རྣམ་པར་བཤད་པ་རིགས་པའི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) བྱཱ་ཁྱཱ་ཡུཀྟི་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓๗ · หน้า 139b

༄༅༅། །རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀྟི་ཊཱི་ཀ །བོད་སྐད་དུ། རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཏི་མུག་གཉིད་གཉིས་ཟད་ཕྱིར་དང་། །ཞེས་བྱ་བ་ནི། གཏི་མུག་ཉིད་གཉིད་ཡིན་པས་

གཏི་མུག་གཉིད་དོ། །དོན་རྟོགས་པའི་བགེགས་སུ་གྱུར་པའི་ཕྱིར་རོ། །གཏི་མུག་གི་གཉིད་ནི་གཏི་མུག་གཉིད་གཉིས་སོ། །དེ་ཟད་པ་ནི་གཏི་མུག་གཉིད་གཉིས་ཟད་པའོ། །དེའི་ཕྱིར་དེ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་དུ་རྨོངས་པ་དང་། གཏན་དུ་བྲལ་བའི་ཕྱིར་རོ་ཞེས་

བྱ་བའི་ཐ་ཚིག་གོ། །བློ་རྒྱས་ཕྱིར་ན་ཞེས་བྱ་བ་ནི། ཤེས་བྱ་ཐམས་ཅད་ལ་རབ་ཏུ་རྣམ་པར་འཕྲོས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཐུབ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ན་གྲོལ་བའི་ཕྱིར་དང་། མྱ་ངན་ལས་འདས་པའི་ཕྱིར་ཐུབ་པ་སྟེ། ཐུབ་པ་དེ་ལ་དད་པ་

སྔོན་དུ་འགྲོ་བའི་མགོ་བོས་བཏུད་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ལ། དེ་ལ་ཕན་པར་བྱ་བའི་ཕྱིར་ནི་མདོ་རྣམ་པར་འཆད་པར་འདོད་པ་དེ་དག་ལ་རྣམ་པར་བཤད་པ་ལ་ཕན་པར་བྱ་བའི་ཕྱིར་རོ། །ཆོས་གང་དག་ཐོག་མར་དགེ་བ་ཞེས་བྱ་བ་མདོ་ལས་རྒྱ་ཆེར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཆོས་གང་

དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པའི་ཆོས་དེ་ལྟ་བུ་མང་པོ་ཐོས་པ་དང་། གཟུང་

བ་དང་། ཁ་ཏོན་བྱ་བ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཚངས་པ་ནི་མཆོག་ཏུ་གཙོ་བོ་ཡིན་པའི་དོན་གྱིས་ཞེས་བྱ་བ་ནི་གཙོ་བོ་སྟེ། དཔེར་ན་ལམ་ལྟ་བུ་ཡང་ཡོད་པས་དེའི་ཕྱིར་དེ་ནི་མཆོག་ཏུ་གཙོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་

ཚིག་གོ། །ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་རྒྱ་ཆེར་གསུངས་པ་ཇི་ལྟ་བུ་ཞེ་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་།

เล่ม ๑๓๗ · หน้า 140a

བསླབ་པའི་གཞི་དག་ཡང་དག་པར་བླངས་ཏེ་སློབ་པའོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས་རྒྱས་པར་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ཡིན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་

དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པ་ཏིང་

ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་

དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་

བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་

ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དང་། འདོད་པའི་ཟག་པ་ལས་སེམས་རབ་ཏུ་རྣམ་པར་འགྲོལ། སྲིད་པའི་ཟག་

པ་དང་། མ་རིག་པའི་ཟག་པ་ལས་སེམས་རབ་ཏུ་རྣམ་པར་འགྲོལ་ཞིང་དེ་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་མཐོང་བར་འགྱུར་རོ་ཞེས་རྒྱ་ཆེར་འབྱུང་ངོ་། །གོ་རིམས་བཞིན་དུ་ཕྱིན་ཅི་མ་ལོག་པ་དང་། གོ་བར་བྱེད་པ་གཉིས་ཀྱིས་ཞེས་བྱ་བ་ལ། ཕྱིན་ཅི་མ་

เล่ม ๑๓๗ · หน้า 140b

ལོག་པ་ཉིད་ཀྱིས་ནི་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །གོ་བར་བྱེད་པ་ཉིད་ཀྱིས་ནི་བརྗོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །མ་འདྲེས་པ་ལ་སོགས་པ་ནི་གོ་རིམས་བཞིན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མ་འདྲེས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་ཉོན་

མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་ཏེ། སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་དག་ནི་འཇིག་རྟེན་པའི་ལམ་གྱིས་མི་སྤོང་བས་སོ། །ཡོངས་སུ་དག་པ་ནི་འདི་ལྟར་ཟག་པ་མེད་པ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བས་

རྣམ་པར་གྲོལ་བའི་ཕྱིར་ཏེ། ཟག་པ་ཟད་པའི་རྒྱུད་ལ་འབྱུང་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་རྣམ་གྲངས་གཞན་ཡང་ཐོག་མར་དགེ་བ་ནི་དོན་བཟང་པོ་ཡིན་པའི་ཕྱིར་རོ། །བར་དུ་དགེ་བ་ནི་ཚིག་འབྲུ་བཟང་པོ་ཡིན་པའི་ཕྱིར་རོ། །ཐ་མར་དགེ་བ་ནི་མ་འདྲེས་པ་ལ་

སོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་པའི་ཕྱིར་རོ། །མ་འདྲེས་པ་ཡང་མ་ཡིན་ཏེ། གཞན་དང་ཐུན་མོང་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་དེའི་ཚངས་པར་སྤྱོད་པ་ནི་ཐོད་པ་ཅན་ལ་

སོགས་པ་གཞན་རྣམས་དང་མི་མཐུན་པ་ཡིན་པས་སོ། །ཡོངས་སུ་རྫོགས་པ་ཡང་མ་ཡིན་ཏེ། ཉི་ཚེའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འཇིག་རྟེན་པའི་ལམ་ནི་ས་འོག་མ་ཉིད་ཀྱི་གཉེན་པོ་ཡིན་

ལ། ཟག་པ་མེད་པ་མི་ལྕོགས་པ་མེད་པ་ལ་སོགས་པས་བསྡུས་པ་ནི་ཐམས་ཅད་ཀྱི་ཡིན་ནོ། །ཡོངས་སུ་དག་པ་ཡང་མ་ཡིན་ཏེ། རང་གི་ས་པའི་ཉོན་མོངས་པ་ཀུན་དུ་སྤྱོད་པའི་དོན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་ས་པའི་ཉོན་མོངས་པ་ཀུན་དུ་སྤྱོད་པ་སྟེ། ཉོན་མོངས་པ་མངོན་དུ་གྱུར་པའི་

རྟེན་དུ་གྱུར་པའི་ཕྱིར་ཏེ། དམིགས་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་བྱང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ་ཡོངས་སུ་བྱང་བ་ཡང་མ་ཡིན་ཏེ། ས་གཞན་པའི་ཉོན་མོངས་པའི་བག་ལ་ཉལ་ས་བོན་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཏེ། མ་བྲལ་བའི་ཕྱིར་

เล่ม ๑๓๗ · หน้า 141a

རོ། །འདི་པའི་ཆོས་རྣམས་ནི་དེ་ལས་བཟློག་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་བཤད་མ་ཐག་པ་ལྟ་བུའོ། །དེ་ལས་ནི་དོན་དང་བཅས་པ་དང་། ཚིག་འབྲུ་དང་བཅས་པར་དགེ་བ་ཡིན་པར་སྟོན་ཏོ་ཞེས་བྱ་བ་ཇི་ལྟར་བྱས་པས་ཤེ་ན། དོན་དང་བཅས་པ་དང་། ཚིག་འབྲུ་དང་བཅས་

པར་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའོ། །དེ་ཀུན་ནས་སློང་བར་བྱེད་པའི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། དེ་ཀུན་ནས་སློང་བར་བྱེད་པའི་ཆོས་རྣམས་ནི་བསྟན་པའི་ཆོས་ཀུན་ནས་སློང་བར་བྱེད་པ་སེམས་དང་སེམས་ལས་བྱུང་བ་རྟོག་པ་དང་དཔྱོད་པ་དང་བཅས་པ་རྣམས་

སོ། །ངག་གི་རང་བཞིན་མ་ཡིན་པའི་ཕྱིར་རང་གིས་དོན་གོ་བར་བྱེད་མི་ནུས་ཀྱི་བརྒྱུད་པས་གོ་བར་བྱེད་དོ་ཞེས་བྱ་བ་ནི་བསྟན་པའི་ཆོས་གང་དག་གི་དོན་དེ་གོ་བར་བྱེད་པ་དེ་དག་ཀུན་དུ་སློང་བར་བྱེད་དོ། །གཞན་ཡང་ཞེས་རྒྱ་ཆེར་འབྱུང་བ་ལ། གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་ནོ། །གང་

དག་དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མངོན་པར་བརྗོད་པའི་རང་བཞིན་ཡིན་པའི་ཕྱིར་ཚངས་པར་སྤྱོད་པ་སྟེ་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ཡིན་གྱི་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་མངོན་པར་བརྗོད་པས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཡི་གེ་རྣམས་བསྒྱུར་ནས་རྣམ་པར་

བཤད་པ་ནི་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པ་སྟེ། ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པ་དེས་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་བར་གྱུར་ན་མི་རུང་བ་སྟེ། ཇི་ལྟར་བདུད་ཀྱིས་སྨྲས་པའི་ཚིགས་སུ་བཅད་པ་ལས། མི་རྣམས་ཚེ་ནི་རིང་

བ་སྟེ། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་གང་ཡིན་པ་ནི་འདི་ནི་དེའི་རང་བཞིན་ཡིན་པའི་ཕྱིར་བདུད་ཀྱིས་བསམས་པའི་དོན་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ཡིན་པ་ལས། སློབ་དཔོན་གྱིས་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་མངོན་པར་བརྗོད་པས་དོན་དེ་ཁོ་ན་ལས་དོན་གཞན་

དུ་མངོན་པར་རྗོད་པར་བྱེད་པ་ཡིན་པ་དང་། ཇི་ལྟར་བྱེ་བྲག་པའི་མདོ་ལ་སོགས་པ་སངས་རྒྱས་པ་ཁ་ཅིག་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་སངས་རྒྱས་ཀྱི་གསུང་གི་དོན་དུ་བཤད་པ་ལྟ་བུ་དེ་ལྟར་ཧ་ཅང་ཐལ་བར་གྱུར་ན་མི་རུང་བས་སོ། །བདུད་ཀྱིས། མི་རྣམས་ཚེ་ནི་རིང་བ་སྟེ། །ཞེས་

เล่ม ๑๓๗ · หน้า 141b

བྱ་བ་ཚིགས་སུ་བཅད་པ་རྒྱ་ཆེར་སྨྲས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མི་རྣམས་ཚེ་ནི་ཐུང་བ་ཡིན་ཏེ་སྐྱེས་ན་མི་འཆི་བ་མེད་པས་ཚེ་ཕྱི་མར་འགྲོ་བ་ལ་ཕན་པའི་དགེ་བ་བྱ་ཞིང་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེའི་གཉེན་པོར་སྨྲས་པ་ཡིན་ཏེ། དེ་

ལ་མི་རྣམས་ནི་ཚེ་ཐུང་བ་ཡིན་ཏེ་ཞེས་གསུངས་པ་གང་ཡིན་པ་དེའི་གཉེན་པོར་ནི། མི་རྣམས་ཚེ་ནི་རིང་བ་སྟེ། །ཞེས་བྱ་བ་སྨྲས་སོ། །སྐྱེས་བུ་དམ་པ་སླུ་མི་བྱེད། །ཅེས་བྱ་བ་ནི་ཚེ་དེ་ཉིད་སྐྱེས་བུ་བཟང་པོ་རྣམས་ལ་སླུ་བར་མི་བྱེད་དེ། སྐྱེས་བུ་དམ་པ་རྣམས་ལ་མི་བསླུའོ་ཞེས་བྱ་བའི་ཐ་ཚིག་

སྟེ། དེ་བཞིན་དུ་འོས་འོས་སུ་སྦྱར་བར་བྱའོ། །ཉན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཉན་པ་ལས་ནི་ཐོས་པ་འབྱུང་ངོ་། །འཛིན་པ་ལས་ནི་གཟུང་བ་འབྱུང་ངོ་། །འཇུག་པར་བྱེད་པ་ལས་ནི་ཁ་ཏོན་བྱང་བ་འབྱུང་ངོ་། །དོན་སེམས་པ་ལས་ནི་ཡིད་ཀྱིས་བརྟགས་པ་འབྱུང་ངོ་། །དེ་དམིགས་

ཀྱིས་ཕྱེད་པ་ལས་ནི་མཐོང་བས་ཤིན་ཏུ་རྟོགས་པ་འབྱུང་ངོ་། །དེ་ལྟར་ན་གོ་རིམས་བཞིན་ནོ། །དེ་གཉིས་ཀྱིས་ནི་མང་དུ་ཐོས་པ་དང་། ཐོས་པའི་གཞི་ཅན་ཡིན་ནོ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་དེ་དག་ཉན་པ་ལས་ནི་མང་དུ་ཐོས་པ་འབྱུང་ལ། འཛིན་པ་ལས་ནི་ཐོས་པའི་གཞི་ཅན་

འབྱུང་སྟེ། གང་ལ་གཞི་ཐོས་པ་ཡོད་པ་དེ་ནི་ཐོས་པའི་གཞི་ཅན་ཡིན་ནོ། །ལྷག་མ་འཇུག་པར་བྱེད་པ་ལ་སོགས་པ་གསུམ་པོ་རྣམས་ཀྱིས་ནི་ཐོས་པ་བསྩགས་པ་ཡིན་ཏེ། དེ་ཇི་ལྟར་ཞེ་ན། བརྟན་པོར་བྱེད་པའི་ཕྱིར་རོ། །གང་ལ་ཐོས་པ་བསྩགས་པ་ཡོད་པ་དེ་ནི་ཐོས་པ་བསྩགས་པ་ཡིན་ནོ། །

བཤད་པ་འདི་ནི་ཞེས་བྱ་བ་ནི་ཆོས་གང་དག་ཅེས་བྱ་བ་རྒྱ་ཆེར་བཤད་པ་གང་ཡིན་པ་འདི་ནིའོ། །གང་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གང་ལས་ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་པ་ཡིན་པ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་གང་ལས་སོ། །ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་

པ་ཡིན་པ་ཞེས་བྱ་བ་ནི་ཉན་པ་དང་འཛིན་པ་ལ་སོགས་པ་རྣམ་པ་གང་གིས་མང་དུ་ཐོས་པ་དང་། ཐོས་པའི་གཞི་ཅན་དང་། ཐོས་པ་བསྩགས་པ་ཡིན་པའོ། །དེ་ཡོངས་སུ་སྟོན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་གཉི་ག་རབ་ཏུ་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་

เล่ม ๑๓๗ · หน้า 142a

གོ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་མདོ་སྡེའི་དགོས་པ་བསྡུས་པའི་དོན་དང་བཅས་པ་བསྙད་པར་བྱ་བ་སྟེ། བསྡུས་པའི་དོན་དང་བཅས་པ་ནི་བསྡུས་པའི་དོན་དང་བཅས་ཏེ། བརྒལ་ལན་བཅས་པར་ཞེས་བྱ་བའི་

བར་དུ་དགོས་པ་དེ་ཉིད་དང་སྦྱར་བར་བྱའོ། །ཉན་པ་པོ་ནི་གུས་བྱེད་པས། །གང་ལ་ཞེ་ན། ཉན་པ་དང་ནི་འཛིན་པ་ལའོ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་ནི་དགོས་པ་འགྲུབ་པའོ། །གང་ལས་ཤེ་ན། དེའི་བསྡུས་དོན་ལས་སོ་ཞེས་

བྱ་བ་ནི་མདོ་སྡེའི་བསྡུས་དོན་ལས་སོ། །བསྡུས་པའི་དོན་ནི་ཚིག་དོན་ལས་སོ། །འགྲུབ་བོ་ཞེས་བྱ་བའི་སྐབས་སོ། །གོ་རིམས་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གོ་རིམས་མི་འགལ་བ་དང་། རིགས་པ་མི་འགལ་བ་དང་། སྔ་ཕྱི་མི་འགལ་ཏེ་གཉིས་ལས་སོ། །གོ་རིམས་མི་འགལ་

བ་ནི་མཚམས་སྦྱོར་བ་ལས་སོ། །རིགས་པ་མི་འགལ་བ་དང་། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལན་ལས་སོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ནོ། །དོན་གྱི་དབང་དུ་བྱས་པ་ཡིན་ལ་ཞེས་བྱ་བ་ནི་དོན་འདིའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཤེས་པར་འགྱུར་བའོ། །ཚིག་གི་

དོན་བརྗོད་པ་ལས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཚིག་གི་དོན་བརྗོད་པ་ལས་བསྡུས་པའི་དོན་དང་། ཆོས་ཀྱི་མཚན་ཉིད་དང་། དགོངས་པའི་མཚན་ཉིད་ཤེས་པར་འགྱུར་རོ། །འབྲས་བུ་ཕུན་སུམ་དབང་བྱས་དང་། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ་དབང་དུ་བྱས་པ་ནི་དབང་བྱས་སོ། །འབྲས་

བུ་ཕུན་སུམ་ཚོགས་པ་དང་དབང་དུ་བྱས་པ་ནི་འབྲས་བུ་ཕུན་སུམ་དབང་བྱས་དང་ངོ་། །དེ་ལ་འབྲས་བུ་ཕུན་སུམ་ཚོགས་པ་ནི་དགོས་པ་བརྗོད་པ་ལས་ཡིན་ལ། དབང་དུ་བྱས་པ་ནི་བསྡུས་པའི་དོན་བརྗོད་པ་ལས་ཤེས་པར་འགྱུར་རོ་ཞེས་འཆད་དོ། །དེ་བཞིན་བསྡུས་དོན་ལ་སོགས་གསུམ། །

ཤེས་པར་འགྱུར་ཏེ། བསྡུས་པའི་དོན་དང་། ཆོས་ཀྱི་མཚན་ཉིད་དང་། དགོངས་པའི་མཚན་ཉིད་འདི་གསུམ་མོ། །གང་ལས་ཤེས་པར་འགྱུར་ཞེ་ན། ཚིག་གི་དོན་ལས་སོ། །འབྲེལ་དང་མི་འགལ་ཤེས་པར་འགྱུར། །གང་ལས་ཤེ་ན། མཚམས་སྦྱར་བ་བརྗོད་པ་ལས་སོ། །རང་

เล่ม ๑๓๗ · หน้า 142b

དང་སྤྱིའི་མཚན་ཉིད་ཀྱི་དོན་བསྟན་པ་ན་ཞེས་བྱ་བ་ལ། རང་གི་མཚན་ཉིད་ནི་གཟུགས་སུ་རུང་བས་གཟུགས་ཡིན་ལ། སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པ་སྟེ་དེ་བསྟན་པ་ནའོ། །ཟག་པ་དང་བཅས་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ལས་དགོངས་པ་ཡིན་ནོ་ཞེས་བྱ་བ་ལ། ཟག་པ་དང་

བཅས་པ་ནི་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ་ཞེས་དགོངས་པའོ། །ཟག་པ་མེད་པའི་གཟུགས་ལ་སོགས་པ་མི་རྟག་པ་ཡིན་ཡང་སྡུག་བསྔལ་བ་མ་ཡིན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ལས་དགོངས་པ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་

བསྔལ་གྱིས་ཁྱབ་པ་དེ་ལྟ་བུའི་ཕྱིར་རོ། །དགོངས་པས་མཚོན་པ་ནི་དགོངས་པའི་མཚན་ཉིད་དོ། །དེ་བཞིན་དུ་རྙེད་པ་དང་བཀུར་སྟིས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་མདོ་སྡེའི་དུམ་བུ་འདིའི་གཞུང་ནི་རེ་ཞིག་དགེ་སློང་དག་རྙེད་པ་དང་བཀུར་སྟིས་ནི་མི་ཟད་པ་མཆོག་ཏུ་མི་ཟད་པ་མ་ཐོབ་

པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱས་པའི་བར་དུ་གཅོད་པར་བྱེད་པ་བགེགས་བྱེད་པ་ཡིན་ནོ། །དགེ་སློང་དག་རྙེད་པ་དང་བཀུར་སྟིས་ནི་པགས་པ་འཆད་པར་བྱེད་དོ། །པགས་པ་ཆད་ནས་ཤ་འཆད་དོ། །ཤ་ཆད་

ནས་རྒྱུས་པ་འཆད་དོ། །རྒྱུས་པ་ཆད་ནས་རུས་པ་འགྱེས་སོ། །རུས་པ་གྱེས་ནས་རྐང་ལ་ཐུག་སྟེ་འདུག་གོ་ཞེས་བྱ་བ་འདི་ཡིན་ནོ། །མདོ་སྡེའི་དུམ་བུ་འདིར་དབང་པོ་ལྔ་པོ་དག་པགས་པ་ལ་སོགས་པ་ལྟ་བུར་དགོངས་པ་ཡིན་ནོ། །དབང་པོ་ལྔ་པོ་དག་གང་ཞེ་ན། དད་པའི་དབང་པོ་

དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དད་པ་ལ་སོགས་པ་ནི་པགས་པ་ལ་སོགས་པ་བཞིན་དུ་འོག་མ་ནི་ནང་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་པགས་པ་ལ་སོགས་པ་འོག་མ་འོག་མ་དག་ནང་

ཡིན་པ་ནི་ཤ་ནི་པགས་པ་བས་ནང་ཡིན་པ་ནས་རྐང་གི་བར་དུ་རུས་པ་བས་ནང་ཡིན་པ་དེ་བཞིན་དུ་དད་པ་ལ་སོགས་པ་ཡང་འོག་མ་འོག་མ་ནང་ཡིན་པའི་ཕྱིར་ཏེ། བརྩོན་འགྲུས་ནི་དད་པ་བས་ནང་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་ཏིང་ངེ་འཛིན་པས་ནང་ཡིན་ཏེ། དེ་ལྟར་ན་འོག་མ་

เล่ม ๑๓๗ · หน้า 143a

འོག་མར་ཆོས་མཐུན་པ་ཉིད་ཀྱིས་དད་པ་ལ་སོགས་པ་དབང་པོ་ལྔ་པོ་དག་ནི་པགས་པ་ལ་སོགས་པ་བཞིན་དུ་རྙེད་པ་དང་བཀུར་སྟིས་འཆད་དོ། །ཆེས་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དབང་པོ་ལྔ་དག་ནི་པགས་པ་ལ་སོགས་པ་བཞིན་དུ་འོག་མར་

ཆེས་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ལུང་ལས་ཀྱང་དད་པ་ཙམ་ནི་པགས་པ་ལྟ་བུ་ཡིན་ཏེ། སྲབ་པའི་ཕྱིར་རོ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟིས་འཆད་དོ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་དུ་བརྩོན་འགྲུས་ནི་ཤ་ལྟ་བུ་ཡིན་ཏེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་

པ་སྦྱར་བར་བྱའོ། །བརྩོན་འགྲུས་ནི་རྟག་ཏུ་རྩོམ་པས་སྡུག་པ་ཡིན་ནོ། །ཤེས་རབ་ནི་རྐང་ལྟ་བུ་ཡིན་ཏེ། མཉམ་པར་གཞག་པའི་སེམས་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟར་རྐང་ནི་རུས་པ་ལ་གནས་པ་དེ་བཞིན་དུ་འདི་ལྟར་ཤེས་རབ་ཀྱང་མཉམ་པར་གཞག་པའི་སེམས་ལ་གནས་

སོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་འོས་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་དེ་ལས་ཞེས་བྱ་བ་ནི་མདོ་སྡེ་ལས་སོ། །ལེ་ལོ་དང་། འདུན་པ་མེད་པ་དང་། གཡེན་སྤྱོ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལེ་ལོ་དང་ལྡན་པའི་ཕྱིར་དང་། འདུན་པ་མེད་པ་དང་ལྡན་པའི་ཕྱིར་དང་། གཡེན་

སྤྱོ་བ་དང་ལྡན་པའི་ཕྱིར་རོ། །ཀུན་དུ་ཞུམ་པ་རྣམས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཀུན་དུ་ཞུམ་པ་རྣམས་ནི་དམན་པ་ལ་མོས་པ་དང་ལྡན་པའི་ཕྱིར་དང་། །བདག་ཉིད་མི་ནུས་པར་སེམས་པ་དང་ལྡན་པའི་ཕྱིར་ཏེ། བདག་ཉིད་ལ་ནུས་པ་མེད་པར་སེམས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །

འགྱོད་པ་དང་ལྡན་པའི་ཕྱིར་དང་། བྱ་བ་མང་པོས་འཇིགས་པ་དང་ལྡན་པའི་ཕྱིར་རོ། །ཡང་དག་པར་ཞུགས་པ་རྣམས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་དག་པར་ཞུགས་པ་རྣམས་ནི་ཕྱིན་ཅི་མ་ལོག་པའི་བརྩོན་འགྲུས་སྒྲུབ་པ་དང་ལྡན་པའི་ཕྱིར་དང་། མཉམ་པའི་བརྩོན་འགྲུས་

སྒྲུབ་པ་དང་ལྡན་པའི་ཕྱིར་ཏེ། བརྩོན་འགྲུས་མཉམ་པ་ཡང་ཧ་ཅང་རྩོམ་པ་ཡང་མ་ཡིན་ཧ་ཅང་ཞུམ་པ་ཡང་མ་ཡིན་པ་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་སྒྲུབ་པ་དང་ལྡན་པའི་ཕྱིར་རོ། །དེ་ལྡོག་པ་ལ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ལྡོག་པ་ལའོ། །དེ་ལྟ་བུ་ལ་སོགས་པ་

เล่ม ๑๓๗ · หน้า 143b

ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྒོམ་པའི་དོན་ཏམ། སོ་སོར་བཤད་པའི་དོན་ཏམ། སྨྲས་པ་ཡོངས་སུ་སྤོང་བའི་དོན་ཏམ་དེ་ལྟ་བུ་ལ་སོགས་པའོ། །ཅི་རིགས་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བར་འོས་པར་རིག་པར་བྱའི་གྲངས་བཞིན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་

ཡང་དག་པར་བསྟན་པ་ནི་རེས་འགའ་ཡོན་ཏན་གྱི་ཁྱད་པར་གྱི་དོན་དང་། རེས་འགའ་ཡོངས་སུ་སྤོང་བར་བྱེད་པའི་ཡོན་ཏན་གྱི་ཁྱད་པར་གྱི་དོན་དུ་སྟེ། མདོ་སྡེ་གང་ལས་མི་དགེ་བའི་ལས་ཀྱི་ལམ་དག་བཤད་པའོ། །རེས་འགའ་སྟོན་པར་བྱེད་པའི་ཡོན་ཏན་གྱི་ཁྱད་པར་གྱི་དོན་དུ་སྟེ།

མདོ་སྡེ་གང་ལས་དགེ་བ་བཤད་པའོ། །རེས་འགའ་སྐྱོ་བའི་ཡོན་ཏན་གྱི་ཁྱད་པར་གྱི་དོན་དུ་སྟེ། མདོ་སྡེ་གང་ལས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བཤད་པའོ། །རེས་འགའ་དང་བའི་ཡོན་ཏན་གྱི་ཁྱད་པར་གྱི་དོན་དུ་སྟེ། མདོ་སྡེ་གང་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་བཤད་པའོ།

ཇི་སྐད་དུ་བསྟན་པའི་དོན་རྣམས་ལ་ཀུན་ཏུ་རྨོངས་པ་དག་ལ་དེ་ལྟ་བུ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་དོན་དུ་ཡང་དག་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཡང་དག་པར་ལེན་དུ་གཞུག་པ་ཡང་རེས་འགའ་ཡོངས་སུ་སྤོང་བར་བྱེད་པའི་ཡོན་ཏན་གྱི་ཁྱད་པར་གྱི་དོན་དང་། རེས་འགའ་

སྐྱོ་བའི་ཞེས་བྱ་བ་དེ་ལྟར་རྒྱ་ཆེར་སྦྱར་བར་བྱ་ཞིང་ཡང་དག་པར་དགའ་བའི་བར་དུ་ཅི་རིགས་པར་སྦྱར་བར་བྱའོ། །ཇི་ལྟར་ན་ཡང་དག་པར་བསྟན་པ་ལ་སོགས་པ་ཁོ་ན་མདོ་སྡེའི་དགོངས་པ་དག་ཏུ་འགྱུར་ཞེ་ན་ཞེས་བྱ་བ་ནི་འདུལ་བར་བྱེད་པ་ལ་སོགས་པ་ཡང་དེའི་དགོངས་པ་ཡིན་པའི་

ཕྱིར་རོ། །དེ་ཉིད་ཀྱིས་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་དང་པོར་བསྟན་པ་ལྟ་བུས་སོ། །ཚིག་གཅིག་ལ་དོན་དུ་མ་འབྱུང་བས་དོན་གཞན་དུ་རྟོག་པ་བསལ་བའི་ཕྱིར་ཞེས་བྱ་བ་ནི་ཚིག་གཅིག་ལ་ཡང་དོན་དུ་མར་འདྲེན་པའི་ཕྱིར་ཇི་ལྟར་ན་རྣམ་གྲངས་དང་པོ་གསལ་བར་བྱེད་པ་རྣམ་གྲངས་གཉིས་པ་

ལ་སོགས་པས་རྣམ་གྲངས་དང་པོའི་དོན་ཤེས་པར་འགྱུར་ཞིག་གུ་ཞེས་དོན་གཞན་དུ་རྟོག་པ་བསལ་བའི་ཕྱིར་རྣམ་གྲངས་སུ་གསུངས་སོ། །ཉིད་ལ་ཆོས་སོ་སོ་ཡང་དག་པར་རིག་པ་མངའ་བར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་དེ་ལྟར་དཔག་ཏུ་མེད་པ་ཡིན།

เล่ม ๑๓๗ · หน้า 144a

ཆོས་ཀྱི་ཚིག་དང་ཡིག་འབྲུ་ཡང་དེ་ལྟར་དཔག་ཏུ་མེད་པ་ཡིན། ཤེས་རབ་དང་སྤོབས་པ་འཕགས་པ་ཡང་དེ་ལྟར་དཔག་ཏུ་མེད་པ་ཡིན་ཞེས་བཅོམ་ལྡན་འདས་ཉིད་ལ་ཆོས་སོ་སོ་ཡང་དག་པར་རིག་པ་མངའ་བར་བསྟན་པའི་ཕྱིར་རོ། །གཞན་དག་ལ་དེའི་ས་བོན་སྐྱེད་པའི་

ཕྱིར་ཞེས་བྱ་བ་ནི་ཉན་པ་པོ་གཞན་དག་ལ་རྣམ་གྲངས་གསུངས་པའི་ས་བོན་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་མདོ་སྡེ་ལས་དགོས་པ་མང་པོ་མི་འབྱུང་ཞེ་ན་ཞེས་བྱ་བ་ནི་འདུལ་བར་བྱེད་པ་ལ་སོགས་པའི་དོན་ཐ་དད་པའི་ཕྱིར་དགོས་པ་བདུན་དུ་འགྱུར་རོ་ཞེ་ན། འདིར་མི་འབྱུང་

ངོ་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེ་ན། འདུལ་བར་བྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་ཉེ་བར་འདུན་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་འདུལ་བར་བྱེད་པ་དང་། འཛུད་པར་བྱེད་པ་དང་། རབ་ཏུ་འཇོག་པར་བྱེད་པ་རྣམས་ཀྱི་འབྲས་བུ་ནི་ཉེ་བར་འདུན་པར་བྱེད་

པ་ཡིན་ལ། ཉེ་བར་འདུན་པར་བྱེད་པ་ཡང་ཡང་དག་པར་ལེན་དུ་འཇུག་པ་ཁོ་ན་ཡིན་ནོ། །རྣམ་གྲངས་ཀྱིས་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། འོ་ན་རྣམ་གྲངས་ཀྱིས་ཉེ་བར་འདུན་པར་བྱེད་པ་འདི་ལྟ་སྟེ། སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེ་བར་འདུན་པར་བྱེད་པ་ནི་

ཚིག་ཉིད་ཀྱིས་མ་ཡིན་པར་སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་རྒྱས་པར་འབྱུང་བ་དང་། དེ་བཞིན་དུ་རྣམ་གྲངས་ཀྱིས་འདུན་པ་ཟློག་པར་བྱེད་པ་ནི་ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུན་པ་ཟློག་པར་བྱེད་པ་ཡང་ཚིག་དེ་ཉིད་ཀྱིས་མ་ཡིན་པར་ཀུན་དགའ་

བོ་འདུ་འཛི་ལ་ཀུན་དགའ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་གང་ཡིན་པ་དེ་དག་ཅི་དགོས་པ་བཞི་ལས་གཞན་དགོས་པ་ལྔ་པའམ་དྲུག་པ་གཞན་ཞིག་ཏུ་འགྱུར་རམ། འོན་ཏེ་ཡང་དག་པར་བསྟན་པ་ལ་སོགས་པ་དེ་དག་ལས་གང་ཡང་རུང་བ་ཞིག་ཏུ་འདུས་སམ་ཞེ་ན། འདིར་དེ་དག་ཀྱང་ཞེས་བྱ་བ་

གསུངས་ཏེ། ཉེ་བར་འདུན་པར་བྱེད་པ་དང་། འདུན་པ་ཟློག་པར་བྱེད་པ་དག་ཀྱང་ངོ་། །འདུལ་བ་བག་མེད་པའི་རང་བཞིན་ཅན་གྱི་ཞེས་བྱ་བ་ནི་འདུལ་བ་བག་མེད་པའི་རིགས་ཅན་གྱིའོ། །དབང་དུ་མཛད་ནས་ཡང་དག་པར་ལེན་དུ་འཇུག་པ་ཡིན་ལ་ཞེས་བྱ་བ་ནི་སྦྱོར་བར་བྱ་བའི་རིགས་སོ་ཞེས་

เล่ม ๑๓๗ · หน้า 144b

བྱ་བ་རྒྱས་པར་འབྱུང་བ་སྟེ་ཉེ་བར་འདུན་པར་བྱེད་པ་ནི་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ། །ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང་ཞེས་པ་འདུན་པ་ཟློག་པར་བྱེད་པ་ཡང་ཡང་དག་པར་ལེན་དུ་འཇུག་པ་ཁོ་ན་ཡིན་ཏེ། འདི་ལྟར་འཇུག་པ་ལ་འདུན་པ་ཟློག་པའི་ཕྱིར་

ལྡོག་པ་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ། །ཀུན་དུ་རྨོངས་པའི་དབང་དུ་མཛད་ནས་ནི་ཡང་དག་པར་བསྟན་པ་ཞེས་བྱ་བ་ནི་གདུལ་བ་མི་ཤེས་པ་ལ་སོགས་པས་ཀུན་དུ་རྨོངས་བའི་རང་བཞིན་ཅན་གྱི་དབང་དུ་མཛད་ནས་ནི་ཉེ་བར་འདུན་པར་བྱེད་པ་ཡང་ཡང་དག་པར་བསྟན་པ་ཡིན་ལ།

འདུན་པ་ཟློག་པར་བྱེད་པ་ཡང་དག་པར་བསྟན་པ་ཡིན་ནོ། །སྨྲས་པ། ཇི་ལྟར་བྱས་པས་ཤེ་ན། སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བས་ཉེ་བར་འདུན་པར་བྱེད་པ་ནི་ཡང་དག་པར་བསྟན་པ་ཡིན་ལ། དེ་བཞིན་དུ་ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང་

ཞེས་བྱ་བ་རྒྱས་པར་འབྱུང་བས་འདུན་པ་ཟློག་པར་བྱེད་པ་ནི་ཡང་དག་པར་བསྟན་པ་ཡིན་ཏེ། འདིར་རིགས་པ་དང་རིགས་པ་མ་ཡིན་པ་ཉིད་གཉིས་ཡང་དག་པར་སྟོན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །རིགས་པ་དང་རིགས་པ་མ་ཡིན་པ་ནི་རིགས་པ་དང་རིགས་པ་མ་ཡིན་པའོ། །

དེའི་དངོས་པོ་ནི་རིགས་པ་དང་རིགས་པ་མ་ཡིན་པ་ཉིད་དེ། དེ་གཉིས་ཡང་དག་པར་སྟོན་པའི་ཕྱིར་རོ། །འདི་ལྟར་མདོ་སྡེའི་དུམ་བུ་དང་པོས་ནི་རྨོངས་པའི་དབང་དུ་མཛད་ནས་རིགས་པ་ཡང་དག་པར་བསྟན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་

བྱ་བ་སྨོས་ཏེ། འདི་ལྟར་དོན་འདི་ནི་སྦྱོར་བར་བྱ་བ་ནི་རུང་ངོ་ཞེས་བྱ་བ་ནི་འདི་ཡིན་པར་མངོན་ཏེ། སྦྱོར་བའི་སྒྲའི་དོན་ནི་བརྩོན་འགྲུས་ཡིན་པའི་ཕྱིར་ལ་རིགས་པའི་སྒྲའི་དོན་ནི་རུང་བ་ཡིན་པའི་ཕྱིར་རོ། །དེ་ནས་འདི་སྐད་དུ་བརྩོན་འགྲུས་ལ་སྦྱོར་བར་བྱ་བ་ནི་རུང་བ་ཡིན་ནོ་ཞེས་བསྟན་པ་

ཡིན་ནོ། །བག་ཡོད་པར་བྱ་བ་ནི་རིགས་སོ་ཞེས་བྱ་བ་ནི་བག་ཡོད་པར་བྱ་བ་ནི་རུང་བ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཡོངས་སུ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བ་ནི་སྟོན་པའི་བསྟན་པ་ལ་མི་མཐུན་པའི་ཕྱོགས་ཀྱིས་

เล่ม ๑๓๗ · หน้า 145a

གཉེན་པོ་བསྟེན་པ་ནི་རུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་མདོ་སྡེའི་དུམ་བུ་གཉིས་པས་ཀྱང་རིགས་པ་མ་ཡིན་པ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཀུན་དགའ་བོ་དགེ་

སློང་འདུ་འཛི་ལ་ཀུན་དགའ་བ་ནི་རུང་བ་མ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དེ་ལྟར་ན་དེ་དག་ནི་ཡང་དག་པར་ལེན་དུ་འཇུག་པ་དང་། ཡང་དག་པར་བསྟན་པར་འདུས་ཏེ་དགོས་པ་གཞན་གཉིས་སུ་མི་འགྱུར་རོ། །ཅི་ལ་བརྟེན་ནས་ཤེ་ན། བརྩོན་འགྲུས་བརྩམས་པ་ལའོ་ཞེས་བྱ་བ་ནི་

སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་ཉེ་བར་འདུན་པར་བྱེད་དོ། །ཅི་ཞིག་བྱ་ཞེ་ན། མི་མཐུན་པའི་ཕྱོགས་སྤངས་པ་དང་ཞེས་བྱ་བ་ནི་བག་ཡོད་པར་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་ཉེ་བར་ལེན་པར་བྱེད་ལ། གཉེན་པོའི་ཕྱོགས་བསྟེན་པར་བྱའོ་ཞེས་བྱ་བ་ནི་སྟོན་པའི་

བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་ཉེ་བར་འདུན་པར་བྱེད་དོ། །གཞན་ཡང་གདུལ་བ་ལེ་ལོ་ཅན་གྱི་དབང་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡང་ངོ་། །གདུལ་བ་ལེ་ལོ་ཅན་གྱི་རང་བཞིན་ཅན་ལས་

བརྩམས་ནས་ཉེ་བར་འདུན་པར་བྱེད་པ་ནི་འདི་ཡིན་ཏེ། སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །གདུལ་བ་རྙེད་པ་དང་བཀུར་སྟིའི་དོན་དུ་ཐོས་པ་དང་བསམ་པ་ལ་བརྩོན་པའི་རང་བཞིན་ཅན་ལས་བརྩམས་ནས་ཉེ་བར་འདུན་པར་བྱེད་པ་ནི་འདི་ཡིན་ཏེ། བག་ཡོད་

པར་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །གདུལ་བ་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པའི་རང་བཞིན་ཅན་ལས་བརྩམས་ནས་ཉེ་བར་འདུན་པར་བྱེད་པ་འདི་ཡིན་ཏེ། སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །

གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཏིང་ངེ་འཛིན་ལ་ཉེ་བར་འདུན་པར་བྱེད་པ་ནི་སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་ཚིག་དང་པོ་འདིས་སོ། །དེ་ལ་རོ་མྱང་བ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རོ་མྱང་བ་མེད་པར་ཏེ། བག་ཡོད་པར་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་གཉིས་པ་འདིས་

เล่ม ๑๓๗ · หน้า 145b

སོ། །དེ་ཙམ་གྱིས་ཆོག་མི་ཤེས་པ་ནི་སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བའི་ཚིག་གསུམ་པ་འདིས་འདུན་པར་བྱེད་པ་ཡིན་ནོ། །ལུང་ལས་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་པའི་ཚུལ་ཁྲིམས་ལས་བརྩམས་ནས་ནི་སྦྱོར་བར་བྱ་བ་ནི་

རིགས་སོ་ཞེས་བྱ་བའི་ཚིག་དང་པོ་འདིས་ཉེ་བར་འདུན་པར་བྱེད་དོ། །ལྷག་པའི་སེམས་ལས་བརྩམས་ནས་ནི་ཚིག་གཉིས་པས་སོ། །ལྷག་པའི་ཤེས་རབ་ལས་བརྩམས་ནས་ནི་ཚིག་གསུམ་པས་སོ། །ཚིག་གསུམ་པོ་དེ་དག་རིག་པར་བྱ་སྟེ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ད་ལྟར་བྱུང་བའི་

འདུ་འཛི་ལས་བརྩམས་ནས་ནི་ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་ཞེས་བྱ་བའི་ཚིག་དང་པོ་འདི་ཡིན་པར་རིག་པར་བྱའོ། །འདས་པའི་འདུ་འཛི་ལས་བརྩམས་ནས་ནི་འདུ་འཛི་ལ་དགའ་བ་ཞེས་བྱ་བའི་ཚིག་གཉིས་པ་འདི་ཡིན་པར་རིག་པར་བྱའོ། །མ་འོངས་པའི་འདུ་འཛི་ལས་

བརྩམས་ནས་ནི་འདུ་འཛི་ལ་ཀུན་དགའ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་གནས་པ་ནི་ལེགས་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གསུམ་པ་འདི་ཡིན་པར་རིག་པར་བྱའོ། །དེ་ལ་དགའ་བ་དང་། རོ་མྱོང་བར་བྱེད་པ་དང་། མངོན་པར་དགའ་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ད་ལྟར་བྱུང་བའི་

འདུ་འཛི་ལ་ནི་དགའ། འདས་པ་ལ་ནི་རོ་མྱོང་བར་བྱེད། མ་འོངས་པ་ལ་ནི་མངོན་པར་དགའ་སྟེ། དེའི་ཕྱིར་འདས་པ་ལ་སོགས་པའི་འདུ་འཛི་ལས་བརྩམས་ནས་ཚིག་གསུམ་དག་རིག་པར་བྱའོ། །སྤོང་བ་ལ་ཀུན་དགའ་བ་ཞེས་བྱ་བ་དེ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ད་ལྟར་

བྱུང་བ་དང་། འདས་པ་དང་མ་འོངས་པའི་སྤོང་བ་ལས་བརྩམས་ནས་ཚིག་གསུམ་པོ་དག་རིག་པར་བྱ་སྟེ། སྤོང་བ་ལ་ཀུན་དགའ་བ་དང་། སྤོང་བ་ལ་དགའ་བ་དང་། སྤོང་བ་ལ་ཀུན་དགའ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་འདི་ཡིན་ནོ། །

སྤོང་བ་ལ་ཀུན་དགའ་བ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་སྤོང་བ་ལས་བརྩམས་ནས་སོ། །སྤོང་བ་ལ་དགའ་བ་ཞེས་བྱ་བ་ནི་འདས་པ་ལས་སོ། །སྤོང་བ་ལ་ཀུན་དགའ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཞེས་བྱ་བ་ནི་མ་འོངས་པ་ལས་སོ། །འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟ་སྟེ། ཡང་

เล่ม ๑๓๗ · หน้า 146a

དག་པར་ལྡན་པའི་ལུང་ལས་དགེ་སློང་དག་གཟུགས་ཡོད་པ་འདི་ལ་མི་རྟག་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་ལ་ནི་ཡང་དག་པའི་ལྟ་བ་དེ་འབྱུང་སྟེ། ཡང་དག་པར་མཐོང་ན་སྐྱོ་ཞིང་དགའ་བ་ཟད་པའི་ཕྱིར་འདོད་ཆགས་ཟད་པར་འགྱུར་ལ། དགའ་བ་དང་འདོད་

ཆགས་ཟད་པ་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་སྨྲའོ། །དགེ་སློང་དག་དགེ་སློང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་འདི་ལ་མི་རྟག་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་ལ་ནི་ཡང་དག་པའི་ལྟ་བ་དེ་འབྱུང་སྟེ། ཡང་དག་པ་

མཐོང་ན་སྐྱོ་ཞིང་དགའ་བ་ཟད་པའི་ཕྱིར་འདོད་ཆགས་ཟད་པར་འགྱུར་ལ། དགའ་བ་དང་འདོད་ཆགས་ཟད་པ་ལས་སེམས་རབ་ཏུ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་སྨྲའོ། །དེ་ལྟར་དགེ་སློང་སེམས་ཡང་དག་པར་ཤིན་ཏུ་རྣམ་པར་གྲོལ་ན། གལ་ཏེ་འདོད་ན་བདག་ཉིད་ཀྱིས་བདག་ཉིད་ལ་

བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ལུང་སྟོན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་སྡེ་སྟེ། ཅི་ཞིག་ཡོངས་སུ་ཤེས་པར་བྱ་ཞེ་ན། གཟུགས་ལ་སོགས་པ་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ་ཞེས་

བྱ་བ་བསྟན་པ་སྟེ། ཚིག་གང་གིས་ཤེ་ན། གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་སོ། །ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན་མི་རྟག་པར་རོ་ཞེས་བྱ་བ་ནི། མི་རྟག་པར་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པའི་ལྟ་བའོ། །ཚིག་

གང་གིས་བསྟན་ཞེ་ན། དེ་ལ་ཡང་དག་པའི་ལྟ་བ་དེ་འབྱུང་སྟེ་ཞེས་བྱ་བ་འདིས་སོ། །ཡོངས་སུ་ཤེས་པའི་འབྲས་བུ་གང་ཡིན་ཞེ་ན། སྐྱོ་བ་ལ་སོགས་པའི་རིམ་གྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དོ། །ཇི་ལྟར་ན་སྐྱོ་བ་ལ་སྩོགས་པའི་རིམ་གྱིས་ཤེ་ན། ཡང་དག་པར་མཐོང་

ན་སྐྱོ་ཞིང་དགའ་བ་ཟད་པའི་ཕྱིར་འདོད་ཆགས་ཟད་པར་འགྱུར་ལ། དགའ་བ་ཅན་དང་འདོད་ཆགས་ཟད་པ་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་སྨྲའོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་སྐྱོ་བ་ལ་སོགས་པ་རིམ་གྱིས་སོ། །ཚིག་འདི་དག་གིས་ནི་ཡོངས་སུ་ཤེས་པའི་འབྲས་བུ་

เล่ม ๑๓๗ · หน้า 146b

བསྟན་ཏོ། །དེ་རྗོད་པར་བྱེད་པ་གང་ཡིན་ཞེ་ན། ཀུན་དུ་སྟོན་པར་བྱེད་པ་གང་ཡིན་པ་དེ་ཡིན་ཏེ། བདག་ཉིད་ཀྱིས་བདག་ཉིད་ལ་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ལུང་སྟོན་པར་བྱེད་དོ་ཞེས་བྱ་བའི་ཚིག་འདིས་སོ། །དེ་རྗོད་པར་བྱེད་དེ་ཞེས་བྱ་བ་ནི་སེམས་ཤིན་ཏུ་རྣམ་པར་

གྲོལ་བ་ནི་ལུང་སྟོན་པའོ་ཞེས་བྱ་བའི་ཚིག་གོ། །བསྡུ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྡུ་ན་མདོ་སྡེ་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་པར་བསྟན་ཏེ། ཚིག་གང་གིས་ཤེ་ན་དེ་ལས་ཡང་དག་པའི་ལྟ་བ་དེ་འབྱུང་སྟེ་ཞེས་བྱ་བ་འདིས་སོ། །སྐྱོ་བ་བསྟན་པ་ནི་ཚིག་གང་གིས་

ཤེ་ན། ཡང་དག་པ་མཐོང་ན་སྐྱོ་ཞིང་ཞེས་བྱ་བ་འདིས་སོ། །འདོད་ཆགས་དང་བྲལ་བ་བསྟན་པ་ནི་ཚིག་གང་གིས་ཤེ་ན། དགའ་བ་ཟད་པའི་ཕྱིར་འདོད་ཆགས་ཟད་པར་འགྱུར་ལ་ཞེས་བྱ་བ་འདིས་སོ། །རྣམ་པར་གྲོལ་བ་བསྟན་པ་ནི་ཚིག་གང་གིས་ཤེ་ན་སེམས་ཤིན་ཏུ་རྣམ་པར་གྲོལ་

བ་ཡིན་ནོ་ཞེས་སྨྲའོ་ཞེས་བྱ་བ་འདིས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་བསྟན་པ་ནི་ཚིག་གང་གིས་ཤེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །དེ་ལྟར་ན་སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཡང་དག་པ་ཇི་ལྟ་བ་

བཞིན་དུ་མཐོང་ངོ་། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱོ་བར་འགྱུར། སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར། འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར། རྣམ་པར་གྲོལ་ན་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ནས་རྒྱས་པར་རྣམ་

པར་གྲོལ་བ་ཉིད་དུ་ཤེས་པ་མཐོང་བ་འབྱུང་ངོ་ཞེས་བྱ་བའི་མདོ་སྡེ་འདི་ཐམས་ཅད་བསྟན་པ་ཡིན་ནོ། །རེ་ཞིག་གཅིག་ལ་དུ་མ་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་བསྟན་པ་ལས་སེམས་འདོད་ཆགས་དང་བཅས་ན་སེམས་འདོད་ཆགས་དང་

བཅས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སེམས་འདོད་ཆགས་དང་བྲལ་ན་སེམས་འདོད་ཆགས་དང་བྲལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་ཇི་ལྟ་བ་དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་།

เล่ม ๑๓๗ · หน้า 147a

ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་གཟུང་བ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་མ་ཞི་བ་དང་། ཉེ་བར་ཞི་བ་དང་། མཉམ་

པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། སེམས་རྣམ་པར་མ་གྲོལ་བ་ལ་སེམས་རྣམ་པར་མ་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། སེམས་རྣམ་པར་གྲོལ་བ་ལ་སེམས་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་

བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ། དེ་ལས་ནི་ཚིག་དེ་དག་འབྱུང་ངོ་། རེ་ཞིག་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ནི། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་ཞེས་བྱ་བ་ཚིག་འདི་རྣམས་ལ་ནི་རེ་རེ་ལ་ཡང་དོན་དུ་མ་བྱུང་ངོ་། །དེ་དག་དང་མི་

ལྡན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་མི་ལྡན་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཤེས་ཤེ་ན། ཀུན་དུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཞེས་བྱ་བར་རྒྱས་པར་འབྱུང་བའོ། །ཇི་ལྟར་

བྱས་པས་ཤེ་ན། མ་ཟླ་བའི་བུ་མོའི་བུའི་མདོ་ལས་རྒྱས་པར་བཀའ་སྩལ་ནས་མ་ཟླ་བའི་བུ་མོའི་བུ་ལྷས་བྱིན་དགེ་སློང་རྣམས་ལ་འདི་ལྟར་ཚེ་དང་ལྡན་པ་དག་དགེ་སློང་སེམས་ཀྱིས་སེམས་ཤིན་ཏུ་སྦྱངས་པ་དེའི་སེམས་དེ་ནི་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་

མུག་དང་བྲལ་བ་ཡིན་ཏེ། ཀུན་དུ་ཆགས་པ་མ་ཡིན་པའི་ཆོས་ཅན། ཀུན་དུ་ཞེ་སྡང་བ་མ་ཡིན་པའི་ཆོས་ཅན། ཀུན་དུ་གཏི་མུག་པ་མ་ཡིན་པའི་ཆོས་ཅན། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་མི་ལྡོག་པའི་ཆོས་ཅན་ཡིན་ནོ་

ཞེས་ཆོས་དང་མི་ལྡན་པའི་གཏམ་དེ་ལྟ་བུ་མི་སྟོན་པའི་དགེ་སློང་དེ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ལུང་བསྟན་པར་རུང་བ་ཡིན་ནམ། ཚེ་དང་ལྡན་པ་ཤཱ་རིའི་བུ་མ་ཡིན་ནོ་ཞེས་འབྱུང་བ་སྟེ། དེ་ལྟར་ན་

เล่ม ๑๓๗ · หน้า 147b

ཀུན་དུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་དང་། ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་གསུངས་པའི་ཕྱིར་ཏེ། ཡོངས་སུ་ཉམས་པ་མེད་པ་དང་། ཕྱིར་ལྡོག་པ་མེད་པས་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་ཉམས་པ་མེད་པའི་དབང་དུ་མཛད་ནས་གསུངས་

པའི་ཕྱིར་དང་། ཕྱིར་ལྡོག་པ་མེད་པའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་ཡོངས་སུ་ཉམས་པ་མེད་པའི་དབང་དུ་མཛད་ནས་ཀུན་དུ་འདོད་ཆགས་མ་ཡིན་པའི་ཆོས་ཅན་གསུངས་པའི་ཕྱིར་དང་། ཀུན་དུ་ཞེ་སྡང་མ་ཡིན་པའི་ཆོས་ཅན་གསུངས་པའི་

ཕྱིར་དང་། ཀུན་དུ་གཏི་མུག་མ་ཡིན་པའི་ཆོས་ཅན་གསུངས་པའི་ཕྱིར་དེ་དག་དང་མི་ལྡན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཕྱིར་མི་ལྡོག་པ་མེད་པའི་དབང་དུ་མཛད་ནས་ནི་ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་གསུངས་པའི་ཕྱིར་ཏེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་

མེད་པའི་སྲིད་པར་མི་ལྡོག་པའི་ཆོས་ཅན་ཡིན་པས་དེ་དག་དང་མི་ལྡན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཀུན་དུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་དང་ཞེས་དེ་ལྟར་རྒྱས་པར་བསྟན་ཞེ་ན། ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་ཆོས་དང་མི་

མཐུན་པའི་ཕྱིར་ཏེ། ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་ལས་ཉམས་པར་འགྱུར་ལ། གལ་ཏེ་དེའི་སའི་འདོད་ཆགས་དང་བྲལ་བ་ལས་དེའི་ཚེ་ཡོངས་སུ་ཉམས་པར་འགྱུར། ཡང་གདོན་མི་ཟ་བར་དེ་དག་ལས་ས་འོག་མར་ལྡོག་པར་ནི་འགྱུར་རོ། །དེ་དང་ཆོས་མི་མཐུན་པ་ནི་

སློབ་པ་སྟེ། དེའི་ཕྱིར་དེ་ལྟར་བསྟན་ཏོ། །མ་ཆགས་པ་ལ་སོགས་པ་དག་དང་། མཚུངས་པར་ལྡན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་རྣམས་དང་མཚུངས་པར་ལྡན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་

ཆགས་ལ་སོགས་པ་དག་དང་མི་ལྡན་པ་ཡང་མ་ཡིན་ལ་ལུང་དུ་མ་བསྟན་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སོ་སོར་ཐར་པའི་དབང་དུ་མཛད་པའི་ཕྱིར་ཏེ། ཡན་ལག་ལྔ་པའི་ཕྱྭ་མཁན་གྱི་མདོ་ལས་རྒྱས་པར་གསུངས་ནས། མི་དགེ་བའི་ངང་ཚུལ་དེ་དག་གང་དུ་

เล่ม ๑๓๗ · หน้า 148a

ལྷག་མ་འགག་ཅིང་གང་དུ་ལྷག་མ་མ་ལུས་པར་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ་ཞེ་ན། ཕྱྭ་མཁན་འདི་ལ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། སོ་སོར་ཐར་པའི་སྡོམ་པས་བསྡོམས་པ། སྤྱོད་ཡུལ་དང་ཆོ་ག་ཕུན་སུམ་ཚོགས་པ། ཁ་

ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་ཡིན་ཞེས་རྒྱས་པར་འབྱུང་པས་དེ་ལྟར་ན་སོ་སོར་ཐར་པའི་སྡོམ་པའི་དབང་དུ་མཛད་པའི་ཕྱིར་མ་ཆགས་པ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་ཤེས་པར་བྱའོ་ཞེས་

བྱ་བ་རྒྱས་པར་གསུངས་སོ། །འདོད་ཆགས་ལ་སོགས་པ་དག་དང་མཚུངས་པར་ལྡན་པ་མ་ཡིན་པར་ཤེས་པར་བྱའི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་མངོན་དུ་མ་གྱུར་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་

པར་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གལ་ཏེ་དགེ་བ་ཟག་པ་དང་བཅས་པ་མ་ཡིན་ཡང་ལུང་དུ་བསྟན་པར་འགྱུར་བས་སོ། །ཅིའི་ཕྱིར་མི་ལྡན་པ་མ་ཡིན་ཞེ་ན་ཞེས་བྱ་བ་རྒྱས་པར་རྣམ་པར་གཏན་ལ་དབབ་པ་རྩོམ་མོ། །དེ་ལོགས་ཤིག་ཏུ་བསྟན་པར་མི་འགྱུར་

ལ་ཞེས་བྱ་བ་ནི་སེམས་རྣམ་པར་གྲོལ་བ་ལ་སེམས་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བར་འདོད་ཆགས་ལ་སོགས་པ་དང་མི་ལྡན་པའི་སེམས་དེ་ལོགས་ཤིག་ཏུ་བསྟན་པར་མི་འགྱུར་རོ། །མངོན་པར་ཤེས་པ་བྱི་བོ་དག་ཏུ་ཡང་ཞེས་བྱ་བ་ནི་

འདི་ལས་ཕྱི་རོལ་པ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་པོ་གང་དག་ཡིན་པ་དེ་དག་ནི་མངོན་པར་ཤེས་པ་བྱི་བོ་དག་ཅེས་བྱ་སྟེ། དེ་དག་ཏུ་ཡང་འདོད་ཆགས་ལ་སོགས་པ་དང་བྲལ་བ་སྨོས་པར་མི་འགྱུར་ཏེ་རྣམ་པར་གྲོལ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དེར་སེམས་རྣམ་པར་གྲོལ་བ་ལ་

སེམས་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་སྨོས་པ་མེད་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཡང་སྨོས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན་འདོད་ཆགས་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་རྣམ་པར་གྲོལ་བ་ཡིན་པས་

เล่ม ๑๓๗ · หน้า 148b

སོ། །གཞན་ཡང་གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་དེ་དང་མི་ལྡན་པ་ཡིན་ན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་མི་ལྡན་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་བཅས་པ་ལ་སོགས་པ་དེ་དག་དང་ལྡན་པ་ཡིན་གྱི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་

འཐོབ་པ་དང་འབྲེལ་པ་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་འདོད་ཆགས་དང་བཅས་པའོ། །འདི་ནི་ཞེ་སྡང་དང་བཅས་པའོ། །འདི་ནི་གཏི་མུག་དང་བཅས་པའོ་ཞེས་ཐ་དད་པར་སྨོས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཅིག་ལ་ཡང་གསུམ་ཆར་དང་ལྡན་པའི་ཕྱིར་ཏེ།

འདི་ལྟར་འདོད་ཆགས་ལ་སོགས་པ་དང་བཅས་པ་ནི་གང་ཡང་རུང་བ་ཅིག་ལ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཆར་དང་ལྡན་པ་ཉིད་དོ། །གཞན་ཡང་སེམས་རྣམ་པར་མ་གྲོལ་བ་ལ་སེམས་རྣམ་པར་མ་གྲོལ་བའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་

བྱ་བའི་རྣམ་པར་མ་གྲོལ་བ་ཡང་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པ་དང་བཅས་པ་གང་ཡིན་པ་དེ་ཉིད་རྣམ་པར་མ་གྲལ་བ་ཡིན་པས་སོ། །དེ་ལྟར་བཀག་ན་ཇི་ལྟར་ན་སེམས་འདོད་ཆགས་དང་བཅས་པ་ལ་སེམས་འདོད་ཆགས་དང་

བཅས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་རྒྱས་པར་གང་གསུངས་པ་འདོད་ཆགས་དང་བཅས་པ་ལ་སོགས་པ་ཐ་དད་པར་སྨོས་པར་འགྱུར་ལ། སེམས་འདོད་ཆགས་དང་བྲལ་བ་ལ། སེམས་འདོད་ཆགས་དང་བྲལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་ཤེས་སོ་ཞེས་རྒྱས་པར་གང་གསུངས་པ་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡང་དེ་དང་མི་ལྡན་པར་འགྱུར། འདི་སྐད་དུ་གལ་ཏེ་ནག་པོའི་ཕྱོགས་དང་མཐུན་པ་དེ་དང་མཚུངས་པར་ལྡན་པ་ཡིན་ལ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་

བར་ལྡན་པ་ཡིན་ལ་ཞེས་བྱ་བའི་ཐ་ཚིག་གོ། །དཀར་པོའི་ཕྱོགས་དང་མཐུན་པ་ནི་དེ་དང་མི་ལྡན་པ་ཡིན་ན་ཞེས་བྱ་བ་ནི་ཟག་པ་དང་བཅས་པའམ། ཟག་པ་མེད་པ་ནི་འདོད་ཆགས་ལ་སོགས་པ་དང་མི་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཤད་པ་ཅིར་འགྱུར་ཞེ་ན་

เล่ม ๑๓๗ · หน้า 149a

ཞེས་སྨྲས་པ་གང་ཡིན་པ་ལ། སེམས་རྣམ་པར་གྲོལ་བ་ལ་སེམས་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་རྣམ་པར་གྲོལ་བ་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་ཞིང་། འདོད་ཆགས་ལ་སོགས་པ་དང་

ཞེས་བྱ་བ་རྒྱས་པར་སྨོས་པའི་སྐྱོན་འདི་ཡང་ཡོད་དེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ་མི་ལྡན་པ་ཡང་མ་ཡིན་པ་གང་ཡིན་པ་སྟེ། འདོད་ཆགས་ལ་སོགས་པའི་འཐོབ་པ་མ་ཆད་པའོ། །ཅི་འདྲ་བ་ཞིག་ཅེ་ན། དགེ་བ་

ཟག་པ་དང་བཅས་པ་དང་། ལུང་དུ་མ་བསྟན་པ་གང་ཡིན་པ་སྟེ། དེ་ཡང་སྨོས་པར་མི་འགྱུར་རོ། །དེ་ནི་ནག་པོའི་ཕྱོགས་དང་མཐུན་པ་ཡང་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དཀར་པོའི་ཕྱོགས་དང་མཐུན་པ་ཡང་མ་ཡིན་ཏེ།

དེ་དང་མི་ལྡན་པ་མ་ཡིན་པས་སོ། །རེ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རེ་ཞིག་འདོད་ཆགས་ལ་སོགས་པ་ལས་གཞན་པ་ཐེ་ཚོམ་ལ་སོགས་པ་ཉོན་མོངས་པ་གཞན་དང་། ངོ་ཚ་མེད་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་སེམས་ཀྱང་

ཇི་ལྟར་སྨོས་པར་འགྱུར་ཏེ། དེར་ནི་ཐེ་ཚོམ་དང་བཅས་པའི་སེམས་ལ་ཐེ་ཚོམ་དང་བཅས་པའི་སེམས་ཞེས་རྒྱས་པར་མ་གསུངས་ལ། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་ཡང་མ་ཡིན་ནོ། །དགེ་བ་ཟག་པ་དང་བཅས་པ་དང་། ལུང་དུ་མ་བསྟན་པ་སྨོས་པ་དེ་ལ་ཡང་

དེ་བཞིན་དུ་འགྱུར་ཏེ། དེ་ཡང་ཤེས་པར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་ཀྱི་ཞེས་བྱ་བ་རྒྱས་པར་གསུངས་ཏེ། ཚོར་བ་རྣམ་པ་གསུམ་ལ་གནས་པས་ན། ཚོར་བ་རྣམ་པ་གསུམ་ལ་གནས་པའོ། །དེ་དང་མཚུངས་

པར་ལྡན་པ་ཞེས་བྱ་བ་ནི་ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་དེ་དང་མཚུངས་པར་ལྡན་པའི་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པའི་རྩ་བ་གསུམ་པོ་དག་སྨོས་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གསུམ་པོ་དག་སྨོས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་

เล่ม ๑๓๗ · หน้า 149b

ཚིག་གོ། །དེ་ལ་གནས་པའི་སེམས་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི་ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་དང་མཚུངས་པར་ལྡན་པས་ན་ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་དང་མཚུངས་པར་ལྡན་པ་སྟེ་དེའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་དེ་

ལ་ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་ལས་གཞན་པ་རྣམས་ཡིན་ལ་ཉེ་བའི་ཉོན་མོངས་པ་རྣམས་ནི་ཐམས་ཅད་ཡིན་པས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་དག་སྨོས་པ་ཁོ་ན་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་མ་སྨོས་པ་མ་ཡིན་ནོ། །

འོན་ཏང་ཅི་ཞེ་ན་སྨོས་པ་ཁོ་ནའོ། །དེའི་ཕྱོགས་དང་མཐུན་པ་གཞན་རྣམས་ཀྱང་ཞེས་བྱ་བ་ལ་དེའི་ཕྱོགས་ནི་འདོད་ཆགས་ལ་སོགས་པའི་ཕྱོགས་སོ། །འདོད་ཆགས་ལ་སོགས་པའི་ཕྱོགས་ལ་ཡོད་པ་དག་ནི་དེའི་ཕྱོགས་དང་མཐུན་པ་སྟེ། དེ་རྣམས་ནི་དེའི་ཕྱོགས་དང་མཐུན་པ་རྣམས་

སོ། །གང་གིས་ཅིའི་ཕྱིར་མི་ལྡན་པ་མ་ཡིན་ཞེ་ན་ཞེས་སྨོས་པ་དེ་ཉིད་ན་རེ་གལ་ཏེ་འོ་ན་འདོད་ཆགས་དང་མཚུངས་པར་ལྡན་པ་མ་ཡིན་པ་ནི་འདོད་ཆགས་དང་བྲལ་བ་ཡིན་ན་ཞེ་སྡང་དང་མཚུངས་པར་ལྡན་པ་ཡང་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན་ཞེས་ཟེར་ཏེ། དེ་ཡང་འདོད་ཆགས་

དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེ་ན། འདོད་ཆགས་དང་མཚུངས་པར་ལྡན་པ་དེ་ལ་འདོད་ཆགས་དང་བྲལ་བ་ཞེས་དེ་ལྟར་གཟུང་བ་གོ་བ་མ་ཡིན་ཏེ། ཞེ་སྡང་དང་མཚུངས་པར་ལྡན་པ་དེ་ལ་ནི་ཞེ་སྡང་དང་བཅས་པ་ཉིད་དུ་གཟུང་སྟེ། ཇི་ལྟ་བུ་དང་མཚུངས་པར་ལྡན་པར་གཟུང་བའི་

ཕྱིར་ཏེ། གང་དང་གང་གིས་མཚུངས་པར་ལྡན་པ་ནི་ཇི་ལྟ་བུ་དང་མཚུངས་པར་ལྡན་པའོ། །ཇི་ལྟ་བུ་དང་མཚུངས་པར་ལྡན་པར་དེ་གཟུང་བའི་ཕྱིར་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པའོ་ཞེས་དེ་ལྟར་བསྟན་ཏོ། །སྨྲས་པ།

གལ་ཏེ་དེ་ལྟ་ཡིན་ན་འདོད་ཆགས་དང་བྲལ་བ་ཇི་ལྟར་འཛིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་བྲལ་བ་ནི་ཞེས་བྱ་བ་རྒྱས་པར་གསུངས་ཏེ། འདོད་ཆགས་ལ་སོགས་པ་གཞན་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ལས་སོ། །ཐ་དད་པ་མ་ཡིན་པ་ཡང་གཟུང་སྟེ། འདོད་

เล่ม ๑๓๗ · หน้า 150a

ཆགས་ལ་སོགས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པ་ལས་སོ། །འདི་གཉིས་ལ་བྱེ་བྲག་ནི་འདི་ཡོད་དེ། སྔ་མ་ནི་ཉོན་མོངས་པ་ཅན་གྱིས་བར་དུ་ཆོད་པའི་ཕྱིར་དགེ་བ་ཟག་པ་དང་བཅས་པ་རྒྱུན་དང་མི་ལྡན་པ་བར་ཆད་དང་བཅས་པ་ཡིན་པར་གཟུང་ངོ་། །

ཕྱི་མ་ནི་ཟག་པ་དང་བཅས་པ་རྒྱུན་དང་ལྡན་པ་ཡིན་པར་གཟུང་ངོ་། །དེས་དམིགས་པའམ། དེའི་ཐོབ་པའི་སྒོ་ནས་ཡིན་གྲང་ན་ཞེས་བྱ་བ་ནི་འདོད་ཆགས་དེས་དམིགས་པའི་ཕྱིར་རམ། འདོད་ཆགས་དེའི་ཐོབ་པ་ལས་དེ་དང་ལྡན་པ་ཡིན་གྲང་ན། དེ་གཉིས་ཀྱང་དེས་མི་འཛིན་ཏེ་ཞེས་

བྱ་སྟེ། འདོད་ཆགས་དེ་དང་ཐོབ་པ་དེ་གཉིས་ཀྱང་ཕ་རོལ་གྱི་སེམས་ཤེས་པས་མི་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ཕ་རོལ་གྱི་སེམས་ཤེས་པས་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལ་དམིགས་པ་ཅན་དང་། སེམས་དང་མི་ལྡན་པ་ལ་ཞེས་བྱ་བ་ནི་ཕ་རོལ་གྱི་

སེམས་དེ་ལ་མི་དམིགས་པའོ། །དེ་འདོད་ཆགས་གང་ལ་ཡོད་པ་ནི་དེ་ལ་དམིགས་པ་ཅན་ནོ། །དེ་ལ་དམིགས་པ་ཅན་དང་། སེམས་དང་མི་ལྡན་པ་ནི་དེ་ལ་དམིགས་པ་ཅན་དང་སེམས་དང་མི་ལྡན་པ་དག་སྟེ། དེ་གཉིས་ལ་དམིགས་པ་ཕ་རོལ་གྱི་སེམས་ཤེས་པ་གང་ལ་ཡོད་པ་

དེ་ནི་དེ་ལ་དམིགས་པ་ཅན་དང་སེམས་དང་མི་ལྡན་པ་ལ་དམིགས་པ་ཅན་ནོ། །དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ལ་བྱུང་ངོ་། །ཡང་དཔེར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཡང་ཚིག་གཅིག་ལ་དོན་དུ་མ་འབྱུང་བ་ཞེས་རྒྱས་པར་འབྱུང་བའི་དཔེར་བརྗོད་པར་

བྱ་སྟེའོ། །འདིར་གཟུགས་ཀྱི་འདོད་ཆགས་ཞེས་བྱ་བ་འདི་ནི་དཔེར་བརྗོད་པ་ཡིན་ནོ། །ཐ་ཆད་དོ་ཞེས་བྱ་བར་མངོན་ནོ་ཞེས་བྱ་བ་ནི་སྨད་པ་ཞེས་བྱ་བར་མངོན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིགས་ཀྱི་ས་བོན་ཞེས་བྱ་བ་ནི་ཚིགས་ཀྱི་ས་བོན་ནོ། །མང་པོ་ལ་ནི་ཁྲོམ་གྱི་རུ་ཞེས་བྱ་བ་ནི་ཁྲོམ་

གྱི་ཚོགས་ཞེས་བྱ་བར་མངོན་ནོ། །ཡིད་བྲེལ་བ་ཞེས་བྱ་བ་ནི་དམིགས་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །མགུ་བ་ཉིད་དུ་གྱུར། ཡི་རངས་པ་ཉིད་དུ་གྱུར་ཅེས་བྱ་བ་ནི་ཡིད་བདེ་བར་གྱུར་ཅེས་བྱ་བར་མངོན་ཏེ། འདི་ཡང་འདིར་དཔེར་བརྗོད་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་

เล่ม ๑๓๗ · หน้า 150b

དང་ལྡན་པ་འདུན་པ་མགུ་བ་ཉིད་དུ་གྱུར། ཡི་རངས་པ་ཉིད་དུ་གྱུར་ཅེས་གསུངས་པ་ལྟ་བུའོ། །ཨུཏ་དང་། སཾ་དང་། པྲ་ཏི་ཞེས་བྱ་བ་འདི་དག་ནི་ཉེ་བར་བསྒྱུར་བ་དག་གོ། །ཆོས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་ཞེས་བྱ་བ་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པར་བྱེད་ཅིང་ངོ་། །ཟང་ཟིང་གི་བགོ་

སྐལ་ལ་སྦྱོང་བ་ཡང་དེ་བཞིན་ནོ། །ཟང་ཟིང་ཞེས་བྱ་བ་ནི་རྙེད་པ་ཡིན་ཏེ། རྙེད་པའི་བགོ་སྐལ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བགོ་སྐལ་གྱི་སྒྲ་ནི་སྦྱིན་པའི་དོན་ཏོ། །བྱུང་བ་ལ་ཞེས་བྱ་བ་ནི་འདུས་བྱས་ལ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ལ་ཇི་ལྟར་ཡོད་པ་བཞིན་

དུ་ཞེས་བྱ་བ་ནི་བདག་ཉིད་ལ་ཇི་ལྟར་བདོག་པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཡིད་ཁོ་ནའི་ཡུལ་ཡིན་ཞིང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནས་ལུས་ཀྱི་དབང་པོ་ལ་ཐུག་པ་རྣམས་ཀྱིས་མ་ཡིན་པ་སྟེ། དེ་ལྟར་ན་གཟུགས་ལ་སོགས་པ་བསལ་བ་ཡིན་ནོ། །མིག་གི་རྣམ་

པར་ཤེས་པ་ལ་སོགས་པ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་ན་མི་རུང་བས་ཡུལ་ཁོ་ན་ཡིན་གྱི་རྟེན་ན་མ་ཡིན་ནོ་ཞེས་བྱ་བ་འདི་སྨོས་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་ཡིད་ཀྱི་རྟེན་ཡང་ཡིན་པས་སོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་མཐོང་བའི་ཚེ་ལ་མྱོང་བར་

འགྱུར་བའོ། །དེ་ལྟ་བུའི་ཆོས་སོ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བའོ་ཞེས་བྱ་བའི་ཐ་ཚིག་གོ། །རྒ་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་ལུས་འདི་རྒ་བར་འགྱུར་བའོ་ཞེས་བྱ་བར་མངོན་ནོ།། །།རྣམ་པར་བཤད་པའི་རིགས་པའི་བཤད་པ་བམ་པོ་གཉིས་པ། སྤངས་པ་ལ་

སོགས་པའི་སྤངས་པ་ཞེས་བྱ་བ་ལ་སྤངས་པ་ཞེས་བྱ་བ་ནི་སྤངས་པ་ལ་སོགས་པ་དག་ལ་ཡང་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པའི་འདུན་པ་སྤངས་ནས་ཞེས་བྱ་བ་ནི་རེ་ཞིག་གི་དུས་སུ་རྣམ་པར་མནན་ནས་ཞེས་བྱ་བར་མངོན་ནོ། །ཀུན་དུ་སྦྱོར་བ་གསུམ་སྤངས་པ་ལ་ཞེས་བྱ་བ་ལ། ཀུན་དུ་

སྦྱོར་བ་གསུམ་ན་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །ཉན་ཐོས་ལ་བཤད་པའི་མདོ་སྡེ་གཉིས་ལས་རྣམ་པ་གཉིས་སུ་རྣམ་པར་ཕྱེའོ་ཞེས་བྱ་བ་ནི་སྡེ་ཅན་ནོ། །མདོ་སྡེ་གཉིས་ལས་ཇི་ལྟར་རྣམ་པར་ཕྱེ་ཞེ་ན། རེ་ཞིག་མདོ་

เล่ม ๑๓๗ · หน้า 151a

སྡེ་ཁ་ཅིག་ལས་རྒྱས་པར་གསུངས་ནས་སྤངས་པས་སྤོང་བ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱས་པར་འབྱུང་བ་དང་། སྡོམ་པས་སྤོང་བ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་

དང་། རྗེས་སུ་བསྲུང་བས་སྤོང་བ་གང་ཞེ་ན། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་དང་། བསྒོམ་པས་སྤོང་བ་གང་ཞེ་ན། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་དང་ཞེས་རྒྱས་པར་འབྱུང་ལ། མདོ་སྡེ་

ཅིག་ཤོས་ལས་ཀྱང་རྒྱས་པར་གསུངས་ནས་སྤངས་པས་སྤོང་བ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱས་པར་འབྱུང་བ་ནས། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་དང་། ཞེས་རྒྱས་པར་འབྱུང་ལ།

འདི་ནི་སྤངས་པས་སྤོང་བ་ཡིན་ནོ་ཞེས་འབྱུང་ཞིང་། སྡོམ་པས་སྤོང་བ་གང་ཞེ་ན། མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཞེས་རྒྱས་པར་འབྱུང་ལ། རྗེས་སུ་བསྲུང་བས་སྤོང་བ་གང་ཞེ་ན། དགེ་སློང་འདི་ལ་དགེ་སློང་གིས་ཏིང་ངེ་འཛིན་

མཚན་མ་བཟང་པོ་གང་ཡང་རུང་བ་ཞེས་རྒྱས་པར་འབྱུང་ཞིང་། བསྒོམ་པས་སྤོང་བ་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་རྣམས་སྒོམ་པར་བྱེད་ཅེས་རྒྱས་པར་འབྱུང་བ་ལྟ་བུའོ། །འཕགས་པའི་ཚུལ་གྱི་སྒྲ་ཞེས་རྒྱས་པར་འབྱུང་བ་ལ། འཕགས་པའི་ཚུལ་གྱི་སྒྲ་ནི་བདེན་པ་རྣམས་ལ་ཡང་

མཐོང་སྟེ། ཇི་ལྟ་ཞེ་ན། རེ་ཞིག་མདོ་སྡེ་ཁ་ཅིག་ལས་རྒྱས་པར་གསུངས་ནས། ཇི་ལྟར་ན་འདིས་འཕགས་པའི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

ཤེས་ཞེས་རྒྱས་པར་འབྱུང་བ་དང་། མདོ་སྡེ་གཞན་ལས་ཀྱང་རྒྱས་པར་གསུངས་ནས། ཇི་ལྟར་ན་འདིས་འཕགས་པའི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ཞེས་རྒྱས་པར་འབྱུང་བ་དང་། མདོ་སྡེ་

เล่ม ๑๓๗ · หน้า 151b

གཞན་དག་ལས་ཀྱང་རྒྱས་པར་གསུངས་ནས། ཇི་ལྟར་ན་འདིས་འཕགས་པའི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། འདིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་ཡང་དག་

པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །བྲམ་ཟེ་ང་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་འཕགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་འཕགས་པ་ཉིད་ཚུལ་ཡིན་ཏེ། མི་སློབ་པའི་རིགས་པ་གསུམ་པ་དག་གོ། །དྲན་

པ་ཉེ་བར་གཞག་པ་བཞི་རྣམས་དང་མི་མཐུན་པར་བྱེད་པ་ཞེས་བྱ་བ་ནི་འགལ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པའི་ཚུལ་ལ་དེ་དག་གིས་མི་མཐུན་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བར་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཉིད་ཀྱིས་ཆོས་ནི་མྱ་ངན་ལས་འདས་

པ་ནི་ཞེས་བྱ་བའི་ཐ་ཚིག་གོ། །སྦོམ་པ་དང་ལྡན་པ་ཞེས་བྱ་བ་ནི་སྡོང་པོ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་མཆེད་བཅུ་དང་གཅིག་གི་ཕྱོགས་ཀྱིས་བསྡུས་སོ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་དང་གཅིག་གི་ཕྱོགས་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་མངོན་ནོ། །བསྡུ་བ་ཞེས་བྱ་བ་ལ། རང་བཞིན་

དང་རྗེས་སུ་མཐུན་པ་ལ་ནི་ཇི་ལྟར་བྱས་པས་ཤེ་ན། མདོ་སྡེ་ལས་རྒྱས་པར་གསུངས་ནས་འཕགས་པ་ཕུང་པོ་གསུམ་པོ་དག་ཅེས་ཀྱང་བགྱི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་ཀྱང་བགྱི་བ་འཕགས་པའི་ཕུང་པོ་གསུམ་པོ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་སམ།

འོན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཕུང་པོ་གསུམ་བསྡུས་ཤེ་ན། ཚེ་དང་ལྡན་པ་ས་ག་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་པོ་དག་མ་བསྡུས་ཀྱི། འོན་ཀྱང་ཕུང་པོ་གསུམ་པོ་དག་གིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་སོ། །འཕགས་

པ་དཔེ་ཇི་ལྟར་ན་ཕུང་པོ་གསུམ་པོ་དེ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཀྱི། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་པོ་དག་མ་བསྡུས་ཤེ་ན། ཚེ་དང་ལྡན་པ་ས་ག་ཡང་དག་པའི་ངག་གང་ཡིན་པ་དང་། ཡང་དག་པའི་ལས་ཀྱི་མཐའ་གང་ཡིན་

เล่ม ๑๓๗ · หน้า 152a

པ་དང་། ཡང་དག་པའི་འཚོ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོར་གསུངས་སོ། །ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོར་གསུངས་སོ། །ཡང་དག་

པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕུང་པོར་གསུངས་སོ། །ཚེ་དང་ལྡན་པ་ས་ག་དེ་ལྟར་ན་ཕུང་པོ་གསུམ་པོ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཀྱི། འཕགས་པའི་ལམ་ཡན་ལག་

བརྒྱད་ཀྱིས་ནི་ཕུང་པོ་གསུམ་པོ་དག་མ་བསྡུས་སོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟར་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་གསུམ་དག་ལས་ཚུལ་ཁྲིམས་ཀྱི་ཕུང་པོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་རང་

བཞིན་གྱིས་བསྡུས་པ་ཡིན་ཏེ། དེའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ཕུང་པོས་ནི་ཡང་དག་པའི་ཏིང་ངེ་འཛིན་རང་བཞིན་གྱིས་བསྡུས་པ་ཡིན་ཏེ། དེའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕུང་པོས་ནི་ཡང་དག་པའི་ལྟ་བ་རང་བཞིན་གྱིས་བསྡུས་

པ་ཡིན་ཏེ། དེའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་ན་བསྡུས་པ་ཞེས་བྱ་བ་རང་བཞིན་ལ་ཡོད་པ་ཡིན་ནོ། །རྗེས་སུ་མཐུན་པ་ལ་ཡང་ཡོད་དེ། ཡང་དག་པའི་དྲན་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོའི་རྗེས་སུ་མཐུན་པ་ཁོ་ནའི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོས་བསྡུས་

སོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕུང་པོས་བསྡུས་སོ། །བསྡུ་བའི་དངོས་པོ་བཞི་པོ་དག་ཅེས་བྱ་བ་ནི་དགའ་བའི་དངོས་པོ་བཞི་པོ་དག་ཅེས་བྱ་བར་མངོན་ཏེ་དེ་དག་ཀྱང་མདོ་སྡེ་ལས་ཇི་སྐད་

འབྱུང་བ་ལྟ་བུའོ། །འདི་ནི་དབང་པོ་ལྔ་པོ་དག་ཅེས་བྱ་བ་ནི་དད་པའི་དབང་པོ་ལ་སོགས་པའོ། །སྡུད་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་མེད་པའི་རྒྱུ་ཡིན་པར་མངོན་ཏེ། དགའ་བའི་དངོས་པོ་བཞི་པོ་འདི་ལྟར་ཤེས་རབ་ཀྱི་ཕུང་པོས་ནི་དད་པ་ལ་སོགས་པ་ལས་ཉམས་

เล่ม ๑๓๗ · หน้า 152b

པར་མི་འགྱུར་རོ། །སྲིད་པའི་ཡན་ལག་བཅུ་གཉིས་པའི་ཚིག་རྣམས་ཀྱིས་ཞེས་བྱ་བ་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་རྣམས་ཀྱིས་སོ། །དོན་བསྡུས་པ་གང་ཡིན་པ་སྟེ། ཇི་ལྟར་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་བཅུ་གཉིས་པའི་ཚིག་རྣམས་ཀྱི་མདོར་ཀུན་ནས་ཉོན་མོངས་པ་

གསུམ་པོ་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡོངས་སུ་བསྟན་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། ཉོན་མོངས་པ་ཉིད་ཀུན་ནས་ཉོན་མོངས་པ་མ་ཡིན་པས་ཉོན་མོངས་

པའི་ཀུན་ནས་ཉོན་མོངས་པ་སྟེ། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་ཀྱང་དེ་བཞིན་ནོ། །དེ་ལ་ཡན་ལག་གསུམ་པོ་མ་རིག་པ་དང་། སྲིད་པ་དང་ལེན་པ་དག་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་། སྲིད་པ་དང་ཡན་ལག་གཉིས་ནི་ལས་ཀྱི་ཀུན་ནས་

ཉོན་མོངས་པ་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་ལྷག་མ་རྣམས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་ཞེས་བྱ་བའི་བར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་

འཇུག །འདུལ་བར་བྱེད། འཛུད་པར་བྱེད་རབ་ཏུ་འཇོག་པར་བྱེད་ཅིང་ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་ནི་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག །འདུལ་བར་བྱེད། འཛུད་

པར་བྱེད། རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོར་ན་འཇུག་པ་དང་བཅས་པའི་མངོན་པར་མཐོ་བའི་རྒྱུ་ཡང་དག་པར་ལེན་དུ་འཇུག་པ་བསྟན་ཅིང་མདོར་ན་འཇུག་པ་དང་བཅས་པའི་ངེས་པར་ལེགས་པའི་རྒྱུ་བསྟན་པ་ཡིན་ཏེ། རབ་ཏུ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་

གོ། །འདི་ལྟར་དད་པས་ནི་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་ལ་ཞེས་བྱ་བ་ནི་གང་གི་ཕྱིར་དད་པས་ནི་ཚུལ་ཁྲིམས་དང་། གཏོང་བ་དང་། ཤེས་རབ་ལ་འཇུག་པར་བྱེད་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་དང་གཏོང་བ་གཉིས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚུལ་ཁྲིམས་ཀྱིས་ནི་

เล่ม ๑๓๗ · หน้า 153a

ལུས་ཕུན་སུམ་ཚོགས་པས་བསྡུས་པའི་མངོན་པར་མཐོ་བ་ཐོབ་ལ། གཏོང་བས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པའི་མངོན་པར་མཐོ་བ་ཐོབ་ཅིང་ཤེས་རབ་ཀྱིས་ནི་ངེས་པར་ལེགས་པ་འཐོབ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་དོན་ཐ་དད་པའི་ཚིག་རྣམས་ཀྱི་

དོན་བསྡུས་པ་ཡིན་པར་སྦྱར་རོ། །ལྷག་མ་ནི་བཤད་པའོ། །ཇི་ལྟ་ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ་དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ལུས་ཀྱི་ཞུམ་པ་དང་སེམས་ལས་བྱུང་བའི་རྨུགས་པ་འབྱུང་སྟེ། ཀུན་དགའ་བོ་དགེ་སློང་དེས་

དང་བར་འགྱུར་བ་སྡུག་པའི་མཚན་མ་འགའ་ཞིག་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེས་དང་བར་འགྱུར་བ་སྡུག་པའི་མཚན་མ་འགའ་ཡིད་ལ་བྱེད་པ་ནས་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་ན་དགའ་བ་སྐྱེའོ། །ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་

སྦྱངས་ན་བདེ་བ་མྱོང་བར་འགྱུར་རོ། །བདེ་བ་མྱོང་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཀུན་དགའ་བོ་འདི་ལྟར་སློབ་སྟེ། བདག་གང་གི་དོན་དུ་ཡིད་ཕྱི་རོལ་དུ་གཞག་པའི་བདག་གི་དོན་དེ་རྗེས་སུ་ཐོབ་ནས། མ་ལ་བདག་གིས་བསྡུ་བར་བྱའོ་ཞེས་

རྒྱས་པར་འབྱུང་བའོ། །རང་བཞིན་དང་། དུས་ཀྱི་ཁྱད་པར་གཉིས་ཀྱིས་ཞེས་རྒྱས་པར་འབྱུང་བ་ནི་རང་བཞིན་གྱི་ཁྱད་པར་གྱིས་ཤིན་ཏུ་གཞོན་པ་ཉིད་རྫོགས་པར་བཤད་པའི་ཕྱིར་རོ། །དུས་ཀྱི་ཁྱད་པར་གྱིས་ཀྱང་ཤིན་ཏུ་གཞོན་པ་ཉིད་རྫོགས་པར་བཤད་པའི་ཕྱིར་རོ། །སངས་རྒྱས་

བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་གཞོན་པ་ཉིད་ནི་བདེ་བས་བསྐྲུན་པ་ཉིད་ཡིན་ནོ། །ལྷག་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ང་དགའ་ཞིང་རྩེ་བའི་ཕྱིར་ངའི་ཡབ་ཤཱཀྱ་ཟས་གཙང་མ་དེས་ཕོ་བྲང་དུ་ཁང་བཟངས་བརྩིགས་སོ་ཞེས་རྒྱས་པར་འབྱུང་བས་བདེ་བ་ཕུན་སུམ་ཚོགས་པ་ཡང་དག་པར་བསྔགས་

པ་ནི་རྒྱས་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཞེས་རྒྱས་པར་འབྱུང་བ་ནི་ཚེ་དང་ལྡན་པ་དག་བཅུ་གཉིས་པོ་འདི་དག་ནི་ཁོམ་པར་གྱུར་པ་ཡིན་ནོ། །བཅུ་གཉིས་པོ་གང་ཞེ་ན། བདག་ཕུན་སུམ་ཚོགས་པ་དང་གཞན་ཕུན་སུམ་ཚོགས་པ་དང་། མིར་གྱུར་པ་དང་། ཡུལ་དབུས་སུ་

เล่ม ๑๓๗ · หน้า 153b

སྐྱེས་པ་དང་དབང་པོ་མ་ཚང་བ་མེད་པ་ཉིད་དང་། ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་དང་། སྐྱེ་མཆེད་ཀྱི་གནས་ལ་དད་པ་དང་། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་། བསྟན་པའི་ཆོས་རྣམས་གནས་པ་དང་། ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་།

གཞན་ལ་སྙིང་བརྩེ་བ་ཉིད་དོ། །དེ་ལ་ཁོམ་པར་གྱུར་པ་ཞེས་བྱ་བ་ནི་རང་གི་དོན་བྱ་བའི་དུས་ཉེ་བར་གནས་པ་ཉིད་དོ། །བསྟན་པ་དང་བཤད་པ་གཉིས་ཀྱིས་བཅུ་གཉིས་སུ་འགྱུར་ཏེ། ཇི་ལྟ་ཞེ་ན། བདག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བསྟན་པའོ། །དེའི་རྒྱས་པར་བཤད་པ་ནི་མིར་གྱུར་

པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་མ་ཚང་བ་མེད་པ་ཉིད་དང་། ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་དང་། སྐྱེ་མཆེད་ཀྱི་གནས་ལ་དད་པ་ཞེས་བྱ་བའི་ཚིག་ལྔ་པོ་འདི་རྣམས་ཀྱིས་སོ། །དེ་བཞིན་དུ་གཞན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བསྟན་པའོ། །དེའི་རྒྱས་

པར་བཤད་པ་ཉིད་ནི་སངས་རྒྱས་རྣམས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་ཚིག་ལྔ་པོ་འདི་རྣམས་ཀྱིས་སོ། །དེའི་དོན་གྱི་ནུས་པ་ཉིད་ཅེས་བྱ་བ་ནི་ཚིག་གི་དོན་རྣམས་ཀྱི་ནུས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྣམ་གྲངས་གསུངས་པ་དག་གི་དགོས་པའི་

དོན་ནི་སྔར་བཤད་པར་ཟད་པ་ཇི་ལྟར་ཞེ་ན། དགོས་པ་དག་ནི་བརྒྱད་དེ་ཞེས་རྒྱས་པར་འབྱུང་བས་སོ། །དེ་ལས་གཞན་པ་རྣམས་ལ་ཞེས་རྒྱས་པར་འབྱུང་བ་ནི་མགོ་སྨོས་པས་གོ་བ་དེ་ལས་གཞན་པ་རྣམས་ཏེ། དེ་རྣམས་གང་དག་ཡིན་ཞེ་ན། རྣམ་པར་སྤྲོས་ན་གོ་བ་ཚིག་ལ་

འཆེལ་བ་གང་དག་ཡིན་པའོ། །དེ་རྣམས་ལ་ཚེ་ཕྱི་མ་ལ་སྐྱེ་བ་གཞན་དུ་མགོ་སྨོས་པས་གོ་བ་ཉིད་ཀྱི་རྒྱུ་བསགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་ལས་གཞན་པ་རྣམས་སོ། །དེ་ལྟ་བུ་ལ་གོམས་པ་ལས་ཞེས་བྱ་བ་ནི་བསྟན་པ་དང་

བཤད་པ་ལ་གོམས་པ་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ས་བོན་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པ་དང་རྒྱས་པར་བཤད་པ་བསྟན་པའི་ས་བོན་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ལའི་སེམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ལ་ལའི་སེམས་ཉེ་བའི་ཉོན་མོངས་པ་ཉི་ཤུ་

เล่ม ๑๓๗ · หน้า 154a

རྩ་གཅིག་གིས་ཉེ་བར་ཉོན་མོངས་པ་ཅན་ཡིན་ན། འདི་ལྟར་དེ་ནི་འདི་སྙམ་དུ་བདག་ནི་དག་ཅིང་མཆོག་ཏུ་དག་པ་དང་ལྡན་པ་ཡིན་ནོ་སྙམ་དུ་སེམས་ཀྱིས་ངན་སོང་ངན་འགྲོར་ཡང་འགྲོ་ཞིང་དམན་པའི་ལུས་སུ་ཡང་སྐྱེའོ། །ཉི་ཤུ་རྩ་གཅིག་པོ་གང་དག་གིས་ཤེ་ན། ལོག་

པར་ལྟ་བ་དང་། མི་རིགས་པར་ཆགས་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་སེམས་ཉེ་བར་ཉོན་མོངས་པ་ཅན་ཡིན། ཁྲོ་བ་དང་ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་

དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། རྒྱགས་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། བག་མེད་པས་སེམས་ཉེ་བར་ཉོན་མོངས་པ་ཅན་ཡིན་ནོ། །ཆོས་གཅིག་ནི་གཅེས་སྤྲས་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས་བཅུའི་བར་དུ་ཞེས་

བྱ་བ་ནི་ཚེ་དང་ལྡན་པ་དག་ཆོས་གཅིག་ནི་གཅེས་སྤྲས་བྱེད་པ་ཡིན་ཏེ། འདི་ལྟ་སྟེ་དགེ་བའི་ཆོས་རྣམས་ལ་བག་ཡོད་པ་ཡིན་ནོ་ཞེས་བྱ་བ་ནས། ཆོས་བཅུ་དག་ནི་གཅེས་སྤྲས་བྱེད་པ། ཆོས་བཅུ་དག་ནི་མགོན་བྱེད་པ་ཡིན་ཏེ། ཚེ་དང་ལྡན་པ་དག་འདི་ལ་དགེ་སློང་དེ་བཞིན་གཤེགས་པ་

ལ་དད་པ་དག་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་མདོ་སྡེ་ལས་ཇི་སྐད་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་དགེ་སློང་དག་ཆོས་གཅིག་སྤོངས་ཤིག་དང་། ཁྱེད་ཕྱིར་མི་འོང་བར་འགྱུར་བར་ཁས་ལེན་ཏེ། འདི་ལྟར་ཆགས་པའོ། །དགེ་སློང་དག་ཆགས་པ་སྤོངས་ཤིག་དང་ཞེས་བྱ་བ་རྒྱས་

པར་མདོ་སྡེ་ལས་འབྱུང་བ་ལྟ་བུའོ། །འདི་དག་ནི་ལྔ་དག་ཏུ་གྱུར་ན་ཞེས་བྱ་བ་ནི་དབང་པོ་ལྔ་དག་ཏུ་གྱུར་པའོ། །གསུམ་དག་ཏུ་འགྱུར་ལ་ཞེས་བྱ་བ་ནི་བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །ཇི་ལྟར་བྱས་པས་ཤེ་ན། བདེ་བའི་དབང་པོ་

གང་ཡིན་པ་དང་། ཡིད་བདེ་བའི་དབང་པོ་གང་ཡིན་པ་དེ་ནི་བདེ་བའི་ཚོར་བར་བལྟ་བར་བྱའོ། །སྡུག་བསྔལ་གྱི་དབང་པོ་གང་ཡིན་པ་དང་། ཡིད་མི་བདེ་བའི་དབང་པོ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་ཚོར་བར་བལྟ་བར་བྱའོ། །དེ་བཞིན་དུ་གསུམ་དག་ཏུ་འགྱུར་ན། ལྔ་དག་ཏུ་གྱུར་ཏེ། བདེ་བ་

เล่ม ๑๓๗ · หน้า 154b

དང་སྡུག་བསྔལ་གྱི་དབང་པོ་གཉིས་ལ་རྣམ་པ་གཉིས་གཉིས་སུ་ཕྱེ་བའི་ཕྱིར་རོ། །བཟང་པོའི་སྡེ་པ་དྲུག་ཅུ་དག་གི་ཚོགས་ཞེས་བྱ་བ་ནི་མི་དྲུག་ཅུ་པོ་ཁ་ཅིག་གི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་དང་། ཟས་དང་། གཉེན་པོ་མཚུངས་པའི་ཕྱིར་ན་ཞེས་བྱ་བ་ནི་ཆོས་གཉིས་ཀྱི་བྱ་བ་དང་།

ཟས་མཚུངས་པའི་ཕྱིར་དང་། གཉིན་པོ་མཚུངས་པའི་ཕྱིར་རོ། །དཔེར་ན་སྒྲིབ་པ་ལྔ་རྣམས་ཞེས་བྱ་བ་ནི་འདིར་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་རྣམས་ལས་ཆོས་གཉིས་པོ་རྨུགས་པ་དང་། གཉིད་

གཉིས་ཀྱི་བྱ་བ་དང་། ཟས་དང་གཉེན་པོ་ནི་མཚུངས་པ་ཉིད་ཡིན་ལ། རྒོད་པ་དང་འགྱོད་པ་གཉིས་ཀྱང་དེ་བཞིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་མདོ་སྡེ་ལས་རྨུགས་པ་དང་གཉིད་གཉིས་ཀྱི་ཟས་དང་ཟས་མ་ཡིན་པ་གཅིག་ཏུ་གསུངས་ཏེ། རྨུགས་པ་དང་གཉིད་ཀྱི་སྒྲིབ་པའི་

ཟས་ནི་ཆོས་ལྔ་དག་སྟེ། སྙོམ་པ་དང་། སྐྱོ་བ་དང་། གླལ་བ་དང་། ཟས་ལ་ཚོད་མི་འཛིན་པ་དང་། སེམས་ཞུམ་པ་ཉིད་དོ། །རྨུགས་པ་དང་གཉིད་ཀྱི་ཟས་མ་ཡིན་པ་གང་ཡིན་ཞེ་ན། སྣང་བའི་འདུ་ཤེས་སོ། །འདི་གཉི་གའི་བྱ་བ་ཡང་གཅིག་པ་ཡིན་ཏེ། འདི་གཉི་གས་སེམས་ཞུམ་

པར་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་གཉིས་ཀྱི་ཟས་ཀྱང་ཆོས་བཞི་རྣམས་སོ་ཞེས་གཅིག་ཏུ་གསུངས་ཏེ། ཉེ་དུ་ལ་རྣམ་པར་རྟོག་པ་དང་། ཡུལ་ལ་རྣམ་པར་རྟོག་པ་དང་། མི་འཆི་བར་རྣམ་པར་རྟོག་པ་དང་། སྔོན་དགོད་དགོད་པ་དང་རྩེ་རྩེ་བ་རྗེས་སུ་དྲན་པ་ཡིན་ནོ། །རྒོད་པ་

དང་འགྱོད་པའི་སྒྲིབ་པའི་ཟས་མ་ཡིན་པ་གང་ཡིན་ཞེ་ན། ཞི་གནས་སོ། །འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉི་གས་སེམས་རྣམ་པར་མ་ཞི་བར་བྱེད་དོ། །དེ་ལྟར་ན་ཁ་ཅིག་ནི་དངོས་པོ་གཅིག་ཏུ་ཤེས་པར་བྱ་བའི་ཕྱིར་གྲངས་གསུངས་པ་ཡིན་ནོ། །ཁ་ཅིག་ནི་ཞེས་བྱ་བ་རྒྱས་

པར་འབྱུང་བ་ལ། གྲངས་གསུངས་པ་ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་སྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུངས་པ་ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ལ་སྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུངས་པའི་ངང་ཚུལ་མངའ་

เล่ม ๑๓๗ · หน้า 155a

བས་འདི་ནི་སྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུངས་པའོ། །དེའི་དངོས་པོ་ནི་སྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུངས་པ་ཉིད་དེ། དེ་ཡང་དག་པར་བསྟན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་གར་རིགས་པའམ། གཞན་ལས་

ཀྱང་རུང་སྟེ། གར་རིགས་པ་ནི་རེ་ཞིག་ཕུང་པོ་ལྔ་རྣམས་དང་། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་ཇི་སྐད་གསུངས་པ་ནི་རིགས་པའོ། །གསུང་རབ་གཞན་ལས་བདེན་པ་བཞི་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། བསམ་གཏན་བཞི་རྣམས་དང་། གཟུགས་མེད་པ་བཞི་

རྣམས་དང་། དེ་ལྟ་བུ་ལ་སོགས་པ་ནི་གང་རིགས་པའོ། །འགྲོལ་བ་ལ་སོགས་པས་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་བསྙེན་བཀུར་དང་ཕྱག་བྱ་བ་ལ་སོགས་པ་གཟུང་ངོ་། ཐན་པ་ལ་སོགས་པའི་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མི་མ་ཡིན་པ་ལ་སོགས་པའི་འཇིགས་པ་གཟུང་ངོ་། །

ནར་ཆགས་གནོད་པའི་ཕྱིར་ཞེས་བྱ་བ་ལ། ཆགས་ཞེས་བྱ་བ་ནི་འདོད་ཆགས་སོ། །གདུལ་བས་ངའི་ཤེས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གདུལ་བས་ངའི་ཤེས་མི་ནུས་པ་ནི་ཆོས་བསྟན་པ་ལ་དབང་པོ་མ་སྨིན་པའི་ཕྱིར་རོ། །ཆོས་བསྟན་པ་མཉན་པ་ལ་གུས་པ་དང་བཅས་པའམ་མེད་

པས་ན་རྒྱུ་དེས་ན་བསྟན་པར་མི་བྱ་བར་མཁྱེན་ཞིང་དེ་དག་སྐོམ་པར་བྱ་བའི་ཕྱིར་ཟླ་བ་ཕྱེད་དང་གསུམ་དག་ཏུ་ཞེས་བྱ་བ་རྒྱས་པར་གསུངས་སོ། །བྱས་གཟོ་ཞེས་བྱ་བ་ནི་བྱས་པ་གཟོ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་གཞན་ལ་སྙིང་བརྩེ་དང་ཞེས་བྱ་བ་ལ། དེ་ལ་སྙིང་བརྩེ་བ་ནི་གང་དང་གང་གི་དྲུང་

དུ་འགྲོ་བ་ལའོ། །གཞན་ལ་སྙིང་བརྩེ་བ་ནི་དེ་དང་འབྲེལ་པ་ལའོ། །དེ་གཉིས་ལ་སྙིང་བརྩེ་བས་སོ། །རྣམ་པར་བཤད་པའི་རིགས་པའི་བཤད་པ་ལས་ལེའུར་བཅད་པ་དང་པོའོ།། །།ཚིག་གི་དོན་བཤད་པ་ལས་མཁས་པ་ཉིད་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ་ཚིག་གི་དོན་ནི་ཚིག་གི་དོན་

ཏོ། །དེ་བཤད་པ་ནི་ཚིག་གི་དོན་བཤད་པའོ། །ཚིག་གི་དོན་བཤད་པ་ལ་མཁས་པ་ཅན་ནི་ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་དོ། །ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་སྐྱེད་པའི་ཕྱིར་ནི་འཕེལ་བར་བྱ་བའི་ཕྱིར་ཏེ། ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་བསྐྱེད་པའི་ཕྱིར་ནི་འདི་

เล่ม ๑๓๗ · หน้า 155b

ལྟར་ཡང་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་

འདས་སོ་ཞེས་བྱ་བ་སྟེ། བགེགས་བཅོམ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བགེགས་བཅོམ་ནས་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་གང་དུ་ཞེས་བྱ་བ་ཡོངས་སུ་བསྟན་ཏོ། །གང་གིས་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །ཇི་ལྟར་གཤེགས་པ་

ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །སྟོན་པའི་ཕྲིན་ལས་གང་ཡིན་པ་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །གང་དག་གིས་ཡོངས་སུ་བཟུང་བས་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །བགེགས་ཞེས་བྱ་བ་ལ། བགེགས་ཀྱི་རྒྱུ་ནི་བགེགས་སོ། །བདུད་སྡིག་ཅན་དུ་འདོད་ཅེས་བྱ་བ་འདི་ནི་

བདུད་ཀྱི་མིང་འདི་ཡིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་ན་སྡིག་བྱེད་པ་བདག་གིར་འདོད་པ་ནི་བདུད་སྡིག་འདོད་དོ། །ངེས་པའི་ཚིག་གི་ཚུལ་གྱིས་ན་དེ་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མ་ནོར་བར་གསུངས་པའི་ཕྱིར་ནི་

ཇི་ལྟ་བ་བཞིན་དུ་གསུངས་པ་ཉིད་དོ། །སྤངས་པ་དང་མཁྱེན་པ་ཕུན་སུམ་ཚོགས་པའི་ཕྱིར་ནི་སྒྲུབ་པ་ཉིད་དོ། །ཇི་ལྟར་ན་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་མཁྱེན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཐམས་ཅད་མཁྱེན་པ་

ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །གཞན་ཡང་ནི་རྣམ་གྲངས་གཞན་ཡང་ངོ་། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་ནི་མ་ནོར་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། མ་ནོར་བར་གསུངས་པ་ཉིད་དང་། ཉོན་མོངས་ཅན་མ་ཡིན་པར་གསུངས་པ་ཉིད་དང་། ཇི་

ཙམ་དུ་གསུང་བར་བྱ་བ་གསུང་བ་ཉིད་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཉིད་དོ། །དེ་ལྟར་ན་རྣམ་གྲངས་གཉིས་པས་ནི་གསུང་བ་ཉིད་ཕུན་སུམ་ཚོགས་པས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། སྒྲུབ་པ་ཉིད་ཕུན་སུམ་ཚོགས་པས་ནི་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་རྒྱས་པར་

เล่ม ๑๓๗ · หน้า 156a

འབྱུང་བ་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་དེ་ནིའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྟེ། འདིས་ནི་ཇི་ལྟ་བ་བཞིན་དུ་གསུང་པ་ཉིད་དང་། ཇི་ལྟ་བ་བཞིན་

དུ་སྒྲུབ་པ་ཉིད་རྣམ་པ་གཉི་ག་ཡང་ཡིན་པར་བསྟན་པར་བྱའོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་རྣམ་གྲངས་དང་པོས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་དུ་གསུང་བ་ཉིད་མ་ནོར་བ་གསུང་བའི་ཕྱིར་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་འདིས་སྟོན་པར་བྱེད་དོ། །ཇི་ལྟ་ཞེ་ན།

དེ་བཞིན་ཏེ། མ་ནོར་བར་གསུངས་པས་ན་དེ་བཞིན་གཤེགས་པ་སྟེ། དེའི་ཕྱིར་ངེས་པའི་ཚིག་གི་ཚུལ་གྱིས་ན་ཡི་གེ་གཤེགས་པ་ཞེས་བྱ་བ་གསུང་པར་སྒྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་མདོ་ལས་གསུངས་པའི་ཕྱིར་ཏེ། མདོ་ལས་གསུངས་པ་ནི་རྒྱས་པར་གསུངས་ནས་

དགེ་སློང་དག་བྱང་ཆུབ་སེམས་དཔའ་མཚན་མོ་གང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དེ་བཞིན་གཤེགས་པ་མཚན་མོ་གང་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་

འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་གང་ཆུང་ཟད་བསྟན་པ་དང་གསུངས་པ་དང་བཤད་པ་དང་རབ་ཏུ་བཤད་པ་དེ་ཐམས་ཅད་ནི་དེ་བཞིན་ཉིད་དང་། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཡང་དག་པ་དང་། བདེན་པ་དང་། དེ་ཁོ་ན་ཉིད་དང་། མ་ལོག་པ་ཇི་ལྟ་བ་བཞིན་དང་།

ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་སོ། །དགྲ་བཅོམ་པ་ཞེས་བྱ་བ་ཞེས་པས་ཀྱང་སྤངས་པ་ཕུན་སུམ་ཚོགས་པས་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ཉིད་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་སྟོན་པར་བྱེད་དོ། །ཡང་དག་པར་རྫོགས་པའི་

སངས་རྒྱས་ཞེས་བྱ་བ་འདིས་ཀྱང་ཡེ་ཤེས་ཕུན་སུམ་ཚོགས་པས་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ཉིད་སྟོན་ཏོ། །རྣམ་གྲངས་གཉིས་པས་ཀྱང་མ་ནོར་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། ཇི་ཙམ་དུ་གསུང་པར་བྱ་བ་གསུང་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཉིད་ཀྱིས་སྟོན་

เล่ม ๑๓๗ · หน้า 156b

པ་ཉིད་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱིས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་འདི་དང་། དགྲ་བཅོམ་པ་ཞེས་བྱ་བ་འདི་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ། །གང་གིས་ཞེས་བྱ་བ་

རྒྱས་པར་འབྱུང་ལ། གང་གིས་གཤེགས་པ་ཞེས་བྱ་བ་ནི་ལམ་གང་གིས་གཤེགས་པ་སྟེ། རིག་པ་དང་ཞབས་སུ་ལྡན་པ་ཉིད་ཀྱིས་སོ། །དེ་ནི་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །ལམ་གྱི་ཡན་ལག་ལྷག་མ་དག་ནི་ཡང་དག་པའི་

རྟོག་པ་ལ་སོགས་པའོ། །དེའི་ཞབས་ནི་ཞེས་བྱ་བ་ནི་ཤེས་རབ་དེའི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་

པ་གསུམ་པོ་འདི་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཐ་ཚིག་འདིས་སོ། །ཤེས་རབ་སྔར་སྨོས་པ་ཇི་ལྟར་ཞེ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་སྟེ། རིག་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་པའི་ཤེས་རབ་

ཡིན་ནོ། །དེའི་དབང་གིས་ཚུལ་ཁྲིམས་ལ་སོགས་པ་རྩོམ་པ་རྣམ་པར་དག་པའི་ཕྱིར་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་གིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྩོམ་པ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་

ཡང་མི་སློབ་པའི་རིག་པ་གསུམ་དག་ནི་རིག་པ་ཞེས་བྱ་བ་སྟེ། གསུམ་གང་ཞེ་ན། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་

བྱ་བའི་མངོན་པར་ཤེས་པ་སྟེ། དེ་དག་ནི་མི་སློབ་པའི་རིག་པ་གསུམ་དག་གོ། །ཞབས་ནི་ཚུལ་ཁྲིམས་ནས་བཟུང་ནས་མངོན་པར་ཤེས་པ་གསུམ་པོའི་བར་དག་སྟེ་ཞེས་བྱ་བ་ལ། ཇི་ལྟར་ན་ཚུལ་ཁྲིམས་ནས་བཟུང་ནས་ཤེ་ན། །ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་

เล่ม ๑๓๗ · หน้า 157a

པ་ཉིད་དང་ཤེས་བཞིན་དུ་གནས་པ་ཉིད་དང་། གནས་མལ་དབེན་པར་གནས་པ་དང་། བསམ་གཏན་བཞི་དང་། མངོན་པར་ཤེས་པ་གསུམ་པོ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་

བའི་མངོན་པར་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་རིག་པ་གསུམ་པོའི་ཚོགས་ཚུལ་ཁྲིམས་ནས་བཟུང་ནས་མངོན་པར་ཤེས་པ་གསུམ་པོའི་བར་དག་གི་

ཚོགས་དང་བཅས་པ་ཇི་སྐད་དུ་བཤད་པ་རྣམས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་བརྙེས་པར་བསྟན་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཚིག་འདིས་སོ། །ཇི་ལྟར་གཤེགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྟོན་པ་ཉིད་ཕུན་སུམ་ཚོགས་པར་

རྣམ་པ་གང་གིས་གཤེགས་པ་ནི་ཇི་ལྟར་གཤེགས་པ་སྟེ། གང་དུ་ཕྱིར་མི་ལྡོག་པར་གཤེགས་པ་དང་། ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཞེས་བྱ་བར་སྦྱར་རོ། །ཉན་ཐོས་དང་རང་སངས་རྒྱས་གཉིས་ལ་ནི་བགྲོད་པར་བྱ་བ་སྟེ། ཐོབ་པར་བྱ་བ་ཡང་ཡོད་དེ། ཉན་

ཐོས་ལ་ནི་རང་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཡོད་ལ། རང་སངས་རྒྱས་ལ་ཡང་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཡོད་ཀྱི། སངས་རྒྱས་ཉིད་དུ་གྱུར་ནས་ནི་ཐོབ་པར་བྱ་བ་དང་རྟོགས་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཡིན་

ནོ། །ཡང་ན་ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཞེས་བྱ་བ་ནི་ཇི་ཙམ་དུ་ཐུགས་སུ་ཆུད་པར་བྱ་བ་དང་། ཐོབ་པར་བྱ་བར་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་དང་རང་སངས་རྒྱས་ནི་ཇི་ཙམ་དུ་བགྲོད་པར་བྱ་བར་མ་སོན་ཅིང་། ཇི་ཙམ་དུ་རྟོགས་པར་བྱ་བ་དང་། ཐོབ་

པར་བྱ་བར་མ་སོན་ཏོ། །དེས་ན་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། ཕྱི་རོལ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། དེ་དག་ནི་ཕྱིར་ལྡོག་པ་ཅན་ཡིན་ནོ། །ཕྱི་རོལ་པའི་

เล่ม ๑๓๗ · หน้า 157b

འདོད་ཆགས་དང་བྲལ་བ་དེ་ལས་གཞན་པ་དགྲ་བཅོམ་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་སྟེ། དེ་དག་ནི་གལ་ཏེ་ཕྱིར་མི་ལྡོག་པ་ཡིན་ཡང་སངས་རྒྱས་ཀྱི་ཡོན་ཏན་རབ་དང་ཕུལ་མ་ཐོབ་ཅིང་ཇི་ཙམ་དུ་བགྲོད་པར་བྱ་བར་མ་སོན་པ་དག་ཡིན་ནོ། །གདུལ་

བ་གདུལ་བ་ཡང་སྟོན་པ་ཉིད་ཀྱི་ཕྲིན་ལས་གཉིས་པ་ཡིན་ཏེ། རྒྱུ་དེས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །བླ་ན་མེད་པ་ཉིད་ཀྱང་སྐྱེས་བུ་འདུལ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆུ་ཀླུང་འོད་སྲུངས་ལ་སོགས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་

གི་ཤས་ཆེ་བའི་ཕྱིར་གདུལ་དཀའ་བ་དེ་དག་ཀྱང་གོ་རིམས་བཞིན་དུ་འདུལ་བའི་ཕྱིར་བླ་ན་མེད་པའོ། །གཞན་ཡང་གཏན་དུ་མ་ཡིན་པ་ཇི་སྲིད་ཀྱི་དུས་ཀྱི་བླ་ན་མེད་པའི་ཆེད་དུ་ཐབས་དཀའ་བ་ཁ་ན་མ་ཐོ་བས་གདུལ་དཀའ་བ་རྣམས་འདུལ་བར་བྱེད་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་

འདས་ནི་ཐབས་སླ་བ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ནི་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བའོ། །རྒྱས་པ་ནི་ཚིག་དགུ་པོ་དག་གིས་ཇི་སྐད་གསུངས་པ་ལྟ་བུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བའོ། །ངེས་པའི་ཚིག་གི་ཚུལ་གྱིས་ན་ཤེས་བྱ་ཐམས་ཅད་

ཐུགས་སུ་ཆུད་པའི་ཕྱིར་ན་སངས་རྒྱས་སོ། །བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །སྨྲས་པ། ཚིག་ཐམས་ཅད་ཀྱི་དོན་ནི་བཤད་ན་འདི་ལྟར་ཡང་ཞེས་བྱ་བ་འདིའི་དོན་ནི་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་

རྗེས་སུ་དྲན་པ་ལྟར་ཏེ། ཇི་ལྟར་ཞེ་ན། རྒྱས་པར་ཇི་སྐད་དུ་གསུངས་པ། འདི་ལྟར་ཡང་སྟེ་འདི་ལྟར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་དེའི་ཚེ་ང་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་

เล่ม ๑๓๗ · หน้า 158a

བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ཚོགས་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་། བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བ་དང་། སེམས་ཕྱིན་ཅི་མ་ལོག་པ་ལན་མང་དུ་གནས་ཤིང་། དེའི་ཚེ་བདག་

ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཁྱད་པར་སྟོན་ཏོ། །དེ་ལས་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལས་སོ། །རྣམ་པར་གྲོལ་

བ་ལ་སོགས་པས་སྟོན་ཏོ་ཞེས་བྱ་བ་ནི་གྲོལ་བ་ཉིད་ཀྱང་ངེས་པར་འབྱུང་བ་ཉིད་དང་། བྲལ་བ་ཉིད་དང་། རབ་ཏུ་རྣམ་པར་གྲོལ་བ་ཉིད་ཀྱིས་སོ། །དེ་ལས་གཞན་པ་ཉིད་ཅེས་བྱ་བ་ནི་ལྷ་གཙོ་བོ་བདུད་དང་ཚངས་པ་རྣམས་དང་མི་གཙོ་བོ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལས་གཞན་པ་ལྷ་

དང་མི་རྣམས་དང་བཅས་པའི་སྐྱེ་དགུ་གང་ཡིན་པ་དེ་ནི་ལྷ་དང་མིའི་གཙོ་བོ་མ་ཡིན་པ་རྣམས་སོ། །བག་ལ་ཉལ་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་ས་བོན་མ་བཏོན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་རྣམ་པར་གྲོལ་བ་དག་གི་ངེས་པའི་ཚིག་ནི་སླར་

འོང་བ་དང་བྲལ་བར་འགྲོལ་བ་ནི་རབ་ཏུ་རྣམ་པར་གྲོལ་བ་དག་ཡིན་པས་སོ་ཞེས་བྱ་བ་གསུངས་པའོ། །དེ་དག་དང་ཆོས་མི་མཐུན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྲོལ་བ་དང་། ངེས་པར་འབྱུང་བ་དང་དེ་དག་

དང་ཆོས་མི་མཐུན་པས་ན་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་གྲོལ་བ་ལ་སོགས་པ་ཉིད་སྟོན་པར་མཛད་པ་ནི་གྲོལ་བ་དང་། ངེས་པར་འབྱུང་བ་དང་། བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བའོ། །དགྲ་བཅོམ་པ་དང་། ཆོས་མི་མཐུན་པས་ནི་མ་ཡིན་ཏེ། དེ་དང་རྣམ་པར་གྲོལ་བ་ཐུན་

མོང་ཡིན་པའི་ཕྱིར་རོ། །ས་དེ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ས་དེ་དག་ལ་ཡོད་པའི་ས་དེ་དག་ནི་ས་དེ་པའོ། །དེ་དག་ནི་ས་དེ་པ་དག་ཀྱང་ཡིན་ལ་ཉོན་མོངས་པ་དག་ཀྱང་ཡིན་པས་ས་དེ་པའི་ཉོན་མོངས་པའོ། །ས་དེ་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ནས་དཀྲིས་པ་སྟེ་

เล่ม ๑๓๗ · หน้า 158b

མངོན་དུ་གྱུར་པ་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའོ། །དེ་ཉིད་འཆིང་བ་ཡིན་པས་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བའོ། །དེ་ཆད་པ་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་ཆད་པ་སྟེ། དེ་ལས་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་

པའི་འཆིང་བ་ཆད་པ་ལས་སོ། །ས་དེ་པའི་བཙོན་ར་ནས་ཞེས་བྱ་བ་ནི་སྐྱེ་བ་དེའི་གནས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་སྦྱོར་བ་གསུམ་རྣམས་ཀྱིས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་ཀྱིས་སོ། །རྣམ་

པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་པ་ནི་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །སྡུག་བསྔལ་ལས་ཀྱང་རབ་ཏུ་རྣམ་པར་མ་གྲོལ་བ་དག་ཡིན་པ་ནི་ཡང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཡང་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྔ་

མ་བཞིན་ནོ། །འདི་ལྟར་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཤིན་ཏུ་བཞེད་པའི་རྣམ་གྲངས་གསུངས་པ་ཡིན་ནོ། །བག་ལ་ཉལ་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་དེ་པའི་ཉོན་མོངས་པའི་ས་བོན་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱིས་

ཉིད་ཀྱི་རྣམ་པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་དོ། །དེ་དག་ནི་སོ་སོའི་སྐྱེ་བོ་ལ་སོགས་པའོ། །དེ་མི་མངའ་བའི་ཕྱིར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་མི་མངའ་བའི་ཕྱིར་ཏེ། སེམས་ཕྱིན་ཅི་མ་ལོག་པས་ལན་མང་དུ་གནས་པ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པ་ལས་ཞེས་བྱ་བ་ནི་ཉོན་མོངས་

པ་ཉིད་སྒྲིབ་པ་ཡིན་པས་ན་ཉོན་མོངས་པའི་སྒྲིབ་པ་སྟེ། དེ་ལས་སོ། །རྣམ་པར་གྲོལ་བ་དེ་ཁོ་ན་མཁྱེན་པས་འདོད་ཆགས་ལ་སོགས་པ་བསལ་བས་ཐུགས་དྲི་མ་མེད་པ་ཉིད་དོ། །ཤེས་བྱའི་སྒྲིབ་པ་ལས་ཞེས་བྱ་བ་ནི་ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་སྟེ། དེ་ཡང་ཡེ་ཤེས་

དམ་པ་སྐྱེ་བའི་བགེགས་ཏེ། གནས་ངན་ལེན་དང་སེམས་ལས་སུ་མི་རུང་བ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་སོ། །ཐུགས་སུ་ཆུད་པར་མཁྱེན་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་བདག་ཉིད་དུ་མཁྱེན་པས་མཁྱེན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། རྟོག་གེ་པའི་ཤེས་པས་ཀྱང་མ་ཡིན་ལ་

เล่ม ๑๓๗ · หน้า 159a

གཞན་ལ་ཐོས་པས་ཀྱང་མ་ཡིན་ནོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འབྱུང་བ་ནི་རྒྱས་པར་གསུངས་ནས། བཙུན་པ་བཅོམ་ལྡན་འདས་ནི་མ་དུལ་བ་རྣམས་དུལ་བར་མཛད་པ། མ་ཞི་བ་རྣམས་ཞི་བར་མཛད་པ། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་

པར་མཛད་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཞི་བར་མཛད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྙོམས་པར་འཇུག་པའི་བདེ་བར་གནས་པ་ནི་སྙོམས་པར་འཇུག་པའི་བདེ་བར་གནས་པའོ། །ཞི་བ་

ཡང་ཡིན་ལ་སྙོམས་པར་འཇུག་པའི་བདེ་བར་གནས་པ་ཡང་ཡིན་པས་ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་སྟེ། དེ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་དག་ནི་བསམ་གཏན་དང་། གཟུགས་མེད་པ་དག་གོ། །དེ་གཉིས་དང་ལྡན་པའི་ཕྱིར་

ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་། ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་གཞན་ལས་ཐུགས་དུལ་བ་དང་རྣམ་པར་ཞི་བ་དང་རྣམ་པར་ཞི་བ་མཆོག་དང་ལྡན་པ་ཞེས་གསུངས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་

ལྡན་པའི་ཕྱིར་ཐུགས་དུལ་བ་མཆོག་དང་ལྡན་པ་ཡིན་ལ། ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་དང་ལྡན་པའི་ཕྱིར་རྣམ་པར་ཞི་བ་མཆོག་དང་ལྡན་པ་ཡིན་ནོ། །མདོར་ན་ནི་དུལ་བ་དང་དུལ་བའི་ཕན་ཡོན་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་མ་དུལ་བ་

རྣམས་དུལ་བར་མཛད་པ་ཞེས་བྱ་བའི་ཚིག་འདིས་ནི་དུལ་བ་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་ལ། ལྷག་མ་གསུམ་པོ་དག་གིས་ནི་དུལ་བའི་ཕན་ཡོན་ལ་སྟེ། དུལ་བའི་ཕན་ཡོན་ནི་མཐོང་བའི་ཆོས་ལ་ཞི་བའི་བདེ་བར་གནས་པ་སྟེ། མ་ཞི་བ་རྣམས་ཞི་བར་མཛད་པ་ཞེས་བྱ་བའི་

ཚིག་འདིས་བསྟན་ཏོ། །ཚེ་ཕྱི་མ་ལ་ངན་སོང་དང་ཡང་སྲིད་པ་མི་འབྱུང་བ་ནི་ཚིག་གཉིས་ཀྱིས་བསྟན་པ་ཡིན་ཏེ། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པར་མཛད་པ་ཞེས་བྱ་བའི་ཚིག་འདིས་ནི་ཚེ་ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་མི་འབྱུང་བ་བསྟན་ཏོ། །ཡོངས་སུ་མྱ་ངན་ལས་

เล่ม ๑๓๗ · หน้า 159b

འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ཞེས་བྱ་བ་འདིས་ནི་ཚེ་ཕྱི་མ་ལ་ཡང་སྲིད་པ་མི་འབྱུང་བ་བསྟན་ཏོ། །གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་བྱ་བ་ནི་ཉོན་མོངས་པ་རྣམས་ལས་གྲོལ་བར་མཛད་པའི་ཕྱིར་མ་དུལ་བ་རྣམས་དུལ་བར་མཛད་པའོ། །སྡུག་བསྔལ་ལས་

གྲོལ་བར་མཛད་པའི་ཕྱིར་མ་ཞི་བ་རྣམས་ཞི་བར་མཛད་པའོ། །ཉོན་མོངས་པ་རྣམས་དང་སྡུག་བསྔལ་ལས་གཏན་དུ་གྲོལ་བར་མཛད་པའི་ཕྱིར་དབུགས་མ་འབྱིན་པ་རྣམས་དབུགས་ཕྱིན་པར་མཛད་པའོ། །དེ་རྣམས་ཉིད་ལས་མ་ལུས་པར་གྲོལ་བར་མཛད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་

མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་པའོ། །ཕྱི་རོལ་པ་དག་ནི་གལ་ཏེ་ཉོན་མོངས་པ་རྣམས་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཡང་གཏན་དུ་གྲོལ་བར་བྱེད་པ་དག་མ་ཡིན་ཏེ། དེའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའི་ཕྱིར་དང་། ཡང་

སླར་ལྡོག་པའི་ཕྱིར་རོ། །མ་ལུས་པར་གྲོལ་བར་བྱེད་པ་དག་ཀྱང་མ་ཡིན་ཏེ། སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ནི་དེའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རོ། །ལུས་ངག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུས་དང་ངག་དང་དབང་པོ་དུལ་བ་ལ་འཇོག་པར་མཛད་པའི་ཕྱིར་ཏེ། ཚུལ་

ཁྲིམས་ཀྱི་ཕུང་པོ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་ལ་འཇོག་པར་མཛད་པའི་ཕྱིར་དང་། བདེན་པ་མཐོང་བ་ལ་འཇོག་པར་མཛད་པའི་ཕྱིར་ནི་འཕགས་པའི་བདེན་པ་མཐོང་བ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཟད་པ་ལ་འཇོག་

པར་མཛད་པའི་ཕྱིར་ནི་མྱ་ངན་ལས་འདས་པ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་མཛད་ལ་སོགས་ཉིད་རིག་བྱ། །ཞེས་བྱ་བ་ནི་མ་དུལ་བ་རྣམས་དུལ་བར་མཛད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྣམ་པ་གང་གིས་རིག་

བར་བྱ་ཞེ་ན། ནྱ་གྲོ་དྷའི་མདོ་བཞིན་ཏེ། ཇི་ལྟར་ནྱ་གྲོ་དྷའི་མདོ་ལས་འབྱུང་བ་ལྟ་བུའོ། །ཇི་ལྟར་ཞེ་ན། དེ་ལས་རྒྱས་པར་གསུངས་ནས། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་དང་སྤྱོད་ལམ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནས་བཟུང་

เล่ม ๑๓๗ · หน้า 160a

ནས། དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པ་དང་། དབང་པོའི་སྒོ་བསྡམས་པ་འདིས་ཞེས་བྱ་བའི་བར་དུ་འབྱུང་བས་ལུས་དང་ངག་དང་དབང་པོ་དུལ་བ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་མ་དུལ་བ་རྣམས་དུལ་བར་མཛད་པའོ། །འགྲོ་

བ་དང་ལྡོག་པ་ལ་ཤེས་བཞིན་དུ་གནས་པ་ཡིན། མདུན་དུ་བལྟ་བ་དང་། གཡས་གཡོན་དུ་བལྟ་བ་ནས་བཟུང་ནས། བསམ་གཏན་བཞི་པ་ཉེ་བར་རྫོགས་པར་བྱས་ཏེ་གནས་ཞེས་བྱ་བའི་བར་དུ་འབྱུང་བས་བསམ་གཏན་ལ་འཇོག་པར་མཛད་པར་རིག་པར་བྱའོ། །དེའི་ཕྱིར་མ་ཞི་བ་རྣམས་ཞི་

བར་མཛད་པའོ། །དེ་ལྟར་སེམས་མཉམ་པར་བཞག་ཅིང་ཡོངས་སུ་དག་སྟེ་ཡོངས་སུ་བྱང་ན་ཞེས་བྱ་བ་ནས་བཟུང་ནས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འདི་ནི་སྡུག་བསྔལ་འགོག་པ། འདི་ནི་

སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་འབྱུང་བས་བདེན་པ་མཐོང་བ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པར་མཛད་པ་སྟེ། ངན་འགྲོའི་

འཇིགས་པ་སེལ་བར་མཛད་པའི་ཕྱིར་རོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནས་བཟུང་ནས། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་ཡེ་ཤེས་མཐོང་བ་འབྱུང་སྟེ། བདག་

གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུ་འབྱུང་བས་སྤངས་པ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་

པའོ། །དེ་ལ་བསམ་གཏན་ནི་ཤེས་བཞིན་དུ་གནས་པ་ནས་བཟུང་ནས་ཞེས་བྱ་བ་ནི་ཤེས་བཞིན་པར་གནས་པ་ནི་ཤེས་བཞིན་དུ་གནས་པ་སྟེ། དེ་ནས་ཡིན་པས་ན་ཤེས་བཞིན་དུ་གནས་པ་ནས་བཟུང་ནས་སོ། །ཇི་ལྟར་ཞེ་ན། དབང་པོའི་སྒོ་བསྡམས་པ་འདིས་འགྲོ་བ་དང་ལྡོག་པ་ལས་ཤེས་

เล่ม ๑๓๗ · หน้า 160b

བཞིན་དུ་གནས་པ་ཡིན་ཞེས་བྱ་བ་འདི་ནས་བཟུང་ནས་བསམ་གཏན་བཞི་དག་གི་བར་དག་ཡིན་པར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྦྱོར་བ་དང་བཅས་པས་བཟུང་བའི་ཕྱིར་ཏེ། འདི་ལྟར་ཤེས་བཞིན་དུ་གནས་པ་ཡིན་ཞིང་གཡས་གཡོན་དུ་ལྟ་བ་དང་རྣམ་པར་ལྟ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་

སྦྱོར་བ་དང་བཅས་པའི་བསམ་གཏན་ནི་བསམ་གཏན་དག་ཏུ་བཟུང་བ་ཡིན་ནོ། །དབུགས་ཕྱིན་པ་དང་། དབུགས་མཆོག་ཏུ་ཕྱིན་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ། དབུགས་ཕྱིན་པ་ནི་ཀུན་དུ་སྦྱོར་བ་གསུམ་པོ་དག་སྤངས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་སྟེ། མདོ་

ལས་ཇི་སྐད་འབྱུང་བ་བཞིན་ནོ། །དབུགས་མཆོག་ཏུ་ཕྱིན་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ཉིད་ཀྱིས་བསིལ་བར་གྱུར་པ་དང་། མཆོག་ཏུ་བསིལ་བར་གྱུར་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་དག་

པ་དེ་ཉིད་ཀྱིས་བསིལ་བར་གྱུར་པ་ཕྱིར་མི་འོང་བའི་འབྲས་བུ་ལ། རབ་ཏུ་འཇོག་པར་མཛད་པའི་ཕྱིར་དང་། ཤེས་རབ་རྣམ་པར་དག་པ་དེ་ཉིད་ཀྱིས་མཆོག་ཏུ་བསིལ་བར་གྱུར་པ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་འབྲས་བུ་འདི་གཉི་ག་ཡང་བསིལ་བར་གྱུར་པ་དང་།

མཆོག་ཏུ་བསིལ་བར་གྱུར་པ་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །རྒྱུ་དང་བཅས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུ་དང་བཅས་པ་ནི་རྒྱུ་དང་བཅས་པ་སྟེ། རྒྱུ་ནི་དབང་པོ་དུལ་བའོ། །བསླབ་པ་གསུམ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ་བསླབ་པ་གསུམ་ནི་ལྷག་པའི་ཚུལ་

ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་སྟེ། དེ་ཡོངས་སུ་རྫོགས་པ་ལ་རབ་ཏུ་རྫོགས་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་བཞི་པ་ལས་འབྱུང་བ་ནི་དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ལམ་སྟོན་པ། ལམ་གསུངས་པ་ལམ་

ཡོངས་སུ་འདྲེན་པ་ལགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཚིག་དང་པོ་གཉིས་པོ་ལམ་མཁྱེན་པ་དང་། ལམ་ཐུགས་སུ་ཆུད་པ་ཞེས་བྱ་བ་གཉིས་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །ལྷག་མ་གསུམ་དག་གིས་ནི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་

เล่ม ๑๓๗ · หน้า 161a

ཡོངས་སུ་བསྟན་ཏོ། །ལམ་དང་ལམ་མ་ཡིན་པ་གཉིས་མཁྱེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་མཁྱེན་པའི་ཕྱིར་དང་། ལམ་མ་ཡིན་པ་མཁྱེན་པའི་ཕྱིར། ལམ་དང་ལམ་མ་ཡིན་པ་གཉིས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་

ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ། །རྣམ་གྲངས་གཉིས་པར་ལམ་ཡོངས་སུ་འདྲེན་པ་ཞེས་བྱ་བའི་ཚིག་འདིའི་དོན་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་གྲངས་གཉིས་པར་ཡང་འདི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་ཁོ་ནར་འཆད་པས་རྣམ་པར་བཤད་པ་གཅིག་ཅིག་མཛད་

དོ། །འཇིག་ཚོགས་ཀུན་འབྱུང་བ་དང་། འགོག་པར་འགྱུར་བ་གཉིས་ཀྱི་སྒྲུབ་པ་གཉིས་ཞེས་བྱ་བ་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་དང་། འཇིག་ཚོགས་འགོག་པར་འགྱུར་བའི་ལམ་མོ། །དེ་ལ་འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་སྡུག་བསྔལ་

ཡིན་ནོ། །འཇིག་ཚོགས་དེ་ཀུན་འབྱུང་བ་ན་སྐྱེ་བ་ཡིན་པས་འཇིག་ཚོགས་ཀུན་འབྱུང་བ་ཡིན་ནོ། །འདི་ལ་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ངང་ཚུལ་ཡོད་པས་འདི་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའོ། །འདི་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བ་ཡང་ཡིན་ལ་སྒྲུབ་པ་

ཡང་ཡིན་པས་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ཕྱིར་རོ། །འདིས་སྒྲུབ་པར་བྱེད་པས་སྒྲུབ་པ་ལམ་ཡིན་ཏེ། སྲིད་པའི་མཚན་ཉིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་ནོ། །འཇིག་ཚོགས་འགོག་པར་གྱུར་པའི་སྒྲུབ་པ་ཡང་དེ་བཞིན་ཏེ། དེ་ཡང་འཕགས་པའི་ལམ་ཡན་

ལག་བརྒྱད་པ་ཡིན་ནོ། །སྒྲུབ་པ་དེ་གཉིས་ཡོངས་སུ་མཁྱེན་པའི་ཕྱིར་དང་། ཐུགས་སུ་ཆུད་པའི་ཕྱིར་དང་། ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་མཁྱེན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་གོ་རིམས་བཞིན་ནོ། །ཇི་ལྟར་ཞེ་ན། འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་ཡོངས་

སུ་མཁྱེན་པའི་ཕྱིར་ལམ་མཁྱེན་པའོ། །འཇིག་ཚོགས་འགོག་པར་འགྱུར་བའི་སྒྲུབ་པ་ཐུགས་སུ་ཆུད་པའི་ཕྱིར་མངོན་སུམ་དུ་མཛད་པ་བརྙེས་པའི་ཕྱིར་ལམ་ཐུགས་སུ་ཆུད་པ་སྟེ། ཐུགས་སུ་ཆུད་པ་ནི་བརྙེས་པའི་དོན་ཡིན་པའི་ཕྱིར་རོ། །སྒྲུབ་པ་དེ་གཉིས་གོ་རིམས་བཞིན་དུ་ཡང་དག་པར་

เล่ม ๑๓๗ · หน้า 161b

རབ་ཏུ་སྟོན་པའི་ཕྱིར་ཏེ། འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་སྟོན་པའོ། །འཇིག་ཚོགས་འགོག་པར་འགྱུར་བའི་སྒྲུབ་པ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་གསུང་བའོ། །ལམ་ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་མཐར་ཐུག་པར་འདྲེན་

པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། ལམ་གྱི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་ལམ་གྱི་མཐར་ཐུག་པར་འདྲེན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱི་སྦྱོར་བ་ནས་བརྩམས་ནས་མི་སློབ་པའི་ལམ་གྱི་ཁྱད་པར་རོ། །ལམ་ཉིད་དུ་ཐུགས་སུ་

ཆུད་པས་ན་ལམ་ཐུགས་སུ་ཆུད་པའོ་ཞེས་བྱ་བ་ལ། ལམ་མོ་སྙམ་པ་ནི་ལམ་ཉིད་དུ་སྟེ། དེ་བརྙེས་པས་ན་ལམ་འདི་ཁོ་ན་ཡིན་ནོ་ཞེས་དེ་ལྟར་ཐུགས་སུ་ཆུད་པ་སྟེ། དང་པོས་ནི་མཁྱེན་པ་འགའ་ཞིག་ཏུ་ཟད་ཀྱི་ལམ་མོ་སྙམ་དུ་མཁྱེན་པ་ནི་མ་ཡིན་ནོ། །བསམ་པ་ཡོངས་སུ་སྨིན་པ་རྣམས་ལ་

ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ལའོ། །རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པས་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་འབྱུང་བའི་རྒྱུའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡོངས་སུ་སྨིན་པར་

མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་འབྱུང་བ་དང་རྗེས་སུ་མཐུན་པར་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་འགྲོ་བའི་བར་དུ་གཅོད་པ་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ནས་འགྲོ་བའི་བར་དུ་གཅོད་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་སེལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མདོ་སྡེ་

དུམ་བུ་དང་པོ་ལས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ་དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱའོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ཏེ། དུས་ཆད་པ་མེད་པ་

ཞེས་བྱ་བ་ནི་དུས་ངེས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མཐོང་བ་རྣམས་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་མཐོང་བ་ནི་ཆོས་འདི་པ་རྣམས་སོ། །དེ་ལས་བཟློག་པའི་ཕྱིར་ནི་ཕྱིན་ཅི་ལོག་ཏུ་འཆད་པའི་ཕྱིར་དང་། དོན་མ་མཐོང་བའི་ཕྱིར་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་བཟློག་

เล่ม ๑๓๗ · หน้า 162a

པའོ། །ཇི་སྐད་དུ་སངས་རྒྱས་ཀྱི་གསུང་ནི་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་ན་ཡང་བྱ་སླ་བ་ཡིན་ཏེ། དེ་ཡང་ཤེས་རབ་དང་ལྡན་པ་ལ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ཇི་སྐད་དུ། ངའི་ཉན་ཐོས་ཀྱི་དགེ་སློང་གཡོ་མེད་པ་སྒྱུ་མེད་པ་དྲང་པོ་དྲང་པོའི་རང་

བཞིན་ཅན་ཚུར་ཤོག་ཤིག་དང་ངས་དེ་ལ་གདམས་པར་བྱ། ངས་དེ་ལ་རྗེས་སུ་བསྟན་པར་བྱའོ། །ངས་དེ་ལ་ཆོས་བསྟན་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པའོ། །དོན་མ་

མཐོང་བའི་ཕྱིར་ཡང་དག་པར་མཐོང་བ་ཡིན་གྱི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཞིན་ནོ། །ཡང་དག་དོན་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡང་དག་དོན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་སྟེ། ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་རོ། །དོན་ནི་མཐོང་བ་ཡང་འཕགས་

པའི་ལམ་གྱི་ཡན་ལག་བརྒྱད་པོ་སྟེ་དོན་མཐོང་བ་ཉིད་ཀྱི་ཕྱིར་རོ། །གཉེན་པོ་ཡང་དེ་ཉིད་ཡིན་ཏེ་ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གཏན་ཀྱང་དེ་ཉིད་ཡིན་ཏེ། ཡོངས་སུ་མི་ཉམས་པའི་ཕྱིར་རོ། །བག་ལ་ཉལ་མ་ལུས་པའི་ཡང་གཉེན་པོའོ། །འཕགས་པའི་ལམ་གྱི་ཡན་

ལག་བརྒྱད་པོ་སྟེ། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་རོ། །ཐུན་མོང་མིན་དང་རྟོག་གེའི་ཡུལ་མིན་དང་། །ཞེས་བྱ་བ་ལ་ཐུན་མོང་མ་ཡིན་པ་ཡང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །རྟོག་གེ་

པའི་ཡུལ་མ་ཡིན་པ་ཡང་དེ་ཉིད་ཡིན་ཏེ། །བརྟག་མི་ནུས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ལེགས་པར་གསུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ།། །།རྣམ་པར་བཤད་པའི་རིགས་པའི་བཤད་པ་བམ་པོ་གསུམ་པ། རྣམ་གྲངས་གཉིས་པ་ནི་གཞན་ཡང་དེ་ནི་དུས་

ཆད་པ་མེད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དུས་ཆད་པ་མེད་པས་བྱ་སླ་བར་རིག་པར་བྱ་སྟེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡིན་ནོ། །ཚུར་ཤོག་ལྟོས་ཤིག་ཅེས། སློབ་དཔོན་དཔེ་མཁྱུད་བྲལ་བ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་ཉིད་ཡིན་ནོ། །ལྷག་མ་

เล่ม ๑๓๗ · หน้า 162b

སྔ་མ་སྟེ་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །ཡང་དག་པར་མཐོང་བ་ནི་མངོན་སུམ་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་

ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱ་བ། བརྟེན་པ་ཡོད་པ་ཞེས་བྱ་བ་ནི་འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་གང་

ཡིན་པ་དེ་ཡིན་ནོ། །ཉེས་པར་བསྟན་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉེས་པར་གདགས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ནི་འདི་ལྟར་བྱང་ཆུབ་གསུམ་པོ་གང་ཡང་རུང་བ་ནི་ཕྱི་རོལ་པའི་ཆོས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་མི་འགྲོ་

སྟེ། དེའི་ཕྱིར་ངེས་པར་མི་འབྱུང་བ་ཡིན་ནོ། །འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ནི་མ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ནི་དེ་བཞིན་གཤེགས་པ་མ་ཡིན་པ་དང་དགྲ་བཅོམ་པ་མ་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་

རྒྱས་མ་ཡིན་པའོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། བསྟན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་ནི་བསྟན་པའི་ཆོས་ནི་དེ་དག་གི་ཆོས་ཀྱི་བསྟན་བཅོས་གྲངས་ཅན་གྱི་རྣལ་འབྱོར་ཤེས་པ་ལ་སོགས་པ་སྟེ། བསྟན་པའི་ཆོས་དེ་

ནི་ཉེས་པར་བསྟན་པ་ཉིད་ཀྱིས་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་ཏོ། །སྒྲུབ་པའི་ཆོས་ལ་མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི་སྐྱོན་ནི་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། སྒྲུབ་པའི་ཆོས་ཀྱང་དེ་དག་གིས་འཇིག་རྟེན་པའི་ལམ་ཡིན་ཏེ་

ངེས་སོ། །ཉན་པ་པོ་རྣམས་ལ་བློ་དུ་མ་དང་ལྡན་པ་ཉིད་ཀྱི་སྐྱོན་ནི་འདུས་པ་དང་མི་ལྡན་པ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་དེ་དག་ལས་ཁ་ཅིག་ནི་ཐར་པའི་ཐབས་ལ་ཚིག་གི་དོན་དྲུག་ཡོངས་སུ་ཤེས་པ་ལ་སོགས་པའི་བསྟན་བཅོས་ཡིན་ནོ་ཞེས་སྟོན་པར་བྱེད་པས་སོ། །སྟོན་པ་ལ་ཐེ་ཚོམ་

เล่ม ๑๓๗ · หน้า 163a

ཐམས་ཅད་གཅོད་མི་ནུས་པའི་སྐྱོན་ནི་སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལྟར་གཞན་གྱི་བསྟན་བཅོས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ་བཤད་པའི་རྣམ་གྲངས་གཉིས་པོ་དེ་ལྟར་རོ། །འདི་ལས་ཕྱི་

རོལ་པ་གཞན་གྱི་བསྟན་བཅོས་ནི་རྣམ་གྲངས་དང་པོ་ཉེས་པར་བཤད་པ་ཉིད་དང་། ངེས་པར་མི་འབྱུང་བ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །སློབ་མ་རྣམས་ནི་མི་མཐུན་པ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །སྟོན་པ་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །

གཉིས་པས་ཀྱང་གཞན་གྱི་བསྟན་བཅོས་སྐྱོན་དང་ལྡན་པ་ཡིན་ཏེ། འདི་ལྟར། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིག་པའི་ཐབས་མ་ཡིན། །སྔ་མ་ཕྱི་མའི་འགལ་བ་ཡིན་པའི་ཕྱིར་རོ། །སློབ་མ་ཡང་སྐྱོན་དང་ལྡན་པ་ཡིན་ཏེ། འདི་ལྟར་གཞན་གྱི་ཆོས་འདུལ་བ་ལ་དེ་

དག་འདུལ་བར་བྱེད་པའི་ཆོས་འདུལ་བ་དེ་ནི་བསྡུ་བ་བཞིས་སྤངས་པ་ཡིན་ཏེ། བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །བསྡུ་བའི་དངོས་པོ་བཞི་པོ་དེ་དག་ཀྱང་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ་མདོ་ལས་ཇི་སྐད་འབྱུང་བ་

ལྟ་བུའོ། །དེ་བས་ན་དེས་མ་བསྡུས་པའི་ཕྱིར་སྐྱོན་སྟོན་པ་ཡིན་ནོ། །དེ་དག་གི་ཆོས་འདུལ་བ་དེ་ནི་བརྟན་པ་བཞི་དག་གིས་སྤངས་པའི་ཕྱིར་ཡང་དེ་དག་སྐྱོན་དང་ལྡན་པ་ཡིན་ནོ། །བརྟན་པར་བྱ་བ་ནས་བརྟན་པ་སྟེ་རྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་ཆོས་ལ་རྟོན་པ་ཡིན་གྱི་གང་ཟག་ལ་མ་ཡིན་

པ་དང་། དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་གྱི་བཀྲི་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པ་ཡིན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ། །དེའི་ཕྱིར་དེ་ལ་རྟོན་པ་མེད་པའི་ཕྱིར་ལྟ་བ་ཕྱིན་ཅི་ལོག་དེ་ལ་བརྟེན་པས་ན་སློབ་མ་དེ་དག་ནི་སྐྱོན་དང་

ལྡན་པ་ཡིན་ནོ། །གཞན་གྱི་རྟོན་པ་ཡང་སྐྱོན་དང་ལྡན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སྨྲ་བ་ཉིད་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ། །ཆོས་འདུལ་བ་འདི་ནི་དེ་ལས་བཟློག་པས་སྐྱོན་མེད་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་རྣམ་གྲངས་དང་པོ་ལས་ཉེས་པར་བསྟན་པ་ཉིད་ཀྱིས་ཉེས་པར་བཤད་

เล่ม ๑๓๗ · หน้า 163b

པ་ཡིན་ནོ་ཞེས་བྱ་བ་འདི་ལས་བཟློག་པ་ནི་ལེགས་པར་གསུངས་པ་དང་། ལེགས་པར་བསྟན་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ལས་བཟློག་པ་ནི་ངེས་པར་འབྱུང་བ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པའོ། །

འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ཡིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱའོ། །སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་བརྟེན་པ་མེད་པ་ཡིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་བརྟེན་པ་ཡོད་པ་ཞེས་བྱ་བ་དང་། འདི་སྟོན་

པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ་ཞེས་བྱ་བ་འདི་ལས་བཟློག་པ་ནི་མདོར་ན་ཡོན་ཏན་རྣམ་པ་བཞི་བསྟན་པ་ཡིན་ཏེ། བསྟན་པའི་ཆོས་ལ་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཡོན་ཏན་དང་། སྒྲུབ་པའི་ཆོས་

ལ་མྱ་ངན་ལས་འདས་པར་འགྲོ་བ་ཉིད་ཀྱི་ཡོན་ཏན་དང་། ཉན་ཐོས་རྣམས་ལ་བློ་མཐུན་པ་ཉིད་ཀྱི་ཡོན་ཏན་དང་སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོད་པའི་ཡོན་ཏན་ནོ། །དེ་ལྟ་བུ་ནི་རེ་ཞིག་རྣམ་གྲངས་དང་པོ་ལས་བཟློག་པ་ཡིན་ནོ། །གཉིས་པ་ལས་ཀྱང་ཚིག་འབྲུ་བཟང་མིན་ཞེས་བྱ་བ་འདི་ལས་

བཟློག་པ་ནི་ལེགས་པར་གསུངས་པའོ། །དོན་བཟང་མིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་ལེགས་པར་བསྟན་པའོ། །གྲོལ་དང་རིག་པའི་ཐབས་མ་ཡིན། །ཞེས་བྱ་བ་འདི་ལས་བཟློག་པ་ནི་ངེས་པར་འབྱུང་བ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་

བ་ཉིད་དེ་རྣམ་པར་གྲོལ་བ་འདུས་མ་བྱས་སོ། །ཆོས་འདུལ་བ་འདི་ལ་དགོས་པ་ངེས་པར་འབྱུང་བ་དེ་ཡོད་པས་འདི་ནི་ངེས་པར་འབྱུང་བའོ། །དེ་ལྟར་ན་བཟློག་ན་རྣམ་པར་གྲོལ་བའི་ཐབས་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཀྱང་ཟད་པ་མཁྱེན་པ་དང་མི་སྐྱེ་བ་མཁྱེན་པ་ཡིན་ཏེ། དེ་ཉིད་རིག་པ་ཞེས་

བྱའོ། །རྫོགས་པའི་བྱང་ཆུབ་དེར་འགྲོ་བར་བྱེད་པས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་སྟེ། དེ་བཟློག་ན་རིག་པའི་ཐབས་ཀྱང་ཡིན་ནོ། །སྔ་མ་ཕྱི་མ་འགལ་བ་ཡིན། །ཞེས་བྱ་བ་འདི་ལས་བཟློག་པ་ནི་མི་མཐུན་པ་མེད་ཅིང་བློ་གཅིག་པ་ཡིན་པའི་ཕྱིར་རོ། །བསྡུ་བ་བཞི་སྤངས་པ་འདི་ལས་

เล่ม ๑๓๗ · หน้า 164a

བཟློག་པ་ནི་འདུས་པ་དང་ལྡན་པ་ཞེས་བྱའོ། །བརྟན་པ་བཞི་དག་སྤངས་པ་ཞེས་བྱ་བ་འདི་ལས་བཟློག་པ་ནི་བརྟེན་པ་ཡོད་པ་ཞེས་བྱའོ། །སྟོན་པ་བཟློག་པ་ནི་འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཆོས་འདུལ་བ་

ཞེས་བྱ་བའི་དོན་ནི་རིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཆོས་དང་འདུལ་བའི་དོན་བཤད་པ་དེ་ལྟར་རོ། །སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་འདྲེན་པ་ཉིད་ཡིན་པར་བསྟན་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་

ཉིད་ཀྱིས་རིགས་པ་ཡིན་པའི་ཕྱིར་ཆོས་ཞེས་བྱ་བས་སོ། །སྤངས་པ་འདྲེན་པ་ཉིད་ཡིན་པར་བསྟན་པ་ནི་ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བའོ་ཞེས་བྱ་བས་སོ། །མདོ་སྡེ་དུམ་བུ་གསུམ་པ་ལས་འབྱུང་བ་ནི་དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བ། ཕྱེ་བ། རྒྱུ་བ་

བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་ཞེས་བྱ་བ་གང་ཡིན་པ་དེ་ཡིན་པའོ། །རྣམ་པ་དྲུག་གིས་ཆོས་ཀྱི་ཡོན་ཏན་ཡོངས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་ཚུལ་དྲུག་གིས་ཡོངས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འོས་པའི་འདུལ་བ་ལ་བསྟན་པ་ཉིད་

ཅེས་བྱ་བ་ལ་ཇི་ལྟར་འོས་པའི་འདུལ་བ་རྣམས་ལ་བསྟན་པ་ནི་ཇི་ལྟར་འོས་པའི་འདུལ་བ་ལ་བསྟན་པའོ། །དེའི་དངོས་པོ་ཉིད་ནི་དེ་འདོད་ཆགས་སྤྱོད་པ་གང་ཡིན་པ་དེ་ལ་ནི་མི་སྡུག་པ་ཁོ་ན་བསྟན་གྱི། བྱམས་པ་ལ་སོགས་པ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བདེ་བར་

འཇུག་པ་ཉིད་ནི་གསལ་བ་ཉིད་ཀྱིས་ཡིན་ཏེ་གསལ་བ་ཞེས་བྱ་བའོ། །ཕྱེ་བ་ཉིད་ཀྱིས་ཀྱང་བདེ་བར་འཇུག་པ་འདི་ཡིན་པ་ནི་ཕྱེ་བའོ་ཞེས་བྱའོ། །ལྷག་མ་གསུམ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ལྷག་མ་གསུམ་གང་ཞེ་ན། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང་། ཇི་ལྟར་འོས་པ་ལ་

གདུལ་བ་ལ་བསྟན་པ་ཉིད་དང་། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ཀྱིས་ཏེ། ལྷག་མ་འདི་གསུམ་ནི་གོ་རིམས་བཞིན་དུ་ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པ་ལས་རིག་པར་བྱའོ། །ཇི་ལྟར་ཞེ་ན་ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་ནི་ལྷ་དང་མིའི་བར་

เล่ม ๑๓๗ · หน้า 164b

དག་ལ་ཞེས་བྱ་བ་ལས་རིག་པར་བྱ་སྟེ། ཡང་དག་པར་ཤིན་ཏུ་བསྟན་པའི་ཕྱིར་རོ། །ཇི་ལྟར་འོས་པའི་གདུལ་བྱ་ལ་བསྟན་པ་ཉིད་ནི་ཡང་དག་པར་བསྟན་པ་ལས་རིག་པར་བྱའོ། །སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ནི་ཤིན་ཏུ་བསྟན་པ་ལས་རིག་པར་བྱའོ། །དེ་ཉིད་དོན་

ནི་ལེགས་གསུངས་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ཉིད་དོན་ནི་ལེགས་གསུངས་ཕྱིར་ནི་ལེགས་པར་གསུངས་པའོ། །བདེ་བར་འཇུག་ཕྱིར་ནི་གསལ་བ་དང་ཕྱེ་བའོ། །བླ་མེད་ཕྱིར་ནི་རྒྱུ་བ་བཅད་པའོ། །རབ་ཏུ་བཟུང་ཕྱིར་ནི་ལྷ་དང་མིའི་བར་དག་ལའོ། །ཇི་ལྟར་འོས། མ་ལུས་པར་

ནི་བསྟན་ཕྱིར་རོ་ནི་ཡང་དག་པར་ཤིན་ཏུ་བསྟན་པའོ། །འདི་ལས་བཟློག་པའི་ཕྱིར་ཏེ་ཞེས་བྱ་བ་ལ། བཟློག་པ་ནི་ཕྱི་རོལ་པ་དག་གི་ཆོས་ནི་མི་གསལ་བ་དང་། མ་ཕྱེ་བའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་རིགས་པར་

ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་འདིས་སོ། །ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནས་དགེ་སྦྱོང་གི་ཚུལ་བསྟན་པ་ལས་བརྩམས་ནས་ལེགས་

པར་ཞུགས་པ་ཉིད་ཀྱི་བར་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །བརྩམས་ནས་ནི་དབང་དུ་བྱས་ནས་དང་། ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་པའི་ཆོས་ནི་བླ་ན་མེད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་བླ་ན་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །

ངེས་པའི་ཚིག་ཏུ་ན་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ནའོ། །གནས་པར་བྱ་བ་ནི་རྟེན་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པ་ཞེས་བྱ་བ་ནི་ཡང་དག་པའི་རང་བཞིན་དུ་གྱུར་པས་ན་ཡང་དག་པའི་རང་བཞིན་ཡིན་ཏེ་མཐུན་པའོ། །བྱམས་པའི་ལུས་ལ་སོགས་པའི་ལས་ཀྱིས་ཞེས་བྱ་བ་ནི་དགེ་བའི་

ལུས་དང་ངག་དང་ཡིད་ཀྱི་ལུས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པ་ཉིད་ཀྱིས་ཀྱང་ཡང་དག་པའི་རང་བཞིན་ནོ། །དེ་ལ་ལོངས་སྤྱོད་མཐུན་པ་ཉིད་ནི་ཟང་ཟིང་ངོ་། །ཚུལ་ཁྲིམས་མཐུན་པ་ཉིད་ནི་ཚུལ་ཁྲིམས་སོ། །ལྟ་བ་མཐུན་པ་ཉིད་ནི་ལྟ་བའོ། །རྣམ་གྲངས་

เล่ม ๑๓๗ · หน้า 165a

གཞན་ཡང་དོན་གྱི་མཆོག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་དོན་གྱི་མཆོག་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་པ་ནི་རིགས་པར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་

ཉིད་དུ་སྟོན་པ་ནི་དྲང་པོར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཐ་མི་དད་པར་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་པ་ནི་མཐུན་པར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཇི་ལྟར་རྗེས་སུ་བསྟན་པ་བཞིན་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་

པ་ཉིད་དུ་སྟོན་པ་ནི་ཆོས་དང་རྗེས་སུ་མཐུན་པར་སྤྱོད་པ་ཞེས་བྱ་བའི་ཚིག་འདིས་སོ། །དགེ་སློང་གང་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན། ཁོང་མྱགས་པ། འཛག་པ། ཤིང་རུལ་ལྟ་བུ། བོང་བུ་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་

པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་དེ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །སྡིག་པའི་ཆོས་ཅན་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུད་གཟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྲེལ་མེད་པ་ནི་སྡིག་པ་ཡིན་པས་སོ། །དེ་ཀུན་དུ་སྤྱོད་པ་མི་སྤོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་

སྡིག་པ་ཀུན་དུ་སྤྱོད་པ་མི་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་རུལ་ནི་ཤིང་རུལ་པའོ། །ཇི་སྐད་དུ་ལུང་བོང་གི་མདོ་ལས་གསུངས་པ་ལྟ་བུ་ནི་དགེ་སློང་དག་དཔེར་ན་ལུང་བོང་ནི་བ་ལང་གི་ཚོགས་ཆེན་པོའི་ཕྱི་བཞིན་འབྲང་ཞིང་ང་ཡང་བ་ལང་ཡིན་ནོ། །ང་ཡང་བ་ལང་ཡིན་ནོ་

སྙམ་མོད་ཀྱི། དེ་ལ་ཇི་ལྟར་བ་ལང་ལྟ་བུའི་ཆུ་ཞེང་གབ་པ་མེད་ཅིང་། ཇི་ལྟར་བ་ལང་ལྟ་བུའི་ཁ་དོག་བཟང་པོ་ཡང་མེད་ལ། ཇི་ལྟར་བ་ལང་ལྟ་བུའི་སྐད་ཀྱི་ང་རོ་ཡང་མེད་དོ། །དགེ་སློང་དག་དེ་བཞིན་དུ་འདི་ན་སྐྱེས་བུ་གཏི་མུག་ཅན་ཁ་ཅིག་དགེ་སློང་གི་དགེ་འདུན་ཆེན་པོའི་ཕྱི་བཞིན་འབྲང་

ཞིང་ང་ཡང་དགེ་སློང་ངོ་། །ང་ཡང་དགེ་སློང་ངོ་སྙམ་མོད་ཀྱི། དེ་ནི་དུས་དུས་སུ་མོས་པ་རྒྱ་ཆེན་པོ་ཡང་མེད་ཅིང་། དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་མི་སློབ་བོ། །དགེ་སློང་དག་གཞན་ཡང་སྐྱེས་བུ་གཏི་མུག་ཅན་དེ་

เล่ม ๑๓๗ · หน้า 165b

ནི་དགེ་སློང་གི་དགེ་འདུན་ཆེན་པོའི་ཕྱི་བཞིན་འབྲང་ཡང་འོན་ཀྱང་དེ་ནི་དགེ་སློང་གི་དགེ་འདུན་ལས་རིང་བ་ཡིན་ལ། དགེ་སློང་གི་དགེ་འདུན་ཡང་དེ་ལས་རིང་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །དོན་དམ་པའི་དགེ་སྦྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པར་དགེ་སྦྱོང་གི་ཚུལ་ཡིན་པ་

ནི་དོན་དམ་པའི་དགེ་སྦྱོང་གི་ཚུལ་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ཁས་འཆེ་བའི་ཕྱིར་རོ། །འབྲས་བུ་གང་ཡང་རུང་བ་ཡང་ཁས་འཆེས་པ་ཡིན་ཏེ། དེའི་ཕྱིར་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བའོ། །དེའི་ཕྱིར་བོང་བུ་ལྟར་ཀུན་དུ་སྤྱོད་པའོ། །འཁྲིག་པ་སྤོང་པ་

ཁས་འཆེ་བའི་ཕྱིར་ནི་ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་སྟེ། དེའི་ཕྱིར་ཡང་བོང་བུ་ལྟ་བུར་ཀུན་དུ་སྤྱོད་པའོ། །སྦྱོར་བ་ལོག་པའི་སྐྱོན་ནི་ཚུལ་ཁྲིམས་འཆལ་བ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །བསམ་པ་ལོག་པའི་སྐྱོན་ནི་སྡིག་པའི་ཆོས་

ཅན་ཞེས་བྱ་བ་འདིས་སོ། །ཁ་ན་མ་ཐོ་བ་དེ་ལས་མི་ལྡང་བའི་སྐྱོན་ནི་ཁོང་མྱགས་པ་ཞེས་བྱ་བ་འདིས་སོ། །ཐལ་བའི་སྐྱོན་ནི་འཛག་པ་ཞེས་བྱ་བ་འདིས་སོ། །རྟོགས་པའི་སྐལ་པ་མེད་པ་ཉིད་ཀྱི་སྐྱོན་ནི་ཤིང་རུལ་ལྟ་བུ་ཞེས་བྱ་བ་འདིས་སོ། །ལོག་པར་འཚོ་བའི་སྐྱོན་ནི་བོང་བུ་ལྟར་ཀུན་དུ་སྤྱོད་པ་

ནས། ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་ཞེས་བྱ་བའི་ཚིག་འདིའི་བར་གྱིས་ཡོངས་སུ་བསྟན་ཏོ། །ཁོང་མྱགས་པ་ནི་རྟོག་པ་མི་ཟད་པ་སྦྲང་རྐྱག་ལ་གནས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་སྐད་དུ་མདོ་ལས་ཇི་ལྟར་ན། སྦྲང་རྐྱག་མི་སེལ་བ་ཡིན་ཞེ་ན།

འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་ལེན་པར་བྱེད། མི་སྤོང་བར་བྱེད། སེལ་བར་མི་བྱེད། མཐར་མི་བྱེད། གནོད་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་ལེན་པར་བྱེད་པ་ནས། མཐར་མི་བྱེད་པའི་བར་དེ་ལྟ་བུ་ནི་སྦྲང་རྐྱག་སེལ་བར་མི་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རྣམ་

གྲངས་འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁོང་མྱགས་པ་ཞེས་བྱ་བ་འདི་དང་། འཛག་པ་ཞེས་བྱ་བ་ཚིག་འདི་གཉིས་ཀྱི་རྣམ་གྲངས་འདིས་ནི་མདོ་སྡེའི་དུམ་བུ་འདིའི་བསྡུས་པའི་དོན་གཞན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། གང་ཞེ་ན། ལོག་པ་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ།

เล่ม ๑๓๗ · หน้า 166a

སྦྱོར་བ་ལོག་པ་ནི་ཚུལ་ཁྲིམས་འཆལ་བ་ཉིད་ཀྱིས་སོ། །བསམ་པ་ལོག་པ་ནི་སྡིག་པའི་ཆོས་ཅན་ཉིད་ཀྱིས་སོ། །གནས་པ་ལོག་པ་ནི་ཁོང་མྱགས་ཉིད་ཀྱིས་ཏེ། གནས་པ་ནི་ནམ་གྱི་ཆ་སྟོད་ལ་སོགས་པ་དག་ཏུ་སྤྱོད་ལམ་ལ་རྣམ་པར་རྟོག་པའོ། །རྒྱུ་བ་ལོག་པ་ནི་འཛག་

པ་ཉིད་ཀྱིས་ཏེ། རྒྱུ་བ་ཡང་བསོད་སྙོམས་ཀྱི་ཆེད་དུ་ཁྱིམ་དུ་འགྲོ་བ་སྟེ། དེ་ལོག་པ་ནི་དབང་པོ་རྣམས་ཀྱི་སྒོ་མ་བསྡམས་པ་ཉིད་དོ། །སྐལ་བ་ལོག་པ་ནི་ཤིང་རུལ་ལྟ་བུ་ཉིད་ཀྱིས་སོ། །འཚོ་བ་ལོག་པ་ནི་བོང་བུ་ལྟར་ཀུན་དུ་སྤྱོད་པ་ཉིད་ཀྱིས་ཏེ། སྡིག་པ་འདོད་པ་ལ་བརྟེན་ནས་དོན་དམ་པའི་

དགེ་སྦྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་རམ། འཁྲིག་པ་སྤོང་བ་ཁས་འཆེ་བའི་ཕྱིར་རོ། །བཙུན་པ་བདག་ཅག་རེས་འགའ་ནི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་སོ། །རེས་འགའ་ནི་ཉེ་བར་མི་གནས་སོ། །རེས་འགའ་ནི་ཆོ་འཕྲུལ་གྱི་ཕྱོགས་ལ་མི་ཉལ་བར་བརྩོན་

ནོ། །རེས་འགའ་ནི་མི་ཉལ་བར་མི་བརྩོན་ནོ། །གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུགས་པ་ཅན་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད་དེ། ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད་ན། རེས་འགའ་ནི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་

གནས་ལ་ཉེ་བར་གནས། རེས་འགའ་ནི་ཉེ་བར་མི་གནས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མི་ལ་སོགས་པ་རྙེད་པའི་སོགས་པའི་སྒྲས་ནི་ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཉོན་མོངས་པ་ལ་སོགས་པ་ཅན་ཉིད་ཀྱིས་

ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སོགས་པའི་སྒྲས་ནི་སྡུག་བསྔལ་ཅན་དང་། མྱ་ངན་ཅན་དང་། འཁྲུགས་པ་ཅན་ནོ། །སྡུག་བསྔལ་གྱི་རྒྱུ་ལ་ནི་ཉོན་མོངས་པ་ཅན་ཉིད་ཀྱིས་སོ། །སྡུག་བསྔལ་ལ་ནི་སྡུག་བསྔལ་ཅན་ཉིད་དང་། མྱ་ངན་ཅན་ཉིད་དང་། འཁྲུགས་པ་ཅན་ཉིད་ཀྱིས་སྐྱེ་དགུ་

གནས་པར་སྟོན་ཏོ། །ཇི་ལྟར་ཕལ་ཆེར་ཐམས་ཅད་ཆོམ་རྐུན་དུ་གྱུར་ཏོ་ཞེས་བྱ་བ་ནི་ཆོམ་རྐུན་ཕལ་ཆེ་བ་ཉིད་ཀྱི་ཕྱིར་རོ། །འཁྲུགས་པ་ནི་ཡིད་མི་བདེ་བ་སྟེ་དེའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཕྱིར་སྐྱེ་དགུ་དེ་ནི་དུས་གསུམ་དག་ཏུ་སྡུག་བསྔལ་ལ་སོགས་པ་ཅན་ཡིན་ཏེ།

เล่ม ๑๓๗ · หน้า 166b

དུས་གསུམ་པོ་གང་དག་ཏུ་ཞེ་ན། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཉོན་མོངས་པ་ཅན་ནི་དུས་དེ་དག་གསུམ་ཆར་ལ་ཁོང་ཁྲོ་བ་སྟེ། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང་། སྡུག་པའི་དངོས་པོ་དང་བྲལ་བ་དང་། སྡུག་པའི་དངོས་པོ་དང་མི་ལྡན་པའོ། །སྡུག་

པའི་དངོས་པོ་དང་ཕྲད་པ་ལ་འདོད་ཆགས་པས་ཀྱང་ཉོན་མོངས་པ་ཅན་ནོ། །སྡུག་བསྔལ་ལ་སོགས་པ་ཅན་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། དབུལ་བ་ནི་སྡུག་བསྔལ་ཅན་ནོ། །ཕྱུག་པ་ནི་མྱ་ངན་ཅན་ནོ། །འབྲིང་ནི་འཁྲུགས་པ་ཅན་ནོ། །ཇི་ལྟར་བྱས་པས་ཤེ་ན། འཚོ་བས་ཕོངས་

པས་ནི་དབུལ་བ་སྡུག་བསྔལ་ཅན་ནོ། །རྒུད་པ་དེས་དོགས་པས་ནི་འབྱོར་པ་མྱ་ངན་ཅན་ནོ་རྒུད་པ་དང་དོགས་པའོ། །དེས་ཀྱི་སྒྲས་ནི་རྒུད་པ་ཁོ་ན་དང་སྦྱར་རོ། །རྒུད་པ་དང་དེས་དོགས་པ་དེ་གཉིས་ཀྱིས་ན་རྒུད་པ་དང་དེས་དོགས་པས་སོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པས་ནི་འབྲིང་འཁྲུགས་པ་ཅན་

ནོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པ་ནི་ཚེགས་ཆེན་པོས་འཚོ་བ་འབྱོར་པའོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པས་ན་ཚེགས་ཆེན་པོས་འཚོ་བ་འབྱོར་པས་སོ། །དེ་ལྟར་ན་གོ་རིམས་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་རོ་མྱོང་བར་བྱེད་པ་དེ་དག་ནི་དགེ་སྦྱོང་ངམ་བྲམ་ཟེ་བདུད་

སྡིག་འདོད་ཀྱི་དབང་དུ་ཤས་ཀྱིས་སོང་བ་དང་། དབང་དུ་སོང་བ་དང་། ལག་ཏུ་སོང་བ་དང་། བདུད་ཀྱི་ཅི་འདོད་དགུར་བྱ་བ་དང་། བདུད་ཀྱི་འཆིང་བ་དག་གིས་བཅིངས་པ་དང་། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཡང་དེ་བཞིན་ནོ་

ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་དང་དུ་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་དུ་ལེན་པའི་ཕྱིར་རོ། །དེའི་དབང་གིས་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་སོ། །དེས་མི་འཛེམ་པའི་ཕྱིར་ཞེས་བྱ་བ་ནི་ལས་དེས་མི་འཛེམ་པའི་ཕྱིར་རོ། །གནས་སྐབས་དེ་ཐམས་ཅད་དུ་ཞེས་བྱ་བ་ནི་དེ་བདུད་ཀྱིས་

འཆིང་བ་དག་གིས་ཉོན་མོངས་པ་ཀུན་དུ་སྤྱོད་པའི་གནས་སྐབས་དང་། དེ་དང་དུ་ལེན་པའི་གནས་སྐབས་དང་། དེའི་དབང་གིས་ལས་ཀུན་ནས་སློང་བར་བྱེད་པའི་གནས་སུ་བཅིངས་པའོ། །མངོན་སུམ་དུ་གྱུར་པ་ཡིན་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་ལ་སོགས་པའི་གནས་སྐབས་དག་གོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด