རྒྱུ་གདགས་པ
ชื่อสันสกฤต (อักษรทิเบต ตามตัวบท) ཀཱ་ར་ཎ་པྲཛྙཱ་སྟཻ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๙ · หน้า 121a
འཚལ་ཞེས་བྱས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་མཉན་ཏེ། རྟ་རིན་པོ་ཆེའི་བརྡ་རྣམས་སློབ་དུ་བཅུག་ནས། ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་རྟ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་
བརྡ་རྣམས་ལོབས་པ་དེ་བཞིན་དུ། རྟ་རིན་པོ་ཆེས་ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་སོ། །དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས། རྟ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་
འདི་སྐད་ཅེས་གསོལ་ཏོ། །ལྷ་མཁྱེན་པར་མཛད་དུ་གསོལ། ལྷའི་རྟ་རིན་པོ་ཆེ་བདག་གིས་བཏུལ་ལགས་ཀྱི། ལྷས་གང་གིས་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་དུ་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་སད་པར་འདོད་དེ་ཞེས་བྱ་བ་ནས་རྒྱས་པར་
སྦྱར་སྟེ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྦྱིན་པ་མང་པོ་བརྒྱན་བྱས་ནས། །ཅི་རིགས་པ་ནི་བྱིན་པར་གྱུར། །གླང་པོ་རྟ་དང་ཤིང་རྟ་ཁྱོགས། །སྨྱིག་འཁར་སྦ་འཁར་ཁྲི་རྣམས་དང་། །སྟེགས་ཀྱང་འདོགས་སུ་བཅུག་པ་དང་། །གྲུ་དང་ཟམ་པ་རྣམས་དང་
ནི། །གསེར་ལས་བྱས་པའི་ཁྱོགས་རྣམས་ཀྱང་། །དགའ་བཞིན་རང་གི་ལག་ནས་བྱིན། །དེས་ན་སྔོ་ཞིང་མགོ་གནག་པའི། །རྟ་ནི་རྒྱལ་པོས་ཐོབ་པར་འགྱུར། །རྟ་རིན་པོ་ཆེ་དེ་ག་ལས་འོངས་ཤེ་ན། སྨྲས་པ། ནུབ་ཕྱོགས་ན་གླིང་ཕྲན་ཁམ་བུ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་རྟའི་
རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཐམས་ཅད་སྔོ་ལ་མགོ་བོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་ཞིག་གནས་སོ། །དེའི་འཁོར་རྟའི་རྒྱལ་པོ་ཁྲི་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་
མཛེས་པ། ཐམས་ཅད་སྔོ་ལ་མགོ་བོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་ཤ་སྟག་གོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་བསྒོ་བ། སྤྲིན་གྱི་ཤུགས་ཅན་འཁོར་ལོས་
เล่ม ๑๓๙ · หน้า 121b
སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེའི་རྟ་རིན་པོ་ཆེ་ཐང་ཤིག །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ། མཉན་ནས་བུ་ཐུ་བོ་གཏོང་བར་བྱེད་དེ། གལ་ཏེ་དེ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་དེས་ཡང་དེའི་འོག་
མ་གཏོང་བར་བྱེད་དོ། །ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་འཆི་བར་གྱུར་ན་ནི། དེའི་ཚེ་རྟ་རིན་པོ་ཆེ་དེ་རང་གི་གནས་སུ་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་
པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ་སྣང་བ་མེད་པ་མུན་གནག་མར་མེ་མེད་པར་མར་མེའི་འབྲུ་མར་དང་།
མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱས་ནས་མུན་པ་ཆེན་པོ་མེད་པར་བྱས་ཏེ། དེ་བས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་བོ། །ནོར་བུ་རིན་པོ་ཆེ་དེ་ཡང་བཻ་ཌཱུཪྻ་ཟུར་བརྒྱད་པ། བཟང་པོ་
རགས་པ་ཆེ་བ། དག་ཅིང་རྙོག་པ་མེད་པ། རྣམ་པར་གསལ་བ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་འཁོར་དུ་སྣང་བ་ཅི་ཙམ་དགོས་པ་ཐམས་ཅད་ནོར་བུ་དེའི་འོད་ཀྱིས་བྱེད་དོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས། ནོར་བུ་རིན་པོ་ཆེ་དེ་སད་པར་འདོད་དེ། དེ་ནས་
མཚན་མོ་མུན་པ་མུན་ནག་ཐིབས་པོ་ཆར་སིམ་བུ་འབབ་ཅིང་། གློག་འགྱུ་བའི་ནང་དུ་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། སྐྱེད་མོས་ཚལ་གྱི་ཐོག་ཏུ་སོང་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་
ཡན་ལག་བཞི་པ་ཇི་སྙེད་པ་ཐམས་ཅད་དང་། ཉེ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་ཚུན་ཆད་ནོར་བུ་དེའི་འོད་ཀྱིས་ཁྱབ་པོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །མུན་པ་སྣང་བ་མེད་པ་དང་། །མུན་གནག་མར་མེ་མེད་པར་ནི། །མར་མེ་ཏིལ་མར་སྙིང་པོ་
เล่ม ๑๓๙ · หน้า 122a
རྣམས། །ལྷུག་པར་གཏོང་དང་ལྡན་པས་བྱིན། །གཞན་ཡང་སྣང་དང་གསལ་བ་དང་། །སྒྲོན་མ་འབར་བ་རྣམས་ཀྱང་བྱིན། །དེ་ནས་རྒྱལ་པོས་གསལ་དག་པའི། །བཻ་ཌཱུརྱ་ཡི་ནོར་བུ་ཐོབ། །ནོར་བུ་རིན་པོ་ཆེ་དེ་ག་ལས་འོངས་ཤེ་ན། སྨྲས་པ། གང་
གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ན། དེ་ལ་ཀླུ་རྣམས་སམ། ཡང་ན་རྒྱལ་པོ་ཆེན་པོ་བཞིས་འབུལ་བར་བྱེད་དོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་
ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང་། སྐམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་།
གནས་དང་། མར་མེ་རྣམས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་བོ། །བུད་མེད་དེ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། བཙུན་མོ་དེ་ནི་ཧ་ཅང་ཡང་མི་དཀར། ཧ་ཅང་
ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན་ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་ལ་བཙུན་མོ་དེ་གྲང་བའི་དུས་ན་ནི་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་
ལ། ཚ་བའི་དུས་ན་ནི་རེག་ན་བསིལ་བར་འགྱུར་རོ། །བཙུན་མོ་དེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་ལ། ཁ་ནས་ཨུཏྤ་ལའི་དྲི་འབྱུང་སྟེ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་། ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་མནོད་པ་དང་། མཁས་ཤིང་
ཡིད་དུ་འོང་བར་བྱེད་ལ། སྙན་པར་སྨྲ་བར་བྱེད་དོ། །དེ་ནི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན། ལུས་དང་། ངག་གིས་ལྟ་ག་ལ་བྱེད། བཙུན་མོ་དེ་ནི་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་
เล่ม ๑๓๙ · หน้า 122b
རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། །བཙུན་མོ་དེས་ནི་ཇི་ལྟར་པ་ཝ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་དེ་བཞིན་དུ། བུད་མེད་ཐམས་ཅད་
ཟིལ་གྱིས་ནོན་པར་འདུག་གོ། །བཙུན་མོ་དེ་ནི་བུ་འབྱུང་བར་མི་འགྱུར་རོ། །བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་རོ། །བུད་མེད་རིན་པོ་ཆེ་ཐམས་ཅད་ནི་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་
ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཟས་དང་སྐོམ་དང་གོས་དང་སྤོས། །མེ་ཏོག་ཕྲེང་དང་བྱུག་པ་རྣམས། །རང་གི་འཁོར་བཅས་དགའ་བཞིན་དུ། །སྔོན་གྱི་སྐྱེ་བ་དག་ཏུ་བྱིན། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བུད་མེད་མཆོག་ཏུ་བཟང་བ་དང་། །
རྣམ་པ་ཐམས་ཅད་ཕུན་སུམ་ཚོགས། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པར་གྱུར་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་
པ་རྣམ་པར་དག་པ་དག་བྱིན་ཏེ། རྒྱན་རྣམས་དང་། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་རྣམ་པར་དག་པ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་
གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པར་གྱུར་ཏོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཧ་ཅང་ཡང་མི་དཀར་ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང་། ཧ་
ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན། ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ་ཤ་རན་པར་གྱུར་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་པ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་
เล่ม ๑๓๙ · หน้า 123a
ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་རྣམས་རང་གི་ལག་ནས་གུས་པར་བྱས་ཏེ། མ་བརྙས་པར་དུས་སུ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་
ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན་ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་པར་གྱུར་ཏོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གྲང་བའི་དུས་ན་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་
ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་བའི་དུས་གང་ཡིན་པའི་དགུན་སྨད་ཟླ་བ་གཉིས་འོད་མ་འགས་པར་བྱེད་པའི་རླུང་ལྡང་བ་དེ་ལྟ་བུའི་གྲང་ཞིང་ཤིན་ཏུ་གྲང་བའི་དུས་དགུན་སྨད་ཟླ་བ་གཉིས་འོད་མ་འགས་པར་བྱེད་པའི་རླུང་ལྡང་བ་ན། ཕ་
མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། ཁྱིམ་དྲོན་པོ་རྣམས་དང་། གདིང་བ་དང་། བགོ་བ་དྲོན་པོ་རྣམས་བྱིན་པ་དང་། ཟས་དང་། སྐོམ་དང་།
གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། ཞུགས་ལིང་དང་། ཞུགས་ཐབ་རྣམས་དང་། གཞན་ཡང་དྲོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། དེ་བས་ན་བུད་མེད་རིན་པོ་ཆེ་གྲང་བའི་དུས་ན་ལུས་རྣམས་ལ་རེག་ན་དྲོ་
བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཚ་བའི་དུས་ན་ལུས་ལ་རེག་ན་བསིལ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚ་ཞིང་མཆོག་ཏུ་ཚ་ལ་ལྷག་པར་ཚ་བ་ལ་བབ་སྟེ། མི་བཟད་པར་ཡོངས་སུ་གདུངས་པ་ལ་
བབ་ཅིང་། མི་བཟད་པར་ཡོངས་སུ་གདུངས་པའི་ངོ་ལ་བབ་པ་ན། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་བདག་ལ་ཁྱིམ་བསིལ་བ་རྣམས་དང་། གདིང་བ་
เล่ม ๑๓๙ · หน้า 123b
དང་། བགོ་བ་བསིལ་བ་རྣམས་བྱིན་པ་དང་། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། ནོར་བུའི་ལམ་དང་། ནོར་བུས་སྤྲས་པའི་ལམ་དང་། ཤིང་
ཏ་མ་ལའི་ཡལ་གའི་བསིལ་ཡབ་དང་། ཏ་མ་ལའི་ལོ་མ་ལས་སྣོད་དུ་བྱས་པ་དེ་ལྟ་བུ་དག་དང་། གཞན་ཡང་བསིལ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཚ་བའི་དུས་ན་ལུས་ལ་རེག་ན་བསིལ་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྤུའི་
ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་ལ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་
དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཨ་ཀ་རུ་དང་། རྒྱ་སྤོས་དང་། གུར་ཀུམ་དང་། ཀ་ལ་ནུ་ས་རི་དང་། ཏ་མ་ལའི་ལོ་མ་དེ་ལྟ་བུ་དག་དང་། གཞན་ཡང་དྲི་ཞིམ་པོ་རྣམས་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་
དྲི་འབྱུང་ལ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་ངོ་། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་ནོད་པ་དང་། མཁས་ཤིང་ཡིད་དུ་འོང་བར་བྱེད་ལ་སྙན་པར་སྨྲ་བར་བྱེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་
ཡུན་རིང་པོ་ནས་བསྙེན་བཀུར་བྱེད་པ་འཐོབ་པར་འགྱུར་བའི་ལས་དོན་ཡོད་པ་དག་བྱས་ཤིང་བསྩགས་པས་དེ་དག་མངོན་དུ་ཕྱོགས་ཤིང་རྣམ་པར་སྨིན་པ་ཉེ་བར་འོངས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་
ནོད་པ་དང་། མཁས་ཤིང་ཡིད་དུ་འོང་བར་བྱེད་ལ་སྙན་པར་སྨྲ་བར་བྱེད་དོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང་། ངག་གིས་ལྟ་ག་ལ་བྱེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་དབང་
เล่ม ๑๓๙ · หน้า 124a
ཆེ་བར་གྲགས་པའི་སེམས་ཅན་ཡིན་པས་ན། དེའི་ཕྱིར་དེ་སེམས་དམན་པའི་མི་ལ་སེམས་འཇུག་པར་མི་འགྱུར་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང་། ངག་གིས་
ལྟ་ག་ལ་བྱེད། ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་
འཕྲེས་པ་ན་ཅི་མ་རུང་སྙམ་དུ་སེམས་ཤེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་པར་འགྱུར་ཏེ། སེམས་ཅན་དོན་དུ་འདོད་པ་གང་ཡིན་པ་རྣམས་དང་། ཕན་པར་འདོད་པ་རྣམས་དང་། གྲུབ་པ་དང་
བདེ་བར་འདོད་པ་གང་ཡིན་པ་རྣམས་དང་། གནོད་པར་འདོད་པ་གང་ཡིན་པ་རྣམས་དང་། མི་ཕན་པར་འདོད་པ་དང་། གྲུབ་པ་དང་བདེ་བ་མེད་པར་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བྱམས་པའི་མིག་གིས་བལྟས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་
མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེས་ཇི་ལྟར་པ་ཝ་
སངས་ཀྱིས་སྐར་མ་གཞན་ཐམས་ཅད་ཟིལ་གྱིས་ནོན་པ་བཞིན་དུ་བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པ་སྤངས་ལ། གཞན་དག་ཀྱང་སྲོག་
གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ལ། གཞན་དག་ཀྱང་འབྲུའི་ཆང་དང་། བཅོས་
เล่ม ๑๓๙ · หน้า 124b
པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་བཅུག་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེས་ཇི་ལྟར་པ་ཝ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་བཞིན་དུ། བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་གོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་
བུ་འབྱུང་བར་མི་འགྱུར་ཞེ་ན། སྨྲས་པ། འདི་ལྟ་སྟེ། མངལ་དུ་བུ་འཆགས་པ་དེ་ནི་བུད་མེད་རྣམས་ཀྱི་ནད་ཡིན་ལ། བུད་མེད་རིན་པོ་ཆེས་ནི་ཡུན་རིང་པོ་ནས་ནད་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསགས་ཏེ། དེ་དག་རྣམ་པར་སྨིན་པར་
མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་བུ་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ཡུན་རིང་པོ་ནས་ཁྱིམ་ཐབ་དང་འབྲལ་བར་
མི་འགྱུར་བའི་ལས་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསགས་པས་དེ་དག་རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོང་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་
ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེ་དེ་ནི་རང་བཞིན་གྱིས་དགེ་བའི་སྟེང་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་པས་ན། དེའི་ཕྱིར་བུད་མེད་རིན་པོ་ཆེ་ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་
སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་བ་དང་། ཚ་ཞིང་མཆོག་ཏུ་ཚ་བའི་དུས་གང་ཡིན་པ་དེ་ལྟ་བུའི་གྲང་ཞིང་མཆོག་ཏུ་གྲང་བ་དང་། ཚ་ཞིང་མཆོག་ཏུ་ཚ་
བའི་དུས་དག་ཏུ་ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གི་ཐད་དུ་སོང་ནས་མཐུན་པའི་སྨན་རྣམས་དང་། ཕན་པའི་ཟས་རྣམས་དང་། འཚམ་པའི་གཡོག་
เล่ม ๑๓๙ · หน้า 125a
རྣམས་བྱིན་ཏེ། དེ་དག་དེ་རྣམས་ཀྱིས་ལོངས་སྤྱད་ནས་ལུས་མ་གཤེར་བ་དང་། གོས་མ་བརླན་པར་དེའི་ཉིན་མཚན་དུ་བདེ་བ་ལ་རེག་པར་གནས་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་བོ། །ཁྱིམ་བདག་དེ་ཡང་ཕྱུག་
ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་ངོ་། །དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་ཏེ། དེས་གཏེར་བདག་པོ་ཡོད་པ་རྣམས་དང་།
བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ངོ་། །དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་སོང་ནས་ནོར་ཅི་འདོད་པས་སྐབས་འབྱེད་པར་བྱེད་དེ། ནོར་ལ་ལྷའི་ཐུགས་ལས་ཆུང་བར་མཛད་དུ་གསོལ་
བདག་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་བསྒྲུབ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་སད་པར་འདོད་དེ་ཆུ་ལ་འགྲོ་བའི་གྲུར་ཞུགས་ནས་ཆུའི་ནང་ན་འདུག་བཞིན་དུ་ཁྱིམ་བདག་རིན་པོ་ཆེ་ལ་བསྒོ་བ་ཁྱིམ་བདག་ང་ལ་ནོར་དགོས་
སོ། །དེ་ནས་ཁྱིམ་བདག་རིན་པོ་ཆེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་འོ་ན་ཆབ་གྲུ་འགྲམ་དུ་བཅར་དང་བདག་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་སྒྲུབ་པར་འཚལ་ལོ། །ཁྱིམ་བདག་ང་ལ་འགྲམ་དུ་ནོར་དགོས་པ་མེད་དོ། །འདི་ཉིད་དུ་ང་ལ་ནོར་
དགོས་སོ། །ལྷ་འོ་ན་ཆབ་གྲུ་སྡོད་དུ་སྩལ་བར་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཆུའི་ནང་དུ་གྲུ་སྡོད་དུ་བཅུག་གོ། །དེ་ནས་ཁྱིམ་བདག་རིན་པོ་ཆེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་གྲུའི་ནང་དུ་བཙུགས་ཏེ། ལག་
པ་གཉིས་ཆུའི་ནང་དུ་བཅུག་ནས་ལྕགས་ཟངས་ཟུང་བཞི་གསེར་དངུལ་རྡུངས་སུ་བྱས་པ་དང་། རྡུངས་སུ་མ་བྱས་པས་གང་བ་ཕྱུང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕུལ་ཏེ། ལྷ་ནོར་འདི་དག་ལགས་ཀྱི། འདི་ལས་ནོར་གྱི་དགོས་པ་མཛད་ནས་ལྷག་མ་འདི་ཉིད་དུ་དོར་བར་
เล่ม ๑๓๙ · หน้า 125b
གསོལ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆར་བབ་ཡུལ་ངན་བྱུང་བ་དང་། །སོས་ཀའི་དུས་ལ་བབ་པའི་ཚེ། །བསུ་བ་བྱས་ནས་སྦྱིན་པ་བྱིན། །སྡུག་ཕོངས་རྣམས་ནི་ཚིམ་པར་བྱེད། །ལོངས་སྤྱད་ནས་ནི་བདེ་བར་གྱུར། །དེས་ན་སློང་བ་རྣམས་ཀྱང་
རངས། །ལས་གྱི་རྣམ་སྨིན་དེ་ཡིས་ན། །ཚོང་དཔོན་ཕྱུག་ཅིང་ནོར་མང་ལ། །ལྷ་ཡི་མིག་ལྡན་རྫུ་འཕྲུལ་ཆེ། །འཁོར་ལོས་སྒྱུར་བས་ཐོབ་པར་གྱུར། །ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་
དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཅེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། འདྲོན་པོ་རྣམས་དང་། སློང་བ་
རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་རྣམས་བྱིན་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་
མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཏོ། །ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ་ཡོད་པ་
རྣམས་དང་། བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ཞེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་
རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། མུན་པ་སྣང་བ་མེད་པ་མུན་ནག་མར་མེ་མེད་པར་མར་མེའི་འབྲུ་མང་དང་། མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་
เล่ม ๑๓๙ · หน้า 126a
དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱས་ནས། དེ་ལྟ་བུ་དག་དང་། གཞན་ཡང་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེས་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་
ཚོགས་བདག་པོ་ཡོད་པ་རྣམས་དང་། བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ངོ་། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་གྱི་ཚེ་རབས་རྣམས་སུ་དད་པས་རང་གི་ལག་
པ་ནས། །ཟས་སྐོམ་གོས་དང་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་བྱིན། །སྣང་བ་རྣམས་དང་གསལ་བ་རྣམས་དང་སྒྲོན་དང་འབར་བ་བྱས། །དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་ཕྱུག་པ་དང་། །ནོར་མང་གོས་དང་ལྡན་ཞིང་ལྷ་ཡི་མིག་དང་ལྡན་པར་གྱུར། །ཅིའི་ཕྱིར་འཁོར་ལོས་
སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་
མི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ་སྣང་བ་མེད་པ་མུན་ནག་མར་མེ་མེད་པ་ལ་མར་མེའི་འབྲུ་མར་དང་། མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱས་ནས་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་འཁོར་
ལོས་སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་བོ། །བློན་པོ་རིན་པོ་ཆེ་དེ་ཡང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། ཅི་ལ་ཡང་ཐོགས་པ་མེད་པའི་རྟོགས་པའི་ཤེས་རབ་དང་ལྡན་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐང་དུ་སོང་ནས་ཚེ་འདིའི་དོན་ལ་ཡང་འཛུད་པར་བྱེད།
ཚེ་ཕྱི་མའི་དོན་ལ་ཡང་འཛུད་པར་བྱེད། ཚེ་འདི་དང་ཕྱི་མའི་དོན་ལ་ཡང་འཛུད་པར་བྱེད་དོ། །དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དཔུང་དབུལ་བར་འོས་པ་ཡང་འབུལ་བར་བྱེད་ལ། དཔུང་བསྩལ་བར་འོས་པ་ཡང་བསྩལ་བར་བྱེད་དོ། །དེ་ནི་འགྲོ་བ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་
เล่ม ๑๓๙ · หน้า 126b
པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་ངལ་བ་དང་། དུབ་པར་མི་བྱེད་ལ། ཞམ་རིང་བྱེད་པ་གཞན་དག་གི་ཡང་ངལ་བ་དང་། དུབ་པར་ཡང་མི་བྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །མུན་པ་སྣང་བ་མེད་པ་དང་། །མུན་ནག་སྒྲོན་མ་མེད་པར་ནི། །
མར་མེའི་ཏིལ་མར་སྙིང་པོ་རྣམས། །ལྷུག་པར་གཏོང་བས་བྱིན་པར་གྱུར། །ཕ་མ་དག་ལ་སྣང་བ་རྣམས་དང་གསལ་དང་སྒྲོན་དང་འབར་བ་བྱས། །གཉེན་རྣམས་ལ་ནི་ཇི་བཞིན་དགེ་སྦྱོང་བྲམ་ཟེ་རྣམས་ལའང་དེ་དང་འདྲ། །ལས་དགེ་བདེ་བ་འབྱུང་བ་འདི་ནི་ཚེ་རབས་གཞན་དུ་བྱས་གྱུར་
ཏེ། །ལས་ཀྱི་རྣམ་པར་སྨིན་པ་དེས་ན་རྒྱལ་པོའི་བློན་པོ་མཁས་པར་གྱུར། །ཅིའི་ཕྱིར་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་བ་ཡིད་གཞུངས་པ་ཅི་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པར་གྱུར་ཅེ་ན། སྨྲས་པ། བློན་པོ་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་དང་། སྔོན་གྱི་གནས་དང་།
སྔོན་གྱི་ལུས་དང་། སྔོན་གྱི་བདག་ཉིད་ཐོབ་པ་དང་། སྔོན་གྱི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས་སུ་ཟད་པ་དག་ཏུ་དགེ་སྦྱོང་དང་བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། བྱང་
ཞིང་ཤིན་ཏུ་རྟོགས་པར་བྱེད་པ་གང་ཡིན་པ་དེ་དག་གི་ཐད་དུ་སོང་ནས་བསྟེན་པར་བྱས་ཤིང་བསྙེན་བཀུར་བྱས་ཏེ། དགེ་བ་ནི་གང་ཡིན། མི་དགེ་བ་ནི་གང་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཡིན། ཁ་ན་མ་ཐོ་བ་མེད་པ་ནི་གང་ཡིན། ཅི་ཞིག་བྱས་ན་ལེགས་པར་འགྱུར་ལ་སྡིག་
པར་མི་འགྱུར་ཞེས་ཡོངས་སུ་དྲིས་ཤིང་ཡོངས་སུ་དྲི་བ་བྱས་སོ། །དེ་དག་ལས་ཐོས་ནས་ཀྱང་དེ་བཞིན་དུ་བདག་ཉིད་ཀྱིས་ཀྱང་བསྒྲུབས་སོ། །གཞན་ཡང་བློན་པོ་རིན་པོ་ཆེ་ནི་རྟོག་པར་བྱེད་ཅིང་སེམས་པའི་རང་བཞིན་ཅན་དུ་གྱུར་ཏོ། །གཞན་ཡང་བློན་པོ་རིན་པོ་ཆེ་ལ་འབྲས་བུ་འམ།
རྒྱུའི་སྒོ་ནས་བསྟེན་པ་གང་ཡིན་པ་དེ་དག་བསྒྲལ་ཞིང་ཀུན་ཏུ་བསྒྲལ་བའི་ཕྱིར་ཤིན་ཏུ་བསྒྲིམ་པ་དྲག་པོ་ལ་ཞུགས་ཏེ། རྒྱུ་དེས་ན་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་ལ་ཡིད་གཞུངས་པར་གྱུར་ཏོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་ནི་བློན་པོ་རིན་
เล่ม ๑๓๙ · หน้า 127a
པོ་ཆེས། །མཁས་པ་རྣམས་ལ་བསྙེན་བཀུར་བྱས། །གཞན་ཡང་རྟོག་པར་བྱེད་པ་དང་། །སྒྲུབ་ཕོད་པ་དང་ལེ་ལོ་མེད། །དེས་ན་དེ་ནི་མཁས་པར་གྱུར། །བློ་ལྡན་བརྩོན་འགྲུས་ལྡན་ལ་གསལ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །སྡེ་རྣམས་ལ་ནི་
བསྒོ་བར་གྱུར། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གཉིས་པའོ།། །།སྡོམ་ནི། རྒྱལ་པོ་འཁོར་ལོ་གླང་པོ་དང་། །རྟ་དང་ནོར་བུ་བུད་མེད་དང་། །ཁྱིམ་བདག་བློན་པོ་རིན་པོ་ཆེ། །ཚེ་དང་ནད་མེད་ཁ་དོག་བཟང་། །ཡིད་དུ་འོང་དང་བུ་མང་བ། །ཕུང་
པོ་གསུམ་པར་བསྡུས་པ་ཡིན། །འཁོར་ལོས་སྒྱུར་བ་ཇི་ལྟར་རྒྱལ་པོ་ཡིན་པ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། བྲག་གུའི་ཚིགས་སུ་བཅད་པ་ལས། །བྲག་གུ་ང་ནི་རྒྱལ་པོ་སྟེ། །ཆོས་ཀྱི་རྒྱལ་
པོ་བླ་ན་མེད། །ས་ཡི་དཀྱིལ་འཁོར་འདི་ཉིད་ན། །ཆོས་ཀྱི་འཁོར་ལོས་སྒྱུར་བར་མཛད། །ཅེས་གསུངས་པ་བཞིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། །ཐུགས་བརྩེ་ལྡན་ཞིང་ཐུགས་རྗེ་ལྡན། །ཐུབ་པ་འཇིག་རྟེན་ཀུན་ལ་ཕན། །དེ་བཞིན་གཤེགས་ལ་དེ་འདྲར་ལྟོས། །འཁོར་
ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་དང་འདྲ་བར་བལྟ་བར་བྱས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པས་བཅོམ་ལྡན་འདས་
ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་རྒྱལ་པོ་འཁོར་ལོ་ཡིས། །ས་འདི་རྣམ་པར་རྒྱལ་བར་གྱུར། །དེ་བཞིན་སངས་རྒྱས་ལམ་གྱི་བྱིན། །བདུད་ཀྱི་འཆིང་བ་གཅོད་པར་
མཛད། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་གླང་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞིས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་
เล่ม ๑๓๙ · หน้า 127b
པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་སོ། །ཇི་ལྟར་རྒྱལ་པོའི་གླང་པོ་ཆེ། །དཀར་ཞིང་མཁའ་ལ་འགྲོ་བར་གྱུར། །གཽ་ཏ་མ་གྲགས་ལྡན་གྱི། །རྫུ་འཕྲུལ་རྐང་རྣམས་དེ་དང་འདྲ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡང་དག་པའི་སྤོང་བ་བཞི་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། ཡང་དག་པའི་སྤོང་བ་བཞིས་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་ཏེ། བྲག་
གུའི་ཚིགས་སུ་བཅད་པ་ལས། ང་ཡི་ཤིང་རྟ་ལེགས་པར་བཅས་པ་ཚུལ་ཁྲིམས་ཡིན། །ངོ་ཚ་ཤེས་པ་ཁ་ལོ་པ་སྟེ་སྲབ་མདའ་དྲན། །ཡང་དག་སྤོང་བ་བཞི་ནི་སྐད་མི་འབྱིན་པའི་རྟ། །ང་ནི་ངེས་པར་ཞི་བ་འདུས་མ་བྱས་པར་སོང་། །ཇི་ལྟར་སྤྲིན་ཤུགས་རྒྱལ་པོའི་རྟ། །སྔོ་
ལ་མགོ་བོ་གནག་པ་བཞིན། །གཽ་ཏ་མ་ནི་གྲགས་ལྡན་གྱི། །ཡང་དག་སྤོང་རྣམས་དེ་དང་འདྲ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལྷའི་སྤྱན་ཡང་དེ་དང་འདྲ་བར་བལྟ་བར་བྱ་
སྟེ། ལྷའི་སྤྱན་གྱིས་ནི་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་བཞེད་པ་དང་། ཇི་སྙེད་བཞེད་པ་དེའི་ཚེ་དང་དེ་སྙེད་གཟིགས་སོ། །ཇི་ལྟར་ནོར་བུ་བཻ་ཌཱུརྱ། །ཁོ་ར་ཁོར་ཡུག་སྣང་བ་བཞིན། །སངས་རྒྱས་ཀྱི་ནི་སྤྱན་གྱིས་ཀྱང་། །ཁོ་ར་ཁོར་ཡུག་ཀུན་ཏུ་གཟིགས། །འཁོར་ལོས་སྒྱུར་བའི་རྒྱལ་
པོའི་བུད་མེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་
པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་སོ། །ཇི་ལྟར་རྒྱལ་པོའི་བཙུན་མོ་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག །དེ་བཞིན་གཽ་ཏམ་གྲགས་ལྡན་གྱི། །དགའ་བ་བྱང་ཆུབ་ཡན་ལག་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེ་ཇི་ལྟ་བ་
เล่ม ๑๓๙ · หน้า 128a
བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིགས་བཞི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། རིགས་བཞི་པོ་དག་བཅོམ་ལྡན་འདས་
ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །ཇི་ལྟར་འཁོར་ལོས་སྒྱུར་བ་ཡི། །ཚོང་དཔོན་ཕྱུག་ཅིང་ནོར་ཆེ་བ། །དེ་བཞིན་གཽ་ཏམ་གྲགས་ལྡན་གྱི། །རིགས་བཞི་རྣམས་ཀྱང་དེ་དང་འདྲ། །
འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། ཤེས་རབ་ཀྱིས་ནི་བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་
སྒྲིབ་པ་མེད་པ་བརྙེས་སོ། །ཇི་ལྟར་བློན་པོ་རྟོག་བྱེད་ཅིང་། །དོན་ཀྱང་སེམས་པར་བྱེད་པ་ལྟར། །སངས་རྒྱས་བཅོམ་ལྡན་ཤེས་རབ་ཀྱིས། །བདུད་ཀྱི་འཆིང་བ་གཅོད་པར་མཛད། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་བཞིན་དུ། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྐུ་ཚེ་རིང་ཞིང་ཡུན་རིང་དུ་བཞུགས་ཏེ། བཅོམ་ལྡན་འདས་བཞེད་ན་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་ཡང་བཞུགས་སོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག །ཇི་ལྟར་ཚེ་ནི་རིང་བ་ལྟར། །དེ་བཞིན་སངས་
རྒྱས་བཅོམ་ལྡན་ཡང་། །བསྐལ་པ་ཚང་བའི་བར་དུ་བཞུགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་ཡིན་པ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གནོད་པ་ཆུང་ཞིང་ནད་མེད་
པའི་རང་བཞིན་ཅན་ཡིན་ནོ། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག །ཇི་ལྟར་གནོད་པ་ཆུང་བ་ལྟར། །སྟོན་པ་གྲགས་དང་ལྡན་པ་ཡང་། །དེ་བཞིན་ནད་མེད་རང་བཞིན་ཅན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ་སྐྱེས་བུ་ཆེན་པོའི་
เล่ม ๑๓๙ · หน้า 128b
མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ནོ། །རྒྱལ་པོ་ཆོས་དང་ལྡན་པའི་
མཆོག །ཇི་ལྟར་མཛེས་པར་གྱུར་པ་ལྟར། །དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང་། །གཟུགས་ཀྱི་མཚན་གྱིས་བརྒྱན་པ་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ངོ་། །རྒྱལ་པོ་ཆོས་དང་ལྡན་པའི་མཆོག །ཇི་ལྟར་ཡིད་དུ་འོང་བ་ལྟར། །སྟོན་པ་བླ་མེད་འཇིག་རྟེན་ན། །ཡིད་དུ་འོང་བའི་རང་བཞིན་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བུ་སྟོང་ཡོད་དེ།
དཔའ་བ་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་སྲས་མང་པོ་མངའ་སྟེ། ཞུགས་པ་དང་། འབྲས་བུ་ལ་གནས་པ་དཔའ་བ་རྟུལ་
ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཉོན་མོངས་པའི་དགྲའི་དཔུང་འཇོམས་པ་རྣམས་མངའོ། །དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་བུ། །ཆོས་དང་ལྡན་ཞིང་བདེན་པས་སྤྲུལ། །དཔའ་ཞིང་ཡན་ལག་མཆོག་གཟུགས་
ལྡན། །དེ་བཞིན་བཅོམ་ལྡན་འདས་ཀྱི་སྲས། །ཞུགས་དང་འབྲས་བུར་གནས་པ་སྟེ། །དཔའ་བོ་ཟུང་ནི་བཞིར་གྱུར་ཅིང་། །སྐྱེས་བུ་གང་ཟག་བརྒྱད་པོ་ཡིན། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གསུམ་པའོ།། །།རྒྱུ་གདགས་
པ། བམ་པོ་བཞི་པ། སྡོམ་ནི། འོང་བ་རྣམ་པ་གཉིས་པོ་དང་། །སྲུང་དང་སྦུགས་དང་བག་ཡངས་དང་། །འདོད་པའི་ཡོན་ཏན་བརྟུལ་ཞུགས་བདེ། །གཡོས་དང་འོད་དང་མི་འདུག་དང་། །རི་དགས་པགས་པ་གོམ་པ་བདུན། །ཕྱོགས་དང་སྨྲ་དང་ཀླུ་གཉིས་དང་། །ལྷ་
เล่ม ๑๓๙ · หน้า 129a
གཉིས་དང་ནི་ཞག་བདུན་དང་། །འཇུག་པ་དང་ནི་ཀུན་དགའ་བོ། །ཕྱོགས་བཞི་དང་ནི་གསུང་བ་དང་། །ཨུཏྤལ་རོལ་མོའི་སྒྲ་སྣ་ཚོགས། །གཟིམ་མལ་གཉིས་དང་སྒོ་དག་དང་། །ངེས་པ་དང་ནི་རྒྱན་རྣམས་དང་། །ངུར་སྨྲིག་རྩྭ་དང་མི་གཞིག་དང་། །
མངོན་པར་ཤེས་དང་སྙིང་བརྩེའི་སེམས། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ས་ཆེར་གཡོ་ཞིང་ས་ཤིན་ཏུ་ཆེར་གཡོ་བར་འགྱུར་ཞེ་ན། སྨྲས་པ། ཀླུའི་མཐུས་གཡོ་བར་འགྱུར་ཏེ། བྱང་
ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གི་ཚེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ཆུ་ན་གནས་པའི་ཀླུ་དབང་ཆེ་བར་གྲགས་སོ་ཅོག་གིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་
གྱི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང་། རྗེད་པའི་ཕྱིར་འོང་ཞིང་འགྲོ་བ་དང་། སྟེང་དུ་འབྱུང་སྟེ་དེ་དག་འོང་ཞིང་འགྲོ་བ་དང་། སྟེང་དུ་འབྱུང་བས་ཆུ་
འཁྲུག་པར་འགྱུར་ལ། ཆུ་འཁྲུགས་པས་གཡོ་བར་འགྱུར་རོ། །གཞན་ཡང་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས་མངོན་པར་འགྱུར་བ་དང་། དབེན་པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་མཐོ་བར་འགྱུར་བའི་
ཕྱིར་རླུང་གྱེན་དུ་ལྡང་ལ། རླུང་གྱེན་དུ་ལངས་པས་ཆུ་འཁྲུགས་ཏེ་ས་གཡོ་བར་འགྱུར་བ་འདི་ནི་དེའི་སྔ་ལྟས་ཡིན་ནོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ།
འཇིག་རྟེན་དག་གི་འཇིག་རྟེན་གྱི་བར་མུན་པ་མུན་ནག་ཐིབས་པོ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་ཀྱིས་སྣང་བར་མ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་
เล่ม ๑๓๙ · หน้า 129b
བ་ཆེན་པོ་དེས་གཅིག་གིས་གཅིག་མཐོང་ནས་ཤེས་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་ཟེར་བར་གྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གི་ཚེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་
སུ་ཞུགས་པ་དེའི་ཚེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་ན་སྤྱོད་པའི་ལྷ་དབང་ཆེ་བར་གྲགས་སོ་ཅོག་གིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་
དགའ་ཞིང་བདེ་བ་སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང་། རྗེད་པའི་ཕྱིར་འོང་ཞིང་འགྲོ་བ་དང་། ཡས་འོངས་ཏེ་དེ་དག་འོང་ཞིང་འགྲོ་བ་དང་། ཡས་འོངས་པས་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་དག་གི་འཇིག་རྟེན་གྱི་བར་མུན་པ་མུན་ནག་ཐིབས་
པོ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་ཀྱིས་སྣང་བར་མ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་ཆེན་པོ་དེས་གཅིག་གིས་གཅིག་མཐོང་ནས་ཤེས་ཏེ།
འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་འཛེར་ཏོ། །གཞན་ཡང་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས་ཤེས་རབ་ཀྱི་སྣང་བ་ཆེན་པོ་འཇིག་རྟེན་དུ་
འབྱུང་བར་འགྱུར་བའི་ཕྱིར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ལྷའི་བུ་བཞི་བྱང་ཆུབ་སེམས་དཔའི་ཡུམ་གྱི་ཕྱོགས་བཞིར་འཁོད་དེ་ཆོས་དང་ལྡན་པར་བསྲུང་བ་
དང་། བསྐྱབ་པ་དང་། སྦ་བར་བྱེད་ཅེ་ན། སྨྲས་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡུན་རིང་པོ་ནས་འདི་ལྟ་བུར་ཡིད་སྨོན་བྱེད་པར་གྱུར་ཏེ། ཀྱེ་མ་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
เล่ม ๑๓๙ · หน้า 130a
རྒྱས་བྱུང་ན་ཅི་མ་རུང་སྙམ་སྟེ། དོན་དེའི་དབང་ལ་བརྟེན་ནས་ལྷ་དེ་རྣམས། བྱང་ཆུབ་སེམས་དཔའི་ཡུམ་གྱི་ཕྱོགས་བཞིར་འཁོད་དེ་ཆོས་དང་ལྡན་པར་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་
སྦུབས་ཀྱི་ནང་ན་བཞུགས་ཏེ། མངལ་གྱི་དྲི་མས་ཀྱང་མ་གོས། ཁྲག་གི་དྲི་མས་ཀྱང་མ་གོས། མི་གཙང་བ་དང་། མི་གཙང་བ་ལས་གྱུར་པ་ཅི་ཡང་རུང་བ་གང་གིས་ཀྱང་མ་གོས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་
དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱེད་པ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཁྱིམ་རྣམ་པར་དག་པ་རྣམས་དང་། གདིང་བ་དང་བགོ་བ་རྣམ་པར་དག་པ་རྣམས་དང་། ཟས་དང་། སྐོམ་དང་། བཅའ་བ་
དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་བྱིན་པ་དང་། རྣམ་པར་དག་པའི་ཆོས་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པས་ན་ལས་དེ་དང་མཐུན་པར་ཡུམ་གྱི་ལྷུམས་ཀྱང་དེ་ལྟར་གྲུབ་བོ། །ཅིའི་
ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ལུས་བག་ཡངས་སུ་གནས་པར་གྱུར་ལ། དེ་སྐྱེད་པའི་ཡུམ་གྱི་ལྷུམས་ན་གནས་པ་ཐམས་ཅད་ཚང་བར་མཐོང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་
རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། ཁྱིམ་ཡངས་པ་རྣམས་དང་། གདིང་བ་དང་། བགོ་བ་ཡངས་པ་རྣམས་དང་། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་།
སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་བྱིན་པ་དང་། རྣམ་པར་དག་པའི་ཆོས་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པས་ན་ལས་དེ་དང་མཐུན་པར་ཡུམ་གྱི་ལྷུམས་ན་དེ་ལྟར་གནས་སོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་
เล่ม ๑๓๙ · หน้า 130b
སེམས་དཔའ་ཡུམ་གྱི་ལྷུམས་ན་ཞུགས་པ་དེའི་ཚེ་དེ་སྐྱེད་པའི་ཡུམ་འདི་ལྟ་སྟེ། འདོད་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་སྐྱེས་པ་ལ་ཡིད་མི་སེམས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་ཚངས་པར་སྤྱད་
པར་གྱུར་ཅིང་ཐག་བསྲིངས་ཏེ་སྤྱོད་པ་དང་། དག་ཅིང་གཙང་ལ་དྲི་ང་བ་མེད་པ་དང་། འཁྲིག་པ་སྤངས་ཤིང་གྲོང་གི་ཆོས་དང་བྲལ་བ། གཞན་དག་ཀྱང་ཚངས་པར་སྤྱོད་པ་ཡང་དག་པར་འཛིན་དུ་བཅུག་པས་ན། ལས་དེ་དང་མཐུན་པར་ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ། །ཅིའི་
ཕྱིར་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་སྐྱེད་པའི་ཡུམ་བརྟུལ་ཞུགས་ཀྱི་གནས་ལྔ་ཡང་དག་པར་བླངས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པར་གྱུར། མ་བྱིན་པར་ལེན་པ་དང་། མི་ཚངས་པར་
སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པར་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་
སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་གྱུར་ལ་གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་།
བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པར་གྱུར་ལ། གཞན་དག་ཀྱང་འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་
འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པས་ན། ལས་དེ་དང་མཐུན་པར་ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ཞུགས་པ་དེའི་ཚེ་དེ་སྐྱེད་པའི་ཡུམ་ལུས་ངལ་བ་མེད་ཅིང་ལུས་དུབ་པ་མེད་དེ་བདེ་བ་
เล่ม ๑๓๙ · หน้า 131a
དང་ནད་མེད་པར་གྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཆེ་བར་གྲགས་པ་ཡིན་ཏེ། དེའི་གཟི་བྱིན་ཆེན་པོས་ཡུམ་གྱི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་གྱུར་ཏེ། རྒྱུ་དེས་ན་བྱང་ཆུབ་སེམས་དཔའི་ཡུམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །
ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་ས་ཆེར་གཡོས་པར་གྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཆེ་བར་གྲགས་པའི་སེམས་ཅན་ཡིན་ཏེ་ཞེས་བྱ་བ་ནས་རྒྱས་པར་སྔར་བསྟན་པ་བཞིན་དུ་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་
སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཞེ་ན། དེ་ཡང་རྒྱས་པར་སྔར་བསྟན་པ་བཞིན་དུ་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ། དེ་སྐྱེད་པའི་ཡུམ་འདུག་པ་འམ། འཕྲེས་
པར་མ་གྱུར་ཏེ། འགྲེང་བཞིན་དུ་རྒྱལ་རིགས་མོ་དེ་ལས་རྒྱལ་རིགས་བལྟམས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་ཡུམ་གྱི་རིང་པོ་ནས་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེས་
འདུག་པ་འམ། འཕྲེས་པའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་མི་འགྱུར་ཏེ། རྒྱུ་དེས་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་ལྷའི་བུ་བཞི་ཕྱོགས་བཞིར་འཁོད་ནས་རི་དགས་ཨ་ཛི་ནའི་པགས་པའི་སླེབ་མོས་བླང་
ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ནད་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསགས་ཏེ་རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན། དེ་ས་ལ་ལྷུང་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་ཡང་མྱོང་བར་མི་འགྱུར་ཏེ།
རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་སུས་ཀྱང་མ་བཟུང་བར་གོམ་པ་བདུན་བོར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ངེས་པར་འབྱུང་བ་དང་ལྡན་པའི་དྲན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་
เล่ม ๑๓๙ · หน้า 131b
པས་ན་དེས་དེ་ཉིད་དགོངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་བ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་
བལྟམས་མ་ཐག་ཏུ་ཕྱོགས་བཞིར་གཟིགས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་རྣམ་པར་རྟོག་པ་དང་ལྡན་པའི་དྲན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེས་དེ་ཉིད་དགོངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཕགས་པའི་བདེན་པ་བཞི་གཟིགས་པ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་བཙས་མ་ཐག་ཏུ་ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་
ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་གསུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཡུམ་གྱི་ལྷུམས་སོ་ཅོག་གིས་ཡོངས་སུ་གཟིར་ཅིང་ཡོངས་སུ་གདུངས་པའི་ཕྱིར་ཐུགས་ཆད་པའི་ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་
སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཆོས་སྟོན་པ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་
རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་བར་སྣང་ལས་ཆུའི་རྒྱུན་གཉིས་ལ་གཅིག་ནི་དྲོན་པོ། །གཅིག་ནི་བསིལ་བ་བབ་སྟེ་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་འཁྲུ་བར་བྱེད་ཅེ་ན། སྨྲས་པ། ཀླུའི་མཐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་
ལ་ཀླུ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་སྐྱེད་པའི་ཡུམ་གྱི་མདུན་དུ་ཆུ་ཆེན་པོའི་རྒྱུན་འབབ་པ་བྱུང་བར་གྱུར་ཏེ། ཆུ་དེ་སྐྱེད་པའི་ཡུམ་གྱིས་ཆུའི་དགོས་པ་བྱས་ཤེ་ན། སྨྲས་པ། ཀླུའི་མཐུ་ཡིན་ཏེ་བྱང་ཆུབ་
เล่ม ๑๓๙ · หน้า 132a
སེམས་དཔའི་ཡུམ་ལ་ཀླུ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་བར་སྣང་ལས་རོལ་མོའི་སྒྲ་རྣམས་གྲག་ཅེ་ན། སྨྲས་པ། ལྷའི་མཐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ལྷ་གང་དག་
མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ་སྒྲ་ཆེར་གྲགས་པར་འགྱུར་བ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་བར་
སྣང་ལས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མེ་ཏོག་མན་ད་ར་བ་རྣམས་རབ་ཏུ་བབ་ལ། ཨ་ཀ་རུའི་ཕྱེ་མ་དང་། ཙནྡན་གྱི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། གོས་རྣམས་འཐོར་བར་གྱུར་ཞེ་ན། སྨྲས་པ། ལྷའི་མཐུ་ཡིན་ཏེ། བྱང་ཆུབ་སེམས་
དཔའ་ལ་ལྷ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། གྲགས་པར་འགྱུར་ཞིང་བསོད་ནམས་ཆེན་པོ་དང་ལྡན་ཏེ། ན་བཟའ་དང་། ཞལ་ཟས་དང་། གཟིམས་
ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་བརྙེས་པར་འགྱུར་བ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམས་ནས་ཞག་བདུན་ལོན་ན་སྐྱེད་པའི་ཡུམ་གྲོངས་པར་གྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཆེ་བར་
གྲགས་པའི་སེམས་ཅན་ཡིན་ཏེ། དེ་གང་གི་ཚེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་གུས་པས་བྱང་ཆུབ་སེམས་དཔའི་ཡུམ་གྱི་སྤུའི་ཁུང་བུ་ཐམས་ཅད་དུ་ལྷའི་གཟི་བྱིན་འཇུག་པར་བྱེད་ལ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་
ལྷུམས་ནས་བྱུང་བ་དེའི་ཚེ་ཡང་གཟི་བྱིན་འཇུག་པར་མི་བྱེད་དོ། །མི་ལ་ནི་གང་དེའི་ལུས་རྟག་པར་བྱེད་པ་དེ་ལྟ་བུའི་གཟི་བྱིན་མེད་པས་ན་དེ་ལྟར་དེ་གསོས་མེད་པས་ན་གྲོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ནི་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་ཅིང་། མཁྱེན་བཞིན་དུ་གནས་
เล่ม ๑๓๙ · หน้า 132b
ལ། མཁྱེན་བཞིན་དུ་འབྱུང་ངོ་ཞེས་གསུངས་པ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་ཅིང་། མཁྱེན་བཞིན་དུ་གནས་ལ། མཁྱེན་བཞིན་དུ་འབྱུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཀྱེ་མ་འཇིག་རྟེན་ལོང་བ། འདྲེན་པ་མེད་པ།
ཡོངས་སུ་འདྲེན་པ་མེད་པའི་ནང་དུ། བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཕྱི་མ་ལ་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་སྤྱད་དེ། དེ་དྲན་
པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཕྱི་མ་ལ་མངོན་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་སྟེ། ཚངས་པར་སྤྱོད་པ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་
སྐྱེས་སོ། །སྐྱེས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་
དེས་བལྟམས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་དེས་བསྙེན་བཀུར་བྱེད། བླ་
མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་སུ་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་སོ། །གནས་ནས་ཀྱང་དེ་འདི་སྙམ་དུ་སེམས་
เล่ม ๑๓๙ · หน้า 133a
ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་
འགྱུར་བར་ཤེས་ཏེ། དེའི་རྐྱེན་དེས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་མཁྱེན་
བཞིན་དུ་འཇུག་སྟེ། འཇུག་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་
དེས་མཁྱེན་བཞིན་དུ་ཡུམ་གྱི་ལྷུམས་ན་གནས་ཤིང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་ཏེ། དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །དེ་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་
མང་དུ་བྱས་པ་དེས་དེ་བཞིན་དུ་ཡུམ་གྱི་ལྷུམས་ནས་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ངས་མངོན་པར་ཤེས་པ། ཀྱེ་མ་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པའི་ནང་དུ། བདག་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཕྱི་མ་ལ་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་སྤྱད་དེ། ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །
ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཕྱི་མ་ལ་བྱང་ཆུབ་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སྨོན་ལམ་བཏབ་སྟེ་ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །སྐྱེས་ནས་ཀྱང་ང་འདི་སྙམ་དུ་སེམས་ཏེ།
เล่ม ๑๓๙ · หน้า 133b
བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ་བལྟམས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་
སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ། །ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ང་ལ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་གྱིས་དེ་དག་ང་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་
པར་བྱེད་དོ། །ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་སུ་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་སོ། །གནས་ནས་ཀྱང་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་མོ། །དེ་མ་ཡིན་པའི་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ང་ལ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཤེས་ཏེ། དེའི་རྐྱེན་གྱིས་
དེ་དག་ང་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ཡུམ་གྱི་ལྷུམས་
སུ་ཤེས་བཞིན་དུ་འཇུག་སྟེ། འཇུག་པ་ན་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་
เล่ม ๑๓๙ · หน้า 134a
ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་ན་གནས་ཏེ། གནས་པ་ན་ང་འདི་སྙམ་དུ་སེམས་ཏེ་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམ་
སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་ནས་འབྱུང་སྟེ། བྱུང་བ་ན་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ།
ང་དྲན་པ་ཀུན་དུ་བསྟེན་ཅིང་བསྒོམ་སྟེ་མང་དུ་བྱེད་དོ། །ཀུན་དགའ་བོ་ང་དྲན་པ་དེ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་སུས་ཀྱང་མ་བཟུང་བར་གོམ་པ་བདུན་བོར་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་ངོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས། རིང་པོ་མ་ལོན་པར་ཕྱོགས་བཞིར་བལྟས་
ནས་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཕགས་པའི་བདེན་པ་བཞི་འབྱུང་ངོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་
ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་སྨྲས་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་སུ་འགྱུར་ཏེ། རྒ་བ་དང་། འཆི་བ་མཐར་ཐུག་པར་བྱའོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་ལྷ་རྣམས་བར་སྣང་ལས་ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མེ་ཏོག་
เล่ม ๑๓๙ · หน้า 134b
མནྡ་ར་བ་རྣམས་འཐོར་ཞིང་ཨ་ག་རུའི་ཕྱེ་མ་དང་། ཙནྡན་གྱི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། གོས་རྣམས་འཐོར་བར་གྱུར་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།
གྲགས་པར་འགྱུར་ཞིང་བསོད་ནམས་ཆེན་པོ་དང་ལྡན་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་རྙེད་པར་འགྱུར་རོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་ཡུམ་གྱི་ལྷུམས་ནས་བྱུང་ནས་རིང་པོ་མ་ལོན་པར་ལྷ་
རྣམས་བར་སྣང་ལས་ལྷའི་རོལ་མོའི་སྒྲ་དག་སྒྲོགས་པར་གྱུར་ནས། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ་སྒྲ་ཆེར་གྲགས་པར་འགྱུར་རོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །
ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། བུད་མེད་དང་མལ་གཅིག་ཏུ་ཉལ་བ་ན་འདི་ནི་བདག་གི་བུད་མེད་དང་ལྷན་ཅིག་དུ་ཁྱིམ་གཅིག་ན་ཉལ་བའི་ཐ་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་དོ། །ཀུན་དགའ་བོ་ང་མལ་ཆེན་པོ་ལས་འབབ་པ་ན་འདི་སྙམ་དུ་འདི་ནི་བདག་གི་མལ་ཆེན་པོ་ལ་གནས་པའི་
ཐ་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་དོ། །མལ་ཆེན་པོ་ལས་བབས་ནས་བཙུན་མོའི་འཁོར་གྱི་སྒོ་ག་ལ་བ་དེར་སོང་ནས། ཀུན་དགའ་བོ་ང་ལ་ལྷ་རྣམས་སྒོ་འབྱེད་དོ། །ང་བཙུན་མོའི་འཁོར་ནས་བྱུང་ནས་ཁྱིམ་གྱི་ཕྱི་སྒོ་ག་ལ་བ་དེར་སོང་ནས། ཀུན་དགའ་བོ་ང་ལ་ལྷ་རྣམས་སྒོ་འབྱེད་དོ། །ཀུན་
དགའ་བོ་ངའི་ཁྱིམ་གྱི་ཕྱི་སྒོ་ནས་བྱུང་ནས་གྲོང་ཁྱེར་གྱི་སྒོ་ག་ལ་བ་དེར་སོང་ནས། ཀུན་དགའ་བོ་ང་ལ་ལྷ་རྣམས་གྲོང་ཁྱེར་གྱི་སྒོ་འབྱེད་དོ། །ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། བདུད་
རྩིའི་སྒོ་འབྱེད་པར་འགྱུར་རོ་སྙམ་པ་དེའི་སྔ་ལྟས་ནི་དེ་ཡིན་ནོ། །ཀུན་དགའ་བོ་ང་རབ་ཏུ་འབྱུང་བའི་ཕྱིར་རྟ་རིན་པོ་ཆེ་བསྔགས་ལྡན་ལ་ཞོན་ཏེ། གཞན་གྱི་ཡུལ་འཁོར་དང་། གཞན་གྱི་ཡུལ་དུ་སོང་ནས། ཀུན་དགའ་བོ་ང་རྟ་རིན་པོ་ཆེ་བསྔགས་ལྡན་ལས་འབབ་པ་ན་འདི་ནི་བདག་གི་ཁྱིམ་
เล่ม ๑๓๙ · หน้า 135a
པའི་བཞོན་པའི་ཐ་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་དོ། །ཀུན་དགའ་བོ་ངས་ལུས་ལས་རྒྱན་ཐམས་ཅད་བཀྲོལ་ཏེ་འདུན་པའི་ལག་ཏུ་གཏད་པ་ན་འདི་སྙམ་དུ། འདི་ནི་བདག་གི་ཁྱིམ་པའི་རྒྱན་དང་། ལྷབ་ལྷུབ་ཀྱི་ཐ་མ་ཡིན་ཏེ། བདག་གིས་ཕྱིན་ཆད་
ཁྱིམ་པའི་རྒྱན་ཐོབ་པར་མི་བྱའོ་སྙམ་དུ་སེམས་བསྐྱེད་དོ། །ཀུན་དགའ་བོ་ངས་རལ་གྱི་ཨུཏྤ་ལའི་ཁ་དོག་ལྟ་བུས་ཐོར་ཚུགས་གཅོད་པ་ན་འདི་སྙམ་དུ། འདི་ནི་བདག་གི་ཁྱིམ་པའི་ཐོར་ཚུགས་འཆང་བའི་ཐ་མ་ཡིན་ཏེ། བདག་གིས་ཕྱིན་ཆད་ཁྱིམ་ན་གནས་པའི་ཐོར་ཚུགས་བཅང་བར་
མི་བྱའོ་སྙམ་དུ་སེམས་སྐྱེད་དོ། །ཀུན་དགའ་བོ་ངས་ཐག་རིང་པོ་ཁོ་ན་ཞིག་ནས་མི་ལུས་ལ་སྨད་གཡོགས་ངུར་སྨྲིག་གོན་ལ་གོས་ངུར་སྨྲིག་དག་བགོས་ཤིང་ངུར་སྨྲིག་གིས་གཡོགས་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ང་མི་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མི་དེ་ལས་གོས་ངུར་སྨྲིག་
དག་བླངས་ཏེ་གྱོན་ལ་ཀ་ཤི་བའི་གོས་རྣམས་དེ་ལ་བྱིན་པ་ན་འདི་སྙམ་དུ། འདི་ནི་བདག་གི་ཁྱིམ་པའི་གོས་བཅང་བའི་ཐ་མ་ཡིན་ཏེ། བདག་གིས་ཕྱིན་ཅད་ཁྱིམ་ན་གནས་པའི་གོས་བཅང་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་དོ། །ཀུན་དགའ་བོ་ངས་རྩྭ་བརྔ་བའི་མི་ལས་རྩྭ་བཀྲ་ཤིས་
ལྡན་དག་བླངས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བདག་ཉིད་ཀྱིས་རྩྭ་བཏིང་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ལུས་དྲང་པོར་བསྲངས་ཏེ་དྲན་པ་མངོན་དུ་བཞག་ནས། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་བཤིག་
གོ་སྙམ་དུ་སེམས་བསྐྱེད་དེ་ཚིག་ཏུ་སྨྲས་ནས། ཀུན་དགའ་བོ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མ་བཤིག་གོ། །ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། གང་བདག་གིས་སྐྱེ་དགུ་མ་རིག་པའི་ནང་ན་འཁོད་ཅིང་མ་རིག་པ་ལ་དགའ་བ་དང་།
མ་རིག་པའི་སྒོ་ངའི་སྦུབས་ཀྱི་ལིང་ཏོག་གིས་དཀྲིས་ཀུན་ནས་དཀྲིས་པའི་མིག་ཅན་རྣམས་ཀྱི་ནང་ནས་མ་རིག་པའི་སྒོ་ངའི་སྦུབས་མངོན་པར་བརྟོལ་ཏེ། །བདེ་ལེགས་དང་བདེ་བར་མ་རིག་པའི་སྒོ་ངའི་སྦུབས་ནས་བྱུང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །ཀུན་དགའ་བོ་ང་
เล่ม ๑๓๙ · หน้า 135b
མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་སེམས་ཅན་འཇིག་རྟེན་དུ་སྐྱེས་པ་རྣམས་དང་། འཇིག་རྟེན་དུ་འཕེལ་བ་རྣམས་དང་། དབང་པོ་རྣོན་པོ་རྣམས་དང་། དབང་པོ་འབྲིང་རྣམས་དང་། དབང་པོ་རྟུལ་པོ་རྣམས་དང་། སྤུ་ལ་བབ་པ་རྣམས་དང་། གདུལ་སླ་བ་རྣམས་དང་།
ཉོན་མོངས་པ་ཤས་ཆུང་བ་རྣམས་དང་། ཉོན་མོངས་པ་ཤས་ཆུང་བའི་རང་བཞིན་རྣམས་ཡོད་དེ། དེ་དག་གིས་དམ་པའི་ཆོས་མ་ཐོས་ནས་ཡོངས་སུ་ཉམས་པར་འགྱུར་བར་མཐོང་ངོ་། །མཐོང་ནས་ཀྱང་ཀུན་དགའ་བོ་ངས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་དེ་དག་ལ་ཆོས་སྟོན་ཏོ། །
ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། གང་ང་སྐྱེ་དགུ་རྙོག་པའི་ནང་ན་འཁོད་པའི་ནང་ནས་རྙོག་པ་མེད་པའི་སེམས་ཀྱིས་ཤས་ཆེར་གནས་པ་ནི་ངས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཞི་པའོ།། །།སྡོམ་ནི། སྲས་དང་རིགས་དམའ་དབུལ་པོ་དང་། །
མཐའ་འཁོབ་དང་ནི་སྔ་རོལ་དང་། །བཅུ་པ་དང་ནི་བ་ལང་སྤྱོད། །ཤར་བྱང་བདག་གིར་མི་འཛིན་དང་། །འདོད་དང་གཟུགས་དང་ངེས་པ་དང་། །དགྲ་བཅོམ་བདེ་གཤེགས་བཞེངས་པ་དང་། །ཆོས་གོས་གཉིས་ནི་ཚིག་མི་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་
ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གྱུར་ནས་སྲས་མ་སྐྱེད་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་བར་མ་གྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་སྲས་མངའ་བར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་
ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར་རོ། །གཞན་ཡང་སྲས་མ་སྐྱེད་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཆོས་ཉིད་ཡིན་ནོ། །གཞན་ཡང་
འདོད་པ་ལ་ལོངས་སྤྱོད་པར་མི་ནུས་སོ་ཞེས་འཕྱ་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རིགས་དམའ་བར་མི་སྐྱེ་ཞེ་ན། སྨྲས་པ། རིགས་དམའ་བར་སྐྱེ་བ་ནི་ང་རྒྱལ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ལས་འགྱུར་ན། བྱང་ཆུབ་སེམས་དཔའ་ནི་
เล่ม ๑๓๙ · หน้า 136a
ཡུན་རིང་པོ་ནས་ང་རྒྱལ་མེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེ་ནི་ངེས་པར་རིགས་མཐོན་པོར་སྐྱེ་བར་འགྱུར་རོ། །གཞན་ཡང་རིགས་དམའ་བར་སྐྱེས་ན་སྨོད་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དབུལ་པོའི་ཁྱིམ་དུ་
མི་སྐྱེ་ཞེ་ན། སྨྲས་པ། དབུལ་པོའི་ཁྱིམ་དུ་སྐྱེ་བ་ནི་སེར་སྣ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ལས་གྱུར་ན། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་སེར་སྣའི་དྲི་མ་དང་བྲལ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ན་དེ་ནི་ངེས་པར་ཕྱུག་པོའི་ཁྱིམ་དུ་སྐྱེ་བར་འགྱུར་
ཏེ། དེས་ན་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཚེགས་མེད་པར་བརྙེས་ལ། གཞན་དག་ལ་ཡང་བགོ་བཤའ་མཛད་དོ། །གཞན་ཡང་དབུལ་པོའི་ཁྱིམ་དུ་སྐྱེས་ན་སྨོད་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མཐའ་
འཁོབ་ཀྱི་མི་རྐུན་མ་ཀླ་ཀློ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། མཐའ་འཁོབ་ཀྱི་མི་རྣམས་ནི་ཚུལ་ཁྲིམས་ཀྱིས་ཕོངས་པ་དང་། ལྟ་བས་ཕོངས་པ་དང་ལྡན་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔའ་
ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་ཡུལ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་
ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཉན་ཐོས་ཀྱི་ཕ་མཐར་ཕྱིན་པའི་ཟག་པ་མེད་པའི་དགེ་བ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་རྣམས་དང་། དེ་མ་ཡིན་པའི་
ཟག་པ་མེད་པའི་དགེ་བའི་རྩ་བ་མཆོག་ཏུ་གྱུར་པ་རྣམས་ཀྱང་སྐྱེ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་སྔ་རོལ་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་ནི་དབང་པོ་རྟུལ་ཞིང་
เล่ม ๑๓๙ · หน้า 136b
བྱ་བ་ལ་མི་གསལ་ཏེ་རྨུན་པའི་རང་བཞིན་ཅན་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པར་
མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་ཟག་པ་མེད་པའི་དགེ་བ་རྣམས་སྐྱེ་བ་གཏན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་
བྱང་ཆུབ་སེམས་དཔའ་ཚེ་ལོ་བཅུ་ཐུབ་པའི་མི་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། ཚེ་ལོ་བཅུ་ཐུབ་པའི་མི་རྣམས་ནི་ལས་ཤས་ཆེ་བ་དང་། ཉོན་མོངས་པ་ཤས་ཆེ་བ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་
རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་
ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་ཟག་པ་མེད་པའི་དགེ་བ་རྣམས་སྐྱེ་བ་གཏན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་མི་སྐྱེ་ཞེ་ན། སྨྲས་པ། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ནི་དབང་པོ་རྟུལ་ཞིང་བྱ་བ་ལ་མི་གསལ་ཏེ། ཧ་ཅང་རྨུན་པའི་རང་བཞིན་
ཅན་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་
དེ་ནི་ངེས་པར་གླིང་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་འཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཉན་
เล่ม ๑๓๙ · หน้า 137a
ཐོས་ཀྱི་ཕ་མཐར་ཕྱིན་པའི་ཟག་པ་མེད་པའི་དགེ་བ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་དེ་ལྟ་བུ་དག་དང་། དེ་མ་ཡིན་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་མཆོག་ཏུ་གྱུར་པ་རྣམས་ཀྱང་སྐྱེ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཤར་གྱི་ལུས་
འཕགས་ཀྱི་གླིང་དུ་མི་སྐྱེ་ཞེ་ན། རྒྱས་པར་ནུབ་ཀྱི་བ་ལང་སྤྱོད་བཞིན་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་མི་སྐྱེ་ཞེ་ན། སྨྲས་པ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དབང་པོ་རྟུལ་ཞིང་བྱ་བ་ལ་མི་གསལ་ཏེ། ཧ་ཅང་རྨུན་ཆེས་པའི་རང་
བཞིན་ཅན་ཡིན་ལ། ཡུལ་གཙོ་བོར་བྱེད་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོང་སྟེ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ།
རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པས་ན་དེ་ནི་ངེས་པར་གླིང་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དེར་སེམས་ཅན་དབང་ཆེ་བར་གྲགས་ཤིང་སེམས་ཅན་དབང་པོ་རྣོ་ལ་དག་པ་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར་ལ། དེ་ན་ནི་འདི་ལྟ་སྟེ། ཟག་པ་མེད་པའི་དགེ་བའི་
རྩ་བ་རྣམས་གཏན་སྐྱེ་བ་མེད་པ་དང་། གཞན་ཡང་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག་གིར་འཛིན་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་བདག་གིར་མི་འཛིན་ཅིང་ཡོངས་སུ་མི་འཛིན་ཞེ་ན། ཡུལ་རྣམས་མང་ལ་མཉམ་སྟེ།
དེ་དག་གི་ཡུལ་ཡངས་ལ་ཡིད་དུ་འོང་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ནི་བག་མེད་ཅིང་དགའ་བའི་ཤས་ཆེ་ལ་ཡུལ་ལ་སྤྱོད་པ་ཡིན་པས་དེ་དག་དང་བྱང་ཆུབ་སེམས་དཔའ་
ལྷན་ཅིག་ཏུ་མཚུངས་མཉམ་པར་འགྱུར་དུ་འོངས་པ་དང་། ཚངས་པར་སྤྱོད་པ་ཕྱོགས་གཅིག་པར་འགྱུར་ཏེ། འདི་ལྟ་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་མེད་པའི་ཕྱིར་དང་། ཚངས་པར་སྤྱོད་པ་རྒྱས་ཤིང་སྐྱེ་བོ་མང་པོ་རྒྱ་ཆེན་པོ་
เล่ม ๑๓๙ · หน้า 137b
ནས་ལྷ་དང་མི་རྣམས་ཀྱི་བར་དུ་ཡང་དག་པར་ལེགས་པར་བསྟན་པ་ཡང་མེད་པའི་ཕྱིར་ཏེ། དེ་བས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་མི་སྐྱེ་ཞེ་ན། སྨྲས་པ། དེར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་
ཅན་དུ་འགྱུར་བ་དང་། ཚངས་པར་སྤྱོད་པ་ཕྱོགས་གཅིག་པར་འགྱུར་ཏེ། འདི་ལྟ་སྟེ། དགེ་སློང་གི་འཁོར་ནས་དགེ་བསྙེན་མའི་བར་གྱི་འཁོར་གྱི་འཁོར་བཞི་མེད་པར་འགྱུར་བ་དང་ཚངས་པར་སྤྱོད་པ་རྒྱས་པར་མི་འགྱུར་ཏེ། སྐྱེ་བོ་མང་པོ་རྒྱ་ཆེན་པོ་ནས་གཞན་འདོད་པ་ན་སྤྱོད་པའི་ལྷ་རྣམས་
ལ་ཡང་དག་པར་ལེགས་པར་བསྟན་པ་ཡང་མེད་ལ། གཟུགས་ན་སྤྱོད་པ་རྣམས་ལ་ནི་ངེས་པ་ལ་འཇུག་པ་ཡང་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་ངེས་པ་ལ་འཇུག་པ་མེད་ཅེ་ན། སྨྲས་པ། སྐྱོ་བར་འགྱུར་བའི་གནས་གང་ཡིད་ལ་བྱས་ན་ཡང་དག་པའི་ངེས་པ་
ལ་འཇུག་པར་འགྱུར་བ་དེ་ལྟ་བུ་མེད་པའི་ཕྱིར་རོ། །ཅི་དགེ་བའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱའམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱ་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ཞེས་
བྱའོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་གཞེས་བཞིན་དུ་ཐོག་མར་ཉན་ཐོས་བཟང་པོ་ཟུང་ཡོངས་སུ་མྱ་ངན་ལས་འདའ་ལ། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། སྨྲས་པ། ཚེ་དང་ལྡན་པ་དེ་གཉིས་
ཀྱིས་ཡུན་རིང་པོ་ནས་སྟོན་པ་དང་འབྲལ་བར་མི་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་དེ་དག་གི་འབྲས་བུ་མེད་
ཅིང་རྣམ་པར་སྨིན་པ་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྔར་ཉན་ཐོས་བཟང་པོ་ཟུང་ཡོངས་སུ་མྱ་ངན་ལས་འདའ་ལ། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་
เล่ม ๑๓๙ · หน้า 138a
གི་བྱེ་མ་སྙེད་ཀྱི་ཆོས་ཉིད་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་ནི་མི་གཡོ་བ་ཞི་བ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་འབྱུང་བ་དེ་ལ། ཅི་བཅོམ་ལྡན་འདས་སྙོམས་པར་
ཞུགས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སམ། འོན་ཏེ་བཞེངས་ནས་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། སྨྲས་པ། བཞེངས་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཏེ། སྙོམས་པར་ཞུགས་བཞིན་དུ་མ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་
ལས་འདས་ནས་ཞུགས་ལ་བཞེན་པ་ན་ནང་དང་ཕྱི་རོལ་གྱི་ཆོས་གོས་གཉིས་མ་ཚིག་ཅེ་ན། སྨྲས་པ། ལྷའི་མཐུ་ལས་གྱུར་ཏེ། ལྷ་གང་དག་བཅོམ་ལྡན་འདས་ལ་མངོན་པར་དགའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ། །གཞན་ཡང་རྣམ་པ་གཉིས་བསྲུང་བའི་ཕྱིར་མ་ཚིག་སྟེ། སྐུ་
གདུང་བསྲུང་བ་དང་། སྐུའི་ཤ་བསྲུང་བའི་ཕྱིར་རོ། །དེ་ལ་ནང་གི་ནི་སྐུ་གདུང་བསྲུང་བའི་ཕྱིར་མ་ཚིག་གོ། །ཕྱི་རོལ་གྱི་ནི་སྐུའི་ཤ་བསྲུང་བའི་ཕྱིར་མ་ཚིག་གོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་ལྔ་པའོ།། །།སྡོམ་ནི། གཉིས་དང་རང་
རྒྱལ་ཟུང་གཉིས་དང་། །བུད་མེད་གསུམ་དང་སྟོང་གསུམ་དང་། །སྙིང་རྗེ་དང་ནི་བྱམས་པ་དང་། །སེམས་མེད་གཉིས་དང་རྗེས་འབྲང་དང་། །ཕོ་ཉ་རྒལ་བ་ཐ་མ་དང་། །སེམས་ཅན་རྣམས་ལས་ཁྱད་པར་འཕགས། །གཤིན་རྗེ་དང་ནི་ས་སྲུང་བུ། །རབ་བརྟན་དང་ནི་
དམྱལ་བ་པ། །ཅིའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་གཉིས་ཡོད་པ་ལས་གཅིག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བར་འགྱུར་ལ། གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཞེ་ན། སྨྲས་པ། འཁོར་
ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་ཀྱེ་མ་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བར་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། གསོ་སྦྱོང་བླངས་ནས་ཚུལ་ཁྲིམས་ཡང་
เล่ม ๑๓๙ · หน้า 138b
དག་པར་བླངས་ཏེ་གནས་པས། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུ་དང་། སྨོན་ལམ་དེས་དེའི་ཚེ་དེ་ཉིད་དེའི་རྒྱུར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་
འདས་ཀྱིས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་ཀྱེ་མ་བདག་འཇིག་རྟེན་མུན་ནག་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པའི་ནང་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་དེ་ལྟར་
སེམས་བསྐྱེད་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། གསོ་སྦྱོང་བླངས་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པས་དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུ་དང་། སྨོན་ལམ་དེས་སྲིད་པ་ཐ་མར་དེ་ཉིད་དེའི་རྒྱུར་གྱུར་ཏེ།
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། རྒྱུ་དེས་ན་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་གཉིས་ཡོད་པ་ལས་གཅིག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བར་འགྱུར་ལ། གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཅིའི་
ཕྱིར་སངས་རྒྱས་རྣམས་དང་། རང་སངས་རྒྱས་རྣམས་དུས་སྐབས་གཅིག་ཏུ་མི་འབྱུང་ཞེ་ན། སྨྲས་པ། ཚེ་དང་ལྡན་པ་དེ་དག་གིས་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསྩགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་
འོང་བའི་ཕྱིར་ཏེ། གལ་ཏེ་དེ་དག་ཕྲད་པར་འགྱུར་ན་ནི་དེ་ལྟ་ན་དེ་དག་ཀྱང་དོན་མེད་པར་འགྱུར་ལ། གཞན་ཡང་ཚེ་དང་ལྡན་པ་དེ་དག་ནི་སུ་ལ་ཡང་མི་འདུད་ལ། ཚེ་དང་ལྡན་པ་དེ་དག་ལ་ནི་གོང་དུ་བྱ་བ་ཅི་ཡང་མེད་དེ། གང་གི་དོན་དུ་ཚེ་དང་ལྡན་པ་དེ་དག་བཅོམ་ལྡན་འདས་ལ་བལྟ་བ་དང་།
བསྙེན་བཀུར་བྱ་བའི་ཕྱིར་ཐད་དུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་རྣམས་དང་། རང་སངས་རྒྱས་རྣམས་དུས་གཅིག་ཏུ་ཕྲད་པར་མི་འགྱུར་རོ། །ཅིའི་ཕྱིར་དུས་གཅིག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་འཇིག་རྟེན་དུ་མི་འབྱུང་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་
เล่ม ๑๓๙ · หน้า 139a
བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་གདུགས་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསྩགས་པ་དང་། རྒྱལ་སྲིད་གཅིག་པ་ཐོབ་པའི་ལས་རྣམས་དང་། རྒྱལ་ཚབ་གཅིག་པ་ཐོབ་པར་འགྱུར་བའི་ལས་
རྣམས་དང་། འཁོར་ལོས་སྒྱུར་བ་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་དང་། རྒྱལ་ཕྲན་དུ་བཀུར་བ་རྣམས་ཀྱིས་བཀུར་བར་འོས་པ་གཅིག་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསགས་པས་དེའི་ཚེ་འཁོར་ལོས་སྒྱུར་བ་གཉིས་པ་སྐྱེ་བར་འགྱུར་བ་རྣམ་པར་སྨིན་པའི་ལས་མངོན་
དུ་ཕྱོགས་ཤིང་ཉེ་བར་འོངས་པ་མེད་དེ། ཅིའི་ཕྱིར་ཞེ་ན། སྨྲས་པ། དཀོན་པའི་ཕྱིར་ཏེ། དེ་བས་ན་དུས་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་མི་འབྱུང་ངོ་། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་དུས་གཅིག་ཏུ་
འཇིག་རྟེན་དུ་མི་འབྱུང་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཡུན་རིང་པོ་ནས་སྟོན་པ་གཅིག་པ་ཐོབ་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསགས་པ་དང་། སྒྲོལ་བ་གཅིག་པར་འགྱུར་བ་རྣམས་དང་། གྲོལ་བར་བྱེད་པ་
གཅིག་པར་འགྱུར་བ་རྣམས་དང་། འདྲེན་པ་གཅིག་པར་འགྱུར་བ་རྣམས་དང་། མཁས་པས་བཀུར་བ་རྣམས་ཀྱིས་བཀུར་བར་འོས་པར་འགྱུར་བའི་ལས་རྣམས་བྱས་ཤིང་བསྩགས་པས། དེའི་ཚེ་དེ་བཞིན་གཤེགས་པ་གཉིས་པ་སྐྱེ་བར་འགྱུར་བ་རྣམ་པར་སྨིན་པའི་ལས་མངོན་དུ་
ཕྱོགས་ཤིང་ཉེ་བར་འོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། དཀོན་པའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་དུས་གཅིག་ཏུ་འཇིག་རྟེན་དུ་མི་འབྱུང་ངོ་། །ཅིའི་ཕྱིར་བུད་མེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་
མི་བྱེད། བརྒྱ་བྱིན་དུ་འགྱུར་བ་དང་། ཚངས་པར་འགྱུར་བ་དང་། བདུད་དུ་འགྱུར་བ་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་ཅེ་ན། སྨྲས་པ། སྐྱེས་པ་དང་། བུད་མེད་ཀྱི་འདུན་པ་རྣམ་པར་གཞག་ཅིང་
เล่ม ๑๓๙ · หน้า 139b
ལས་དང་དབང་པོ་རྣམ་པར་གཞག་ནས་སྐྱེས་པའི་འདུན་པ་ཆེས་ཆེའི་བུད་མེད་ཀྱི་ནི་དེ་ལྟ་མ་ཡིན་པ་དང་། སྐྱེས་པ་ལས་བྱེད་པ་ཆེས་སྟོབས་དང་ལྡན་གྱི། བུད་མེད་ཀྱི་ནི་དེ་ལྟ་མ་ཡིན་པ་དང་། སྐྱེས་པ་ཆེས་དབང་པོ་རྣོའི་བུད་མེད་ནི་དེ་ལྟ་མ་ཡིན་པ་དང་། གནས་དེ་དག་ཀྱང་འདུན་པ་ཆེན་པོ་དང་།
ལས་སྟོབས་དང་ལྡན་པ་དང་། དབང་པོ་རྣོ་བ་རྣམས་ཀྱིས་ཐོབ་པར་འགྱུར་ཏེ། དེ་བས་ན་བུད་མེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད། བརྒྱ་བྱིན་དུ་འགྱུར་བ་དང་། ཚངས་པར་འགྱུར་བ་དང་། བདུད་དུ་འགྱུར་བ་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བར་མི་བྱེད་ཀྱི་སྐྱེས་པ་ཁོ་ནས་བྱེད་དོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཐའ་ཡས་པ་དང་། ཤེས་རབ་མཐའ་ཡས་པ་དང་། སྤོབས་པ་མཐའ་ཡས་པ་དང་ལྡན་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ཐོས་པ་ལས་བྱུང་
བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་ཤས་ཆེར་འབད་པ་དྲག་པོ་བྱས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཐའ་ཡས་པ་དང་།
ཤེས་རབ་མཐའ་ཡས་པ་དང་། སྤོབས་པ་མཐའ་ཡས་པ་དང་ལྡན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་གསུང་གིས་གོ་བར་མཛད་ཅེ་ན། སྨྲས་པ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་
པོ་མ་ལོན་པར་ཚངས་པའི་འཇིག་རྟེན་དུ་བཞུགས་ཏེ། ཉེ་བ་དང་ཀུན་དུ་ཉེ་བར་མོས་ནས་ཚིགས་སུ་བཅད་པ་བཀའ་སྩལ་པ། བརྩམ་བྱོས་མངོན་པར་འབྱུང་བར་གྱིས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་
གཞོམ་པར་གྱིས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །གལ་ཏེ་འཇིག་རྟེན་གྱི་ཁམས་རེ་རེར་སེམས་ཅན་རེ་རེས་སྒྲ་དེ་ཐོས་པར་གྱུར་ན་ཡང་། དེ་བཞིན་གཤེགས་
เล่ม ๑๓๙ · หน้า 140a
པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གསུང་གིས་གོ་བར་མཛད་ཅེས་བརྗོད་དེ། །ཅིའི་ཕྱིར་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་ཅེ་ན། སྨྲས་པ། ཉོན་
མོངས་པས་སྣད་ཅིང་ཉོན་མོངས་པས་གཟིར་ཏེ་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་བྱས་ལ། སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པར་གཟིགས་པའི་ཕྱིར་ཏེ། རྒྱུ་དེས་ན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་
སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་གོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བྱམས་པའི་སྙོམས་པར་ཞུགས་པའི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། གནོད་པ་ལ་མི་དགའ་བའི་ཏིང་ངེ་འཛིན་ཡིན་པའི་
ཕྱིར་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་གནོད་པའི་རེག་པས་གནོད་པར་མི་འགྱུར་བ་དང་། མི་འདྲ་བའི་སེམས་ཀྱིས་འཆི་བའི་དུས་བྱེད་པ་མེད་དེ། རྒྱུ་དེས་ན་བྱམས་པའི་སྙོམས་པར་ཞུགས་པའི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་
བ་མེད་དོ། །ཅིའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་དང་། འགོག་པའི་སྙོམས་པར་ཞུགས་པའི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། གནོད་པ་ལ་མི་དགའ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏིང་ངེ་
འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་གནོད་པའི་རེག་པས་གནོད་པར་མི་འགྱུར་བ་དང་། སེམས་མེད་པ་དེ་ལ་ནི་འཆི་བའི་དུས་བྱེད་པ་མེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བ་མངལ་ན་གནས་པས་འཁོར་ལོས་སྒྱུར་བའི་མའི་ལུས་ལ་མེ་དང་།
མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་མཐུ་ལས་གྱུར་ཏེ། མཐུ་དེ་ནི་འཁོར་ལོས་སྒྱུར་བ་ཁོ་ནའི་ཡིན་ཏེ། དེས་ན་འཁོར་ལོས་སྒྱུར་བ་མངལ་ན་གནས་པས་འཁོར་ལོས་སྒྱུར་བའི་མའི་ལུས་ལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་
เล่ม ๑๓๙ · หน้า 140b
ཕྱིར་འཁོར་ལོས་སྒྱུར་བའི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། མི་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། འཁོར་ལོས་སྒྱུར་བར་གྱུར་པ་ནི་མི་ཇི་སྙེད་པ་དེ་དག་ལས་ཁྱད་པར་དུ་འཕགས་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་
པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷུམས་ན་གནས་པས་བྱང་ཆུབ་སེམས་དཔའི་ཡུམ་གྱི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་མཐུ་ལས་གྱུར་ཏེ། མཐུ་དེ་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་ཡིན་
ཏེ། དེས་ན་བྱང་ཆུབ་སེམས་དཔའ་ལྷུམས་ན་གནས་པས་བྱང་ཆུབ་སེམས་དཔའི་ཡུམ་གྱི་ལུས་ལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐུ་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། སེམས་ཅན་ཐམས་
ཅད་ལས་ཁྱད་པར་དུ་འཕགས་ཏེ། བྱང་ཆུབ་སེམས་དཔར་གྱུར་པ་ནི་སེམས་ཅན་ཇི་སྙེད་པ་དེ་དག་ལས་ཁྱད་པར་དུ་འཕགས་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རྒྱལ་པོ་གཤིན་རྗེའི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་མི་ཚུགས་ཤིང་བར་མ་དོར་འཆི་བ་
མེད་ཅེ་ན། སྨྲས་པ། གཤིན་རྗེའི་སེམས་ཅན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། རྒྱུ་དེས་ན་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་དང་། གླང་པོ་ཆེ་རབ་བརྟན་གྱི་ལུས་ལ་མེ་དང་། མཚོན་དང་། དུག་དང་། ཆུས་
མི་ཚུགས་ཤིང་བར་མ་དོར་འཆི་བ་མེད་ཅེ་ན། སྨྲས་པ། དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་སེམས་ཅན་དམྱལ་བ་པའི་སེམས་ཅན་གནོད་པ་དྲག་པོ་མི་བཟད་པ་དག་གིས་
བཏགས་པ་རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན། ལས་ཀྱི་རྣམ་པར་སྨིན་པས་ཉེ་བར་བརྟན་པའི་ཕྱིར་ཏེ། ཇི་སྲིད་དུ་དེ་དག་གི་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་མ་ཟད་ཀྱི་བར་དུ་བར་མ་དོར་འཆི་བ་མེད་དོ། །རྒྱུ་དེས་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་
เล่ม ๑๓๙ · หน้า 141a
གནོད་པ་དྲག་པོ་མི་བཟད་པས་བཏགས་པ་རྣམས་ལ་བར་མ་དོར་འཆི་བ་མེད་དོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་དྲུག་པའོ།། །།རྒྱུ་གདགས་པ། བམ་པོ་ལྔ་པ། གླེང་གཞི་ནི་མཉན་ཡོད་ན་སྟེ། དགེ་སློང་དག་
གསུམ་པོ་དག་ནི་ནང་གི་དྲི་མ་དང་། ནང་གི་དགྲ་ཟླ་དང་། ནང་གི་ཕྱིར་རྒོལ་བ་དང་། ནང་གི་དགྲ་བོ་ཡིན་ཏེ། གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སོ། །དགེ་སློང་དག་ཅིའི་ཕྱིར་འདོད་ཆགས་ནང་གི་དྲི་མ་དང་། ནང་གི་དགྲ་ཟླ་དང་།
ནང་གི་ཕྱིར་རྒོལ་བ་དང་། ནང་གི་དགྲ་བོ་ཡིན་ཞེ་ན། དགེ་སློང་དག་དགྲས་ནི་དགྲ་ལ་ཡང་ན་ནི་ལོངས་སྤྱོད་ལས་ཉམས་པར་བྱེད། ཡང་ན་ནི་གཏན་དུ་གསོད་པར་བྱེད་པ་ཁོ་ནར་ཟད་ན། དེ་ནི་དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་
སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་གྱི། དགེ་སློང་དག་གང་ཆགས་ཤིང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་ཏེ་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པར་སྤྱད་པ་དེ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་། ངག་དང་། ཡིད་ཀྱིས་ཉེས་པར་
སྤྱོད་པ་སྤྱད་ནས་རྒྱུ་དེ་དང་། རྐྱེན་དེས་ན་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་ནང་གི་དྲི་མ་དང་། ནང་གི་དགྲ་ཟླ་དང་། ནང་གི་ཕྱིར་རྒོལ་བ་
དང་། ནང་གི་དགྲ་བོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་པ། ཆགས་པ་ཡིས་ནི་དོན་མི་ཤེས། །ཆགས་པ་ཡིས་ནི་ཆོས་མི་མཐོང་། །མི་གང་འདོད་
ཆགས་དང་དུ་ལེན། །དེ་ནི་མུན་པ་མུན་ནག་འགྲོ། །འདོད་ཆགས་གནོད་པ་སྐྱེད་པ་སྟེ། །འདོད་ཆགས་སེམས་ནི་ཆགས་པར་བྱེད། །ནང་ནས་འཇིགས་པ་སྐྱེས་གྱུར་པ། །དེ་ནི་སྐྱེ་བོས་མི་རྟོགས་སོ། །གང་གིས་འདིར་ནི་འདོད་སྤངས་ནས། །ཆགས་པར་འགྱུར་ལ་ཆགས་
เล่ม ๑๓๙ · หน้า 141b
མི་བྱེད། །པདྨ་ལས་ནི་ཆུ་ཐིགས་བཞིན། །དེ་ཡི་འདོད་ཆགས་ལྡོག་པར་འགྱུར། །ཞེ་སྡང་བས་ནི་དོན་མི་ཤེས། །ཞེ་སྡང་བས་ནི་ཆོས་མི་མཐོང་། །མི་གང་ཞེ་སྡང་དང་དུ་ལེན། །དེ་ནི་མུན་པ་མུན་ནག་འགྲོ། །ཞེ་སྡང་གནོད་པ་སྐྱེད་པ་སྟེ། །ཞེ་སྡང་སེམས་ནི་སྡང་བར་བྱེད། །ནང་
ནས་འཇིགས་པ་སྐྱེས་གྱུར་པ། །དེ་ནི་སྐྱེ་བོས་མི་རྟོགས་སོ། །གང་གིས་འདིར་ནི་ཞེ་སྡང་སྤངས། །སྡང་བར་འགྱུར་ལ་སྡང་མི་བྱེད། །འབྲས་བུ་སྨིན་པ་ཐག་ཆད་བཞིན། །དེ་ཡི་ཞེ་སྡང་ལྟུང་བར་འགྱུར། །རྨོངས་པ་ཡིས་ནི་དོན་མི་ཤེས། །རྨོངས་པ་ཡིས་ནི་ཆོས་མི་མཐོང་། །
མི་གང་རྨོངས་པ་དང་དུ་ལེན། །དེ་ནི་མུན་པ་མུན་ནག་འགྲོ། །རྨོངས་པ་གནོད་པ་སྐྱེད་པ་སྟེ། །རྨོངས་པས་སེམས་ནི་རབ་རྨོངས་བྱེད། །ནང་ནས་འཇིགས་པ་སྐྱེས་གྱུར་པ། །དེ་ནི་སྐྱེ་བོས་མི་རྟོགས་སོ། །གང་གིས་འདིར་ནི་རྨོངས་སྤངས་ནས། །རྨོངས་པར་འགྱུར་ལ་རྨོངས་མི་
བྱེད། །ཉི་མ་ཤར་བའི་མུན་པ་བཞིན། །དེ་ཡི་གཏི་མུག་མེད་པར་འགྱུར། །གང་གི་ཆོས་རྣམ་གསུམ་པོ་འདི། །ཏ་ལའི་མགོ་ལྟར་བཅད་བྱས་ཏེ། །གཏུགས་ནས་རིང་པོ་མི་ཐོགས་པར། །དེ་ནི་སྐྱེ་གནས་འགྲོ་མི་འགྱུར། །དེ་ཕྱིར་འདོད་ཆགས་ཞེ་སྡང་དང་། །མ་རིག་པ་
ནི་སྤོང་བྱེད་ཅིང་། །རིག་པ་སྐྱེད་པའི་དགེ་སློང་ནི། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཅིའི་ཕྱིར་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་ཆགས་པ་མི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མ་ཆགས་པ་དགེ་བའི་རྩ་བ་ཀུན་
དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་འདོད་པའི་འདུ་ཤེས་དང་། འདོད་པའི་ཁམས་དང་། འདོད་པའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མངོན་པར་འབྱུང་བའི་འདུ་ཤེས་དང་། མངོན་པར་འབྱུང་བའི་ཁམས་དང་།
མངོན་པར་འབྱུང་བའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བརྒྱན་པ་དང་། བཀླུབས་པ་ལ་བརྩོན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། བརྒྱན་པ་དང་། བཀླུབས་པ་དང་བྲལ་བ་ཀུན་དུ་མ་བསྟེན་ཅིང་མ་
เล่ม ๑๓๙ · หน้า 142a
བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་སྡུག་པའི་མཚན་མ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་
དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་རིགས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་མི་ཉལ་བ་ལ་
མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་
བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད་ཆགས་ཀྱི་ཤས་ཆེ་བ་དེ་དག་གི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཟློས་གར་མཁན་དང་། གར་མཁན་དང་། བཞད་གད་པ་དང་། བྱི་དོར་
མཁན་དང་། ཚར་མཁན་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་ཞེ་སྡང་མི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་
བསྒོམས་ཏེ་མང་དུ་བྱས་པ་དང་། ཞེ་མི་སྡང་བ་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་ཀྱི་འདུ་ཤེས་དང་། གནོད་སེམས་ཀྱི་ཁམས་དང་། གནོད་སེམས་ཀྱི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་།
གནོད་སེམས་མེད་པའི་འདུ་ཤེས་དང་། གནོད་སེམས་མེད་པའི་ཁམས་དང་། གནོད་སེམས་མེད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནས་མ་ཡིན་པར་འཁྲུག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་།
เล่ม ๑๓๙ · หน้า 142b
བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་དུ་མ་བསྟེན་ཅིང་
མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡོམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་
རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་
དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྲུལ་དང་། སྡིག་
པ་དང་། སྦྲང་རྒོད་མདུང་གསུམ་པ་དང་། སྦྲང་རྒོད་མདུང་གསུམ་པ་ཆེན་པོ་དང་། སྲིན་གྱི་མེད་ལ་སྩོགས་པ་སྟེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་
བསྒོམས་ཏེ་མང་དུ་བྱས་པ་དང་། གཏི་མུག་མེད་པ་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བའི་འདུ་ཤེས་དང་། རྣམ་པར་འཚེ་བའི་ཁམས་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་
མང་དུ་བྱས་པ་དང་། རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར་འགྱུར་བ་རྣམས་ཀུན་དུ་བསྟེན་ཅིང་
เล่ม ๑๓๙ · หน้า 143a
བསྒོམས་ཏེ་མང་དུ་བྱས་པ་དང་། དགེ་མཚན་དང་། བཀྲ་ཤིས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུད་ལ་མ་ཞུགས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདི་ལྟ་སྟེ། འདི་ནི་གཟུགས་སོ། །
འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པ་ནུབ་པའོ་ཞེས་སྐྱེ་བ་དང་། འཇིག་པ་མཐོང་བས་རྒྱུན་དུ་
མི་གནས་པའོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་རིག་པ་དང་། ནམ་གྱི་ཆ་སྟོད་དང་
ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་
དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་།
ར་དང་། མ་ཧེ་དང་། རི་དགས་དང་། ཕག་ལ་སྩོགས་པ་སྟེ། རྒྱུ་དེས་ན་གཏི་མུག་གི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་ཀྱི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་མ་ཆགས་པ་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཆགས་
པ་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མངོན་པར་འབྱུང་བའི་འདུ་ཤེས་དང་། མངོན་པར་འབྱུང་བའི་ཁམས་དང་། མངོན་པར་འབྱུང་བའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། འདོད་པའི་འདུ་
เล่ม ๑๓๙ · หน้า 143b
ཤེས་དང་། འདོད་པའི་ཁམས་དང་། འདོད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བརྒྱན་པ་དང་བཀླུབས་པ་ལ་བརྩོན་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། བརྒྱན་པ་དང་། བཀླུབས་པ་དང་
བྲལ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། སྡུག་པའི་མཚན་མ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་
དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་
བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ།
མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད་ཆགས་ཀྱི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་
བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་འདོད་ཆས་ཀྱི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་ཞེ་མི་སྡང་བའི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་།
ཞེ་སྡང་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་མེད་པའི་འདུ་ཤེས་དང་། གནོད་སེམས་མེད་པའི་ཁམས་དང་། གནོད་སེམས་མེད་པའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་།
เล่ม ๑๓๙ · หน้า 144a
གནོད་སེམས་ཀྱི་འདུ་ཤེས་དང་། གནོད་སེམས་ཀྱི་ཁམས་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་
དུ་བྱས་པ་དང་། གནས་མ་ཡིན་པར་འཁྲུག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་
དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་
ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་
པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་
རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མེད་པ་དགེ་བའི་
རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། གཏི་མུག་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་
เล่ม ๑๓๙ · หน้า 144b
པའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རྣམ་པར་འཚེ་བའི་འདུ་ཤེས་དང་། རྣམ་པར་འཚེ་བའི་ཁམས་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར་གྱུར་པ་རྣམས་ཀུན་དུ་མ་
བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དགེ་མཚན་དང་། བཀྲ་ཤིས་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུད་ལ་ཞུགས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདི་ལྟ་སྟེ། འདི་ནི་གཟུགས་སོ། །
འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པའི་ནུབ་པའོ་ཞེས་སྐྱེ་བ་དང་། འཇིག་པ་མཐོང་བས་
རྒྱུན་དུ་གནས་པ་དང་། གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་།
ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་མ་
བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤེས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་
རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏི་མུག་གི་ཤས་ཆེ་བར་མི་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བདུན་པའོ།། །།སྡོམ་ནི། མཐའ་དང་དྲི་
เล่ม ๑๓๙ · หน้า 145a
ང་རེངས་པ་དང་། །གྱེན་དུ་འབྱུང་དང་ལྕི་དང་འཇུ། །འདྲུལ་དང་དབུགས་རྒྱུ་ཉིན་མཚན་དང་། །ཉ་དང་སྐམ་ས་རུས་སྦལ་རྣམས། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྲིད་པའི་སྲེད་པའི་སྔོན་གྱི་མཐའ་མི་མངོན་ལ་སྲིད་པའི་སྲེད་པ་འདི་ནས་སྔོན་ཆད་མ་བྱུང་བ་ཞིག་
འདི་ནས་ཕྱིན་ཆད་འབྱུང་བ་མ་ཡིན་ཏེ། གང་གི་རྐྱེན་གྱིས་བྱུང་བའི་སྲིད་པའི་སྲེད་པ་ནི། མངོན་པ་ཁོ་ནའོ་ཞེས་གསུངས་པ་ལ། ཅི་ཡོད་དེ་མི་སྣང་ངམ། འོན་ཏེ་མེད་དེ་མི་སྣང་ཞེ་ན། སྨྲས་པ། མེད་པའི་ཕྱིར་མི་སྣང་གི །ཡོད་པའི་ཕྱིར་ནི་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པ་དང་ལྡན་
པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ་བདག་ཅག་འདས་པའི་དུས་ན་བྱུང་བར་གྱུར་ཏེ། བདག་ཅག་འདས་པའི་དུས་ན་མ་བྱུང་བ་མ་ཡིན་ནོ་སྙམ་དུ་སེམས་ན་ནི། དེའི་ཚེ་རྟག་པར་འགྱུར་རོ། །གང་གི་ཕྱིར་དེ་དག་འདི་སྙམ་དུ་སེམས་ཏེ། འདས་པའི་དུས་ན་བདག་ཅག་མ་བྱུང་ངོ་སྙམ་དུ་
སེམས་ན་ནི། དེའི་ཚེ་ཆད་པར་ལྷུང་བར་འགྱུར་རོ། །འདུ་བྱེད་ཐམས་ཅད་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུ་བྱེད་འདི་རྣམས་ཀྱི་རྒྱུ་ནི། སྔོན་གྱི་འདུ་བྱེད་རྣམས་ཡིན་ལ། འདུ་བྱེད་དེ་རྣམས་ཀྱི་རྒྱུ་ཡང་སྔ་རོལ་གྱི་འདུ་བྱེད་རྣམས་ཡིན་ན། གལ་ཏེ་སྔོན་གྱི་མཐའ་མངོན་པར་གྱུར་ན་དང་
པོའི་འདུ་བྱེད་གང་ཡིན་པ་དེ་དག་རྒྱུ་མེད་པ་ལས་བྱུང་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་ཤི་བར་འགྱུར་ཏེ་གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་ང་བ་འབྱུང་ལ། འདོད་ཆགས་དང་བྲལ་བ་ཤི་བར་འགྱུར་ཏེ། གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་
ང་བ་མི་འབྱུང་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་ན་ནི་མི་གཙང་བ་འབྱུང་ཞིང་ཁུ་ཆུ་འབྱུང་བར་འགྱུར་ཏེ། དེའི་མི་གཙང་བས་ལུས་ཀྱི་དབང་པོ་ཐམས་ཅད་དུ་ཆུབ་པར་འགྱུར་ཏེ། གལ་ཏེ་མེར་བསྲེགས་ན་དེའི་ལུས་ལས་དྲི་ང་བ་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་
རྣམས་ཀྱང་ལུས་ལ་མཆོད་ཅིང་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར། ཤས་ཆེར་སྤྲོ་བར་མི་བྱེད་དོ། །འདོད་ཆགས་དང་བྲལ་བ་འཆི་ན་ནི། མི་གཙང་བ་མི་འབྱུང་ཞིང་ཁུ་ཆུ་འབྱུང་བར་མི་འགྱུར་ཏེ། དེའི་ལུས་ཀྱི་དབང་པོ་ཐམས་ཅད་དུ་མི་གཙང་བས་ཆུབ་པར་འགྱུར་བ་མེད་དེ།
เล่ม ๑๓๙ · หน้า 145b
གལ་ཏེ་དེའི་ལུས་མེར་བསྲེགས་ན་དེའི་ལུས་ལས་དྲི་ང་བ་མི་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱང་ལུས་ལ་མཆོད་ཅིང་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར་ཤས་ཆེར་སྤྲོ་བར་བྱེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་
བ་ཤི་ན་ལུས་རེངས་ཤིང་མི་མཉེན་པར་འགྱུར་ལ། འདོད་ཆགས་དང་བྲལ་བ་ཤི་བའི་ལུས་ནི་མཉེན་ཞིང་རེངས་པར་མི་འགྱུར་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་བ་ནི་རླུང་ལྟོ་ནས་གྱེན་དུ་ལྡང་བས་ན་དེའི་ལུས་རེངས་ཤིང་མི་མཉེན་ནོ། །འདོད་ཆགས་དང་བྲལ་བ་འཆི་
བ་ནི་རླུང་ལྟོ་ནས་གྱེན་དུ་མི་ལྡང་བས་དེའི་ལུས་མཉེན་ཞིང་རེངས་པར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་འཆི་བ་ན་རླུང་ལྟོ་ནས་གྱེན་དུ་ལྡང་ལ། འདོད་ཆགས་དང་བྲལ་བ་འཆི་བ་ནི་ལྟོ་ནས་གྱེན་དུ་མི་ལྡང་ཞེ་ན། སྨྲས་པ།
འདོད་ཆགས་དང་མ་བྲལ་བ་འཆི་བ་ན་ཕ་རོལ་གྱི་སྐྱེ་བ་རྣམས་སུ་སེམས་རྗེས་སུ་གཏོད་ཅིང་རྗེས་སུ་འབྲང་སྟེ་རྗེས་སུ་རྒྱུག་པས་ན་རླུང་གིས་དེའི་མིག་གཉིས་འབྱེད་པ་དང་། འཛུམས་པར་འགྱུར་ལ། དེའི་སྙིང་གི་ཉེ་འཁོར་དུ་རླུང་འགགས་པར་འགྱུར་ཏེ། དེ་ལྟར་ན་རླུང་དེའི་ལྟོ་
ནས་གྱེན་དུ་ལྡང་ངོ་། །འདོད་ཆགས་དང་བྲལ་བ་འཆི་བ་ན་ནི། ཕ་རོལ་གྱི་སྐྱེ་གནས་རྣམས་སུ་སེམས་རྗེས་སུ་མི་གཏོད་ཅིང་རྗེས་སུ་མི་འབྲང་སྟེ། རྗེས་སུ་མི་རྒྱུག་པས་ན་དེའི་མིག་རླུང་གིས་འབྱེད་པ་དང་། འཛུམས་པར་མི་འགྱུར་ལ། དེའི་ལྟེ་བའི་ཉེ་འཁོར་དུ་རླུང་འགག་པར་འགྱུར་རོ། །
དེ་ལྟར་ན་རླུང་དེའི་ལྟོ་ནས་གྱེན་དུ་མི་ལྡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གསོན་པོའི་ལུས་ཡང་ཞིང་མཉེན་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་ནི་ལྕི་ཞིང་མི་མཉེན་ཞེ་ན། སྨྲས་པ། ཤི་སྟེ་ཤི་བར་གྱུར་པའི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་
གཉིས་འགགས་པས་ན་དེའི་ལུས་ལྕི་ཞིང་མི་མཉེན་ནོ། །གསོན་པོའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་པས་ན་དེའི་ལུས་མཉེན་ཞིང་ཡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེའི་ཕྱིར་འཚོ་ཞིང་གསོན་ཏེ་འདུག་ཅིང་སྲེད་
เล่ม ๑๓๙ · หน้า 146a
པས་ཟོས་པ་ཞུ་བར་འགྱུར་ལ། ཤི་སྟེ་ཤི་བར་གྱུར་པའི་ཞུ་བར་མི་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་མ་འགགས་ཏེ། ཆུས་ནི་དེས་ཟོས་པ་དེ་སྲུལ་བར་བྱེད།
མེས་ནི་ཡོངས་སུ་ཚོས་པར་བྱེད། རླུང་གིས་ནི་གློང་བར་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་འགྱུར་རོ། །ཤི་སྟེ་ཤི་བར་འགྱུར་བ་ནི་ནང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་རྣམས་འགགས་ཏེ། དེས་ཟོས་པ་དེ་ཆུ་དེས་སྲུལ་བར་མི་བྱེད། མེས་ཡོངས་སུ་
ཚོས་པར་མི་བྱེད། རླུང་གིས་རྣམ་པར་གློང་བར་མི་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ལ་འདུག་ཅིང་སྡོད་པའི་ལུས་མི་འདྲུལ་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་འདྲུལ་བར་འགྱུར་ཞེ་ན། སྨྲས་པ།
འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟད་པར་བྱེད་པས་ན་དེའི་ལུས་མི་འདྲུལ་ལོ། །ཤི་སྟེ་ཤི་བར་འགྱུར་བའི་ནི་ཁོང་དུ་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་
འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟད་པར་མི་བྱེད་པས་ན་དེའི་ལུས་འདྲུལ་བར་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ཏེ། འདུག་ཅིང་སྡོད་པ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཡོད་ལ། ཤི་སྟེ་ཤི་བར་གྱུར་པ་
ལ་མེད་ཅེ་ན། སྨྲས་པ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྣམས་སེམས་ལ་རག་ལས་པ་ཡིན་ཏེ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པའི་ལུས་སེམས་དང་བཅས་པ་ཡིན་ལ། ཤི་བའི་ལུས་ནི་སེམས་མེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་
འུག་པ་རྣམས་མཚན་མོ་མཐོང་ལ་ཉིན་མོ་མི་མཐོང་ཞེ་ན། སྨྲས་པ། འུག་པ་རྣམས་ཀྱི་མིག་གི་མིའུ་ནི་དམར་ཏེ། དེ་ལ་ནི་མཚན་མོ་མི་གནོད་ལ་ཉིན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་མི་རྣམས་ཉིན་མོ་མཐོང་ལ་མཚན་མོ་མི་མཐོང་ཞེ་ན། སྨྲས་པ།
เล่ม ๑๓๙ · หน้า 146b
མི་རྣམས་ཀྱི་མིག་གི་མིའུ་གནག་སྟེ། དེ་ལ་ཉིན་མོ་མི་གནོད་ལ་མཚན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རྟ་དང་ཁྱི་རྣམས་མཚན་མོ་ཡང་མཐོང་ལ་ཉིན་མོ་ཡང་མཐོང་ཞེ་ན། སྨྲས་པ། རྟ་དང་ཁྱི་རྣམས་ཀྱི་མིག་གི་མིའུ་སེར་སྨུག་ཏུ་འདུག་སྟེ། དེ་
ལ་ཉིན་མོ་ཡང་མི་གནོད་མཚན་མོ་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་ཉ་རྣམས་ཆུའི་ནང་ནས་མཐོང་ལ་སྐམ་སར་མི་མཐོང་ཞེ་ན། སྨྲས་པ། ཉ་རྣམས་ཀྱི་མིག་གི་མིའུ་ཚིལ་ལས་གྲུབ་པ་ཡིན་ཏེ། དེ་ལ་ནི་ཆུ་མི་གནོད་ལ་སྐམ་ས་གནོད་དེ།
རྒྱུ་དེས་ན་ཉ་རྣམས་ཆུའི་ནང་ན་མཐོང་ལ་སྐམ་སར་མི་མཐོང་ངོ་། །ཅིའི་ཕྱིར་མི་རྣམས་ཀྱི་མིག་ལ་སྐམ་ས་མི་གནོད་ལ་ཆུ་གནོད་ཅེ་ན། སྨྲས་པ། མི་རྣམས་ཀྱི་མིག་གི་མིའུ་ཆུ་བུར་ཡིན་པས་སྐམ་ས་མི་གནོད་ལ། ཆུ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རུས་
སྦལ་དང་། སྦལ་བ་དང་། སྦལ་བ་དཀར་པོ་དང་། སྲོག་ཆགས་བུ་ལུ་ཀ་ལ་སོགས་པ་ཆུའི་ནང་ན་ཡང་མཐོང་ལ། སྐམ་ས་ལ་ཡང་མཐོང་ཞེ་ན། སྨྲས་པ། རུས་སྦལ་དང་། སྦལ་བ་དང་། སྦལ་བ་དཀར་པོ་དང་། སྲོག་ཆགས་བུ་ལུ་ཀ་ལ་སོགས་པའི་མིག་གི་མིའུ་རུས་པ་ལས་
གྲུབ་པ་ཡིན་པས། ཆུ་ཡང་མི་གནོད་སྐམ་ས་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བརྒྱད་པའོ།། །།སྡོམ་ནི། གཉིད་དང་གཏུམ་དང་རྒོད་པ་དང་། །སྨྲ་འདོད་སྨྲ་ཉུང་ཡིད་གཞུངས་པ། །
འཛིན་པ་དང་ནི་དྲན་པ་དང་། །ཉོན་མོངས་པ་དང་རྟོག་པ་མྱུར། །ཅིའི་ཕྱིར་གཉིད་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་གཉིད་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་སྣང་བའི་འདུ་ཤེས་ཀྱང་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་
ཡང་སེམས་ཅན་གང་དག་གཉིད་ཆེ་བ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྲུལ་དང་། སྦྲུལ་པོ་ཆེ་དང་། ཀླུ་དང་། བམ་བྷོ་ད་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་འགྱུར་རོ། །ཅིའི་ཕྱིར་གཉིད་ཆེ་བར་མི་འགྱུར་
เล่ม ๑๓๙ · หน้า 147a
ཞེ་ན། སྨྲས་པ། དེས་སྣང་བའི་འདུ་ཤེས་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་རྨུགས་པ་དང་། གཉིད་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཉིད་མི་ཆེ་བ་རྣམས་ཀྱི་ནང་ནས་ཉེ་
ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏུམ་པར་
འགྱུར་ཞེ་ན། སྨྲས་པ། དེས་གཏུམ་པ་ཀུན་དུ་བསྟེན་ཞིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་དུ་སྤྱད་པ་དང་། མཚོན་ཆ་ཀུན་དུ་སྤྱད་པ་དང་། ལག་ཆ་ཀུན་དུ་སྤྱད་པ་དང་། དེས་གཏུམ་པ་མེད་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ལ་མང་དུ་མ་བྱས་ཏེ། འདི་ལྟ་སྟེ།
དབྱུག་པ་མེད་པ་ཀུན་དུ་མ་སྤྱད་པ་དང་། མཚོན་ཆ་མེད་པ་ཀུན་དུ་སྤྱད་པ་དང་། ལག་ཆ་མེད་པ་ཀུན་དུ་མ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ལུག་གསོད་པ་
རྣམས་དང་། བྱ་པ་རྣམས་དང་། ཉ་པ་རྣམས་དང་། རི་དགས་ཀྱི་རྔོན་པ་རྣམས་དང་། ཆོམ་རྐུན་པ་རྣམས་དང་། གཤེད་མ་རྣམས་དང་། འཐབ་གཅུགས་བྱེད་པ་རྣམས་དང་། རྟ་དང་གླང་པོ་ཆེ་འདུལ་བ་རྣམས་དང་། གནོད་པ་བྱེད་པ་རྣམས་དང་། བཙོན་སྲུང་རྣམས་ཏེ། རྒྱུ་དེས་ན་
གཏུམ་པོར་འགྱུར་རོ། །ཅིའི་ཕྱིར་གཏུམ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་མི་གཏུམ་པ་ཀུན་དུ་བསྟེན་ཞིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་དུ་མ་སྤྱད་པ་དང་། མཚོན་ཆ་ཀུན་དུ་མ་སྤྱད་པ་དང་། ལག་ཆ་ཀུན་དུ་མ་སྤྱད་པ་དང་། དེས་གཏུམ་པ་ཀུན་དུ་མ་བསྟེན་ཞིང་མ་
བསྒོམས་ལ་མང་དུ་མ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་མེད་པ་ཀུན་དུ་སྤྱད་པ་དང་། མཚོན་ཆ་མེད་པ་ཀུན་དུ་སྤྱད་པ་དང་། ལག་ཆ་མེད་པ་ཀུན་དུ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། འདི་ལྟ་
เล่ม ๑๓๙ · หน้า 147b
སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏུམ་པར་མི་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་འགྱུར་ཞེ་ན། སྨྲས་པ། དེས་རྒོད་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་
མང་དུ་བྱས་པ་དང་། དེ་ཞི་གནས་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་རྒོད་བག་ཅན་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། ཟློས་གར་མཁན་དང་། གར་མཁན་
དང་། བཞད་གད་པ་དང་། བྱི་དོར་མཁན་དང་། ཚར་མཁན་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་རྒོད་བག་ཅན་དུ་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་མི་འགྱུར་ཞེ་ན། སྨྲས་པ། དེས་ཞི་གནས་ཀུན་ཏུ་བསྟེན་ཞིང་
བསྒོམས་ཏེ་མང་དུ་བྱས་པ་དང་། དེས་རྒོད་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་རྒོད་བག་ཅན་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་
དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་རྒོད་བག་ཅན་དུ་མི་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་འགྱུར་ཞེ་ན། སྨྲས་པ། དེས་མང་དུ་སྨྲ་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་།
དེས་སྨྲ་བ་ཉུང་བ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ནེ་ཙོ་དང་། རི་སྐེགས་དང་། ལྕུང་ཀ་དང་། ཁྲུང་
ཁྲུང་དང་ཁུ་བྱུག་ལ་སོགས་པ་སྟེ། རྒྱུ་དེས་ན་སྨྲ་འདོད་པར་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་མི་འགྱུར་ཞེ་ན། སྨྲས་པ། དེས་སྨྲ་བ་ཉུང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་མང་དུ་སྨྲ་བ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །
เล่ม ๑๓๙ · หน้า 148a
གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་
མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་སྨྲ་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་ཉུང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། འཇིག་རྟེན་ན་
བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་རྒྱས་པར་མ་བསླབས་ཤིང་ཁ་ཏོན་དུ་མ་བྱས་ཏེ། རྒྱུ་དེས་ན་ཡིད་རྟུལ་པོར་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་མང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་ཉུང་བ་ཀུན་དུ་
མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ན་བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་དེས་རྒྱས་པར་བསླབས་ཤིང་ཁ་ཏོན་དུ་བྱས་པའི་ཕྱིར་རོ། །གཞན་ཡང་བྲམ་ཟེ་འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་པ་འམ། དགེ་སློང་ཁ་ཏོན་
འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་ཏེ། རྒྱུ་དེས་ན་ཡིད་རྟུལ་བར་མི་འགྱུར་རོ། །གཞན་ཡང་སྨྲ་བ་ཉུང་བ་རྣམ་པ་གཉིས་ཏེ། ངན་པ་དང་། ཁྱད་པར་དུ་འཕགས་པའོ། །སྨྲ་བ་ཉུང་བ་ངན་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན།
སྨྲས་པ། སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ་བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་ལྟ་བུ་གང་ཡང་རུང་བ་ལ་མ་བསྟེན་པ་འདི་དག་ནི་སྨྲ་བ་ཉུང་བ་ངན་པའི་རྣམ་པ་ཡིན་ནོ། །འདི་དག་ནི་རྟགས་ཡིན་ནོ། །འདི་དག་ནི་
མཚན་མ་ཡིན་ནོ། །སྨྲ་བ་ཉུང་བ་ཁྱད་པར་དུ་འཕགས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ། བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด