའི་ཕྱིར་རོ། །སྡུག་པ་དང་མི་སྡུག་པ་རྣམ་པར་
འབྱེད་པ་ཅན་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོ་དང་། འདོད་པ་དང་། མི་འདོད་པའི་ལུས་སྣ་ཚོགས་འགྲུབ་པ་ལ་གཙོ་བོའི་རྐྱེན་གྱིས་རབ་ཏུ་ཕྱེ་བའི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་དང་། ཀུན་གཞི་རྣམ་པར་ཤེས་པ་ལས་འདུ་བྱེད་ལ་སོགས་པ་འབྱུང་བ་ན་མ་
རིག་པ་ལ་སོགས་པའི་དབང་གིས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་ཐ་དད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལ་རྨོངས་པ་དག་ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཉིད་རྟོག་ཅེས་བྱ་བ་ནི་སྐྱེས་བུའི་བྱེད་པ་ལ་སྐུར་པའི་ཕྱིར་
རོ། །དེ་དག་ནི་མ་རིག་པས་ལྡོངས་པས་དམུས་ལོང་དཔེར་བྱས་སོ། །སྣ་ལ་རེག་ཅེས་བྱ་བ་ནི་སྣ་ལ་རེག་ཅེས་བྱ་བའི་ཐ་ཚིག་གོ། །མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ་ཞེས་བྱ་བ་ལ་མདོར་
བསྡུ་ན་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་བག་ཆགས་དང་། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་རྣམ་པར་སྨིན་པའི་བདག་ཉིད་སེམས་ཅན་གྱི་རྫས་ཀྱི་དངོས་གཞི་ཀུན་གཞི་རྣམ་པར་ཤེས་པ་བསྒྲུབ་པ་ནི་རང་གི་མཚན་ཉིད་དོ། །དེས་
ཁམས་གསུམ་པའི་ལུས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་བསྡུས་སོ་ཞེས་བྱ་བ་ལ་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལུས་ཐམས་ཅད་དང་། སེམས་ཅན་གྱི་རྒྱུད་འགྲོ་བ་ཐམས་ཅད་དེ། ལྷ་ལ་སོགས་པ་བསྡུས་པ་ནི་འབྲེལ་པ་ཅན་གྱི་
เล่ม ๑๓๔ · หน้า 205a
མཚན་ཉིད་དོ། །ཇི་ལྟར་གཟུགས་དང་འཇུག་པའི་རྣམ་པར་ཤེས་པ་ཡུལ་ཁ་ཅིག་དང་། རེས་འགའི་དུས་སུ་རྒྱུན་ཆད་པ་དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་གཉེན་པོ་མ་བྱུང་གི་བར་དུ་མ་ཡིན་ཏེ། ཁྱབ་པའི་ཕྱིར་ཐམས་ཅད་འཛིན་པར་བྱེད་
པའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་འདིར་ས་བོན་ཞེས་བྱའོ། །ཕྱི་དང་ནང་དང་མི་གསལ་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་ནི་དེ་རབ་ཏུ་དབྱེ་བ་དང་བཅས་པ་སྟོན་ཏེ། ཕྱི་རོལ་གྱི་ས་བོན་ནི་ནས་ལ་སོགས་པའོ། །ནང་གི་ས་བོན་ནི་ཀུན་གཞི་
རྣམ་པར་ཤེས་པའོ། །མི་གསལ་བ་ནི་ལུང་དུ་མ་བསྟན་པའོ། །གཉིས་ནི་ཕྱི་དང་ནང་གིའོ། །ཡང་ན་འབྲས་བུ་དང་རྒྱུ་སྟེ། དེ་གཉིས་ཀྱི་རྒྱུ་མཚན་ཀུན་གཞི་རྣམ་པར་ཤེས་པ་ཡང་གཉིས་སོ། །དེ་ལས་རྒྱུ་དང་གཞིའི་དངོས་པོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་
བྱང་བའི་ཆོས་འབྱུང་བའི་ཕྱིར་རོ། །གང་དག་གཉིས་དག་ཅེས་འདོན་པ་དེ་དག་གི་ལྟར་ན་རྒྱུ་དང་འབྲས་བུ་དག་ཅེས་བཤད་དོ། །ཀུན་རྫོབ་ཅེས་བྱ་བ་ནི་ཕྱི་རོལ་གྱི་ནས་ལ་སོགས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་གྱུར་པ་ཡིན་པའི་ཕྱིར་རོ། །དམ་པའི་དོན་ཅེས་བྱ་བ་ལ་དོན་
དམ་པའི་ས་བོན་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ས་བོན་ཐམས་ཅད་ཀྱི་རྐྱེན་ཡིན་པ་དང་དེའི་བདག་ཉིད་ཡན་ལག་ཡིན་པའི་ཕྱིར་རོ། །ས་བོན་དེ་གཉིས་ནི་ཆོས་ཐ་དད་པའི་ཕྱིར་རྣམ་པ་དྲུག་ཏུ་དབྱེ་བར་འགྱུར་རོ། །སྐད་ཅིག་པ་ཞེས་བྱ་བ་ནི་བྱུང་མ་ཐག་ཏུ་རྣམ་པར་འཇིག་
པའི་ཕྱིར་ཏེ་བྱེ་བྲག་མེད་པའི་ཕྱིར་ས་བོན་རྟག་པ་མེད་དོ། །སྐད་ཅིག་པ་ཡང་འགགས་ཟིན་པ་ནི་མ་ཡིན་ཏེ་བྱ་ཤི་བའི་སྐད་བཞིན་དུ་འགགས་ནས་འབྲས་བུ་མི་རུང་བའི་ཕྱིར་ལྷན་ཅིག་འབྱུང་བའོ། །དེ་ལྟ་བས་ན་འབྲས་བུའི་དུས་དང་འགལ་བ་མེད་པའི་ཕྱིར་ས་བོན་ནི་འབྲས་བུ་དང་
ལྷན་ཅིག་གནས་པར་འདོད་དེ་ཨུཏྤ་ལའི་རྩ་བ་ལ་སོགས་པ་བཞིན་ནོ། །ལྷན་ཅིག་འབྱུང་བ་ཡང་གློག་བཞིན་དུ་སྐད་ཅིག་གཅིག་དང་གཉིས་དང་གསུམ་དུ་གནས་པ་མ་ཡིན་གྱི། སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པས་ཡུན་རིང་དུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རྒྱུན་ཆགས་
เล่ม ๑๓๔ · หน้า 205b
སུ་འབྱུང་བའོ། །དེ་ཅི་མངོན་ཞེ་ན། རྩ་བ་ལ་ཕན་པ་དང་གནོད་པ་ནི་ཡལ་ག་ལ་སོགས་པ་ལ་ཡང་ཕན་གནོད་དུ་འགྱུར་ཏེ་དེ་དང་ལྡན་པའི་ཕྱིར་རོ། །གལ་ཏེ་རྒྱུན་ཆགས་སུ་འབྱུང་བ་ན་བཏགས་པའི་ཕྱོགས་ཀྱང་ས་བོན་དུ་ཁས་བླངས་པའི་ཕྱིར་ཐམས་ཅད་ལས་ཐམས་ཅད་ཅིག་
ཅར་ཅིའི་ཕྱིར་མི་འབྱུང་ཞེ་ན་ལན་བཏབ་པ། ངེས་པ་ཞེས་བྱ་སྟེ་ནུས་པ་ངེས་པའི་ཕྱིར་རྒྱུན་ཆགས་སུ་འབྱུང་དུ་ཟིན་ཀྱང་ཐམས་ཅད་ལས་ཐམས་ཅད་ཅིག་ཅར་མི་འབྱུང་ངོ་། །དེ་ལྟ་ན་ཡང་དུས་ཐམས་ཅད་དུ་ཅིའི་ཕྱིར་འབྲས་བུ་མི་འབྱིན་ཞེ་ན་ལན་བཏབ་པ། རྐྱེན་ལ་ལྟོས་པ་ཞེས་
བྱ་བ་སྟེ། རྟག་ཏུ་རྐྱེན་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ས་བོན་དེའི་ས་བོན་གང་ཞེ་ན། དེའི་ཕྱིར་རང་གི་འབྲས་བུས་བསྒྲུབས་པའོ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ས་བོན་ཅན་ཐོག་མ་མེད་པའི་ཕྱིར་དེའི་འབྲས་བུ་གང་ཡིན་པ་དེ་ཉིད་ས་བོན་ཡིན་ནོ། །དེས་ན་
ཇི་སྐད་སྨོས་པའི་ས་བོན་གྱི་ཆོས་དང་མི་ལྡན་པའི་ཕྱིར་གཙོ་བོ་ལ་སོགས་པའི་ས་བོན་ཉིད་སེལ་ཏོ། །ས་བོན་དང་ས་བོན་གྱི་དངོས་པོ་ནི་བག་ཆགས་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པའི་འབྲེལ་པ་ལ་ལྟོས་པས་བསྒོ་བར་བྱ་བ་དཔྱོད་དོ། །བརྟན་ཞེས་བྱ་བ་ནི་ཏིལ་ལ་སོགས་པ་བཞིན་དུ་རྒྱུད་རྒྱུན་
ཆགས་སུ་འབྱུང་བ་སྟེ། རླུང་བཞིན་དུ་གཡོ་བ་ནི་མ་ཡིན་ནོ། །རླུང་ཡང་མེ་ཏོག་ལ་སོགས་པས་བསྒོ་བར་བྱ་བ་མ་ཡིན་ནམ་ཞེ་ན། གལ་ཏེ་བསྒོ་བར་བྱ་བ་ཡིན་ན་ནི་བསྒོས་པའི་ཏིལ་དང་འབྲེལ་པ་ཅན་གྱི་རྫས་གཞན་གྱི་དྲི་བཞིན་དུ་དེ་དང་འབྲེལ་པ་ཅན་གྱི་རྫས་ཀྱི་དྲི་ཡང་དམིགས་པར་འགྱུར་
རོ། །བརྟན་དུ་ཟིན་ཀྱང་གང་ལུང་དུ་མ་བསྟན་པ་དྲི་མཉམ་པ་དེ་ལ་བསྒོ་བར་འགྱུར་རོ། །དྲི་ཞིམ་པོ་ལ་ནི་མ་ཡིན་ཏེ། གླ་རྩི་བཞིན་ནོ། །དྲི་ང་བ་ལ་ཡང་མ་ཡིན་ཏེ། སྒོག་པ་བཞིན་ནོ། །བསྒོ་བྱ་བ་ཞེས་བྱ་བ་ནི་གང་བསྒོ་བར་ནུས་པའམ་བསྒོ་བར་བྱ་བ་སྟེ། ཕན་ཚུན་གྱི་ཆ་ཤེས་འདྲེ་
བའི་ཕྱིར་དེ་ནི་བསྒོ་བར་བྱའོ། །སྔོ་བ་ལ་སོགས་པ་ནི་མ་ཡིན་ཏེ། ཕན་ཚུན་འདྲེ་བ་མེད་པའི་ཕྱིར་རོ། །བསྒོ་བར་བྱ་བ་ཡང་སྒོ་བར་བྱེད་པ་དང་འབྲེལ་པ་གང་ཡིན་པ་དེ་ལ་སྒོ་བར་བྱེད་དེ་སོ་སོར་གནས་ཤིང་འབྲེལ་པ་མེད་པ་ལ་ནི་མ་ཡིན་ནོ། །དེ་ལས་གཞན་ནི་མིན་ཞེས་བྱ་བ་ལ་ནི་
เล่ม ๑๓๔ · หน้า 206a
ཞེས་བྱ་བའི་སྒྲ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་བསྒོ་བར་བྱ་བ་ཉིད་ལས་བཟློག་པའི་ཕྱིར་ཏེ། ཇི་སྐད་བཤད་པ་དང་མི་མཐུན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གཉེན་པོར་མ་བྱུང་གི་བར་དུ་རྒྱུན་ཆགས་སུ་འབྱུང་བས་རྟག་པའོ། །
གཞན་ནི་རེས་འགའ་རྒྱུན་ཆད་པས་མ་ཡིན་ནོ། །དེ་ཉིད་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་ཡང་ཡོད་པའི་ཕྱིར་རོ། །དེ་ཉིད་བག་ཆགས་བསྒོ་བར་འོས་པ་དང་བསྒོ་བར་ནུས་པ་ཡིན་ཏེ། རྟག་ལ་ལུང་དུ་མ་བསྟན་པ་དང་ལྡན་པའི་ཕྱིར་རོ། །
འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་མ་ཡིན་ཏེ། འདི་ལྟར་དྲུག་པོ་དག་ལ་འབྲེལ་མེད་དེ། ཇི་ལྟ་ཞེ་ན། ཐ་དད་གསུམ་དང་འགལ་བའི་ཕྱིར། ཞེས་བྱ་བ་སྨོས་པའོ། །གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ལྷན་ཅིག་འབྱུང་བར་འགྱུར་ན་གནས་དང་། དམིགས་པ་
དང་། ཡིད་ལ་བྱེད་པ་གསུམ་སོ་སོ་རང་གི་ཐ་དད་པར་མི་འགྱུར་རོ། །གང་གི་ཕྱིར་གསུམ་ཐ་དད་པར་འགལ་བ་མེད་དེ་ཐ་དད་པ་ཉིད་ཡིན་པ་དེའི་ཕྱིར་དྲུག་པོ་དག་ཅིག་ཅར་འབྱུང་བ་མེད་དོ། །ཅིག་ཅར་མི་འབྱུང་ན་ཕན་ཚུན་འབྲེལ་པ་མེད་དོ། །འབྲེལ་པ་མེད་ན་བསྒོ་བར་བྱ་བ་དང་སྒོ་བར་
བྱེད་པའི་དངོས་པོར་ག་ལ་འགྱུར། ཇི་སྟེ་སྐད་ཅིག་སྔ་མས་ཕྱི་མ་ལ་བསྒོ་བར་འདོད་ན་ཡང་མི་རུང་སྟེ། སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར་དེ་གཉིས་ཅིག་ཅར་དུ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་ན་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་མེད་དོ་ཞེས་སྟོན་ཏོ། །ཇི་སྟེ་རིགས་ཀྱི་དངོས་པོ་ལ་བརྟེན་
ནས་རྣམ་པར་ཤེས་པ་དྲུག་ཅར་ཡང་བརྗོད་པར་འདོད་པ་བྱེ་བྲག་མེད་པས་རྣམ་པར་ཤེས་པ་རིགས་གཅིག་གོ། །དེའི་ཕྱིར་རྣམ་པར་ཤེས་པ་འགའ་ཞིག་གམ་སྐད་ཅིག་འགའ་ཞིག་ལ་བསྒོས་ན། ཐམས་ཅད་ལ་ཡང་བསྒོས་པར་འགྱུར་རོ་ཞེ་ན། དེའང་མི་རུང་སྟེ། རིགས་ལ་བྱ་ན་
གཞན་དུ་ཐལ། དགྲ་བཅོམ་པ་རྣམས་ཀྱི་སེམས་ཀྱང་རྣམ་པར་ཤེས་པའི་རིགས་ལས་མ་འདས་ཏེ། དེ་ལ་ཡང་མི་དགེ་བའི་བག་ཆགས་བསྒོས་པར་འགྱུར་རོ། །ཡང་ན་གཞན་དུ་ཡང་ཐལ་བར་འགྱུར་ཏེ། རིགས་གཞན་ལ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། མིག་ལ་
เล่ม ๑๓๔ · หน้า 206b
སོགས་པའི་དབང་པོ་དབང་པོའི་རིགས་དང་ལྡན་པ་རྣམས་ནི་གཟུགས་དང་བའི་བདག་ཉིད་ཅན་ཡིན་པས་དབང་པོ་ཉིད་ཐུན་མོང་པའི་ཕྱིར་ཡིད་ཀྱི་དབང་པོ་ཡང་འབྱུང་བ་ལས་གྱུར་པ་ཉིད་དུ་འགྱུར་རོ། །བསྒོ་བར་བྱ་ན་ཡང་བསྒོ་བ་ནི་འདིར་ཟད་དེ། ཡང་ན་ཕན་ཚུན་དུའམ་སྐད་ཅིག་སྔ་མས་སྐད་ཅིག་ཕྱི་མ་
ལའམ། རྣམ་པར་ཤེས་པའི་རིགས་ལ་བསྒོ་གྲང་ན། རྣམ་པ་ཐམས་ཅད་དུ་མི་རུང་བས་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་པའི་རྣམ་པར་ཤེས་པ་ལ་སྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལེགས་པར་བཤད་པའོ། །ཕྱི་དང་ནང་གི་ས་བོན་འདི་གཉི་ག་ཡང་སྐྱེད་པར་བྱེད་པ་དང་འཕེན་པར་
བྱེད་པ་སྟེ། ཕྱི་རོལ་གྱི་ས་བོན་ནི་མྱུ་གུ་མངོན་དུ་སྐྱེད་པར་བྱེད་པའོ། །བརྒྱུད་ནས་སྡོང་བུ་ལ་སོགས་པའི་འཕེན་པ་ཡང་ཡིན་ནོ། །ནང་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ཡང་མིང་དང་གཟུགས་མངོན་དུ་སྐྱེད་པར་བྱེད་པའོ། །བརྒྱུད་ནས་རྒ་ཤི་ལ་ཐུག་པའི་བར་དུ་འཕེན་པར་བྱེད་པ་ཡང་
ཡིན་ནོ། །སྐྱེད་པར་བྱེད་པ་ནི་ཡིན་གྲང་ན་འཕེན་པར་བྱེད་པར་ཇི་ལྟར་འགྱུར་ཞེ་ན། མ་བཏབ་ཤི་བ་འཕེན་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །གལ་ཏེ་ས་བོན་ནི་སྐྱེད་པར་བྱེད་པ་ཡིན་ལ། འཕེན་པར་བྱེད་པ་མ་ཡིན་ན་ས་བོན་དུ་མ་བཏབ་པ་སྐྱེད་པ་ལ་སོགས་པའི་ནང་དུ་ཡོད་པའི་ནས་ལ་སོགས་པའི་
ས་བོན་རྣམས་ཀྱི་རྒྱུན་ཡུན་རིང་པོར་རྗེས་སུ་འཕེལ་བར་མི་འགྱུར་རོ། །ཤི་བའི་རོ་རྣམས་ཀྱང་རྣམ་པར་བསྔོས་པ་ལ་སོགས་པའི་གནས་སྐབས་སུ་རྗེས་སུ་འཇུག་པར་མི་འགྱུར་གྱི་ཤི་མ་ཐག་ཏུ་རྣམ་པར་འཇིག་པར་འགྱུར་བའི་རིགས་སོ། །ཇི་ལྟ་ཞེ་ན། མདའ་ནི་བར་དུ་མི་ལྟུང་བཞིན། དཔེར་ན་
མདའ་ནི་སྔར་བཀང་ལ་འཕངས་ན་འགྲོ་བ་དེ་ལ་འགྲོ་བ་དེའི་སྐྱེད་པར་བྱེད་པ་ནི་བཀང་བ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །མི་འགྲོ་བ་ཡང་མ་ཡིན་ཏེ། ཚུ་རོལ་དུ་ལྷུང་བར་འགྱུར་བའི་ཕྱིར་རོ། །ཇི་སྲིད་དུ་འགྲོ་བར་བྱ་བར་ཡང་འགྲོ་བས་ན་དེའི་ཕྱིར་བཀང་བ་ནི་དེ་ལ་འཕེན་པ་ཡིན་པར་མངོན་ནོ། །གང་
དག་རང་གི་ངང་གིས་མཐར་འཇིག་ཕྱིར། །ཞེས་འདོན་པ་དེ་དག་གི་ལྟར་ན་འདི་ནི་འཕེན་པར་བྱེད་པ་ཉིད་ཀྱི་གཏན་ཚིགས་ཀྱི་དོན་ཡིན་གྱི་དཔེ་མ་ཡིན་ཏེ། འདི་ལྟར་སྙིང་པོ་དང་མར་ཟད་པའི་མར་མེ་འཆི་བའི་ཚུལ་དུ་མཐའ་འགྱུར་བའི་རྒྱུན་འཆད་པའི་བདག་ཉིད་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་རང་གི་ངང་
เล่ม ๑๓๔ · หน้า 207a
གིས་རྣམ་པར་འཇིག་པ་ཡིན་ཏེ། དེས་ན་གང་གིས་དེ་ལྟར་འདུ་བྱེད་རྣམས་ཇི་ལྟར་སྔོན་བཞིན་དུ་རྒྱུན་རྒྱས་པར་མི་བྱེད་པས་ངེས་པར་འཕེན་པས་ཡོངས་སུ་ཟད་པར་རྗེས་སུ་དཔག་གོ།། །།བམ་པོ་གཉིས་པ། དེ་ལྟར་ནང་གི་དང་ཕྱིའི་ས་བོན་གཉིས་མཚུངས་པར་
བསྟན་ནས། ཕྱི་རོལ་ས་བོན་མ་བཏབ་པའམ་ཞེས་བྱ་བ་ལ་སོགས་པ་མི་མཚུངས་པ་ཉིད་བརྗོད་དོ། །འམ་ཞེས་བྱ་བ་ནི་ངེས་པ་མེད་པའི་དོན་ཏོ། །ཕྱི་རོལ་གྱི་ས་བོན་ནི་བཏབ་ཀྱང་རུང་མ་བཏབ་ཀྱང་རུང་སྟེ་ས་བོན་ཉིད་དུ་རྣམ་པར་རྟོག་སྟེ་དཔེར་ན་སོལ་བ་དང་བ་ལང་གི་ལྕི་བ་དང་། ལུག་གི་བལ་ལ་སོགས་པ་ནི་
ཏིལ་དང་། ཨུཏྤ་ལའི་རྩ་བ་དང་། རྩྭ་དཱུར་བ་ལ་སོགས་པ་ལ་གོ་རིམས་བཞིན་ཏེ། ཏིལ་ལ་སོགས་པ་སོལ་བ་ལ་སོགས་པ་ལ་མ་བཏབ་མོད་ཀྱི་འོན་ཀྱང་དེ་དག་ལས་སྐྱེའོ། །འབྲས་སཱ་ལུ་ལ་སོགས་པའི་ས་བོན་བཏབ་པ་ནི་སཱ་ལུའི་མྱུ་གུ་ལ་སོགས་པ་ས་བོན་དུ་འགྱུར་རོ། །ངེས་པ་མེད་པའི་ས་བོན་ཉིད་དེ་ནི་ནང་
གི་ཀུན་གཞི་རྣམ་པར་ཤེས་པ་ལ་འདོད་པ་མ་ཡིན་ཏེ། དེ་ལ་ནི་བཏབ་པ་ཉིད་ས་བོན་དུ་རུང་གི་མ་བཏབ་པ་ནི་མ་ཡིན་ནོ། །དེ་ཅི་མངོན་ཞེ་ན། ཐོས་པ་ལ་སོགས་པའི་བག་ཆགས་བསྐྱེད་པ་མེད་ན་དེའི་འབྲས་བུ་མང་དུ་ཐོས་པ་ལ་སོགས་པ་མི་སྣང་བའི་ཕྱིར་རོ། །ཕྱི་རོལ་གྱི་འབྲས་སཱ་ལུ་ལ་སོགས་པའི་ས་བོན་
གང་ཡིན་པ་དེ་ནི་བཏབ་ཀྱང་རེས་འགའ་ཆུད་ཟོས་ལ་སྲེད་ལ་སོགས་པ་ནི་མ་བཏབ་ཀྱང་རུང་སྟེ་སྐྱེ་བ་དེ་ལྟར་ནང་གི་ས་བོན་ནི་མ་ཡིན་ཏེ། བྱས་པ་དང་མ་བྱས་པ་ཆུད་ཟ་བ་དང་སྐྱེ་བ་མེད་པས་ཕྱི་རོལ་དང་མི་འདྲའོ། །གལ་ཏེ་ནང་གི་ས་བོན་ལས་ཕྱིའི་ས་བོན་ཐ་དད་པ་ཡིན་ན་ཀུན་གཞི་རྣམ་པར་ཤེས་པ་ས་བོན་
ཐམས་ཅད་པ་ཉིད་དུ་སྔར་བཤད་པ་ལ་གནོད་པར་ཇི་ལྟར་མི་འགྱུར་ཞེ་ན། ལན་བཏབ་པ། ནང་ནི་ཕྱི་རོལ་རྐྱེན་ཡིན་ཏེ། །འདི་ལྟར་དེ་ནི་བག་ཆགས་རྟེན། །ཞེས་བྱ་བ་ལ་སོགས་པ་སྟེ། །འདི་ལྟར་འབྲས་སཱ་ལུ་ལ་སོགས་པའི་ས་བོན་ནི་དེ་ལ་ཟ་བའི་སྲོག་ཆགས་རྣམས་ཀྱི་ལས་ཀྱི་བག་ཆགས་ཀྱིས་ས་བོན་ཀུན་
གཞི་རྣམ་པར་ཤེས་པ་ལ་གནས་པ་རྣམས་ཀྱིས་དེར་སྣང་བར་བསྒྲུབས་པ་སྟེ། དེའི་ཕྱིར་དེ་ལས་གུད་ན་མེད་དོ། །ཡང་སྨྲས་པ། ནམ་མཁའ་ས་རླུང་ཉི་མ་དང་། །ཕྱོགས་དང་རྒྱ་མཚོ་འབབ་ཆུ་རྣམས། །ནང་གི་བྱེད་པ་ཡང་དག་གི། །ཆ་ཡིན་ཕྱི་རོལ་འདྲ་བར་གནས། །ཞེས་བྱ་བ་ལ་སོགས་
เล่ม ๑๓๔ · หน้า 207b
པའོ། །ཡང་འཇུག་པའི་རྣམ་པར་ཤེས་པ་གཞན་གང་ཡིན་པ་དེ་ནི་ལུས་ཐམས་ཅད་དང་ལྷ་ལ་སོགས་པ་འགྲོ་བ་ཐམས་ཅད་དུ་ཉེ་བར་སྤྱོད་པ་ཅན་དུ་བལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྤྱོད་ནུས་པ་སྟེ། དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའི་ཕྱིར་རོ། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་
བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་སྤྱོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་བྱ་བ་དེ་ལ་ཉེ་བར་སྤྱོད་པ་ནི་ཚོར་བའོ། །ཞེས་བྱ་བ་ལ་སོགས་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་གཞུང་ཉེ་བར་བཀོད་པས་ནི་ཡིད་ཆེས་པ་དང་ལྡན་པ་དང་གཞུང་ལུགས་གཅིག་ཏུ་མཐུན་པར་སྟོན་ཏོ། །
ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་གཅིག་གི་རྐྱེན་གཅིག་ཡིན་པར་ལུང་གིས་བརྟན་པོར་བྱེད་དེ། མ་ལ་བུ་རྣམས་བདག་ཅག་ནི་ཁྱོད་ཀྱི་ཡིན་ནོ་ཞེས་སྨྲ་བ་ལྟ་བུའོ། །དེ་དག་ལ་ཡང་དེ་དེ་བཞིན། །ཞེས་བྱ་བ་ནི་
ཁྱེད་ངའི་ཡིན་ནོ་ཞེས་སྨྲ་བ་ལྟ་བུའོ། །དེ་ལྟ་བས་ན་གཅིག་ལ་གཅིག་འབྱུང་བས་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་ཕན་ཚུན་དུ་རྒྱུའི་རྐྱེན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ། །ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ལ་སྟེ། ཇི་སྐད་བཤད་མ་ཐག་པའོ། །གཉིས་པ་ལ་
ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ལའོ། །བདག་པོའི་རྐྱེན་ཏོ་ཞེས་བྱ་བ་ནི་དངོས་སུ་ན་མ་རིག་པ་ལ་སོགས་པ་སྟེ། དེ་དག་གི་མཐུས་འདུ་བྱེད་ལ་སོགས་པ་བདེ་འགྲོ་དང་ངན་འགྲོར་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་དྲུག་པོ་དག་རྐྱེན་གསུམ་གྱིས་སྐྱེ་ཞེས་བྱ་བ་ནི་བདག་
པོ་དང་དམིགས་པ་དང་དེ་མ་ཐག་པ་ཞེས་བྱ་བ་རྣམས་སོ། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏོ། །གཟུགས་ནི་དམིགས་པའི་རྐྱེན་ཏོ། །འགགས་མ་ཐག་པའི་ཡིད་ནི་དེ་མ་ཐག་པའི་རྐྱེན་ཏེ་གོ་སྐབས་འབྱེད་དོ། །ཇི་ལྟར་འདི་གསུམ་གྱིས་མིག་གི་རྣམ་པར་ཤེས་པ་
སྐྱེས་པ་ལྟར་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ཏེ་སྔ་མ་དང་དོན་མཐུན་པར་རང་རང་གི་གསུམ་གསུམ་པོ་དག་གིས་འབྱུང་བར་མཚུངས་པར་བཤད་དོ། །འཁོར་བ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཡིན་ཏེ། དེ་ལས་གཞན་པའི་རྐྱེན་གསུམ་མེད་པའི་ཕྱིར་རྒྱུའི་
เล่ม ๑๓๔ · หน้า 208a
རྐྱེན་ལས་འབྱུང་བ་ཉིད་དུ་ངེས་སོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་གསུམ་པོ་དག་གི་རྐྱེན་ནི་བཞི་སྟེ། ཅི་རིགས་སུ་སྦྱར་གྱི་སེམས་དང་སེམས་ལས་བྱུང་བ་གཅིག་ལ་ཡང་བཞི་ཆར་ནི་མ་ཡིན་པར་ཁོང་དུ་ཆུད་པར་བྱེད་དོ། །རང་དང་གཞན་གྱི་ལུང་དག་གིས་ཀུན་
གཞི་རྣམ་པར་ཤེས་པ་བསྒྲུབས་ནས་ལྡན་པའི་རིགས་ལས་གྲུབ་པར་བསྒྲུབས་ཏེ། རིགས་པ་དང་ལུང་སོ་སོས་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ་དད་པས་ནི་ངའི་ཕྱིར་མ་འགྲོ་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་ན་ཀུན་ནས་ཉོན་
མོངས་པ་དང་རྣམ་པར་བྱང་བ་མེད་ཀྱི་དེ་དག་དེ་ལ་ཡོད་དེ་དེའི་ཕྱིར་དེ་ཡོད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཡིན་པས་ཀུན་ནས་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པར་གྱུར་པ་རྣམ་པར་མ་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་བྱང་བ་ཡིན་པས་རྣམ་པར་བྱང་བ་སྟེ་དག་པའོ། །
ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་ཉོན་མོངས་པས་བྱས་པ་དང་། ལས་ཀྱིས་བྱས་པ་དང་སྐྱེ་བས་བྱས་པའོ། །རྣམ་པར་བྱང་བ་རྣམ་པ་གཉིས་པ་འཇིག་རྟེན་པ་རྣམས་ནི་རེ་ཞིག་པ་སྟེ། ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དོ། །འཇིག་རྟེན་ལས་འདས་པ་ནི་གཏན་དུ་བ་སྟེ།
ལམ་གྱི་བདེན་པས་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མི་སྲིད་པའི་དབང་དུ་བྱས་ནས་འདི་ལྟར་མིག་གི་རྣམ་པར་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མིག་གི་རྣམ་པར་ཤེས་པ་འགགས་
པ་རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་དེ་ལ་ཞེས་བྱ་བ་ནི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་བར་དུ་ཆོད་པ་ལ་བྱ་སྟེ། འདོད་ཆགས་ལ་སོགས་པའི་བག་ཆགས་གནས་པ་དང་བཅས་པ་འགགས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་དང་བཅས་པ་འབྱུང་དུ་མི་རུང་སྟེ་ཞེས་བྱ་བ་ནི་ཡང་
མིག་གི་རྣམ་པར་ཤེས་པ་ལ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་ལྡན་པ་འབྱུང་དུ་མི་རུང་སྟེ། རྒྱུ་མེད་པའི་ཕྱིར་རོ། འདོད་ཆགས་ལ་སོགས་པ་དང་བཅས་པའི་མིག་གི་རྣམ་པར་ཤེས་པ་འདས་པ་དེ་ནི་དེའི་རྒྱུར་མི་རུང་སྟེ། འདས་པའི་ལས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་བཞིན་
เล่ม ๑๓๔ · หน้า 208b
ནོ། །ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་འདས་པའི་ལས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱུང་ཞེས་བྱ་བ་ལ་བག་ཆགས་ཀྱི་བྱ་བ་མེད་པས་མདོ་སྡེ་པ་དག་མི་འདོད་པ་དེ་ལྟར་དེ་དག་ལ་ཡང་འདས་པ་མེད་པས་དེ་ལས་འདོད་ཆགས་ལ་སོགས་པ་དང་བཅས་པའི་སེམས་འབྱུང་དུ་མི་རུང་ངོ་། །འདི་ནི་རེ་ཞིག་འདོད་
ཆགས་ལ་སོགས་པ་དང་ལྷན་ཅིག་བྱུང་བའི་མིག་གི་རྣམ་པར་ཤེས་པ་ལ་འདོད་ཆགས་ལ་སོགས་པའི་བག་ཆགས་ཁས་བླངས་ཏེ། དེ་ལས་གཞན་འབྱུང་བ་གང་ཡིན་པ་དེ་འདོད་ཆགས་ལ་སོགས་པ་དང་ལྡན་པར་འབྱུང་དུ་མི་རུང་བར་བསྟན་པ་ཡིན་ནོ། །ད་ནི་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་བྱུང་
བའི་རྣམ་པར་ཤེས་པ་དེ་ཉིད་ལ་ཡང་བག་ཆགས་མི་འཐད་པར་དཔྱོད་དེ། མིག་གི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་བྱུང་བ་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །རེ་ཞིག་འདོད་ཆགས་ལ་ནི་མ་ཡིན་ཏེ། འདོད་ཆགས་ནི་དེ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་ལ་རེ་ཞིག་
སྒྲ་ནི་རིམ་གྱི་དོན་ཏོ། །འདོད་ཆགས་ནི་སེམས་ལས་བྱུང་བ་ཡིན་པས་རྣམ་པར་ཤེས་པ་ལ་བརྟེན་པའོ། །གནས་པས་གནས་ལ་བསྒོ་བ་ནི་རིགས་པའི་ཚུལ་ཡིན་གྱི་གནས་ཉིད་ཀྱིས་གནས་པ་ལ་བསྒོར་ནི་མི་རུང་སྟེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །མི་བརྟན་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཁ་
ཅིག་མི་འདོན་ཏེ། རྣམ་པར་ཤེས་པ་ཡང་མི་བརྟན་པའི་ཕྱིར་རོ། །རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལའོ། །རྣམ་པར་ཤེས་པ་རྣམས་ཀྱི་གནས་ཐ་དད་པའི་ཕྱིར་རོ་ཞེས་བྱ་ལ་གནས་ནི་རྣ་བ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་
རྣམས་ཀྱི་གནས་ཏེ་ཐ་དད་དོ། །དེས་ན་མིག་གི་རྣམ་པར་ཤེས་པ་ཉིད་མིག་ལ་བརྟེན་ཏེ་འབྱུང་གི་གཞན་ལས་ནི་མ་ཡིན་ཏེ། ཇི་ལྟར་སྔར་ཐ་དད་གསུམ་དང་འགལ་བའི་ཕྱིར་ཞེས་བཤད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བ་མ་ཡིན་པ་རྣམས་
ལ་བག་ཆགས་བསྒོ་བར་བྱ་བ་དང་། སྒོ་བར་བྱེད་པའི་དངོས་པོ་མེད་པས་བག་ཆགས་(གྱི་‚ཀྱི་)མཚན་ཉིད་མེད་པར་སྟོན་ཏོ། །རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་དེ་ཉིད་ལ་བག་ཆགས་མི་བསྒོ་སྟེ། བསྒོ་བར་བྱ་བ་དང་སྤོ་
เล่ม ๑๓๔ · หน้า 209a
བར་བྱེད་པ་ལས་དང་བྱེད་པ་དག་འཚོལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པ་དེ་ལ་རྣམ་པར་ཤེས་པས་བསྒོས་པ་ཡང་མི་རུང་ངོ་། །ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་གཞན་དེ་དང་ལྷན་ཅིག་སྐྱེས་པའི་
འདོད་ཆགས་ལ་སོགས་པས་བག་ཆགས་བསྒོར་མི་རུང་ཞེས་བྱ་བའི་ཐ་ཚིག་སྟེ། སྔ་མ་བཞིན་དུ་གནས་ཐ་དད་པའི་ཕྱིར་རོ། །ཚུལ་ནི་འདི་ཙམ་དག་ཏུ་ཟད་དེ། རྣམ་པ་ཐམས་ཅད་དུ་མི་རུང་ངོ་། །མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་དོན་མཚུངས་
པར་བཤད་དོ། །གང་ཡང་ས་གོང་མ་འདུ་ཤེས་མེད་པ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་རྣམས་ཀྱི་ཞེས་བྱ་བ་ནི་འདོད་པའི་ཁམས་སུའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་ཁྲོ་བ་ལ་སོགས་པས་སོ། །ཐོག་མ་ཉིད་དུ་ཞེས་བྱ་བ་ནི་ཉིང་མཚམས་
སྦྱོར་བའི་དུས་ནའོ། །གནས་དང་བཅས་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཤད་དོ། །མདོ་སྡེ་པ་དང་གཏན་ལ་དབབ་པའི་སྐབས་སྟོན་ཏེ་དེའི་གཞུང་ལྟར་ན་འདས་པ་དང་མ་འོངས་པ་དག་དངོས་པོ་མེད་པའི་ཕྱིར་རོ། །ཉོན་མོངས་པའི་གཉེན་པོའི་རྣམ་པར་ཤེས་པ་བྱུང་ན་ཞེས་བྱ་བ་ལ་སོགས་པས་ནི་
གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་གང་གི་ཚེ་ཐོག་མ་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ལ་མ་སྐྱེས་པ་དེའི་ཚེ་འཇིག་རྟེན་པའི་ཤེས་པ་ཐམས་ཅད་ནི་འགགས་ན་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་གང་དུ་
གནས་པར་འགྱུར། གཉེན་པོ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ས་བོན་དང་འབྲེལ་པར་ནི་མི་རུང་ངོ་། །ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་བྱང་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་མཐུན་
པའི་ཕྱོགས་དང་གཉེན་པོ་ཕན་ཚུན་མི་མཐུན་པའི་ཕྱིར་སྣང་བ་དང་མུན་པ་བཞིན་ཏེ། ས་བོན་གྱི་མཚན་ཉིད་དུ་མི་རུང་བར་སྟོན་ཏོ། །དེའི་འོག་ཏུ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་ལའོ། །འདས་ནས་ཡུན་རིང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བརྡ་ཕྲད་པར་ཟད་དོ། །བྱེ་བྲག་
เล่ม ๑๓๔ · หน้า 209b
ཏུ་སྨྲ་བའི་ཐོབ་པའི་ཕྱོགས་ནི་མདོ་སྡེ་པ་ཉིད་ཀྱིས་བསལ་ཟིན་ཏེ་དེ་ནི་སྐྱབས་སུ་མི་རུང་ངོ་། །ཉེ་བར་གྱུར་པའི་ཕྱིར་མདོ་སྡེ་པ་དང་དཔྱད་པའི་དབང་དུ་བྱས་པ་སྟེ། དེ་ལ་ཡང་བག་ཆགས་ཀྱི་གནས་མེད་པའི་སྐྱོན་ཆགས་པ་ཉིད་དོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཉོན་མོངས་པའི་
ཀུན་ནས་ཉོན་མོངས་པ་མི་རུང་ངོ་ཞེས་བྱ་བ་ནི་གཞན་དུ་ན་མི་སྲིད་པའི་ཚུལ་གྱིས་ངེས་པར་བྱས་ཏེ་མཇུག་སྡུད་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་བའི་ཕྱིར་རོ། །ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ལས་ཀྱི་ཀུན་ནས་ཉོན་མོངས་པ་མི་སྲིད་པར་སྟོན་ཏོ། །ཀུན་
གཞི་རྣམ་པར་ཤེས་པ་མེད་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་འདོད་ན་དེ་ཡང་མི་རུང་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་འབྱུང་བའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་
པ་ནི་སྐད་ཅིག་གིས་འཇིག་པའི་ཚུལ་ཅན་ཡིན་པས་འགགས་ནས་ཡུན་རིང་བའི་ཕྱིར་མིང་དང་གཟུགས་ཀྱི་རྐྱེན་དུ་མི་རུང་སྟེ། ཉེས་པ་མང་དུ་འགྱུར་རོ། །ཉེས་པ་འདིས་འཇིགས་ནས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འདོད་ན་དེ་ཡང་མི་རུང་སྟེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་
པའི་དུས་ན་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་འགགས་ནས་ཡུན་རིང་བའི་ཕྱིར་རོ། །འགགས་པ་རྣམས་ལས་ནི་དེ་འབྱུང་བར་ཡང་མི་རིགས་སོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པའི་ཕྱིར་ཉིང་མཚམས་སྦྱོར་བའི་སེམས་ནི་ལུང་དུ་མ་བསྟན་པ་
མ་ཡིན་ནོ། །རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་པས་དེ་འདུ་བྱེད་ཀྱི་རྐྱེན་ཅན་དུ་མི་རུང་ངོ་། །འཇུག་པའི་རྣམ་པར་ཤེས་པ་འདུ་བྱེད་དང་མཚུངས་པར་ལྡན་པ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སྐྱེད་ན་ནི་མི་རུང་ངོ་། །དེ་མེད་ན་ལེན་པའི་རྐྱེན་གྱིས་སྲིད་པ་ཡང་མི་རུང་
བའི་ཕྱིར་རོ། །ཞེས་བྱ་བ་ནི་བག་ཆགས་ཀྱི་གནས་སྐབས་ཀྱི་ལས་རྣམ་པར་སྨིན་པར་མངོན་དུ་ཕྱོགས་པར་གྱུར་བའམ། འཇུག་པ་རྙེད་པ་ནི་སྲིད་པ་སྟེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་མི་འཐད་ན་སྐྱེ་བའི་འབྲས་
เล่ม ๑๓๔ · หน้า 210a
བུ་འབྱིན་པར་མངོན་དུ་ཕྱོགས་པར་གྱུར་པ་ན་ལས་དེ་གང་དུ་གནས་ཏེ་སྲིད་པར་འགྱུར། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡང་མི་རུང་ངོ་། །ད་ནི་ཉིང་མཚམས་སྦྱོར་བ་སྦྲེལ་བ་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་རྣམ་
པར་ཤེས་པ་གཞན་དག་ལ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མི་སྲིད་པར་སྟོན་ཏོ། །མཉམ་པར་མ་བཞག་པའི་ས་ནས་ཞེས་བྱ་བ་ནི་འདོད་པའི་ཁམས་ནས་སོ། །ཤི་འཕོས་པའི་ཞེས་བྱ་བ་ནི་ཤི་བའོ། །ཡིད་བར་མ་དོའི་སྲིད་པ་ན་གནས་པ་ཞེས་བྱ་བ་ནི་ཤི་བ་དང་སྐྱེ་བའི་སྲིད་པ་གཉིས་ཀྱི་བར་གྱི་
སྲིད་པ་ལ་གནས་པའི་སེམས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་དེའི་ཚེ་འགགས་ནས་ཡུན་རིང་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པའི་ཕྱིར་ཕྱིན་ཅི་ལོག་གིས་སོ། །ཉིང་མཚམས་
སྦྱོར་བ་ཞེས་བྱ་ནི་ཉིང་མཚམས་སྦྱོར་བར་བྱེད་པའོ། །དེ་འབྲེལ་པ་ནི་སྐྱེ་བ་སྟེ་ལུས་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དེ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ལ་དམིགས་པའོ། །བར་མ་དོའི་སྲིད་པར་འགག་ལ་ཞེས་བྱ་བ་ནི་དེ་མ་འགགས་ན་སྐྱེ་བའི་
སྲིད་པ་མི་རུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་མའི་མངལ་དུ་ནུར་ནུར་པོ་ཉིད་བརྒྱལ་ལོ་ཞེས་བྱ་བ་ནི་ད་འགག་པ་དང་དུས་མཉམ་དུ་ཁུ་ཆུ་དང་ཁྲག་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པས་འདྲེས་པར་གྱུར་ནས་ནུར་ནུར་པོར་འགྱུར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན་ནུར་ནུར་པོ་ཡང་ནུར་ནུར་པོ་ཉིད་དུ་ཆགས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་བརྒྱལ་ན་ནི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའོ། །བརྒྱལ་བ་ཞེས་བྱ་བ་སྐྱེས་པ་
རྣམ་པར་སྨིན་པར་གྱུར་པ་སྟེ། དེ་ལ་བརྟེན་ནས་གཞན་དད་པ་དང་ཆགས་པ་དང་མཚུངས་པར་ལྡན་པའི་དགེ་བ་དང་མི་དགེ་བ་དང་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དང་ལྡན་པ་རྣམ་པར་རྟོག་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མ་ཕྱི་མའི་གནས་སྐབས་རྣམས་སུ་འབྱུང་ངོ་། །དེས་ན་ཡིད་ཀྱི་རྣམ་
เล่ม ๑๓๔ · หน้า 210b
པར་ཤེས་པ་གཉིས་དུས་གཅིག་ཏུ་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི་གང་རྩ་བར་གྱུར་པ་སྟེ། སེམས་ཅན་གྱི་རྫས་དེའི་ཚེ་མངོན་པར་འདུ་བྱེད་པ་ལ་མི་ལྟོས་པ་རྣམ་པར་སྨིན་པའི་བདག་ཉིད་ཅན་ལུང་དུ་མ་བསྟན་པ་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ། བཏང་སྙོམས་དང་མཚུངས་
པར་ལྡན་པ་བརྒྱལ་བ་དེ་དང་། གང་དེ་ལ་བརྟེན་ནས་གཞན་མངོན་པར་འདུ་བྱེད་པ་ཅན་རྣམ་པར་སྨིན་པའི་རང་བཞིན་མ་ཡིན་པ་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་མདོ་དང་འགལ་བའི་ཕྱིར་མི་
འདོད་དོ། །ཁྱེད་ནི་འདི་སྐད་འདོན་ཏེ་རྣམ་པར་ཤེས་པ་གཉིས་སྔ་ཕྱི་མེད་པར་འབྱུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་གཉིས་ནི་གཅིག་པ་ཉིད་དུ་ཡང་མི་འཐད་དེ་རང་བཞིན་ཐ་དད་པའི་ཕྱིར་རོ། །རྣམ་པར་སྨིན་པ་རྒྱུན་ཆད་ན་ནི་སྲོག་གི་རྒྱུན་ཆད་པར་འགྱུར་
རོ། །རྣམ་པར་སྨིན་པ་མེད་ན་འགྲོ་བ་ཡང་མེད་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་མི་རིགས་ཏེ། དུས་རྟག་ཏུ་ཉོན་མོངས་པ་ཅན་ཉིད་གནས་ཡིན་པ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱི་སྐྱོན་ཆོས་ཅན་གྱི་རང་གི་ངོ་བོ་ཉིད་ལས་བཟློག་པ་སྟོན་ཏོ། །
གང་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་གཉི་ག་ལ་ངེས་པ་དེ་ནི་རྟག་ཏུ་ཉོན་མོངས་པ་ཅན་གནས་མ་ཡིན་ཏེ། དཔེར་ན་དུས་ཕྱི་མ་ལ་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །ཉིང་མཚམས་སྦྱོར་བའི་སེམས་ཐམས་ཅད་ནི་ཐམས་ཅད་ནས་ཐམས་ཅད་དུ་ཉོན་མོངས་པ་གནས་ཡིན་ཏེ། བར་མ་དོའི་
སྲིད་པས་བསྡུས་པའི་གནས་སྐྱེ་བའི་སྲིད་པ་ལ་དམིགས་པ་ནི་ཐམས་ཅད་ན་རྟག་པར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ལས་འདས་པའི་ཕྱིར་དེ་ཡིད་ཀྱི་རྣམ་པར་ཤེས་པར་མི་རུང་ངོ་། །ཡང་ན་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ་ཉོན་མོངས་
པ་ཅན་གནས་ཡིན་པའི་ཕྱིར་ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་པ་ཅན་དུ་འགྱུར་རོ། །རྣམ་པར་སྨིན་པ་ཡིན་པའི་ཕྱིར་དེ་ནི་ལུང་དུ་མ་བསྟན་པར་ཡང་འདོད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་བསྒྲུབས་ཟིན་ཏོ་སྙམ་དུ་བསམས་པའོ། །རྣམ་པར་སྨིན་པ་ཉིད་ཀྱང་བཀག་སྟེ། ཡིད་ཀྱི་རྣམ་
เล่ม ๑๓๔ · หน้า 211a
པར་ཤེས་པ་འབའ་ཞིག་བཀག་པ་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ལ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཞེས་བྱ་བ་དེ་ཉིད་ཀྱི་གཏན་ཚིགས་ཀྱིས་གནོན་ནོ། །གང་བདག་ཅག་གཉི་ག་ལ་ཡིད་ཀྱི་རྣམ་
པར་ཤེས་པར་ངེས་པ་དེ་ནི་རང་གི་དམིགས་པ་ལ་དམིགས་ཤིང་ཡོངས་སུ་གཅོད་དེ། དཔེར་ན་ཕྱི་མའི་གནས་སྐབས་གཞན་ན་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཉིང་
མཚམས་སྦྱོར་བའི་སེམས་ནི་དེ་ལྟར་དམིགས་པ་ཡོངས་སུ་གཅོད་པ་མ་ཡིན་པས་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །འདིར་འགོག་པའི་སྙོམས་པར་འཇུག་པའི་སེམས་དང་མཚུངས་པར་ཕྱིར་བརྒལ་དུ་ཡང་མི་རུང་སྟེ། དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟ་
བས་ན་འདིར་ནི་དམིགས་པ་ལ་མི་དམིགས་པ་ཡོངས་སུ་མི་གཅོད་པ་ཡིན་གྱི་མེད་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་དེའི་ཚེ་ཆོས་མེད་པ་ནི་མ་ཡིན་གྱི། ཡོད་བཞིན་དུ་ཡོངས་སུ་མི་གཅོད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་གནས་མིག་ལ་སོགས་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་
པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ནས་བཟུང་སྟེ། དེའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པའོ། །ཞེས་བྱ་བ་དེར་གྲུབ་པོ་ཞེས་བྱ་བའི་བར་དེ་ནི་མཇུག་སྡུད་པ་སྟེ། གོ་སླ་བས་མ་བཤད་དོ། །ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་ཞེས་བྱ་བ་ནི་ལུས་
ཐོབ་པ་རྣམས་ཀྱིའོ། །དབང་པོ་གཟུགས་ཅན་ཞེས་བྱ་བ་ནི་ཡིད་མ་གཏོགས་པའོ། །འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་མ་གཏོགས་པ་དེ་ལས་གཞན་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པའོ། །ཇི་ལྟ་ཞེ་ན། གནས་སོ་སོར་ངེས་
པའི་ཕྱིར་ཞེས་བྱ་བ་སྟེ། དེ་མིག་ལ་སོགས་པ་དྲུག་པོ་དག་གོ། །འདིས་ནི་འཛིན་པར་བྱེད་པ་གཅིག་པུ་མེད་པར་སྟོན་ཏོ། །མིག་གི་རྣམ་པར་ཤེས་པའི་གནས་ནི་མིག་ཉིད་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་ཀྱང་རྣ་བ་ལ་སོགས་པའོ། །གང་གི་གནས་གང་
เล่ม ๑๓๔ · หน้า 211b
ཡིན་པ་དེ་ཉིད་ཀྱིས་དེ་འཛིན་པར་མི་རུང་ངོ་། །མི་བརྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཡོ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཡུད་ཙམ་ཡུད་ཙམ་ལ་བར་ཆད་དང་བཅས་པར་འཚོལ་བར་འབྱུང་བའི་ཕྱིར་རོ། །འདུ་ཤེས་མེད་པ་ལ་སོགས་པར་ཡང་རྒྱུན་ཆད་པས་མིག་ལ་སོགས་པ་ཟིན་པ་རྣམས་ཀྱང་རྒྱུན་
ཆད་པར་འགྱུར་ཏེ། དཔེར་ན་ཤི་བའི་ལུས་ཀུན་གཞི་རྣམ་པར་ཤེས་པས་བཏང་བ་རྣམས་བཞིན་ནོ། །གལ་ཏེ་ལུས་ཀྱི་དབང་པོས་ཁོག་པ་ཟིན་ཏེ་ཁྱབ་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་རུང་སྟེ། ལུས་ཀྱི་དབང་པོ་ཡང་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་འཛིན་པར་བྱེད་པ་ཡིན་ན་ནི་མ་ཟིན་པར་
འགྱུར་ཏེ། འཛིན་པ་གཞན་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལུས་ཀྱི་དབང་པོ་ཡོངས་སུ་བཏང་བས་འཆི་བར་འགྱུར་གྱི་རྣམ་པར་ཤེས་པ་ཡོངས་སུ་བཏང་བས་ནི་མ་ཡིན་ནོ་ཞེས་གསུངས་པའི་རིགས་ན། ཚེ་དང་དྲོད་དང་རྣམ་པར་ཤེས། །འདི་དག་གང་ཚེ་ལུས་འདོར་ཞིང་། །བོར་
ནས་དེ་ཚེ་འདུག་པ་ནི། །དཔེར་ན་ཤིང་ལ་སེམས་མེད་བཞིན། །ཞེས་ཀྱང་གསུངས་སོ། །དེ་ལྟ་བས་ན་ལུས་ཀྱི་དབང་པོ་ནི་འཛིན་པར་བྱེད་པར་མི་རིགས་སོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འཇུག་པ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་
པའི་རྣམ་པར་ཤེས་པ་མེད་ན་ནི་མི་རུང་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་ཏེ། དེ་ལ་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་ནུར་ནུར་པོའོ། །འདི་གཉིས་ཀྱི་རྐྱེན་རྣམ་པར་ཤེས་པ་གང་ཡིན་པ་སྐད་ཅིག་
གཅིག་ནས་གཅིག་ཏུ་བརྒྱུད་དེ་གནས་ཉིད་དུ་གྱུར་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མ་ཡིན་ནོ། །མིང་སྨོས་པས་ནི་འཇུག་པའི་རྣམ་པར་ཤེས་པ་བཟུང་ན་རྣམ་པར་ཤེས་པ་སྨོས་པས་ཅི་ཞིག་གཙོ་བོར་བསྟན་པར་འགྱུར། རྣམ་པར་ཤེས་པ་ལས་ནི་བདག་གི་ཡིད་བཟློག་ན་རྣམ་པར་
ཤེས་པ་ལས་འདས་པ་ནི་མ་ཡིན་ནོ་ཞེས་གང་གསུངས་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཐད་དེ། འདི་ལྟར་དེ་ནི་ལུས་ཀྱི་གནས་ཉིད་དུ་རྒྱུན་མི་འཆད་པར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་དེ་མིང་དང་གཟུགས་ཀྱི་རྐྱེན་དུ་གསུངས་ཏེ། དེས་ལུས་ལ་ཁྱབ་པའི་ཕྱིར་རོ། །ཀུན་དགའ་བོ་གཞོན་ནུའམ་
เล่ม ๑๓๔ · หน้า 212a
གཞོན་ནུ་མའི་རྣམ་པར་ཤེས་པ་གལ་ཏེ་རྒྱུན་ཆད་ཅིང་འགགས་ཀྱང་མིང་དང་གཟུགས་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་
འཐད་དོ། །རྣམ་པར་ཤེས་པ་གཞན་ནི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཟས་སུ་ཡང་མི་རུང་སྟེ། ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་སྟེ། སྙོམས་པར་འཇུག་པ་གཉིས་དང་འདུ་ཤེས་པ་ན་མེད་པས་མ་ཁྱབ་པའི་ཕྱིར་རོ། །ཟས་མེད་པར་ནི་ཁམས་གསུམ་ན་སྤྱོད་པའི་གནས་པ་མེད་དོ། །སྙོམས་
པར་འཇུག་པའི་སེམས་དང་སེམས་ལས་བྱུང་བ་འགོག་པ་ནི་ཟས་སུ་མདོ་ལས་མ་གསུངས་ཏེ། ཁམ་གྱི་ཟས་ལ་སོགས་པ་གྲངས་ངེས་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་སྦྲེལ་བ་མི་རུང་བའི་འཐད་པ་བསྟན་ནས། འདི་
ནས་ཤི་འཕོས་ཏེ་མཉམ་པར་གཞག་པའི་སར་སྐྱེ་བ་ན་ཞེས་བྱ་བ་ལ་སོགས་པས་གཟུགས་དང་གཟུགས་མེད་པ་རྣམས་སུ་ཡང་དེ་མི་རིགས་པའི་འཐད་པ་སྟོན་ཏེ། འདོད་པའི་ཁམས་སུ་ཤི་ནས་གོང་དུ་སྐྱེ་བ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཞེས་བྱ་བ་ནི་
དེའི་ས་པའི་སྙོམས་པར་འཇུག་པའི་རོ་མྱང་བའི་ཉོན་མོངས་པ་དང་ལྡན་པའོ། །ས་བོན་དང་ལྡན་པ་གཞན་མི་འཐད་དོ་ཞེས་བྱ་བ་ལ་འདོད་པ་ན་སྤྱོད་པའི་སེམས་ནི་ས་བོན་དང་ལྡན་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ། །མཉམ་པར་གཞག་པའི་སེམས་ཀྱང་ས་བོན་དང་
ལྡན་པ་ཡང་མ་ཡིན་ཏེ། གཅིག་ཉིད་ས་བོན་དང་ས་བོན་ཅན་གྱི་དངོས་པོར་མི་རུང་བའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་སེམས་ཚེ་རབས་གཞན་ན་ཐོབ་པ་ཡང་ས་བོན་དུ་མི་རུང་སྟེ། བག་ཆགས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གཟུགས་ཀྱི་རྒྱུད་ཀྱང་ས་བོན་ཅན་མ་ཡིན་ཏེ།
གཟུགས་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ཅན་དེའི་ས་པའི་སེམས་གང་ལ་བག་ཆགས་གནས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་ངེས་པར་གནས་བཅའ་བར་བྱའོ། །ཡང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ཅན་གྱི་དགེ་བའི་
เล่ม ๑๓๔ · หน้า 212b
སེམས་ཡོད་པ་རྣམས་ཀྱི་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་རོ་མྱང་བ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་དགེ་བའི་སེམས་ཀྱང་གཞི་མེད་པར་འགྱུར་ཏེ། རྣམ་པར་སྨིན་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ན་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་དེའི་དངོས་པོར་འགྱུར་བའི་ཕྱིར་རོ། །
དེ་ལྟ་བས་ན་དེའི་གཞི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ངེས་པར་ཁས་བླང་བར་བྱའོ། །དེ་ཉིད་ན་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་མེད་པ་རྣམས་སུ་འཇིག་རྟེན་ལས་འདས་པའི་སེམས་ཟག་པ་མེད་པ་དེ་མངོན་དུ་བྱེད་དེ་དེ་སྐྱེས་པ་ན་གང་ཟག་པ་མེད་པ་དེ་ལས་གཞན་པའི་སེམས་འཇིག་རྟེན་
པ་འབྱུང་བ་ནི་མེད་པར་འགྱུར་ཏེ། འགགས་པ་ན་འགྲོ་བས་བསྡུས་པའི་རྣམ་པར་སྨིན་པ་མེད་པས་འགྲོ་བ་དེ་ལྡོག་པ་ཉིད་དུ་འགྱུར་ཏེ། གཉེན་པོ་མངོན་སུམ་དུ་གྱུར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་པའི་ཕྱིར་བསྒྲིམ་མི་དགོས་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་
འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་སྲིད་པའི་རྩེ་མོར་སྐྱེས་པ་དག་ཉོན་མོངས་པ་རྣམས་སྤང་དུ་ཞེན་པའི་ཕྱིར་རང་གི་ས་པའི་ལམ་མེད་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་ཟག་པ་མེད་པའི་སེམས་གསལ་བ་མངོན་
དུ་བྱེད་དོ། །དེའི་ཚེ་དེ་རྣམས་ཀྱི་འགྲོ་བ་གཉི་ག་ལྡོག་པར་འགྱུར་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འགྲོ་བ་གཉི་ག་ལས་ལྡོག་པར་འགྱུར་ཏེ། དེ་གཉིས་ཀྱི་གནས་མེད་པར་འགྱུར་བའི་ཕྱིར་རོ། །ཟག་པ་མེད་པའི་ཆོས་ནི་འགྲོ་བར་གཏོགས་པ་མ་ཡིན་ཏེ། ལྡན་པ་མ་ཡིན་
པ་དང་འགྲོ་བའི་གཉེན་པོར་འགྱུར་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་འགྲོ་བ་ཡང་གནས་སུ་མི་རུང་ངོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གནས་སྐབས་ཡིན་པ་དང་། འགྲོ་བ་ཐམས་ཅད་ལོག་པའི་ཕྱིར་མྱ་ངན་ལས་འདས་པ་ནི་འགྲོ་བ་མ་ཡིན་ཏེ།
འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་གནས་མྱ་ངན་ལས་འདས་པའི་འགྲོ་བའི་ལུས་རྣམ་པར་སྨིན་པར་གྱུར་པ་ནི་གང་ཡང་མེད་དོ། །མྱ་ངན་ལས་འདས་པ་ནི་དགྲ་བཅོམ་པ་རྣམས་ཀྱི་འགྲོ་བའོ་ཞེས་གང་གསུངས་པ་ནི་བརྟེན་པ་ལ་དེར་འགྲོ་བའི་སྒྲར་བརྗོད་དོ། །ལེགས་པར་བྱེད་པའམ་ཉེས་པར་
เล่ม ๑๓๔ · หน้า 213a
བྱེད་པ་འཆི་འཕོ་བ་ན་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་བྱེད་པ་རྣམས་ནི་ལུས་ཀྱི་སྨད་ནས་རིམ་གྱིས་དྲོད་ཡལ་བར་འགྱུར་རོ། །ཉེས་པར་བྱེད་པ་རྣམས་ནི་ལུས་ཀྱི་སྟོད་ནས་དྲོད་ཡལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་འཐད་དེ།
དེའི་ཚེ་གང་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མེད་པས་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་མེད་པར་མི་རིགས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མི་སྲིད་པར་བསྟན་ནས་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་འཇིག་རྟེན་པའི་རྣམ་པར་བྱང་བ་མི་སྲིད་པར་སྟོན་ཏེ། འདི་ལྟར་
འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནས་གཟུགས་ན་སྤྱོད་པའི་སེམས་འདས་པ་ཚེ་རབས་དུ་མར་སེམས་གཞན་གྱིས་བར་དུ་བཅད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པའོ། །ཐོག་མ་མེད་པའི་འཁོར་བ་ན་ཚེ་རབས་གཞན་ན་ཐོབ་པའི་གཟུགས་ན་སྤྱོད་པའི་སེམས་གང་
ཡིན་པ་དེ་ནི་ས་བོན་མ་ཡིན་ཏེ། འདི་ལྟར་དེ་ནི་ཚེ་རབས་དུ་མར་འདོད་པ་ན་སྤྱོད་པའི་སེམས་དུ་མས་བར་དུ་ཆོད་པས་མདོ་སྡེ་པའི་གཞུང་ལྟར་ན་མེད་དེ་འདས་པའི་ཕྱིར་རོ། །མེད་པ་ནི་གཟུགས་ན་སྤྱོད་པའི་སེམས་ཀྱི་ས་བོན་དུ་ཡང་མི་རུང་ངོ་། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཐམས་ཅད་ལ་
ཡང་ཅི་རིགས་སུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་སྔ་མ་དང་མཐུན་པར་སྦྱར་བའོ། །ཅི་རིགས་པར་ཞེས་བྱ་བ་ནི་གང་ལ་གང་རིགས་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནས་གང་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་དེ་ནི་གཟུགས་ན་སྤྱོད་
པའི་མཉམ་པར་གཞག་པའི་སེམས་དེའི་རྒྱུའི་རྐྱེན་ཡིན་ལ། སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་དེ་ནི་བདག་པོའི་རྐྱེན་ཡིན་པར་དེ་གྲུབ་བོ་ཞེས་བྱ་བའི་བར་ནི་འདིར་ལུས་པ་དང་ཤུགས་ཀྱིས་དེ་ལྟར་འགྱུར་བས་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མཇུག་བསྡུས་ནས་དེ་ནི་རྒྱུའི་ཅན་ཡིན་ལ། འདོད་པ་ན་སྤྱོད་
པའི་སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་ནི་བདག་པོའི་རྐྱེན་ཡིན་པར་བསྟན་ཏེ། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པ་དང་མཐུ་ལྷག་མའི་ཕྱིར་གོ་རིམས་བཞིན་ནོ། །ད་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་མི་སྲིད་པར་སྟོན་ཏེ། གཞན་གྱི་སྒྲ་དང་སོ་
เล่ม ๑๓๔ · หน้า 213b
སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་དེའི་རྒྱུ་ལས་ཡང་དག་པའི་ལྟ་བ་འབྱུང་ངོ་ཞེས་བྱ་བ་ནས་བཟུང་སྟེ། ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །དེ་ལ་ཐོས་པའི་བག་ཆགས་ནི་དེའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་པའི་ཕྱིར་རོ། །ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ས་བོན་
ཡོངས་སུ་འཛིན་པར་མི་འཐད་པའི་ཕྱིར་ཏེ། གོང་དུ་ཇི་སྐད་སྨོས་པ་ལྟ་བུའོ། །ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ནས་ས་བོན་དུ་ཇི་ལྟར་རུང་ཞེས་བྱ་བའི་བར་ནི་མི་སྲིད་པའི་གནོད་པར་དྲི་བ་སྟེ། ནད་ལས་ནད་མེད་པ་ནི་ནམ་ཡང་མ་མཐོང་ན་ནད་ལྟ་བུའི་ཀུན་གཞི་རྣམ་
པར་ཤེས་པ་ལས་ནད་མེད་པ་ལྟ་བུའི་འཇིག་རྟེན་ལས་འདས་པའི་སེམས་ཇི་ལྟར་འབྱུང་བར་འགྱུར། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ས་བོན་པ་ལས་དེ་འབྱུང་ངོ་། །ཞེས་བྱ་བས་ནི་རྒྱུ་གཞན་སྟོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་དེའི་ས་བོན་མ་ཡིན་ནོ། །
འོ་ན་ཅི་ཞེ་ན། སངས་རྒྱས་རྣམས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གློ་བུར་གྱི་སྒྲིབ་པ་དང་བྲལ་བ་གང་ཡིན་པ་དེའི་རྒྱུ་མཐུན་པ་ནི་བསྟན་པའི་ཆོས་ཏེ། དེའི་རྒྱུ་ལས་བྱུང་བར་གྱུར་ན་འདྲ་བའི་ཕྱིར་རོ། །དེ་མཉན་པ་ནི་ཐོས་པའོ། །དེའི་བག་ཆགས་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་
ཟག་པ་མེད་པའི་སེམས་ཀྱི་ས་བོན་ཏེ་ཀུན་གཞི་རྣམ་པར་ཤེས་པ་ནི་མཐུན་པ་མ་ཡིན་པའི་ཕྱིར་རོ། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ཞེས་བྱ་བ་ནས་དེའི་གནས་ཅི་ཞིག་ཡིན་པར་བལྟ་ཞེ་ན་ཞེས་བྱ་བའི་བར་གྱིས་ནི་གནས་གཞན་སྟོན་ཏེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཞེས་
བྱ་བ་ནི་ཡེ་ཤེས་དྲི་མ་མེད་ཅིང་ཐོགས་པ་མེད་པ་མདོ་ལ་སོགས་པ་བསྟན་པའི་ཆོས་ཐོས་པའི་བག་ཆགས་ཀྱི་གནས་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པ་ནི་གནས་མ་ཡིན་ཏེ། དེ་དང་ལྷན་ཅིག་འཇུག་གོ། །དེའི་ཕྱིར་གནས་གང་ལ་ཞེས་བྱ་བ་སྨོས་ཏེ། རྒྱུད་གང་ལ་འཇུག་པ་དེ་ལྷན་ཅིག་འཇུག་
པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་ཏེ། འོ་མ་དང་ཆུ་བཞིན་ནོ། །ཞེས་བྱ་བ་ནི་དེ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བར་འདོད་ཀྱི། དེ་ས་བོན་ཉིད་དུ་ནི་མི་འདོད་དོ། །ཐོས་པའི་བག་ཆགས་ཀྱི་ས་བོན་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་
เล่ม ๑๓๔ · หน้า 214a
ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཁོང་དུ་ནད་དུ་མ་ཞུགས་སམ་དུག་སྣ་ཚོགས་འཐུངས་པས་ན་ཡང་རུང་།
སྨན་བཅུད་ཀྱིས་ལེན་དང་དུག་སྨན་འཐུངས་ན་ནད་དང་ལྷན་ཅིག་ཏུ་དུས་གཞན་གྱི་བར་དུ་འདུག་ཀྱང་དུག་གི་ས་བོན་ཅན་ཡང་མ་ཡིན་ལ། དུག་གི་ངོ་བོ་ཉིད་ཀྱང་མ་ཡིན་པ་ལྟར་ཐོས་པའི་བག་ཆགས་ས་བོན་དུ་གྱུར་པ་ཡང་དེ་བཞིན་ནོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་
པ་ཉིད་གསལ་བས་བརྡ་ཕྲད་པར་སླའོ། །ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ་ཞེས་བསྟན་ནས་རྣམ་པར་འགྲེལ་པ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཤིན་
ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་ཞེས་བྱ་བ་སྟེ། ཟག་པ་དང་བཅས་པ་ཡིན་ཡང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་སེམས་ཀྱི་ས་བོན་ཡིན་ཏེ། དེའི་ཚོགས་ཡོད་པའི་ཕྱིར་རོ། །འདིར་ནི་རྟོགས་པའི་མཚན་ཉིད་ལ་ཆོས་ཀྱི་སྐུར་བརྗོད་པར་འདོད་དོ། །འཇིག་རྟེན་པ་ཉིད་ནི་འཇིག་རྟེན་པ་
ལ་བརྟེན་ནས་འབྱུང་བ་དང་། ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པའི་ཕྱིར་རོ། །གུས་པ་བསྐྱེད་པའི་ཕྱིར་ཕན་ཡོན་དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉོན་མོངས་པས་ཀུན་ནས་དཀྲིས་པའི་གཉེན་པོ་ཞེས་བྱ་བ་ནི་ཡོད་ན་
འདོད་ཆགས་ལ་སོགས་པ་ཀུན་དུ་མི་འབྱུང་བའི་ཕྱིར་ཏེ། གཉེན་པོ་ཡོད་ན་མི་མཐུན་པའི་ཕྱོགས་མི་སྐྱེའོ། །དེའི་ཕྱིར་རྒྱུ་མེད་ན་འབྲས་བུ་མེད་པས་ངན་སོང་དུ་འགྲོ་བའི་གཉེན་པོ་ཞེས་བྱ་སྟེ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་
འགྲོ་བར་མི་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འོ་ན། སྔོན་བྱས་པའི་ཉེས་པར་སྤྱད་པ་ངན་སོང་དུ་འགྲོ་བར་མི་འགྱུར་རམ་ཞེ་ན། དེའི་ཕྱིར་ཉེས་པར་བྱས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཐོག་མ་མེད་པའི་དུས་ཀྱི་ཉེས་པར་བྱས་པ་དེངས་
เล่ม ๑๓๔ · หน้า 214b
པར་བྱེད་པ་ནི་མཐུ་འཇོམས་པར་བྱེད་པ་སྟེ། དེའི་ཕྱིར་གཉེན་པོའོ། །ཆོས་ཀྱི་སྐུར་བསྡུས་པ་ནི་ཆོས་ཀྱི་སྐུའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་ཞེས་བྱ་བ་ཡང་དེ་བཞིན་དུ་བརྗེད་པར་བྱའོ། །དེ་ལ་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ་
རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་བཅིངས་པ་དང་བྲལ་བ་ཙམ་དུ་ཟད་དེ། དཔེར་ན་གྲོང་མི་ཞིག་ལྕགས་སྒྲོག་ལ་སོགས་པའི་བཅིངས་པ་དང་བྲལ་ན་སྡུག་བསྔལ་དེ་ལོག་པའི་འབྲས་བུ་ཙམ་དུ་ཟད་ཀྱི། དེ་ལས་ལྷག་པའི་དབང་ཕྱུག་གི་ཁྱད་པར་དང་ལྡན་པ་མ་ཡིན་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་བག་
ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་འབྱོར་པ་ཐམས་ཅད་ཀྱི་གནས་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པས་རང་དབང་མཆོག་ཐོབ་པ་སྟེ། དཔེར་ན་རྒྱལ་པོའི་བུ་བཅིངས་པ་དང་
བྲལ་མ་ཐག་ཏུ་སྤྱི་བོ་ནས་དབང་བསྐུར་བ་དང་། དབང་ཕྱུག་ཕུན་སུམ་འཚོགས་པ་མཆོག་དང་ལྡན་པ་ལྟ་བུའོ། །གནས་ཀྱང་འགྱུར་རོ་ཞེས་བྱ་བ་ནི་སྨན་བཅུད་ཀྱིས་ལེན་བཏང་ནས་རྒྱས་པར་གྱུར་ན་ནད་མེད་པ་རྒྱས་པར་འགྱུར་བ་ལྟ་བུའི་ཚུལ་གྱིས་སོ། །ས་བོན་ཐམས་ཅད་པ་ཡང་ས་བོན་མེད་པར་
འགྱུར། ཞེས་བྱ་བ་ལ་སོགས་པ་ནི་ས་བོན་གྱི་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་མེད་པ་ཉིད་འདིའི་སྤངས་པར་རིག་པར་བྱའོ། །ངང་པས་ཆུ་ལ་འོ་མ་འཐུངས་པ་ལྟ་བུ་དང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན་མཉམ་པར་བཞག་པ་མ་
ཡིན་པའི་ས་བའི་བག་ཆགས་འགྲིབས་ཏེ། མཉམ་པར་བཞག་པའི་ས་པའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། །ཞེས་བྱ་བ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་འཐད་པས་ཀུན་གཞི་རྣམ་པར་ཤེས་པ་བསྒྲུབས་ནས་
འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པས་འགོག་པའི་སྙོམས་པར་འཇུག་པ་མི་སྲིད་པར་སྒྲུབ་པོ། །སངས་རྒྱས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པ་འགོག་པ་ལ་སྙོམས་པར་ཞུགས་
เล่ม ๑๓๔ · หน้า 215a
པ་གཞན་རྣམས་ཤི་བ་ལས་བྱེ་བྲག་སྟོན་པ་ན་བཅོམ་ལྡན་འདས་ཀྱིས་དེའི་རྣམ་པར་ཤེས་པ་ལུས་དང་བྲལ་བ་མ་ཡིན་ནོ། །ཞེས་བཀའ་སྩལ་ཏེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མ་ཡིན་ནོ། །དེ་ལྟར་ཅི་མངོན་ཞེ་ན། འགོག་པའི་སྙོམས་
པར་འཇུག་པ་ནི་དེའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེའི་གཉེན་པོར་འགོག་པའི་སྙོམས་པར་འཇུག་པ་སྐྱེ་བ་མ་ཡིན་ཏེ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །རྣམ་པར་རིག་པའི་ལས་མི་གསལ་བ་ནི་མ་ཞི་བ་ཉིད་དུ་ཡོངས་སུ་མི་གཅོད་པས་གཉེན་པོ་མི་བྱེད་པའི་ཕྱིར་འགོག་
པའི་སྙོམས་པར་འཇུག་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་མ་ཡིན་ནོ། །གང་ལ་གཉེན་པོ་མེད་པ་དེ་ནི་འགོག་པར་མི་འགྱུར་རོ། །འཇུག་པའི་རྣམ་པར་ཤེས་པ་གང་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པས་མ་ཞི་བ་དེའི་གཉེན་པོར་སྐྱེ་སྟེ། དེ་འགག་པ་ཉིད་དོ། །ཇི་སྟེ་འགགས་
ཀྱང་དེས་བལྟ་བའི་ཕྱིར་དེ་དང་མ་བྲལ་བ་ཞེས་བྱའོ་ཞེས་བྱ་བར་འདོད་ན་དེའི་ཕྱིར། དེ་ལས་ལངས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །འདིའི་ཕྱིར་ཡང་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ། སྙོམས་པར་འཇུག་པར་མི་རུང་བའི་ཕྱིར་
རོ། །འདུ་ཤེས་དང་ཚོར་བ་འགོག་པ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ས་མང་པོ་པ་རྣམས་དང་མི་ལྡན་པ་མ་ཡིན་པས་འདུ་ཤེས་དང་ཚོར་བ་མ་འགགས་པའི་ཕྱིར་སྙོམས་པར་འཇུག་པར་མི་རུང་ངོ་། །འདིའི་ཕྱིར་ཡང་དེ་ནི་ཡིད་ཀྱི་རྣམ་པར་ཤེས་
པ་མ་ཡིན་ཏེ། དམིགས་པ་དང་རྣམ་པར་མི་དམིགས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ནི་དམིགས་པ་དང་རྣམ་པར་དམིགས་པ་མེད་པར་མི་འབྱུང་ངོ་། །དེ་མེད་པའི་ཕྱིར་དེ་ཡང་མི་འགྲུབ་བོ། །འདིའི་ཕྱིར་ཡང་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ། དགེ་བའི་རྩ་
བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སེམས་དེ་ནི་མི་དགེ་བ་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་གྱི། དགེ་བ་ཉིད་དེ་མ་ཆགས་པ་ལ་སོགས་པ་མེད་པར་དགེ་བ་ཉིད་ཀྱི་སེམས་ཀྱང་མེད་དེ། མཚུངས་པར་ལྡན་པས་དེ་དང་ལྡན་ནོ་ཞེས་གྲུབ་པའི་མཐའ་ལས་
เล่ม ๑๓๔ · หน้า 215b
འབྱུང་བའི་ཕྱིར་རོ། །མ་ཆགས་པ་ལ་སོགས་པ་ཡང་རེག་པ་ལ་སོགས་པ་མེད་པར་མི་འབྱུང་སྟེ། རེག་པ་ནི་ཏིང་ངེ་འཛིན་ལས་བྱུང་བའི་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ཀྱི་ཚོར་བ་དང་མཐུན་པར་གྱུར་ཏོ། །ཚོར་བ་ཡང་དེ་དང་ལྷན་ཅིག་སྐྱེས་པར་གྱུར་པས་སྙོམས་པར་འཇུག་པ་མེད་དོ། །དེ་ལ་
འདི་སྙམ་དུ་འདུ་ཤེས་དང་ཚོར་བ་གཉིས་ལ་འབྲས་དང་ཟུག་རྔུ་ལ་སོགས་པའི་དངོས་པོར་རྣམ་པར་སུན་འབྱིན་པས་འགོག་པའི་སྙོམས་པར་འཇུག་པ་ལ་འགག་པར་འགྱུར་རོ་སྙམ་ན། དེའི་མཐུས་མཉམ་པར་གཞག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དེའི་ལན་འདེབས་སོ། །རྣམ་པར་
སུན་འབྱིན་པས་ནི་མཉམ་པར་འཇོག་པར་ནུས་ཀྱི། དེ་འགོག་པར་ནི་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། མཉམ་པར་འཇོག་པའི་གཞན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་འདུ་ཤེས་རྒྱུན་ཆད་པ་ཙམ་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་གང་རྣམ་པར་སུན་ཕྱུང་བ་དེ་འགོག་པར་འགྱུར་ན་ནི། དེས་
ན་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱིས་འདུ་ཤེས་རྣམ་པར་སུན་ཕྱུང་བས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་འདུ་ཤེས་ཙམ་རྒྱུན་ཆད་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །ཡང་ཇི་ལྟར་གནས་འགོག་པ་མེད་པར་གནས་པ་འགོག་པ་མི་སྲིད་པའི་ཕྱིར་དེར་སེམས་ཀྱང་
འགོག་པར་གྱུར་པ་དེ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་ལ་སེམས་ཀྱང་འགག་པར་འགྱུར་གྱི་གནས་པ་འབའ་ཞིག་ནི་མ་ཡིན་ཏེ། གནས་ཡོད་པ་ལ་གནས་པ་བསལ་དུ་མི་རུང་བའི་ཕྱིར་རོ། །དཔེ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་འདིར་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དཔེ་སྟེ།
དེ་བཞིན་དུ་དབྱེར་མི་རུང་བའི་ཕྱིར་གཉི་ག་འགག་པར་འགྱུར་རོ། །ཡང་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡང་དཔེ་ཡིན་ཏེ། ཕན་ཚུན་མེད་པར་མི་འབྱུང་བའི་ཕྱིར་རོ། །དགེ་བ་ལ་སོགས་པའི་སར་ངེས་ཏེ། གང་དག་ཐམས་ཅད་དུ་འགྲོ་བ་མ་ཡིན་པ་དེ་དག་ནི་སེམས་ཐམས་ཅད་ལ་མི་འབྱུང་བར་
རིགས་སོ། །འདུ་ཤེས་དང་ཚོར་བ་ནི་ས་མང་པོ་པ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་དུ་གནས་པའི་རང་བཞིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡོད་ན་འདི་གཉིས་མེད་དུ་མི་རུང་སྟེ། དེའི་ཕྱིར་ཀུན་དུ་འགྲོ་བ་ཉིད་ཡིན་པ་ལས། དེ་བཞིན་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདིའི་ཕྱིར་ཡང་
เล่ม ๑๓๔ · หน้า 216a
དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་མི་འཐད་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པའམ། གཅིག་ཏུ་འགྱུར་བ་དེ་ནི་དགེ་བ་མ་ཡིན་ཏེ། དགེ་
བའི་རྩ་བ་དང་མཚུངས་པར་ལྡན་པར་འགྱུར་བའི་ཕྱིར་ཏེ། གོང་དུ་མ་ཆགས་པ་ལ་སོགས་པ་མེད་པར་དགེ་བར་ཇི་ལྟར་འགྱུར། དེ་དག་ཀྱང་རེག་པ་མེད་པར་ཇི་ལྟར་འབྱུང་། དེ་ཡང་ལྷན་ཅིག་སྐྱེས་པའི་ཚོར་བ་ལ་སོགས་པ་མེད་པར་ཇི་ལྟར་འབྱུང་ཞེས་ཇི་སྐད་བསྟན་པ་བཞིན་
ནོ། །སུ་ཞིག་སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་ཀྱིས་འཕངས་པས་སྙོམས་པར་འཇུག་པའི་སེམས་དགེ་བ་ཡིན་གྱི། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ནོ་སྙམ་དུ་དེ་ལྟར་རྟོགས་པ་དེའི་རྟོག་པ་དེ་ནི་བསྟན་བཅོས་དང་མི་མཐུན་པ་སྟེ། མཚུངས་པར་
ལྡན་པས་དེ་དང་ལྡན་ཞེས་རྣམ་པར་གཞག་པ་དང་འགལ་བའི་ཕྱིར་རོ། །སྦྱོར་བའི་སེམས་ནི་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཡིན་གྱི། དེའི་རྒྱུ་མཐུན་པའི་འབྲས་བུ་སྙོམས་པར་འཇུག་པའི་སེམས་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་སུས་བྱས། དེ་ནི་
བདག་ཉིད་ཀྱིས་དགེ་བ་ཡང་མ་ཡིན་ཏེ། བདག་ཉིད་ཀྱིས་དགེ་བ་རྣམས་ནི་དགེ་བའི་རྩ་བ་ལ་སོགས་པ་སྟེ། གྲངས་ངེས་པའི་ཕྱིར་རོ། །དོན་དམ་པར་དགེ་བ་ཡང་མ་ཡིན་ཏེ། ཐར་པ་ཉིད་ངེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་མཐུ་འདུས་པ་ནི་འདུས་པ་སྟེ། རེག་པ་ཞེས་བྱ་བར་འདོད་ཀྱི།
ཐམས་ཅད་ནི་མ་ཡིན་ཏེ། སྙོམས་པར་འཇུག་པ་ལ་སྦྱོར་བའི་དུས་ན་ཚོར་བ་ལ་སོགས་པ་རྣམ་པར་སུན་ཕྱུང་བའི་ཕྱིར་རོ་དེའི་ཚེ་ཚོར་བ་སྐྱེད་པའི་མཐུ་མེད་དོ་ཞེ་ན། དེ་ཙམ་རྒྱུན་ཆད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དེའི་ལན་བཏབ་ཟིན་ཏོ། །དེ་ལྟ་བས་ན་དེར་ཚོར་བ་མེད་པའི་ཡིད་ཀྱི་རྣམ་པར་
ཤེས་པ་མི་རུང་ངོ་། །ཡང་རྟོག་པ་དང་དཔྱོད་པ་དག་གི་འདུ་བྱེད་འགགས་པས་ངག་འབྱུང་བར་མི་འགྱུར་ན་ཡིད་ཀྱི་འདུ་བྱེད་འགགས་ཀྱང་ཡིད་འབྱུང་བ་འདི་ལ་རྒྱུ་ཅི་ཡོད། ལུས་ཀྱི་འདུ་བྱེད་འགགས་ཀྱང་ལུས་གནས་པ་བཞིན་དུ་ཡིད་ཀྱི་འདུ་བྱེད་འགགས་ཀྱང་ཡིད་གནས་སོ་ཞེས་སླར་གཞིལ་དུ་
เล่ม ๑๓๔ · หน้า 216b
མི་རུང་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལུས་གནས་པའི་རྒྱུ་གཞན་དག་ཀྱང་ལུས་ཀྱི་འདུ་བྱེད་དུ་གསུངས་ཏེ། འདི་ལྟར་ཁ་ཟས་དང་སྲོག་གི་དབང་པོ་དང་རྣམ་པར་ཤེས་པ་སྟེ། དབུགས་རྒྱུ་བ་མེད་པར་ཡང་དེ་དག་གིས་ལུས་གནས་པར་འགྱུར་རོ། །སེམས་པ་དང་འདུ་ཤེས་མ་གཏོགས་པར་ཡིད་
ཀྱི་འདུ་བྱེད་གཞན་དག་ནི་གང་དུ་ཡང་མ་གསུངས་སོ། །དེ་ལྟ་བས་ན་དེ་གཉིས་མེད་པར་དེ་གནས་པར་མི་རུང་སྟེ། དེའི་ཕྱིར་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ། ཞར་ལ་བྱུང་བ་དེ་ཙམ་གྱིས་ཆོག་གོ། །མི་དགེ་བ་ཡང་མ་ཡིན་ཏེ། སྙོམས་པར་འཇུག་པ་དགེ་བའི་ཕྱིར་རོ། །འདུ་
ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་མི་དགེ་བར་མི་འདོད་ན་རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་ནང་དུ་གཏོགས་པ་འགོག་པའི་སྙོམས་པར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ལུང་དུ་མ་བསྟན་པ་རྣམ་པ་གསུམ་ཡང་མ་ཡིན་ཏེ། མེད་པའི་
ཕྱིར་རོ། །དེའི་ཚེ་བཟོའི་གནས་ལ་སོགས་པ་མི་འབྱུང་ངོ་། །རྣམ་པར་སྨིན་པ་ལས་བྱུང་བར་དམ་འཆའ་ན་ནི་ཀུན་གཞི་རྣམ་པར་ཤེས་པ་གྲུབ་བོ། །གང་རྣམ་པར་སྨིན་པ་ཡང་མ་ཡིན་ལ་མངོན་པར་འདུ་བྱེད་པར་འཇུག་པ་ཡང་མ་ཡིན་པ་ཞེས་བྱ་བ་ལུང་དུ་མ་བསྟན་པ་ལྔ་པ་གཞན་དག་གིས་བརྟགས་
པ་དེ་ནི་ལུང་ལས་མི་འབྱུང་སྟེ། མདོ་དང་ཆོས་མངོན་པ་ལ་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་འགྲོ་བ་དེ་ལྡོག་པ་ཉིད་དུ་འགྱུར་ཞེས་བྱ་བས་ཀྱང་དེའི་ལན་བཏབ་ཟིན་ཏོ། །གང་ཡང་གཟུགས་དང་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཉིད་དུ་མདོ་སྡེ་པ་རྟོག་སྟེ།
དེ་འདི་སྙམ་དུ་གཟུགས་ཀྱི་སྐད་ཅིག་སྔ་མའི་མཇུག་ཐོགས་སུ་གཟུགས་ཀྱི་སྐད་ཅིག་ཕྱི་མ་འབྱུང་ལ། སེམས་ཀྱི་སྐད་ཅིག་སྔ་མའི་མཇུག་ཐོགས་སུ་ཡང་སེམས་ཀྱི་སྐད་ཅིག་མཚུངས་པར་ལྡན་པ་དང་བཅས་པ་ཕྱི་མ་འབྱུང་སྟེ། འདིར་ཀུན་གཞི་རྣམ་པར་ཤེས་པ་རྒྱུར་བརྟག་ཅི་དགོས་སྙམ་དུ་
སེམས་པ་དེ་གོང་མ་བཞིན་དུ་མི་འཐད་ཀྱི་སྟེང་དུ་ཞེས་བྱ་བས་སེལ་ཏོ། །གཟུགས་དང་སེམས་ནི་འགའ་ཞིག་ཏུ་རེས་འགའ་རྒྱུན་ཆད་པར་སྣང་བའི་ཕྱིར་རོ་ཞེས་ཇི་སྐད་བསྟན་པ་ལྟ་བུའོ། །གཞན་ཡང་དེའི་ལྟར་ན་གཟུགས་མེད་པ་ནས་ཤི་བའི་གཟུགས་ནི་གཟུགས་ཀྱི་ས་བོན་ལས་མི་འབྱུང་
เล่ม ๑๓๔ · หน้า 217a
སྟེ། འགགས་ནས་ཡུན་རིང་བའི་ཕྱིར་རོ། །འདུ་ཤེས་མེད་པ་ཤི་བ་དང་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའི་སེམས་ཀྱང་སེམས་ཀྱི་ས་བོན་ལས་འབྱུང་དུ་མི་རུང་སྟེ། འགགས་ནས་ཡུན་རིང་བའི་ཕྱིར་རོ། །ཡང་གལ་ཏེ་སེམས་ཐམས་ཅད་
ཀུན་གཞི་རྣམ་པར་ཤེས་པ་བཞིན་དུ་སེམས་གཞན་གྱི་ས་བོན་ཅན་དུ་ངེས་པར་འགྱུར་ན་ནི། དེས་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དགྲ་བཅོམ་པའི་ཐ་མའི་སེམས་མི་རུང་སྟེ། དེ་མ་ཐག་པའི་རྐྱེན་གྱི་དངོས་པོས་སེམས་གཞན་གྱི་ས་བོན་གྱི་དངོས་པོ་མི་
ཟད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཕུང་པོའི་ལྷག་མ་མེད་པ་མྱ་ངན་ལས་འདས་པ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་ཉེས་པ་ཆེན་པོ་མང་པོར་འགྱུར་བའི་ཕྱིར་རང་གི་དོན་ལྷུར་བྱེད་པས་མི་འདོད་བཞིན་དུ་ཡང་རྣམ་པར་སྨིན་
པའི་རྣམ་པར་ཤེས་པ་ངེས་པར་རྟོགས་པར་བྱ་སྟེ། འདི་ནི་ལྡན་པའི་རིགས་པའོ། །འདི་ལ་བྲལ་བའི་རིགས་པ་ཡང་ཡོད་དེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་སེམས་དང་ལྷན་ཅིག་འབྱུང་བ་སྟེ། རྣམ་པ་དང་བཅས་པའི་ཕྱིར་ཚོར་བ་ལ་སོགས་པ་བཞིན་ནོ། །ཚོར་བ་ལ་
སོགས་པ་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའི་སེམས་དང་ལྷན་ཅིག་འབྱུང་བའི་ཕྱིར་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པའི་རྒྱུས་སྒྲུབ་པ་ཡང་མ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པའི་དུས་ཀྱི་སེམས་ལས་བྱུང་བ་རྣམས་ཀྱང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་སེམས་དང་ལྷན་ཅིག་
འབྱུང་བས་ངེས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་དུ་ཟིན་ན་ཇི་ལྟར་འཇུག་པའི་རྣམ་པར་ཤེས་པ་ལ་གནས་པ་ལ་གནས་པར་འགྱུར་བ་མི་སྲིད་པ་དེ་ལྟར་ཚིགས་སུ་བཅད་པ་རྣམས་ཀྱིས་འདྲི་སྟེ་ཚིགས་སུ་སྦྱར་བ་བསྡེབས་ནས་བརྗོད་པའི་ཕྱིར་ཚིགས་སུ་བཅད་
པའོ། །བྱང་ཆུབ་སེམས་དཔའ་བཟང་པོའི་སེམས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ནི་བཤད་ཟིན་ཏོ། །བཟང་པོ་ཞེས་བྱ་བ་ནི་དགེ་བའོ། །རྣམ་པར་ཤེས་པ་ལྔ་སྤངས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །བསྩལ་བ་མེད་ལས་གཞན་པ་ཞེས་བྱ་བ་ལ། བསྩལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด