ལས་གྲུབ་པའི་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་སིདྡྷ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๘ · หน้า 63b
༄༅༅།། །།རྒྱ་གར་སྐད་དུ། ཀརྨ་སིདྡྷ་ཊཱི་ཀཱ། བོད་སྐད་དུ། ལས་གྲུབ་པའི་བཤད་པ། བམ་པོ་དང་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཅིང་། །གཞན་གྱི་དོན་ལ་ངེས་བསྟན་པ། །
སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ལས་གྲུབ་རབ་ཏུ་བྱེད་པ་ནི། །མདོར་བཤད་འདོད་པ་གང་ཡིན་པ། །དེ་དག་དགའ་བར་བྱ་བའི་ཕྱིར། །མདོར་ན་དེ་ཡི་བཤད་པ་བྱ། །མདོ་ལས་ལས་རྣམས་ནི་གསུམ་སྟེ། ཞེས་བྱ་བ་ལ་སོགས་
པ་འབྱུང་བ་ལ། རབ་ཏུ་བྱེད་པ་དགོས་པ་དང་བཅས་པ་བཤད་པ་ནི་རིགས་མོད། འདི་ལ་ནི་དགོས་པ་ཡང་མེད་དེ། དེའི་ཕྱིར་རེ་ཞིག་རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་དེ་བརྩམས་པ་ཉིད་ཀྱང་མི་རུང་ན། དེ་བཤད་པ་ལྟ་ལེགས་པར་ག་ལ་འགྱུར། འདི་ལ་སྦྱོར་བ་ཡང་ཡོད་དེ།
རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་ནི་དགོས་པ་མེད་པ་གང་ཡིན་པ་དེ་བརྩམས་པར་མི་བྱ་སྟེ། དཔེར་ན་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟ་བུ་ཡིན་ལ། རབ་ཏུ་བྱེད་པ་འདི་ཡང་དགོས་པ་མེད་པ་ཡིན་པས་ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། དེ་བརྩམས་པ་ལ་དགོས་པ་དང་ལྡན་པ་ཉིད་
ཀྱིས་ཁྱབ་པའི་ཕྱིར་རོ། །དེ་ལྟར་རབ་ཏུ་བྱེད་པ་ལ་གཞན་གྱིས་བརྒལ་བ་དང་། འདིར་བཤད་པ་དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་མ་གྲུབ་པོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལ་ལུས་ལ་སོགས་པའི་ལས་གསུམ་གྱི་རང་བཞིན་ཕྱིན་ཅི་མ་ལོག་པར་ངེས་པར་
བཟུང་བ་ཞེས་བྱ་བའི་དགོས་པ་ཡོད་དོ། །དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་གཞན་ཐམས་ཅད་ཀྱིས་ལོག་པར་རྟོགས་པའི་ཕྱིར་ཏེ། དེའི་ཕྱིར་ཤེས་བྱ་ནང་གི་ཡིན་པར་སྨྲ་བས་དེའི་ལུགས་དགག་པ་དང་། རང་གི་བསམ་པ་བསྟན་པའི་སྒོ་ནས་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱའོ། །
བཅོམ་ལྡན་འདས་ཀྱིས་མདོ་ལས་ལས་རྣམས་ནི་གསུམ་སྟེ་ཞེས་གསུངས་པ་དགོད་པ་ནི་རྩོད་པའི་གནས་ཡིན་པའི་ཕྱིར་རོ། །ཕ་རོལ་གྱི་ལུགས་བསལ་བས་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་རེ་ཞིག་དེ་ལ་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་
เล่ม ๑๓๘ · หน้า 64a
ལུགས་དགོད་པ་མཛད་དེ། །དེའི་ལུགས་དམིགས་ཀྱིས་བཀར་ཏེ་ཕྱོགས་རེ་རེ་ནས་སུན་ཕྱུང་བས་ནི་ཕྱིས་རང་གི་ཕྱོགས་བདེ་བླག་ཏུ་ཁོང་དུ་ཆུད་པར་ནུས་པའི་ཕྱིར་རོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཡིན་པར་རིག་པར་བྱ་སྟེ། རང་གི་བླ་མ་བརྒྱུད་པ་ལས་
བཤད་པ་འོངས་པས་བསླུས་པ་དེ་དག་ནི་འདི་སྐད་དུ་ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཡིན་ཞེས་བྱ་བ་ལ་སོགས་པ་ཟེར་ཏེ། ལས་གསུམ་པོ་དག་གི་ཚིག་བསྡུ་བ་ནི་གཞན་དང་གཞན་དུ་རིག་པར་བྱའོ། །ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཞེས་བྱ་བའི་ཚིག་བསྡུ་བ་ནི་
གསུམ་པ་ཡིན་ཏེ། ལུས་ལ་བརྟེན་ནས་ཞེས་བྱ་བར་བསམས་པ་ཡིན་ཏེ། དེ་ནི་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ངག་ཉིད་ནི་ངག་གི་ལས་ཡིན་ཏེ་ཞེས་བྱ་བའི་ཚིག་བསྡུ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། དབྱངས་ནི་ངག་གི་ཡིན་ནོ་ཞེས་འབྱུང་བས་དེ་ནི་བྱ་བའི་རང་བཞིན་ཡིན་པའི་ཕྱིར་
རོ། །སོ་སོར་ཞེས་བྱ་བ་ནི་རེ་རེ་ཞིང་ཞེས་བྱ་བའི་དོན་ཏེ། གཉིས་ཀ་ཡང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་དེ་ལ། རྣམ་པར་རིག་བྱེད་པས་ན་རྣམ་པར་རིག་བྱེད་དེ། ཐ་སྙད་རྟོགས་པ་གཞན་གྱི་ནང་ན་ཡོད་པའི་བསམ་
པ་སྟོན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་བྱེད་གཞན་དུ་གཟུགས་དང་བྱ་བའི་རང་བཞིན་ཡིན་དུ་ཟིན་ཀྱང་། གཞན་དག་ལ་རྣམ་པར་རིག་པར་མི་བྱེད་པས་ན་རིག་བྱེད་མ་ཡིན་པའོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཏེ་ཞེས་བྱ་བ་འདིར་ཡང་ཚིག་བསྡུ་བ་
ནི་གསུམ་པ་ཡིན་ནོ། །ཡིད་ནི་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར། ལས་ཉིད་དུ་མི་སྲིད་པས་དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་ལས་སོ། །དེ་ལ་འདིར་འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་དྲི་བ་གླེང་བར་མཛད་པ་སྟེ། དེའི་ཕྱོགས་གཏན་ལ་ཕབ་ནས་ཕྱིས་སུན་དབྱུང་
བའི་ཕྱིར་རོ། །རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ལ་སོགས་པར་རྒྱ་ཆེར་འབྱུང་བས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་རང་གི་ཕྱོགས་རྣམ་པར་འཇོག་པར་བྱེད་དོ། །རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ལ། རེ་ཞིག་གི་སྒྲས་ནི་རྣམ་པར་རིག་བྱེད་ཅིག་ཤོས་རྣམ་པར་གཅོད་པར་
เล่ม ๑๓๘ · หน้า 64b
མཛད་དོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ལ། དེའི་སྒྲས་ནི་དབྱིབས་ལ་སྙེགས་སོ། །གང་ལ་ལག་པ་ལ་སོགས་པ་དབྱིབས་ཀྱི་དམིགས་པ་ཡོད་པ་དེ་ནི་དེ་ལ་དམིགས་པའོ། །དེ་ནི་དེ་ལ་དམིགས་པ་ཡང་ཡིན་ལ་སེམས་ཀྱང་ཡིན་པས་དེ་ལ་དམིགས་པའི་
སེམས་ཏེ། འཇུག་པར་བྱེད་པའི་སེམས་སོ། །དེ་ལས་སྐྱེས་པས་ན་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡིན་ཏེ། དེ་ཅི་ཞེ་ན། དབྱིབས་ཀྱི་རྣམ་པར་རིག་བྱེད་དོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་ཀུན་ནས་སློང་བར་བྱེད་པའི་སེམས་གང་
ཡིན་པ་དེའི་དམིགས་པ་ནི་མ་འོངས་པའི་ལུས་ཀྱི་ལས་རྣམ་པར་རིག་བྱེད་ཅེས་བྱ་བའི་དབྱིབས་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་སེམས་དེ་ལྟ་བུས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ནི་དེ་ལས་སྐྱེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ།
འདི་ཡང་གཡས་གཡོན་འདུག་པ་འགའ་ཞིག་ཡིན་གྱི། སློབ་དཔོན་ནི་མ་ཡིན་ན་ལུས་ཀྱི་ཡིན་ནོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གོ། གལ་ཏེ་ལུས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ། དེའི་བསམ་པ་ནི་རྣམ་པར་དབྱེ་བ་གང་ཡང་རུང་བ་ཞིག་བསྟན་པས་དོན་རྟོགས་པའི་ཕྱིར་དེ་
ལས་གཞན་པའི་སྒྲུབ་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་ལུས་ཀྱིས་བྱས་པའི་ལས་ཞེས་བྱ་ཞེས་སྨོས་ནས་ལུས་ཀྱི་ཞེས་བྱ་སྟེ། ཐ་སྙད་གཉི་ག་ཡང་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །ལུས་ཞེས་བྱ་བ་སྤྱིའི་ཡན་ལག་ཏུ་གྱུར་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་བྱེ་བྲག་ཏུ་སྨྲ་བ་པ་དག་ཐ་སྙད་གཉི་
ག་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །ལུས་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདུས་པ་སྟེ་ཁོག་པ་རིལ་ལ་བྱ་ལ། ལས་ནི་ལག་པ་ལ་སོགས་པ་ཉི་ཚེ་ལ་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་ལུས་ཀྱིའམ། ལུས་ཀྱིས་ཞེས་བྱ་ཞེས་བྱ་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་འདི་སེམས་
ལ་བསྡོགས་ནས་སྤྱི་དག་ལ་ཡོད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ཅི་དགོས་ཤེ་ན་ཞེས་བྱ་བ་འདིར་འདྲི་བ་པོ་དེའི་བསམ་པ་ནི་སེམས་ལས་བྱུང་བའི་ཕྱིར། སེམས་ལས་སྐྱེས་པ་ཞེས་བྱ་བ་ཁོ་ནར་བསྟན་པའི་རིགས་ན་ཅིའི་ཕྱིར་དེ་ལ་
เล่ม ๑๓๘ · หน้า 65a
དམིགས་པའི་ཞེས་སྨོས་པ་བྱས་ཤེ་ན་ཞེས་བྱ་བ་འདི་ཡིན་ནོ། །བརྒལ་ཞིང་བརྟག་པ་དེ་ལ་བྱེ་བྲག་ཏུ་སྨྲ་བ་པ་རྣམས་ཀྱིས་སྨྲ་བ་ན་མཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ལན་བཏབ་པ་ཡིན་ཏེ། དེ་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ཏེ་
ཞེས་བྱ་བ་ནི། མཆུ་ལ་སོགས་པའི་དབྱིབས་ནི་དབྱིབས་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཆུ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པས་ནི་འབྱེད་པ་དང་འཛུམས་པ་ལ་སོགས་པ་བཟུང་ངོ་། །ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་ཚིག་ལ་དམིགས་
པའི་སེམས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་སྨྲ་བར་བྱེད་པ་ནི་འདི་ལ་ཚིག་འདིས་བརྗོད་པར་འདོད་པའི་དོན་འདི་ཁོང་དུ་ཆུད་པར་བྱའོ་ཞེས་ཚིག་ལ་དམིགས་ནས་ཚིག་ཏུ་འདོན་པར་བྱེད་དོ། །དེའི་ཕྱིར་ཚིག་ལ་དམིགས་པའི་སེམས་ལས་སྐྱེས་པ་ཉིད་ཡིན་པས།
མཆུ་ལ་སོགས་པའི་དབྱིབས་ནི་དབྱིབས་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྔོན་གྱི་སྨོན་ལམ་གྱི་སེམས་ལས་སྐྱེས་པ་ཡང་གྱུར་ན་མི་རུང་བ་སྟེ་ཞེས་བྱ་བ་ནི་བདག་གི་མཆུ་བིམ་པ་ལྟར་དམར་བ་ལ་སོགས་པ་དེ་དང་དེ་ལྟར་གྱུར་ཅིག་ཅེས་སྔོན་སྨོན་ལམ་
བཏབ་པ་གང་ཡིན་པ་དེའི་སེམས་ལས་སྐྱེས་པ་ཡང་དེར་གྱུར་ན་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྨིན་པའི་རྒྱུའི་སེམས་གཞན་ལས་ཀྱང་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་གཞན་སྔོན་གྱི་རྣམ་པར་སྨིན་པའི་རྒྱུར་གྱུར་པ་དགེ་བའི་སེམས་གང་ཡིན་པ་རྒྱུར་འགྱུར་བའི་ཁྱད་པར་ཐོབ་
པ་དེ་ལས་ཀྱང་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་བཟུང་བའི་འབྲས་བུ་ཅན་དུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་དེ་རྣམ་པར་རིག་བྱེད་ཅེས་བྱ་ཞེ་ན་ཞེས་བྱ་བ་ནི་སྒྲ་དྲི་བ་ཡིན་ནོ། །ཕྱི་རོལ་ལ་བསྐྱོད་པའི་འགྱུར་བ་
དག་གིས་ནི་ཞེས་བྱ་བ་ནི་སེམས་ལས་ཕྱི་རོལ་དུ་བསྐྱོད་པས་ཏེ་བྱུང་བའོ། །འགྱུར་བ་དག་གིས་ཞེས་བྱ་བ་ནི་ལག་པ་ལ་སོགས་པའི་གཡོ་བ་དག་གིས་ཞེས་བྱ་བའི་དོན་ཏོ། །བསམ་པ་ཞེས་བྱ་བ་ནི་སེམས་པའོ། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང་། །ཞེས་བྱ་བ་ལ་
เล่ม ๑๓๘ · หน้า 65b
སོགས་པས་ནི་དཔེ་བསྟན་ཏོ། །ཚིགས་སུ་བཅད་པ་ལྷག་མའི་དོན་ནི་རྟོགས་པར་ཟད་དོ། །དེ་ལྟར་རྒྱ་ཆེར་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་མཚན་ཉིད་རྣམ་པར་གཞག་པ་དང་། སློབ་དཔོན་གྱིས་དེའི་མཚན་ཉིད་སུན་དབྱུང་བར་བཞེད་ནས། འོ་ན་དབྱིབས་ཞེས་བྱ་བ་འདི་ཅི་ཡིན་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དབྱིབས་ཤིག་གྲུབ་ན་ནི་དེའི་བདག་ཉིད་ཀྱི་ལུས་ཀྱི་རྣམ་པར་རིག་བྱེད་རྟོགས་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འདི་ལྟ་སྟེ་རིང་པོ་ལ་སོགས་པའོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གོ། །རིང་པོ་ལ་སོགས་པ་འདི་ཅི་ཡིན་ཞེས་གསུངས་
པ་ནི་སློབ་དཔོན་ཏེ། འདི་ལས་མ་གྲུབ་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་དཔེར་བརྗོད་ཅེས་བྱ་བར་དགོངས་པ་ཡིན་ནོ། །གང་ལས་རིང་པོའམ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་སྟེ། རིང་པོ་ལ་སོགས་པ་ནི་མངོན་སུམ་གྱི་ཚད་མས་གྲུབ་ན་འདི་ལ་ཅི་ཞིག་ཐེ་ཚོམ་ཟ་བར་འགྱུར། སྦྱོར་བ་ནི་
མངོན་སུམ་གྱི་ཚད་མས་གྲུབ་པ་གང་ཡིན་པ་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་གཟུགས་ལྟ་བུ་ཡིན་ལ། རིང་པོ་ལ་སོགས་པ་ཡང་མངོན་སུམ་གྱི་ཚད་མས་གྲུབ་པ་ཡིན་ནོ། །ཡོད་པ་ཉིད་ནི་མངོན་སུམ་གྱི་ཚད་མས་གྲུབ་པ་ཙམ་ཉིད་ཀྱིས་ཡོད་པ་ཉིད་ཡིན་པའི་ཕྱིར་
རང་བཞིན་གྱི་གཏན་ཚིགས་སོ་སྙམ་དུ་སེམས་སོ། །སྐྱེ་མཆེད་གང་ཡིན་ཞེས་བྱ་བ་ནི་སློབ་དཔོན་གྱིས་རེ་ཞིག་དེའི་ཕྱོགས་ཁོ་ན་སུན་དབྱུང་བའི་ཕྱིར་བསྟན་པར་མཛད་པ་སྟེ། གལ་ཏེ་དབྱིབས་དེ་རྫས་སུ་ཡོད་ན་སྐྱེ་མཆེད་བཅུ་གཉིས་དག་གིས་ནི་རྫས་ཐམས་ཅད་བསྡུས་པའི་ཕྱིར་དེ་སྐྱེ་མཆེད་
གང་དུ་འདུ་ཞེས་བྱ་བར་དགོངས་པའོ། །གཟུགས་ཀྱི་སྐྱེ་མཆེད་དོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་སྟེ། འདི་ལྟར་གྲུབ་པའི་མཐའ་ལས་གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་དང་། དབྱིབས་སོ་ཞེས་འབྱུང་བས་དེའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་དུ་འདུས་སོ། །ཅི་སྟེ་ཞེས་བྱ་བ་རྒྱ་ཆེར་འབྱུང་
བ་ནི་སློབ་དཔོན་དྲི་བ་གླེང་བར་མཛད་པ་ཡིན་ནོ། །ཁ་དོག་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་རང་བཞིན་གྱི་མཚན་ཉིད་གྲུབ་པ་ཁ་དོག་གི་རྡུལ་ཕྲ་རབ་རྫས་སུ་ཡོད་པ་ཆ་ཤས་སོ། །དུ་མ་ནི་དེ་འདུས་པ་ལ་ཡང་ཐ་མི་དད་པར་འཇུག་པ་ཡིན་པར་འདོད་ན། ཅི་དབྱིབས་ཀྱང་དེ་ལྟ་བུར་འདོད་
เล่ม ๑๓๘ · หน้า 66a
དམ། འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ཞེས་བྱ་བ་ནི་ཅི་དེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གི་བདག་ཉིད་རྣམས་འདུས་པ་ཞིག་ཡིན་པར་འདོད་དམ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཁ་དོག་ལ་སོགས་པ་འདུས་པ་ལ་ཁྱབ་པའི་རྫས་ཞེས་བྱ་བ་ནི་ཅི་དེ་བྱེ་བྲག་
པ་རྣམས་ཀྱི་ཆ་ཤས་ཅན་བཞིན་དུ། དྲི་དང་། རོ་དང་། རེག་བྱའི་ཁ་དོག་ལ་ཁྱབ་པ་ཞིག་ཏུ་འདོད་དམ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་དེ། ཉེས་པ་རྣམ་པ་གསུམ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གལ་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། འདི་སྐད་དུ་གལ་ཏེ་རྡུལ་ཕྲ་མོའི་བྱེ་བྲག་ལ་རིང་པོ་ལ་སོགས་པ་དེའི་བློ་སྐྱེ་བའི་རྒྱུར་འདོད་ན། དེ་ལྟ་ན་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པ་དེའི་ཆ་ཤས་རེ་རེ་ལ་ཡང་སྔོན་པོ་ལ་སོགས་པའི་ཁ་དོག་གི་རྡུལ་ཕྲ་རབ་ལས་མ་གཏོགས་པར་དབྱིབས་དེ་བཟུང་བར་འགྱུར་ཏེ།
དཔེར་ན་ཁ་དོག་བཞིན་དུ་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །སྦྱོར་བ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་གང་ཡིན་པ་དེ་ནི་མེད་པར་ཐ་སྙད་གདགས་པའི་ཡུལ་ཡིན་ཏེ། དཔེར་ན་བོང་བུའི་རྭ་ལྟ་བུ་ཡིན་ལ། རིང་པོ་ལ་སོགས་པའི་དབྱིབས་ཀྱང་ཁ་དོག་གི་རྡུལ་ཕྲ་རབ་
ལས་ལོགས་ཤིག་ན་མི་དམིགས་པས། རང་བཞིན་མི་དམིགས་པ་སྟེ། འདི་ལྟར་དེ་ལྟ་བུར་གྱུར་པ་ཡོད་པ་ལ་དམིགས་པས་ཁྱབ་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་ཕྱོགས་སྔ་མ་སྨྲ་བས་མངོན་སུམ་གྱི་ཚད་མས་གྲུབ་པའི་ཕྱིར་རོ་ཞེས་གཏན་ཚིགས་སྦྱར་བ་དེ་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །
གལ་ཏེ་འོ་ན་རིང་པོ་དང་། ཐུང་ངུ་ལ་སོགས་པ་ཇི་ལྟར་དམིགས་པར་འགྱུར་ཞེ་ན་མ་ཡིན་ཏེ། དེ་ནི་འོག་ནས་སྔོན་པོ་ལ་སོགས་པ་དེ་ལྟར་གནས་པ་དག་ཁོ་ནས་རིང་པོ་ལ་སོགས་པའི་བློ་སྐྱེད་དོ་ཞེས་སྒྲུབ་པའི་ཕྱིར་རོ། །འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་
པས་ནི་ཅི་སྟེ་དབྱིབས་ཀྱི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཏུ་འདོད་ན་ནི། རིང་པོ་དང་ཐུང་ངུ་ལ་སོགས་པར་མིང་བཏགས་པ་དབྱིབས་ཀྱི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་གང་གིས་ན་དབྱིབས་རྡུལ་ཕྲ་རབ་དམིགས་ཀྱིས་མ་ཕྱེ་བའི་རང་བཞིན་དག་འདུས་པ་ལ་དབྱིབས་ཞེས་བྱ་བ་དེ་ཁ་དོག་གི་
เล่ม ๑๓๘ · หน้า 66b
རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ལས་ཁྱད་པར་ཅི་ཡོད་དེ། དེ་བས་ན་སྔོན་པོ་ལ་སོགས་པ་དེ་དག་ཁོ་ན་འདུས་པའི་ཁྱད་པར་ལས་རིང་པོ་ལ་སོགས་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ནོ། །འོན་ཏེ་ཁ་དོག་ལ་སོགས་པ་འདུས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་
གལ་ཏེ་དྲི་དང་། རོ་དང་། རེག་བྱའི་ཁ་དོག་ལ་ཁྱབ་པ་གཅིག་པུ་ཞིག་དབྱིབས་སུ་འདོད་ན། དེ་གཅིག་པུ་ཉིད་ཡིན་པའི་ཕྱིར་དང་། ཆ་ཤས་མེད་པའི་ཕྱིར་ཀ་བ་ལ་སོགས་པའི་ཆ་ཤས་རེ་རེ་ལ་ཡང་དམིགས་པར་འགྱུར་ཏེ། དེ་ཆ་ཤས་རེ་རེ་ལ་ཡང་ཁྱབ་པ་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་
ལྟ་ཡང་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཁྱབ་པར་བྱེད་པ་གཅིག་པུ་དེ་ཡོད་པ་མ་ཡིན་པས་སྔ་མ་བཞིན་དུ་གང་ཞིག་དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པས་ཁྱབ་པར་བྱེད་པ་མི་དམིགས་པའི་སྦྱོར་བར་རིག་པར་བྱའོ། །ཡང་ན་དེ་གཅིག་པུ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པ་ལ། བསམ་པ་ནི་ཁྱབ་པ་ལ་ཆ་འཁྲུལ་པ་མེད་པའི་ཕྱིར་དེ་ལ་ངེས་པར་ཆ་ཡོད་པར་བྱ་དགོས་སོ། །དེ་བས་ན་རྫས་ནི་གཅིག་པའི་རྒྱུ་ཅན་ཉིད་དུ་མི་འགྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྦྱོར་བ་ནི་གང་དང་གང་ལ་ཆ་དང་ཆར་རྣམ་པར་གནས་པ་ཡོད་པ་དེ་དང་དེ་ནི་ཡང་དག་པར་
ན་གཅིག་པ་ཉིད་མེད་དེ། དཔེར་ན་དམག་དང་ནགས་ཚལ་ལ་སོགས་པ་ལྟ་བུ་ཡིན་ལ། དབྱིབས་ཀྱང་ཆ་དང་ཆར་རྣམ་པར་གནས་པ་ཡིན་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ལྟར་ཆ་ཅན་དང་། ཆ་ཅན་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པས་འགལ་བ་
ཡིན་ཏེ། གཅིག་ཉིད་ལ་ཆ་ཅན་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་བས་ན་དེ་ནི་ཆ་ཅན་འགལ་བ་དམིགས་པ་ན། ཁྱབ་པར་བྱེད་པ་ཆ་ཅན་མ་ཡིན་པ་ལྡོག་གོ། །དེ་ལོག་ན། དེས་ཁྱབ་པར་བྱ་བ་གཅིག་ཉིད་ལྡོག་པ་ཡིན་ནོ། །ཅི་སྟེ་ཕ་རོལ་པོ་གལ་ཏེ་དབྱིབས་གཅིག་པ་ཉིད་མེད་དུ་ཟིན་ཀྱང་དེས་ཅིར་
འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་སྐྱེ་མཆེད་བཅུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་རྫས་ནི་གཅིག་པའི་རྒྱུ་ཅན་ཉིད་ཡིན་པས་དེ་མེད་ན་རྫས་མེད་པའི་ཕྱིར། སྐྱེ་མཆེད་བཅུ་ནི་རྫས་སུ་ཡོད་དོ་ཞེས་བྱ་བའི་གྲུབ་པའི་མཐའ་དང་འགལ་ལོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་
เล่ม ๑๓๘ · หน้า 67a
གཟེགས་ཟན་པའི་གཞུང་གིས་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་དོ། །སྤེལ་བར་འགྱུར་རོ་ཞེས་བྱ་བ་ནི་གསོས་པར་འགྱུར་བས་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཞན་གལ་ཏེ་དབྱིབས་ཞེས་བྱ་བ་ཡོང་ཡེ་མེད་ན། ཇི་ལྟར་ན་འཇིག་རྟེན་ན་གྲགས་པ་རིང་
པོ་ལ་སོགས་པའི་བློ་མེད་པར་མི་འགྱུར་སྙམ་དུ་སེམས་པར་དོགས་ནས། ཕྱོགས་གཅིག་གི་སྒོར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། འདི་སྐད་དུ་ངེད་ཡོང་ཡེ་དབྱིབས་མེད་དོ་ཞེས་ནི་མི་ཟེར་ཏེ། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་པ་ལ་སོགས་པས་རྫས་སུ་བཏགས་པ་དེ་ལྟ་བུར་ནི་མེད་ཀྱི། འཇིག་
རྟེན་གྱི་གྲགས་པ་ཡང་མེད་པ་ནི་མ་ཡིན་ནོ། །འདིའི་ཕྱིར་ཡང་རིང་པོ་ལ་སོགས་པའི་དབྱིབས་རྫས་སུ་མེད་པར་གསལ་བར་ཤེས་པར་གྱིས་ཤིག །གང་གི་ཕྱིར་ཞེ་ན་རི་མོ་བཀྲམ་པ་ཞེས་བྱ་བ་སྟེ། ཁབ་རིས་ལ་སོགས་པའོ། །དེ་དང་དེ་ལྟ་བུར་སྣང་བ་ལ་ཞེས་བྱ་བ་ནི། རི་དགས་དང་། ཕག་
ལ་སོགས་པའི་གཟུགས་ཐ་དད་པར་རོ། །འདི་སྐད་དུ་འདི་ནི་རི་མོ་བཀྲམ་པ་ལ་སོགས་པ་དབྱིབས་སྣ་ཚོགས་དམིགས་པ་དེ་ཡང་ནམ་ཞིག་རུང་སྟེ། གལ་ཏེ་དབྱིབས་རྫས་སུ་མེད་ན་ནི་རུང་གི། གཞན་དུ་ན་དེ་མི་སྲིད་པ་ཁོ་ནའོ་ཞེས་བསྟན་པ་ཡིན་ནོ། །བརྒྱ་ལ་གཞན་དག་འདི་སྐད་དུ་རྫས་སུ་
ཡོད་པར་ཁས་བླངས་ཀྱང་། ཅིའི་ཕྱིར་དེ་ལྟར་མི་སྲིད་ཅེས་སྨྲ་བར་གྱུར་ན། དེའི་ཕྱིར་དབྱིབས་རིགས་ཐ་དད་པ་དག་ནི་ཡུལ་གཅིག་པར་རིགས་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རིགས་ཐ་དད་པ་དག་ཅེས་བྱ་བ་ནི་རང་བཞིན་ཐ་དད་པ་དག་ཅེས་བྱ་བའི་དོན་ཏོ། །དཔེར་ན་
ཁ་དོག་དག་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་ཁ་དོག་རང་བཞིན་ཐ་དད་པ་རྣམས་ནི་ཕན་ཚུན་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བས་འགལ་བའི་ཕྱིར་ཕྱོགས་གཅིག་ཏུ་གནས་པ་མེད་དོ། །རིང་པོ་ལ་སོགས་པའི་དབྱིབས་རྣམས་ཀྱང་དེ་བཞིན་དུ་མི་འདོད་པར་བྱའོ། །
འོ་ན་གལ་ཏེ་མིག་བཙུམས་ནས་འོལ་ཕྱིར་འདི་སྐད་དུ་འགལ་བ་རྣམས་ཀྱང་ཡུལ་གཅིག་པ་ཁོ་ན་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་འོན་ཀྱང་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགལ་བ་རྣམས་ཕྱོགས་གཅིག་ན་ཡོད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཐམས་ཅད་དུ་
เล่ม ๑๓๘ · หน้า 67b
དབྱིབས་ཐམས་ཅད་ཀྱི་བློ་འབྱུང་བར་འགྱུར་བ་ཞིག་ན་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། དབྱིབས་རེ་རེའི་ཡུལ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དབྱིབས་ཞེས་བྱ་བའི་རྫས་གཞན་ནི་མེད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བཤད་པའི་མཇུག་སྡུད་པ་བསྟན་ཏོ། །
གལ་ཏེ་དེ་ལྟ་ན་ཐག་རིང་པོ་ནས་ཁ་དོག་འདུས་པ་དམིགས་ཀྱིས་མི་ཕྱེད་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་སྔོན་པོ་ལ་སོགས་པའི་ཁ་དོག་འདུས་པ་ལ་དབྱིབས་ཀྱི་བློ་འབྱུང་ན། ཐག་རིང་པོ་ནས་དེ་མི་འཛིན་བཞིན་དུ་དབྱིབས་འཛིན་པ་ཇི་ལྟ་བུ་སྟེ། དེ་འཛིན་པ་ཁོ་ནས་དེ་འཛིན་གྱི་
གཞན་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །རེ་ཞིག་དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ། དེའི་དངར་ཀ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ཉིད་ཀྱིས་ལན་མ་བཏབ་པར་གཞན་ལ་རྨེད་པར་མཛད་པ་ཡིན་ཏེ། གཞན་དག་ཡུལ་དེ་ལྟ་བུ་ལ་བརྩད་པ་ན། གཞན་ཅི་ཞིག་སྨྲ་བར་
འགྱུར་ཏེ་ཅུང་ཟད་ཀྱང་སྨྲ་བ་མེད་ཀྱི། འོན་ཀྱང་དེ་ཉིད་དེ་ལྟ་བུར་སྣང་ངོ་ཞེས་སྨྲ་བར་འགྱུར་རོ། །དེས་ན་ཁོ་བོའི་རིགས་པ་ཡང་དེ་ཉིད་ཡིན་ནོ། །དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་ཞེས་བྱ་བ་ནི་གང་དག་ལ་དབྱིབས་དམིགས་ཀྱིས་མི་ཕྱེད་པ་ཡོད་པ་དེ་དག་ནི་དབྱིབས་དམིགས་
ཀྱིས་མི་ཕྱེད་པ་དག་གོ། །དབྱིབས་དེ་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་སྟེ། གང་དག་གི་ཞེ་ན། ཤིང་དག་གི་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེའི་དངར་ཀ་དང་། ཚོགས་དག་གི་ཞེས་བྱ་བ་དེ་ལ། དངར་ཀ་ནི་གོ་རིམས་དང་ཚར་ཞེས་བྱ་བའི་དོན་ཏོ། །ཚོགས་ནི་འདུས་
པའོ། །ཤིང་དེ་དག་གི་དངར་ཀ་དང་། ཚོགས་དག་ནི་དེའི་དངར་ཀ་དང་། ཚོགས་ཞེས་བྱ་བར་ཚིག་སྦྱར་རོ། །གཞན་ཡང་འདིར་བརྒལ་ན་གཞན་དག་ལན་ཅི་ཞིག་འདེབས་པར་འགྱུར་ཏེ། དེའི་ཕྱིར། གཉི་གར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉི་གར་ཡང་ཞེས་
བྱ་བ་ནི་ཁ་དོག་དང་། དབྱིབས་སུ་ཞེས་བྱ་བའི་དོན་ཏོ། །དམིགས་ཀྱིས་མི་ཕྱེད་ལ་ཞེས་བྱ་བ་ནི་གཏན་ལ་མི་ཕེབས་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཅི་སྣང་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ལས་མ་གཏོགས་པར་སྣང་བར་འགྱུར་བ་གང་ཡིན་པའི་སྣང་བ་ལས་གཞན་ནི་ཁས་མ་བླངས་
เล่ม ๑๓๘ · หน้า 68a
སོ་ཞེས་བྱ་བར་དགོངས་པའོ། །དེ་ལྟ་བས་ན་དེའི་ཚེ་ཁ་དོག་ཅེས་བྱ་བ་ལ་སོགས་པས་ནི་ལན་གསུངས་པ་ཡིན་ཏེ། འདི་སྐད་དུ་འུ་བུ་ཅག་གིས་དེ་ན་ཅི་སྣང་ཞེས་དྲིས་པ་ན་བརྒྱངས་ཀྱང་འདི་སྐད་ཅེས་དེའི་ཚེ་ཁ་དོག་མི་གསལ་བར་འཛིན་པ་ཡིན་གྱི་
གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་དགོས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་དབྱིབས་ཀྱི་རྣམ་པར་རིག་བྱེད་མི་འགྲུབ་པོ་ཞེས་བྱ་བ་འདིས་ནི་བྱེ་བྲག་ཏུ་སྨྲ་བ་པའི་ཕྱོགས་རྒྱ་ཆེར་སུན་ཕྱུང་ནས་མཇུག་བསྡུ་བ་ཡིན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ནི་འཕགས་པ་མང་པོས་བཀུར་
བའི་སྡེ་པ་རྣམས་སོ། །དེ་དག་ནི་འདི་སྐད་དུ་ཡང་དག་པར་ན་དབྱིབས་མེད་པའི་ཕྱིར་ལུས་གཡོ་བའི་གནས་སྐབས་ཀྱི་འགྲོ་བ་ཁོ་ན་ཡིན་གྱི་དབྱིབས་ནི་མ་ཡིན་ནོ། །དེ་བས་ན་དེ་ཉིད་རྣམ་པར་རིག་བྱེད་ཡིན་པར་རིགས་ཀྱི་དབྱིབས་ནི་མ་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་
ལ་ནི་ཇི་སྐད་བཤད་པའི་བསྒྲུབ་པ་རྣམས་ནི་གྲུབ་པར་བྱེད་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །འཕོས་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན་ཞེས་བྱ་བ་ནི། མངོན་སུམ་གྱི་ཚད་མས་སམ། འོན་ཏེ་རྗེས་སུ་དཔག་པས་གཏན་ལ་འབེབས་སམ་ཅི་ན། གང་གི་ཕྱིར་འདི་སྙམ་དུ་དེ་
ཉིད་ཡུལ་གཞན་དུ་འཕོས་པ་འདི་ཡིན་གྱི་དེར་གཞན་ཁོ་ན་ཞིག་བྱུང་བ་ནི་མ་ཡིན་ནོ་སྙམ་དུ་སེམས་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་ངེས་པར་མི་ཟིན་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ལན་བཏབ་བོ། །དེ་ནི་འདི་སྐད་དུ་དོན་འདི་ནི་རྗེས་སུ་དཔག་པས་གྲུབ་པ་ཁོ་ན་ཡིན་ཏེ། འདི་ལྟར་
གལ་ཏེ་དེ་འཕོ་བར་མི་འགྱུར་གྱི། འོན་ཀྱང་དེར་ཁྱད་པར་ཅན་གཞན་ཁོ་ན་ཞིག་འབྱུང་བར་འགྱུར་ན། འོ་ན་ནི་ཁྱད་པར་འབྱུང་བ་དེ་ངེས་པར་ཟིན་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེ་བས་ན་དེར་གཞན་མི་སྐྱེ་སྟེ། འོན་ཀྱང་དེ་ཉིད་འཕོ་བ་ཡིན་པར་ཤེས་སོ་ཞེས་བསྟན་པ་ཡིན་ནོ། །
སྦྱོར་བ་ནི་གང་ཞིག་གང་ལས་ཁྱད་པར་མི་དམིགས་པ་དེ་ནི་དེ་ལས་ཐ་དད་པ་མེད་དེ། དཔེར་ན་རང་བཞིན་གཅིག་པོ་དེ་ཉིད་རང་ལས་ཐ་དད་པ་མེད་པ་ལྟ་བུ་ཡིན་ལ། སྔ་མའི་རང་བཞིན་ལས་ཀྱང་ཡུལ་གཞན་དུ་འཕོས་པའི་རང་བཞིན་གྱི་ཁྱད་པར་མི་དམིགས་སོ། །དེའི་ཕྱིར་ཐ་དད་པ་ཡོད་པ་ཉིད་ནི་
เล่ม ๑๓๘ · หน้า 68b
དམིགས་པས་ཁྱབ་པའི་ཕྱིར་རང་བཞིན་མི་དམིགས་པ་ཡིན་ནོ་སྙམ་དུ་སེམས་སོ། །མེ་དང་། ཉི་མ་དང་། ཆབ་བྲོ་མ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཕ་རོལ་པོས་གཏན་ཚིགས་སྦྱོར་བ་མ་ངེས་པ་ཉིད་དུ་གསུངས་པ་ཡིན་ནོ། །ཕྲད་པ་ནི་འབྲེལ་པ་ཡིན་ཏེ། ཀུན་ཏུ་རེག་
ཅེས་བྱ་བའི་ཐ་ཚིག་གོ། །ཕྲད་མ་ཐག་ཏུ་ཞེས་བྱ་བ་ནི་དུས་རིང་པོར་དགག་པའི་ཕྱིར་ཏེ། དུས་རིང་པོར་ཕྲད་པ་ལ་ནི་ཁྱད་པར་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །བྲལ་བར་གྱུར་པ་ལ་ཞེས་བྱ་བ་ནི་རེག་མ་ཐག་ཏུ་གྱེས་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཞེ་ན། མེ་དང་། ཉི་མ་དང་།
ཆབ་བྲོ་མ་དང་ཚྭ་ལ་སོགས་པ་ལའོ། །སྩོགས་པ་སྨོས་པས་ནི་བུལ་ཏོག་ལ་སོགས་པ་བསྡུའོ། །ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་ཚོས་བྱེད་ལས་སྐྱེ་བའི་རྐྱེན་ཞེས་བྱ་བ་གསུངས་ཏེ། ཚོས་བྱེད་ལས་སྐྱེ་བ་འབྱུང་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ཚོས་
བྱེད་ལས་སྐྱེ་བའི་རྐྱེན་གང་དང་ཕྲད་མ་ཐག་ཏུ་བྲལ་བར་གྱུར་ཞེ་ན། བུམ་པ་ལ་སོགས་པ་དང་ངོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་དག་གཞན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འདིའི་ཕྱིར་ཡང་ཁྱད་པར་ངེས་
པར་མི་ཟིན་ལ། དེ་ན་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་ཞེ་ན། བསྲེག་བྱ་ཆ་ཤས་འདྲ་བ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་འབར་བ་གཞན་གང་དག་ལ་བསྲེག་བྱ་ཡང་ཡིན་ལ་ཆ་ཤས་འདྲ་བ་ཡང་ཡིན་པ་ཡོད་པ་དེ་དག་ནི་བསྲེག་བྱ་ཆ་ཤས་འདྲ་བ་ཅན་ནོ་ཞེས་
བྱ་བར་ཚིག་རྣམ་པར་སྦྱར་རོ། །འདྲ་བ་ཞེས་བྱ་བ་སྨོས་པ་ནི་མི་འདྲ་བ་བསལ་བར་བྱ་བའི་ཕྱིར་ཏེ། མི་འདྲ་བ་དེ་དག་ལ་ནི་ཆུང་ངུ་དང་ཆེན་པོའི་ཁྱད་པར་གྱི་བྱེ་བྲག་སྣང་བ་ཉིད་ཀྱི་ཕྱིར་རོ། །ཚྭ་ཞེས་སྨོས་པ་དེ་ནི་འགྱུར་བ་མྱུར་བས་འབར་བ་གཞན་གསལ་བར་རྟོགས་པའི་ཕྱིར་རོ། །རིང་པོ་
ཞེས་སྨོས་པ་ནི་ཁྱད་པར་ངེས་པར་གཟུང་བའི་ཕྱིར་ཏེ། ཐུང་ངུ་ལ་ནི་རེས་འགའ་ཁྱད་པར་མི་དམིགས་པར་འགྱུར་རོ། །འབྲེལ་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དཔེ་སྣ་ཚོགས་བརྗོད་པ་ནི་དོན་འདི་གསལ་བར་བྱ་བའི་ཕྱིར་རོ། །
เล่ม ๑๓๘ · หน้า 69a
འདི་ཐམས་ཅད་ཀྱིས་ནི་འདི་སྐད་དུ་གང་གི་ཕྱིར་བུམ་པ་དང་། མེ་འབར་བ་ལ་སོགས་པ་དེ་ལ་ཚོས་བྱེད་ལས་སྐྱེ་བ་ལ་སོགས་པའི་ཁྱད་པར་ཡོད་ཀྱང་འདུ་བྱེད་རྣམས་འདྲ་བས་བསླུས་པས་མི་དམིགས་ཏེ། དེའི་ཕྱིར་ངན་ངོན་མི་དམིགས་པ་ལས་མེད་པའི་ཐ་སྙད་ཀྱི་
ཡུལ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ནི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཅི་སྟེ་གཞན་གྱི་ལྟར་ན་ནི་ཕྲད་མ་ཐག་ཏུ་འབྱུང་བ་ཡིན་གྱི་དེ་ལ་ནི་ཕྲད་མ་ཐག་ཏུ་ཚོས་བྱེད་ལས་སྐྱེ་བ་འབྱུང་བ་མེད་པ་ཉིད་ལ་དེ་བཞིན་དུ་བསྲེག་བྱ་ཆ་ཤས་འདྲ་བ་ཅན་གྱི་མེ་འབར་བ་གཞན་རྣམས་
ཀྱི་ཁྱད་པར་ཡང་བྱུང་བ་མ་ཡིན་ན་ཅིའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་སྙམ་དུ་སེམས་པར་དགོངས་ནས། དེ་གཞུང་གཟུགས་པའི་ཕྱིར། འོན་ཏེ་ཕྲད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྐྱེན་རྣམས་སྐད་ཅིག་མ་མ་
ཡིན་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྲེག་བྱའི་ཆ་ཤས་གཞན་ཞེས་བྱ་བ་ནི་བསྲེག་བྱའི་ཆ་ཤས་ནི་བསྲེག་བྱའི་ཆ་ཤས་སོ། །དེ་ནི་བསྲེག་བྱའི་ཆ་ཤས་ཡང་ཡིན་ལ་གཞན་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ཞེས་བྱ་བའི་
ཚིག་གི་ཕྲད་སྤྱི་ནི་བསྡུ་བའི་དོན་ཏོ། །དེའི་ཁྱད་པར་ལས་ཞེས་བྱ་བ་ནི་བསྲེག་བྱའི་ཁྱད་པར་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཚད་དང་། གསལ་བ་དང་། ཚ་བའི་ཁྱད་པར་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ལ་ཚད་ཀྱི་ཁྱད་པར་ནི་རིང་པོ་དང་། ཐུང་ངུ་ལ་སོགས་པའི་ཁྱད་པར་རོ། །
གསལ་བའི་ཁྱད་པར་ནི་སྣང་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཁྱད་པར་རོ། །ཚ་བའི་ཁྱད་པར་ནི་རེག་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཁྱད་པར་རོ། །གསུམ་སྨོས་པ་ནི་དབྱིབས་དང་། ཁ་དོག་དང་། རེག་པའི་བྱེ་བྲག་གི་ཁྱད་པར་དང་ལྡན་པའི་མེ་འབར་བ་སྐད་ཅིག་
རེ་རེ་ལ་གཞན་དུ་འགྱུར་བར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་ངེས་པར་མི་ཟིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཇི་སྐད་དུ་བསྟན་པའི་མཇུག་བསྡུ་བ་གསུངས་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་གཞན་གྱི་གཏན་ཚིགས་སྦྱར་བ་རྒྱ་ཆེར་སུན་ཕྱུང་བ་དང་།
เล่ม ๑๓๘ · หน้า 69b
ཡང་གཞན་དག་ཇི་ལྟར་སྨྲ་བ་བཞིན་དུ་མི་རུང་དུ་ཟིན་ཀྱང་། འོ་ན་འཇིག་པའི་རྒྱུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་གཞན་སེམས་པར་བྱེད་དེ། ཅི་ཞེ་ན། དེ་ཉིད་ཡུལ་གཞན་དུ་འཕོས་པ་འདི་ཡིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འོ་ནའི་སྒྲ་ནི་མ་རངས་པའོ། །འདི་སྐད་དུ་སྔོན་གྱི་རང་
བཞིན་བཏང་ན་ནི། སྔོན་མེད་པའི་རང་བཞིན་ཐོབ་པའི་ཕྱིར། གཞན་ཞིག་སྐྱེ་བར་ཡང་འགྱུར་ན། དེའི་འཇིག་པའི་རྒྱུ་མེད་པའི་ཕྱིར་རང་བཞིན་གྱིས་འཇིག་པ་ཉིད་མེད་ན་གང་གི་ཕྱིར་ན་ཡུལ་གཞན་དུ་གཞན་ཞིག་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་ཉིད་ཡུལ་གཞན་དུ་འཕོས་པ་ཡིན་ནོ། །སྦྱོར་བ་ན་
གང་དང་གང་ལ་སྔ་མའི་རང་བཞིན་འཇིག་པ་མེད་པ་དེ་དང་དེ་ལ། རང་བཞིན་གཞན་འཐོབ་པས་འགྱུར་བ་མེད་དེ་དཔེར་ན། རུས་སྦལ་གྱི་སྤུ་ལྟ་བུ་ཡིན་ལ། ཡུལ་གཞན་ན་འདུག་པའི་དངོས་པོ་ཡང་འཇིག་པའི་རྒྱུ་མེད་པའི་ཕྱིར་སྔ་མའི་རང་བཞིན་འཇིག་པ་མེད་དོ། །དེ་ཉིད་འཇིག་པ་དང་། རང་
བཞིན་གཞན་འཐོབ་པ་གཉིས་ཀྱིས་སྐྱེ་བ་ལ་ཁྱབ་པའི་ཕྱིར་དེ་མེད་ན་ཁྱབ་པར་བྱ་བ་དེ་ཡང་མེད་པས། ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ་སྙམ་དུ་སྐད་ཅིག་མ་མ་ཡིན་པར་སྨྲ་བ་དག་སེམས་སོ། །འདིར་སྨྲས་པ། གཏན་ཚིགས་མ་གྲུབ་སྟེ། འདི་ལྟར་འདུ་བྱེད་རྣམས་ནི་རང་གི་ངང་གིས་
འཇིག་པའི་ཕྱིར་ན། གང་གིས་ན་སྐྱེ་བ་མི་སྲིད་པའི་ཕྱིར། དེ་ཉིད་ཡུལ་གཞན་དུ་འཕོ་བར་འགྱུར་བའི་འཇིག་པའི་རྒྱུ་ནི་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་པའི་རྒྱུ་ཡང་གང་ཡིན་ཏེ། །ཞེས་བྱ་བ་ནི་
མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་དེ་དག་ནི། སྐད་ཅིག་རེ་རེ་ལ་རང་གི་ངང་གིས་འཇིག་པ་ཉིད་དུ་གཞན་དག་གིས། བདག་ཉིད་ཀྱི་ཁས་བླངས་པས་དེ་ཉིད་བསྒྲུབ་པའི་ཕྱིར་འབད་པར་མི་བྱའོ། །སྒྲ་ལ་སོགས་པ་དང་། མེ་ལྕེ་དག་གིས་འཇིག་པའི་རྒྱུ་
ཡང་གང་ཞིག་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །སྒྲ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པ་ལ། བློ་ལ་སོགས་པ་སྐད་ཅིག་མ་ཉིད་དུ་གྲགས་པ་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་སྒྲ་དང་། མེ་ལྕེ་ལ་སོགས་པ་དག་ཀྱང་སྐད་ཅིག་རེ་རེ་ལ་རང་གི་ངང་གིས་འཇིག་པར་གཞན་བྱེ་
เล่ม ๑๓๘ · หน้า 70a
བྲག་པ་ལ་སོགས་པས་བདག་ཉིད་ཀྱིས་ཁས་བླངས་པས་དེ་ཉིད་བསྒྲུབ་པའི་ཕྱིར་སྔ་མ་བཞིན་དུ་འབད་པར་མི་བྱའོ། །སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་འདི་ཐམས་ཅད་ནི་སྐད་ཅིག་མ་ཉིད་དུ་གྲུབ་པའི་ཕྱིར་དཔེ་ཡིན་པར་རིག་པར་བྱའོ། །དེ་བཞིན་
དུ་གཞན་ལ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་ཀྱི་དོན་སྒྲུབ་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་དག་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལའོ། །མེད་པར་འགྱུར་
རོ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་ཇི་ལྟར་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དག་ལ་ཅི་དེ་དག་འཇིག་པའི་བདག་ཉིད་དུ་བྱུང་བ་དག་ཅིག་གམ། འོན་ཏེ་འཇིག་པའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པར་རྣམ་པར་བརྟགས་ན་འཇིག་
པའི་རྒྱུ་མི་སྲིད་པའི་ཕྱིར་འཇིག་པ་རྒྱུ་དང་བཅས་པར་མི་འདོད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གཞན་ལ་ཡང་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་དག་འདུས་བྱས་ཡིན་པ་དེ་དང་དེ་དག་ནི་འཇིག་པའི་རྒྱུ་ལ་མི་ལྟོས་པ་ཡིན་ཏེ། དཔེར་ན་སེམས་དང་།
སེམས་ལས་བྱུང་བ་ལ་སོགས་པ་ལྟ་བུ་ཡིན་ལ། བུམ་པ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་འདུས་བྱས་པ་ཡིན་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ལྟར་འདུས་བྱས་དང་འདུས་མ་བྱས་གཉིས་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་
ལ། འདུས་མ་བྱས་ཀྱང་འཇིག་པའི་རྒྱུ་ལ་ལྟོས་པ་དང་བཅས་པ་ཉིད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདུས་མ་བྱས་དང་། འགལ་བ་འདུས་བྱས་དམིགས་པ་དེའི་ཚེ། འདུས་མ་བྱས་ལྡོག་གོ། །ཁྱབ་པར་བྱེད་པ་དེ་ལོག་ན་དེས་ཁྱབ་པར་བྱ་བ་འཇིག་པའི་རྒྱུ་ལ་ལྟོས་པ་དང་བཅས་
པ་ཡང་ལྡོག་པར་འགྱུར་རོ། །སློབ་དཔོན་གྱིས་དེ་ལྟར་ཚད་མ་མཛད་པ་དང་། དེ་ལ་གཞན་དག་གི་དཔེ་མི་འགྲུབ་པར་བསྟན་པའི་ཕྱིར། དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་གི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་དག་གིའོ། །རང་ཉིད་ཀྱི་མི་རྟག་པ་ཉིད་ཡིན་ནོ་ཞེས་
เล่ม ๑๓๘ · หน้า 70b
བྱ་བ་ནི་བདག་ཉིད་ལ་ཡོད་པ་ཉིད་དེའི་རང་བཞིན་འཇོམས་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཇིག་པའི་རྒྱུ་གཞན་ཕྱི་རོལ་གྱི་མི་སྲིད་དུ་ཟིན་ཀྱང་། གང་གིས་ན་དེ་དག་འཇིག་པར་བྱེད་པ་རང་ལ་ཡོད་པ་ཉིད་ཀྱི་མི་རྟག་པ་ཉིད་
ཡོད་དོ། །དེ་བས་ན་དཔེ་བསྒྲུབ་པར་བྱ་བ་དང་མི་ལྡན་ནོ་སྙམ་དུ་སེམས་པ་ལ། དེ་བཞིན་དུ་གཞན་དག་ལ་ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ལ་སོགས་པ་འདིས་སློབ་དཔོན་གྱིས་ཧ་ཅང་ཐལ་བར་སྟོན་པར་མཛད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སེམས་དང་སེམས་ལས་བྱུང་
བ་དག་གི་མི་རྟག་པ་ཉིད་འཇིག་པའི་རྒྱུར་འདོད་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་དག་ལའོ། །གཞན་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇིག་པའི་རྒྱུའོ། །དེ་དག་ལ་མེད་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས་
པ་དག་ལའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་དག་ལ་སྟེ། མི་འདོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེ་བསྒྲུབ་པར་བྱ་བ་དང་ལྡན་པ་ཉིད་དུ་གཞུང་གཟུགས་པའི་རིགས་པ་མ་ཡིན་ནམ། ཧ་ཅང་ཐལ་བ་སྐབས་མ་
ཡིན་པ་གཞན་ཅི་སྟེ་སྨོས་ཤེ་ན། དེ་ནི་ཉེས་པ་མེད་དེ། འདི་ལྟར་འདི་སྙམ་དུ་ཅི་འཇིག་པའི་རྒྱུས་དེ་ཉིད་བྱེད་དམ། འོན་ཏེ་གཞན་ཞིག་བྱེད་ཅེས་བྱ་བ་ལ་སོགས་པའི་བརྟགས་པས། ཇི་ལྟར་ཕྱི་རོལ་གྱི་འཇིག་པའི་རྒྱུ་གཞན་མི་སྲིད་པ་ལྟར་མི་རྟག་པ་ཉིད་ཀྱང་དེ་དང་འདྲ་སྟེ།
བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་རོ། །འོན་ཏེ་དེ་ལྟ་ཡིན་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་མི་རྟག་པ་ཉིད་འཇིག་པའི་རྒྱུ་ཡིན་པར་ཁས་ལེན་གྱི། ཕྱི་རོལ་གྱི་འཇིག་པའི་རྒྱུ་གཞན་ནི་མ་ཡིན་ན། དེ་བཞིན་དུ་བུམ་པ་ལ་སོགས་པ་གཞན་དག་ལ་ཡང་དེ་ཁོ་ན་དང་
འདྲ་བར་འགྱུར་རོ་ཞེས་ཐལ་བར་སྒྲུབ་པའི་ཐབས་ཀྱིས། དཔེ་གཞུང་འཛུགས་པར་མཛད་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་ཐལ་བ་བསྒྲུབས་པ་དང་། འདིར་སྐད་ཅིག་མ་མ་ཡིན་པར་སྨྲ་བ་གཞན་དག་གལ་ཏེ་མེད་ན་ཞེས་བྱ་བ་ལ་སོགས་པས། བུམ་པ་ལ་སོགས་པ་ལ་ཕྱི་རོལ་
เล่ม ๑๓๘ · หน้า 71a
གྱི་འཇིག་པའི་རྒྱུ་ཡོད་པ་ཉིད་དུ་གཞུང་འཛུགས་ཏེ། གལ་ཏེ་མེད་ན་ཞེས་བྱ་བ་ནི་གལ་ཏེ་ཕྱི་རོལ་གྱི་འཇིག་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །མེ་ལ་སོགས་པ་དང་ཕྲད་པའི་སྔོན་རོལ་དུ་ཡང་ཞེས་བྱ་བ་ནི་མེ་དང་ཕྲད་པ་བས་སྔར་ཏེ། མེ་ལ་སོགས་པ་དང་མ་
འབྲེལ་བའི་གནས་སྐབས་སུ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དེའི་འོག་རོལ་བཞིན་དུ་ཞེས་བྱ་བ་ནི་མེ་ལ་སོགས་པ་དང་ཕྲད་པའི་འོག་ཅེས་བྱ་བའི་དོན་ཏོ། །ཡང་ན་ནི་དེའི་ཕྱིས་ཀྱང་འཛིན་པར་འགྱུར་རོ་ཞེས་བཟློག་པར་བྱ་བ་སྟེ། ཕྱི་རོལ་གྱི་འཇིག་པའི་རྒྱུ་ནི་ཐམས་ཅད་དུ་མེད་པར་འདྲ་བའི་
ཕྱིར་རོ་ཞེ་ན། རེ་ཞིག་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱིས་དྲི་བའི་སྒོ་ནས་མར་མེ་ལ་སོགས་པ་གཟུང་བ་དང་། མི་གཟུང་བར་གྲགས་པས་དེ་མེད་པ་ཁོ་ནར་སྒྲུབ་པར་མཛད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་བསྣན་པ་བསྟན་ཏོ། །ཕྲད་པ་ཙམ་གྱིས་བྲལ་མ་ཐག་པ་ན་
ཡང་འགྱུར་རོ་ཞེས་བྱ་བ་ཅི་ཞེ་ན། མི་གཟུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ཚོས་བྱེད་ལས་སྐྱེ་བའི་ཕྱི་རོལ་གྱི་རྐྱེན་ཁྱད་པར་མེད་ན་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་འཇིག་པའི་རྒྱུ་མི་འཐད་དོ། །ཁྱད་པར་ཅན་
དང་ཆོས་ཁྱད་པར་ཅན་དང་། ཆེས་ཤིན་ཏུ་ཁྱད་པར་ཅན་འབྱུང་བ་ལ་ཞེས་བྱ་བ་ནི། དམར་བ་དང་། ཆེས་དམར་བ་ལ་སོགས་པ་ལའོ། །ཇི་ལྟར་འབྱུང་བ་དག་ལ་ཞེ་ན། དེའི་ཕྱིར། ཕྱི་མ་ཕྱི་མའི་རྒྱུ་ཉིད་ཀྱིས། །ཞེས་བྱ་བ་གསུངས་ཏེ། དམར་བ་ལ་སོགས་པ་ཕྱི་མ་ཕྱི་མ་འབྱུང་
བའི་རྒྱུའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཅེ་ན། མེ་ལ་སོགས་པའི་ཞེས་བྱ་བ་ཚིག་གི་ལྷག་མའོ། །སྔ་མ་དག་གི་ཞེས་བྱ་བ་ནི་དམར་བ་ལ་སོགས་པ་སྔ་མ་སྔ་མ་འབྱུང་བའི་ཞེས་བྱ་བའི་དོན་ཏོ། །འཇིག་པ་གང་ལས་འབྱུང་ཞེས་བྱ་བ་ནི། མེ་ལྕེ་ལ་སོགས་པ་
ལས་སམ། འོན་ཏེ་གཞན་འགའ་ཞིག་ལས་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཞན་ཅིའི་ཕྱིར་ཐེ་ཚོམ་ཟ་འོན་ཀྱང་མེ་ལ་སོགས་པ་ཉེ་བ་ཉིད་དེ་དག་གི་འཇིག་པའི་རྒྱུར་འགྱུར་རོ་སྙམ་དུ་འདོད་པར་དོགས་ནས། གང་ཁོ་ན་ལས་གང་ཡོད་པ་དེ་ཁོ་ན་ལས་མེད་པ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་
เล่ม ๑๓๘ · หน้า 71b
བ་གསུངས་སོ། །ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་འགལ་བ་གཉིས་ཀྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ཐ་དད་ན་ནི་དངོས་པོ་རྣམས་ཀྱང་ཐ་དད་པར་འགྱུར་ཏེ། གལ་ཏེ་གཞན་གྱི་རྒྱུ་གཞན་ཡིན་ན། གཞན་གྱི་གཞན་ཡིན་ནོ་ཞེས་སོ་སོར་ངེས་པར་འགྱུར་རོ། །དེ་བས་ན་
གང་སྐྱེ་བ་ལ་ཕན་འདོགས་པར་བྱེད་པ་གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པར་ཇི་ལྟར་འགྱུར་ཏེ། དེ་ནི་འགལ་བ་ཡིན་ནོ། །དེ་བས་ན་འཇིག་པའི་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དོ། །ཅི་སྟེ་གཞན་འཇིག་པའི་རྒྱུ་མེད་པར་འཇིག་པ་ཡིན་ལ་དེ་ལྟ་ན། སྔ་མ་
བཞིན་དུ་མེ་ལ་སོགས་པ་དང་ཕྲད་པའི་འོག་ཏུ། བུམ་པ་ལ་སོགས་པ་གཟུང་བར་ཇི་ལྟར་མི་འགྱུར་ཏེ། ད་དུང་དུ་ཁྱོད་ཀྱིས་བརྒལ་བ་དེའི་ལན་མ་བཏབ་པོ་སྙམ་དུ་སེམས་པར་དོགས་ནས། སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་། མི་གཟུང་བ་རིག་
པར་བྱའོ་ཞེས་བར་དུ་ཆོད་པ་དང་སྦྱར་རོ། །གཟུང་བ་དང་མི་གཟུང་བ་ནི་གཟུང་བ་དང་། མི་གཟུང་བའོ། །དེ་ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་སྨད་ཀྱི་ཁྱད་པར་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨད་ཀྱི་ཁྱད་པར་མེད་པ་ནི་འདྲ་བ་གཞན་དང་། གཞན་འབྱུང་བས་མཚན་
ཉིད་མི་འདྲ་བ་མཚར་ཅིག་མེད་པ་ཞེས་བྱ་བའི་དོན་ཏོ། །འཇུག་པ་དང་། ལྡོག་པ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་འཇུག་པས་ནི་སྔ་མ་བཞིན་དུ་གཟུང་བ་ཡིན་ལ། ལྡོག་པས་ནི་སྔ་མ་བཞིན་དུ་གཟུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་
པ་གཏན་ཚིགས་བསྣན་པ་བསྟན་པ་འདིའི་ཕྱིར་ཡང་། ཇི་ལྟར་འཇིག་པའི་རྒྱུ་མེད་པར་ཁོང་དུ་ཆུད་པར་བྱོས་ཤིག །དཔེར་ན་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དེ་དག་དང་། བུམ་པ་ལ་སོགས་པ་གཞན་དག་སྐྱེ་བ་ཐམས་ཅད་
ནི་རྒྱུ་དང་བཅས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། རྒྱུ་མེད་པ་ཡིན་ན། རྟག་ཏུ་ཡོད་པའམ། མེད་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་འཇིག་པ་ཡང་རྒྱུ་དང་ལྡན་པར་འདོད་ན་ནི་དེ་ཡང་དེ་ཉིད་དང་འདྲ་བར་འགྱུར་ཏེ། དེའི་ཕྱིར་འཇིག་པ་ཐམས་ཅད་རྒྱུ་དང་བཅས་པར་འགྱུར་རོ། །སེམས་
เล่ม ๑๓๘ · หน้า 72a
དང་སེམས་ལས་བྱུང་བ་ལ་སོགས་པ་ཞེས་སྨོས་པ་ནི་ཁྱོད་མི་འདོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་ཕ་རོལ་པོ་དེ་དག་ལ་ཡང་འཇིག་པའི་རྒྱུ་རང་མི་རྟག་པ་ཉིད་ཡོད་དོ། །དེ་བས་ན་ཐམས་ཅད་འཇིག་པའི་རྒྱུ་དང་བཅས་པ་ཉིད་དུ་བསྒྲུབ་པར་
བྱ་བ་ནི། ང་མི་འདོད་པ་ཉིད་མ་ཡིན་ནོ་ཞེས་ཟེར་དུ་དོགས་ནས། མི་རྟག་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ལས་སོ། །གཞན་པར་ཞེས་བྱ་བ་ནི་ལོགས་ཤིག་ཏུའོ། །འདི་སྐད་དུ་གང་གིས་ན། སེམས་དང་
སེམས་ལས་བྱུང་བ་རྣམས་ཀྱི་འཇིག་པ་ཡང་རྒྱུ་དང་བཅས་པར་འགྱུར་བ་མི་རྟག་པ་ཉིད་ཅེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་ལས་ལོགས་ཤིག་ན་ཡོད་པར་མངོན་སུམ་ལ་སོགས་པའི་ཚད་མས་ཅུང་ཟད་ཀྱང་གྲུབ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་རྒྱུའི་ཁྱད་པར་ལས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་ཁྱད་པར་ལས་ཞེས་བྱ་བ་ནི། འཇིག་པའི་རྒྱུའི་ཁྱད་པར་ལས་སོ། །དེའི་ཁྱད་པར་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ནི་འཇིག་པའི་ཁྱད་པར་ཡོད་པར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་འདྲ་བའི་ཁྱད་པར་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་མེ་དང་། ཉི་མ་ཞེས་བྱ་
བ་ལ་སོགས་པ་སྨོས་སོ། །དངོས་པོ་ལ་ནི་ཁྱད་པར་རམ། ཁྱད་པར་མེད་པར་འགྱུར་མོད། འཇིག་པ་ནི་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ཅུང་ཟད་ཀྱང་མེད་པ་མ་ཡིན་ནམ་ཇི་ལྟར་རྒྱུའི་ཁྱད་པར་ལས་དེ་ལ་ཡང་ཁྱད་པར་ཡོད་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་
ལྟར་གང་གི་ཚེ་སྐྱེ་བ་བཞིན་དུ་དེ་ཡང་བློ་གྲོས་རྣམ་པར་རྨོངས་པ་གཞན་དག་གིས་རྒྱུ་དང་བཅས་པར་དམ་བཅས་པ་ན། དེ་ཅི་ཞིག་གིས་ན། འཇིག་པ་དེ་ཅུང་ཟད་ཀྱང་མེད་པ་ཉིད་ཡིན་ནོ་ཞེས་དགོངས་པའོ། །གཞན་ཡང་འཇིག་པ་དང་ལྡན་པར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་
ཡང་ཡོད་དེ། རྒྱུ་དང་བཅས་པ་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་བཞིན་དུ། འཇིག་པ་ཡང་དངོས་པོ་ཉིད་དུ་གྱུར་པ་ཡིན་ལ། དེ་ཡང་འདུས་བྱས་ཡིན་པའི་ཕྱིར་འཇིག་པ་སྟེ། འཇིག་པ་གཞན་དང་ཡང་ལྡན་པར་འགྱུར་རོ། །དེའི་ཕྱིར་དེ་ཡང་འཇིག་པ་གཞན་དང་ལྡན་པ་ཉིད་པས་
เล่ม ๑๓๘ · หน้า 72b
ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འཇིག་པའི་རྒྱུ་ནི་འགའ་ཡང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བས། འདི་སྐད་དུ་གསུངས་པའི་མཇུག་སྡུད་པ་ཡིན་ནོ། །གང་དང་གང་དག་འདུས་བྱས་ཡིན་པ་དེ་དང་དེ་དག་ནི་འཇིག་པའི་རྒྱུ་ལ་མི་ལྟོས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་
ཚད་མ་སྔ་མའི་དོན་ཀྱང་སྦྱར་བར་བྱའོ། །དེ་བས་ན་གཟུགས་ལ་སོགས་པའི་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་དག་འཇིག་པའི་རྒྱུ་ལ་མི་ལྟོས་པ་དེ་དང་དེ་དག་ནི། རང་གི་ངང་གིས་འཇིག་པ་དག་ཡིན་ཏེ་དཔེར་ན་སེམས་དང་སེམས་ལས་བྱུང་བ་ལ་
སོགས་པ་དེ་དག་ཉིད་ལྟ་བུ་ཡིན་ལ། གཟུགས་ལ་སོགས་པ་འདུ་བྱེད་རྣམས་ཀྱང་འཇིག་པའི་རྒྱུ་ལ་མི་ལྟོས་པ་ཡིན་ནོ། །རང་གི་ངང་གིས་འཇིག་པ་ནི། འཇིག་པའི་རྒྱུ་ལ་མི་ལྟོས་པ་ཙམ་དང་འབྲེལ་པ་ཡིན་པས། རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་གཞན་
གྱིས་སྦྱར་བའི་གཏན་ཚིགས་གཉིས་པ་ཡང་རྒྱ་ཆེར་སུན་ཕྱུང་བ་དང་། ཡང་སྐད་ཅིག་པ་མ་ཡིན་པར་སྨྲ་བ་གཞན་དག་འགྲོ་བ་རབ་ཏུ་སྒྲུབ་པའི་ཕྱིར་འོ་ན་དེ་གཞན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཞན་སེམས་སོ། །འདི་སྐད་དུ་རྒྱུ་གཞན་ཡོད་
ན་འབྱུང་བ་ཉིད་ཀྱིས་དེ་ལ་རག་ལས་པའི་ཕྱིར་ཡུལ་གཞན་དེར་གཞན་སྐྱེ་བར་རྟག་པ་ཞིག་ན་གང་གི་ཚེ། རྒྱུ་དེ་ཉིད་མེད་པ་དེའི་ཚེ་དེ་མེད་པའི་ཕྱིར། ཇི་ལྟར་གཞན་སྐྱེ་བར་འགྱུར། དེ་བས་ན་དེ་ཉིད་འཕོ་བར་མངོན་ནོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་། རྒྱུ་དང་བྲལ་བ་དེ་ནི་
འབྱུང་བ་མེད་དེ། དཔེར་ན་བོང་བུའི་རྭ་ལྟ་བུ་ཡིན་ལ། ཡུལ་གཞན་ན་གནས་པའི་དངོས་པོ་ཡང་རྒྱུ་དང་བྲལ་བ་ཡིན་ནོ། །དེ་ནི་རྒྱུ་ལ་རག་ལས་པའི་ཕྱིར་དེ་མེད་ན་དེ་ཡང་མེད་པས། རྒྱུ་མི་དམིགས་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལྟར་གཞན་དག་གི་ཕྱོགས་སྔ་མ་བཙུགས་པ་
དང་། འདིར་སློབ་དཔོན་གྱི་གཏན་ཚིགས་མ་ངེས་པ་ཉིད་དུ་བསྙད་པའི་ཕྱིར། སྔ་མ་ནི་ཕྱི་མ་སྐྱེ་བའི་རྒྱུ་ཡིན་པས་ཡོད་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ལོགས་ཤིག་ན་རྒྱུ་གཞན་མེད་དུ་ཆུག་ན་ཡང་དངོས་པོ་ཡུལ་གཞན་ན་
เล่ม ๑๓๘ · หน้า 73a
གནས་པའི་སྐལ་བ་མཉམ་པའི་རྒྱུ་སྐད་ཅིག་མ་སྔ་མ་སྔ་མས་བསྡུས་པ་ཡིན་པ་ན། འདི་ལྟར་དེ་རྒྱུ་དང་བྲལ་བ་ཡིན་ནོ་ཞེས་ཅིའི་ཕྱིར་བཟློག །དཔེ་མང་པོ་སྨོས་པ་ནི་དོན་དེ་གསལ་བར་བྱ་བའི་ཕྱིར་རོ། །དེ་བས་ན་འཕོ་བའི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་
སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །འཕོ་བའི་མཚན་ཉིད་ཀྱིས་འགྲོ་བ་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། བར་ཆད་མེད་པར་ཡུལ་གཞན་དུ་འབྱུང་བ་ལ་འགྲོ་བ་བཏགས་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་ཡང་། དངོས་པོ་གནས་ན་འགྲོ་བ་མེད། །
ཅེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་དངོས་པོ་རྣམས་ཀྱི་འགྲོ་བ་མེད་པར་ཁོང་དུ་ཆུད་པར་བྱ་བའོ། །འདི་སྐད་དུ་འདིར་གཞན་ནི་འདི་ལྟ་སྟེ། དངོས་པོ་གནས་པའམ། མི་གནས་པ་ཞིག་ལ་འགྲོ་བ་ཡོད་དོ་སྙམ་དུ་དེ་ཙམ་ཞིག་གི་རྟོག་པ་འབྱུང་བར་འགྱུར་གྲང་ན། དེ་ལ་རེ་ཞིག་གནས་པ་ལ་
འགྲོ་བ་མེད་དོ། །གནས་པ་དང་། འགྲོ་བ་ཕན་ཚུན་དུ་འགལ་བའི་ཕྱིར་རོ། །འོ་ན་མི་གནས་པ་ལ་ཡོད་དོ་ཞེ་ན། དེ་ཡང་མེད་དེ། འགྲོ་བ་མེད་པར་ནི་མི་གནས་པ་ཉིད་མི་སྲིད་དོ། །ཅིའི་ཕྱིར་འགྲོ་བ་མི་སྲིད་ཅེ་ན། དེ་ནི། འགྲོ་བ་མེད་དང་རྟག་ཏུ་གནས། །ཞེས་བྱ་བས་བསྟན་ཏོ། །དེ་
ལྟར་སློབ་དཔོན་གྱིས་སྐད་ཅིག་རེ་རེ་ལ་འདུ་བྱེད་རྣམས་འབྱུང་བར་རབ་ཏུ་བསྒྲུབས་པ་དང་། མངོན་པར་ཞེན་པའི་ཕྱིར། གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པས་ཡང་རྒོལ་བར་བྱེད་དོ། །གཞན་ན་སྣང་བ་དེ་ཅི་ཡིན་ཞེས་བྱ་བ་ནི་དེ་ཉིད་སྣང་ངོ་ཞེས་བྱ་བར་བསམས་པའོ། །དེ་ཉིད་སྣང་བ་
ནི་མ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་འགོག་པར་མཛད་པའོ། །འོ་ན་ཅི་ཞེ་ན་ཞེས་ཟེར་བ་ནི་གཞན་ནོ། །ཡུལ་དང་ཡུལ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །གསར་དང་གསར་ཅི་ཞེ་ན། སྣང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་དང་འདྲ་ཞེ་ན། དེའི་ཕྱིར་རྩྭ་མེ་ལྟ་བུའམ།
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་ཇི་ལྟར་ཁྱད་པར་མངོན་པར་མི་རྟོགས་པའི་ཕྱིར། མེ་འབར་བ་ན་མེ་དེ་ཉིད་འགྲོ་ཞེས་མངོན་པའི་ང་རྒྱལ་འབྱུང་བ་དེ་བཞིན་དུ་མི་འགྲོའོ། །གྲིབ་མ་འགྲོའོ་སྙམ་དུ་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར། དོན་དམ་པར་མེ་འབར་བ་དང་། གྲིབ་
เล่ม ๑๓๘ · หน้า 73b
མ་ལ་འགྲོ་བ་མེད་དོ། །གཟུགས་ལ་སོགས་པ་འདུ་བྱེད་སྐད་ཅིག་རེ་རེ་ལ་གཞན་དང་གཞན་འབྱུང་བ་དག་ལ་ཡང་དེ་བཞིན་དུ་འདོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །མངོན་ཆེས་པའི་ཕྱིར་མེ་འབར་བའི་འགྲོ་བ་ལྟ་མངོན་པའི་ང་རྒྱལ་དུ་ཆུག་ན། གྲིབ་མ་ནི་གཟུགས་ལ་སོགས་
པ་བཞིན་དུ་བརྩད་པ་ཡིན་པའི་ཕྱིར། ཇི་ལྟ་བུ་ཡིན་སྙམ་དུ་དོགས་པས། གྲིབ་མ་ཡང་སྐད་ཅིག་མ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར། གྲིབ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་ལྡན་པ་ཞེས་བྱ་བ་ནི་གྲིབ་མ་དང་ལྡན་པའི་མི་ལ་སོགས་པའོ། །དེ་སྐྱེ་བ་དང་། འགྲིབ་པ་དང་།
འགྱུར་བར་སྣང་བའི་ཕྱིར་ཞེས་བྱ་བ་ནི། གྲིབ་མ་སྐྱེ་བ་དང་། འགྲིབ་པ་དང་། འགྱུར་བར་སྣང་བའི་ཕྱིར་རོ། །འདི་སྐད་དུ་ཉི་མ་ཐག་རིང་ན་གྲིབ་མ་སྐྱེ་བར་སྣང་། ཉེ་ན་ནི་གྲིབ་མ་འགྲིབ་པར་སྣང་། འགྱུར་བས་ནི་འགྱུར་བར་སྣང་བ་ཡིན་ནོ། །གལ་ཏེ་གྲིབ་མ་ཡུལ་གཞན་དུ་འཕོ་
ན། དེ་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་ཇི་ལྟར་ན་གྲིབ་མ་དང་ལྡན་པའི་མི་ལ་སོགས་པ་འདུག་བཞིན་དུ། དེ་ཉི་མ་འགྱུར་བའི་རྗེས་སུ་འགྱུར་བ་བསྟེན་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །རྒོལ་བ་གང་ཞིག་གྲིབ་མ་ཡུལ་གཞན་དུ་འཕོ་བ་ཉིད་ཡིན་གྱི། འབྱུང་བ་ནི་མ་ཡིན་
པར་ལྟ་བ་དེའི་ལྟར་ན་དེ་ནི་གཅིག་པ་ཉིད་ཡིན་པའི་ཕྱིར་སྐད་ཅིག་པ་ཡང་མ་ཡིན་ན་དེ་ཅིའི་ཕྱིར། དེ་དང་ལྡན་པ་འདུག་བཞིན་དུ། །ཞེས་བྱ་བ་ནི་ཁྱད་པར་སྨོས། དེ་ལ་ནི་གནས་འགྱུར་བས་ཀྱང་འགྱུར་བ་ཡོད་པར་མི་སྲིད་དོ་ཞེ་ན། དེ་ནི་བདེན་ཏེ་འོན་ཀྱང་རྫ་མ་དང་། འབྲུ་མར་བཞིན་
དུ་དེ་ལ་བརྟེན་པ་དེ་ཙམ་གྱིས་གནས་ཀྱི་དབང་གིས་གྲིབ་མ་དེ་འགྱུར་བ་ཡིན་དུ་ནི་ཆུག་ན། དེ་དང་ལྡན་པར་འདུག་བཞིན་དུ་དེ་དག་གཅིག་པ་ཡིན་པའི་ཕྱིར། ཉི་མའི་འགྱུར་བས་འགྱུར་བར་མི་རུང་ངོ་ཞེས་ཞལ་གྱིས་བཞེས་ནས་བཤད་དོ་སྙམ་དུ་དགོངས་པ་ཡིན་ནོ། །སྣང་བའི་
ཕྱོགས་གཞན་དུ་བསྒྲིབས་ན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། གྲིབ་མ་དེ་ཉིད་ཡུལ་གཞན་དུ་སྣང་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དགོངས་པ་ནི་གལ་ཏེ་གྲིབ་མ་དེ་ཉིད་ཡུལ་གཞན་དུ་འཕོ་བ་ན། འོ་ན་ནི་རེ་ལྡེ་དང་། རྩིག་པ་ལ་སོགས་པས་སྣང་བའི་ཕྱོགས་གཞན་དུ་
เล่ม ๑๓๘ · หน้า 74a
བསྒྲིབས་ན་དེ་འབྱུང་བར་དམིགས་པར་མི་འགྱུར་གྱི། འོན་ཀྱང་ཐམས་ཅད་དུ་དམིགས་པ་ཁོ་ནར་འགྱུར་ཏེ། དེ་ནི་སྣང་བའི་ཕྱོགས་མ་བསྒྲིབས་པ་གཞན་དུ་ཡང་། འཕོ་བར་ཁྱད་པར་དུ་མེད་པའི་ཕྱིར་རོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་སྐད་ཅིག་རེ་རེ་ལ་
གཞན་དུ་འགྱུར་བའི་ཕྱིར་གྲིབ་མ་ཡང་མེ་འབར་བ་དང་། ཚུལ་འདྲ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་འདུ་བྱེད་རྣམས་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་བསྒྲུབས་ནས། སློབ་དཔོན་གྱིས་རྒོལ་བ་གཞན་གྱིས་སྨྲས་པ་ལ་ཡང་། གང་ཞིག་ཅེས་བྱ་བ་ལ་སོགས་པ་སླ་
ཆོས་ཀྱིས་རྩིས་མགོས་བསྒྲེ་བར་མཛད་དོ། །གང་ཞིག་ཅེས་བྱ་བ་ནི་རྒོལ་བའོ། །བརྩད་པ་ཞེས་བྱ་བ་ནི་བརྒལ་བ་སྟེ། སྐད་ཅིག་པས་སྨྲ་བས་ཞེས་བྱ་བ་ཚིག་གི་ལྷག་མའོ། །ཇི་ལྟར་རྒོལ་ཞེ་ན། དེའི་ཕྱིར་འདི་ག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་ཡུལ་གཞན་ན་
སྣང་བ་གང་ཡིན་པའོ། །དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་མཐོང་བ་གང་ཡིན་པ་ཞེས་བྱ་བ་ཚིག་གི་ལྷག་མའོ། །འདི་ག་ལས་ཞེས་བྱ་བ་ནི་ཅིའི་ཕྱིར་རོ། །ཕྱིར་རྒོལ་བར་འགྱུར་བ་ཞེས་བྱ་བ་ནི། སྐད་ཅིག་པར་སྨྲ་བ་དེ་ཉིད་ལ་དེ་རྩོད་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཁུངས་
ཡིན་ནོ་ཞེས་བྱ་བ་ནི། བཤད་མ་ཐག་པ་དེ་ཉིད་གཞན་དུ་འགྱུར་བའི་ཡིད་ཆེས་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅི་ཞེ་ན། དེའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་ཚོས་བྱེད་ལས་སྐྱེ་བ་རྣམས་ཀྱི་ཕྱི་རོལ་གྱི་རྐྱེན་ཐ་དད་པ་མེད་པས་ཀྱང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་མེ་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་རྣམས་ནི། སྐད་ཅིག་པ་མ་ཡིན་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐ་དད་མེད་དོ། །གལ་ཏེ་ཡང་དེ་དང་ཕྲད་མ་ཐག་ཁོ་ནར་བུམ་པ་ལ་སོགས་པ་སྔོན་གྱི་གཟུགས་འཛིན་པས་ཕྱི་མའི་གཟུགས་ཀྱི་ཁྱད་པར་འབྱུང་
བར་མི་འགྱུར་ན་ནི་ཕྱིས་ཀྱང་མི་འགྱུར་ཏེ། རྐྱེན་རྣམས་ནི་སྔ་མ་བཞིན་དུ་སྔོན་གྱི་རང་བཞིན་མ་བཏང་བའི་ཕྱིར་རོ། །དེ་ལྟ་ཡང་མ་ཡིན་ཏེ། འོན་ཀྱང་ཁྱད་པར་དམིགས་སོ། །དེ་ལྟ་བས་ན་ཕྱི་མའི་ཁྱད་པར་གཟུང་བ་འདི་ཉིད་ཚོས་བྱ་དང་། ཚོས་བྱེད་ཀྱི་རྫས་རྣམས་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བའི་
เล่ม ๑๓๘ · หน้า 74b
ཁུངས་ཏེ། གཏན་ཚིགས་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །གཞན་ཡང་རེ་ཞིག་ངེད་ཀྱི་གཞན་དུ་འགྱུར་བའི་གཏན་ཚིགས་རྒྱ་ཆེར་བཤད་ཟིན་མོད་ཀྱི་ཁས་བླངས་ཏེ། ཡང་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་འགྱུར་བའི་ཞེས་བྱ་བ་ནི་གཞན་དུ་འགྱུར་
བར་བསྒྲུབ་པར་བྱ་བའིའོ། །ཁུངས་མེད་པས་ཞེས་བྱ་བ་ནི་གཏན་ཚིགས་མེད་པས་སོ། །དངོས་པོར་རྟོག་པར་བྱེད་ན་ཞེས་བྱ་བ་ནི། དེ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི་དངོས་པོ་སྟེ། གང་ལས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཉིད་ཀྱི་དངོས་པོ་ནི་
དེའི་དངོས་པོ་སྟེ། གནས་པའི་འགྲོ་བ་ནི་དངོས་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དངོས་པོ་ཡིན་པའི་ཞེས་བྱ་བ་ནི་རང་བཞིན་གཅིག་པའི་དངོས་པོ་སྟེ། རང་བཞིན་ཐ་མི་དད་པའི་དངོས་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །གང་
གི་ཕྱིར་ཅི་གཅིག་པ་ཉིད་ཡིན་ནམ། འོན་ཏེ་གཞན་དུ་འགྱུར་བ་ཉིད་ཡིན་ཞེས་ཐེ་ཚོམ་ཟ་སྟེ། ཁུངས་མེད་པའི་ཕྱིར་རོ། །དེ་བས་ན་གཉི་གར་ངེས་པར་མི་གཟུང་བར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི། ཕྱོགས་གཉི་གར་ངེས་པར་མི་གཟུང་བར་ཐལ་བར་འགྱུར་བ་སྟེ། དེའི་དངོས་
པོའམ། གཞན་དུ་འགྱུར་བའི་དངོས་པོར་ངེས་པར་གཟུང་དུ་མེད་པར་ཐལ་བར་འགྱུར་བས་སོ། །དེ་ཡང་འདོད་པ་མ་ཡིན་ཏེ། དངོས་པོ་གཅིག་ལ་དེའི་དངོས་པོ་དང་། གཞན་དུ་འགྱུར་བའི་དངོས་པོ་ཕན་ཚུན་འགལ་བ་དག་དང་ལྡན་པ་ནི་མ་ཡིན་ནོ། །འཕོ་བ་ནི་མ་གྲུབ་པ་ཁོ་ན་ཡིན་
ནོ་ཞེས་བྱ་བ་ནི། འཕོ་བ་ནི་གཏིང་མི་ཚུགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ནི་གང་དང་། གང་དག་སྐད་ཅིག་པ་ཡིན་པ་དེ་དང་། དེ་དག་ལ་ཡུལ་གཞན་དུ་འཕོ་བ་མེད་དེ། དཔེར་ན་མེ་འབར་བ་དང་། གྲིབ་མ་ལ་སོགས་པ་ལྟ་བུ་ཡིན་ལ། གཟུགས་ལ་སོགས་པ་འདུ་
བྱེད་རྣམས་ཀྱང་སྐད་ཅིག་པ་ཡིན་པས་ཁྱབ་པར་བྱེད་པ་འགལ་བར་དམིགས་པའོ། །འདི་ལྟར་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ནི་ཕན་ཚུན་སྤངས་ཏེ། གནས་པས་འགལ་བ་ཡིན་ལ། འཕོ་བ་ཡང་སྐད་ཅིག་པ་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་དང་འགལ་བ་སྐད་ཅིག་
เล่ม ๑๓๘ · หน้า 75a
པ་དམིགས་པ་ན། སྐད་ཅིག་མ་ཡིན་པ་ལྡོག་གོ། །དེ་ལོག་ན་དེས་ཁྱབ་པར་བྱ་བ་འཕོ་བ་ཡང་ལྡོག་པར་འགྱུར་རོ། །དེ་ལྟར་སློབ་དཔོན་གྱིས་རྒྱ་ཆེར་འགྲོ་བ་རྣམ་པར་རིག་བྱེད་མ་ཡིན་ནོ་ཞེས་འཕགས་པ་མང་པོས་བཀུར་བའི་སྡེ་པ་དག་གི་ཕྱོགས་སུན་
ཕྱུང་བ་དང་། འདིར་མདོ་སྡེ་པའི་ཁྱད་པར་རྣམས་ལས། ཉི་མ་འཆར་ཀ་པ་ཞེས་བྱ་བ་ལ་ལ་དག་ཆོས་གཞན་གྱི་རང་བཞིན་ཞིག་རྣམ་པར་རིག་བྱེད་ཡིན་པར་བརྗོད་པས་ན། ཉི་མ་འཆར་ཀ་པ་དག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མ་འཆར་ཀ་པ་དག་ན་རེ་ཞེས་བྱ་བ་ནི། གནས་བརྟན་
གཞོན་ནུ་ལེན་གྱིས་བྱས་པའི་བསྟན་བཅོས་ཉི་མ་འཆར་ཀ་ཞེས་བྱ་བ་དེས་ཐ་སྙད་བརྗོད་པ་གང་དག་ཡིན་པ་དེ་དག་ནི་ཉི་མ་འཆར་ཀ་པ་དག་གོ། །གལ་ཏེ་ཁ་ཅིག་ན་རེ་འོན་ཀྱང་འདུ་བྱེད་རྣམས་ནི་རང་བཞིན་གྱིས་འཇིག་པའི་ཕྱིར་འཕོ་བ་མེད་ལ། དེས་ན་དེ་མེད་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་མེད་ན།
འཇིག་རྟེན་ན་འགྲོ་བའི་ཐ་སྙད་དམ། རྣམ་པར་རིག་བྱེད་ཀྱི་ཐ་སྙད་ཇི་ལྟར་འབྱུང་ཞེས་ཟེར་བ་འདིས་དོགས་ནས། དེའི་ཕྱིར་ཡུལ་གཞན་དུ་འབྱུང་བའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་གཞན་དུ་འབྱུང་བའི་རྒྱུ་ཞེས་བྱ་བ་ནི། ཡུལ་གཞན་དུ་འདུ་བྱེད་རྣམས་འབྱུང་བ་གང་ཡིན་པ་དེའི་རྒྱུ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཞེ་ན། དེའི་ཕྱིར་ཆོས་གཞན་ཞེས་བྱ་བ་སྨོས་ཏེ། རང་བཞིན་གཞན་དང་དངོས་པོ་གཞན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྒྱུ་ཅི་ལས་བྱུང་བ་ཞིག་ཡིན་ཞེ་ན། དེའི་ཕྱིར་སེམས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་ཁྱད་པར་ནི་དེ་
འདོད་པས་རབ་ཏུ་བཅུག་པའི་སེམས་སོ། །ཆོས་གཞན་གང་ལ་རྒྱུ་དེ་ཡོད་པ་དེ་ནི་ཆོས་གཞན་སེམས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ནོ། །དེ་ལྟ་བུར་གྱུར་པ་དེ་ཡུལ་གང་དུ་འབྱུང་ཞེ་ན། དེའི་ཕྱིར་ལག་པ་ལ་སོགས་པ་ལ་ཞེས་བྱ་བ་སྨོས་སོ། །དེ་ནི་འགྲོ་བ་ཞེས་ཀྱང་བྱ། རྣམ་པར་རིག་བྱེད་ཅེས་ཀྱང་
བྱའོ་ཞེས་བྱ་བ་ནི། དེ་ལྟ་བུའི་རྣམ་པའི་ཆོས་གཞན་དེ་ཉིད་ནི། འཇིག་རྟེན་ན་འགྲོ་བའམ། རྣམ་པར་རིག་བྱེད་ཅེས་བྱའི། དེ་ལས་མ་གཏོགས་པའི་ཡུལ་གཞན་དུ་འབྱུང་བར་བྱེད་པ་གཞན་དང་། དེའི་འབྲས་བུར་གྱུར་པ་གཞན་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་
เล่ม ๑๓๘ · หน้า 75b
ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཆོས་གཞན་སུན་དབྱུང་བ་གསུངས་པ་ཡིན་ནོ། །འདི་སྐད་དུ་གལ་ཏེ་ཆོས་གཞན་དེ་གཟུགས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་ནི་བལྟ་བར་བྱ་བ་ཡིན་པའི་ཕྱིར། དེར་གཏོགས་པ་དེ་ཡང་ཁ་དོག་བཞིན་དུ་མཐོང་བར་འགྱུར་
རོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །སྔར་དབྱིབས་གསལ་བའི་ཚད་མའི་དོན་གང་དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་ཉིད་འདིར་ཡང་སྦྱར་བར་བྱའོ། །གལ་ཏེ་མངོན་པར་ཞེན་པའི་ཕྱིར་གཞན་དག་ན་
རེ། གལ་ཏེ་གཟུང་བ་མ་ཡིན་དུ་ཆུག་ན། ཆོས་གཞན་དེ་གཟུང་བར་བྱ་བ་མ་ཡིན་ཡང་ཡོད་པ་ཉིད་ཡིན་ནོ་ཞེས་ཟེར་དུ་དོགས་ནས། མི་མཐོང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ལ་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་ཅེས་བྱ་ན། དེ་ཇི་ལྟར་གཞན་ལ་རྣམ་
པར་རིག་པར་བྱེད་པར་འགྱུར་ཏེ། གལ་ཏེ་གཟུང་བ་ཞིག་སྲིད་ན་ནི་འགྱུར་རོ། །གང་གི་ཚེ་དེ་ལ་གཟུང་བ་ཉིད་མེད་པ་དེའི་ཚེ། ཇི་ལྟར་གཞན་ལ་རྣམ་པར་རིག་པར་བྱེད་པར་འགྱུར་སྙམ་དུ་དགོངས་པའོ། །གཞན་ཡང་ཁྱེད་ཀྱིས་དེ་ཡོད་པར་ཡང་ཚད་མས་ངོ་བོ་དམིགས་ཀྱིས་མ་
ཕྱེད་བཞིན་དུ། ཇི་ལྟར་ཁོང་དུ་ཆུད་པ་གཞན་འདི་ཡང་བརྗོད་པར་འོས་ཏེ། ཆོས་གཞན་དེ་ཇི་ལྟར་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་དག་ཆོས་གཞན་དེ་དབང་པོ་ལས་འདས་པའི་ཕྱིར་མངོན་སུམ་གྱི་ཚད་མས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་འབྲས་བུས་རྗེས་
སུ་དཔག་པས། ཁོང་དུ་ཆུད་པར་བྱ་བར་འགྱུར་རོ་སྙམ་དུ་སེམས་ཤིང་དེ་ཉིད་བསྟན་པའི་ཕྱིར། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ། གལ་ཏེ་ཆོས་གཞན་མེད་ན། དེ་མེད་པར་ཡུལ་གཞན་དུ་ལུས་འབྱུང་བར་ཇི་ལྟར་འགྱུར་ཏེ། དེ་བས་ན་ཡུལ་
གཞན་དུ་ལུས་འབྱུང་བའི་རྒྱུར་གྱུར་པའི་ཆོས་གཞན་ཞིག་ཡོད་པར་ཁས་བླང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དེ་སྔོན་དུ་སོང་བ་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་མྱུ་གུ་འབྱུང་བ་ལྟ་བུ་ཡིན་ལ། ཡུལ་གཞན་དུ་ལུས་འབྱུང་བ་ཡང་ཆོས་གཞན་
เล่ม ๑๓๘ · หน้า 76a
ཡོད་ན་འབྱུང་བར་འགྱུར་བ་ཡིན་ནོ། །རྒྱུ་དེ་སྔོན་དུ་སོང་བ་ཅན་དེ་ནི་དེ་ཡོད་ན་འབྱུང་བ་ཙམ་དུ་འགྱུར་བའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ཡིན་ནོ་སྙམ་དུ་ཉི་མ་འཆར་ཀ་པ་དག་སེམས་སོ། །དེ་ལྟར་གཞན་དག་གིས་ཚད་མ་བཙུགས་པ་དང་། འདིར་སློབ་
དཔོན་གྱིས་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་དེ་ཡོད་ན་འབྱུང་བ་ཉིད་ཀྱི་རྒྱུ་ཆོས་གཞན་སྔོན་དུ་སོང་བ་ཉིད་དུ་བསྒྲུབ་པར་བྱ་བ་དེ་ཡང་ནམ་ཞིག་ན་རུང་བར་འགྱུར་ཏེ། གལ་ཏེ་དེ་
ཡོད་ན་འབྱུང་བ་ཉིད་དེ། ཁོ་ན་གྲུབ་ན་ནི་རུང་བར་འགྱུར་བ་ཞིག་ན། འོན་ཀྱང་དེ་ནི་མ་གྲུབ་སྟེ། སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཁོ་ནས་ཡུལ་གཞན་དུ་ལུས་འབྱུང་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟ་སྟེ་ཡུལ་གཞན་དུ་ཞེས་བྱ་བ་ལ་སོགས་པས་ནི་དོན་
འདི་ཉིད་དོན་དང་མཐུན་པའི་མིང་བསྟན་པའི་སྒོ་ནས་གཞུང་འཛུགས་པར་མཛད་དོ། །རྩྭ་དང་ལོ་མ་ལ་སོགས་པའི་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ཅི་ཞེ་ན། ཡུལ་གཞན་དུ་འབྱུང་བའི་རྒྱུ་ཞེས་བྱ་བར་སྦྱར་རོ། །འདིས་ནི་གཞན་དག་གིས་རླུང་གི་ཁམས་ལ་འཁྲུལ་པ་ཡོད་པར་བསྟན་པ་ཡིན་ཏེ། ཁྱོད་
ཡུལ་གཞན་དུ་དངོས་པོ་འབྱུང་བའི་རྒྱུ་ནི་རླུང་གི་ཁམས་ཡིན་པར་འདོད་ལ། རྩྭ་དང་ལོ་མ་ལ་སོགས་པ་ལ་ནི། ཁྱོད་ཀྱི་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །གཡོ་བར་བྱེད་པ་དང་འཕེན་པར་བྱེད་པ་དང་། ཕྲད་པའི་རླུང་གི་ཁམས་
ལས་སོ་ཞེས་བྱ་བ་ནི་ཅི་ཞེ་ན། རྩྭ་དང་ལོ་མ་ལ་སོགས་པའི་ཡུལ་གཞན་དུ་འབྱུང་ངོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ནོ། །དེ་ལ་གཡོ་བར་བྱེད་པ་དང་འཕེན་པར་བྱེད་པ་ནི་འགུལ་བ་སྟེ། གང་ལ་ལ་ཞིག་གིས་གནས་པ་སྤྱོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་
གོ། །འཕེན་པར་བྱེད་པ་ནི་བརྡེག་པར་བྱེད་པ་སྟེ། ཤུགས་དང་ལྡན་པས་རྫས་དང་སྤྲོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ལས་བྱུང་བའི་རླུང་གི་ཁམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཚིག་བསྡུའོ། །དོན་ནི་གལ་ཏེ་ངེད་ཡུལ་གཞན་དུ་སྐྱེ་བ་ཐམས་
เล่ม ๑๓๘ · หน้า 76b
ཅད་ཀྱི་རྒྱུ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཁོ་ན་ཡིན་པར་སྨྲ་ན་ནི། དེའི་ཚེ་རྩྭ་དང་ལོ་མ་ལ་སོགས་པ་ལ་ཇི་ལྟར་འགྱུར་ཞེས་འཁྲུལ་བར་འགྱུར་ན། འོན་ཀྱང་ཇི་ལྟར་སྲིད་པར་སྨྲ་སྟེ། ཁ་ཅིག་ཏུ་ནི་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཡིན་ལ། ཁ་ཅིག་ལ་ནི་གཡོ་བར་
བྱེད་པ་ལ་སོགས་པ་དང་ཕྲད་པ་ཡིན་པས། དེའི་ཕྱིར་འགལ་བ་མེད་དོ་ཞེས་བསྟན་པ་འདི་ཡིན་ནོ། །ཡང་ན་གང་ལས་ཞེས་བྱ་བ་ནི་རྒྱུ་རླུང་གི་ཁམས་ལས་སོ། །འགྲོ་བ་འབྱུང་བར་འདོད་པ་ཞེས་བྱ་བ་ནི་ཆོས་གཞན་གྱི་རང་བཞིན་གྱི་འགྲོ་བ་འབྱུང་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་
ལས་ཞེས་བྱ་བ་ནི་ཆོས་གཞན་འབྱུང་བའི་རླུང་གི་ཁམས་ཁོ་ན་ལས་ཞེས་བྱ་བའི་ཐ་ཚིག་གོ། །ནུས་པ་དམིགས་ཀྱིས་མ་ཕྱེ་བ་ཅན་གྱི་འགྲོ་བ་བརྟགས་ཏེ་ཅི་ཞིག་བྱ་ཞེས་བྱ་བ་ལ། འགྲོ་བ་གང་ལ་ཚད་མས་དམིགས་ཀྱིས་མ་ཕྱེ་ཞིང་། ངེས་པར་མ་བྱས་པའི་ནུས་པ་སྟེ་བྱེད་པ་ཡོད་པ་དེ་ལ་དེ་སྐད་
ཅེས་བྱའོ། །དེ་ལྟ་བུ་བརྟགས་ཏེ་ཅི་ཞིག་བྱ་སྟེ། དགོས་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་གཉིས་པ། འོ་ན་ཡུལ་གཞན་དུ་ལུས་འབྱུང་བའི་རྒྱུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་གཞན་སུན་ཕྱུང་བའི་ཕྱིར་ཡང་ཉི་མ་འཆར་ཀ་པ་དག་ཕྱོགས་གཞན་
སེམས་པ་ཡིན་ཏེ། འདི་སྐད་དུ། གལ་ཏེ་ཆོས་གཞན་གྱི་རང་བཞིན་མ་གྲུབ་པའི་ཕྱིར། རྣམ་པར་རིག་བྱེད་དུ་མི་རུང་བར་གྱུར་ན། འོ་ན་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་དེ་ཉིད་ལུས་འབྱུང་བའི་རྒྱུ་ཉིད་དུ་ཡུ་བུ་ཅག་ལ་གྲགས་པའི་ཕྱིར། རྣམ་པར་རིག་བྱེད་དུ་འགྱུར་
མོད་ཅེ་ན་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་རིག་པར་མི་བྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་དགག་པ་མཛད་དོ། །རླུང་གི་ཁམས་ནི་རེག་བྱའི་སྐྱེ་མཆེད་ཡིན་པས། བལྟར་རུང་བ་མ་ཡིན་པའི་ཕྱིར། རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་
རིག་བྱེད་ཀྱང་དེའི་རང་བཞིན་ཡིན་ན། རྣམ་པར་རིག་པར་བྱེད་པ་ལས་དེ་ཇི་ལྟར་རྣམ་པར་རིག་པར་བྱེད་པ་མ་ཡིན་པར་འགྱུར་ཞེས་དགོངས་པའོ། །གཞན་ཡང་རེག་བྱའི་སྐྱེ་མཆེད་དགེ་བ་དང་། མི་དགེ་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དོ། །ཤཱཀྱའི་
เล่ม ๑๓๘ · หน้า 77a
སྲས་པོའི་ཞེས་བྱ་བ་ལ། ཤཱཀྱ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་སྲས་པོ་ནི་དེའི་སློབ་མའོ། །དེ་རྣམས་ཀྱི་གང་ཡིན་པ་དེ་ནི་ཤཱཀྱའི་སྲས་པོའིའོ། །ཤཱཀྱའི་སྲས་པོའི་མ་ཡིན་པས། ཤཱཀྱའི་སྲས་པོའི་མ་ཡིན་པའོ་ཞེས་བྱ་བར་ཚིག་
བསྡུའོ། །དེ་ལྟ་བུ་དེ་ཅི་ཡིན་ཞེ་ན། དེའི་ཕྱིར་རེག་བྱའི་སྐྱེ་མཆེད་དགེ་བ་དང་། མི་དགེ་བར་འདོད་པའོ་ཞེས་བྱ་བ་གསུངས་ཏེ། རླུང་གི་ཁམས་ནི་རེག་བྱའི་སྐྱེ་མཆེད་དུ་གཏོགས་པའི་ཕྱིར། གཅིག་ཏུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། རྣམ་པར་རིག་བྱེད་ནི་དེ་ལྟ་བུ་མ་ཡིན་ཏེ།
དེ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་བས་ནད་རླུང་གི་ཁམས་དེའི་རང་བཞིན་དུ་ཇི་ལྟར་འགལ་བ་དགེ་བ་ལ་སོགས་པ་ཉིད་ཡིན་པར་རུང་བར་འགྱུར་ཞེས་དགོངས་པའོ། །ཕྱོགས་སྔ་མས་སྨྲས་མ་ཐག་པ་ཡང་རྒྱ་ཆེར་སུན་ཕྱུང་བ་དང་། ཡང་ཉི་མ་འཆར་ཀ་པ་དག་འོ་ན་ཞེས་བྱ་བ་ལ་
སོགས་པས། ཕྱོགས་གཞན་སེམས་པར་བྱེད་དེ། རླུང་གི་ཁམས་ནི་རྣམ་པར་རིག་པར་མི་བྱེད་པ་ལ་སོགས་པར་ཐལ་བར་འགྱུར་བས་རྣམ་པར་རིག་བྱེད་ཉིད་དུ་མི་རུང་ན། ཡུལ་གཞན་དུ་ལུས་འབྱུང་བ་གང་ཡིན་པ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་དེ་ཉིད་ཀྱིས་བསྐྱོད་
པ་དེ་ཁོ་ན་སྐྱོན་མེད་པའི་ཕྱིར། རྣམ་པར་རིག་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རིག་བྱེད་བཏགས་པ་ཅན་ཡིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སུན་ཕྱུང་བ་མཛད་པའོ། །ལུས་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་དེའི་རང་བཞིན་ཡིན་
ན་རྫས་ཉིད་ཉམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རྣམ་པར་རིག་བྱེད་ནི་རྣམ་པར་རིག་པར་བྱེད་པ་མ་ཡིན་པར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དོ། །འདིར་ནི་དྲི་ལ་སོགས་པ་ཕྱོགས་གཅིག་གི་སྒོ་ནས། རྣམ་པར་རིག་པར་མི་བྱེད་པ་ཉིད་ཀྱི་སྐྱོན་ཡོད་པའི་
གཟུགས་ཀྱི་སྒོ་ནས་ནི་མ་ཡིན་ཏེ། དེ་ནི་བལྟར་རུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དྲི་ལ་སོགས་པ་ཞེས་བྱ་བ་གསུངས་སོ། །དྲི་ལ་སོགས་པའི་སྐྱེ་མཆེད་དགེ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འོ་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི། ཡང་དེ་དང་དེ་དག་ཉིད་ཕྱོགས་
เล่ม ๑๓๘ · หน้า 77b
གཞན་ལ་སེམས་པ་ཡིན་ནོ། །སློབ་དཔོན་གྱིས་ཕྱོགས་དེ་ཡང་མི་རུང་བའི་ཕྱིར། །དེ་ནི་ཞེས་བྱ་བ་ལ་སོགས་པས་སུན་དབྱུང་བ་གསུངས་ཏེ། རང་གི་ས་བོན་དང་། རླུང་གི་ཁམས་ཀྱི་ཁྱད་པར་ལས་ཞེས་བྱ་བ་ནི། ཁ་དོག་དེའི་རང་གི་ས་བོན་ནི་སྐད་ཅིག་མ་སྔ་མས་བསྡུས་པ་སྐལ་བ་མཉམ་པའི་
རྒྱུ་ཡིན་ནོ། །རླུང་གི་ཁམས་ནི་ཡུལ་གཞན་དུ་འབྱུང་བའི་རྒྱུ་སྟེ། ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །རང་གི་ས་བོན་དང་རླུང་གི་ཁམས་ནི། རང་གི་ས་བོན་དང་རླུང་གི་ཁམས་དག་གོ། །དེ་གཉིས་ཀྱི་ཁྱད་པར་ནི། རང་གི་ས་བོན་དང་། རླུང་གི་ཁམས་ཀྱི་ཁྱད་པར་ཏེ། དེ་ནི་དེ་ཁོ་ན་ལས་
སྐྱེས་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐོག་མར་ཡུལ་གཞན་དུ་བསྐྱོད་པར་བྱའོ་སྙམ་པའི་སེམས་འབྱུང་ལ། དེ་ལས་ནི་རྩོལ་བ་འབྱུང་། དེ་ལས་ཀྱང་རླུང་འབྱུང་། རླུང་ལས་ཀྱང་ལག་པ་འབྱུང་བ་མ་ཡིན་ནམ། དེ་ཇི་ལྟར་ལག་པ་ལ་གནས་པའི་ཁ་དོག་
སེམས་ཀྱི་ཁྱད་པར་ལས་སྐྱེས་པ་མ་ཡིན་ཞེ་ན། དེ་ནི་ཉེས་པ་མེད་དེ། འདི་ལྟར་གཞན་གྱིས་དེ་ནི་དེའི་དབང་གིས་དགེ་བ་ལ་སོགས་པར་འགྱུར་རོ་ཞེས་མངོན་སུམ་གྱི་རྒྱུ་ཉིད་ཀྱིས་ཁ་དོག་སེམས་ཀྱི་ཁྱད་པར་ལས་སྐྱེས་པར་འདོད་ཀྱི་བརྒྱུད་པས་ནི་མ་ཡིན་པས་སོ། །ཁ་དོག་དགེ་བ་དང་།
མི་དགེ་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་གཟུགས་ཀྱི་སྐྱེ་མཆེད་ནི་དགེ་བ་ལ་སོགས་པར་འདོད་པའི་ཕྱིར། ཇི་ལྟར་དེར་གཏོགས་པའི་ཁ་དོག་དགེ་བ་ལ་སོགས་པའི་གཟུགས་མ་ཡིན་ཞེ་ན། བཤད་པ་འགལ་བ་མེད་དེ། འདི་ལྟར་ཀུན་ནས་སློང་བའི་དབང་གིས། དེ་ལ་རྣམ་པར་
རིག་བྱེད་དགེ་བ་ལ་སོགས་པའོ་ཞེས་བྱ་བས་དེའི་རང་བཞིན་གྱི་གཟུགས་ལ་དགེ་བ་ལ་སོགས་པའི་གཟུགས་ཞེས་བྱའི། སྔོན་པོ་ལ་སོགས་པ་ཁ་དོག་གི་རང་བཞིན་གཅིག་ཏུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་པ་ནི་མ་ཡིན་ནོ། །འདས་མ་ཐག་པའི་ཕྱོགས་ཀྱང་སུན་ཕྱུང་བ་ཁོ་ནའི་ཕྱིར།
ཁ་དོག་ལྟར་མ་ཡིན་ཡང་རུང་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་སེམས་པ་ཡིན་ནོ། །ལྷ་རྣམས་དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་བསྟིང་ཚིག་གིས་སུན་འབྱིན་པར་མཛད་པའོ། །གཟུགས་ལ་སོགས་པ་བཞིན་དུ་ཡང་མ་མཐོང་ལ་ཞེས་བྱ་བས་ནི་མངོན་སུམ་
เล่ม ๑๓๘ · หน้า 78a
གྱི་ཚད་མས་གཟུང་བར་བྱ་བ་མེད་པར་སྟོན་ཏེ། ནུས་པ་ཡང་མ་མཐོང་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུའི་ནུས་པ་མེད་པས་རྗེས་སུ་དཔག་པ་མེད་པར་སྟོན་ཏོ། །མི་མཐོང་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་ནི་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་
བལྟར་མི་རུང་བ་ཉིད་དོ། །གལ་ཏེ་རྣམ་པར་རིག་བྱེད་ཀྱང་དེའི་རང་བཞིན་ཡིན་ན་ནི་དེ་ཡང་རྣམ་པར་རིག་པར་མི་བྱེད་པ་ཡིན་ཏེ་བལྟར་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཁ་དོག་དགེ་བ་དང་། མི་དགེ་བ་ཉིད་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་དོ། །
ཁ་དོག་ནི་དེ་ལྟ་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། ཁ་དོག་དགེ་བ་དང་། མི་དགེ་བར་འདོད་པ་འདི་ཡང་ཤཱཀྱའི་སྲས་པོའི་མ་ཡིན་ནོ་ཞེས་བྱ་བ་འདས་མ་ཐག་པ་འདིས་སོ། །འདི་སྐད་དུ་འབྱུང་བ་ནི་ཁ་དོག་ལ་རག་ལས་པའི་ཕྱིར་དེའི་དབང་གིས་ནི། དགེ་བ་ལ་སོགས་པར་འགྱུར་
ཡང་སྲིད་ན། གང་གི་ཚེ་དེ་ཉིད་དགེ་བ་ལ་སོགས་པར་མི་སྲིད་པ་དེའི་ཚེ། འབྱུང་བ་དེ་ལྟར་ཇི་ལྟར་འགྱུར་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རིག་བྱེད་རྒྱ་ཆེར་སུན་ཕྱུང་བ་དང་། བྱེ་བྲག་ཏུ་སྨྲ་བ་པ་དག་ཕུགས་ཐུག་ནས་རྣམ་པར་རིག་བྱེད་མ་ཡིན་པ་ཙམ་ཞིག་ཡོད་ན་ཡང་དྲག་གོ་སྙམ་
ནས། འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཙམ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སློབ་དཔོན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་སུན་དབྱུང་བར་བཞེད་ནས། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་རྒྱས་པར་དྲིས་པས་རྒོལ་བར་མཛད་དོ། །སྡོམ་པ་
ལ་སོགས་པའི་གཟུགས་ཆོས་ཀྱི་སྐྱེ་མཆེད་པ་ཡིན་ནོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་རྣམ་པར་འཇོག་པར་བྱེད་པའོ། །སྡོམ་པ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པས་ནི། སྡོམ་པ་མ་ཡིན་པ་ལ་སོགས་པ་བསྡུའོ། །ཇི་ལྟར་
ན་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་རིག་བྱེད་སུན་ཕྱུང་བའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་ཞེས་སྨོས་པ་ནི། གཟུགས་ན་སྤྱོད་པ་བཟློག་པའི་ཕྱིར་ཏེ། དེ་ནི་བསམ་གཏན་གྱི་སེམས་ལ་རག་ལས་པའི་ཕྱིར་རྣམ་པར་རིག་བྱེད་གཞན་ལ་
เล่ม ๑๓๘ · หน้า 78b
ལྟོས་པར་མི་བྱེད་དོ། །འདི་ལ་རྣམ་པར་རིག་བྱེད་མེད་པ་ཡོད་པས་ན། རྣམ་པར་རིག་བྱེད་མེད་པ་སྟེ། རྣམ་པར་རིག་བྱེད་ཡོད་པ་མ་ཡིན་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡིན་ན་ཅི་འགྱུར་ཞེ་ན་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གོ། །གལ་ཏེ་ཡིན་ན་ཞེས་བྱ་བ་ནི། འདོད་
པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མ་ཡིན་པ་ཅན་ཡིན་ནའོ། །ཅིར་འགྱུར་ཞེས་བྱ་བ་ནི། སྐྱོན་ཅིར་འགྱུར་ཞེས་བྱ་བའོ། །སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ་ཞེས་བྱ་བ་ནི། སློབ་དཔོན་གྱིས་སྐྱོན་བརྗོད་པར་མཛད་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དཔེར་ན་གཟུགས་
ན་སྤྱོད་པ་ལྟ་བུའོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་དག་སྐྱོན་འདི་ནི་ཡོད་དུ་ཟད་དེ་ཁོ་བོ་ཅག་ཁས་ཀྱང་ལེན་ན། དེ་ལྟར་གྱུར་པ་ལ་སྐྱོན་གཞན་ཅི་ཡོད་ཅེས་ཟེར་དུ་དོགས་ནས། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་གཞན་དང་སེམས་མེད་པ་པ་དག་ལ་ཞེས་བྱ་
བ་ལ། དེ་ལ་སེམས་གཞན་དག་ནི་སྡོམ་པ་ལ་སོགས་པ་ལེན་པ་དགེ་བ་ལ་སོགས་པའི་སེམས་ལས་ལོགས་ཤིག་པ་ནི་སེམས་གཞན་དག་གོ། །སེམས་མེད་པ་པ་དག་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་སེམས་ཡོད་པ་མ་ཡིན་པའོ། །སྡོམ་པ་དང་སྡོམ་པ་མ་ཡིན་
པ་གཉིས་མེད་པར་འགྱུར་རོ་ཞེས་བྱ་བ་ནི་འདིར་ཡང་། དཔེར་ན་བསམ་གཏན་གྱི་སྡོམ་པ་ལྟ་བུ་ཞེས་དཔེ་ཁོང་ནས་དྲང་བར་བྱའོ། །དུས་ཡོངས་སུ་བཟུང་བས་འཕངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་གིས་ཐལ་བར་འགྱུར་བ་ལ་ལན་བཏབ་པ་ཡིན་ནོ། །
འདི་སྐད་དུ་གལ་ཏེ་དུས་ཀྱི་མཚམས་ཡོངས་སུ་འཛིན་པའི་སེམས་འཕེན་པར་བྱེད་པ་མེད་ན་ནི། དེའི་ཚེ་གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ། སེམས་གཞན་དང་སེམས་མེད་པ་དག་ལ་སྡོམ་པ་ལ་སོགས་པ་མེད་དོ། །ཞེས་བྱ་བར་ཐལ་བར་འགྱུར་བ་ཞིག་ན།
དེ་ལྟ་ཡང་མ་ཡིན་ཏེ། འོན་ཀྱང་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་གོ་སྙམ་པ་དེ་ནི་ཡོད་པ་ཁོ་ནའོ། །དེ་བས་ན་དེས་འཕངས་པའི་ཕྱིར། ཐལ་ཆེས་པར་ག་ལ་འགྱུར་ཞེས་བསྟན་པ་ཡིན་ནོ། །སོ་སོར་ཐར་པའི་མདོ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པ་འདིའི་
เล่ม ๑๓๘ · หน้า 79a
ཕྱིར་ཡང་། རྣམ་པར་རིག་བྱེད་མེད་པར་ཡང་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བར་རྟོགས་པར་བྱའོ། །གལ་ཏེ་རྣམ་པར་རིག་བྱེད་སྔོན་དུ་སོང་བ་ཁོ་ན་ལས་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་ན། དེ་མེད་པར་ཡང་སོ་སོར་ཐར་པའི་མདོ་བསྟན་
པ་དང་། ལྟུང་བ་བཅབས་པས་དགེ་འདུན་སླུ་བར་བྱེད་པ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་ཇི་ལྟར་འབྱུང་སྙམ་དུ་བསམས་སོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས། སློབ་དཔོན་
གྱིས་སྐྱོན་གཞན་དུ་སྟོན་པར་མཛད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དགེ་དང་མི་དགེ་ཞེས་བྱ་བར་མཚན་ཉིད་གསུངས་པའི་ཕྱིར་ལུང་དུ་མ་བསྟན་པའི་སྐབས་མེད་དོ། །གཞན་ཡང་དེའི་སྐད་ཅིག་པའི་དགེ་བ་དང་མི་དགེ་བ་ཡང་རྣམ་
པར་རིག་བྱེད་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྗེས་འབྲང་གང་ཞེས་བྱ་བར་མཚན་ཉིད་བསྟན་པའི་ཕྱིར་ན། སྐད་ཅིག་མ་གཅིག་གིས་
བསྡུས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་དང་ངག་གི་ལས་གཟུགས་ཅན་ནི། ཇི་ལྟར་བརྟགས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་ཉིད་ཀྱིས་གསུངས་པ་ཡིན་ཏེ། འདི་སྐད་དུ། བདག་ཅག་གིས་རྣམ་པར་རིག་བྱེད་འདི་ཅི་དབྱིབས་
ཀྱི་བདག་ཉིད་ཅན་ཡིན་ནམ། འོན་ཏེ་འགྲོ་བའི་བདག་ཉིད་ཡིན་ཞེས་བྱ་བ་དང་། དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པར་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་འབད་པས་ཅི་ཞིག་བྱ་སྟེ། འོན་ཀྱང་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད་མ་
ཡིན་པའམ། གཞན་གྱི་ངོ་བོ་ཉིད་དུ་ལུས་དང་། ངག་གི་ལས་གཟུགས་ཅན་ནི་ཇི་ལྟར་བརྟགས་ཀྱང་རུང་སྟེ། འོན་ཀྱང་དགེ་བ་ལ་སོགས་པ་ཉིད་དུ་མི་འགྲུབ་པ་ཁོ་ནའོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ན་ཞེས་བྱ་བ་འདིས་བྱེ་བྲག་ཏུ་སྨྲ་བ་པ་ལ་སོགས་པ་འདྲི་བར་བྱེད་དོ། །ལུས་
เล่ม ๑๓๘ · หน้า 79b
བོར་ན་གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའམ་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་གྱིས་དགེ་བ་ལ་སོགས་པ་ཉིད་དུ་མི་འགྲུབ་པར་སྟོན་པར་མཛད་དོ། །འདི་སྐད་དུ་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བར་འབྱུང་བར་འགྲུབ་པར་ནུས་པས། དགེ་
བ་ལ་སོགས་པ་ཉིད་དུ་རྣམ་པར་གཞག་གོ། །ལུས་ལ་སོགས་པའི་ལས་གཟུགས་ཅན་ཡིན་ན་ནི་ལུས་ཞིག་ན། དེ་ཡང་འཇིག་པ་ཁོ་ན་ཡིན་ན། འབྲས་བུ་འབྱུང་བར་འགྱུར་བ་ལ་ལྟོས་ནས། དགེ་བ་ལ་སོགས་པ་ཉིད་དུ་ཇི་ལྟར་འགྲུབ་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་
རེ་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གིས། ལུས་ལ་སོགས་པའི་ལས་གཟུགས་ཅན་འདས་པ་ཡིན་པ་ཉིད་ཀྱིས་དགེ་བ་ལ་སོགས་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །ལས་འདས་པ་ཡོད་དོ་ཞེས་བྱ་བ་འདི་ནི་ཞེས་བྱ་བ་ལ་སོགས་པས། སློབ་དཔོན་གྱིས་དཔྱ་བའི་
ཚིག་གིས་སུན་དབྱུང་བ་གསུངས་པ་ཡིན་ནོ། །འབྲས་ཀྱི་སྟེང་དུ་འབྲུམ་བུ་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ་འདས་པའི་ལས་ཡོད་དོ་ཞེས་བྱ་བ་ནི་འབྲས་ལྟ་བུའོ། །དེ་ཡང་ཚེ་ཕྱི་མ་ལ་འབྲས་བུ་སྐྱེད་པར་ནུས་པའོ་ཞེས་བྱ་བ་ནི་འབྲུམ་བུ་ལྟ་བུས་ཏེ། ཤིན་ཏུ་སྡུག་བསྔལ་སྐྱེད་པའི་རྒྱུར་
གྱུར་པའི་ཕྱིར་རོ། །འདི་ལྟ་སྟེ་གཞན་འདི་ལ་གང་གིས་འབྲས་ཀྱི་སྟེང་དུ་འབྲུམ་བུ་བྱུང་བར་གྱུར་པ་ལྟ་བུའི་སྐྱོན་ཅི་ཡོད་སྙམ་དུ་སེམས་སུ་དོགས་པས། འདས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྔོན་བྱུང་ལ་ཞེས་བྱ་བ་ནི། གང་ཞིག་སྔོན་གྱི་གནས་སྐབས་སུ་བྱུང་ཞིང་གྲུབ་པ་
པའོ། །ཕྱིས་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་གནས་སྐབས་ལས་ཕྱི་མ་སྟེ། འདས་པའི་གནས་སྐབས་སུ་མེད་ཅིང་ཡོད་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་བསྟན་པ་ཡིན་ཏེ། འདས་པ་ལ་སོགས་པའི་མཚན་ཉིད་ནི་སྔོན་བྱུང་བ་ལ་སོགས་པ་རིགས་པའི་སྟོབས་ཀྱིས་གྲུབ་པ་
འདི་ཁོ་ན་ཡིན་པར་རིགས་ཀྱི། བྱ་བ་ཞིག་པ་ལ་སོགས་པ་ནི་མ་ཡིན་ཏེ། རང་བཞིན་ཁོ་ནར་གནས་པ་དེ་ལ་ནི་དེ་མི་རུང་བའི་ཕྱིར་རོ། །འདས་པ་ལ་སོགས་པ་ཇི་ལྟར་རྫས་སུ་མི་འཐད་པ་དེ་ལྟར་ནི་ཚིགས་སུ་བཅད་པ་བརྒྱ་པ་ལ་སོགས་པའི་བསྟན་བཅོས་གཞན་ལས་རྒྱ་ཆེར་བསྒྲུབས་
เล่ม ๑๓๘ · หน้า 80a
པས་འདིར་ནི་མངས་པར་འགྱུར་བའི་ཕྱིར་སྤྲོ་བར་མི་བྱའོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱེ་བྲག་ཏུ་སྨྲ་བ་དག་གིས་ལུང་དང་འགལ་བར་སྟོན་ཏེ། ཚིགས་སུ་བཅད་པའི་དོན་ནི་ཁོང་དུ་ཆུད་པར་སླའོ། །འདིར། ཁུངས་ནི་ཆུད་ཟར་མི་འགྱུར་ཏེ། །ཞེས་བྱ་བ་ནི་འདི་
ཡིན་ནོ། །ཆུད་ཟར་མི་འགྱུར་ཏེ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་རྨ་བའི་སྒོ་ནས་འགལ་བ་ལ་ལན་གདབ་པ་ཡིན་ནོ། །འབྲས་བུ་མེད་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། དེ་དག་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པ་ཡིན་གྱི། ནུས་པ་
དང་བྲལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཕྱེད་འོག་མས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཕྱེད་ཕྱི་མ་ནི་ཕྱེད་འོག་མ་སྟེ། ཚོགས་ཤིང་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ལས་ཀྱི་ནུས་པ་ཆུད་མི་ཟ་བར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་
ཏེ། འདས་པའི་རང་བཞིན་ཡོད་པ་ཉིད་སྒྲུབ་པ་བརྗོད་པར་བཞེད་པ་ཡིན་ན་ནི། ཕྱེད་གོང་མ་ཉིད་ཀྱིས་དེའི་དོན་ཁོང་དུ་ཆུད་པའི་ཕྱིར་ཕྱེད་འོག་མ་དོན་མེད་པར་འགྱུར་རོ། །ཆུད་ཟར་མི་འགྱུར་ཏེ་ཞེས་བྱ་བ་དེའི་དོན་འབྲས་བུ་མེད་པར་མི་འགྱུར་ཞེས་བྱ་བ་འདི་ཡིན་དུ་ཆུག་ན། དེས་ཅི་ཞིག་ཡིན་ཞེ་ན།
དེའི་ཕྱིར་ལས་རྣམས་ཡུན་རིང་པོར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཉིད་ཇི་ལྟར་འབྲས་བུ་འབྱིན་པར་འགྱུར་ཞེས་བྱ་བ་འདི་ནི་དཔྱད་པར་བྱའོ་ཞེས་བྱ་བ་བར་དུ་ཆོད་པ་འདི་དང་སྦྱར་བར་བྱའོ། །འབྲས་བུ་འབྱིན་པར་དཔྱད་པ་འདི་ལ་ནི་རྣམ་པ་གཞན་མི་སྲིད་པའི་ཕྱིར། འབྲས་
སཱ་ལུ་ལ་སོགས་པའི་ས་བོན་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རྣམ་པར་བརྟག་པ་གཉིས་ཁོ་ན་གསུངས་ཏེ། རྣམ་པར་བརྟག་པ་དེ་གཉིས་ལས་ཀྱང་དང་པོ་ནི་སྐྱོན་མེད་པའི་ཕྱིར། རང་གི་ཕྱོགས་ཁོ་ན་ཡིན་པས། གཉིས་པའི་དབང་དུ་བྱས་ཏེ། གལ་ཏེ་ཞེས་བྱ་བ་ལ་སོགས་པས་
སྐྱོན་བསྟན་པ་ཡིན་ནོ། །མ་ཞིག་པས་འབྲས་བུ་འབྱིན་པའི་བསྟན་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་སྐད་ཅིག་མར་འཇིག་པ་ལ་གནོད་པར་འགྱུར་བས་བསྟན་ཏོ། །དེ་དག་ཅེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་ལན་འདེབས་པ་ཡིན་ནོ། །དོན་འདི་བསྟན་པ་ཡིན་ཏེ།
เล่ม ๑๓๘ · หน้า 80b
གང་གིས་ན་ལས་རྣམས་མ་ཞིག་པར་འབྲས་བུ་འཕེན་པར་བྱེད་པས་སྐད་ཅིག་པ་ཉིད་ལ་གནོད་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་རང་བཞིན་འཆད་པས་འཇིག་པ་ནི་མ་ཡིན་ནོ། །འོན་ཀྱང་བྱ་བ་བྱེད་པའི་གནས་སྐབས་དང་བྲལ་བའི་ཕྱིར་ཡང་། འབྲས་བུ་འཕེན་པར་ནི་མི་བྱེད་དེ། དེ་བས་
ན་ཞིག་པ་ཞེས་བྱ་བ་ཡིན་པས་དེའི་ཕྱིར་གནོད་པ་ཡང་གང་ལ་ཡོད། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་གྱིས་སུན་དབྱུང་བ་གསུངས་པ་ཡིན་ཏེ། དེ་ནི་མ་ཚང་བ་མེད་པའི་ངོ་བོར་གནས་པའི་ཕྱིར། འབྲས་བུ་འཕེན་པར་མི་བྱེད་པ་ཉིད་མི་རུང་ངོ་ཞེས་བྱ་བར་དགོངས་པའོ། །
འཕངས་ཟིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་ལན་འདེབས་པར་བྱེད་པའོ། །འཕེན་པ་ཡང་འདིར་མ་འོངས་པའི་འབྲས་བུ་འབྱུང་བའི་རྒྱུའི་དངོས་པོར་གནས་པ་གང་ཡིན་པའོ། །དེ་དང་འདྲ་བའི་འབྲས་བུ་གཞན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་
དཔོན་ནོ། །འདི་སྐད་དུ་གལ་ཏེ་འབྲས་བུ་འཕངས་ཟིན་པའི་ཕྱིར་ཡང་མི་འཕེན་དུ་ཆུག་ན་འཕེན་པར་བྱེད་པའི་རང་བཞིན་མ་ཞིག་པའི་ཕྱིར། དེ་དང་འདྲ་བ་གཞན་ཅིའི་ཕྱིར་མི་འཕེན། དེ་དང་འདྲ་བ་སྨོས་པ་ནི་འབྲས་བུ་མཐུན་པ་འཕེན་པ་ལ་བྱ་སྟེ། རྒྱུ་ཐམས་ཅད་ནི་འབྲས་བུ་ཐམས་ཅད་
འཕེན་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རེ་ཞིག་ཇི་ལྟར་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པའོ། །སྐྱེ་བར་འཇོག་པར་རུང་བ་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་འཕེན་པའི་མཚན་ཉིད་སྟོན་པར་
བྱེད་པ་ཡིན་ནོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་མཚན་ཉིད་འཁྲུལ་པར་བསྟན་པ་ཡིན་ནོ། །དེ་ལ་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེའི་སྐད་ཅིག་མའི་མཐའ་སྟེ། ཐ་མ་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་འབྲས་བུ་མི་འཕེན་ནོ། །
གཞན་ཡང་ལས་གང་ཞིག་གི་འབྲས་བུ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་འགགས་པ་དེ་ཡང་འཕེན་པར་བྱེད་པ་མ་ཡིན་པས། དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་གཞན་མ་ཚང་བའི་ཕྱིར་འབྲས་བུ་མི་སྐྱེ་བར་
เล่ม ๑๓๘ · หน้า 81a
ཟད་ཀྱི། ཐ་མ་ལ་སོགས་པ་དེས་ནི་འཕངས་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་འབྲས་བུ་འཕེན་པ་མ་ཡིན་ཞེས་བྱ་ཞེ་ན། དེ་ལྟར་ནི་མེད་དེ། འདི་ལྟར་གང་གིས་ན་རྒྱུ་གཞན་མ་ཚང་ཡང་དེ་ལ་དེ་འཕེན་པའི་ནུས་པ་ཡོད་པར་ཡིད་ཆེས་པར་འགྱུར་བ་དེ་ལྟ་བུ་ལས་
འབྲས་བུ་འབྱུང་བ་ནི་འགའ་ཡང་མི་དམིགས་པས་དེ་ནི་གྱི་ནའོ། །དེ་འཕེན་པའི་ནུས་པ་མེད་དུ་ཟད་མོད། དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐོག་མ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གཞན་གྱིས་བྱ་བ་བྱེད་པའི་གནས་སྐབས་ཞིག་པས་དངོས་པོ་ཞིག་པ་ཉིད་དུ་རྣམ་པར་
གཞག་གི་རང་གི་ངོ་བོ་ཆད་པས་ནི་མ་ཡིན་ན། ཐ་མ་ལ་སོགས་པ་ལ་ཡང་བྱ་བ་བྱེད་པའི་གནས་སྐབས་ཉིད་མེད་པས་ཇི་ལྟར་ཞིག་པ་ཉིད་དུ་འགྱུར། དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །དེ་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་
ཐ་ཚིག་གོ། །འོ་ན་ཇི་ལྟ་ཞེ་ན་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་འཕེན་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་གྱི་རྒྱུས་སོ། །འབྲས་བུའི་ས་བོན་གསོ་བར་
བྱེད་པ་ཞེས་བྱ་བ་ནི་ནང་ན་འབྲས་བུ་དང་འབྲེལ་པའི་ས་བོན་གནས་པ་བརྟག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་སྔོན་མེད་པའི་ས་བོན་འབྱུང་བ་ནི་འཕེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་ཤེས་པའི་རྒྱུད་ལ་གནས་པ་ཁོ་ན་གསོ་བར་བྱེད་པ་ཡིན་པར་རིག་པར་བྱའོ། །
དེ་ལྟ་མ་ཡིན་ན་ཉན་ཐོས་ལ་སོགས་པའི་རིགས་རྣམ་པར་གཞག་པ་རྒྱུད་སོ་སོར་ངེས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཀྱང་གང་གིས་འབྲས་བུའི་ས་བོན་གསོ་བར་བྱེད་པ་ཞེས་གསུངས་སོ། །གང་གི་ལྟར་ན་འདས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་ཉིད་
ཀྱིས་གཞན་གྱི་ཕྱོགས་ཧ་ཅང་ཐལ་བར་སྟོན་པ་ཡིན་ཏེ། མ་འོངས་པ་ཡང་ད་ལྟར་བྱུང་བ་བཞིན་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར། འབྲས་བུ་འཕེན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རྟག་ཏུ་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་དོ། །གང་ལས་
เล่ม ๑๓๘ · หน้า 81b
དེའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པའི་རིགས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །སློབ་དཔོན་གྱིས་ལུས་ལ་སོགས་པའི་ལས་གཟུགས་ཅན་དགེ་བ་ལ་སོགས་པ་ཉིད་ཡིན་པ་རྒྱ་ཆེར་བཀག་པ་དང་།
བྱེ་བྲག་ཏུ་སྨྲ་བ་པ་དག་འོ་ན་ནི་དགེ་བ་དང་། མི་དགེ་བའི་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་སེམས་སོ། །ཕུང་པོའི་རྒྱུད་ལ་ཞེས་བྱ་བ་ནི། སེམས་ཀྱི་རྒྱུད་ལ་ཡིན་གྱི། བདག་ལ་ནི་མ་ཡིན་ཏེ། དེ་ནི་ཡོད་པར་མི་འཐད་པའི་ཕྱིར་རོ། །ཆོས་གཞན་ཞིག་བསྐྱེད་དེ་ཞེས་བྱ་བ་
ནི་སེམས་དང་། སེམས་ལས་བྱུང་བ་ལས་མ་གཏོགས་པར་རང་བཞིན་གཞན་ཁོ་ན་ཞིག་སྐྱེད་ཀྱི། དེ་ཉིད་ལ་བསྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་སྡེ་པ་གཞན་ལ་གྲགས་པའི་རྣམ་གྲངས་ཀྱིས་སྟོན་པ་ཡིན་ཏེ།
དེ་ལ་ངེས་པ་སྐྱེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་བསྩགས་པ་ཞེས་ཟེར་བ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཡིན་ཏེ། དེ་དག་ནི་དེ་ལྟ་བུའི་རང་བཞིན་ལ་བསྩགས་པ་ཞེས་བྱ་བའི་སྒྲ་འདིས་ཐ་སྙད་རྗོད་པར་བྱེད་དོ། །གཞན་དག་ན་རེ་ཆུད་མི་ཟ་བ་ཞེས་ཟེར་བ་ཞེས་བྱ་བ་ནི། འཕགས་
པ་མང་པོས་བཀུར་བའི་སྡེ་པ་དག་སྟེ། དེ་དག་ཀྱང་རང་གི་སྡེ་པ་དག་གི་ནང་ན་ཆུད་མི་ཟ་བ་ཞེས་བྱ་བ་འདིས་ཐ་སྙད་རྗོད་པར་བྱེད་དོ། །ཅི་སྟེ་གཞན་དེ་ལྟ་བུའི་ཆོས་གཞན་ཡོད་པར་ཚད་མ་གང་ལས་མངོན་སྙམ་དུ་སེམས་པར་དོགས་ནས། དེ་ནི་འབྲས་བུ་ཞེས་བྱ་བའི་རྗེས་སུ་དཔག་པས་གྲུབ་
པར་བསྟན་པའི་ཕྱིར། གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དེ་སྔོན་དུ་སོང་བ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚད་མའི་དོན་ཡང་འདིར་བལྟ་བར་བྱའོ། །འདིའི་ཕྱིར་ཡང་ཇི་ལྟར་འབྲས་བུ་ཡིད་དུ་འོང་བ་ལ་སོགས་པ་འགྲུབ་
པར་ནུས་པའི་ཆོས་གཞན་ཁོ་ན་ཞིག་སྐྱེད་པར་ཡིད་ཆེས་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར། གལ་ཏེ་སེམས་ཀྱི་རྒྱུད་ལ་ཆོས་གཞན་ཞིག་མི་སྐྱེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གདོན་མི་ཟ་བར་དེ་འདོད་པར་བྱའོ་ཞེ་ན་ཞེས་བྱ་བ་འདིས་ནི་མཇུག་སྡུད་པ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་
เล่ม ๑๓๘ · หน้า 82a
ལ་སོགས་པས་ནི་སློབ་དཔོན་གྱིས་ཆོས་གཞན་འཁྲུལ་པ་ཡོད་པའི་སྒོ་ནས། གཏན་ཚིགས་མི་འགྲུབ་པར་སྟོན་པ་ཡིན་ནོ། །འདི་སྐད་དུ་རེ་ཞིག་ངེད་ལ་ནི། འདི་ལྟ་སྟེ། འབྲས་བུ་ཡིད་དུ་འོང་བ་ལ་སོགས་པ་སྐྱེ་བ་ནི་ཆོས་གཞན་ཡོད་ན་འབྱུང་བ་ཡིན་ནོ་ཞེས་
གྲགས་པའི་དོན་འདི་ཉིད་མ་གྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བག་ཆགས་སྔོན་དུ་སོང་བར་ཡང་སྲིད་པས། གཏན་ཚིགས་མི་འགྲུབ་པ་ཡིན་ནོ། །གཞན་ཡང་འབྲས་བུ་སྐྱེ་བ་ནི། བག་ཆགས་སྔོན་དུ་འགྲོ་བ་ཁོ་ན་ཡིན་པར་རྟོགས་པར་ནུས་ཏེ། འདི་ལྟར་དེ་ནི་གཞུང་ལ་སོགས་པའི་
ཡུལ་ལ་ཡང་འབྱུང་བས་སོ། །དེ་ལྟ་མ་ཡིན་ནོ། །གཞན་གྱིས་དེའི་ཡུལ་ལ་ཆོས་གཞན་ཁས་མ་བླངས་པའི་ཕྱིར། ཇི་ལྟར་འབྲས་བུ་འབྱུང་ཞེས་བསྟན་པ་ཡིན་ནོ། །གཞུང་ལ་གོམས་པ་ཞེས་བྱ་བ་ནི། འདྲིས་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བ་ལ་སོགས་པའི་དོན་གཞན་ལ་ཞེས་བྱ་བ་
ནི། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་དག་ལ་སྟེ། ཅི་ཞེ་ན། དྲན་པ་སྐྱེ་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་གཞུང་ལ་སོགས་པ་ལའོ། །གོམས་པ་དེས་ཆོས་ཅི་ཞིག་སྐྱེད་པར་བྱེད་ཅེས་བྱ་བ་ནི། གཞན་གྱིས་དགེ་བ་ལ་སོགས་པའི་
ཡུལ་ལས་མ་གཏོགས་པར་ཆོས་གཞན་ཁས་མ་བླངས་པའི་ཕྱིར་དེ་མི་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་རོ། །དོན་ནི་འདི་སྐད་དུ་ཅི་སྐད་ཅིག་མ་དང་པོ་ལ་སྐྱེད་དམ། འོན་ཏེ་གཉིས་པ་དག་
ལ་སྐྱེད། གལ་ཏེ་རེ་ཞིག་སྐད་ཅིག་མ་དང་པོ་ལ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་ལན་ཅིག་གོམས་པ་ན། ཆོས་གཞན་དེ་སྐྱེད་པས། དེའི་འོག་ཏུ་གོམས་པ་དོན་མེད་པ་ཉིད་ཡིན་ནོ། །འོན་ཏེ་སྐད་ཅིག་མ་གཞན་གཉིས་པ་ལ་སོགས་པ་དག་ལའོ་ཞེ་ན། དེ་ནི་མི་འཐད་དེ། རྐྱེན་ལ་ཁྱད་
པར་མེད་པའི་ཕྱིར་བསྟན་པ་ཡིན་ནོ། །སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ནི། སྐད་ཅིག་པ་མ་ཡིན་པར་སྨྲ་བ་དག་སུན་དབྱུང་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་ནི། སྐད་ཅིག་མ་ཉིད་ཀྱིས་རྐྱེན་ལ་ཁྱད་པར་ཡོད་པའི་ཕྱིར། དེ་ཇི་ལྟར་སུན་དབྱུང་བར་རུང་མཐོང་བ་ལ་སོགས་པ་དེས་
เล่ม ๑๓๘ · หน้า 82b
ཞེས་བྱ་བ་ནི། ཆོས་ཅི་ཞིག་གམ་སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་ལ། འདི་ཡང་སྔ་མ་དང་མཐུན་པར་ཐམས་ཅད་ལ་སྦྱར་རོ། །ཕྱིས་ཞེས་བྱ་བ་ནི་དུས་གཞན་ནོ། །འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་འཇུག་པའི་སེམས་ཀྱིས་ཀྱང་ཞེས་བྱ་བ་ཅི་ཞེ་ན།
ཆོས་ཅི་ཞིག་གམ། སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། འདིར་ཡང་བཤད་པ་ནི་སྔ་མ་བཞིན་ནོ། །མ་དུ་ལུང་གའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གཞན་འདི་ཡང་ཁྱེད་ཀྱིས་བརྗོད་དགོས་སོ། །བསྒོས་པ་ནི་ཞེན་པར་བྱས་པའོ། །དེ་དང་ལྷན་
ཅིག་ཏུ་འགགས་པས་ཞེས་བྱ་བ་ནི་མ་དུ་ལུང་གའི་མེ་ཏོག་དང་ལྷན་ཅིག་ཏུ་འགག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འབྲས་བུ་ལ་ཞེས་བྱ་བ་ནི་མ་དུ་ལུང་གའི་འབྲས་བུ་ལ་སྟེ། ཆོས་ཅི་ཞིག་སྐྱེད་པར་བྱེད་དོ་ཞེས་མི་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་རེ་ཞིག་སློབ་དཔོན་
གྱིས་བྱེ་བྲག་ཏུ་སྨྲ་བ་པའི་ཕྱོགས་ལ་ཆོས་གཞན་སྐྱེད་པ་ཇི་ལྟར་མི་འཐད་པ་དེ་ལྟར་རྒྱ་ཆེར་བསྒྲུབས་པ་ཡིན་ནོ། །ད་ནི་མདོ་སྡེ་པ་དག་གི་ཕྱོགས་གཞན་བསྟན་པའི་ཕྱིར་དེ་བས་ན་ཇི་ལྟར་ཀུན་ཏུ་བརྟགས་པའི་ཆོས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་དུ་ལུང་གའི་མེ་ཏོག་རྒྱ་
སྐྱེགས་ཀྱི་ཁུ་བས་ཞེས་བྱ་བ་ལ་སོགས་པ་ནི་དཔེ་ཡིན་ཏེ་གོ་བར་སླའོ། །འོ་ན་ལུས་དང་ངག་གི་ལས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་ཕྱིར་རྒོལ་བར་བྱེད་པ་ཡིན་ནོ། །འདི་སྐད་དུ་སེམས་དང་མི་ལྡན་པའི་ཆོས་གཞན་དང་། འབྲས་བུ་སྐྱེ་བའི་རྒྱུར་མ་རུང་
ན་མ་རུང་དུ་ཟད་དོ། །འོན་ཀྱང་ཇི་ལྟར་སེམས་པས་སེམས་ཀྱི་རྒྱུད་ལ་བསྒོ་བར་བྱེད་ཅེས་བྱ་བ་དེ་བཞིན་དུ་ལུས་དང་། ངག་གི་ལས་ཀྱིས་ཀྱང་ཅིའི་ཕྱིར་བསྒོ་བར་མི་བྱེད་ཅེས་བསྟན་པ་ཡིན་ནོ། །འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི། མདོ་སྡེ་པ་དག་ལན་འདེབས་པ་ཡིན་ནོ། །
དེ་ནི་ཞེས་བྱ་བ་ནི། ལུས་དང་། ངག་གི་ལས་སོ། །སེམས་ལ་ལྟོས་ནས་དགེ་བ་དང་། མི་དགེ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཀུན་ནས་སློང་བར་བྱེད་པའི་སེམས་ལ་ལྟོས་ནས་དགེ་བ་ལ་སོགས་པར་འགྱུར་གྱི། རང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ལ་ལྟོས་ནས་
เล่ม ๑๓๘ · หน้า 83a
ལུས་དང་ངག་གི་ལས་དགེ་བ་ལ་སོགས་པ་ཉིད་དུ་འགྱུར་དུ་ཆུག་ན། དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། གང་ཞིག་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །གང་གིས་དགེ་བ་དང་། མི་དགེ་བ་ཉིད་དུ་
བྱས་པ་ཞེས་བྱ་བ་ནི་སེམས་ཀྱིས་བྱས་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི། ལུས་དང་ངག་གི་ལས་ཀྱིས་སོ། །དེའི་རྒྱུད་ལ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་ལའོ། །དེའི་རྒྱུད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དགེ་བ་དང་མི་དགེ་བ་སྟེ། འདིར་ཡང་དེའི་རྒྱུད་ལ་འབྲས་བུ་ཡིད་དུ་འོང་བ་དང་།
མི་འོང་བ་འབྱིན་པར་ནུས་པ་ཞེས་རྣལ་མ་དང་སྦྱར་བར་བྱའོ། །དོན་ནི་འདི་སྐད་དུ་སེམས་ཀྱི་ཁྱད་པར་གང་ཞིག་གི་ལུས་ལ་སོགས་པའི་ལས་དགེ་བ་ལ་སོགས་པའི་གཟུགས་གཞན་ཡང་བྱས་ནས་རང་གི་རྒྱུད་ལ་བསྒོ་བར་ནུས་པ་དེས་དེ་ལ་བསྒོ་བར་བྱ་བ་བརྒྱུད་པ་ལ་ལྟོས་ཀྱི། རང་ཉིད་མངོན་སུམ་
དུ་བསྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི། རྣར་མི་འོང་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་མདོ་སྡེ་པ་དག་གིས་རང་གི་ཕྱོགས་རྒྱ་ཆེར་བསྒྲུབས་པ་དང་། ད་ནི་སློབ་དཔོན་གྱིས་ཕྱོགས་དེ་ཡང་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར། འོ་ན་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ལས་ནུབ་ཀྱང་ཞེས་བྱ་བ་ནི་སྐྱེས་པ་འགགས་ཀྱང་ངོ་། །དེས་བསྒོས་པའི་ཞེས་བྱ་བ་ནི། ལས་ཀྱི་བག་ཆགས་ཀྱིས་བསྒོས་པའིའོ། །ཚེ་ཕྱི་མ་ལ་འབྲས་བུ་འབྱུང་ན་ཞེས་བྱ་བ་ནི། མ་འོངས་པའི་དུས་ན་འབྲས་བུ་འབྱུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡན་ཆད་ཀྱིས་ནི་ཕ་རོལ་
གྱིས་སྨྲས་པ་བཟླས་པ་ཡིན་ནོ། །སེམས་མེད་པའི་ཞེས་བྱ་བ་ལ་སོགས་པས་ནི་སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །སེམས་ཀྱི་རྒྱུན་ཆད་པ་དག་གི་ཞེས་བྱ་བ་ནི། གང་དག་ལ་སེམས་ཀྱི་རྒྱུན་ཆད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ལས་སྔ་མའི་ཞེས་བྱ་བ་ནི་སྔར་སྐྱེད་པའིའོ། །
ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི། མདོ་སྡེ་པའི་ནང་ནས་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཚེ་དེ་ཉིད་ལ་ཞེས་བྱ་བ་ནི། ཚེ་གང་ལ་དེ་ལས་སྐྱེད་པ་དེ་ཉིད་ལ་ཡིན་གྱི། ཚེ་གཉིས་པ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྒོས་པའི་སེམས་ཀྱི་རྒྱུད་མཚམས་
เล่ม ๑๓๘ · หน้า 83b
འབྱོར་པ་ལས་སོ་ཞེས་བྱ་བ་ནི། ལས་ཀྱིས་བསྒོས་པའི་སེམས་ཀྱི་རྒྱུད་ཕྱིར་མཚམས་འབྱོར་པ་ལས་སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །དེ་ཡང་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དོ། །ཅིའི་ཕྱིར་མཚམས་འབྱོར་ཞེས་བྱ་བ་ནི། རྒྱུ་མེད་པའི་ཕྱིར་མཚམས་
ནི་འབྱོར་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་འཇུག་པའི་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་མདོ་སྡེ་པ་ཁ་ཅིག་གོ། །སྙོམས་པར་འཇུག་པའི་སེམས་ནི་འདིར་འཇུག་པའི་སེམས་ཡིན་པར་བལྟ་བར་བྱ་སྟེ། གང་གིས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་དེས་
མངོན་སུམ་དུ་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རིང་མོ་ཞིག་ལོན་པ་སྨོས་པ་ནི་ཤིན་ཏུ་མི་སྲིད་པ་བསྟན་པའི་ཕྱིར་ཏེ། རེ་ཞིག་འགགས་མ་ཐག་པ་ཡང་མེད་པའི་ཕྱིར། རྐྱེན་དུ་མི་འགྱུར་ན་འགགས་ནས་རིང་མོ་ཞིག་ལོན་པ་ལྟ་ག་ལ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདས་
པ་ལས་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བཤད་པ་དྲན་པར་མཛད་པའོ། །གང་ལས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་པ་ཡིན་ནོ། །ཁ་ཅིག་ན་རེ་དེའི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ན་རེ་ཞེས་
བྱ་བ་ནི་མདོ་སྡེ་པའི་ཁྱད་པར་གཞན་ཁ་ཅིག་གོ། །དེའི་ས་བོན་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ལས་ཏེ། ཅི་ཞེ་ན། སེམས་ཀྱི་རྒྱུད་མཚམས་སྦྱོར་བར་བྱེད་ཅེས་བྱ་བར་སྦྱར་རོ། །གཉིས་ལ་གནས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་
ནི། ཇི་སྐད་དུ་བསྟན་པའི་གཞུང་འཛུགས་པ་ཡིན་ནོ། །ཅི་རིགས་སུ་སྦྱར་རོ་ཞེ་ན་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་ཀྱི་ཁམས་སེམས་དང་བཅས་པའི་གནས་སྐབས་ན་ནི། སེམས་ཀྱི་རྒྱུད་དང་། གཟུགས་ཀྱི་རྒྱུད་ལའོ། །སེམས་མེད་པའི་གནས་སྐབས་ན་ནི་གཟུགས་ཀྱི་
རྒྱུད་ལའོ། །གཟུགས་མེད་པའི་ཁམས་ན་ནི་སེམས་ཀྱི་རྒྱུད་ཁོ་ན་ལ་སྟེ། ཅི་རིགས་སུ་སྦྱར་རོ་ཞེས་བྱ་བའི་དོན་ནི་དེ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་སློབ་དཔོན་གྱིས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་མ་ཚང་བས་ལུང་དང་འགལ་བ་ཉིད་གླེང་བར་མཛད་དོ། །ཁ་ཅིག་ཏུ་ཞེས་
เล่ม ๑๓๘ · หน้า 84a
བྱ་བ་ལ་སོགས་པ་ནི་མདོ་སྡེ་པའི་ཁྱད་པར་དག་ལན་འདེབས་པ་ཡིན་ནོ། །ཁ་ཅིག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུ་མ་ཡིན་གྱི། འོན་ཀྱང་གང་ལ་ཡིད་མངོན་དུ་གྱུར་པར་འཇུག་པ་མེད་པ་དེ་ལ་འདིར་ཉེ་བར་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཞེས་
བྱ་བ་ལ་སོགས་པའི་དཔེ་ནི་གོ་བར་སླའོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །ས་བོན་གྱི་རྒྱུད་གཉིས་སུ་ཞེས་བྱ་བ་ནི་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའི་ས་བོན་གྱི་རྒྱུད་གཉིས་སུའོ། །ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། དེའི་ཕྱིར།
མྱུ་གུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་མ་མཐོང་ངོ་ཞེས་བྱ་བ་ནི་ས་བོན་གྱི་རྒྱུད་ཐ་དད་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་གཞན་དག་འདི་སྐད་དུ། ས་ལ་སོགས་པ་རྒྱུ་དུ་མས་ཀྱང་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་
ན་རྒྱུ་ཐ་དད་པ་མ་མཐོང་ངོ་ཞེས་བྱ། ཞེས་སྨྲ་བར་འགྱུར་བས་དེའི་ཕྱིར། རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་ནི་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །ས་བོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །ཅི་ཞེ་ན། གཅིག་ལ་དུ་མ་ཞེས་བྱ་བ་དང་རྣལ་
འབྱོར་དུ་སྦྱར་རོ། །འདི་ཐམས་ཅད་ཀྱིས་ནི་འདི་སྐད་དུ་ནང་དང་། ཕྱི་རོལ་གྱི་མི་དང་། འབྲས་སཱ་ལུ་ལ་སོགས་པའི་རྒྱུ་ཐ་དད་པ་ནི་ཉེ་བར་ལེན་པའི་རྒྱུ་ཐ་དད་པས་བྱས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ས་བོན་གྱི་རྒྱུད་ཀྱང་ཐ་དད་པར་འགྱུར་ན་ནི། དེས་
ན་ཉེ་བར་ལེན་པའི་རྒྱུ་དད་པའི་ཕྱིར་ལུས་གཅིག་ལ་ཡང་སེམས་དང་སེམས་ལས་བྱུང་བའི་རྒྱུན་རྣམ་པ་གཉིས་ཁོ་ནར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་པས་ཉེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ཉིད་དེ། འདི་སྐད་དུ།
གང་གི་ཚེ་ས་བོན་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཀྱང་སེམས་ཀྱི་རྒྱུད་ཉིང་མཚམས་སྦྱོར་བར་མི་འཐད་པ་དེའི་ཚེ། སྐྱོན་སྔར་བཤད་པ་དེ་སོ་ན་འདུག་པ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱོན་དེ་ནི་ཕྱོགས་ལ་ཡོད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། ཕྱི་རོལ་གྱི་དོན་ཡོད་
เล่ม ๑๓๘ · หน้า 84b
པར་སྨྲ་བ་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཕྱོགས་གང་ལ་ཡོད་ཅེས་གསུངས་པ་ནི་སློབ་དཔོན་ནོ། །གང་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་ཕ་རོལ་པོའོ། །འདིར་མདོའི་ཁུངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ཡང་ཕ་རོལ་པོ་ཉིད་ཡིན་ནོ། །འགོག་པའི་
སྙོམས་པར་ཞུགས་པའི་ལུས་ཀྱི་འདུ་བྱེད་དག་འགགས་པ་ནས་ཞེས་བྱ་བ་ནས་མ་བྲལ་བའི་བར་ཡིན་ནོ་ཞེས་བྱ་བ་འདིས་ནི་མདོའི་བར་སྐབས་སུ་ཡང་དེ་བཞིན་དུ་སྦྱར་བ་ཡིན་ཏེ། འདུ་ཤེས་དང་། སེམས་པ་དང་། ཡིད་ལ་བྱེད་པ་དང་། དབང་པོ་དག་ཅེས་བྱ་བའི་ཐ་ཚིག་གོ། །མ་
གྱུར་པ་ཡིན་ཞེས་བྱ་བ་ནི་མ་རྙིས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །མ་བྲལ་བ་ཞེས་བྱ་བ་ནི། མེད་པ་མ་ཡིན་པ་དང་། མ་ཞིག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དེའི་ཚེ་ཞེས་བྱ་བ་ནི། སློབ་དཔོན་གྱིས་ཕ་རོལ་གྱི་ཕྱོགས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པ་ཡིན་ནོ། །རྣམ་
པར་ཤེས་པ་གང་ཡིན་པར་འདོད་ཅེས་བྱ་བ་ནི། ཅི་མིག་གི་རྣམ་པར་ཤེས་པ་ཡིན་ནམ། འོན་ཏེ་རྣ་བའི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཡིན་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། རེ་ཞིག་ཕྱི་རོལ་གྱི་
དོན་ཡོད་པར་སྨྲ་བ་ཁ་ཅིག་ན་རེ་ནི་དེའི་ཚེ། དེ་ལས་གཞན་པའི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འབྱུང་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་དེ་མི་འཐད་པ་ཉིད་དུ་གསུངས་པ་ཡིན་ནོ། །ཡང་དག་པར་འདུས་པ་
ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་བར་སླའོ། །འདི་སྐད་དུ། རྣམ་པར་ཤེས་པ་དང་། ཚོར་བ་ལ་སོགས་པ་དག་ནི་ཕན་ཚུན་མེད་ན་མི་འབྱུང་བ་ཡིན་ཏེ། དེ་བས་ན་གལ་ཏེ་དེའི་ཚེ་རྣམ་པར་ཤེས་པ་དེ་ཡོད་ན། རེག་པ་ལ་སོགས་པ་གདོན་མི་ཟ་བར་འབྱུང་ངོ་། །འོན་ཏེ་
དེ་དག་མེད་ན་ནི་རྣམ་པར་ཤེས་པ་ཡང་གཅིག་ཏུ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གིས་ཐལ་བ་དེའི་ལན་གདབ་པ་ཡིན་ནོ། །གསུངས་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ་ལས། ཚོར་བའི་རྐྱེན་
เล่ม ๑๓๘ · หน้า 85a
གྱིས་སྲེད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རོ། །ཚོར་བ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི། འདི་ལྟར་ཟག་པ་ཟད་པ་དག་ལ་ཚོར་བ་རྣམ་པ་གསུམ་ཆར་འབྱུང་ཡང་སྲེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་
པས་ནི། དཔེ་ཉེ་བར་བསྟན་ནས། དོན་གྱི་དངོས་པོ་དང་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདིས་ནི། སློབ་དཔོན་གྱིས་ངེས་པར་གཞུང་འཛུགས་པ་ཉིད་དུ་མཛད་པའོ། །དེ་ནི་ཞེས་བྱ་བ་ནི་ཚོར་བའོ། །ཇི་ལྟར་དེ་ཁྱད་པར་དུ་མཛད་ཅེ་ན།
དེའི་ཕྱིར་མ་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་དང་མཚུངས་པར་ལྡན་པའི་རེག་པ་ནི། མ་རིག་པའི་འདུས་ཏེ་རེག་པའོ། །དེ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཞེས་བྱའོ། །ཅི་སྟེ་གཞན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྲེད་པ་འབྱུང་
བའི་ཚོར་བ་ཁྱད་པར་དུ་མཛད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འབྱུང་བའི་རེག་པ་ཡང་ཁ་ཅིག་ཏུ་ཁྱད་པར་དུ་མཛད་དོ་སྙམ་དུ་སེམས་སུ་དོགས་ནས། རེག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །གཞན་དག་
ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གཞན་དུ་ལན་འདེབས་པ་ཡིན་ཏེ། འདི་སྐད་དུ་གལ་ཏེ་རེག་པ་གང་དུ་ཡང་ཁྱད་པར་མ་མཛད་དུ་ཟིན་ཀྱང་། འོན་ཀྱང་ཚོར་བ་ལ་སོགས་པ་སྐྱེད་པ་གསུམ་ཡང་དག་འདུས་པ་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པར་བརྗོད་པར་འདོད་
དེ། ཁྱད་པར་དུ་འཕགས་པ་གང་ཞེ་ན། གང་གི་མཇུག་ཐོགས་སུ་རེག་པ་འབྱུང་བའི་འདུས་པ་ནུས་པ་ཅན་གང་ཡིན་པ་སྟེ། དེ་ཡང་ཚོར་བ་ལ་སོགས་པ་སུན་འབྱིན་པའི་ཚེ་མེད་ན་ཇི་ལྟར་རེག་པ་ཡིན། དེ་མེད་པའི་ཕྱིར། ཚོར་བ་ལ་སོགས་པ་ལ་ག་ལ་ཡོད་དེ། དེའི་ཕྱིར།
ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལུས་པ་ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །འོ་ན་དེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱིས་སུན་དབྱུང་བའི་ཕྱིར། དགེ་བ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་དུ་འཇུག་པར་མཛད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ནི་
เล่ม ๑๓๘ · หน้า 85b
གཞན་གྱི་སྐྱོན་མ་མཐོང་ནས་སྨྲས་པ་ཡིན་ནོ། །གལ་ཏེ་དགེ་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །ཅི་སྟེ་གཞན་སུ་ཞིག་མ་ཆགས་པ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་སྙམ་དུ་སེམས་ན། དེའི་ཕྱིར། མ་ཆགས་པ་ལ་སོགས་པ་ཡོད་
ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་དགེ་བ་མ་ཡིན་པར་འགྱུར་ན། འོ་ན་རྣམ་པར་ཤེས་པ་དེ། དེ་མ་ཐག་པའི་རྐྱེན་དགེ་བ་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པའི་སེམས་ཀྱིས་བསྐྱེད་
པའི་ཕྱིར། དགེ་བ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པར་དོགས་ན་མ་ཡིན་ཏེ། དགེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་འབྱུང་བའི་ཕྱིར་ཞེས་བྱ་བའི་དོན་ནི་འདི་སྐད་དུ། དགེ་བའི་མཇུག་ཐོགས་སུ་ནི་དགེ་བ་ལ་སོགས་པའི་
སེམས་རྣམ་པ་གསུམ་འབྱུང་བར་གཞན་ན་དམིགས་པ་ཡིན་ནོ། །གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བའི་དབང་གིས་དགེ་བ་ཉིད་དུ་འགྱུར་ན། མི་དགེ་བ་དང་ལུང་དུ་མ་བསྟན་པ་གཉིས་ཀྱང་དེར་ཐལ་བར་འགྱུར་བ་ཞིག་ན་དེ་ཡང་འདོད་པ་མ་ཡིན་ཏེ། དེ་བས་ན་ཕན་པའི་དབང་
གིས་དགེ་བ་ཉིད་མ་ཡིན་པར་འདོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སྐྱོན་འདི་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། དགེ་བའི་རྩ་བའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བ་རྣམས་ཀྱི་སྟོབས་ནི། དགེ་བའི་རྩ་བའི་སྟོབས་ཏེ་ནུས་པ་
ཉིད་དོ། །དེས་གང་ལ་དགེ་བ་ཉིད་དེ། དགེ་བའི་ངོ་བོ་ཡོད་པ་འཕངས་ཤིང་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཅི་ཞིག་ཅེ་ན། སེམས་སོ། །དེ་ལྟ་ཡིན་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་ལྟོག་པའི་རྒྱུ་མི་རུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་ལྡོག་པ་ནི་དགེ་བ་
ཉིད་ལོག་པ་སྟེ། མེད་པར་འགྱུར་བའོ། །དེ་ལྡོག་པའི་རྒྱུ་ནི་དེ་ལྡོག་པའི་རྒྱུའོ། །དེ་མི་རུང་བ་ནི་མི་འཐད་པ་ཉིད་དོ། །འདི་སྐད་དུ་གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བའི་དབང་གིས་ཕྱི་མའི་དུས་ན་འབྱུང་བའི་སེམས་དགེ་བ་ཉིད་དུ་འགྱུར་ན། དེ་ལྟ་ན་འོ་ན་ནི་ལན་ཅིག་
เล่ม ๑๓๘ · หน้า 86a
དགེ་བ་སྐྱེས་ན་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་ཕྱི་མའི་དུས་ན་འབྱུང་བར་འགྱུར་བ་ཐམས་ཅད་དགེ་བ་ཉིད་དུ་འགྱུར་ཏེ། མི་དགེ་བ་དང་། ལུང་དུ་མ་བསྟན་པ་གཉིས་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ནི་མི་དགེ་བ་ལ་ཡང་ཐལ་བར་འགྱུར་རོ། །
ཞེས་བྱ་བ་འདིས་ནི་རྩིས་མགོ་བསྒྲེ་བ་སྟེ། ཇི་ལྟར་དགེ་བ་ཉིད་མི་འཐད་པ་དེ་བཞིན་དུ་མི་དགེ་བ་ཡང་བཤད་མ་ཐག་པའི་རིགས་པས་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་གལ་ཏེ་འགོག་པའི་སེམས་དགེ་བ་དང་། མི་དགེ་བར་མི་འཐད་ན་སྙོམས་པར་འཇུག་
པ་དེ་ཇི་ལྟར་ན། དགེ་བ་ཞེས་བྱ་སྙམ་དུ་སེམས་ན། དེའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ཐར་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་དགེ་བ་ཞེས་བྱའི།
དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དག་པར་ནི་མ་ཡིན་པ་དེ་བཞིན་དུ། འགོག་པའི་སྙོམས་པར་འཇུག་པ་ཡང་དུས་རེ་ཞིག་ཞི་བས་དེ་ཙམ་གྱིས་ན་དེ་དགེ་བ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་དགེ་བ་དང་། མི་དགེ་བ་མ་ཡིན་པར་
འགྱུར་ན། འོ་ན་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་མོད་སྙམ་དུ་སེམས་སུ་དོགས་ནས། གལ་ཏེ་ཉོན་མོངས་པ་ཅན་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུ་བ་བཅུའི་མདོ་ཞེས་བྱ་བ་ནི། མདོ་གང་ལས་ཞུ་བ་བཅུ་འབྱུང་བ་དེ་ནི། ཞུ་བ་བཅུའི་མདོ་སྟེ་དེས་
མཚོན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་ཞེས་བྱ་བ་ལ་སོགས་པས། སྐྱོན་གཞན་འདི་ཡང་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །ཅི་སྟེ་གཞན་གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་པར་གྱུར་ན། འོ་ན་མ་བསྒྲིབས་ལ་ལུང་དུ་
མ་བསྟན་པར་འགྱུར་མོད་སྙམ་དུ་སེམས་སུ་དོགས་ན། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་རྣམ་པ་བཞི་སྲིད་པའི་ཕྱིར། ཅི་སྟེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་རྟོག་པར་མཛད་དོ། །དེ་ལས་ཅི་འགྱུར་ཞེས་བྱ་བ་
เล่ม ๑๓๘ · หน้า 86b
ནི་གཞན་གྱི་སྐྱོན་མ་མཐོང་བའི་ཕྱིར་དེ་སྐད་སྨྲས་སོ། །གལ་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཕྱོགས་རེ་རེ་ནས་རྒྱ་ཆེར་སུན་དབྱུང་བ་གསུངས་པ་ཡིན་ནོ། །ཇི་ལྟར་ན་ཞེས་བྱ་བ་འདི་ནི་མངོན་དུ་འགྱུར་ཞེས་བྱ་བ་བར་དུ་
ཆོད་པ་འདི་དང་སྦྱར་བར་བྱའོ། །རྣལ་འབྱོར་པ་ནི་ཕྲ་བ་དང་། ཕྲ་བའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་སྲིད་པའི་རྩེ་མོ་པའི་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་འགོག་པའི་སེམས་མངོན་སུམ་དུ་བྱ་དགོས་ན། གལ་ཏེ་རྣམ་པར་སྨིན་
པ་ལས་སྐྱེ་བ་ཡིན་ན། དེ་འདོད་པ་སྤྱོད་པར་འགྱུར་ཏེ། རྣལ་འབྱོར་པ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་རྩེ་མོའི་སེམས་ཀྱི་མཇུག་ཐོགས་སུ་བསམ་གཏན་དང་པོ་ལ་སོགས་པ་ས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པའི་སེམས་དེ་རྣལ་འབྱོར་པས་ཇི་ལྟར་མངོན་
སུམ་དུ་བྱེད་དེ། ཤིན་ཏུ་ཐག་རིང་བའི་ཕྱིར་རོ། །འདི་ལྟར་ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པ་དག་ཀྱང་རེ་ཞིག་སྙོམས་པར་འཇུག་པའི་སེམས་ཀྱི་མཇུག་ཐོགས་སུ་བཞི་པ་ཡང་མངོན་སུམ་དུ་བྱ་བར་མི་ནུས་ན། དེས་ས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པ་འདོད་པ་ན་སྤྱོད་
པའི་སེམས་ཞིག་མངོན་སུམ་དུ་བྱེད་དམ། དེའི་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དེ། འདིར་ཡང་ཤིན་ཏུ་ཐག་རིང་བ་ཉིད་ཀྱི་ཕྱིར་ལངས་པ་ལ་མངོན་དུ་འགྱུར་མི་སྲིད་དོ། །མི་གཡོ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། ཅི་ཡང་མེད་པ་དང་།
མཚན་མ་མེད་པ་བསྡུའོ། །ཅི་སྟེ་ཕ་རོལ་པོ་གང་གིས་ན་སྐྱོན་དེར་འགྱུར་བར་འགོག་པའི་སེམས་ཀྱི་མཇུག་ཐོགས་སུ་མི་གཡོ་བ་ལ་སོགས་པའི་སེམས་མངོན་དུ་འགྱུར་བ་དེ་ཇི་ལྟར་མི་མངོན་ཞེ་ན་ཞེས་སྨྲ་བར་འགྱུར་རོ་སྙམ་དུ་བསམས་ནས་ལུང་གིས་བསྒྲུབ་པའི་ཕྱིར། ཇི་སྐད་
དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རེག་པ་དུ་ཞིག་ལ་རེག་ཅེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་མི་གཡོ་བ་ནི་བསམ་གཏན་བཞི་པའི་ས་པའོ། །ཅི་ཡང་མེད་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའོ། །མཚན་མ་མེད་པ་ནི་འདུ་ཤེས་ཕྲ་
เล่ม ๑๓๘ · หน้า 87a
བས་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། སྲིད་པའི་རྩེ་མོ་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་སྔོན་གྱི་ལས་ཀྱིས་འཕངས་པའི་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པའི་རིགས་ཏེ། སྔོན་གྱི་ལས་ཀྱིས་འཕངས་པ་ཞེས་བྱ་བ་ནི་ཚེ་
རབས་གཞན་གྱི་ལས་ཀྱིས་འཕངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དུས་ཚིགས་ཞེས་བྱ་བ་ནི་དུས་མཚམས་སོ། །སྔར་བསམས་པ་ཞེས་བྱ་བ་ནི། སྔར་བརྣག་བརྣག་པའོ། །འདི་ལ་ཡང་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་
སྐད་དུ་རྣམ་པར་སྨིན་པ་ནི་རང་གི་ངང་གིས་འབྱུང་བ་ཡིན་ན། ཇི་ལྟར་ན་དེ་རང་གི་ཆོས་ལས་འདས་ནས། གང་གིས་ན་དེས་ལྡང་བའི་དུས་ཀྱི་དུས་ཚིགས་བསམས་པ་ལས་འདའ་བར་མི་བྱེད་པར་རྣལ་འབྱོར་པའི་སེམས་ཀྱི་རྗེས་སུ་འབྲང་ཞེས་བསྟན་པ་ཡིན་ནོ། །མི་འཐད་པ་གཞན་
འདི་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་རྣམ་པར་སྨིན་པའི་སེམས་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་ཐོབ་ཀྱིས་ཆེས་སྔ་བ་ནི་མ་ཡིན་ཞེས་བྱ་བ་བར་དུ་ཆོད་པ་འདི་དང་སྦྱར་རོ། །འགོག་པ་ལ་དམིགས་པ་ཞེས་བྱ་
བ་ནི། ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་འགོག་པ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བ་ནི། སྙོམས་པར་འཇུག་པའི་མཐར་ཕྱིན་པའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ། །
ཆེས་སྔ་བར་ནི་མ་ཡིན་ཞེས་བྱ་བ་ནི། ཆེས་དང་པོ་ས་གཞན་པའི་སེམས་མངོན་སུམ་དུ་གྱུར་པ་ན་ཡང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཚོར་བ་ལ་སོགས་པ་གཅོད་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་དགྲ་བོར་གྱུར་པའི་གནས་སྐབས་ན། བག་ཆགས་འཇུག་པ་འཐོབ་ཀྱི་ཆེས་སྔ་བ་
རྗེས་སུ་མཐུན་པའི་གནས་སྐབས་སུ་ནི། ལན་འགའ་ཡང་མ་ཡིན་ཞེས་བྱ་བ་དེ་ཇི་ལྟར་རུང་ཞེས་བྱ་བ་བསྟན་པ་ཡིན་ནོ། །སྐྱོན་གཞན་འདི་དང་ཡང་ལྡན་ནོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་འདི་ལ་རིགས་པ་ཅི་ཞིག་
เล่ม ๑๓๘ · หน้า 87b
ཡོད་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་ཀྱི་ཁམས་སུའོ། །ཡང་མཚམས་མི་འབྱོར་ལ་ཞེས་བྱ་བ་ནི། སྔོན་གྱི་ལས་ཀྱིས་འཕེན་པའི་དབང་གིས་རང་གི་ངང་གིས་འབྱུང་བའི་རྒྱུན་ཆད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་སེམས་ནི་མཚམས་
འབྱོར་ཞེས་བྱ་བ་ནི་ངེས་པར་སེམས་གཞན་མངོན་དུ་གྱུར་པའི་ཚེ་ན་ཆད་པ་ཡང་མཚམས་འབྱོར་ཏེ། འགོག་པའི་སྙོམས་པར་འཇུག་པས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་དེ་ལྟ་རྣམ་པར་སྨིན་པ་མ་ཡིན་ཡང་རུང་། འོན་ཀྱང་སྤྱོད་ལམ་པ་ལ་སོགས་པས་འགྱུར་མོད་སྙམ་དུ་སེམས་
སུ་དོགས་ནས། འོན་ཏེ་སྤྱོད་ལམ་པ་ལ་སོགས་པ་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་ལམ་པ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པས་ནི། བཟོའི་གནས་དང་། སྤྲུལ་པའི་སེམས་བསྡུའོ། །ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་
འགོག་པ་ལ་དམིགས་པས་རྣམ་པ་གཞན་དུ་ཞུགས་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་མངོན་པར་འདུ་བྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རེག་པ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི། སྤྱོད་ལམ་ལ་སོགས་པ་
མངོན་པར་འདུ་བྱེད་པ་སྟེ། ཅི་ཞེ་ན་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ། །ག་ལ་ཡོད་ཅེས་བྱ་བ་ནི། དེའི་ཚེ་མེད་པ་ཉིད་དེ། འགོག་པའི་སྙོམས་པར་འཇུག་པ་དེ་མངོན་སུམ་དུ་གྱུར་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འདིའི་ཕྱིར་ཡང་མི་འཐད་དོ་ཞེས་བསྟན་
པའི་ཕྱིར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི། བསམ་གཏན་དང་། གཟུགས་མེད་པ་བརྒྱད་དང་། འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་དག་ནི་མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །རྣམ་པར་ཐར་པ་བརྒྱད་དག་ཅེས་བྱ་བ་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་བརྒྱད་དག་གོ། །དེ་དག་གི་ནང་ནས་འགོག་པའི་སྙོམས་པར་འཇུག་པ་ཡང་འབྱུང་སྟེ། འདུ་ཤེས་དང་། ཚོར་བ་
เล่ม ๑๓๘ · หน้า 88a
འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པར་བྱ་སྟེ། སྲིད་པའི་རྩེ་
མོའི་ཞེས་བྱ་བ་ལ་སོགས་པ་གཞུང་འདིས་ནི་རེ་ཞིག་ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པ་དེ་ལྟ་བུའི་ཚུལ་སྟོན་ཏེ། ཕྱིས་ནི་དེའི་དམིགས་པ་དང་། རྣམ་པ་ཅི་ཞིག་ཡིན་ཞེས་བྱ་བ་ལ་སོགས་པས་འགལ་བ་བརྗོད་དོ། །སྟོབས་ཀྱི་དོན་ནི་རྟེན་ནས་ཀྱི་དོན་
དུ་རིག་པར་བྱའོ། །ཚུལ་འདི་གཉིས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་གྲུབ་བོ། །མཚན་མ་མེད་པའི་དབྱིངས་ཞེས་བྱ་བ་ནི། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་རྐྱེན་ནི་འདིར་དོན་གཅིག་ཏུ་རིག་པར་བྱའོ། །ཡང་ན་རྒྱུ་ཉེ་བ་ནི་རྐྱེན་ནོ། །
རྒྱུ་ནི་བརྒྱུད་པ་གཞན་དག་ཀྱང་ཡིན་ནོ། །ཡིད་ལ་མི་བྱེད་པ་ཞེས་བྱ་བ་ནི་འཇུག་པ་མེད་པའོ། །ཇི་ལྟར་དགེ་བ་མ་ཡིན་ཞེས་བྱ་བ་ནི་དགེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་དགེ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། དགེ་བ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །འདིར་ཡང་ཇི་ལྟར་ཞེས་བྱ་བ་སྦྱར་བར་བྱའོ། །གལ་ཏེ་འདི་ཡང་འདོད་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། མཚུངས་པར་ལྡན་ན་ཡང་ཞེས་བྱ་བ་གསུངས་ཏེ། འདི་ཡང་དེ་བཞིན་དུ་སྦྱར་རོ། །གལ་ཏེ་འགོག་པ་ལ་དམིགས་པ་དང་། ཞི་བའི་རྣམ་པ་མ་ཡིན་དུ་ཟིན་
ཀྱང་། དེའི་དམིགས་པ་དང་། རྣམ་པ་གཞན་དུ་འགྱུར་མོད་ཅེ་ན། དེའི་ཕྱིར། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཞེས་བྱ་བ་འདིས་ནི་སེམས་གཡེང་བར་རུང་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དམིགས་པ་
དང་། རྣམ་པ་གཞན་ཞིག་ཡིན་ནོ། སྦྱོར་བའི་སེམས་ཀྱི་མཇུག་ཐོགས་སུ་གཡེང་བར་འགྱུར་རོ། །དེས་ན་མཚན་མ་མེད་པ་ནི་སྦྱོར་བ་དང་མཐུན་པའི་ཕྱིར་རྐྱེན་གཉིས་ཏེ་ཞེས་བྱ་བ་འདི་དང་འགལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལུང་
เล่ม ๑๓๘ · หน้า 88b
དུ་མ་བསྟན་པ་རྣམ་པ་བཞི་རྒྱ་ཆེར་མི་འཐད་དོ། །གལ་ཏེ་འདིར་གཞན་དག་འོན་ཏེ་ལུང་དུ་མ་བསྟན་པ་གཞན་ཞིག་ཏུ་འགྱུར་མོད་ཅེས་ཟེར་དུ་དོགས་ནས། གཉིས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་ཞེས་གསུངས་པའི་ཕྱིར་དང་། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས་ཞེས་གསུངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཞན་གྱི་ཕྱོགས་རྒྱ་ཆེར་བསལ་ནས། དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་མཛད་དོ།། །།
བམ་པོ་གསུམ་པ། འོ་ན་ཞེས་བྱ་བ་ལ་སོགས་པས་ནི། གཞན་དག་སློབ་དཔོན་ལ་ཞུ་བ་བྱེད་པ་ཡིན་ཏེ། གལ་ཏེ་འགོག་པའི་སྙོམས་པར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་མི་འཐད་ན། ཀྱེ་ཁྱོད་ཀྱིས་ཀྱང་དེ་སེམས་དང་བཅས་པ་ཇི་ལྟ་བུ་ཡིན་པར་བརྗོད་དགོས་
སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་གདོན་མི་ཟ་བར་གཉེར་གསད་དགོས་སམ། ཅི་ན་གང་གིས་ན་དེ་སྐད་དུ་ཞུ་བར་བྱེད། འདི་ལྟར་སློབ་དཔོན་གྱིས་ནི། དེ་སེམས་དང་བཅས་པར་གསུངས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སློབ་དཔོན་གྱིས་ཀྱང་ལུང་གི་ཚད་མས་ཞལ་གྱིས་བཞེས་
པ་ཁོ་ན་ཡིན་ཏེ། རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་གྱི་ནའོ། །ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་ལྟ་བུའོ་ཞེས་བྱ་བ་ནི། དེ་ལྟ་བུར་སེམས་དང་བཅས་པར་འདོད་དོ་ཞེས་བྱ་བ་ལྷག་མའོ། །འདིས་ནི་སློབ་དཔོན་བཞེད་པའི་
ཕྱོགས་སྟོན་ཏོ། །ཁ་ཅིག་པ་ཞེས་བྱ་བ་ནི་དང་པོའི་ཁྱད་པར་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་སེམས་པ་དེ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་པ་ཁ་ཅིག་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་གཞན་དག་གོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་
བྱ་བ་ལ་སོགས་པ་སྨྲ་བ་ནི་སློབ་དཔོན་ནོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ཞེས་བྱ་བའི་རྣམ་པར་ཤེས་པའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི། དགེ་བ་ལ་སོགས་པའི་ཆོས་བསྐྱེད་ནུས་པའོ། །ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་
เล่ม ๑๓๘ · หน้า 89a
ཞེས་བྱ་བ་ནི། མའི་རུམ་དུ་ཉིང་མཚམས་སྦྱོར་བ་ཁུ་བ་དང་། ཁྲག་བརྡོས་པར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མྱོས་པ་དེ་ནས་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནི་མི་ལ་སོགས་པར་རོ། །བར་ཆད་མེད་པ་ཞེས་བྱ་
བ་ནི། རྣམ་པར་ཆད་པ་མེད་པར་སྦྱར་རོ། །རྣམ་པར་སྨིན་པའི་རྒྱུ་ཐ་དད་པས་ཐ་དད་པར་གྱུར་པ་ཞེས་བྱ་བ་ནི། དགེ་བ་ལ་སོགས་པ་ཐ་དད་པས་ཐ་དད་པ་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་
མཐར་ཕྱིན་པ་སྟེ་མྱ་ངན་ལས་འདས་པ་ཟད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱུན་གྱིས་འཇུག་པ་ཞེས་བྱ་བ་ནི་རྒྱུན་གྱིས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལ་སོགས་པའི་ངོ་བོའི་རྣམ་པར་ཤེས་པ་བཤད་མ་ཐག་པ་དེ་ལྟ་བུ་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ཞེས་བྱ་བ་ནི་འགོག་པའི་
སྙོམས་པར་འཇུག་པའི་ཚེའོ། །མི་འཆད་དེ་ཞེས་བྱ་བ་ནི་མི་འབྲལ་ཞིང་མི་འགག་ཅེས་བྱ་བའི་ཐ་ཚིག་གོ། །དེས་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མི་འཐད་པས་སོ། །སེམས་དང་བཅས་པ་ཞེས་བྱའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བའོ། །རྣམ་པར་ཤེས་
པའི་ཚོགས་དྲུག་པོ་གཞན་དག་ནི་མི་འཇུག་སྟེ་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་གཞན་པའི་ཚོགས་རྣམས་སོ། །ཅིའི་ཕྱིར་མི་འཇུག་ཅེ་ན། དེའི་ཕྱིར་རྣམ་པར་ཤེས་པ་དེ་དག་གི་ས་བོན་ཉམས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། མིག་གི་རྣམ་པར་ཤེས་པ་ལ་
སོགས་པའི་ནུས་པ་ཉམས་པའི་ཕྱིར་རོ། །གང་གིས་ས་བོན་ཉམས་པར་བྱས་ཤེ་ན། དེའི་ཕྱིར། འགོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་སེམས་ཀྱི་ཞེས་བྱ་བ་ནི་སྦྱོར་བའི་སེམས་སུ་རིག་པར་བྱ་སྟེ། གང་གིས་ན་དེ་མངོན་སུམ་དུ་བྱེད་པའོ། །དུས་ཇི་
སྲིད་ཅིག་ཏུ་ཉམས་ཤེ་ན། དེའི་ཕྱིར། དུས་རེ་ཞིག་ཅེས་བྱ་བ་གསུངས་སོ། །དེས་ན་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཆད་པས་སོ། །འོ་ན་རྣམ་པར་ཤེས་པའི་སེམས་ཡོད་བཞིན་དུ་ཡང་ཇི་ལྟར་དེའི་གནས་སྐབས་སེམས་མེད་པ་ཞེས་བྱ་ཞེ་ན། ཞེས་གཞན་
เล่ม ๑๓๘ · หน้า 89b
གྱིས་གླན་ཀ་འབྱུང་དུ་དོགས་ནས། སེམས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ནི་ཞེས་བྱ་བ་ནི། འདི་ནི་རེ་ཞིག་གཅིག་ཡིན་ཏེའོ། །དེའི་ས་བོན་རྣམས་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ས་བོན་རྣམས་སོ། །བསྩགས་
པ་ཞེས་བྱ་བ་ནི་ཀུན་ཏུ་བསྩགས་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་བསྩགས་པའི་ཕྱིར་སེམས་ཡིན་ནོ། །གཉིས་པ་ནི་ཞེས་བྱ་བ་ནི། འདི་ནི་གཞན་ཡིན་ཏེའོ། །སྣ་ཚོགས་པ་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་སྣ་ཚོགས་པ་
ཡིན་ཞེ་ན། དེའི་ཕྱིར་དེའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དམིགས་པ་རྣམ་པ་ཐ་དད་པ་ནི་གཟུགས་ལ་སོགས་པའོ། །རྣམ་པ་རྣམས་ཐ་དད་པ་ནི་གཟུགས་ལ་སོགས་པ་དེ་དག་ཉིད་ཀྱི་སྔོན་པོ་ལ་སོགས་པའོ། །བྱེ་བྲག་ཐ་དད་པ་ནི་སྔོན་པོ་ལ་སོགས་
པ་དེ་དག་གི་ནང་གི་བྱེ་བྲག་སྟེ། རྨ་བྱའི་མགྲིན་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཚུལ་གྱིས་ན། སྣ་ཚོགས་པའི་ཕྱིར་སེམས་ཡིན་ནོ། །འདིས་ནི་རེ་ཞིག་སེམས་ཁོ་ན་རྣམ་པར་དབྱེ་བར་ཟད་དོ། །ད་ནི་སེམས་གཉིས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ནོ། །
དཔེ་ནི་གོ་བར་སླའོ། །གལ་ཏེ་དུས་རེ་ཞིག་ས་བོན་ཉམས་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འབྱུང་ན། ཕྱིས་རྣལ་འབྱོར་པ་ལངས་པ་ན་ཡང་དེའི་རྣམ་པར་ཤེས་པ་དེ་ཇི་ལྟར་འབྱུང་སྙམ་དུ་གཞན་དེ་ལྟར་སེམས་པར་ཐུགས་སུ་ཆུད་ནས། ས་བོན་ཉམས་
པའི་གནས་སྐབས་དེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཞན་པ་དང་། ཆེས་ཞན་པ་དང་། ཞེས་བྱ་བ་ནི་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར། ཆུ་ཚན་དང་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །འབྲི་བའི་ཚུལ་གྱིས་སྒྲ་ནི་ཆུ་ཚན་འབྲི་བའི་ཚུལ་དང་། མདའ་འཕངས་པའི་ཤུགས་འབྲི་བའི་ཚུལ་དུ་ཞེས་རེ་རེ་ལ་སྦྱར་བར་བྱ་སྟེ། ཇི་ལྟར་ཆུ་ཚན་དང་། མདའ་འཕངས་པའི་ཤུགས་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་པས་
เล่ม ๑๓๘ · หน้า 90a
འབྲི་བ་ལྟར་དེ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་བྱ་བ་ནི་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་པས་སོ། །ལྡང་བའི་དུས་འཕངས་པའི་མཐར་ཐུག་པ་ན། ཞེས་བྱ་བ་འདིས་ནི་གནས་སྐབས་དེ་ཉིད་ཁྱད་པར་དུ་བྱེད་
དོ། །འཕངས་པའི་ཞེས་བྱ་བ་ནི་བདག་གིས་དུས་འདི་སྲིད་ཅིག་ཏུ་སྙོམས་པར་ཞུགས་པས་གནས་པར་བྱའོ་སྙམ་པ་རྣལ་འབྱོར་པའི་སེམས་ཀྱི་ཤུགས་སོ། །དེའི་མཐར་ནི་རྫོགས་པ་སྟེ་དེར་ཐུག་ཅིང་ཕྱིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐད་
ཅིག་རེ་རེ་ལ་ཞེས་བྱ་བ་ནི། སྐད་ཅིག་སྐད་ཅིག་ལའོ། །འགྱུར་བའི་ཁྱད་པར་ལས་ཞེས་བྱ་བ་ནི། རྒྱུའི་སྐད་ཅིག་དང་མི་མཐུན་པའི་མཚན་ཉིད་འབྲས་བུ་མི་འདྲ་བ་འབྱུང་བ་ལས་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་རྙེད་པས་ཞེས་བྱ་བ་ལ། འཇུག་པ་རྙེད་པ་ནི་གང་གིས་ཡོངས་སུ་
བརྟས་པ་དེ་ནི་འཇུག་པ་རྙེད་པ་སྟེ་དེས་སོ། །དེ་ཅི་ཞེ་ན། དེའི་ཕྱིར། ས་བོན་ཞེས་བྱ་བ་གསུངས་སོ། །རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། གང་གི་རྐྱེན་དག་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་པ་
མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་ལྟར་དང་པོའི་ཁྱད་པར་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་སེམས་པའི་མདོ་སྡེ་པ་དེ་དག་གི་སེམས་དང་བཅས་པར་འདོད་པ་རྒྱ་ཆེར་བསྒྲུབས་ནས། དེ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་གཞག་པ་
བསྟན་པའི་ཕྱིར། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཅི་ཞེ་ན། བསྒོ་བར་བྱེད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་པ་ཞེས་བྱ་བ་འདིས་ནི་དེའི་རང་བཞིན་
བསྟན་པ་ཡིན་ཏེ། གང་ལ་ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་ཅིང་ལུས་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའི་ཐ་ཚིག་གོ། །གང་གིས་དེ་ལ་བསྒོ་བར་བྱེད་ཅེ་ན། དེའི་ཕྱིར། དེ་ལས་གཞན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་གཞན་པའི་
เล่ม ๑๓๘ · หน้า 90b
རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ལྷན་ཅིག་འབྱུང་བའིའོ། །ཆོས་གཞན་ཞེས་བྱ་བ་ནི་དག་པ་དང་། འདོད་ཆགས་ལ་སོགས་པའོ། །ཇི་ལྟར་བསྒོ་བར་བྱེད་ཅེ་ན། དེའི་ཕྱིར། ས་བོན་བརྟས་པར་བྱེད་པའི་སྒོ་ནས་ཞེས་
བྱ་བ་སྨོས་ཏེ། ས་བོན་གསོ་བར་བྱེད་པའི་སྒོ་ནས་ཡིན་གྱི། སྔོན་མེད་པ་སྐྱེད་པས་ནི་མ་ཡིན་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་རོ། །སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ནུས་པ་ཇི་ལྟ་བ་བཞིན་དུའོ། །བག་
ཆགས་འཇུག་པ་རྙེད་ན་ཞེས་བྱ་བ་ནི། བག་ཆགས་བརྟས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི། གནས་བརྟན་རྟ་སྐད་ཀྱིས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། ཚིགས་སུ་བཅད་དེ་བཤད་དོ་ཞེས་བྱ་བའི་ཐ་ཚིག་
སྟེ། འདིས་ནི་སྐྱེས་བུ་ཚད་མས་བཤད་པར་སྟོན་ཏོ། །སེམས་འདི་ཞེས་བྱ་བ་ནི། སེམས་དེ་ཡིན་པར་རིག་པར་བྱའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། དེའི་ཕྱིར། ས་བོན་མཐའ་ཡས་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དགེ་བ་ལ་སོགས་པའི་ཆོས་ཀྱི་ས་
བོན་དཔག་ཏུ་མེད་པ་དང་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཀྱང་བསྩགས་པའི་ཕྱིར་ན། སེམས་ཞེས་བྱ་བ་བསྟན་ཏེ། བག་ཆགས་བསྩགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་གྱིས་འཇུག་འགྱུར་ཞིང་ཞེས་བྱ་བ་ནི། དེ་ཡང་རྒྱུན་གྱིས་འཇུག་
པའོ། །དེ་དང་དེའི་ས་བོན་བརྟས་ཞེས་བྱ་བ་ནི། ཆོས་དེ་དང་དེ་འབྱུང་བའི་རྒྱུ་བག་ཆགས་ཞེས་བྱ་བ་ས་བོན་ཐོག་མ་མེད་པའི་དུས་ནས་ཞུགས་པའོ། །བརྟས་པ་ནི་གསོས་པའོ། །འགྱུར་ཞེས་བྱ་བ་ནི་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཡོད་ན་དེ་བརྟས་པར་འགྱུར་
ཞེ་ན། དེའི་ཕྱིར། སེམས་ལ་རང་རྐྱེན་བྱུང་ན་ཞེས་བྱ་བ་གསུངས་ཏེ། སེམས་ལ་དད་པ་དང་། འདོད་ཆགས་ལ་སོགས་པའི་རྐྱེན་ཀུན་ཏུ་བྱུང་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བརྟས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཡོངས་སུ་བརྟས་ནའོ། །རིམ་གྱིས་འཇུག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด