ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་སརྦ་དུཙྪ་ཡ་བྷཱ་ཥུཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๕ · หน้า 55a
དང་ཕན་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཡང་ཕྱིར་མི་ལྡོག་པ་དང་བདེ་བའི་ཕྱིར་ཕན་པ་དང་བདེ་བ་དང་གོ་རིམས་བཞིན་ནོ། །ལམ་གྱི་བདེན་པ་ནི་གང་གིས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདེན་པ་རྣམས་ལ་
འདིའི་བྱ་བའི་སྐབས་ཀྱིས་མཚན་ཉིད་བསྟན་པར་རིག་པར་བྱའོ། །ལམ་རྣམ་པ་ལྔ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་ལྔའི་སྐབས་ཀྱིའོ། །རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །དེ་ལ་ཚོགས་ཀྱི་ལམ་ནི་ཚུལ་ཁྲིམས་ལ་སོགས་པ་སྟེ།
དེ་ཡོངས་སུ་རྫོགས་པས་དྲོ་བར་གྱུར་པ་ལ་སོགས་པའི་གོ་རིམས་ཀྱིས་བདེན་པ་མཐོང་བར་བྱ་བ་དང་། དེ་ལ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་སེམས་ཀྱི་རྒྱུད་འོས་སུ་གྱུར་པ་འཐོབ་བོ། །གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་ཞེས་བྱ་བ་ནི་འགྱོད་པ་མེད་པ་ལ་སོགས་པར་རིག་པར་བྱའོ། །
དྲོ་བར་གྱུར་པ་ནི་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་མདོ་སྡེ་ལ་སོགས་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་དོན་སྣང་བར་གྱུར་པའི་ཞི་
གནས་དང་ལྷག་མཐོང་ནི་དྲོ་བར་གྱུར་པར་རིག་པར་བྱའོ། །དེ་འཕེལ་བ་ནི་རྩེ་མོ་སྟེ། དེའི་གང་ན་རྣམ་པར་གནས་པའི་ཕྱིར་རོ། །བཟོད་པ་ནི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཇི་ལྟར་ན་ཕྱོགས་གཅིག་ལ་ཞུགས་པ་ཡིན་ཞེ་ན། གཅིག་
ཏུ་གཟུང་བ་མེད་པར་བཟོད་པའི་ཕྱིར་རོ། །ཇི་ལྟར་ན་ཕྱོགས་གཅིག་གི་རྗེས་སུ་སོང་བ་ཡིན་ཞེ་ན། འཛིན་པ་མེད་པར་རྟོག་པའི་རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་གང་གི་འོག་ཏུ་ཐོག་མར་འཇིག་རྟེན་ལས་འདས་པའི་ལམ་མོ། །མཐོང་བའི་
ལམ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འོག་གི་རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་དུ་རིག་པར་བྱའོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པར་ཤེས་པའང་དེ་བཞིན་ཏེ་ཞེས་བྱ་བ་ནི་དེས་གཟུང་བ་དང་འཛིན་པ་མེད་པའི་དེ་
เล่ม ๑๓๕ · หน้า 55b
བཞིན་ཉིད་རྟོགས་པའི་ཕྱིར་རོ། །སོ་སོ་རང་ལ་སེམས་ཅན་གྱི་བརྡ་དང་ཆོས་ཀྱི་བརྡ་གསལ་བ་དང་། ཐམས་ཅད་དུ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའང་དེ་ཡིན་ནོ་ཞེས་བྱ་བ་ལ། སེམས་ཅན་གྱི་བརྡ་སོ་སོ་རང་གིས་གསལ་བ་ལ་དམིགས་པའི་ཆོས་ཤེས་
པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ལ་བདག་གི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །སོ་སོ་རང་ལ་ཆོས་ཀྱི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ཉིད་ལ་གཟུགས་ལ་སོགས་པའི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཐམས་
ཅད་དུ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཀྱི་མཚན་མ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་མཐོང་བའི་ལམ་ལ་རབ་ཏུ་དབྱེ་བ་ན་བདེན་པ་རྣམ་པ་བཅུ་དྲུག་སྟེ། ཆོས་དང་རྗེས་སུ་རྟོག་པ་ལ་བཟོད་པ་དང་ཤེས་པ་
རྣམས་སོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སྦྱོར་བའི་ལམ་ལ། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་མདོ་ལ་སོགས་པའི་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་དབང་དུ་བྱས་ནས་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་བདེན་
པ་ལ་དེའི་དེ་བཞིན་ཉིད་མངོན་སུམ་དུ་འགྱུར་བའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་ལྟ་བའི་རང་བཞིན་འབྱུང་སྟེ། དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་པའི་བག་ལ་ཉལ་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤང་ངོ་། །དེ་བས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་
བྱའོ། །བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་གནས་གྱུར་ནས་དེ་མ་ཐག་ཏུ་ཤེས་པ་གང་གིས་གནས་གྱུར་པ་དེ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །དང་པོའི་བཟོད་པ་དང་ཤེས་པ་འདི་གཉིས་ནི་སློབ་པ་དང་མི་སློབ་པའི་འཕགས་
པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དེ་ལས་དེ་དག་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་གཉིས་ནི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུའོ་ཞེས་དེ་ལ་དམིགས་ནས་སོ་སོ་རང་ལ་མངོན་སུམ་དུ་འགྱུར་བའི་ཟག་པ་མེད་པའི་ཤེས་རབ་ནི་སྡུག་བསྔལ་ལ་རྗེས་སུ་རྟོག་པར་ཤེས་
เล่ม ๑๓๕ · หน้า 56a
པའི་བཟོད་པའོ། །རྗེས་སུ་རྟོག་པར་ཤེས་པའི་བཟོད་པ་དང་དེ་ཤེས་པ་གང་གིས་མྱོང་བ་དེ་ནི་རྗེས་སུ་རྟོག་པའི་ཤེས་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་
ཕྱོགས་ཀྱི་ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དོ། །རྗེས་སུ་རྟོག་པའི་ཤེས་པའི་ཕྱོགས་ཀྱི་ཡུལ་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་འདི་སྐད་ཅེས་བྱ་སྟེ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོག་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་
རྟོགས་སོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་གང་མཚན་མ་མེད་པ་ལ་གནས་པའི་གང་ཟག་དྲུག་བཀའ་སྩལ་པ། དེ་ནི་བཟོད་པ་དང་ཤེས་པ་དེ་དག་ལ་གནས་པར་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པས་བསྡུས་པ་སེམས་ཀྱི་སྐད་ཅིག་བཅུ་
དྲུག་པོ་འདི་དག་ནི་མཐོང་བའི་ལམ་སྟེ། དེ་དག་གིས་སྔོན་མ་མཐོང་བའི་འཕགས་པའི་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་མཐོང་བའི་ཕྱིར་རོ། །འདིར་དངོས་པོ་མ་བྱུང་བ་བྱུང་བ་ཙམ་ལ་སེམས་ཀྱི་སྐད་ཅིག་ཏུ་རིག་པར་བྱ་བ་ནི་མ་ཡིན་གྱི། ཇི་ཙམ་དུ་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་
པར་འགྱུར་བ་ལ་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་གཅིག་གོ། །ཀུན་འབྱུང་ནི་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །གང་མཐོང་བའི་ལམ་ལས་བརྩམས་ཏེ། རྒྱ་ཆེར་རྣམ་པར་སྤྲོས་པ་དེ་ཐམས་ཅད་ནི་
རྣམ་པར་གཞག་པ་ཙམ་དུ་རིག་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །ལམ་གྱི་བདེན་པ་ཐམས་ཅད་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ་པར་གཞག་པ་དང་། རྣམ་པར་རྟོག་པ་དང་། མྱོང་བ་དང་། ཡོངས་སུ་རྫོགས་པའོ། །
དེ་ལ་རྣམ་པར་གཞག་པ་ནི་ཉན་ཐོས་ལ་སོགས་པས་ཇི་ལྟར་རང་གི་ཁོང་དུ་ཆུད་པ་མཐར་ཕྱིན་ནས། དེའི་རྗེས་ལ་ཐོབ་པའི་ཤེས་པས་གཞན་དག་ལ་གོ་བར་བྱ་བའི་ཕྱིར་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱིས་ལམ་གྱི་བདེན་པ་རྣམ་པར་འཇོག་སྟེ། བདེན་པ་རྣམས་ལ་བཟོད་པ་
เล่ม ๑๓๕ · หน้า 56b
དང་ཤེས་པ་ནི་འདི་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་མངོན་པར་རྟོགས་པ་ལ་ཞུགས་པའི་འཇིག་རྟེན་པའི་ཤེས་པས་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་རྣམ་པར་རྟོག་ཅིང་གོམས་པར་བྱེད་པའོ། །མྱོང་བ་ནི་དེ་ལྟར་གོམས་པར་བྱེད་པ་ན་མཐོང་བའི་ལམ་ཞེས་བརྗོད་པའི་
འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་གནས་སྐབས་གང་ཡིན་པ་དང་པོ་སོ་སོར་རང་གིས་མྱོང་བའོ། །ཡོངས་སུ་རྫོགས་པ་ནི་དེའི་འོག་ཏུ་གནས་གྱུར་པ་ཡོངས་སུ་རྫོགས་ནས་ཐོབ་པ་མཐར་ཕྱིན་པའི་བར་དུ་འཐོབ་པའོ། །ཐོབ་པ་མཐར་ཕྱིན་པ་དེ་དག་ནི་དེའི་རྗེས་ལ་ཐོབ་པའི་ཤེས་པས་ལམ་
གྱི་བདེན་པ་རྣམ་པར་འཇོག་གོ། །དེ་ལྟར་ན་རྣམ་པ་འདི་བཞི་ནི་ལམ་གྱི་འཁོར་ལོ་སྟེ། ཡང་དང་ཡང་གཞན་དང་གཞན་ལ་བརྟེན་ནས་འཇུག་པར་རིག་པར་བྱའོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་བྱ་བ་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་
དུ་མཛད་ནས་གསུངས་པ་སྟེ་ཞེས་བྱ་བ་དེ་ནི་ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་དེ། དེ་དག་གིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ནི་དྲི་མ་དང་བྲལ་སྟེ།
དེ་དག་ནི་དེའི་སྒྲིབ་པའི་དྲི་མ་སྤངས་པའི་གནས་སུ་སྐྱེས་པའི་ཕྱིར་རོ། །ཡང་བཟོད་པ་དང་ཤེས་པའི་གནས་སྐབས་འདི་གཉིས་ནི་གོ་རིམས་བཞིན་དུ་ཡོངས་སུ་ཤེས་པ་དང་སྤངས་པའི་ལམ་གྱི་རྣམ་པར་དག་པའི་དབང་དུ་བྱས་པ་སྟེ། རྡུལ་མེད་པ་དང་དྲི་མ་དང་བྲལ་བར་རིག་པར་བྱའོ། །ཆོས་
མཐོང་བ་ཞེས་པ་ལ་སོགས་པ་ཡང་མཐོང་བའི་ལམ་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱ་སྟེ། འདུལ་བ་རྣམས་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བའི་འོག་ཏུ་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ནི་ཆོས་མཐོང་སྟེ་དེ་དག་གིས་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཆོས་
ཤེས་པ་རྣམས་ཀྱིས་ཆོས་ཐོབ་སྟེ། ཆོས་ཤེས་པ་རྣམས་ཀྱི་གནས་གྱུར་པ་མངོན་སུམ་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོག་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་སྟེ། དེ་དག་གིས་འདི་ནི་འཕགས་པའི་ཆོས་ཀྱི་རྒྱུའོ་ཞེས་དེ་གཉིས་རིག་པའི་ཕྱིར་རོ། །རྗེས་སུ་རྟོག་པའི་ཤེས་པ་རྣམས་ཀྱིས་
เล่ม ๑๓๕ · หน้า 57a
ཆོས་རྟོགས་ཏེ། དེ་དག་གིས་ཤེས་བྱ་ཇི་སྙེད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོམ་ཉི་ལས་བརྒལ་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་ཐོབ་པས་ཡུན་རིང་པོ་ནས་འདོད་པ་རང་གིས་ཐོབ་པ་ལ་ཐེ་ཚོམ་མེད་པའི་
ཕྱིར་རོ། །ཐམས་ཅད་ཀྱི་གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ་ཏེ། དེའི་དུས་ན་གཞན་དག་གིས་ཀྱང་ཁྱད་པར་ཐོབ་པ་ལ་ཡིད་གཉིས་ཟ་བ་མེད་པའི་ཕྱིར་རོ། །ལམ་བསྒོམ་པ་ལ་གཞན་གྱི་དྲིང་མི་འཇོག་པ་ནི་གཞན་ལ་ལུང་མནོས་པ་མེད་པར་ཡང་བདག་ཉིད་ཀྱིས་མཁས་པའི་ཕྱིར་རོ། །
གཞན་གྱིས་མི་བཀྲི་བ་ནི་ཤེས་ནས་དད་པ་ཐོབ་པས་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་ལ་ཡང་སྟོན་པའི་བསྟན་པ་ལས་མི་འཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་འཇིགས་པ་ཐོབ་པ་ནི་ཐོབ་པ་ལས་བརྩམས་ནས་ཡོངས་སུ་དྲི་བའི་ཆོས་རྣམས་དང་ལུང་བསྟན་པའི་ཆོས་རྣམས་ལ་སྡིག་
པ་འདོད་པ་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ཞུམ་པ་མེད་པའི་ཕྱིར་རོ།། །།བམ་པོ་དྲུག་པ། བསྒོམ་པའི་ལམ་ནི་འཕགས་པ་ཉན་ཐོས་བདེན་པ་རྣམས་མངོན་པར་རྟོགས་པ་དང་ལྡན་པའིའོ། །དེའི་གོང་དུ་གྱུར་པ་ནི་ཀུན་ཏུ་སྦྱོར་བ་ལྷག་མ་སྤངས་པའི་ཕྱིར་ཞུགས་པ་སྟེ།
གང་འཇིག་རྟེན་པ་ལ་སོགས་པའི་ལམ་མོ། །དེ་ལ་འཇིག་རྟེན་པའི་ལམ་ནི་བསམ་གཏན་རྣམས་དང་གཟུགས་མེད་པ་རྣམས་སོ། །བསམ་གཏན་དང་གཟུགས་མེད་པ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་དང་། རྣམ་པར་དག་
པས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་སྟེ། དེ་དག་གིས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་བ་རྣམས་ཀྱི་ཉོན་མོངས་པའི་བསམ་གཏན་གྱི་སྒོ་ནས་གཟུགས་དང་གཟུགས་མེད་པ་
ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྒྲིབས་པའི་ལུང་དུ་མི་སྟོན་པར་འགྱུར་བའི་ཕྱིར་རོ། །དེ་ལ་སྲེད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་ཏེ། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་
เล่ม ๑๓๕ · หน้า 57b
གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ། དེས་ཁྱད་པར་དུ་ཐོབ་ན་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་
རིག་པ་ནི་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་སྟེ། དེ་ཁོ་ན་མ་གཏོགས་པས་ཐར་པ་འདོད་པ་ཁྱད་པར་དེ་ཐོབ་པ་ལ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །རྣམ་པར་བྱང་བ་ཇི་ལྟ་བུ་ཞེ་ན་དག་པའི་བསམ་གཏན་དང་། གཟུགས་མེད་པ་འཇིག་
རྟེན་པ་རྣམས་ཀྱང་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་ན་རྣམ་པར་བྱང་བ་ཞེས་བྱའོ། །རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན་བསམ་གཏན་རྣམས་ནི་ཡན་ལག་དང་། སྙོམས་པར་འཇུག་པ་དང་ཚད་དང་། མིང་དུ་གདགས་པའི་བྱེ་བྲག་གིས་རྣམ་པ་བཞིར་རྣམ་པར་གཞག་གོ། །
གཟུགས་མེད་པ་རྣམས་ནི་ཡན་ལག་མ་གཏོགས་པ་རྣམ་པ་གསུམ་མོ། །གང་གི་དབང་དུ་བྱས་ནས་ཆོས་གཞན་དག་ཀྱང་ཡོད་བཞིན་དུ་རྟོག་པ་ལ་སོགས་པ་ཁོ་ན་བསམ་གཏན་རྣམས་ལ་ཡན་ལག་ཉིད་དུ་རྣམ་པར་གཞག་ཅེ་ན། དེ་ཙམ་གྱིས་གཉེན་པོ་དང་། ཕན་ཡོན་དང་། དེ་གཉི་གའི་
གནས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་རྟོག་པ་དང་། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་འདོད་པ་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་
གྱི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོག་པ་ལ་སོགས་
པ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། དེ་རྟོག་པ་དང་དཔྱོད་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་ལ་སྔ་མ་བཞིན་ནོ། །བསམ་གཏན་
เล่ม ๑๓๕ · หน้า 58a
གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་། ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་དགའ་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་དང་གོ་རིམས་བཞིན་ནོ། །བསམ་གཏན་བཞི་པ་ལ་
བཏང་སྙོམས་ཡོངས་སུ་དག་པ་དང་དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་བདེ་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་
གོ། །ཇི་ལྟར་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་དུ་འགྱུར་ཞེ་ན། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གི་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་ལྟ་བས་རགས་པའི་མཚན་ཉིད་རབ་ཏུ་རིག་པ་སྟེ། དེ་མེད་པའི་ཕྱིར་བསམ་
གཏན་དང་པོ་ལ་ཞི་བའི་མཚན་ཉིད་དོ། །འདི་ནི་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་སེམས་པ་དང་འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང་སེམས་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པས་དེའི་རགས་པ་དང་ཞི་བའི་མཚན་ཉིད་
ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཡང་ཇི་ལྟར་ཡོངས་སུ་བསལ་བ་རགས་པ་དང་ཞི་བ་ཉིད་དུ་མོས་ཏེ། འདི་ནི་མོས་པ་ལས་བྱུང་བ་ཞེས་བའོ། །དེ་གོམས་པས་ཐོག་མ་ཁོ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པ་ལས་བྱུང་
བ་སྟེ། དེས་ཉོན་མོངས་པའི་རྣམ་པ་ཆེན་པོ་སྤངས་པ་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་། སྤོང་བ་ལ་ཕན་ཡོན་དུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་ངུ་རེག་ནས་དུས་དུས་སུ་དང་
བར་འགྱུར་བའི་ཡིད་ལ་བྱེད་པ་ཇི་ཙམ་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པ་ཞེས་བྱའོ། །དེ་ལྟར་ལེགས་པར་ཞུགས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་བརྟེན་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་
เล่ม ๑๓๕ · หน้า 58b
ཀུན་ནས་མི་འབྱུང་བས། དེ་སྤངས་སམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་འབྱུང་བ་དང་མཐུན་པའི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ནི་དཔྱོད་པའི་ཡིད་ལ་བྱེད་པའོ། །དེས་དེ་ལྟར་དཔྱད་ནས་གཉེན་པོ་བསྒོམས་པས་དུས་དེ་སྲིད་ཅིག་པའི་ཚུལ་གྱིས་
འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཐའོ། །དེའི་འོག་ཏུ་དངོས་གཞིའི་བསམ་གཏན་དང་པོར་གྱུར་པ་ནི་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་
མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱ་བ་དང་། ཐོབ་པར་བྱ་བ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་འཇོག་གོ། །མོས་པ་ལས་བྱུང་བ་ནི་དེའི་འོག་ཏུ་ཡང་དག་པར་སྦྱོར་བ་ཙམ་མོ། །རབ་ཏུ་དབེན་པ་ལས་བྱུང་བས་ནི་ཀུན་ནས་ཉོན་མོངས་པ་ཆེན་པོ་
རྣམས་རབ་ཏུ་སྤོང་ངོ་། །དགའ་བ་སྡུད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་དུ་སྤོང་ངོ་། །དཔྱོད་པས་ནི་ཐོབ་པར་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བའི་མཐས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུ་རབ་ཏུ་སྤོང་ངོ་། །སྦྱོར་བའི་མཐའི་འབྲས་བུས་ནི་ཡིད་ལ་
བྱེད་པ་ལེགས་པར་བསྒོམས་པ་འདི་དག་གིས་བསྒོམས་པའི་འབྲས་བུ་མྱོང་བར་བྱེད་དོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་རྣམ་པ་བདུན་ཇི་ལྟ་བ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་པའི་ཕྱིར་ཡང་ཇི་ལྟར་
མཐུན་མཐུན་དུ་སྦྱར་བར་བྱའོ། །རགས་པའི་མཚན་ཉིད་ནི་ས་འོག་མ་ཐམས་ཅད་དེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རབ་ཏུ་མ་ཞི་བར་གནས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་དང་། ཤིན་ཏུ་ཚེ་ཐུང་བའོ། །དེ་ལས་
བཟློག་སྟེ་ས་གོང་མ་ནི་ཞི་བའི་མཚན་ཉིད་དུ་རིག་པར་བྱའོ། །ཚད་རྣམ་པར་གཞག་པ་ཞེས་བྱ་བ་ལ། བསམ་གཏན་རྣམས་ནི་ཆུང་ངུ་དང་འབྲིང་དང་ཆེར་ཡོངས་སུ་བསྒོམ་པའི་ཕྱིར་རོ། །རེ་རེ་ལ་ཡང་བསམ་གཏན་གྱི་སྐྱེ་བ་གསུམ་གསུམ་ནི་འབྲས་བུ་ཡིན་ཏེ། འདི་ལྟ་སྟེ་ཚངས་རིས་དང་།
เล่ม ๑๓๕ · หน้า 59a
ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གོང་དུ་བཤད་པའོ། །གཟུགས་མེད་པ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་གནས་པ་མེད་པའི་ཕྱིར་དེ་ལྟར་སྐྱེ་བའི་བྱེ་བྲག་རྣམ་པར་གཞག་པ་མེད་དེ། འོན་ཀྱང་དེ་དག་ཆུང་ངུ་
ལ་སོགས་པ་ཡོངས་སུ་བསྒོམས་པ་རྣམས་ཀྱིས་སྐྱེ་བ་ལ་ཚེ་ལ་སོགས་པའི་ཁྱད་པར་གྱིས་མཐོན་པོ་དང་དམའ་བ་དང་། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས་ངན་པ་དང་བཟང་པོ་ནི་ཡོད་དོ། །མིང་དུ་གདགས་པ་རྣམ་པར་གཞག་པ་ནི་བསམ་གཏན་བཞིའི་རབ་ཏུ་
དབྱེ་བའི་ཏིང་ངེ་འཛིན་རྣམས་ཀྱི་མིང་གྲངས་མེད་པ་དང་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། འདི་ལྟར་བསམ་གཏན་དང་པོས་བསྡུས་པ་ཇི་སྙེད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དེ་དག་གི་མིང་
ཡང་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ན། དེ་དག་གི་གྲངས་ཤེས་པར་འགྱུར་བའམ་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཏིང་ངེ་འཛིན་བརྒྱ་ལྷགཅིག་བསྟན་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་
གཞན་དེ་དང་དེ་དག་ནས་འབྱུང་བའོ། །རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་དང་གཟུགས་མེད་པ་རྣམས་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་འདོད་པ་བཞིན་དུ་འཐོབ་པ་ལ་སོགས་པས་ལས་སུ་
རུང་བ་མཆོག་ཏུ་ཕྱིན་པར་ཁྲིད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་བསྒོམ་པའི་ལམ་ལ་བརྒྱད་དེ། སྡུག་བསྔལ་ལ་སོགས་པ་ལ་ཆོས་དང་རྗེས་སུ་རྟོག་པའི་ཤེས་པ་རྣམས་ཏེ། ཇི་ལྟར་མཐོང་བའི་ལམ་ལ་བསྟན་པ་རྣམས་སོ། །དེ་དག་དང་མཚུངས་པར་ལྡན་པའི་
ཏིང་ངེ་འཛིན་ནི་མི་ལྕོགས་པ་མེད་པས་བསྡུས་པའམ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བས་འཕགས་པའི་ལམ་མཆོག་ཏུ་གསལ་བའི་གནས་མ་ཡིན་པའི་ཕྱིར་
เล่ม ๑๓๕ · หน้า 59b
གཅིག་ཏུ་འཇིག་རྟེན་པར་རིག་པར་བྱའོ། །དེའི་ཕྱིར་དེའི་འདུ་ཤེས་དམན་པས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འཕགས་པའི་ལམ་མེད་པ་དེ་ཇི་ལྟར་ཤེས་ཤེ་ན། འདི་ལྟར་བཅོམ་ལྡན་འདས་
ཀྱིས་ཇི་ཙམ་དུ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་དེ་ཙམ་དུ་ཀུན་ཤེས་པས་རྟོགས་སོ་ཞེས་གསུངས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ནི།
ཐོག་མ་ཉིད་དུ་སྐྱེད་ཅེས་བྱ་བའི་ཐ་ཚིག་སྟེ། སྔར་སྐྱེ་ན་མི་རྣམས་ཀྱི་ནང་དུ་ཚེ་དེ་ཉིད་དམ་གཟུགས་ཀྱི་ཁམས་སུ་སྐྱེས་ནས་མངོན་དུ་འགྱུར་རོ། །འཕགས་པ་ཉན་ཐོས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་སྟེ། གཟུགས་མེད་པ་ཐོབ་པ་གཟུགས་ཀྱི་ཁམས་སུ་ཇི་ལྟར་སྐྱེ་ཞེ་ན། གཟུགས་
ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ངེས་པ་མེད་དོ། །དེའི་ཕྱིར་གང་གཟུགས་ལ་འདོད་ཆགས་དང་བྲལ་བ་དེ་ཐམས་ཅད་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་ལ། གང་ཡང་གཟུགས་མེད་པ་ཞི་བ་རྣམ་པར་
ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་དེ་ཐམས་ཅད་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནམ་ཞེ་ན། མུ་བཞིར་འགྱུར་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བ་ནི་མུ་དང་པོའོ། །བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་
པར་སྐྱེ་བ་དོན་དུ་མི་གཉེར་བ་ལ་སྤོང་བའི་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ་གཟུགས་མེད་པ་ཞི་བ་རྣམས་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གཉིས་པའོ། །དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ་གནས་ཏེ་གཟུགས་མེད་པ་ཞི་
བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གསུམ་པའོ། །རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པའོ། གཟུགས་མེད་པར་སྐྱེས་པ་རྣམས་ལ་ཅིའི་ཕྱིར་མངོན་སུམ་དུ་མི་འགྱུར་ཞེ་ན། ཞི་བར་གནས་པས་གནས་པར་འདོད་པའི་འཕགས་པ་རྣམས་མིའི་ནང་དུ་དེ་
เล่ม ๑๓๕ · หน้า 60a
མངོན་པར་བསྒྲུབས་ནས་མངོན་སུམ་དུ་བྱེད་དོ། །གཟུགས་མེད་པར་སྐྱེས་པ་དེ་དག་ནི་བསྒྲིམ་མི་དགོས་པར་རྣམ་པར་སྨིན་པ་ལས་བྱུང་བ་མཆོག་ཏུ་ཞི་བ་རྣམ་པར་ཐར་པ་ལ་གནས་པས་གནས་པ་སྟེ། དེའི་ཕྱིར་དེ་མངོན་སུམ་དུ་བྱ་བའི་དོན་དུ་ཡང་འབད་པ་མི་
རྩོམ་མོ། །ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་རེ་རེ་ལ་ཡང་ཆུང་ངུ་ལ་སོགས་པས་རྣམ་པ་གསུམ་དུ་ཕྱེ་ནས་རྣམ་པ་དགུར་རྣམ་པར་གཞག་སྟེ། བསྒོམས་པས་སྤང་བར་བྱ་བ་རྣམ་པ་རིམ་གྱིས་སྤང་བ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པ་ཆེན་པོའི་ཆེན་པོ་
སྤང་ཞེ་ན། དེ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤིན་ཏུ་བྲལ་ཞིང་འཛེམ་པ་མེད་པའི་སེམས་ཀྱི་རྒྱུད་ལ་ཀུན་དུ་འབྱུང་བས་དེ་རྟོགས་པར་སླ་ཞིང་ཡོངས་སུ་གཅད་པར་སླ་བ་སྟེ། དེའི་ཕྱིར་དེ་ནི་དྲི་མ་ཆེ་ལོང་བཞིན་དུ་གཉེན་པོ་ཆུང་ངུས་སེལ་ཏོ། །གང་ཡོངས་སུ་གཅད་པར་དཀའ་བར་
ཀུན་ཏུ་འབྱུང་ཞིང་ཕྲ་ལ་རྒྱུད་ལ་ཞེན་པའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་དེ་ནི་དྲི་མ་ཆུང་ངུ་བཞིན་དུ་གཉེན་པོ་ཆེན་པོའི་སྟོབས་ཀྱིས་སེལ་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལས་བཟློག་ནས་གཉེན་པོའི་ཕྱོགས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །སྦྱོར་བའི་ལམ་ནི་ལམ་གང་
བསྒོམས་པས་ཆེན་པོའི་ཡང་ཆེན་པོ་ལ་སོགས་པ་ཉོན་མོངས་པའི་རྣམ་པའི་བྱེ་བྲག་དང་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་རེ་རེ་དང་བྲལ་བའི་ཕྱིར་རིམ་གྱིས་གནས་གྱུར་པ་དེ་ནི་བསྒོམ་པའི་ལམ་ལ་སྦྱོར་བའི་ལམ་ཞེས་བྱའོ། །གང་གི་འོག་ཏུ་དེ་ཉོན་མོངས་པའི་བྱེ་བྲག་གི་རྣམ་པ་དང་
ཕྱོགས་ཀྱི་གནས་ངན་ལེན་མ་ལུས་པ་དང་བྲལ་བའི་ཕྱིར་དེས་གནས་ངན་ལེན་མེད་པར་གནས་གྱུར་པ་དེ་ནི་བར་ཆད་མེད་པའི་ལམ་མོ། །རྣམ་པར་གྲོལ་བའི་ལམ་ནི་གང་གིས་གནས་གྱུར་པ་དེ་སོ་སོར་རང་གིས་མྱོང་བའོ། །ཁྱད་པར་གྱི་ལམ་ནི་དེའི་འོག་ཏུ་ཉོན་མོངས་པ་ལྷག་མ་སྤོང་
བར་བྱེད་པའི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གང་ཡིན་པའོ། །རྣམ་གྲངས་གཞན་དུ་ན་ཁྱད་པར་གྱི་ལམ་ནི་ཉོན་མོངས་པ་སྤོང་བར་སྦྱོར་བ་བཏང་སྟེ། མདོ་ལ་སོགས་པའི་ཆོས་སེམས་པའམ་སྔར་བསམ་པ་དང་ཁོང་དུ་ཆུད་པའི་ཆོས་ལ་སོ་སོར་རྟོག་པའི་
เล่ม ๑๓๕ · หน้า 60b
གནས་པས་གནས་པའམ། སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པའི་ལམ་གང་ཡིན་པའོ། །ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའམ་དེ་དག་གི་གནས་པའི་ལམ་གང་ཡིན་པའོ། །དེ་ལྟར་བསྒོམ་པའི་ལམ་རྒྱ་ཆེར་བཤད་
ནས་དེའི་ཞར་ལ་བྱུང་བའི་ལམ་བསྒོམ་པ་བརྗོད་པར་བྱའོ། །ལམ་བསྒོམ་པ་རྣམ་པ་བཞི་ནི་ཡང་དག་པར་སྤོང་བའི་དབང་དུ་བྱས་པ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ནི་ཐོབ་པར་བྱ་བའི་དོན་དུ་བསྒོམ་པ་སྟེ། དེས་དགེ་བའི་ཆོས་མ་ཐོབ་པ་
རྣམས་ཐོབ་པའི་ཕྱིར་རོ། །བརྟེན་པ་བསྒོམ་པ་ནི་བརྟེན་པ་ཉིད་བསྒོམ་པ་སྟེ། དགེ་བའི་ཆོས་ཐོབ་པ་གོམས་པར་བྱེད་པའི་ཕྱིར་རོ། །བསལ་བའི་ཕྱིར་བསྒོམ་པ་ནི་བསལ་བའི་དོན་དུ་བསྒོམ་པ་སྟེ། ཀུན་འབྱུང་བའི་གནས་སྐབས་སུ་མི་དགེ་བའི་ཆོས་སེལ་བའི་ཕྱིར་རོ། །གཉེན་
པོ་བསྒོམ་པ་ནི་གཉེན་པོ་ལ་བསྒོམ་པ་སྟེ། མ་འོངས་པའི་མི་དགེ་བའི་ཆོས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་འཕགས་པའི་ལམ་སྐྱེ་བ་ན་རང་གི་བག་ཆགས་འཇོག་པ་དེ་ནི་བག་ཆགས་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་སྟེ། དེ་ལས་དེའི་རྒྱུ་ལས་བྱུང་བ་
རྣམས་ཆེར་འབར་བར་འབྱུང་བའི་ཕྱིར་རོ། །ལམ་དེ་ཉིད་མངོན་དུ་བྱེད་པ་ནི་བརྟེན་པའི་བསྒོམ་པའོ། །དེས་རང་གི་མི་མཐུན་པའི་ཕྱོགས་ཀྱི་གནས་ངན་ལེན་འགོག་པར་བྱེད་པ་ནི་བསལ་བའི་ཕྱིར་བསྒོམ་པའོ། །གནས་འགྱུར་བའི་ཕྱིར་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་དེ་ནི་
གཉེན་པོ་བསྒོམ་པའོ། །ཡང་གཉེན་པོ་ནི་རྣམ་པར་སུན་འབྱིན་པ་ལ་སོགས་པ་རྣམ་པ་བཞིར་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི། ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པ་
རྣམས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ། །སྤོང་བའི་གཉེན་པོ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ཏེ། དེ་དག་གི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །རྟེན་གཉིས་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ། དེ་དག་གིས་སྤོང་བའི་ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་
เล่ม ๑๓๕ · หน้า 61a
རོ། །ཐག་བསྲིང་བའི་གཉེན་པོ་ནི་དེའི་གོང་མའི་ལམ་སྟེ། དེས་སྔོན་སྤངས་པའི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ། །ཡང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་བྱེ་བྲག་གིས་ལམ་རྣམ་པ་བཅུ་གཅིག་ཏུ་རྣམ་པར་གཞག་སྟེ། འདི་ལྟ་སྟེ།
དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཏེ། དེས་ཐོག་མ་ཉིད་དུ་མི་གཙང་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་
པར་སྤོང་བ་རྣམས་ཏེ། དེ་ལྟར་དངོས་པོ་རྣམས་ལ་ཡོངས་སུ་བརྟགས་ནས་དེས་སྒྲིབ་པ་སྤངས་པའི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལྟར་སྒྲིབ་པ་ཡོངས་སུ་སྦྱངས་པ་ནི་འདིས་འདུན་པ་དང་
བརྩོན་འགྲུས་དང་སེམས་དང་དཔྱོད་པའི་སྒོ་ནས་ཏིང་ངེ་འཛིན་རྣམས་ཀྱིས་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པར་བྱ་བའི་སྦྱོར་བའི་ལམ་ནི་དབང་པོ་རྣམས་ཏེ། དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པ་ནི་དེས་འཕགས་པའི་ལམ་ཡང་དག་པར་སྒྲུབ་པའི་ཕྱིར་
དབང་བྱེད་པར་གྱུར་པ་དྲོ་བར་གྱུར་པ་དང་རྩེ་མོ་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི་སྟོབས་རྣམས་ཏེ། དེ་ལྟར་དབང་བྱེད་པ་ཐོབ་པ་ནི་ལྔ་པོ་འདིས་དེ་མ་ཐག་ཏུ་བདེན་པ་རྟོགས་པར་བྱ་བའི་ཕྱིར་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་མི་ནོན་པ་
བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེས་ཐོག་མ་ཁོ་ནར་སོ་སོ་རང་གིས་དེ་ཁོ་ནར་མངོན་དུ་ཡང་དག་པར་རྟོགས་པའི་ཕྱིར་རོ། །རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ནི་འཕགས་པའི་
ལམ་ཡན་ལག་བརྒྱད་པ་སྟེ། དེའི་འོག་ཏུ་དེས་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་རྣམ་པར་དག་པར་བྱ་བར་ངེས་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་འདི་དག་གི་གོ་རིམས་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱའོ། །གནས་དང་དབང་པོ་ཐ་
เล่ม ๑๓๕ · หน้า 61b
དད་པའི་ལམ་ནི་ལམ་བཞི་སྟེ། དེ་ལ་དཀའ་བའི་ལམ་ནི་མི་ལྕོགས་པ་མེད་པ་དང་། གཟུགས་མེད་པ་ལ་བརྟེན་པ་སྟེ། གོ་རིམས་བཞིན་དུ་ཞི་གནས་དང་ལྷག་མཐོང་ཞན་པའི་ཕྱིར་རོ། །སླ་བ་ནི་བསམ་གཏན་ལ་བརྟེན་པ་སྟེ། ཟུང་དུ་འབྲེལ་པར་འཇུག་པའི་ཕྱིར་
རོ། །མངོན་པར་ཤེས་པ་བུལ་བ་ནི་དཀའ་བ་དང་སླ་བའི་གནས་འདི་གཉིས་ལ་སྟེ། དབང་པོ་རྟུལ་པོ་རྣམས་ཀྱིའོ། །མངོན་པར་ཤེས་པ་མྱུར་བ་ནི་འདི་གཉིས་ཉིད་ལ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིའོ། །བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ་ནི་ཆོས་ཀྱི་གནས་བཞི་སྟེ།
དེ་ལ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་གཉིས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་སྦྱོང་བ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་བསླབ་པའི་གནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པས་ནི་ལྷག་པའི་སེམས་
ཀྱི་བསླབ་པ་ཡོངས་སུ་སྤྱོད་པ་སྟེ། དམིགས་པ་མ་བརྗེད་པ་ནི་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་སྦྱོང་སྟེ། སེམས་མཉམ་པར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །ཡོན་
ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ་འབྱོར་གྱི་ལམ་ནི་ཞི་གནས་དང་ལྷག་མཐོང་སྟེ། དེ་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ། །ལམ་སྡུད་པའི་ལམ་ནི་དབང་པོ་གསུམ་པོ་དག་སྟེ། དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་
དབང་པོས་ནི་སྦྱོར་བ་དང་མཐོང་བའི་ལམ་སྡུད་དོ། །ཀུན་ཤེས་པའི་དབང་པོས་ནི་བསྒོམ་པའི་ལམ་སྡུད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་མཐར་ཕྱིན་པའི་ལམ་སྡུད་དོ། །ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། དམིགས་
པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུས་སོ། །དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་ནི་ལུས་དང་། ཚོར་བ་དང་སེམས་དང་ཆོས་རྣམས་ཏེ། གོ་རིམས་བཞིན་ནོ། །ཅིའི་ཕྱིར་འདི་དག་དམིགས་པར་རྣམ་པར་གཞག་ཅེ་ན།
เล่ม ๑๓๕ · หน้า 62a
འདི་ལྟར་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཕལ་ཆེར་དབང་པོ་དང་བཅས་པའི་ལུས་ལ་བརྟེན་ནས་བདེ་བ་ལ་སོགས་པ་ལ་སྤྱོད་པ་ན་དམིགས་པའི་མཚན་ཉིད་ཀྱི་བདག་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པས་ཀུན་ནས་ཉོན་མོངས་པར་འགྱུར་བ་
དང་རྣམ་པར་བྱང་བར་འགྱུར་བར་རྟོགས་ཏེ། དེའི་ཕྱིར་ཐོག་མ་ཉིད་དུ་དངོས་པོའི་མཚན་ཉིད་དེ། ལེགས་པར་ཡོངས་སུ་བརྟགས་པའི་ཕྱིར་དམིགས་པ་རྣམ་པ་བཞི་རྣམ་པར་གཞག་པར་རིག་པར་བྱའོ། །ངོ་བོ་ཉིད་ནི་ཤེས་རབ་དང་དྲན་པ་སྟེ། ལུས་ལ་སོགས་པ་ལ་རྗེས་སུ་ལྟ་བ་ཞེས་འབྱུང་བ་
དང་། དྲན་པ་ཉེ་བར་གཞག་པ་ཞེས་འབྱུང་བའི་ཕྱིར་གོ་རིམས་བཞིན་ནོ། །གྲོགས་ནི་དེ་གཉི་ག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །བསྒོམ་པ་ནི་ནང་དང་ཕྱིའི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་བའོ། །དེ་ལ་ནང་གི་ལུས་ནི་
མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཏེ། ནང་གི་སྐྱེ་མཆེད་ཀྱིས་བསྡུས་པ་དང་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །ཕྱིའི་ལུས་ནི་ཕྱི་རོལ་གྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་དང་། སེམས་ཅན་གྱི་གྲངས་
སུ་མ་གཏོགས་པའི་ཕྱིར་རོ། །ནང་དང་ཕྱིའི་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དང་འབྲེལ་བའི་གཟུགས་ལ་སོགས་པའི་སྐྱེ་མཆེད་དབང་པོའི་གནས་སུ་གྱུར་པ་རྣམས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་ཕྱིའི་སྐྱེ་མཆེད་ཀྱིས་སྡུད་པའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་ཡོད་པའི་ནང་
གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་ནང་དང་ཕྱིའི་ལུས་ཏེ། སྐྱེ་མཆེད་རྣམ་པར་གཞག་པ་དང་། རྒྱུད་རྣམ་པར་གཞག་པ་བརྩོན་པར་བྱས་པའི་ཕྱིར་རོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་ལུས་ལ་ལུས་དང་འདྲ་བར་ལྟ་བ་སྟེ། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་གཟུགས་མཐོང་བ་
དང་མཐུན་པར་རང་གཞིན་གྱི་གཟུགས་ཀྱི་ལུས་ངེས་པར་འཛིན་པའི་ཕྱིར་རོ། །ནང་གི་ཚོར་བ་ལ་སོགས་པ་ནི་ནང་གི་ལུས་ལ་བརྟེན་ནས་འབྱུང་བ་རྣམས་ཏེ། མིག་ལ་སོགས་པ་ལ་དམིགས་པ་དང་རང་གི་གནས་ལས་བྱུང་བའི་ཕྱིར་རོ། །ཕྱིའི་ཚོར་བ་ལ་སོགས་པ་ནི་ཕྱི་རོལ་གྱི་ལུས་ལ་བརྟེན་
เล่ม ๑๓๕ · หน้า 62b
ནས་འབྱུང་བ་རྣམས་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་དང་གཞན་གྱི་གནས་ལས་བྱུང་བའི་ཕྱིར་རོ། །ནང་དང་ཕྱིའི་ཚོར་བ་ལ་སོགས་པ་ནི་ནང་དང་ཕྱིའི་ལུས་ལ་བརྟེན་ནས་འབྱུང་བ་རྣམས་ཏེ། རང་གི་རྒྱུད་ལ་ཡོད་པའི་ཕྱིའི་སྐྱེ་མཆེད་ལ་དམིགས་པ་དང་། གཞན་གྱི་རྒྱུད་ལ་ཡོད་
པའི་ནང་གི་སྐྱེ་མཆེད་ལ་དམིགས་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་རྗེས་སུ་ལྟ་བ་ཡང་དེ་བཞིན་ཏེ། ཅི་རིགས་སུ་སྦྱར་རོ་ཞེས་པ་ནི་བློ་ལ་སྣང་བ་དང་ཁྱད་པར་མེད་པ་བསྒོམ་པ་ཞེས་བྱའོ། །འདུན་པ་ལ་སོགས་པ་དགུ་པོ་འདི་དག་ནི་དྲན་པ་ཉེ་བར་གཞག་པའི་ཡན་ལག་གོ། །སེམས་ཞུམ་
པ་ནི་ཁྱད་པར་ཐོབ་པར་བྱ་བ་ལ་བདག་དམན་པར་སེམས་པའི་སྒོ་ནས་སྒྱིད་ལུག་པའོ། །གནོད་པས་ཡོངས་སུ་སྐྱོ་བ་ནི་ཤ་སྦྲང་དང་སྦྲང་བུ་ལ་སོགས་པའི་གནོད་པས་ཉེན་པ་མི་བཟོད་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་དགེ་བའི་ཕྱོགས་འདི་ཙམ་གྱིས་ཆོག་གོ་ཞེས་ཕྱིར་བཟློག་པའོ། །
ལྟུང་བས་ཡིད་ལ་གཅགས་པས་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ཤེས་བཞིན་མེད་པར་སྤྱོད་པ་སྟེ། སྔར་བསླབ་པ་དང་འགལ་ནས་ཕྱིས་འགྱོད་པའོ། །བརྩོན་པ་འདོར་བ་ནི་བག་མེད་པའི་ཉེས་པས་དགེ་བའི་ཕྱོགས་ཇི་ལྟར་བརྩམས་པ་ལ་སྦྱོར་བ་མཐར་མི་འབྱིན་པའོ། །འབྲས་བུ་ནི་
གོ་རིམས་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་གཙང་བ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་སྤང་བ་སྟེ། མི་སྡུག་པ་བསྒོམ་པའི་ཕྱིར་རོ། །གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་བར་ཤེས་པའི་ཕྱིར་རོ། །གནས་དང་དམིགས་པ་ལ་སོགས་
པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་རྟོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆོས་ཙམ་དུ་ཟད་དེ་བྱེད་པ་མེད་པར་ཡོངས་སུ་རྟོགས་པའི་ཕྱིར་རོ། །ཡང་འདི་དག་གི་འབྲས་བུ་ནི་གོ་རིམས་བཞིན་དུ་བདེན་པ་བཞི་ལ་འཇུག་
སྟེ། ལུས་དྲན་པ་ཉེ་བར་གཞག་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ལྟར་དེའི་གཉེན་པོར་གྱུར་པ་ཤིན་ཏུ་སྦྱངས་པ་ནི་ལུས་ཉིད་ལ་ཁྱད་པར་ཅན་དུ་འབྱུང་ངོ་། །ཚོར་བ་དྲན་པ་ཉེ་བར་
เล่ม ๑๓๕ · หน้า 63a
གཞག་པས་ནི་ཀུན་འབྱུང་གི་བདེན་པ་ལ་འཇུག་སྟེ། ཕྲད་པ་ལ་སོགས་པར་སྲིད་པ་ནི་བདེ་བ་ལ་སོགས་པའི་ཚོར་བའི་གནས་ཡིན་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་གཞག་པས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་མེད་ཅིང་རྣམ་པར་ཤེས་པ་ཙམ་མེད་
པར་འགྱུར་བ་ལྟ་བས་ན། བདག་ཆད་པར་འདོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ལ་སྐྲག་པ་མེད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པས་ནི་ལམ་གྱི་བདེན་པ་ལ་འཇུག་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤོང་བ་དང་། གཉེན་པོའི་ཆོས་ལ་བརྟེན་པའི་ཕྱིར་རོ། །ཡང་འདི་དག་
གི་འབྲས་བུ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དང་བྲལ་བར་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། དེ་དག་བསྒོམས་པས་ལུས་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དང་པོའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་སྟེ།
དེས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པའི་ཕྱིར་རོ། །གཉིས་པའི་དམིགས་པས་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་དང་། གསུམ་པའི་དམིགས་པ་ནི་གཉེན་པོ་མ་སྐྱེས་པ་དང་། བཞི་པའི་དམིགས་པ་ནི་གཉེན་པོ་སྐྱེས་པ་སྟེ། ཇི་ལྟར་མདོ་སྡེ་ལས་
འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པ་ཡོངས་སུ་བསྟན་ཏོ། །དེ་ལ་གནས་ནི་འདུན་པ་སྟེ། དེ་ནི་བརྩོན་འགྲུས་རྩོམ་པའི་སྔོན་དུ་འགྲོ་བའི་ཕྱིར་རོ། །གང་གི་ཚེ་ཞི་གནས་ཀྱི་མཚན་མ་ཡིད་
ལ་བྱེད་པས་གཉེན་པོ་སྐྱོན་མེད་པ་འབའ་ཞིག་སྒོམ་པ་དེའི་ཚེ་འབད་པ་ཞེས་བྱའོ། །གང་གི་ཚེ་ཉེ་བའི་ཉོན་མོངས་པ་བྱིང་བ་འབྱུང་བ་དེ་བསལ་བའི་ཕྱིར་དགའ་བར་གྱུར་པ་ལ་སོགས་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་སེམས་འབར་བར་བྱེད་པ་དང་། ཉེ་བའི་ཉོན་མོངས་པ་རྒོད་པ་བྱུང་བ་ན་ནང་དུ་སྡུད་པའི་
སྒོ་ནས་སེམས་འཛིན་པ་དེའི་ཚེ་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དེའི་ཕྱིར་བྱིང་བ་དང་རྒོད་པ་བསལ་བའི་ཐབས་བསྟན་པའི་ཕྱིར་དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང་། རབ་ཏུ་འཇོག་པ་སྨོས་སོ། །འབྲས་བུ་ནི་ཡང་དག་པའི་སྤོང་བ་དང་པོ་དང་གཉིས་པའི་ནི་མི་མཐུན་པའི་ཕྱོགས་མ་ལུས་
เล่ม ๑๓๕ · หน้า 63b
པར་ཉམས་པ་སྟེ། དེ་གཉིས་ཀྱིས་ཇི་ལྟར་མཐུན་མཐུན་དུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པའི་ཆོས་རྣམས་ཉམས་པར་བྱེད་པའི་ཕྱིར་རོ། །གསུམ་པའི་ནི་གཉེན་པོ་ཐོབ་པ་སྟེ། དེས་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པའི་ཕྱིར་རོ། །བཞི་པའི་ནི་གཉེན་པོ་ཐོབ་པས་འཕེལ་བ་སྟེ།
དེས་དགེ་བའི་ཆོས་སྐྱེས་པ་སྤོང་བར་བྱེད་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བ་རྫུ་འཕྲུལ་ལ་སོགས་པའི་བྱེ་བྲག་གང་ཡིན་པའོ། །འདུན་པའི་ཏིང་ངེ་འཛིན་ནི་གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ།
གུས་པར་སྦྱོར་བ་ནི་འདུན་པ་དྲག་པོ་དང་རིམ་གྲོ་ཆེར་བྱས་ཏེ་སྦྱོར་བའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། གང་རྟག་ཏུ་སྦྱོར་ཞིང་ནམ་ཡང་མི་སྦྱོར་བ་མ་ཡིན་པ་དེ་ནི་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་
སྔོན་གང་གི་ཚེ་རབས་གཞན་ན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་དེས་སེམས་ཀྱི་ས་བོན་ཡོངས་སུ་བརྟས་པའི་ཕྱིར་རང་གི་ངང་གིས་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པར་གྱུར་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་དག་པར་བསྟན་པའི་ཕྱིར་ཡང་
དག་པར་སྤོང་བ་བསྒོམ་པ་ལ་འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པས་བསྟན་པར་རིག་པར་བྱའོ། །སེམས་རབ་ཏུ་འཇོག་པ་དང་རབ་ཏུ་འཛིན་ཞེས་བྱ་བ་དེ་ནི་འདིར་བརྗོད་པའི་ལུགས་ཀྱི་གོ་རིམས་སུ་རིག་པར་བྱའོ། །དེ་ལ་སེམས་ཀྱི་ཏིང་ངེ་འཛིན་ནི་གང་སེམས་རབ་ཏུ་འཇོག་པ་ནི་སེམས་རྩེ་གཅིག་པ་
ཉིད་ལ་རེག་པའོ་ཞེས་བྱ་བ་ནི་སེམས་ཉིད་ཀྱིས་སེམས་ནང་དུ་འཛིན་ཞིང་ཞི་བར་བྱེད། སྡུད་པར་བྱེད། འཐོབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དཔྱོད་པའི་ཏིང་ངེ་འཛིན་ནི་སེམས་རབ་ཏུ་འཛིན་པ་ན་ཞེས་བྱ་བ་ནི་ཆོས་ལ་ལྷག་མཐོང་གི་སྒོ་ནས་སེམས་འབར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བསྒོམ་
པ་ནི་འདུན་པ་ལ་སོགས་པ་སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལྟ་སྟེ། འབད་པ་ནི་འདུན་པ་དང་། རྩོལ་བ་དང་དད་པའོ། །དེ་ལ་འདུན་པ་ནི་རྩོལ་བའི་གནས་སོ། །འདུན་པའི་རྒྱུ་ནི་དད་པ་སྟེ། འདི་
เล่ม ๑๓๕ · หน้า 64a
ལྟར་གང་ཟག་གང་ཞིག་དོན་དུ་གཉེར་བར་འགྱུར་བ་དེ་ནི་དེ་ཐོབ་པར་བྱ་བའི་ཕྱིར་རྩོལ་ལོ། །དེ་ཡོད་པ་ཉིད་ལ་སོགས་པ་ཡིད་ཆེས་པ་མེད་ན་དོན་དུ་གཉེར་བར་མི་འགྱུར་རོ། །ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་
ཕྱིར་རོ། །ཉེ་བར་འདོགས་པ་ནི་དྲན་པ་དང་ཤེས་བཞིན་ཏེ། དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་ཉིད་ལ་འཇུག་པ་དང་། དེ་ལ་བག་མེད་པར་གྱུར་ན་ཡོངས་སུ་གཅོད་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །གཉེན་པོ་ནི་སེམས་པ་དང་བཏང་སྙོམས་ཏེ། སེམས་རབ་ཏུ་འཛིན་པ་དང་རབ་
ཏུ་འཇོག་པ་མངོན་པར་འདུ་བྱེད་པས་བྱིང་བ་དང་རྒོད་པ་འབྱུང་བ་ཡོངས་སུ་སྤོང་བ་དང་། ཉེ་བའི་ཉོན་མོངས་པ་མེད་པ་ནི་ཞི་གནས་ལ་སོགས་པའི་མཚན་མ་རྗེས་སུ་འཇུག་པའི་ཕྱིར་རོ། །ཡང་འདུན་པ་ལ་སོགས་པའི་སྡུད་པ་དང་། གཡེང་བ་བཞི་དང་བཅས་པར་ཡོངས་སུ་སྤངས་པ་ལ་སོགས་པ་
སྒོམ་པ་དེ་ལ་སྡུད་པའི་གཞི་ནི་ལྷག་མཐོང་དང་བྲལ་བ་སྟེ། ལེ་ལོའི་སྒོ་ནས་བྱིང་བར་འགྱུར་རོ། །གཡེང་བའི་གཞི་ནི་མི་སྡུག་པའི་འདུ་ཤེས་དང་བྲལ་བ་སྟེ། རྒོད་པའི་སྒོ་ནས་ཡང་དག་པར་རབ་ཏུ་མི་འཛིན་ཏོ། །སྡུད་པ་ནི་རྨུགས་པ་དང་གཉིད་ཀྱི་སྒོ་ནས་ནང་དུ་ཞུམ་པའོ། །གཡེང་བ་ནི་སྡུག་
པའི་མཚན་མའི་རྗེས་སུ་འབྲང་བའི་སྒོ་ནས་ཡུལ་རྣམས་ལ་རྣམ་པར་འཕྲོ་བའོ། །ཞུམ་པ་མེད་པ་དང་མཐུན་པའི་སྒོམ་པ་ནི་སོ་སོར་རྟོག་པའི་མཚན་མ་ལ་བརྟེན་ནས་ཆོས་ལ་རྣམ་པར་བལྟ་བའོ། །གཡེང་བ་མེད་པ་དང་མཐུན་པ་ནི་སྐྲ་ལ་སོགས་པའི་རྫས་ལ་མི་གཙང་བར་སོ་སོར་རྟོག་པའོ། །དེ་
གཉི་ག་དང་མཐུན་པ་ནི་སྣང་བའི་འདུ་ཤེས་སོ། །དེ་ཡང་བདག་གི་འདུན་པ་ཧ་ཅང་ཡང་ཞུམ་པར་ཡང་མི་འགྱུར་བ་དང་། ཧ་ཅང་རབ་ཏུ་གཟུང་བར་ཡང་མ་ཡིན་པ་དང་། ནང་དུ་བསྡུས་པ་ཡང་མ་ཡིན་པ་དང་། ཕྱི་རོལ་ཏུ་གཡེང་བ་ཡང་མ་ཡིན་པ་དང་། ཕྱི་མ་དང་སྔ་མའི་འདུ་ཤེས་དང་།
སྟེང་དང་འོག་གི་འདུ་ཤེས་སུ་བྱའོ་སྙམ་པ་དང་། དེ་ལྟར་རྣམ་པར་ཕྱེ་བའི་སེམས་ཀུན་ནས་དཀྲིས་པ་མེད་པས་སྣང་བ་དང་ལྡན་པའི་སེམས་བསྒོམ་པར་བྱའི་བདག་གི་སེམས་མུན་པ་ཅན་གྱི་ཚུལ་དུ་ནི་མི་འགྱུར་བར་བྱའོ་ཞེས་བྱ་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་གོ་རིམས་བཞིན་དུ་
เล่ม ๑๓๕ · หน้า 64b
གསུངས་སོ། །འབྲས་བུ་ནི་ཇི་ལྟར་འདོད་པ་བཞིན་དུ་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཏེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་བསྡུས་པས་དེའི་རྣམ་པར་འགྱུར་བའི་ཕྱིར་རོ། །འབྲས་བུ་ནི་དེའི་
དབང་གིས་རིང་པོར་མི་ཐོགས་པར་མཐོང་བའི་ལམ་སྐྱེ་བ་དང་། དེ་ཉིད་ཀྱི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བརྟེན་པའི་སེམས་ཀྱི་རྒྱུད་དོ། །སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པ་ནི་དབང་པོ་རྣམས་དང་མཐུན་ནོ། །འབྲས་བུ་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟར་དེ་དག་གི་འབྲས་བུ་དེ་ནི་
ཇི་སྐད་དུ། མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་བསྲབས་པས་ལྷག་པར་བསྟན་པ་སྟེ། དེའི་ཕྱིར་འདི་དག་གིས་དམིགས་པ་དང་ངོ་བོ་ཉིད་ལ་སོགས་པ་མཐུན་དུ་ཟིན་ཡང་མི་བརྫི་བའི་དོན་གྱི་བྱེ་བྲག་གིས་བྱང་ཆུབ་ཀྱི་ཕྱོགས་གཞན་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་
ནི་འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ་ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་ནི་དྲན་པ་ལ་སོགས་པའི་ཆོས་བདུན་ནོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དྲན་པ་ཉེ་བར་གནས་པ་ནི་དགེ་བའི་ཆོས་ཐམས་ཅད་
མངོན་པར་བརྗོད་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་བགྲོད་པ་ཇི་སྲིད་པར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་སེམས་ཀྱི་
རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེ་ལ་ཤིན་ཏུ་སྦྱངས་པས་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེས་གནས་ངན་ལེན་འཇིག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པར་
མི་འགྱུར་ཏེ། དེ་ལ་གནས་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། བརྣབ་སེམས་དང་ཡིད་མི་བདེ་བ་དང་བྲལ་བ་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསྒོམ་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་
เล่ม ๑๓๕ · หน้า 65a
ལ་གནས་པ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་འདི་དག་དང་གོ་རིམས་བཞིན་དུ་འཕགས་པའི་བདེན་པ་ལ་དམིགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི་དེ་ལས་དབེན་པ་ཚོལ་
བས་སྡུག་བསྔལ་ལ་དམིགས་པ་ནི་དབེན་པ་ལ་གནས་པ་ཞེས་བྱའོ། །སྲིད་པའི་མཚན་ཉིད་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། སྡུག་བསྔལ་ཀུན་འབྱུང་བར་དམིགས་པ་ནི་དེ་དང་བྲལ་བ་ཚོལ་བས་དེ་ལ་དམིགས་པ་ནི་འདོད་ཆགས་དང་བྲལ་བ་ལ་གནས་པའོ། །སྡུག་བསྔལ་འགོག་པ་ལ་སྡུག་བསྔལ་
འགོག་པར་དམིགས་པ་ནི་དེ་མངོན་སུམ་དུ་བྱེད་པར་འདོད་པས་དེ་ལ་དམིགས་པ་ནི་འགོག་པ་ལ་གནས་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ནི་དེས་སྡུག་བསྔལ་རྣམས་སྤོང་བའི་ཕྱིར་རྣམ་པར་སྤོང་བ་ཞེས་བྱའོ། །དེ་ལ་དེ་ལྟར་དམིགས་པ་ནི་བསྒོམ་པ་ཚོལ་བས་དེ་ལ་དམིགས་པ་ནི་
རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་དེའི་འོག་ཏུ་བདེན་པ་ཇི་ལྟར་མཐོང་བ་རྣམས་
ཀྱི་ཡང་དག་པ་ཉིད་ཇི་ལྟ་བ་དེ་ཉིད་དོ། །ངོ་བོ་ཉིད་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ཆོས་བརྒྱད་པོ་རྣམས་སོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་
ལག་སྟེ། དེས་ཇི་ལྟར་རྟོག་པ་རྣམ་པར་བཞག་ནས་ངག་ཀུན་ནས་སློང་བའི་ཕྱིར་རོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གི་རྟོགས་པ་དང་ལྡན་པའི་ལྟ་བ་ལ་སོགས་པ་རྣམ་པར་དག་པའི་གོ་རིམས་བཞིན་དུ་གཞན་དག་
གིས་གཏན་ལ་འབེབས་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་ངག་གིས་ནི་རྟོགས་པ་དང་མཐུན་པར་འདྲི་བ་དང་ལུང་སྟོན་པ་འབེལ་བའི་གཏམ་གཏན་ལ་འབེབས་པས་དེའི་ལྟ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་ལམ་གྱི་མཐས་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་
เล่ม ๑๓๕ · หน้า 65b
སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནང་བ་བཞིན་དུ་ཆོས་དང་མཐུན་པས་གོས་ལ་སོགས་པ་ཚོལ་བས་ཡང་དག་པའི་འཚོ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་རྩོལ་བས་ནི། ཉོན་མོངས་
པའི་སྒྲིབ་པ་རྣམ་པར་སྦྱོར་བའི་ཡན་ལག་སྟེ། དེས་ཀུན་ཏུ་སྦྱོར་བ་ལྷག་མ་སྤོང་བའི་ཕྱིར་རོ། །ཡང་དག་པའི་དྲན་པས་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་ཡང་དག་པའི་ཞི་གནས་ལ་སོགས་པའི་མཚན་མ་མ་བརྗེད་པས་ཉེ་བའི་ཉོན་མོངས་པ་བྱིང་བ་
ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ཏེ། འདི་ལྟ་སྟེ། ཡང་
དག་པའི་ལྟ་བ་དབེན་པ་ལ་གནས་པ་བསྒོམ་པ་ཞེས་རྒྱ་ཆེར་འབྱུང་བའོ། །ལམ་དང་ཆོས་ཀྱི་གནས་རྣམས་ཀྱི་དོན་ནི་སྔ་མ་བཞིན་དུ་བཤད་པར་རིག་པར་བྱའོ། །ཞི་གནས་ནི་སེམས་གནས་པ་རྣམ་པ་དགུ་སྟེ། དེ་ལ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་ཕྱིར་བླན་ནས་ནང་དུ་མི་གཡེང་བར་གང་
དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པ་ནི་འཇོག་པའོ། །དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་ཉིད་དུ་ཉེ་བར་བརྟགས་པ་དེ་དམིགས་པ་དེ་ཉིད་ལ་རྒྱུན་གྱི་ཚུལ་དང་ཕྲ་བར་བྱེད་པས་མངོན་པར་བསྡུས་པ་ནི་རྒྱུན་དུ་འཇོག་པའོ། །བརྗེད་ནས་ཕྱི་རོལ་ཏུ་གཡེངས་པར་གྱུར་པ་དེ་ཡང་ཕྱིར་བཀུག་པ་སྟེ། བརླན་
ཏེ་འཇོག་པའོ། །སེམས་ཕྱི་རོལ་ཏུ་མི་འཕྲོ་བར་བྱ་བའི་ཕྱིར་ཐོག་མ་ཉིད་དུ་དྲན་པ་ཉེ་བར་གནས་པ་ནི་ཉེ་བར་འཇོག་པའོ། །རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པ་ལ་ཉེས་དམིགས་ཀྱི་འདུ་ཤེས་ཀྱི་དབང་དུ་བྱས་ནས་ཐོག་མ་ཉིད་དུ་སེམས་རབ་ཏུ་འཕྲོར་མི་སྟེར་བ་ནི་དུལ་བར་བྱེད་པའོ། །
སེམས་འཁྲུག་པར་བྱེད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་རྟོག་པར་བྱེད་པ་ལ་ཉེས་དམིགས་སུ་ལྟ་བས་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད་པའོ། །བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་དུ་འབྱུང་བ་ན་དེ་དང་དུ་མི་ལེན་པ་ནི་རྣམ་པར་ཞི་བར་བྱེད་པའོ། །མངོན་པར་འདུ་བྱེད་པས་སྐབས་མེད་ཅིང་
เล่ม ๑๓๕ · หน้า 66a
བར་ཆད་མེད་པར་ཏིང་ངེ་འཛིན་རྒྱུན་དུ་བརླན་ཏེ་འཇོག་པ་ནི་རྩེ་གཅིག་ཏུ་བྱེད་པའོ། །ཤིན་ཏུ་གོམས་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པར་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་འབྱུང་བ་ནི་མཉམ་པར་འཇོག་པའོ། །ལྷག་མཐོང་ནི་འདི་ལྟ་
སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དཔྱོད་པ་རྣམ་པར་སྦྱོང་བ་ལ་དམིགས་པའམ། །མཁས་པ་ལ་དམིགས་པའམ། ཉོན་མོངས་པ་རྣམ་པར་སྦྱོང་བའང་རུང་སྟེ། ཇི་སྙེད་ཡོད་པས་རྣམ་པར་འབྱེད་པའོ། །ཇི་ལྟ་བ་བཞིན་དུ་ཡོད་པས་རབ་ཏུ་རྣམ་པར་
འབྱེད་པའོ། །རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་མཚན་མར་བྱེད་པ་ནི་ཡོངས་སུ་རྣམ་པར་རྟོག་པའོ། །ཀུན་ཏུ་རྟོག་པ་ནི་ཡོངས་སུ་དཔྱོད་པར་བྱེད་པའོ། །ཡང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ་ཞེས་བྱ་བ་ནི་ལམ་བཞི་བསྟེན་
པའི་དབང་དུ་བྱས་པ་སྟེ། དེ་ལ་དང་པོ་ནི་ཞི་གནས་ཐོབ་པའི་ཕྱིར་འདུག་བཞིན་དུ་སེམས་འཇོག་པ་ནས་མཉམ་པར་འཇོག་པའི་བར་དང་། ལྷག་མཐོང་མ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་དེ་ལ་བརྟེན་ནས་ཕྱིས་དེ་བཞིན་དུ་འདུག་སྟེ། ཆོས་དེ་དག་ལ་རྣམ་པར་འབྱེད་པ་ནས་ཡོངས་སུ་དཔྱོད་པར་བྱེད་པའི་བར་
དུའོ། །གཉིས་པ་ནི་དེ་ལས་ཟློག་པར་བྱེད་པར་རིག་པར་བྱའོ། །གསུམ་པ་ནི་གཉི་ག་མ་ཐོབ་པ་སྟེ་གཉི་ག་ལ་བརྩོན་པར་བྱེད་དོ། །ཇི་ལྟར་ཞེ་ན་ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །དེ་སྔོན་དུ་འགྲོ་བས་ཞི་གནས་ལ་བརྩོན་པར་བྱེད་དོ། །བཞི་བ་ནི་གཉི་ག་ཐོབ་པའོ། །མི་
ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་དང་། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་པོ་དག་ལ་དབང་པོ་གང་ཡིན་པ་སྟེ། འདི་ལྟ་སྟེ། ཡིད་ཀྱི་དབང་པོ་དང་དད་པ་ལ་སོགས་པ་ལྔ་དང་མི་ལྕོགས་པ་མེད་པ་ལ་སོགས་པ་
གནས་ཀྱི་བྱེ་བྲག་གིས་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ། །ཡིད་མི་བདེ་བའི་དབང་པོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྗེས་ལ་རྣམ་པར་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ། །དེ་དག་
เล่ม ๑๓๕ · หน้า 66b
ནི་སྲིད་པས་དབང་པོ་རྣམ་པ་བཅུ་སྟེ། དེ་ཁོ་ན་སྔོན་མི་ཤེས་པ་ཀུན་ཤེས་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །དབང་པོ་རྣམ་པ་བཅུ་པོ་འདི་དག་ཉིད་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་སློབ་པའི་ལམ་
དེ་ལ་ཀུན་ཤེས་པའི་དབང་པོ་ཞེས་བྱ་སྟེ། སྔོན་མ་མཐོང་བའི་ཤེས་བྱ་མེད་པའི་ཕྱིར་རོ། །ཡིད་མི་བདེ་བའི་དབང་པོ་མ་རྟོགས་པར་དབང་པོ་རྣམ་པ་དགུ་པོ་དེ་དག་ཉིད་མི་སློབ་པའི་ལམ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་སྟེ། ཀུན་ཤེས་པ་དང་ལྡན་པ་ནི་དགྲ་བཅོམ་པའི་དབང་པོ་ཡིན་པའི་ཕྱིར་
རོ། །བསྒོམ་པའི་ལམ་གྱི་སྐབས་སུ་འདི་ཡང་བརྗོད་པར་བྱ་སྟེ། གོང་མའི་ས་པའི་ལམ་ལ་མངོན་དུ་བྱེད་པ་བསྒོམ་པ་ན་ས་འོག་མའི་དགེ་བའི་རྩ་བ་མངོན་སུམ་དུ་མ་གྱུར་པ་རྣམས་ཀྱང་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །དབང་འབྱོར་པ་ནི་མཆོག་ཏུ་སྦྱངས་པ་ཐོབ་པ་སྟེ།
མངོན་སུམ་དུ་བྱེད་པ་ནི་དབང་དུ་རིག་པར་བྱའོ། །མཐར་ཕྱིན་པའི་ལམ་ནི་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ་གནས་ངན་ལེན་ཐམས་ཅད་ནི་ཉི་ཤུ་རྩ་བཞི་ཡིན་ཏེ། འདི་ལྟ་སྟེ། མངོན་པར་བརྗོད་པའི་གནས་ངན་ལེན་ནི་ཀུན་ཏུ་འགྲོ་བ་ནི་མིག་ལ་སོགས་པ་ཆོས་ཐམས་ཅད་ཀྱི་མིང་
ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཐོག་མ་མེད་པའི་དུས་ནས་རྗེས་སུ་ཞུགས་པ་གང་ཡིན་པ་སྟེ། དེ་ལས་མིག་ལ་སོགས་པའི་ཆོས་མིང་ལ་མངོན་པར་ཞེན་པ་དང་བཅས་པ་རྣམས་ཡང་དང་ཡང་འབྱུང་བའི་ཕྱིར་ཏེ་དེ་ནི་སྤྲོས་པའི་བག་ཆགས་ཞེས་བྱའོ། །ཚོར་བའི་
གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ཚོར་བ་རྣམས་ཀྱི་བག་ཆགས་སོ། །ཉོན་མོངས་པའི་གནས་ངན་ལེན་ནི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ལོ། །ལས་ཀྱི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ལས་རྣམས་ཀྱི་བག་ཆགས་སོ། །རྣམ་པར་སྨིན་པའི་གནས་ངན་ལེན་ནི་རྣམ་པར་སྨིན་
པའི་ལུས་ལས་སུ་མི་རུང་བ་ཉིད་དོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉོན་མོངས་པ་མི་བཟད་ཅིང་རྒྱུན་རིང་བའོ། །ལས་ཀྱི་སྒྲིབ་པའི་གནས་ངན་ལེན་ནི་ལམ་གྱི་བར་ཆད་བྱེད་པ་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཉིད་དོ། །རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་
เล่ม ๑๓๕ · หน้า 67a
ལེན་ནི་བདེན་པ་མངོན་པར་རྟོགས་པ་དང་མི་མཐུན་པ་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཐོབ་པའོ། །སྒྲིབ་པའི་གནས་ངན་ལེན་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་བྱེད་པ་འདོད་པ་ལ་འདུན་པ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ། །རྟོག་པའི་གནས་
ངན་ལེན་ནི་རབ་ཏུ་འབྱུང་བ་ལ་གགས་བྱེད་པ་འདོད་པ་ལ་རྣམ་པར་རྟོག་པ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ། །ཟས་ཀྱི་གནས་ངན་ལེན་ནི་ཟ་ཧ་ཅང་ཉུང་བ་དང་མང་དུ་ཟོས་པས་སྦྱོར་བའི་འོས་སུ་མ་གྱུར་པ་ཉིད་དོ། །འཁྲིག་པའི་གནས་ངན་ལེན་ནི་གཉིས་ཀྱིས་གཉིས་ཕྲད་པ་ལས་གྱུར་པ་དང་། ལུས་
དང་སེམས་ལ་གནོད་པའོ། །རྨི་ལམ་གྱི་གནས་ངན་ལེན་ནི་གཉིད་ལས་གྱུར་པའི་ལུས་བེམས་པོ་ཉིད་དོ། །ནད་ཀྱི་གནས་ངན་ལེན་ནི་ཁམས་མ་སྙོམས་པ་ལས་གྱུར་པའི་ཉམས་རབ་ཏུ་མི་བདེ་བ་ཉིད་དོ། །རྒ་བའི་གནས་ངན་ལེན་ནི་འབྱུང་བར་འགྱུར་བ་ལས་གྱུར་པའི་དབང་མེད་པ་ཉིད་དོ། །འཆི་བའི་
གནས་ངན་ལེན་ནི་འཆི་བ་ན་དབང་པོ་ཐམས་ཅད་འཁྲུག་པའོ། །ཡོངས་སུ་ངལ་བའི་གནས་ངན་ལེན་ནི་ཧ་ཅང་འགྲོ་བ་ལས་གྱུར་པའི་ལུས་དུབ་པའོ། །གནས་ངན་ལེན་བསྟན་པ་ནི་མངོན་པར་བརྗོད་པའི་གནས་ངན་ལེན་ལ་སོགས་པ་འདི་དག་དང་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། ཡོངས་སུ་
མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །གནས་ངན་ལེན་ཆེན་པོ་དང་འབྲིང་དང་ཆུང་ངུ་ནི་གོ་རིམས་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སུ་རིག་པར་བྱའོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་པའི་
ཕྱོགས་སོ། །སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་ནི། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པའི་མི་མཐུན་པའི་ཕྱོགས་སོ། །ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སོ། །དེ་ལྟར་གནས་
ངན་ལེན་འདི་དག་ཐམས་ཅད་ཇི་ལྟར་མཐུན་མཐུན་དུ་རྒྱུན་བཅད་པ་ནི་མཐར་ཕྱིན་པའི་ལམ་སྟེ། ཇི་སྐད་དུ་སེམས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་དང་ཤེས་རབ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་ནས་ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་བཅད་དེ། དྲན་པ་དང་ལྡན་པའི་རྒྱུས་འདི་ལྟར་དེའི་སྒོ་དང་པོ་
เล่ม ๑๓๕ · หน้า 67b
འདི་ལྟ་སྟེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་པ་ཡིན་ཏེ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ་ཞེས་གསུངས་པ་ལྟ་
བུའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསྒོམ་པའི་ལམ་གྱི་མཐའི་སྤོང་བའི་ལམ་གྱི་གནས་སྐབས་སུ་རིག་པར་བྱའོ། །ཏིང་ངེ་འཛིན་དེ་ཡང་བར་ཆད་མེད་པ་སྟེ། དེའི་རྐྱེན་གྱིས་འཇིག་རྟེན་པའི་སྤྱོད་པས་རབ་ཏུ་ཕན་མི་ཕྱེད་པའི་ཕྱིར་རོ། །བརྟན་པ་ནི་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕིགས་པ་དང་།
སྒྲིབ་པ་ཐམས་ཅད་ནི་ཕིགས་པས་སྲ་བའི་ཕྱིར་རོ། །རོ་གཅིག་པ་ནི་རྣམ་པར་མི་རྟོག་པ་རོ་གཅིག་པའི་ཕྱིར་རོ། །ཁྱབ་པ་ནི་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེའི་དོན་དང་འདྲ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དཔེར་ན་བྲག་ཆེན་པོ་མ་གྲུམ་པ་སེར་ཀ་མེད་
པ་ཁོང་སྟོང་མ་ཡིན་པ་གཅིག་ཏུ་བསྡུས་པ་ཤིན་ཏུ་མཁྲེགས་པ་ཞེས་གསུངས་སོ། །གནས་མ་ལུས་པར་གྱུར་པ་ནི་རྣམ་པ་གསུམ་སྟེ། མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་ནི་ཆོས་ཉིད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་མ་ལུས་པ་དང་བྲལ་བས་
གནས་གྱུར་པ་གང་ཡིན་པ་སྟེ། དེ་བཞིན་ཉིད་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །ལམ་གྱི་གནས་གྱུར་པ་ནི་འཇིག་རྟེན་པའི་ལམ་སྔ་མ་མངོན་པར་རྟོགས་པའི་དུས་ན་འཇིག་རྟེན་ལས་འདས་པ་ཉིད་དུ་གྱུར་པ་སྟེ། བྱ་བའི་ལྷག་མ་ཡོད་པའི་ཕྱིར་སློབ་པ་ཞེས་ཀྱང་བྱའོ། །གང་གི་ཚེ་ཁམས་
གསུམ་པ་ལ་འདོད་ཆགས་དང་བྲལ་བ་མི་མཐུན་པའི་ཕྱོགས་མ་ལུས་པར་གྱུར་པར་བསལ་བ་དེའི་ཚེ་ལམ་གྱི་ངོ་བོ་ཉིད་ཀྱི་གནས་གྱུར་པ་ཡོངས་སུ་རྫོགས་པར་རྣམ་པར་གཞག་གོ། །གནས་ངན་ལེན་གྱི་གནས་གྱུར་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉོན་མོངས་པ་ཐམས་ཅད་ཀྱི་བག་ལ་ཉལ་
གྱི་བག་ཆགས་དང་བྲལ་བར་གྱུར་པར་རིག་པར་བྱའོ། །ཟད་པར་གྱུར་ནས་ཤེས་པའམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པ་སྟེ། དེ་ནི་འདི་སྐད་དུ་ཀུན་ནས་འབྱུང་བ་མ་ལུས་པར་སྤངས་ནས་ཤེས་པ་གང་ཡིན་པ་དང་། དེའི་གནས་སྐབས་ན་རྒྱུ་འགོག་པ་ལ་དམིགས་པ་
เล่ม ๑๓๕ · หน้า 68a
ནི་ཟད་པ་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་མི་སྐྱེ་བར་གྱུར་ནས་ཤེས་པའམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཐམས་ཅད་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་ནས་ཤེས་པ་གང་ཡིན་པ་དེ་ནི་བདེན་པ་གཞན་ལ་
དམིགས་པ་ཡང་ཡིན་པའོ། །ཡང་ན་གང་སྡུག་བསྔལ་གྱི་བདེན་པ་ལ་མི་སྐྱེ་བར་དམིགས་པ་དེ་མི་སྐྱེ་བར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང་ལས་
ཀྱི་མཐའ་དང་འཚོ་བ་རྣམས་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་
དག་པའི་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཡང་ལམ་གྱི་བདེན་པའི་རྣམ་པ་བཞི་དང་མཚན་ཉིད་བཞིའོ། །དེ་ལ་འདིས་དེ་ཁོ་ནའི་ལམ་ཚོལ་བས་ལམ་མོ། །རིགས་པ་མ་ཡིན་པར་གྱུར་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པས་རིགས་པའོ། །དེ་ཁོ་ན་
ཁོང་དུ་མ་ཆུད་པའི་ཉེས་པས་མི་རྟག་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཕྱིན་ཅི་ལོག་མེད་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་ལ་འཇོག་པས་སྒྲུབ་པའོ། །ངེས་པར་འབྱུང་བའི་གནས་རྟག་པ་བརྟན་དུ་བར་འགྲོ་བས་ངེས་པར་འབྱིན་པ་ཞེས་བྱའོ། །
སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པ་རྣམས་ནི་ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་། རྣམ་པར་རྟོག་པ་དང་བཅས་པ་སྟེ། དེ་
བཞིན་ཉིད་མ་རྟོགས་པ་དང་། ཉོན་མོངས་པའི་བག་ལ་ཉལ་ཡོད་པ་དང་། མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །བཟློག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ལེགས་པར་ཞུགས་པ་དང་། སྒྲིབ་པ་མེད་པར་གྱུར་ནས་རྣམ་པར་མི་རྟོག་པས་འཇིག་རྟེན་པ་
เล่ม ๑๓๕ · หน้า 68b
རྣམས་ལས་ཁྱད་པར་དུ་འགྱུར་རོ། །དེ་དག་རྣམ་པར་མི་རྟོག་ན་ཇི་ལྟར་ཤེས་བྱ་ལ་ལེགས་པར་ཞུགས་པར་གྱུར་ཞེ་ན། འདི་ལྟར་འདི་དག་ལ་གནས་པ་ནི་མི་རྟག་པའི་དོན་མཐོང་ཞིང་མངོན་དུ་མྱོང་གི །མི་རྟག་གོ་ཞེས་མངོན་པར་བརྗོད་པ་དང་སྤྲོས་པའི་སྒོ་ནས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་
སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །བདེན་པ་རྣམ་པར་ངེས་པའོ། །ཆོས་རྣམ་པར་ངེས་པ་ལ་ཆོས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེ་ལ་མདོའི་སྡེ་ནི་གང་བཞེད་པའི་དོན་སྨོས་པའི་ཚུལ་གྱིས་རྐྱང་བར་གསུངས་པའོ། །ཅིའི་ཕྱིར་དེ་བཞིན་
གཤེགས་པས་བཞེད་པའི་དོན་རྣམ་པར་ཕྱེ་སྟེ། མ་གསུངས་ཤེ་ན། སྨས་པ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་གཞག་པར་སླ་བ་ནི་སྟོན་པས་གོ་བར་བྱ་བའི་དོན་རྣམ་པ་མང་དུ་རྣམ་པར་གཞག་པ་མདོར་བསྡུས་ཏེ། ཚེགས་ཆུང་
ངུས་རྣམ་པར་འཇོག་པའི་ཕྱིར་རོ། །བཤད་སླ་བ་ནི་ཚིག་ཉུང་ངུས་དོན་ཆེན་པོ་རྒྱས་པར་གོ་བར་བྱེད་པའི་ཕྱིར་ཏེ། འདི་ལྟ་སྟེ། འཇོག་པ་དང་། རྒྱུན་དུ་འཇོག་པ་ཞེས་བྱ་བ་ལ་སོགས་པའོ། །ཉེན་པས་ཀྱང་གཟུང་སླ་བའོ། །ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ནི་
ཆོས་འདི་དག་བསྒོམས་པས་ཤེས་པར་བྱ་བ་ཡིན་པར་རྟོགས་ནས་གུས་པ་སྐྱེས་པ་ཆོས་དེ་ལ་གཅེས་སྤྲས་སུ་བྱ་བའི་སྒོ་ནས་དད་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་ནི་དེ་ལྟར་གཅེས་སྤྲས་སུ་བྱ་བ་སྦྱོར་བའི་ཤེས་རབ་རྣོ་བར་གྱུར་པའི་
ཕྱིར་རོ། །དཀོན་མཆོག་རྣམས་ལ་ཤེས་ནས་དད་པ་ཐོབ་པ་ནི་བསྟན་པ་ལ་ལེགས་པར་རྣམ་པར་གནས་པར་ཁོང་དུ་ཆུད་ནས་སྟོན་པ་ལ་སོགས་པ་ལ་དད་པ་སྐྱེ་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་ནི་དགོངས་པའི་དོན་རྩོལ་བ་ཆེན་པོས་བསམས་ནས་
རྟོགས་པས་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པའི་ཕྱིར་རོ། །འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་པ་ནི་དོན་ཟབ་པ་རྣམ་པར་འབྱེད་པས་དེའི་ཕྱིར་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདིའི་སྙན་པ་ཀུན་ཏུ་འབྱུང་ཞེས་བྱ་
เล่ม ๑๓๕ · หน้า 69a
བའི་ཐ་ཚིག་གོ། །ཐ་མ་འདི་གཉི་ག་བསྡུས་ཏེ་ཕན་ཡོན་གཅིག་ཏུ་བལྟ་བར་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེ་སྟེ། དེས་རྣམ་པར་ཕྱེ་ནས་དགོངས་པ་ལུང་སྟོན་པའི་ཕྱིར་རོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཡི་རངས་ནས་བརྗོད་པ་སྟེ། འདི་ལྟ་སྟེ།
གང་གི་ཚེ་ཆོས་དེ་དག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །གླེང་གཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང་། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་སྟེ། འདི་ལྟ་སྟེ། གཞི་འདི་དང་སྐབས་འདི་ཞེས་རྒྱ་ཆེར་འབྱུང་བའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་
བཅས་པར་གསུངས་པ་སྟེ། དེས་དོན་གསལ་བར་བྱེད་པའི་ཕྱིར་ཏེ། མངོན་དུ་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ལ་རྣམ་པར་འཐག་པ་དང་། མཚུངས་བྲལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་རྣམ་གྲངས་སུ་གཏོགས་པ་སྟེ། དེ་ནི་ཆེན་པོ་རྣམ་པ་
བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཆེན་པོ་རྣམ་པ་བདུན་ལ་དམིགས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་བསྐྱང་དུ་མེད་པའི་བསྟན་པའི་ཆོས་ལ་དམིགས་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཐའ་དག་སྒྲུབ་པའི་
ཕྱིར་རོ། །ཡེ་ཤེས་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་ཆེན་པོ་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །འཐོབ་པ་ཆེན་
པོ་ནི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་ཅིང་གྲངས་མེད་པ་ཐོབ་པའི་ཕྱིར་རོ། །ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་པར་བྱང་ཆུབ་ལ་སོགས་པ་ཡང་དག་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་
པའི་སྡེ་ནི་གང་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དུ་མདོ་སྡེ་ལ་སོགས་པའི་དོན་བཤད་པའོ། །གླེང་གཞིའི་སྡེ་ནི་བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་བསྡུས་པ་ནི་འདུལ་བའི་སྡེ་སྣོད་དོ། །རྟོགས་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ། །རྨད་དུ་བྱུང་བའི་ཆོས་
เล่ม ๑๓๕ · หน้า 69b
རྣམས་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དུ་བསྡུས་པ་སྟེ། དེ་དག་གི་ཁྱད་པར་གྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ། །ཉེ་
བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་སྟེ། གདུལ་བྱ་རྣམས་ཀྱི་སོམ་ཉི་བྱུང་བ་བཅད་པའི་ཆེད་དུ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་བཤད་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོར་འདུལ་བའི་སྡེ་སྣོད་
རྣམ་པར་གཞག་སྟེ། སོག་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལ་སོགས་པ་སྤོང་བ་དང་། བརྒྱ་སྟོང་རི་བའི་གོས་ལ་སོགས་པ་གནང་བའི་ཕྱིར་རོ། །མཐའ་གཉིས་ནི་འདོད་པ་བསོད་སྙོམས་ཀྱི་མཐའ་དང་། བདག་དུབ་པའི་མཐའོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་
གཉེན་པོར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་སྟེ། དེར་ཆོས་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དོ། །དེ་ལས་དེ་རྒྱས་པར་བརྗོད་པའི་ཕྱིར་རོ། །འདུལ་བ་ལ་བརྟེན་ནས་ལྷག་པའི་ཚུལ་ཁྲིམས་
དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་སྟེ། དེར་སོ་སོར་ཐར་པའི་སྡོམ་པའི་བསླབ་པའི་ལམ་ཉེ་བར་བསྟན་པ་ལ་བརྟེན་ནས་ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་དང་དེ་ཡོངས་སུ་དག་པར་འགྱུར་ཏེ། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཆོས་མངོན་པ་
ལ་བརྟེན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་འགྲུབ་སྟེ། དེར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ཡང་སྡེ་སྣོད་གསུམ་རྣམ་པར་གཞག་གོ། །ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས་ཚིག་དང་དོན་ལ་བྱང་བར་བྱེད་དོ། །འདུལ་བ་ལ་བརྟེན་ནས་གཉི་ག་མངོན་སུམ་
དུ་བྱེད་དོ། །འདུལ་བའི་སྡེ་སྣོད་ནི་བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་ཆོས་དང་དོན་མངོན་སུམ་དུ་བྱ་བའི་གནས་ཡིན་པས་གཞིའི་གནས་ཞེས་བྱའོ། །ཆོས་མངོན་པ་ལ་བརྟེན་ནས་ཕན་ཚུན་འབེལ་བའི་གཏམ་གཏན་ལ་འབེབས་པ་ལས་གྱུར་པའི་ཆོས་ལ་རྫོགས་པར་ལོངས་
เล่ม ๑๓๕ · หน้า 70a
སྤྱོད་པས་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ། དེར་ཆོས་རྣམ་པ་མང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་
གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིན་ནོ། །ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ། གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟ་ཡིན་ན་གྲངས་སྟོང་ཞེས་དེ་སྐད་དུ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཕུང་པོ་རེ་རེ་ལ་ཡང་སྟོང་སྟོང་
རྣམ་པར་གཞག་པའི་དགོངས་པ་བརྟན་པའི་ཕྱིར་ཏེ། འདི་ལྟར་གཅིག་ལ་སོགས་པ་བསྐྱེད་ན་གྲངས་བཅུར་འགྱུར་རོ། །བཅུར་བསྐྱེད་ན་གྲངས་བརྒྱར་འགྱུར་རོ། །གྲངས་སྟོང་ལ་སོགས་པའི་གཞི་ནི་གྲངས་བརྒྱ་ཕྲག་བཅུ་ཡིན་པར་བལྟའོ། །འདི་ལྟ་སྟེ་བརྒྱ་ཕྲག་བཅུ་ནི་སྟོང་ངོ་། །སྟོང་ཕྲག་བརྒྱ་
ནི་འབུམ་མོ། །འབུམ་ཕྲག་བརྒྱ་ནི་བྱེ་བའོ། །དེ་བཞིན་དུ་གྲངས་གོང་མ་ཐམས་ཅད་ལ་ཡང་བརྒྱ་དང་བཅུ་པོ་འདི་གཉིས་ལས་གང་ཡང་རུང་བ་ཞིག་གདོན་མི་ཟ་བར་གཞིར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྡུས་ན་བརྒྱ་ཕྲག་བཅུ་པོ་དེ་དག་ལ་ཆོས་ཀྱི་ཕུང་པོ་གཅིག་རྣམ་པར་གཞག་གོ། །བགྲང་བའི་ཚུལ་
འདིས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཚིག་ལེ་འུར་བྱས་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ།། །།བམ་པོ་བདུན་པ། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་འདི་དག་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པ་ལས་བྱུང་བ་ལ་སོགས་པའི་སེམས་དང་སེམས་ལས་
བྱུང་བ་རྣམས་ཀྱི་སྤྱོད་ཡུལ་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཞར་ལ་དམིགས་པ་དང་བཅས་པ་ལ་སོགས་པའི་མཚན་ཉིད་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཆོས་ལས་བརྩམས་ཏེ་དམིགས་པ་ལ་སོགས་པ་རྣམ་པར་གཞག་གོ། །དེ་ལ་ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་
ན། མདོའི་སྡེ་ལ་སོགས་པ་སྟེ། མིང་དང་ཚིག་དང་། ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོའི་སྡེ་ལ་སོགས་པ་བཤད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ནི་གང་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་རྣམས་ལས་བརྩམས་ཏེ་བསྟན་པ་གང་ཡིན་པ་དེ་ནི་རྣམ་པ་རྣམས་ཏེ། དེ་དག་ནི་སེམས་དང་
เล่ม ๑๓๕ · หน้า 70b
སེམས་ལས་བྱུང་བ་རྣམས་སུ་རིག་པར་བྱའོ། །གནས་ནི་གཞན་ལས་རྣམ་པར་རིག་པ་དང་དྲན་པ་དང་བག་ཆགས་སོ། །དེ་ལ་བཤད་པའི་དུས་ན་གཞན་ལས་རྣམ་པར་རིག་པ་གནས་ཏེ། དེ་ནི་གཞན་གྱི་སྒྲ་ལས་ཤེས་པ་འབྱུང་ངོ་། །དེའི་འོག་ཏུ་དྲན་པ་གནས་ཏེ་ཇི་ལྟར་ཐོས་པ་བཞིན་དུ་རྗེས་སུ་
དྲན་པས་གོམས་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་བག་ཆགས་གནས་ཏེ། དེའི་རྗེས་སུ་དྲན་པ་མེད་ཀྱང་གོམས་པའི་བག་ཆགས་ཀྱི་དབང་གིས་ཕྱིས་སྣང་བར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་གཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་
ཕུང་པོ་ལ་སོགས་པ་དང་རབ་ཏུ་ལྡན་པའི་དོན་གྱི་རྣམ་པ་རྣམས་ཀྱི་མདོ་སྡེ་ལ་སོགས་པའི་དམིགས་པ་ཡང་དག་པར་རྟོགས་པའོ། །ཆོས་ལ་དམིགས་པ་རབ་ཏུ་དབྱེ་བ་ནི་ཁྱབ་པའི་དམིགས་པ་ལ་སོགས་པ་རྣམ་པ་བཞིའོ། །ཁྱབ་པའི་དམིགས་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་
བརྙན་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་མོས་པ་ཡིད་ལ་བྱེད་པ་ནི་གང་གཅིག་ཏུ་འཇིག་རྟེན་པའི་ཡིད་ལ་བྱེད་པའོ། །དེ་ཁོ་ན་ཡིད་ལ་བྱེད་པ་ནི་འཇིག་རྟེན་ལས་འདས་པ་དང་། དེ་ཁོ་ནའི་རྗེས་ལས་ཐོབ་པའོ། །ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་
འདི་དག་ཏུ་ཟད་དོ་ཞེས་གང་ཤེས་བྱ་རྣམ་པར་གཞག་པ་སྟེ། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་རྣམ་པ་འདི་དག་ཏུ་དེ་ཤེས་པར་བྱ་བ་སྟེ། འདི་ལྟར་བདེན་པའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ཇི་ལྟར་མཐུན་མཐུན་དུ་སྡུག་
བསྔལ་ཉིད་དུ་ཤེས་པར་བྱ་བ་ནས་ལམ་གྱི་བར་དུའོ། །རྣམ་པའི་སྒོ་ནས་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིས་ཤེས་པར་བྱའོ། །བྱེ་བྲག་མེད་པར་ན་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པར་བྱའོ། །ཆོས་ཀྱི་སྡོམ་གྱི་སྐབས་ཀྱིས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་ཤེས་
པར་བྱ་བ་ནས། མྱ་ངན་ལས་འདས་པ་ཞི་བ་ཉིད་ཀྱི་བར་དུའོ། །རྣམ་པར་ཐར་པའི་རྣམ་པའི་སྐབས་ཀྱིས་ན་སྟོང་པ་ཉིད་ནས་མཚན་མ་མེད་པའི་བར་དུའོ། །དགོས་པ་ཡོངས་སུ་གྲུབ་པ་ནི་གནས་གྱུར་པ་གྲུབ་པ་སྟེ། གནས་གྱུར་པ་ལ་དམིགས་པ་ཕྱིན་ཅི་མ་ལོག་པར་སྣང་བ་ཉིད་དོ། །ཇི་ལྟ་བ་
เล่ม ๑๓๕ · หน้า 71a
བཞིན་དུ་ཡོད་པར་བསྟན་པ་རྣམ་པ་བཅུ་དྲུག་དང་། རྣམ་པར་ཐར་པ་རྣམ་པ་གསུམ་བསྟན་པ་དེ་དག་ནི་གཅིག་གིས་གཅིག་སྡུད་དོ། །ཇི་ལྟ་ཞེ་ན། རྣམ་པ་བཅུ་དྲུག་གི་ནང་ནས་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པའོ། །དྲུག་
ནི་སྨོན་པ་མེད་པའི་རྣམ་པ་སྟེ། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་སྟེ། དེ་དག་གིས་ཁམས་གསུམ་པ་ལ་སྨོན་པ་མེད་པའི་ཕྱིར་རོ། །ལྷག་མ་བརྒྱད་ནི་མཚན་མ་མེད་པའི་རྣམ་པ་སྟེ། འགོག་པ་དང་ལམ་ལ་
མཚན་མར་བྱེད་མི་ནུས་པའི་ཕྱིར་རོ། །སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་མི་སྡུག་པ་ལ་སོགས་པ་སྟེ། དེས་འདོད་ཆགས་ལ་སོགས་པའི་ཤས་ཆེ་བ་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །མ་རིག་པ་ལ་སོགས་པའི་ཆོས་རྣམས་ནི་འདུ་བྱེད་ལ་སོགས་པའི་
ཆོས་རྣམས་མངོན་དུ་འབྱིན་ཏེ། འདི་དག་རྒྱུ་མེད་པ་ལས་བྱུཔར་མ་ཡིན་ཞིང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་མཐུན་པའི་རྒྱུ་ལས་མཐུན་
པའི་འབྲས་བུ་ཉིད་འབྱུང་སྟེ། འདི་ལྟ་སྟེ་ལེགས་པར་སྤྱོད་པའི་རྣམ་པར་སྨིན་པ་སྡུག་པ་དང་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ་མི་སྡུག་པ་ཞེས་བྱ་བ་ལ་སོགས་པར་ཤེས་པ་གང་ཡིན་པ་དེ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་
འཇིག་རྟེན་པའི་ལམ་གྱི་གནས་སྐབས་སུ་ས་འོག་མ་དང་། གོང་མ་རྣམས་ཀྱིས་རགས་པ་དང་ཞི་བ་ཉིད་དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་ནི་བསྡུ་ན་དེ་བཞིན་ཉིད་དོ། །སྤྲོས་ན་འཕགས་པའི་བདེན་པ་བཞི་སྟེ། དེས་བག་ལ་ཉལ་
ལེགས་པར་བཅོམ་པའི་ཕྱིར་རོ། །མདོའི་སྡེ་ལ་སོགས་པའི་ཆོས་དཔྱད་པ་དང་འབྲེལ་བས་རིག་པ་བཞིར་བརྗོད་པར་བྱ་སྟེ། དེ་དག་གིས་དེ་དཔྱད་པའི་ཕྱིར་རོ། །དེ་ལ་ལྟོས་པའི་རིགས་པ་ནི་གང་འདུ་བྱེད་རྣམས་འབྱུང་བ་ན་རྐྱེན་ལ་ལྟོས་པ་སྟེ། འདི་ལྟ་སྟེ། མྱུ་གུ་འབྱུང་བ་ནས་ས་བོན་དང་དུས་དང་ཆུ་
เล่ม ๑๓๕ · หน้า 71b
དང་། ཞིང་རྣམས་ལ་ལྟོས་པ་དང་། རྣམ་པར་ཤེས་པའི་དབང་པོ་དང་། དོན་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱེད་པའི་རིགས་ལ་ནི་འདི་ལྟ་སྟེ་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ། །གཟུགས་ལ་སོགས་པ་ནི་དམིགས་པའི་
དངོས་པོའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པར་བྱེད་དོ། །གསེར་མགར་ལ་སོགས་པའི་ལག་བཟོ་བ་རྣམས་ནི་གསེར་ལ་སོགས་པ་བྱེད་ཅེས་བྱ་བ་ལ་སོགས་པའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ནི་སྒྲུབ་པའི་དོན་ངོ་བོ་ཉིད་དང་།
ཁྱད་པར་གྱིས་བསྡུས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་བར་དམ་བཅས་པ་ལ་སོགས་པར་བསྟན་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་འདི་ལྟ་སྟེ། མེས་ནི་ཚིག་ཆུས་ནི་འདྲུལ་ཞེས་བྱ་བ་ལ་སོགས་པར་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དེ། ཇི་སྐད་དུ་འབྱོར་ལྡན་མིག་ནི་རྟག་
པ་ནས་བདག་གི་བའི་བར་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་འདིའོ་ཞེས་གསུངས་པ་ལྟ་བུའོ། །མིང་ཀུན་ཏུ་ཚོལ་བ་ནི་མིང་གི་ཚོགས་ལ་སོགས་པ་བཏགས་པའི་ཡོད་པ་ཡིན་པའི་ཕྱིར་འདི་དག་གི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་དཔྱོད་པའོ། །དངོས་པོ་ཀུན་
ཏུ་ཚོལ་བ་ནི་ཇི་ལྟར་མིང་གི་ཚོགས་ལ་སོགས་པ་བརྗོད་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་གང་རྟོག་པ་སྟེ། ཡོངས་སུ་རྟོག་ཅེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་བརྗོད་པ་དང་བརྗོད་པར་བྱ་བ་འབྲེལ་པ་ལ་ངོ་བོ་ཉིད་དུ་འདོགས་
པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ་ཞེས་བྱ་བ་ལ་བརྗོད་པ་དང་བརྗོད་པར་བྱ་བ་འབྲེལ་བ་ནི་རྟོགས་པའི་རྒྱུ་ཉིད་དོ། །འདི་ལྟར་ཐ་སྙད་ལ་བྱ་བ་ནི་བརྗོད་པ་ཙམ་དུ་ཐོས་པས་དེའི་བརྗོད་པར་བྱ་བ་ལ་དྲན་པའི་སྒོ་ནས་རྟོགས་པ་འབྱུང་ངོ་། །བརྗོད་པར་བྱ་བ་དམིགས་ན་ཡང་དེ་བརྗོད་པ་ལ་རྟོགས་པ་འབྱུང་
སྟེ། རྣམ་པ་དེ་ལྟ་བུར་འབྲེལ་བར་གྲགས་པ་ལ་མིག་ལ་སོགས་པའི་རང་གི་མཚན་ཉིད་དུ་བཏགས་པ་ཙམ་ནི་དེ་བརྗོད་པ་ཤ་སྣ་གུ་ལ་སོགས་པའི་ཐ་སྙད་ཀྱི་རྒྱུར་གྱུར་པར་གང་ཀུན་ཏུ་རྟོག་པ་དེ་ནི་ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ཞེས་བྱའོ། །ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་གང་དེ་བཞིན་
เล่ม ๑๓๕ · หน้า 72a
དུ་བརྗོད་པ་དང་བརྗོད་པར་བྱ་བ་འབྲེལ་པ་རྟག་པ་དང་མི་རྟག་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ཁྱད་པར་གྱི་མཚན་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ། །
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གཞི་ནི་ཇི་ལྟར་ཀུན་དུ་བརྩལ་བ་རྣམས་ཀྱིས་མིང་ལ་སོགས་པ་མི་དམིགས་པར་ཤེས་པ་རྣམས་སོ། །ཆོས་ལ་ཏིང་ངེ་འཛིན་བར་བརྩོན་པའི་རྣལ་འབྱོར་གྱིས་ནི་རྣམ་པ་ལྔ་སྟེ། གཞི་ལ་སོགས་པའོ། །དེ་ལ་གཞི་ནི་མང་དུ་ཐོས་པ་ཅི་འདྲ་བར་དམིགས་
པའི་ཚུལ་གྱིས་ཞི་གནས་དང་ལྷག་མཐོང་གི་གནས་སུ་འགྱུར་ཏེ། དེ་ནི་གཞི་ཞེས་བྱའོ། །དེ་ཡང་ཚོགས་བསགས་པའི་བདེན་པ་མངོན་པར་རྟོགས་པའི་དབང་དུ་བྱས་པ་སྟེ། གང་མདོ་སྡེ་ལ་སོགས་པ་ཐོས་པས་བཟུང་བའོ། །བསྐྱེད་པ་ནི་དེ་ལ་དམིགས་པའི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེས་
མང་དུ་ཐོས་པ་དེ་ལ་ཕྱིན་ཅི་མ་ལོག་པར་དོན་སེམས་པའི་ཚུལ་གྱིས་སེམས་འཛིན་པའོ། །མེ་ལོང་ལྟ་བུ་ནི་མང་དུ་ཐོས་པ་དེ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པ་སྟེ། ཤེས་བྱའི་དངོས་པོ་དང་མཐུན་པ་གཟུགས་བརྙན་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་མེ་ལོང་ལྟ་བུ་ཉིད་ནི་དེས་
ཤེས་བྱའི་གཟུགས་བརྙན་ལ་ཡོངས་སུ་རྟོག་པར་རིག་པར་བྱའོ། །སྣང་བ་ནི་གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པ་སྟེ། མངོན་སུམ་དུ་འབྱུང་བའི་ཕྱིར་མཐོང་བའི་ལམ་གྱིས་བསྡུས་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱིས་འདི་ལ་བརྩོན་པ་མི་དམིགས་པ་ལ་རེག་ཅེ་ན།
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་ཚར་ཕྱིན་ནས་དེ་བཞིན་ཉིད་རྟོགས་པ་དང་མཐུན་པའི་ཆོས་ཐོས་པ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཏིང་ངེ་འཛིན་སྒྲུབ་སྟེ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཀྱིས་ཤེས་བྱའི་གཟུགས་བརྙན་གང་
ཡིན་པ་ལ་བརྟེན་ནས་བསམ་གཏན་དུ་བྱེད་དོ། མཉམ་པར་གཞག་པའི་སེམས་དེ་ལས་དེ་གཞན་མ་ཡིན་པར་མཐོང་ནས་གཟུགས་བརྙན་དེ་ལ་ཡུལ་གྱི་འདུ་ཤེས་བཟློག་སྟེ། དེའི་རྣམ་པ་རང་གི་འདུ་ཤེས་ཙམ་དུ་འཛིན་ཏོ། །དེའི་ཚེ་རང་གི་སེམས་ཙམ་ལ་གནས་པའི་ཕྱིར་སེམས་ནང་དུ་གནས་པར་
เล่ม ๑๓๕ · หน้า 72b
གྱུར་པས་གཟུང་བ་རྣམ་པ་ཐམས་ཅད་དུ་མེད་པར་རབ་ཏུ་རྟོགས་སོ། །དེའི་འོག་ཏུ་གཟུང་བ་མེད་པས་འཛིན་པ་ཡང་ཡོངས་སུ་མ་གྲུབ་བོ་ཞེས་དེ་ཡང་མེད་པར་རབ་ཏུ་རྟོགས་སོ། །དེའི་འོག་ཏུ་སོ་སོ་རང་ལ་དེ་གཉི་གའི་རང་བཞིན་དུ་དམིགས་པ་དང་བྲལ་ནས་དམིགས་པ་མེད་པར་ཁོང་དུ་ཆུད་དོ། །དེ་ཉིད་
ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། །བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །ཞེས་རྒྱ་ཆེར་གསུངས་སོ། །གནས་ནི་གནས་གྱུར་པ་སྟེ། གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་ཡོངས་སུ་དག་ཅེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་གྱི་
ས་འདི་ནི་རྒྱུ་དང་འབྲས་བུས་བསྟན་པར་རིག་པར་བྱ་སྟེ། དེ་ལ་གཞི་ལ་སོགས་པ་བཞིས་ནི་རྒྱུ་བསྟན་ཏོ། །ཐ་མ་གཅིག་གིས་ནི་འབྲས་བུ་བསྟན་ཏོ། །གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ལྔ་དང་ལྡན་པའི་དགེ་སློང་མྱུར་དུ་འཛིན་ཏོ་ཞེས་གང་སྨྲས་པའི་མདོ་དེ་ལ་ཆོས་ལྔ་པོ་འདི་
དག་གིས་མྱུར་དུ་འཛིན་པ་ལ་སོགས་པ་བཞིན་དུ་ཅི་རིགས་སུ་རིག་པར་བྱའོ། །ཇི་ལྟར་ན་ཆོས་ལ་མཁས་པས་མྱུར་དུ་འཛིན་ཞེ་ན། མང་དུ་ཐོས་པས་ཚིག་དང་ཡི་གེ་ཕལ་ཆེར་ལྕིགས་པའི་ཕྱིར་རོ། །དོན་ལ་མཁས་པས་མང་དུ་འཛིན་ཏེ། ཆོས་མངོན་པ་ལ་སོགས་པའི་མཚན་ཉིད་ཤེས་པའི་
ཕྱིར་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་གཏམ་གྱི་གཞིའི་སྐབས་སུ་ཚིག་ལེའུ་མང་དུ་བཟླུམས་པའི་ཕྱིར་རོ། །ཡི་གེ་ལ་མཁས་པ་དང་ངེས་པའི་ཚིག་ལ་མཁས་པས་ནི་ཚིག་དང་དོན་མ་ནོར་བར་འཛིན་པས་ལེགས་པར་ཟིན་པར་འཛིན་ཏེ། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་
དང་། བདག་གོ་ཞེས་ཡུལ་གྱི་མིའི་ངེས་པའི་ཚིག་ལ་མངོན་པར་ཞེན་པ་རྗེས་སུ་ཐ་སྙད་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་དགོངས་པ་ལ་མཁས་པས་ནི་ཟིན་པ་ཆུད་མི་གཟོན་ཏེ། སྔོན་ཟིན་པའི་ཆོས་རྣམས་ལ་བརྟེན་ནས་ཕྱིས་འབྱུང་བར་བྱ་བར་ཤེས་ཏེ། དགོངས་པ་
ཤེས་པའི་ཕྱིར་ཁོང་དུ་ཆུད་པས་དེའི་སྙིང་པོ་ལེན་པའི་ཕྱིར་རོ། །བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་དེར་ནི་བཅོམ་ལྡན་འདས་ཀྱིས་ཐོས་པ་དང་བསམ་པ་དང་བསྒོམ་པ་ནི་རིལ་གྱིས་བྱེད་ན་ཆོས་ལ་གནས་པ་ཡིན་གྱི། སྦྱོར་བ་གང་ཡང་རུང་བ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །དེ་ལ་ཀུན་
เล่ม ๑๓๕ · หน้า 73a
ཆུབ་པར་བྱེད་པ་དང་། ཁ་ཏོན་དུ་བྱེད་པ་དང་། བཤད་པ་མང་བ་དང་། རྟོག་པ་མང་བ་དེ་འབའ་ཞིག་ནི་ཐོས་པ་དང་སེམས་པ་ལ་ཞུགས་པ་ཡིན་གྱི། བསྒོམ་པ་ལ་ཞུགས་པ་མ་ཡིན་ཏེ། རྣལ་འབྱོར་ལ་སོགས་པ་བོར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ལ་གནས་པ་མ་ཡིན་པར་
རྣམ་པར་གཞག་གོ། །གང་ལ་ལ་ཞིག་གིས་ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་འབའ་ཞིག་ལ་ཞུགས་པ་དེ་ཡང་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་གཞག་གོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ལ་གནས་པའི་དགེ་སློང་ལས་བརྩམས་ཏེ། ཅི་ནས་ཐོས་པ་དང་བསམ་པ་དང་།
བསྒོམ་པ་ལ་བརྟེན་ནས་དེ་གཉི་ག་ལ་གནས་པས་ཆོས་ལ་གནས་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་འདི་ལ་དགེ་སློང་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེའི་ཆོས་ཀུན་ཆུབ་པར་བྱེད་པ་ཞེས་རྒྱ་ཆེར་བཀའ་སྩལ་ནས་དེའི་འོག་ཏུ་རྣལ་འབྱོར་མི་འདོར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་
མི་འདོར་རོ་ཞེས་བྱ་བ་ལ་སོགས་པས་ནི། ཏིང་ངེ་འཛིན་ལ་སྦྱོར་བ་དང་ཆོག་པར་མི་འཛིན་པས་བསྒོམ་པ་ལས་འབྱུང་བ་བསྟན་ཏོ། །ཏིང་ངེ་འཛིན་ལ་སྦྱོར་བ་ནི་རྣམ་པ་གཉིས་ཏེ། རྒྱུན་དུ་ཆུད་པ་དང་གུས་པར་སྦྱོར་བས་བསྡུས་པ་ནི་རྣལ་འབྱོར་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏོ། །མ་ལོག་པར་སྦྱོར་བས་
བསྡུས་པ་ནི་ཡིད་ལ་བྱེད་པ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏོ། །ཆོག་པར་མི་འཛིན་པ་ནི་ནང་དུ་སེམས་ཞི་གནས་སུ་བྱེད་པ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏེ་དེའི་རོ་མི་མྱང་བ་དང་། གང་དུ་ཞི་གནས་ལ་སྦྱོར་བས་མི་འདོར་བར་བལྟའོ། །ཅིའི་ཕྱིར་མདོ་སྡེ་གཞན་ལས་ཤིན་ཏུ་རྒྱས་པའི་བྱང་ཆུབ་སེམས་
དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཅེས་བྱ་ཞེ་ན། དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་ནས་གཅིག་ལ་གཅིག་རྣམ་པར་ངེས་པའི་བར་དུ་བསྟན་པའི་ཕྱིར་རོ། །དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། བགྲང་བའི་གྲངས་དང་། དེ་ཙམ་གྱི་གྲངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ནི་བགྲང་བའི་
གྲངས་སོ། །བྱང་ཆུབ་སེམས་དཔའི་ལམ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རྣམ་པ་ཐམས་ཅད་དང་ལྡན་པ་གཉིས་གསུམ་གསུམ་གྱིས་བསྡུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། མི་མང་མི་ཉུང་བ་ནི་དེ་ཙམ་གྱི་གྲངས་སོ། །མངོན་པར་མཐོ་བ་ནི་རྣམ་པ་གསུམ་སྟེ། ལོངས་སྤྱོད་ཆེན་པོ་ཉིད་
เล่ม ๑๓๕ · หน้า 73b
དང་། བདག་ཉིད་ཆེན་པོ་ཉིད་དང་། ཕྱོགས་ཆེན་པོ་ཉིད་དོ། །དེ་ལ་སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། །དེ་ལ་ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས་ཕུན་སུམ་ཚོགས་པ་འཐོབ་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འབྲས་བུ་ནི་བདག་ཉིད་ཆེན་པོ་ཉིད་དོ། །བཟོད་པས་སྐྱེ་བོ་ཐམས་ཅད་ཀྱི་མངོན་དུ་འགྲོ་བར་འགྱུར་བ་ཐོབ་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཕྱོགས་ཆེན་པོ་ཉིད་དོ། །ངེས་པར་ལེགས་པའི་ལམ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཟིལ་གྱིས་མནན་ནས་དགེ་བའི་ཕྱོགས་ལ་སྦྱོར་བའི་ཐབས་
དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པའི་ཐབས་ཏེ། འདི་དག་ལས་གང་ཡང་རུང་བ་ཞིག་མེད་ན་བྱང་ཆུབ་སེམས་དཔའི་ངེས་པར་ལེགས་པ་མི་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ནི་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྟེན་ནས་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་གནས་པ་ལས་བཟློག་སྟེ། འཁོར་བ་ན་མངོན་པར་མཐོ་བ་
ཡོངས་སུ་གཟུང་བར་བྱའོ། །འཁོར་བ་ན་གནས་པ་ལས་བཟློག་སྟེ། དེར་ཉོན་མོངས་པ་མེད་པར་བྱའོ། །དེའི་ཕྱིར་གསུམ་ནི་མངོན་པར་མཐོ་བ་ཐོབ་པའི་ཐབས་སོ། །གསུམ་ནི་དེ་ན་ཉོན་མོངས་པ་མེད་པའི་ཐབས་ཏེ། སྔ་མའི་ཚུལ་དུ་གོ་རིམས་བཞིན་དུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་མེད་པའི་
ཐབས་ལ་བརྩོན་འགྲུས་ཀྱིས་ནི་གཉེན་པོ་བསྒོམ་མོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་སོ། །སེམས་ཅན་རྗེས་སུ་འཛིན་པ་དང་། ཉོན་མོངས་པའི་གཉེན་པོའི་ཕྱིར་ཡང་རྣམ་གྲངས་གཞན་ཏེ། དེ་ལ་སྦྱིན་པས་ནི་བྱང་ཆུབ་
སེམས་དཔའ་སེམས་ཅན་རྣམས་ལ་ཡོ་བྱད་ཉེ་བར་སྒྲུབ་པའི་ཕན་འདོགས་པས་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་ཕོངས་པ་དང་། གནོད་པ་དང་རྣམ་པར་འཚེ་བ་མི་བྱེད་པའི་ཚུལ་གྱིས་རྗེས་སུ་འཛིན་ཏེ། གོ་རིམས་བཞིན་དུ་ལོངས་སྤྱོད་དང་ལུས་དང་སེམས་ལ་གནོད་པ་མི་སྒྲུབ་པའི་ཕྱིར་རོ། །
เล่ม ๑๓๕ · หน้า 74a
བཟོད་པས་ནི་ཕོངས་པ་དང་གནོད་པ་ལ་ཇི་མི་སྙམ་པར་རྗེས་སུ་འཛིན་ཏོ། །གཞན་དག་གིས་བདག་གི་ལོངས་སྤྱོད་ལ་སོགས་པ་ལ་གནོད་པ་ལ་མི་མཇེད་པའི་ཕྱིར་ཏེ། དེ་གསུམ་གྱིས་རྗེས་སུ་འཛིན་ཏོ། །བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམ་པར་མ་མནན་ཡང་དགེ་བའི་ཕྱོགས་
ལ་སྦྱོར་རོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ། །འདི་གསུམ་ནི་ཉོན་མོངས་པའི་གཉེན་པོར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ནི་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། དེ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་རིགས་
དང་། སྨོན་ལམ་དང་། བསམ་པ་དང་དངོས་པོ་དང་། ངོ་བོ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་ལམ་མོ། །སྙིང་རྗེ་སྔོན་དུ་གཏོང་བའི་སེམས་ནི་བསམ་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་
དངོས་པོའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་
དང་། རྗེས་སུ་བསྲུང་བ་དང་། གནོད་པར་བྱེད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པ་དང་། དང་དུ་ལེན་པ་དང་། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་སོ་ཞེས་གོ་རིམས་བཞིན་དུ་བརྗོད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་བ་ལ་སེམས་ཀྱི་གནས་པ་རྣམ་པ་ཐམས་ཅད་དང་ལྡན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་པ་ལ་གང་རྣམ་པ་ཐམས་ཅད་དུ་ཆོས་རབ་
เล่ม ๑๓๕ · หน้า 74b
ཏུ་རྣམ་པར་འབྱེད་པའོ་ཞེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་ནི་སྦྱིན་པ་བཞིན་དུ་རིག་པར་བྱའོ། །ཡང་སྦྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་པ་དང་། ཐམས་ཅད་མཁྱེན་པ་
ཉིད་ཀྱི་བྱ་བ་བྱེད་པ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚིག་བཞི་པོ་དེ་དག་ནི་གོ་རིམས་བཞིན་དུ་རྩོམ་པ་དང་། བག་ཆགས་དང་། སྐུ་དང་། རྒྱུ་མཐུན་པར་རིག་པར་བྱའོ། །དེ་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། འབྱུང་བ་དང་བྱུང་བ་དེར་ཡོངས་སུ་
བསྔོ་བའི་ཕྱིར་རོ། །སྦྱིན་པ་དེ་ཉིད་རྒྱུད་ལ་བག་ཆགས་སུ་བསྒོས་ཏེ། དེ་ལས་ཕྱི་མ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ། །དེའི་འོག་ཏུ་ལོངས་
སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །གོ་རིམས་ནི་འོག་མ་འོག་མ་ལ་བརྟེན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ནང་དང་ཕྱིའི་དངོས་པོ་ཐམས་
ཅད་ཡོངས་སུ་གཏོང་བར་གོམས་པས། ལུས་དང་སྲོག་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཡང་སྤངས་ནས་ཚུལ་ཁྲིམས་ལ་ཡང་དག་པར་འཛིན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བ་ནི་གཤེ་ཡང་བདག་གིས་སླར་གཤེ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་
པའི་རྣམ་པ་རྣམས་ཀྱིས་བཟོད་པར་འགྱུར་རོ། །གྲང་བ་ལ་སོགས་པ་བཟོད་པ་ནི་དེའི་གཞི་ལས་སྦྱོར་བ་མི་ཉམས་པས་བརྩོན་འགྲུས་བརྩམས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ནི་སྦྱོར་བའི་མཐའི་འབྲས་བུ་ཐོབ་པས་བསམ་གཏན་བསྒྲུབ་བོ། །བསམ་གཏན་ཕུན་སུམ་ཚོགས་ཏེ་སེམས་
མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་བོ། །ཡང་གོང་མ་གོང་མ་ནི་གཞི་ཡིན་པའི་ཕྱིར་ཏེ། ཚུལ་ཁྲིམས་ནི་སྦྱིན་པའི་གཞི་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཞི་ཡིན་པའི་བར་དུའོ། །འདི་ལྟར་
เล่ม ๑๓๕ · หน้า 75a
ཚུལ་ཁྲིམས་དང་ལྡན་པ་ནི་སྦྱིན་པས་ཕན་བཏགས་པ་ལ་ཚུལ་ཁྲིམས་ཀྱིས་གནོད་པ་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལེན་པ་པོ་དེ་ལ་རྣམ་པར་འཚེ་བ་དང་བྲལ་བར་ཡོ་བྱད་ཀྱིས་བདེ་བར་སྦྱོར་བས་ཚུལ་ཁྲིམས་ཀྱི་
སྟོབས་ཀྱིས་སྦྱིན་པ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལྟར་བཟོད་པ་དང་ལྡན་པ་ནི་གཞན་གནོད་པར་བྱེད་པ་དག་གིས་བསླབ་པའི་གཞི་མི་འདྲལ་བས་ཚུལ་ཁྲིམས་རྣམ་པར་དག་གོ། །བརྩོན་འགྲུས་བརྩམས་པས་སྤྲོ་བའི་སྟོབས་ཀྱི་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་ལོག་
པར་སྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་པས་བཟོད་པ་རྣམ་པར་དག་གོ། །བསམ་གཏན་པ་ནི་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པར་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བས་བརྩོན་འགྲུས་རྣམ་པར་དག་གོ། །བརྩོན་འགྲུས་བརྩམས་པས་ཤེས་རབ་དང་ལྡན་པ་ནི་ཆོས་
རྣམ་པ་མང་པོ་ལ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་སྟེ། ཤེས་རབ་མེད་ལ་བསམ་གཏན་མེད། །ཅེས་ཚིགས་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །ཇི་ལྟར་རགས་པའི་རིམ་གྱིས་ཡང་གོ་རིམས་བཞིན་དུ་རིག་པར་
བྱའོ། །སྦྱིན་པ་ནི་ཐམས་ཅད་ཀྱི་ནང་ནས་རགས་སྟེ། དེའི་ཕྱིར་སྦྱིན་པ་ཐོག་མར་རྣམ་པར་གཞག་གོ། །དེའི་འོག་ཏུ་བཟོད་པ་ལ་སོགས་པས་ཚུལ་ཁྲིམས་རགས་སོ། །དེ་བཞིན་དུ་ཤེས་རབ་པས་བསམ་གཏན་རགས་པའི་བར་དུའོ། །ཤེས་རབ་ནི་ཐམས་ཅད་ཀྱི་ནང་ན་ཕྲ་སྟེ། དེའི་ཕྱིར་
ཐམས་ཅད་ཀྱི་ཐ་མར་རྣམ་པར་གཞག་གོ། །ངེས་པའི་ཚིག་ནི་ཅིའི་ཕྱིར་སྦྱིན་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་ཆེན་པོ་དང་། སྐྱོན་མེད་པ་དང་། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སྦྱིན་པ་ཆེན་པོ་ནི་ནང་དང་ཕྱིའི་དངོས་པོའི་རྣམ་པ་ཐམས་ཅད་
སྦྱིན་པ་དང་། ཡུན་རིང་དུ་སྦྱིན་པའི་ཕྱིར་རོ། །སྐྱོན་མེད་པ་ནི་གནོད་པས་ཀུན་ཏུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་སྦྱིན་པ་མི་ཟད་པ་ལས་བརྩམས་ཏེ་བསྟན་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་
เล่ม ๑๓๕ · หน้า 75b
རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱང་བ་ཡང་ཚད་མེད་པ་སྟེ། ཚེ་དང་སྤོབས་པ་དང་བདེ་བ་དང་སྟོབས་དང་ཁ་དོག་ཉེ་བར་བརྟན་པའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་
པའོ། །ཉོན་མོངས་པའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པའོ། །བདེ་བ་དང་འབྱོར་པའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར། བཞོན་པ་འདོད་པ་རྣམས་ལ་བཞོན་པ་སྦྱིན་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མདོག་གསེར་གྱི་ཁ་དོག་ཡོངས་སུ་སྦྱང་བའི་ཕྱིར་
གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ་མར་མེ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དག་པར་བྱ་བའི་ཕྱིར་སིལ་སྙན་འདོད་པ་རྣམས་ལ་སིལ་སྙན་སྦྱིན་པའོ། །ཚུལ་ཁྲིམས་
དང་ཐོས་པ་དང་ཏིང་ངེ་འཛིན་གྱི་དྲིས་བྱུག་པའི་ཕྱིར་སྤོས་དང་བྱུག་པ་འདོད་པ་རྣམས་ལ་སྤོས་དང་བྱུག་པ་སྦྱིན་པའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་སྦྱིན་པའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར།
ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་བྲོ་བ་ཐམས་ཅད་འདོད་པ་ལ་རོ་བྲོ་བ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱབས་དང་། མགོན་དང་། དཔུང་གཉེན་བྱ་བའི་ཕྱིར་གནས་
འདོད་པ་རྣམས་ལ་གནས་སྦྱིན་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་དང་། ལྷ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར། མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ས་ཐམས་ཅད་ཀྱི་བྱང་ཆུབ་
ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། །བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་ཡོངས་སུ་བསྐང་བར་བྱ་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི་བདུད་རྩིའི་བདེ་བས་ཡོངས་སུ་བསྐང་བའི་ཕྱིར་ན་བ་དང་སྨན་འདོད་པ་རྣམས་ལ་སྨན་སྦྱིན་
เล่ม ๑๓๕ · หน้า 76a
པའོ། །རང་དབང་དང་རང་ཉམས་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་བསྐང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྲན་པོ་དང་བྲན་མོ་ཡོངས་སུ་གཏོང་བའི་སྦྱིན་པའོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་སྤངས་པའི་
ཕྱིར་རོ། །དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་པ་རྣམ་པ་གསུམ་ནི་འདྲིས་པ་དང་བཅས་པའི་ངོ་བོ་ཉིད་དམ་པ་དང་། ཐབས་དམ་པ་དང་། འབྲས་བུ་དམ་པའོ། །འདྲིས་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ལ་སོགས་པའི་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས་པ་རྣམ་པར་སྤངས་པ་ལ་སོགས་པའི་ཕྱིར་ཏེ། ཅི་རིགས་སུ་བློ་གྲོས་མི་ཟད་པས་བསྟན་པ་ལས་བལྟ་བར་བྱའོ། །ཡང་དམ་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་
ཕྱིན་པ་ཞེས་བྱའོ། །དམ་པ་རྣམ་པ་བཅུ་གཉིས་ལ། རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡུན་རིང་བ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམ་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་
ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟད་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་པའི་ཕྱིར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་
ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཆོགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་
ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆེན་པོར་གྱུར་པ་ལའོ། །ཐོབ་པ་དམ་པ་ནི་ས་དང་པོ་ལའོ། །རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་
เล่ม ๑๓๕ · หน้า 76b
གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་། སངས་རྒྱས་འགྲུབ་པའི་ཕྱིར་རོ། །ཡང་དམ་པ་རྣམས་ཀྱིས་སྤྱད་པ་དང་བགྲོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་སྤྱད་པ་དང་བགྲོད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ཤེས་བྱའི་ཕ་རོལ་ཏུ་སོན་པས་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་དང་བདག་མཆོག་ཏུ་གནོད་པ་ལས་སྒྲོལ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། གཞན་དང་བདག་སྡུག་བསྔལ་གྱི་
རྒྱ་མཚོ་ལས་འདའ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་རེ་ཞིག་ཐུན་མོང་གི་ངེས་པའི་ཚིག་གོ། །སོ་སོའི་ངེས་པའི་ཚིག་ནི་སྦྱིན་བདག་གི་དབུལ་བ་སེལ་བ་དང་། ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང་། འགྲོ་བ་བཟང་པོར་སྦྱོར་བ་དང་། བསིལ་
པའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། གོ་རིམས་བཞིན་དུ་དབང་པོ་རྣམས་ཀྱི་སྒོ་སྡོམ་པར་བྱེད་པ་དང་། བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པ་དང་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་བར་གྱི་གནས་ཡིན་པའི་ཕྱིར་རོ། །ཁྲོ་བའི་ཚ་བ་སེལ་བ་དང་། རྨ་འབྱིན་
པའི་སེམས་འོངས་པ་སེལ་བ་དང་། ཞི་བར་བརྗོད་པའི་ཕྱིར་བཟོད་པའོ། །རྨ་འབྱིན་པའི་སེམས་ཞེས་བྱ་བ་ནི་གང་གིས་གནོད་པ་བྱེད་པ་རྣམས་ལ་ལན་དུ་གནོད་པ་བྱེད་པ་སྟེ། དེ་འོངས་པ་འདིས་འབྲལ་བར་བྱེད་པ་ནི་སེལ་བར་རིག་པར་བྱའོ། །རྨ་འབྱིན་པ་ནི་འདི་དག་ལ་ཤར་གཉེར་བ་ཡོད་པས་རྨ་
འབྱིན་པ་ཅན་ཏེ། དེ་དག་ལ་མི་འཇིགས་པ་སྒྲོགས་པ་ནི་བདེ་བར་བརྗོད་པར་རིག་པར་བྱའོ། །སེལ་བ་དང་། འཕེལ་བར་བྱེད་པ་དང་ལྡན་པས་བརྩོན་འགྲུས་ཏེ། དེ་ལ་སེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་མི་དགེ་བའི་ཆོས་དང་བྲལ་བར་བྱེད་པའོ། །འཕེལ་བའི་ཕྱིར་
སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །འཛིན་པ་དང་། སྡོམ་པ་དང་། འདུལ་བ་དང་། འཐོབ་པར་བྱེད་པས་བསམ་གཏན་ཏེ། དེ་ལ་འཛིན་པ་ནི་དམིགས་པ་ལ་སེམས་འཛིན་པའོ། །སྡོམ་པ་ནི་རྣམ་པར་གཡེང་བ་ལས་སེམས་ཡང་དག་
เล่ม ๑๓๕ · หน้า 77a
པར་སྡོམ་པའོ། །འདུལ་བ་ནི་ཀུན་ནས་དཀྲིས་པ་རྣམས་རྣམ་པར་གནོད་པའོ། །ཐོབ་པར་བྱེད་པ་ནི་དབང་འབྱོར་པ་ཐོབ་པར་བྱེད་པར་རིག་པར་བྱའོ། །གཞན་གྱིས་སྨྲས་པ་ཤེས་པ་དང་། སོ་སོ་རང་གིས་ཤེས་པ་དང་། རྣམ་པར་ཤེས་པ་དང་། རབ་ཏུ་ཞི་བ་ཐོབ་པ་
དང་། །ཡོན་ཏན་མཆོག་ཏུ་ཕྱིན་པར་ཤེས་པས་ཤེས་རབ་སྟེ། དེ་ལ་གཞན་གྱིས་སྨྲས་པ་ཤེས་པ་ནི་གཞན་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ། །སོ་སོ་རང་གིས་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་ནི་འཇིག་
རྟེན་ལས་འདས་པའི་རྗེས་ལས་ཐོབ་པའོ། །ཞི་བ་ཐོབ་པར་བྱ་བའི་ཕྱིར་ཤེས་པ་ནི་བསྒོམ་པའི་ལམ་ལ་ཉོན་མོངས་པའི་གཉེན་པོར་གྱུར་པའོ། །ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ། །བསྒོམ་པ་ནི་རྣམ་ལྔ་སྟེ།
ཕུང་པོ་ལ་གནས་པ་ནས་དབང་འབྱོར་པ་ལ་གནས་པའི་བར་དུའོ། །འདིར་ཚིགས་སུ་བཅད་པ། ཕུང་པོར་བརྟེན་ནས་བསྒོམ་པ་སྟེ། །ཡིད་ལ་བྱེད་དང་བསམས་པ་དང་། །ཐབས་དང་དབང་འབྱོར་དེ་བཞིན་ཏེ། །དེ་དག་ཐམས་ཅད་བརྗོད་པ་ཡིན། །ཇི་སྐད་དུ། རྒྱུ་དང་སྨིན་དང་སྨོན་ལམ་དང་། །
སོ་སོར་བརྟགས་པས་ཕུང་པོར་དྲན། །ཞེས་བཤད་པ་ལྟ་བུའོ། །དེ་ལ་ཕུང་པོ་ལ་གནས་པ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པ་ནི་གང་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི་གང་ལུས་ཕུན་སུམ་ཚོགས་པའི་
སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི་གང་སྔོན་གྱི་སྨོན་ལམ་གྱི་སྟོབས་སོ། །སོ་སོར་བརྟགས་པའི་སྟོབས་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་
བཞི་སྟེ། མོས་པ་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ། །རོ་མྱང་བའི་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཕན་ཡོན་མཐོང་བའི་ཚུལ་གྱིས་རོ་མྱོང་བར་བྱེད་པའོ། །རྗེས་སུ་ཡི་རང་བ་ཡིད་ལ་
เล่ม ๑๓๕ · หน้า 77b
བྱེད་པས་བསྒོམ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་བདག་དང་སེམས་ཅན་རྣམས་ཀྱི་མ་འོངས་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ། །བསམ་པ་
ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་དྲུག་སྟེ། མི་ངོམས་པའི་བསམ་པ་དང་། ཡངས་པའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན་གདགས་པའི་བསམ་པ་དང་། གོས་པ་མེད་པའི་བསམ་པ་དང་། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་
མི་ངོམས་པའི་བསམ་པ་ནི་གང་བྱང་ཆུབ་སེམས་དཔའ་སྐད་ཅིག་གཅིག་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་དང་། ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་གཅིག་ལ་སྦྱིན་པར་བྱེད་ཅེའོ། །དེ་བཞིན་དུ་སྐད་ཅིག་རེ་རེ་ལ་
གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྦྱིན་པར་བྱེད་ཅིང་སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་ལ་རྣམ་གྲངས་འདིས་དེ་ལ་སྦྱིན་ཡང་མི་ངོམས་པ་ཉིད་ནི་བྱང་ཆུབ་སེམས་དཔའི་སྦྱིན་
པའི་བསམ་པ་སྟེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་བསམ་པ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་རྣམ་པ་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་
མི་བྱེད་ཅིང་རྒྱུན་མི་གཅོད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཡངས་པའི་བསམ་པའོ། །དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་དགའ་བ་ཡིན་གྱི་སྦྱིན་པ་དེས་རྗེས་སུ་གཟུང་བའི་སེམས་
ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ། །གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི །བདག་
เล่ม ๑๓๕ · หน้า 78a
གིས་ནི་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་
དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང་ལེན་དུ་ཕན་འདོགས་པའམ། རྣམ་པར་སྨིན་པ་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །བྱང་
ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་ཡངས་པའི་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་
འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པ་ནི། གང་བྱང་
ཆུབ་སེམས་དཔའ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཅིང་ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ་རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ན་སྤྱོད་ལམ་བཞི་བྱེད་ཀྱང་སྐད་ཅིག་གཅིག་
ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། ཤེས་རབ་ཀྱི་བར་གྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་བར་གྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའི་མི་ངོམས་པ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་སྟེ། བྱང་
เล่ม ๑๓๕ · หน้า 78b
ཆུབ་སེམས་དཔའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་པར་མི་བྱེད་ཅིང་། རྒྱུན་མི་གཅོད་པའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་
ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཡངས་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་
དགའ་བ་ཡིན་གྱི། རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པས། གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི་བདག་གིས་ནི་མ་ཡིན་ནོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ། བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་
འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུས་བྱས་ཀྱང་། དེ་ལ་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་ལས་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་
เล่ม ๑๓๕ · หน้า 79a
ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་བྱུང་བ་ནས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་
སུ་བསྔོའོ། །རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གང་ཞེ་ན། རྣམ་པ་གསུམ་སྟེ།
སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་སྟེ། ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ། །དབང་འབྱོར་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང་འབྱོར་པ་དང་། སྤྱོད་
པ་ལ་དབང་འབྱོར་པ་དང་། བཤད་པ་ལ་དབང་འབྱོར་པའོ། །ལུས་ལ་དབང་འབྱོར་པ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ། རང་བཞིན་དང་ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་པའི་སྐུར་བལྟ་བར་བྱ་སྟེ། དེས་སེམས་ཅན་ཐམས་ཅད་
ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀུན་ཏུ་སྟོན་ཏོ། །བཤད་པ་ལ་དབང་འབྱོར་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་སྟོན་པ་བཅོ་བརྒྱད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟ་བར་བྱའོ། །རྟོན་པ་བཅོ་བརྒྱད་ནི་ལུས་རྟོན་
པ་དང་། སེམས་རྟོན་པ་དང་། དགེ་བ་རྟོན་པ་དང་། བདེ་འགྲོ་རྟོན་པ་དང་། བྱང་ཆུབ་རྟོན་པ་དང་། སྙིང་རྗེ་རྟོན་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་རྟོན་པ་དང་། དམན་པའི་སེམས་ཡོངས་སུ་དོར་བ་རྟོན་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང་། དགེ་བའི་རྩ་བ་ལ་
เล่ม ๑๓๕ · หน้า 79b
སྦྱོར་བ་རྟོན་པ་དང་། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང་། །དགེ་བའི་རྩ་བ་མི་ཟད་པ་རྟོན་པ་དང་། དགེ་བའི་རྩ་བ་ལ་ཡོངས་སུ་མི་སྐྱོ་བ་རྟོན་པ་དང་། བསམ་པའི་དོན་ཐམས་ཅད་འབྱོར་པ་རྟོན་པ་དང་། ཚོགས་སྡུད་པ་རྟོན་པ་དང་། ས་ལ་འཇུག་པ་རྟོན་པ་དང་། སངས་
རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྟོན་པ་དང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་རྟོན་པ་སྟེ། སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཐ་དད་པས། གསུམ་གསུམ་གྱི་གོ་རིམས་བཞིན་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང་། མི་
འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །བཟོད་པ་རྣམ་པ་གསུམ་ནི། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་།
སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་ལ་
བདེ་བར་གནས་པར་བྱ་བའི་བསམ་གཏན་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དང་། དོན་དམ་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་
ལ་དམིགས་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་ལུས་རྟོན་པ་སྟེ། བཟའ་བ་དང་བཏུང་བ་ལ་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་ལེན་པའི་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང་བྲལ་བར་བྱ་བའི་ཕྱིར་
སེམས་ཀྱི་དབུགས་འབྱིན་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཏེ། དེ་ཡོངས་སུ་འདོར་བ་རྟོན་པ་ནི་
เล่ม ๑๓๕ · หน้า 80a
སྡུག་བསྔལ་དང་དུ་ལེན་པའི་བཟོད་པར་རིག་པར་བྱའོ། །དགེ་བའི་རྩ་བ་མི་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་བ་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མི་གཏོང་བ་སྟེ། དེ་རྟོན་པ་
ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ། །ཚོགས་སྡུད་པ་ནི་ཐོབ་པ་ལ་བརྟེན་ནས་འདུལ་བ་རྣམས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་པར་བྱ་བ་དང་། སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་གདམས་པ་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་
པ་སྟེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བའི་བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། རབ་ཏུ་དགའ་བའི་ས་ལ་འཇུག་པ་སྟེ། དེ་རྟོན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའོ། །ལྷག་མ་ནི་
ལེགས་པར་སྦྱོར་བའི་ཕྱིར་སྦྱར་བར་མ་བྱས་སོ། །ཡང་རབ་ཏུ་དབྱེ་བ་ནི་སྦྱིན་པ་བདུན་ཏེ། རྩ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་
གནས་སྐབས་པའི་སྟེ། སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་གནས་སྐབས་པའོ། །འཛིན་པ་ངན་པ་མེད་པའི་སྦྱིན་པ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པའི་གནས་སྐབས་པ་སྟེ། སྦྱིན་བདག་ལ་
སོགས་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་ངན་པ་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པའི་སྦྱིན་པ་ནི་མཐུའི་གནས་སྐབས་པ་སྟེ། ཕྱི་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པར་ཡང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་ནམ་མཁའ་ལ་ལག་པ་བརྐྱང་
ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའོ། །སོ་སོར་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པའི་སྟེ། སྦྱིན་པ་འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པར་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ནི་བྱང་ཆུབ་མཆོག་གི་གནས་སྐབས་པའི་སྟེ། བླ་ན་མེད་པའི་ཕྱིར་རོ། །
เล่ม ๑๓๕ · หน้า 80b
དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ས་བསྡུས་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིགས་བསྡུས་པ་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིགས་ཀྱི་རྟགས་
ཀྱིས་བསྡུས་པར་ཤེས་པར་བྱའོ། །སེམས་བསྐྱེད་པས་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པས་བསྡུས་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི་ཀྱེ་
མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་དེ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཤིག་སྙམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཁྱད་
པར་དུ་འཕགས་པའི་སེམས་བསྐྱེད་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །བདག་དང་གཞན་གྱི་དོན་བསྡུས་པ་ལས་གང་སྦྱིན་པས་ཕྱུག་པོ་ཡོངས་སུ་འཛིན་པ་འདི་ནི་བདག་གི་དོན་ཏོ། །གང་གཞན་ལ་ཡོ་བྱད་ཉེ་བར་སྒྲུབ་
པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དོན་དམ་པས་བསྡུས་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི་དེ་བཞིན་ཉིད་སྦྱིན་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་ལས་བརྩམས་པ་
ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་
མཚན་ཉིད་ལས་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོན་དམ་པ་ནི་སྦྱིན་པ་ལ་སོགས་པས་བསྡུས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྡུས་པ་ལ་ལྷག་མ་རྣམས་བརྟག་པར་བྱའོ། །
เล่ม ๑๓๕ · หน้า 81a
མི་མཐུན་པའི་ཕྱོགས་ནི་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་སྟེ་སྦྱིན་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་དགེ་བའི་ཆོས་ཇི་སྙེད་པ་དེ་
དག་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་ཡང་དེ་དག་གི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་གནས་སྐབས་སུ་དཔག་ཏུ་མེད་པར་རིག་པར་བྱའོ། །འདི་ལྟ་སྟེ། ཇི་ལྟར་འདི་དག་གི་རང་གི་མི་མཐུན་པའི་ཕྱོགས་སྤོང་
བ་བྲལ་བའི་འབྲས་བུ་དང་། མཐོང་བའི་ཆོས་ལ་བདག་དང་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བ་རྒྱུ་མཐུན་པའི་འབྲས་བུ་དང་། བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང་། ལོངས་སྤྱོད་ཆེན་པོ་དང་།
བདེ་འགྲོར་འགྲོ་བ་དང་། ཁོན་མེད་པ་དང་། དབྱེ་བ་མེད་པ་དང་། བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ལ་དབང་བ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ། །གཅིག་
ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་གྱུར་པ་དང་། རབ་ཏུ་དབྱེ་བ་ལས་གྱུར་པ་དང་། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ། །དེ་ལ་སྦྱོར་བ་ལས་གྱུར་པ་ནི་སྦྱིན་པ་ལ་སྦྱོར་བར་ཐམས་ཅད་འདུས་པར་དམིགས་ཏེ། འདི་ལྟ་སྟེ། ནང་དང་ཕྱིའི་དངོས་པོ་ཡོངས་
སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ། །དེ་ལ་གང་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱམས་པའི་སེམས་དང་ལྡན་པའི་ཕྱིར་གང་གཞན་ལ་ཀུན་ནས་མནར་སེམས་པ་དང་གནོད་པ་དང་རྣམ་པར་འཚེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་
གང་ཉེ་བར་སྐོར་བ་དང་། ཕོངས་པ་དང་། སྐྱོ་བ་ལ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཕྱིར་ཞིང་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་སེམས་རྩེ་གཅིག་པ་ཉིད་དེ་དགེ་བ་ལས་སེམས་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด