ལས་གདགས་པ
ชื่อสันสกฤต (อักษรทิเบต ตามตัวบท) ཀར་མ་པྲཛྙཱཔྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๙ · หน้า 172b
༄༅། །རྒྱ་གར་སྐད་དུ། ཀར་མ་པྲཛྙཱཔྟི། བོད་སྐད་དུ། ལས་གདགས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡོམ་ནི། ཆེད་དུ་བྱས་དང་སེམས་པ་དང་། །འདས་པ་དང་ནི་དགེ་བ་དང་། །དམིགས་པ་
དང་ནི་འདོད་པའི་ཁམས། །ཚིགས་སུ་བཅད་དང་ལས་བསྡུ་བ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ཆེད་དུ་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་སྟོན་ཏེ། དེ་ཡང་ཚེ་འདི་དང་། སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །དགེ་སློང་དག་དེ་ལ་ལུས་ཀྱིས་ཆེད་དུ་བྱས་ཤིང་
བསགས་པ། མི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་རྣམ་པ་གསུམ་མོ། །ངག་གི་ནི་རྣམ་པ་བཞིའོ། །ཡིད་ཀྱི་ནི་རྣམ་པ་གསུམ་མོ། །དགེ་སློང་དག་ལུས་ཀྱིས་ཆེད་དུ་བྱས་པའི་ལས་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་
เล่ม ๑๓๙ · หน้า 173a
བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་རྣམ་པ་གསུམ་ཇི་ལྟ་བུ་ཡིན་ཞེ་ན། སྲོག་གཅོད་པ་ནི་དྲག་ཅིང་ལག་དམར་བ་བསད་པ་དང་། རབ་ཏུ་བསད་པ་ལ་ཞེན་པ་ངོ་ཚ་མེད་པ། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཐ་ན་སྲོག་ཆགས་
གྲོག་སྦུར་ཡན་ཆད་ལ་སྙིང་རྗེ་མེད་པ་ཡིན་ཏེ། དེ་ནི་སྲོག་གཅོད་པ་མ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་ནི་དེས་གྲོང་ངམ། དགོན་པ་ནས་མ་བྱིན་པར་རྐུན་ཐབས་སུ་བླངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་མ་སྤངས་པ་ཡིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་གཞན་
གྱི་བུད་མེད། གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། མས་བསྲུངས་པ་འམ། ཕས་བསྲུངས་པ་འམ། མིང་པོས་བསྲུངས་པ་འམ། ཕུ་ནུ་མོས་བསྲུངས་པ་འམ། སྒྱུག་མོས་བསྲུངས་པ་འམ། གྱོས་པོས་བསྲུངས་པ་འམ། རིགས་གཅིག་པས་
བསྲུངས་པ་འམ། གཉེན་གྱིས་བསྲུངས་པ་འམ། རུས་གཅིག་པས་བསྲུངས་པ་འམ། ཆད་པ་ཡོད་པ་འམ། བགེགས་ཡོད་པ་གང་ཡིན་པ་དེ་དག་དང་། ཐ་ན་མེ་ཏོག་གི་ཕྲེང་བ་བཏགས་པ་ཡང་རུང་སྟེ། དེ་ལྟ་བུའི་འདོད་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སྤྱོད་པ་ལ་འཇུག་པ་
ཡིན་ཏེ། དེ་ནི་འདོད་པ་ལ་ལོག་པར་གཡེམ་པ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །དགེ་སློང་དག་གང་གིས་ཆེད་དུ་བྱས་པའི་ལས་རྣམ་
པ་བཞི་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཇི་ལྟ་བུ་ཞེ་ན། བརྫུན་དུ་སྨྲ་བ་ནི་དེ་ཚོགས་པའི་ནང་ན་འདུག་ཀྱང་རུང་། འཁོར་གྱི་ནང་ན་འདུག་ཀྱང་རུང་། རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་ཀྱང་རུང་། གཉེན་གྱི་ཁྱིམ་གྱི་ནང་ན་འདུག་ཀྱང་རུང་།
ཆེ་བཞིར་དྲིས་ཏེ། ཀྱེ་མི་ཁྱོད་གང་ཤེས་པ་དེ་ནི་སྨྲོས་ཤིག །གང་མི་ཤེས་པ་དེ་ནི་མ་སྨྲ་ཤིག །གང་མཐོང་བ་དེ་ནི་སྨྲོས་ཤིག །གང་མ་མཐོང་བ་དེ་ནི་མ་སྨྲ་ཞིག་ཅེས་བྱས་ན། དེ་མི་ཤེས་བཞིན་དུ་ནི་ཤེས་སོ་ཞེས་ཟེར། ཤེས་བཞིན་དུ་ནི་མི་ཤེས་སོ་ཞེས་ཟེར། མ་མཐོང་བཞིན་དུ་ནི་མཐོང་
เล่ม ๑๓๙ · หน้า 173b
ངོ་ཞེས་ཟེར། མཐོང་བཞིན་ད་ནི་མ་མཐོང་ངོ་ཞེས་ཟེར་ཏེ། དེ་དག་གི་ཕྱིར་རམ། གཞན་གྱི་ཕྱིར་རམ། ཟང་ཟིང་ཆུང་ཟད་ཙམ་གྱི་ཕྱིར། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་མ་སྤངས་པ་ཡིན་ནོ། །ཕྲ་མ་ཟེར་བ་ནི་ཚུ་རོལ་པ་རྣམས་ཀྱི་ཐོས་ནས། དེ་དག་དབྱེ་བའི་ཕྱིར་ཕ་རོལ་པ་རྣམས་ཀྱི་
ཐད་དུ་སོང་སྟེ་བསྙད་ལ། དེ་དག་གིས་ཐོས་ན་ཡང་ཚུ་རོལ་པ་རྣམས་དབྱེ་བའི་ཕྱིར། ཚུ་རོལ་པ་རྣམས་ཀྱི་ཐད་དུ་སོང་སྟེ། བསྙད་པར་བྱེད་དེ། དེ་ལྟར་འདུམ་པ་རྣམས་དབྱེ་བ་དང་། དབྱེ་བ་རྣམས་ལ་རྗེས་སུ་ཕྱོགས་ལ། མི་མཐུན་པར་འདོད་ཅིང་མི་མཐུན་པར་དགའ་སྟེ་མི་མཐུན་པར་
འགྱུར་བའི་ཚིག་སྨྲ་བ་ནི་ཕྲ་མ་མ་སྤངས་པ་ཡིན་ནོ། །ཚིག་རྩུབ་པོར་སྨྲ་བ་ནི་དེས་ཚིག་འཇམ་ཞིང་རྣར་སྙན་ལ། ཡིད་དུ་འོང་བ་དང་། སྙན་པ་དང་། འདོད་པར་བྱ་བ་དང་། ཕོ་བྲང་འཁོར་གྱི་སྐད་དང་། སྙན་ཅིང་འཇབས་པ་དང་། ཟུར་ཕྱིན་པ་དང་། བརྡ་ཕྲད་པ་དང་། རྣར་འོང་བ་དང་། སྐྱེ་
བོ་མང་པོའི་སྙིང་དུ་སྡུག་པ་དང་། སྐྱེ་བོ་མང་པོས་གཅེས་པར་བྱ་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དུ་འགྱུར་བ་གང་ཡིན་པ་དེ་དག་དང་། དེ་ལྟ་བུའི་ཚིག་བོར་ཏེ། ཚིག་ཀུན་དུ་ཟུག་པ་དང་། རྩུབ་པ་དང་།
གཞན་གྱིས་མི་བཟོད་པ་དང་། གཞན་གྱི་ཞེར་འདེབས་པ་དང་། སྐྱེ་བོ་མང་པོའི་སྙིང་དུ་མི་སྡུག་པ་དང་། སྐྱེ་བོ་མང་པོས་གཅེས་པར་མི་བྱ་བ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། ཏིང་ངེ་འཛིན་དུ་གྱུར་
པ་མ་ཡིན་པ་གང་ཡིན་པ་རྣམས་ཏེ། དེ་ལྟ་བུའི་ཚིག་རྣམས་སྨྲ་བ་ནི། ཚིག་རྩུབ་པོ་མ་སྤངས་པ་ཡིན་ནོ། །ཚིག་ཀྱལ་པ་ནི་དེ་དུས་མ་ཡིན་པར་སྨྲ་བ་དང་། ཡང་དག་པ་མ་ཡིན་པར་སྨྲ་བ་དང་། མི་བདེན་པར་སྨྲ་བ་དང་། ཕན་པ་མ་ཡིན་པར་སྨྲ་བ་དང་། སྐུར་པ་སྨྲ་བ་དང་། ཆོས་མ་ཡིན་
པ་སྨྲ་བ་དང་། གྱ་ཚོམ་དུ་སྨྲ་ཞིང་བབ་ཆོལ་གྱི་ཚིག་སྨྲ་བ་དང་། གཏན་ཚིགས་མེད་པ་དང་། སྙད་མེད་པ་དང་། དོན་དང་མི་ལྡན་པ་དང་། འཆལ་བ་རྣམས་ཀྱི་ཚིག་ཀྱལ་བ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ངག་གིས་ཆེད་དུ་བྱས་པའི་ལས་རྣམ་པ་བཞི་བྱས་ཤིང་བསྩགས་
เล่ม ๑๓๙ · หน้า 174a
པ་མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །དགེ་སློང་དག་ཡིད་ཀྱིས་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཇི་ལྟ་བུ་ཞེ་ན།
བརྣབ་སེམས་ནི་ཕ་རོལ་གྱི་རྫས་རྣམས་དང་། ཕ་རོལ་གྱི་ནོར་རྣམས་དང་། ཕ་རོལ་གྱི་ཡོ་བྱད་རྣམས་མཐོང་ན། བརྣབ་སེམས་སྐྱེད་པར་བྱེད་དེ། ཀྱེ་མ་འདི་དག་བདག་ལ་ཡོད་ཀྱང་ཇི་མ་རུང་སྙམ་སྟེ། བརྣབ་སེམས་མ་སྤངས་པ་ཡིན་ནོ། །གནོད་སེམས་ཀྱིས་སྡང་བར་བྱེད་པ་ནི། ཀྱེ་མ་སེམས་
ཅན་འདི་དག་བརྒྱབ་ཀྱང་རུང་ངོ་། །བསད་ཀྱང་རུང་ངོ་། །ཉམས་པར་བྱས་ཀྱང་རུང་ངོ་། །མི་རིགས་པར་ཉོན་མོངས་ཀྱང་རུང་ངོ་སྙམ་པ་ནི་གནོད་སེམས་ཀྱི་སྡང་བ་མ་སྤངས་པ་ཡིན་ནོ། །ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འདི་ལྟར་ལྟ་ལ། འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་
སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་
ཅན་སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་གང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཚེ་འདི་ཉིད་ལ་བདག་ཉིད་ཀྱིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་ཁོང་དུ་ཆུད་དེ། བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་
སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་སེམས་པ་མེད་དོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ཡིད་ཀྱིས་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་
སྨིན་པ་སྡུག་བསྔལ་བ་ཡིན་ནོ། །དགེ་སློང་དག་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི། ལུས་ཀྱི་ལས་མི་དགེ་བ་སྤངས་ནས། ལུས་ཀྱི་ལས་དགེ་བ་སྒོམ་པར་བྱེད་དོ། །ངག་གི་ལས་མི་དགེ་བ་སྤངས་ནས། ངག་གི་ལས་དགེ་བ་སྒོམ་པར་བྱེད་དོ། །ཡིད་ཀྱི་ལས་མི་དགེ་བ་སྤངས་
เล่ม ๑๓๙ · หน้า 174b
ནས། ཡིད་ཀྱི་ལས་དགེ་བ་སྒོམ་པར་བྱེད་དོ། །དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་དང་། གཅུགས་མེད་པ་དང་། གནོད་པ་མེད་པ་དང་། རྒྱ་ཆེ་བ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པས་ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །
ཕྱོགས་གཉིས་པ་ཡང་དེ་བཞིན་ནོ། །གསུམ་པ་ཡང་དེ་བཞིན་ནོ། །བཞི་པ་ཡང་དེ་བཞིན་ནོ། །སྟེང་དང་འོག་དང་། ཐད་ཀ་ཐམས་ཅད་དུ་ཡང་དེ་བཞིན་ཏེ། འཇིག་རྟེན་འདི་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་ཀྱིས་མོས་པར་བྱས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །
དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་འདི་སྔོན་ནི་ཆུང་ངུར་གྱུར་པ་ལ་མ་བསྒོམས། དེ་ནི་བདག་གི་སེམས་འདི་ཚད་མེད་ཅིང་། རྒྱ་ཆེ་ལ་བསྒོམས་པ་ཡིན་ནོ་སྙམ་མོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཀྱི་སེམས་ནི་ཚད་མེད་ཅིང་རྒྱ་ཆེ་ལ་ཤིན་ཏུ་བསྒོམས་པ་ཡིན་ཏེ། དེའི་
སྔོན་ཚད་ཡོད་པར་གྱུར་པ་གང་ཡིན་པ་དེས་དེ་བཀྲི་བར་མི་འགྱུར་རོ། །དེ་དེར་གནས་པར་ཡང་མི་འགྱུར་རོ། །དེ་དེར་བགྲང་བར་ཡང་མི་འགྱུར་རོ། །དགེ་སློང་དག་གལ་ཏེ་བྱིས་པ་གཞོན་ནུ་འམ། གཞོན་ནུ་མ་ཡང་རུང་སྟེ། ཐོག་མ་ནས་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་བསྒོམས་ན་
ཡང་ཅི་ལུས་སམ། ངག་གམ་ཡིད་ཀྱིས་སྡིག་པའི་ལས་བྱེད་པར་འགྱུར་རམ། བཙུན་པ་དེ་ནི་མ་ལགས་སོ། །དགེ་སློང་དག་ལེགས་སོ་ལེགས་སོ། །བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ནི་སྐྱེས་པ་ཡང་རུང་། བུད་མེད་ཀྱང་རུང་། ཁྱིམ་པ་ཡང་རུང་། རབ་ཏུ་བྱུང་བ་ཡང་རུང་བས་བསྒོམ་
པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་པ་ཡང་རུང་། བུད་མེད་ཀྱང་རུང་། ཁྱིམ་པ་ཡང་རུང་། རབ་ཏུ་བྱུང་བ་ཡང་རུང་བས་ནི། ལུས་འདི་ཁྱེར་ཏེ་འགྲོ་བར་མི་འགྱུར་བའི་ཕྱིར་རོ། །དགེ་སློང་དག་མི་ནི་སེམས་ཀྱི་རྒྱུ་ལས་འབྱུང་བ་ཡིན་ཏེ། སེམས་ལ་བརྟེན་ཅིང་། སེམས་ལ་རག་ལས་ལ་
སེམས་ལ་བརྟེན་ནས་དབང་བྱེད་དོ། །ལུས་འདིས་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དེ་དག་ཐམས་ཅད་འདིར་མྱོང་བར་འགྱུར་ཏེ། ཚེ་འདི་ཉིད་ལ་མྱོང་བར་འགྱུར་གྱི། སྐྱེས་པའི་འོག་
เล่ม ๑๓๙ · หน้า 175a
དང་། ལན་གྲངས་གཞན་ལ་མ་ཡིན་ནོ། །དགེ་སློང་དག་དེ་ལྟར་བྱམས་པའི་ཏིང་ངེ་འཛིན་བསྒོམས་པ་ནི། གལ་ཏེ་གོང་དུ་རྟོགས་པར་མ་བྱས་ན་ཡང་ཕྱིར་མི་འོང་བར་གནས་པར་འགྱུར་རོ། །དགེ་སློང་དག་གཞན་ཡང་ཐོས་པ་དང་ལྡན་པའི་འཕགས་པ་
ཉན་ཐོས་ནི། ལུས་ཀྱི་ལས་མི་དགེ་བ་སྤངས་ནས་ཞེས་བྱ་བ་ནས། རྒྱས་པར་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་སྐད་ཅེས་བཀའ་སྩལ་ཏོ། །ཆེད་དུ་བྱས་པ་ཞེས་བྱ་བ་ལ་དེ་ལ་སེམས་པའི་ལས་དང་། བསམ་
པའི་ལས་དང་གཉིས་ཡོད་དེ། སེམས་པའི་ལས་གང་ཞེ་ན། སྨྲས་པ། སེམས་པ་དང་། མངོན་པར་སེམས་པ་དང་། སེམས་པར་གྱུར་པ་དང་། སེམས་པར་གཏོགས་པ་དང་། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་གང་ཡིན་པ་འདི་ནི་སེམས་པའི་ལས་ཞེས་བྱའོ། །
བསམ་པའི་ལས་གང་ཞེ་ན། སྨྲས་པ། བསམ་པའི་ལུས་ཀྱི་ལས་དང་བསམ་པའི་ངག་གི་ལས་འདི་ནི་བསམ་པའི་ལས་ཞེས་བྱའོ། །དེ་ལ་སེམས་པའི་ལས་ནི་འདས་པ་ཡང་ཡོད་དོ། །མ་འོངས་པ་ཡང་ཡོད་དོ། །ད་ལྟར་བྱུང་བ་ཡང་ཡོད་དོ། །སེམས་པའི་ལས་འདས་པ་
གང་ཞེ་ན། སྨྲས་པ། སེམས་པ་གང་སྐྱེས་པ་དང་། ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། གྲུབ་པ་དང་། མངོན་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། བྱུང་བར་གྱུར་ནས་མངོན་པར་འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། འདས་པ་
དང་། འདས་པའི་ཆར་གཏོགས་པ་དང་། འདས་པའི་དུས་ཀྱིས་བསྡུས་པ་འདི་ནི་སེམས་པའི་ལས་འདས་པའོ། །སེམས་པའི་ལས་མ་འོངས་པ་གང་ཞེ་ན། སྨྲས་པ། སེམས་པའི་ལས་གང་མ་སྐྱེས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་
ད་དུང་མ་ཕྱིན་པ་དང་། མངོན་པར་མ་གྲུབ་པ་དང་། མ་བྱུང་བ་དང་། མ་འོངས་པ་དང་། མ་འོངས་པའི་ཆར་གཏོགས་པ་དང་། མ་འོངས་པའི་དུས་ཀྱིས་བསྡུས་པ་འདི་ནི། སེམས་པའི་ལས་མ་འོངས་པའོ། །སེམས་པའི་ལས་ད་ལྟར་བྱུང་བ་གང་ཞེ་ན། སྨྲས་པ། སེམས་པ་གང་
เล่ม ๑๓๙ · หน้า 175b
སྐྱེས་པ་དང་། ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། ཡང་དག་པར་བྱུང་བ་དང་། ཕྱིན་ཟིན་པ་དང་། བྱུང་བར་གྱུར་པ་དང་། གནས་པ་དང་། རྣམ་པར་མ་གྱུར་པ་དང་། ད་ལྟར་འདུག་པ་ནས་རྒྱས་པར་སྦྱར་ཏེ། འདི་ནི་སེམས་པའི་ལས་ད་ལྟར་བྱུང་བའོ། །དེ་ལ་སེམས་པའི་ལས་ནི་
དགེ་བ་ཡང་ཡོད་མི་དགེ་བ་ཡང་ཡོད། ལུང་དུ་མ་བསྟན་པ་ཡང་ཡོད་དོ། །སེམས་པའི་ལས་དགེ་བ་གང་ཞེ་ན། སྨྲས་པ། དགེ་བ་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། ཇི་ལྟ་
ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པས་ཚུལ་བཞིན་དུ་སོ་སོར་བརྟགས་ནས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམ་པ་དང་། ལྕེས་རོ་རྣམས་མྱང་བ་དང་། ལུས་ཀྱིས་རེག་བྱ་
རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཡོངས་སུ་ཟིན་པ་མ་ཡིན་པས། བསམ་གཏན་བཞི་དང་། གཟུགས་
མེད་པ་བཞི་སྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་སྲོག་གཅོད་པ་སྤངས་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་
དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་སྤངས་པ་དང་། ཡང་དག་པའི་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་གང་ཡིན་པ་ནས།
སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཁྲོ་བ་མེད་པ་དང་། ཁོན་དུ་འཛིན་པ་མེད་པ་དང་། འཆབ་པ་མེད་པ་དང་། འཚིག་པ་མེད་པ་དང་། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སྒྱུ་མེད་པ་དང་། གཡོ་
เล่ม ๑๓๙ · หน้า 176a
མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་
གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་
པ་ཞེས་བྱའོ། །གཞན་ཡང་སྦྱིན་པ་དག་སྦྱིན་པ་འམ། བསོད་ནམས་དག་བྱེད་པའམ། གསོ་སྦྱོང་ལ་ཉེ་བར་གནས་པའམ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པའམ། དད་པའི་སེམས་ཀྱིས་རང་གི་ལག་དར་ཏེ་ལས་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་
འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཡིད་ལ་བྱེད་པས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བ་འམ། འགོག་པ་ལ་འགོག་པ་འམ། ལམ་ལ་ལམ་དུ་ཡིད་ལ་བྱེད་
པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །མི་དགེ་བའི་སེམས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས།
སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱ་སྟེ། ཅི་ལྟ་ཞེ་ན། འདི་ལྟར་ཆགས་པ་འམ། སྡང་བ་འམ། རྨོངས་པས་ཚུལ་བཞིན་མ་ཡིན་པ་དང་། སོ་སོར་མ་བརྟགས་པར་མིག་གིས་གཟུགས་རྣམས་མཐོང་བ་དང་། ཡིད་ཀྱིས་
ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་སྲོག་གཅོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པ་དང་། མ་བྱིན་པར་
เล่ม ๑๓๙ · หน้า 176b
ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་
པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་ལྡན་པའི་
ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ལག་པ་དང་། ཁུ་ཚུར་དང་། ཐལ་ལྕག་གིས་བསྣུན་པ་དང་། ཡལ་ག་དང་ལྕུག་མས་
གནོད་པར་བྱ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་མི་དགེ་བའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་
ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་སེམས་པ་གང་ཞེ་ན།
སྨྲས་པ། ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །ཇི་ལྟར་ཞེ་ན་འདི་ལྟ་སྟེ། དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་
པ་ཅན་གྱི་སེམས་ཀྱང་མ་ཡིན་པ། རང་བཞིན་དུ་མི་གནས་པ། སྤྱོད་ལམ་ལ་ཞུགས་པ། མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱིས་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ།
เล่ม ๑๓๙ · หน้า 177a
འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ།
འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །གཞན་ཡང་ལུང་དུ་མ་བསྟན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་
བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །དགེ་བའི་སེམས་པ་དགེ་བ་ལ་དམིགས་པ་དང་། མི་དགེ་བ་ལ་དམིགས་པ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་ཡོད་དམ། སྨྲས་པ། དགེ་བ་ལ་དམིགས་པ་ཡང་ཡོད་དོ། །མི་
དགེ་བ་ལ་དམིགས་པ་ཡང་ཡོད་དོ། །ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་མི་དགེ་བ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་
ཡོད་དོ། །དགེ་བ་ཇི་ལྟ་བ་བཞིན་དུ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་དེ་དང་འདྲ་བར་ཡོད་པར་བརྗོད་པར་བྱའོ། །དགེ་བའི་སེམས་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བའི་
ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད་པ། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་
ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་དགེ་བ་སྟེ། སྐྱེས་བུ་དམ་པས་རང་གིས་རྟོགས་པ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། སྐྱེས་བུ་དམ་
เล่ม ๑๓๙ · หน้า 177b
པ་རྣམས་ཀྱིས་བསྔགས་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་མི་འགྱུར་ཞིང་། གཞན་ལ་ཡང་གནོད་པར་མི་འགྱུར་ལ། གཉི་ག་ལ་ཡང་གནོད་པར་མི་འགྱུར་ཏེ། ཤེས་རབ་སྐྱེ་བར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ་མ་ཡིན་པ་དང་། མྱ་
ངན་ལས་འདའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་ལ་དམིགས་པའོ། །དགེ་བའི་སེམས་པ་མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ།
མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད་པ། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་
དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཉེས་དམིགས་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། ཆོས་འདི་དག་ནི་མི་དགེ་བ་ཡིན་ཏེ། སྐྱེས་བུ་དམ་པས་རང་གིས་
རྟོགས་པ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་གྱུར་ཞིང་། གཞན་ལ་ཡང་གནོད་པར་འགྱུར་ལ། གཉི་ག་ལ་ཡང་གནོད་པར་འགྱུར་
ཏེ། ཤེས་རབ་འགགས་པར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ། མྱ་ངན་ལས་འདའ་བར་མི་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་
བའི་སེམས་པ་མི་དགེ་བ་ལ་དམིགས་པའོ། །དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་
เล่ม ๑๓๙ · หน้า 178a
མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་
ཏེ། འདི་ནི་དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་། སེམས་ལས་
བྱུང་བའི་ཆོས་རྣམས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་
བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པའོ། །དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་
དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་
རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ་དང་། འབྲས་བུ་ཡོད་པ་དང་། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་
བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་
เล่ม ๑๓๙ · หน้า 178b
སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ་འབྲས་བུ་
ཡོད་པ། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་
པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་མི་དགེ་བའི་སེམས་དང་མི་
ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ་རྣམ་
པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་
ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ་འབྲས་བུ་མེད་པ། རྣམ་པར་
སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། ཆོས་འདི་དག་ནི་དགེ་བ་ཡིན་ཏེ། སྐྱེས་
เล่ม ๑๓๙ · หน้า 179a
བུ་དམ་པས་རང་གི་རྟོགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྔགས་པ་ནས། རྒྱས་པར་གཉི་ག་ལ་ཡང་གནོད་པར་མི་འགྱུར་བའི་བར་དུ་སྦྱར་ཏེ། ཤེས་རབ་སྐྱེ་བར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་།
མཐུན་པ་མ་ཡིན་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་ལ་དམིགས་པའོ། །མི་དགེ་བའི་
སེམས་པ་མི་དགེ་བ་ལ་དམིགས་པ་གང་ཡིན་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ་འབྲས་
བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཉེས་དམིགས་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་མི་དགེ་བ་
ཡིན་ཏེ། སྐྱེས་བུ་དམ་པ་མ་ཡིན་པས། རང་གི་རྟོགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་འགྱུར་ཞིང་། གཞན་ལ་ཡང་གནོད་པར་འགྱུར་ལ་གཉི་ག་ལ་ཡང་གནོད་
པར་འགྱུར་ཏེ། ཤེས་རབ་འགག་པར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་
ཏེ། འདི་ནི་མི་དགེ་བའི་སེམས་པ་མི་དགེ་བ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་
เล่ม ๑๓๙ · หน้า 179b
བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་
བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་
དང་དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་
དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་སེམས་ལས་བྱུང་བའི་
ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་
རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །
མི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་།
เล่ม ๑๓๙ · หน้า 180a
ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་
ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་།
ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་།
ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་
པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་
པ། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་
དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་ལ་དམིགས་པ་
เล่ม ๑๓๙ · หน้า 180b
གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལ་བསྒྲིབས་
ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་
དགེ་བ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་
དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་
བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་
ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་
དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་
เล่ม ๑๓๙ · หน้า 181a
དང་། མི་དགེ་བ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་
སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་
དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།
ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ།
མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་
བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་
ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །
เล่ม ๑๓๙ · หน้า 181b
ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དགེ་བ་དང་།
མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་
བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་
དུ་མ་བསྟན་པ་ལ་དམིགས་པའོ། །དེ་ལ་སེམས་པའི་ལས་ནི་འདོད་པ་དང་ལྡན་པ་ཡང་ཡོད། གཟུགས་དང་ལྡན་པ་ཡང་ཡོད། གཟུགས་མེད་པ་དང་ལྡན་པ་ཡང་ཡོད་དོ། །སེམས་པའི་ལས་འདོད་པ་དང་ལྡན་པ་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་
དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་འདོད་པ་དང་ལྡན་པའོ། །སེམས་པའི་ལས་གཟུགས་དང་ལྡན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་ཡིད་ལ་
བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་གཟུགས་དང་ལྡན་པའོ། །སེམས་པའི་ལས་གཟུགས་མེད་པ་དང་ལྡན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་
ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་གཟུགས་མེད་པ་དང་ལྡན་པའོ། །དེ་ལ་འདོད་པ་དང་ལྡན་པའི་སེམས་པ་ནི་དགེ་བ་ཡང་ཡོད། མི་དགེ་བ་ཡང་ཡོད། ལུང་
เล่ม ๑๓๙ · หน้า 182a
དུ་མ་བསྟན་པ་ཡང་ཡོད་དོ། །འདོད་པ་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་
ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བ་སྟེ། ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པས་ཚུལ་བཞིན་དུ་སོ་སོར་བརྟགས་ནས་མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་མྱོང་བ་
དང་། ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་སྲོག་གཅོད་པ་སྤངས་པ་
དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་སྤངས་པ་དང་ལྡན་པ་དང་། ཡང་དག་པའི་ལྟ་
བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་ཁྲོ་བ་མེད་པ་དང་། ཁོན་དུ་འཛིན་པ་མེད་པ་དང་། འཆབ་
པ་མེད་པ་དང་། འཚིག་པ་མེད་པ་དང་། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སྒྱུ་མེད་པ་དང་། གཡོ་མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།
ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་འདོད་པ་དང་ལྡན་པའི་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་
เล่ม ๑๓๙ · หน้า 182b
སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་སྦྱིན་པ་དག་སྦྱིན་པ་འམ། གནོད་སེམས་དག་མི་བྱེད་པའམ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་
པའམ། གསོ་སྦྱོང་ལ་གནས་པའམ། སེམས་དད་པས་རང་གིས་ལག་དར་ཏེ་ལས་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་འདོད་པ་དང་ལྡན་པའི་དགེ་
བའི་ཡིད་ལ་བྱེད་པས། སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བའམ། འགོག་པ་ལ་འགོག་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་
ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བ་གང་ཞེ་ན། སྨྲས་པ། མི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་
ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་དང་། སྡང་བ་དང་། རྨོངས་པས་ཚུལ་བཞིན་མ་ཡིན་པ་དང་། སོ་སོར་མ་བརྟགས་པར་མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་
པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་སྲོག་གཅོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་
པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་
เล่ม ๑๓๙ · หน้า 183a
སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་གཡོ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་
དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་ལག་པ་དང་། ཁུ་ཚུར་དང་ཐལ་ལྕག་བསྣུན་པ་དང་། ཡལ་ག་དང་ལྕུག་མས་
གནོད་པར་བྱེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་མི་དགེ་བ་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་།
བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །འདོད་པ་དང་ལྡན་པའི་སེམས་པ་ལུང་
དུ་མ་བསྟན་པ་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་
བསྟན་པའོ། །ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན་ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ། རང་བཞིན་དུ་གནས་པ། སྤྱོད་ལམ་ལ་ཞུགས་པས། མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་
གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་འདོད་པ་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་
เล่ม ๑๓๙ · หน้า 183b
མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །དེ་ལ་གཟུགས་དང་ལྡན་པའི་
སེམས་པ་དགེ་བ་ཡང་ཡོད། ལུང་དུ་མ་བསྟན་པ་ཡང་ཡོད། གཟུགས་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། གཟུགས་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།
ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པའམ། སྡང་བ་མེད་པའམ། རྨོངས་པ་མེད་པ་ལ་ཚུལ་བཞིན་དུ་སོ་སོར་བརྟགས་ནས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་
ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་མྱོང་བ་དང་། ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་
གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་ཡོངས་སུ་མ་ཟིན་པའི་བསམ་གཏན་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་
ཡང་གཟུགས་དང་ལྡན་པའི་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་
ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་གཟུགས་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པས། སྡུག་བསྔལ་བ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཡིད་ལ་བྱེད་པའམ། འགོག་པ་ལ་འགོག་
เล่ม ๑๓๙ · หน้า 184a
པར་ཡིད་ལ་བྱེད་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཟུགས་དང་ལྡན་པའི་སེམས་པ་ལུང་
དུ་མ་བསྟན་པ་གང་ཞེ་ན། སྨྲས་པ། གཟུགས་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་
པའོ། །ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ་རང་བཞིན་དུ་གནས་པ། སྤྱོད་ལམ་དུ་ཞུགས་པས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་
མྱོང་བ་དང་། ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་ཡོངས་སུ་
ཟིན་པའི་སེམས་ཀྱིས་བསམ་གཏན་བཞི་སྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་གཟུགས་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་
བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །དེ་ལ་
གཟུགས་མེད་པ་དང་ལྡན་པའི་སེམས་པ་ནི་དགེ་བ་ཡང་ཡོད། ལུང་དུ་མ་བསྟན་པ་ཡང་ཡོད་དོ། །གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་
เล่ม ๑๓๙ · หน้า 184b
གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ། །ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པའམ། སྡང་བ་མེད་པའམ། རྨོངས་པ་མེད་པས་ཚུལ་བཞིན་དུ་སོ་སོར་
བརྟགས་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་གཟུགས་མེད་པ་བཞི་
བསྒོམས་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་གཟུགས་མེད་པ་དང་ལྡན་པའི་ཡིད་ལ་བྱེད་པས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་
ལ་བྱེད་པ་འམ། ཀུན་འབྱུང་བ་ལ་ཀུན་འབྱུང་བའམ། འགོག་པ་ལ་འགོག་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་
དགེ་བའོ། །གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པའི་ཡིད་ལ་བྱེད་པ་ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ།
འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ་རང་བཞིན་དུ་གནས་པ་ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས་
མངོན་པར་འདུ་བྱེད་པ་དང་ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་གཟུགས་མེད་པ་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་
เล่ม ๑๓๙ · หน้า 185a
པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་གཟུགས་མེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་།
ཀུན་ནས་དཀྲིས་པ་རྣམས་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །འདུལ་མཆོག་ཁ་ལོ་སྒྱུར་བ་ཚངས་
པའི་གསུང་དང་ལྡན། །སྐུ་མདོག་གསེར་འདྲ་ཁ་ལོ་སྒྱུར་བ་རྣམས་ཀྱི་མཆོག །རྣམ་པར་འདྲེན་པར་མཛད་པ་བྱུང་བ་གང་ཡིན་ཏེ། །འཇིགས་པ་མེད་པར་ལས་རྣམས་ཐ་དད་སྟོན་པར་མཛད། །རྒྱུ་གཅིག་གིས་ལས་རྣམས་བསྡུས་ཏེ། ལས་ཞེས་བྱ་བའི་ཕྱིར་རོ། །རྒྱུ་
གཉིས་ཀྱིས་ལས་རྣམས་བསྡུས་ཏེ། སེམས་པའི་ལས་དང་། ཆེད་དུ་བསམས་པའི་ལས་སོ། །རྒྱུ་གསུམ་གྱིས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་སོ། །རྒྱུ་བཞིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པ་དང་། གཟུགས་
དང་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པ་དང་མི་ལྡན་པའོ། །རྒྱུ་ལྔས་ལས་རྣམས་བསྡུས་ཏེ། མཐོང་བས་སྤང་བར་བྱ་བ་ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། བསྒོམས་པས་སྤང་བར་བྱ་བ་ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། སྤང་བར་བྱ་བ་མ་ཡིན་
པའི་ལས་སོ། །རྒྱུ་དྲུག་གིས་ལས་རྣམས་བསྡུས་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའོ། །རྒྱུ་བདུན་གྱིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པ་
མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་དང་ལྡན་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤོང་བར་བྱ་བ་དང་། གཟུགས་མེད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའོ། །རྒྱུ་
เล่ม ๑๓๙ · หน้า 185b
བརྒྱད་ཀྱིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པའི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། གཟུགས་དང་ལྡན་པའི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། གཟུགས་མེད་པ་དང་ལྡན་པའི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་ལྡན་པ་མ་ཡིན་པའི་ལས་སོ། །
རྒྱུ་དགུས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ངག་གི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །རྒྱུ་བཅུས་ལས་རྣམས་བསྡུས་ཏེ།
ལུས་ཀྱི་ལས་དགེ་བ་ཟག་པ་ཟད་པ་དང་། བཅས་པ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །ངག་གི་ལས་དགེ་བ་ཟག་པ་ཟད་པ་དང་བཅས་པ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །ཡིད་ཀྱི་ལས་དགེ་བ་
ཟག་པ་ཟད་པ་དང་བཅས་པ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །རྒྱུ་བཅུ་གཅིག་གིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པའི་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་།
གཟུགས་དང་ལྡན་པའི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། གཟུགས་མེད་པ་དང་ལྡན་པའི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་ལྡན་པ་མ་ཡིན་པའི་ལས་སོ། །
རྒྱུ་བཅུ་གཉིས་ཀྱིས་ལས་རྣམས་བསྡུས་སྟེ། ལུས་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ངག་གི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་
ལུང་དུ་མ་བསྟན་པ་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །བསྟན་བཅོས་ཆེན་པོ་ཆོས་མངོན་པ་ལས། ལས་གདགས་པ་ཚིགས་དང་པོའོ།། །།སྡོམ་ནི། རྩ་བ་གསུམ་དང་དབྱེ་
เล่ม ๑๓๙ · หน้า 186a
བ་དང་། །མི་དགེ་ལས་ལམ་བཅུ་པོ་དང་། །ཡང་ན་ལས་རྣམས་བཅུ་ཡི་རྒྱུ། །མི་དགེ་བ་ནི་གསུམ་པོ་ཡིན། །མི་དགེ་བའི་རྩ་བ་གསུམ་གང་ཞེ་ན། གསུམ་ནི་ཆགས་པ་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། གཏི་མུག་མི་དགེ་བའི་རྩ་བའོ། །
ཆགས་པ་མི་དགེ་བའི་རྩ་བ་གང་ཞེ་ན། སྨྲས་པ། འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་དུ་ཞེན་པ་དང་། ཆུམས་པ་དང་། ལྷག་པར་ཞེན་པ་དང་། སྲེད་པ་དང་། ཚོལ་བ་དང་། འདོད་པ་དང་། བརྒྱལ་བ་དང་། ཞེན་པ་དང་། ཡོངས་སུ་ཞེན་པ་དང་། ནང་གི་
འཆིང་བ་དང་། དོན་དུ་སྒྲུབ་པ་དང་། བརྣབ་སེམས་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་ལ་ཆགས་པ་དང་། ཆགས་པ་ལས་བྱུང་བ་གང་ཡིན་པ་འདི་ནི་ཆགས་པ་ཞེས་བྱའོ། །མི་དགེ་བའི་རྩ་བ་གང་ཞེ་ན། སྨྲས་པ། ཆོས་དེ་མི་དགེ་བ་ཡིན་ལ། དེ་ནི་མི་དགེ་བའི་ཆོས་མང་
པོའི་རྩ་བ་གང་ཡིན་པས་ན། དེའི་ཕྱིར་དེ་ནི་ནད་ཀྱི་རྩ་བ་དང་། འབྲས་ཀྱི་རྩ་བ་དང་། ཟུག་རྔུའི་རྩ་བ་དང་། སྡིག་པའི་རྩ་བ་དང་། རྣམ་པར་མ་དག་པའི་རྩ་བ་དང་། ཀུན་ནས་ཉོན་མོངས་པའི་རྩ་བ་དང་། རྣམ་པར་བྱང་བ་མ་ཡིན་པའི་རྩ་བ་དང་། ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཡིན་
ཏེ། དེ་བས་ན་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ། །ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱ་བ་ལ་ཞེ་སྡང་གང་ཞེ་ན། སྨྲས་པ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་དང་། ཐ་བ་དང་། ཁོང་ཁྲོ་བ་དང་། གནོད་སེམས་དང་། གནོད་སེམས་སུ་བྱེད་པ་དང་། གནོད་སེམས་སུ་
གྱུར་པ་དང་། སྡང་བ་དང་། རབ་ཏུ་སྡང་བ་དང་། སེམས་ཀྱིས་སྡང་བ་གང་ཡིན་པ་དང་། སེམས་ཅན་རྣམས་ལ་མི་མཐུན་པར་བྱེད་པ་དང་། སྡང་བ་དང་། སྡང་བར་བྱེད་པ་དང་སྡང་བར་གྱུར་པ་གང་ཡིན་པ་འདི་ནི་ཞེ་སྡང་བ་ཞེས་བྱའོ། །མི་དགེ་བའི་རྩ་བ་ཞེས་བྱ་བ་གང་ཞེ་ན། སྨྲས་པ།
ཆོས་དེ་མི་དགེ་བ་ཡིན་པ་ནས་རྒྱས་པར་ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཞེས་བྱ་བའི་བར་དུ་སྦྱར་ཏེ། དེ་བས་ན་ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱའོ། །གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱ་བ་ལ། གཏི་མུག་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་
เล่ม ๑๓๙ · หน้า 186b
པ་དང་། དབུས་ཀྱི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་རོལ་མི་ཤེས་པ་དང་། ནང་དང་ཕྱི་རོལ་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་ལེགས་པར་བྱས་པ་མི་ཤེས་པ་དང་། ལས་ཉེས་
པར་བྱས་པ་མི་ཤེས་པ་དང་། ལས་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ངན་པ་དང་། བཟང་པོ་དང་། གནག་པ་དང་། དཀར་བ་དང་།
རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་རབ་ཏུ་དབྱེ་བ་དང་བཅས་པ་མི་ཤེས་པ་དང་། རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བ་དང་། མུན་པ་དང་། རྨོངས་པ་དང་། མ་རིག་པའི་མུན་པ་དང་། གློག་དང་། རྙོག་པ་ཅན་དང་། བསྒྲིབས་པ་དང་། ཆོད་པ་དང་།
ལོང་བར་བྱེད་པ་དང་། མིག་མེད་པར་བྱེད་པ་དང་། ཤེས་རབ་དང་མི་མཐུན་པ་དང་། ཕོངས་པའི་ཕྱོགས་དང་མཐུན་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་དང་། མ་རིག་པ་དང་། མ་རིག་པའི་ཆུ་བོ་དང་། མ་རིག་པའི་དུག་གི་རྩ་བ་དང་། མ་རིག་པའི་དུག་གི་སྡོང་པོ་དང་། མ་རིག་པའི་
དུག་གི་ལོ་མ་དང་། མ་རིག་པའི་དུག་གི་མེ་ཏོག་དང་། མ་རིག་པའི་དུག་གི་འབྲས་བུ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། རབ་ཏུ་རྨོངས་པ་དང་། གཏི་མུག་དང་། གཏི་མུག་ལས་བྱུང་བ་གང་ཡིན་པ་འདི་ནི་གཏི་མུག་ཅེས་བྱའོ། །མི་དགེ་བའི་རྩ་བ་ཞེས་བྱ་བ་གང་ཞེ་ན། སྨྲས་པ། ཆོས་དེ་མི་དགེ་བ་
ཡིན་ལ། དེ་ནི་མི་དགེ་བའི་ཆོས་མང་པོའི་རྩ་བ་ཡང་ཡིན་པས་ན། དེའི་ཕྱིར་དེ་ནི་ནད་ཀྱི་རྩ་བ་ནས། ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཡིན་པའི་བར་དུ་སྦྱར་ཏེ། དེ་བས་ན་གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་
འདོད་པ་ལ་ལོག་པར་གཡེམ་པ་དང་། ཀ་ཅ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེ། དེས་གཞན་དག་ལས་མ་
เล่ม ๑๓๙ · หน้า 187a
བྱིན་པར་ལེན་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་
རོ་སྙམ་ནས་དེ་དག་གི་དོན་དུ་གཞན་དག་ལས་མ་བྱིན་པར་ལེན་པར་བྱེད་དོ། །ཡང་ན་གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ། མིང་འདི་ཞེས་བྱ་བ་ལས་མ་བྱིན་པར་ལོང་ཤིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས།
དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལས་མ་བྱིན་པར་ལེན་པར་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལས་མ་བྱིན་པར་
ལེན་པར་བྱེད་དོ། །དེ་མ་ཡིན་ཏེ་དེ་ལས་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་དེ་དག་གི་ཡོ་བྱད་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་རྣམས་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་
ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེས་དངོས་པོ་དེ་མ་བྱིན་པར་ལེན་པར་བྱེད་པ་དེ་ལྟ་བུ་ནི། ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། བྲམ་ཟེ་དག་འདི་སྐད་དུ་འདི་དག་
ཐམས་ཅད་ནི་བྲམ་ཟེ་རྣམས་དབང་མོད་ཀྱི། འོན་ཀྱང་མཐུ་ཆུངས་པས་ན། དམངས་རྣམས་ཀྱང་སྤྱད་དོ་ཞེས་ཟེར་ཏེ། དེ་དག་ལ་ཕ་རོལ་གྱིས་ཡོངས་སུ་བཟུང་བའི་འདུ་ཤེས་མེད་པ་མ་ཡིན་ན། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་སྐད་
དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་རྣམ་པ་གསུམ་ཏེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །འདོད་པ་ལས་
เล่ม ๑๓๙ · หน้า 187b
ལོག་པར་གཡེམ་པ་ཆགས་པ་ལས་བྱུང་བ་གང་ཡིན་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ལྟ་ཞིང་སེམས་ཆགས་པ་དེ་ལས་འདོད་པ་ལས་ལོག་པར་གཡེམ་པར་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་ལྟ་བ་དང་ལྡན་ཞིང་སེམས་ཆགས་པ་མེད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་
སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ། མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་ནས་སྤྱོད་པར་བྱེད་དོ། །ཡང་ན་
གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བ་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས་གཞན་གྱི་དོན་དུ་འདོད་པ་ལ་ལོག་པར་
གཡེམ་པ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི། ཆགས་པ་ལས་བྱུང་བ། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བའི་རྩ་བ་གསུམ་པོ་དེ་དག་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་
དག་གི་རྒྱུ་དང་། རྩ་བ་དང་། འཇུག་པར་བྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། སྐྱེད་པ་དང་། རྐྱེན་དང་། ཀུན་ནས་སློང་བའོ། །ལས་གདགས་པ་ཚིགས་གཉིས་པའོ།། །།སྡོམ་ནི། རྒྱུ་གང་རྣམ་རིག་བྱེད་མིན་གཟུགས། །ཐོགས་བཅས་དང་ནི་སེམས་ལས་བྱུང་། །ཆགས་པ་
དང་ནི་ཞེ་སྡང་གསུམ། །རྣམ་པ་གསུམ་དུ་སྐྱེ་བ་ཡིན། །མི་དགེ་བ་བཅུའི་ལས་ཀྱི་ལམ་ནི། སྲོག་གཅོད་པ་ནས། ལོག་པར་ལྟ་བའི་བར་དག་གོ། །སྲོག་གཅོད་པའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སྲོག་གཅོད་པའི་རྒྱུའོ། །སྲོག་
གཅོད་པ་གང་གི་རྒྱུ་ཞེ་ན། སྨྲས་པ། སྲོག་གཅོད་པ་ནི་སྲོག་གཅོད་པའི་རྣམ་པར་སྨིན་པའི་རྒྱུའོ། །སྲོག་གཅོད་པ་ཅི་ལས་བྱུང་། ཀུན་འབྱུང་བ་ནི་གང་། ཀུན་ནས་སློང་བ་ནི་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སྲོག་གཅོད་པ་ཀུན་ནས་
เล่ม ๑๓๙ · หน้า 188a
སློང་བའོ། །སྲོག་གཅོད་པ་གང་གིས་ཀུན་ནས་བསླང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པ་ཅི་ལས་དམིགས་ཤེ་ན། སྨྲས་པ། སེམས་
ཅན་ལ་དམིགས་སོ། །སྲོག་གཅོད་པ་གང་གི་དམིགས་པ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པའི་འབྲས་བུ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་འབྲས་བུ་དང་། མི་གཅེས་
པའི་འབྲས་བུ་དང་། མི་དགེ་བའི་འབྲས་བུ་དང་། ཡིད་དུ་མི་འོང་བའི་འབྲས་བུ་དང་། ཡིད་དུ་མི་འཐད་པའི་འབྲས་བུ་དང་། མི་འདོད་པའི་འབྲས་བུའོ། །སྲོག་གཅོད་པ་གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་
ཆོས་རྣམས་ཀྱིའོ། །སྲོག་གཅོད་པའི་རྣམ་པར་སྨིན་པ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་རྣམ་པར་སྨིན་པ་དང་། མི་གཅེས་པའི་རྣམ་པར་སྨིན་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་དང་། ཡིད་དང་མི་འཐད་པའི་རྣམ་པར་སྨིན་པ་དང་། མི་འདོད་
པའི་རྣམ་པར་སྨིན་པའོ། །སྲོག་གཅོད་པ་གང་གི་རྣམ་པར་སྨིན་པ་གང་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པའི་ཉེས་དམིགས་ཅི་ཡིན་ཞེ་ན། སྨྲས་པ། ཉེས་དམིགས་ལྔ་སྟེ། དེ་
བདག་ཉིད་ཀྱིས་སྨད་པར་འགྱུར་བ་དང་། དེ་གཞན་གྱིས་སྨད་པར་འགྱུར་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་དྲིས་ན། ཆོས་བཞིན་དུ་སྨད་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་ཅན་དང་། བསྔགས་པ་མ་ཡིན་པ་དང་། སྙན་
པ་མ་ཡིན་པ་དང་། དགེ་བ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་སུ་ལ་ཉེས་དམིགས་སུ་འགྱུར་ཞེ་ན།
เล่ม ๑๓๙ · หน้า 188b
སྨྲས་པ། གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། སྲོག་ཆགས་སྲོག་དང་བྲལ་བར་བྱེད་པ་གང་ཡིན་པ་དང་། སྲོག་ཆགས་གང་སྲོག་དང་བྲལ་བར་བྱ་བ་ལའོ། །མ་བྱིན་པར་ལེན་པའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི།
མ་བྱིན་པར་ལེན་པའི་རྒྱུ་སྟེ། སྲོག་གཅོད་པ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ། མ་བྱིན་པར་ལེན་པ་ནི་ཡོ་བྱད་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། མ་བྱིན་པར་ལེན་པ་གང་ཡིན་པ་དང་། གང་གི་མ་བྱིན་པར་
ལེན་པའོ། །འདོད་པ་ལ་ལོག་པར་གཡེམ་པ་གང་ལ་དམིགས་ཤེ་ན། སེམས་ཅན་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། འདོད་པ་རྣམས་ལ་ལོག་པར་གཡེམ་པ་གང་ཡིན་པ་དང་། འདོད་པ་ལ་ལོག་པར་གཡེམ་པས་གང་ལ་ཀུན་དུ་སྤྱོད་པའོ། །བརྫུན་དུ་
སྨྲ་བ་ནི་མིང་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། བརྫུན་དུ་སྨྲ་བ་གང་ཡིན་པ་དང་། བརྫུན་དུ་སྨྲ་བས་བསླུ་བར་བྱ་བ་གང་ཡིན་པའོ། །ཕྲ་མ་ཡང་མིང་ལ་དམིགས་སོ། །གསུམ་ལ་ཉེས་དམིགས་སུ་འགྱུར་ཏེ། མཛའ་བོ་འབྱེད་པ་གང་ཡིན་པ་དང་། མཛའ་བོ་གང་ལས་ཕྱེ་
བ་དང་། གང་གིས་མཛའ་བོ་ཕྱེ་བའོ། །ཚིག་རྩུབ་པོ་ཡང་མིང་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་གྱུར་ཏེ། ཚིག་རྩུབ་པོར་སྨྲ་བ་གང་ཡིན་པ་དང་། ཚིག་རྩུབ་པོས་གང་ལ་ཀུན་དུ་སྤྱོད་པའོ། །ཚིག་ཀྱལ་པ་ཡང་མིང་ལ་དམིགས་སོ། །གཉི་ག་ལ་ཡང་ཉེས་དམིགས་སུ་འགྱུར་ཏེ།
ཚིག་ཀྱལ་པ་སྨྲ་བ་གང་ཡིན་པ་དང་། ཚིག་ཀྱལ་པས་གང་ལ་སླུ་བའོ། །བརྣབ་སེམས་ནི་ཡོ་བྱད་ལ་དམིགས་སོ། །གཉི་ག་ཉེས་དམིགས་སུ་འགྱུར་ཏེ། བརྣབ་སེམས་བྱེད་པ་གང་ཡིན་པ་དང་། གང་གི་དངོས་པོ་ལ་བརྣབ་སེམས་བསྐྱེད་པའོ། །གནོད་སེམས་ནི་སེམས་ཅན་ལ་དམིགས་
སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། གནོད་སེམས་བྱེད་པ་གང་ཡིན་པ་དང་། གང་གི་རྒྱུ་ལ་གནོད་སེམས་བསྐྱེད་པའོ། །ལོག་པར་ལྟ་བའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། ལོག་པར་ལྟ་བའི་རྒྱུའོ། །ལོག་པར་ལྟ་བ་
เล่ม ๑๓๙ · หน้า 189a
གང་གི་རྒྱུ་གང་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ནི་ལོག་པར་ལྟ་བའི་རྣམ་པར་སྨིན་པའི་རྒྱུའོ། །ལོག་པར་ལྟ་བ་ཅི་ལས་འབྱུང་། ཀུན་འབྱུང་བ་ནི་གང་། ཀུན་ནས་སློང་བ་ནི་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་
ནི། ལོག་པར་ལྟ་བའི་ཀུན་ནས་སློང་བའོ། །ལོག་པར་ལྟ་བ་གང་གིས་ཀུན་ནས་བསླང་བ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་སོ། །ལོག་པར་ལྟ་བ་ཅི་ལ་དམིགས་ཤེ་ན། སྨྲས་པ། མིང་
དང་གཟུགས་ལ་དམིགས་སོ། །ལོག་པར་ལྟ་བ་གང་གིས་དམིགས་པ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །ལོག་པར་ལྟ་བའི་འབྲས་བུ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་འབྲས་
བུ་དང་། མི་གཅེས་པའི་འབྲས་བུ་དང་། མི་དགའ་བའི་འབྲས་བུ་དང་། ཡིད་དུ་མི་འོང་བའི་འབྲས་བུ་དང་། ཡིད་དུ་མི་འཐད་པའི་འབྲས་བུ་དང་། མི་འདོད་པའི་འབྲས་བུའོ། །ལོག་པར་ལྟ་བ་གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་
པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །ལོག་པར་ལྟ་བའི་རྣམ་པར་སྨིན་པ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་རྣམ་པར་སྨིན་པ་དང་། མི་གཅེས་པའི་རྣམ་པར་སྨིན་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་དང་། ཡིད་དང་མི་
འཐད་པའི་རྣམ་པར་སྨིན་པ་དང་། མི་འདོད་པའི་རྣམ་པར་སྨིན་པའོ། །ལོག་པར་ལྟ་བ་གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །ལོག་པར་ལྟ་བའི་ཉེས་དམིགས་ཅི་ཡིན་
ཞེ་ན། སྨྲས་པ། ཉེས་དམིགས་ལྔ་སྟེ། དེ་བདག་ཉིད་ཀྱིས་སྨད་པར་འགྱུར་བ་དང་། དེ་གཞན་གྱིས་སྨད་པར་འགྱུར་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་དྲིས་ན་ཆོས་བཞིན་དུ་སྨད་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་
เล่ม ๑๓๙ · หน้า 189b
སྡིག་ཅན་དང་། བསྔགས་པ་མ་ཡིན་པ་དང་། སྙན་པ་མ་ཡིན་པ་དང་། དགེ་བ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་དང་། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །ལོག་པར་ལྟ་
བ་སུ་ལ་ཉེས་དམིགས་སུ་འགྱུར་ཞེ་ན། སྨྲས་པ། གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། ལོག་པར་རྟོག་པ་གང་ཡིན་པ་དང་། གང་དང་ལོག་པར་རྟོག་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་རྣམ་པར་རིག་བྱེད་ཅེས་བྱ་བའམ། འོན་
ཏེ་རྣམ་པར་རིག་བྱེད་མ་ཡིན་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་འདི་སྐད་དུ་སྲོག་ཆགས་ཀྱི་སྲོག་ཆོད་ཅིག་ཅེས་བསྒོ་ལ་དེས་ཀྱང་གཅད་པར་བྱའོ་ཞེས་
སྨྲས་ཀྱང་རུང་། མ་བཅད་ཅིག་ཅེས་བསྒོ་བཞིན་དུ་གཅོད་དོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་སྲོག་ཆགས་ཀྱི་སྲོག་བཅད་ཀྱང་རུང་། ཕྱིར་འོངས་ཏེ་སྲོག་ཆགས་ཀྱི་སྲོག་གཅོད་ཀྱང་རུང་སྟེ། གང་གི་ཚེ་སྲོག་ཆགས་ཀྱི་སྲོག་གཅོད་པ་དེའི་ཚེ། ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་
ཅེས་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །མ་བྱིན་པར་ལེན་པ་རྣམ་པར་རིག་
བྱེད་ཅེས་བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ནི་ཁ་ཅིག་ལ་ལ་ཞིག་འདི་སྐད་དུ། གཞན་དག་ལས་མ་བྱིན་པར་ལོངས་ཤིག་
ཅེས་བསྒོ་ལ། དེས་ཀྱང་བླང་ངོ་ཞེས་སྨྲས་ཀྱང་རུང་། མ་ལེན་ཅིག་ཅེས་བསྒོ་བཞིན་དུ་བླང་ངོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལས་མ་བྱིན་པར་ལེན་ཀྱང་རུང་། ཕྱིར་འོངས་ཏེ་གཞན་དག་ལས་མ་བྱིན་པར་ལེན་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་ལས་མ་བྱིན་པར་
เล่ม ๑๓๙ · หน้า 190a
ལེན་པ་དེའི་ཚེ། ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། མ་བྱིན་པར་ལེན་པ་ལས་ཕྱིར་མ་ལོག་ཅིང་། ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་
བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །འདོད་པ་ལས་ལོག་པར་གཡེམ་པ་རྣམ་པར་རིག་བྱེད་ཅེས་བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན།
སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ། གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་ཅིག་ཅེས་བསྒོ་ལ། དེས་ཀྱང་སྤྱད་པར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྤྱད་ཅིག་ཅེས་བྱ་བ་བསྒོ་བཞིན་དུ་སྤྱོད་དོ་ཞེས་སྨྲས་ཀྱང་རུང་བ་ལས་ཕར་སོང་སྟེ། གཞན་དག་གི་འདོད་
པ་རྣམས་ལ་ལོག་པར་སྤྱོད་ཀྱང་རུང་། ཕྱིར་འོངས་ཏེ་གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་པ་དེའི་ཚེ་ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན།
སྨྲས་པ། འདོད་པ་ལ་ལོག་པར་སྤྱོད་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཅི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པའོ། །བརྫུན་དུ་སྨྲ་བ་རྣམ་པར་རིག་བྱེད་ཅེས་བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་
ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ། གཞན་དག་ལ་བརྫུན་དུ་སྨྲོས་ཤིག་ཅེས་བསྒོ་ལ། དེས་ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་།
མ་སྨྲ་ཤིག་ཅེས་བསྒོ་བཞིན་དུ་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས་ཕར་སོང་སྟེ། གཞན་དག་ལ་བརྫུན་དུ་སྨྲ་ཡང་རུང་། ཕྱིར་འོངས་ཏེ་གཞན་དག་ལ་བརྫུན་དུ་སྨྲས་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་ལ་བརྫུན་དུ་སྨྲ་བ་དེའི་ཚེ། ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་
เล่ม ๑๓๙ · หน้า 190b
པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། བརྫུན་དུ་སྨྲ་བ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པའོ། །ཕྲ་མ་རྣམ་པར་རིག་བྱེད་ཅེས་བྱའམ། རྣམ་པར་རིག་བྱེད་
མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ནི་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ་གཞན་དག་གི་མཛའ་བོ་ཕྱེ་ཤིག་ཅེས་བསྒོ་ལ། དེས་ཀྱང་དབྱེའོ་ཞེས་སྨྲས་
ཀྱང་རུང་། མ་དབྱེ་ཤིག་ཅེས་བསྒོ་བཞིན་དུ་དབྱེའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་གི་མཛའ་བོ་འབྱེད་ཀྱང་རུང་། ཕྱིར་འོངས་ཏེ་གཞན་དག་གི་མཛའ་བོ་འབྱེད་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་གི་མཛའ་བོ་འབྱེད་པ་དེའི་ཚེའི་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་
པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཕྲ་མ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཚིག་རྩུབ་པོ་རྣམ་པར་རིག་བྱེད་ཅེས་
བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ་གཞན་དག་ལ་ཚིག་རྩུབ་པོ་སྨྲོས་ཤིག་ཅེས་བསྒོ་ལ། དེས་
ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྨྲ་ཤིག་ཅེས་བསྒོ་བ་བཞིན་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལ་ཚིག་རྩུབ་པོས་སྨྲས་ཀྱང་རུང་། ཕྱིར་འོངས་སྟེ་གཞན་དག་ལ་ཚིག་རྩུབ་པོ་སྨྲ་ཡང་རུང་སྟེ། གང་གི་ཚེ་གཞན་དག་ལ་ཚིག་རྩུབ་པོ་སྨྲ་བ་དེའི་ཚེའི་
ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཚིག་རྩུབ་པོ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཚིག་
เล่ม ๑๓๙ · หน้า 191a
ཀྱལ་པ་རྣམ་པར་རིག་བྱེད་ཅེས་བྱ་འམ་འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་
ལ་འདི་སྐད་དུ། གཞན་དག་ལ་ཚིག་ཀྱལ་པ་སྨྲོས་ཤིག་ཅེས་བསྒོ་ལ། དེས་ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྨྲ་ཤིག་ཅེས་བསྒོ་བཞིན་དུ་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལ་ཚིག་ཀྱལ་པ་སྨྲ་ཡང་རུང་། ཕྱིར་འོངས་ཏེ་གཞན་དག་ལ་ཚིག་
ཀྱལ་པ་སྨྲ་ཡང་རུང་སྟེ། གང་གི་ཚེ་གཞན་དག་ལ་ཚིག་ཀྱལ་པ་སྨྲ་བ་དེའི་ཚེའི་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཚིག་ཀྱལ་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་
གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམ་པར་རིག་བྱེད་ཅེས་བྱའམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་མ་ཡིན། རྣམ་པར་
རིག་བྱེད་མ་ཡིན་པ་ཡང་མ་ཡིན་ནོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཞེས་བྱའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་
དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཞེས་བྱའོ། །བརྣབ་སེམས་དང་། གནོད་སེམས་དང་།
ལོག་པར་ལྟ་བ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་མ་ཡིན་པ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས་
เล่ม ๑๓๙ · หน้า 191b
པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད་ཐོགས་པ་མེད་པ་ཡང་ཡོད་དོ། །ཐོགས་པ་དང་བཅས་པ་གང་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་གང་ཡིན་པའོ། །ཐོགས་པ་མེད་པ་གང་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པའོ། །
སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཐོགས་པ་དང་བཅས་པ་ཞེས་
བྱ་འམ། འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་མེད་པ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་སེམས་ལས་བྱུང་བ་ཞེས་བྱའམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ།
སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱའོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་
པར་ལྟ་བ་སེམས་ལས་བྱུང་བ་ཞེས་བྱའམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་
བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །སྲོག་གཅོད་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་སྲོག་ཆགས་གང་གི་ཤའམ། པགས་པའམ། རྭ་འམ། སོ་འམ། རུས་པའམ། རྒྱུས་པའམ། མཇུག་མ་འདོད་དེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་སྲོག་
ཆགས་ཀྱི་སྲོག་གཅོད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་བཞིན་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་
เล่ม ๑๓๙ · หน้า 192a
དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ། ཁྱོད་ཚུར་ཤོག་ལ་སྲོག་ཆགས་འདི་ལྟ་བུ་ཞིག་གི་སྲོག་གཅོད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་
བསྒོ་ན། དེས་ལོངས་སྤྱོད་དེ་དག་འདོད་ནས་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་དེ། དཔེར་ན་རྒྱལ་པོ་གཉིས་ཕན་ཚུན་མི་མཐུན་པ་དེས་རས་སམ་དོང་ཚེ་འམ། དོང་ཚེ་སྟོང་གི་ཕྱིར་མགོ་བོ་ཁྱེར་ཏེ་འོང་བར་བྱེད་ཅིང་། དེས་ལོངས་སྤྱོད་དེ་དག་འདོད་ནས་སྲོག་ཆགས་ཀྱི་སྲོག་
གཅོད་པར་བྱེད་པ་དེ་ལྟ་བུ་ནི། ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟ་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། གསད་པའི་སེམས་ཡོད་པའི་ཕྱིར། སྲོག་ཆགས་དེའི་སྲོག་གཅོད་པར་བྱེད་དོ། །དེ་མ་ཡིན་ཏེ།
དེ་ལ་ཀུན་ནས་མནར་སེམས་དང་གསད་པའི་སེམས་མེད་དུ་ཟིན་ཀྱང་། གང་གི་སྲོག་ཆགས་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། གསད་པའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་
པོར་མི་བཟོད་ཅིང་མི་བདེ་ལ། སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། སྲོག་ཆགས་དེའི་སྲོག་གཅོད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། དཔེར་ན་བྲམ་ཟེ་དག་འདི་སྐད་དུ། སྦྲུལ་དང་། སྡིག་པ་དང་།
སྲོག་ཆགས་ཏྲཻ་ལ་ཏ་དང་། ཏྲེ་མ་བུ་ཀ་དང་། སྲིན་གྱི་མེད་ལ་སྩོགས་པ་འདི་དག་ནི་གསད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་དག་ནི་མི་རྣམས་ཀྱི་དགྲ་དང་། ཕྱིར་རྒོལ་བ་ཡིན་པའི་ཕྱིར། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་ལ་སྩོགས་པ་འདི་
དག་ཀྱང་གསད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་དག་ནི་མི་རྣམས་ཀྱི་ལོངས་སྤྱོད་ཡིན་པའི་ཕྱིར་ཞེས་ཟེར་བ་ལྟ་བུ་དང་། ནུབ་ཕྱོགས་ན་བྲམ་ཟེ་མཆུ་སྐྱེས་ཞེས་བྱ་བ་དག་ཡོད་དེ། དེ་དག་ནི་འདི་སྐད་དུ། གང་ཕ་འམ། མ་འམ། ཕུ་ནུ་པོའམ། སྲིང་མོ་འམ། མཛའ་བོ་དང་
เล่ม ๑๓๙ · หน้า 192b
གཉེན་དང་། རྒན་རབས་གང་ཡང་རུང་བ་ནད་ཀྱིས་ཐེབས་ཏེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བའི་སྲོག་གཅོད་པ་ལ་ནི་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཇི་སྲིད་ཀྱི་བར་དུ་གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་བ་དེ་སྲིད་ཀྱི་བར་དུ་སྡུག་
བསྔལ་ཞིང་ཡིད་དུ་མི་འོང་བས་གནས་ལ་ལུས་དང་བྲལ་ན་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་
དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །མ་བྱིན་པར་ལེན་པ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ཟག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་
པར་བྱེད་དོ། །དེ་ནི་མ་ཡིན་ཏེ། དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་། གང་ཟག་དེའི་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་
སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས་གང་ཟག་དེའི་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ།
དཔེར་ན་བྲམ་ཟེ་དག་འདི་སྐད་དུ་བྲམ་ཟེའི་ཆུང་མ་ནི་བཞི་སྟེ། བྲམ་ཟེ་མོ་དང་། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོའོ། །རྒྱལ་རིགས་ཀྱི་ནི་གསུམ་སྟེ། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོའོ། །རྗེའུ་རིགས་ཀྱི་ནི་གཉིས་ཏེ།
རྗེའུ་རིགས་མོ་དང་། དམངས་རིགས་མོའོ། །དམངས་རིགས་ཀྱི་ནི་གཅིག་སྟེ། དམངས་རིགས་མོའོ་ཞེས་ཟེར་བ་ལྟ་བུ་དང་། ནུབ་ཕྱོགས་ན་བྲམ་ཟེ་མཆུ་སྐྱེས་ཞེས་བྱ་བ་དག་ཡོད་དེ། དེ་དག་ནི་འདི་སྐད་དུ། གང་མའམ། བུ་མོའམ། སྲིང་མོའམ། ཡང་ན་མཛའ་བོ་དང་།
เล่ม ๑๓๙ · หน้า 193a
གཉེན་དང་། རྒན་རབས་ཀྱི་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་པ་དེ་ལ་ནི་གཞི་དེ་ལས་སྡིག་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། བུད་མེད་ནི་འབྲས་ཆན་བཙོས་པ་དང་འདྲ་སྟེ། དཔེར་ན་འབྲས་ཆན་བཙོས་པ་ནི་འདི་ལྟ་སྟེ། ལོངས་
སྤྱད་པར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ། བུད་མེད་ཀྱང་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་གཏུན་དང་འདྲ་སྟེ་དཔེར་ན་གཏུན་ནི་འདི་ལྟ་སྟེ། དྲུ་བའི་རྒྱུ་ཡིན་པ་དེ་བཞིན་དུ་བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་ལམ་དང་འདྲ་
སྟེ། དཔེར་ན་ལམ་ནི་འདི་ལྟ་སྟེ། འོང་བ་དང་འགྲོ་བར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ། བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་ཆུ་ཀླུང་གི་ཆུ་ཁ་དང་འདྲ་སྟེ། དཔེར་ན་ཆུ་ཀླུང་གི་ཆུ་ཁ་ནི་འདི་ལྟ་སྟེ། ཁྲུས་ལ་སྩོགས་པ་བྱ་བའི་རྒྱུ་ཡིན་པ་དེ་
བཞིན་དུ། བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་མེ་ཏོག་དང་འབྲས་བུ་དང་འདྲ་སྟེ། དཔེར་ན་མེ་ཏོག་དང་འབྲས་བུ་ནི་འདི་ལྟ་སྟེ། ལོངས་སྤྱོད་པར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ་བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་
དང་། འདི་སྐད་ཅེས་ཟེར་བ་ཡང་ཡོད་དེ། མི་རྣམས་ལ་འདོད་པ་ལ་ལོག་པར་གཡེམ་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། མི་རྣམས་ལ་ཐ་དད་པའི་མི་མེད་པའི་ཕྱིར་རོ་ཞེས་ཟེར་ཏེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་
སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་དེ་ལྟ་བུ་ནི་འདོད་པ་ལ་ལོག་པར་གཡེམ་པ་གཏི་མུག་ལས་བྱུང་བ་ཡིན་ནོ། །བརྫུན་དུ་སྨྲ་བ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་
བའོ། །བརྫུན་དུ་སྨྲ་བ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེ་སྒྲུབ་པར་བྱེད་པ་ན་དེ་གཞན་ལ་བརྫུན་དུ་སྨྲ་བར་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་།
เล่ม ๑๓๙ · หน้า 193b
གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དེ་དག་གི་དོན་དུ་གཞན་དག་ལ་ཤེས་བཞིན་དུ་བརྫུན་དུ་སྨྲས་པས་འདྲིད་པར་བྱེད་དོ། །ཡང་ན་གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་
ལ། མིང་འདི་ཞེས་བྱ་བ་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་བྲིད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཆགས་
པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་
སེམས་མེད་དུ་ཟིན་ཀྱང་། དེའི་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ། ཀུན་ནས་མནར་སེམས་དང་ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་
བྱའོ་སྙམ་ནས། དེའི་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། དཔེར་ན་དགོན་པའི་རི་དགས་མཐོང་ན། རྔོན་པས་དེ་ལ་དྲིས་ཏེ། ཁྱོད་ཀྱིས་རི་དགས་མཐོང་ངམ་ཞེས་བྱས་ན། དེ་འདི་སྙམ་དུ་སེམས་
ཏེ། རྔོན་པས་རི་དགས་བསད་ན་མི་རུང་ངོ་སྙམ་ནས། དེ་ལ་མ་མཐོང་ངོ་ཞེས་ཟེར་བ་ལྟ་བུ་དང་། དཔེར་ན་མི་རྒོད་ཀྱི་དཔུང་མཐོང་ལ། རྒྱལ་པོའི་དཔུང་གིས་དེ་ལ་དྲིས་ཏེ། ཅི་ཁྱོད་ཀྱིས་མི་རྒོད་ཀྱི་དཔུང་མཐོང་ངམ་ཞེས་བྱས་ན། དེ་འདི་སྙམ་དུ་སེམས་ཏེ། རྒྱལ་པོའི་དཔུང་གིས་མི་རྒོད་ཀྱི་
དཔུང་བསད་ན་མི་རུང་ངོ་སྙམ་ནས། བདག་གིས་མི་མཐོང་ངོ་ཞེས་ཟེར་བ་ལྟ་བུ་དང་། དཔེར་ན་རྒྱལ་པོའི་དཔུང་མཐོང་ལ། ཅི་ཁྱོད་ཀྱིས་རྒྱལ་པོའི་དཔུང་མཐོང་ངམ་ཞེས་དེ་ལ་དེས་དྲིས་ན། དེ་འདི་སྙམ་དུ་སེམས་ཏེ། མི་རྒོད་ཀྱི་དཔུང་གིས་རྒྱལ་པོའི་དཔུང་བསད་ན་མི་རུང་ངོ་སྙམ་ནས་
เล่ม ๑๓๙ · หน้า 194a
བདག་གིས་མ་མཐོང་ངོ་ཞེས་ཟེར་བ་ལྟ་བུ་སྟེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས། གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བར་
བྱེད་པ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །ཕྲ་མ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ཕྲ་མ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་།
དེའི་རྐྱེན་གྱིས་དེ་གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་།
ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས་དེ་དག་གི་དོན་དུ། གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བའི་མཛའ་བོ་ཕྱེ་ཤིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་
བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས་གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །དཔེར་ན་བྲམ་ཟེའི་བསོད་སྙོམས་སྙེར་བའི་ཁྱིམ་ནོར་མ་གོས་པ་དེ་དག་ལས། དེའི་ལྷུང་བཟེད་གཅིག་དང་། གོས་གཅིག་དང་། ཟན་གཅིག་པུ་འོང་བ་ལ་དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་འདི་
དག་ལྷན་ཅིག་ན་འཁོད་ཅིང་མཐུན་པ་དེ་སྲིད་དུ་འདི་དག་ལས་བདག་གིས་ལྷུང་བཟེད་གཅིག་དང་གོས་གཅིག་དང་། ཟན་གཅིག་པུ་འོང་གིས། བདག་གིས་འདི་དག་དབྱེ་བའི་ཐབས་ཤིག་བྱ་གོར་མ་ཆག་སྙམ་ནས། དེ་དག་འབྱེད་པའི་ཐབས་བྱེད་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་
གཉིས་ཕན་ཚུན་མི་མཐུན་ཏེ་ནང་ན་འཁོད་པ་རྣམས་ནི་ཕྱི་རོལ་གྱི་ལོངས་སྤྱོད་འདོད་ནས། ཕྱི་རོལ་པ་རྣམས་དབྱེ་བའི་ཐབས་བྱེད་ལ། ཕྱི་རོལ་པ་རྣམས་ནི་ནང་གི་ལོངས་སྤྱོད་འདོད་ནས་ནང་ན་འཁོད་པ་རྣམས་དབྱེ་བའི་ཐབས་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་
เล่ม ๑๓๙ · หน้า 194b
བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པ་དེའི་མཛའ་བོ་འབྱེད་དོ། །དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་སེམས་ཅན་དེ་གང་དག་སྡུག་པ་དང་། གཅེས་པ་དང་།
དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེ་དག་གི་མཛའ་བོ་དེ་འབྱེད་པར་བྱེད་པ་དེ་
ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། བྲམ་ཟེ་དག་འདི་སྐད་དུ་ལུག་གསོད་པ་དང་། བྱ་གག་གསོད་པ་དང་། ཕག་གསོད་པ་དང་། བྱ་བ་དང་། རྔོན་པ་དང་། ཆོམ་རྐུན་དང་། གཤེད་མ་དང་། བརྩོན་རྫི་དང་། ཁྱི་ཤ་ཅན་དང་། རི་བོང་རྒྱས་འཚོར་
བ་གང་ཡིན་པ་འདི་དག་ནི་དབྱེ་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་འདི་དག་ལྷན་ཅིག་འཁོད་ཅིང་མཐུན་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ལ། ཕྱེ་ན་ནི་དེ་ལྟར་མི་འགྱུར་རོ་ཞེས་ཟེར་ཏེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ། འདི་
ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཏེ། གཏི་མུག་ལས་བྱུང་བའི་ཕྲ་མ་ཟེར་བ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །ཚིག་རྩུབ་པོ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་།
གཏི་མུག་ལས་བྱུང་བའོ། །ཚིག་རྩུབ་པོ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་། རྐྱེན་གྱིས་གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ།
སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དཔེར་ན་ཡི་གེ་འམ། རྩིས་སམ། བགྲང་བ་
เล่ม ๑๓๙ · หน้า 195a
འམ། ལག་རྩིས་སམ། བཟོའི་གནས་སམ། ལས་ཀྱི་གནས་གང་ཡང་རུང་བའི་སྒོ་ནས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དེ་དང་དེ་དག་ཏུ་བསྐོས་ན། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་
པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བ་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་ལ་ཚིག་
རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་
དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་གང་དག་གི་སེམས་ཅན་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་
པོར་མི་བཟོད་ཅིང་། མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། སེམས་ཅན་དེ་དག་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་མིའི་ལས་སྤྱོད་པ་དང་།
རལ་པ་ཅན་དག་ནི་ཕལ་ཆེར་ཚིག་རྩུབ་པོ་སྨྲ་བ་ཡིན་ཏེ། དེ་དག་གི་སློབ་མ་ཁྱིམ་པ་གོས་དཀར་པོ་ཅན་གང་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་སྟོན་པ་ནི་ཤེས་པས་ཤེས་ཤིང་། མཐོང་བས་མཐོང་ལ་དེ་ཚིག་རྩུབ་པོ་སྨྲ་བ་ལས་ནི་འདི་ལྟ་སྟེ་ཚིག་རྩུབ་པོ་འདི་ནི་
ལེགས་པ་ཞིག་ཡིན་གོར་མ་ཆག་གོ། །འདི་ནི་ཤིན་ཏུ་བཟང་པོ་ཞིག་ཡིན་གོར་མ་ཆག་གོ་སྙམ་སྟེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་ཏེ། གཏི་མུག་
เล่ม ๑๓๙ · หน้า 195b
ལས་བྱུང་བའི་ཚིག་རྩུབ་པོ་སྨྲ་བ་དེ་ལྟ་བུ་ནི། གཏི་མུག་ལས་བྱུང་བ་ཡིན་ནོ། །ཚིག་ཀྱལ་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ཚིག་ཀྱལ་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་
ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་། དེའི་རྐྱེན་གྱིས་གཞན་དག་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་མཁོ་བ་
དང་། འཆང་བ་དང་། དེ་དག་གི་ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ། མིང་འདི་ཞེས་བྱ་བ་ལ་ཚིག་ཀྱལ་པས་དྲིད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་
སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེ་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དེ། དཔེར་ན་བུད་མེད་སྐྱེས་པ་ལ་རག་ལས་ན་ཚིག་ཀྱལ་པ་མང་དུ་སྨྲ་བ་དང་། སྐྱེས་པ་བུད་མེད་ལ་རག་ལས་ན་ཚིག་ཀྱལ་པ་མང་དུ་སྨྲ་བ་ལྟ་བུ་དང་།
དཔེར་ན་ཟློས་གར་མཁན་དང་། གར་མཁན་དང་། བཞད་གད་པ་དང་། སྒེག་པ་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། སྒྱུ་རྩལ་བྱེད་པ་རྣམས་ཀྱིས་གཞན་དག་གི་ལོངས་སྤྱོད་དག་འདོད་ནས། གཞན་དག་ལ་ཚིག་ཀྱལ་པ་སྨྲ་བར་བྱེད་པ་ལྟ་བུའམ། ཡང་ན་སངས་
རྒྱས་ཀྱིས་གསུངས་པ་དབྱངས་དང་སྦྱོར་བ་ལ་ཆགས་ཏེ། ཆགས་པ་ལས་བྱུང་བའི་ཚིག་ཀྱལ་པ་སྨྲ་བ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཚིག་ཀྱལ་པ་ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་
པའི་ཕྱིར་དེ་ལ་ཚིག་ཀྱལ་བས་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་དེ་དེ་དག་གི་སེམས་ཅན་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་
เล่ม ๑๓๙ · หน้า 196a
ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་བ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེ་དག་ལ་ཚིག་འཁྱལ་པས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །ཚིག་འཁྱལ་བ་གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་
པ། བྲམ་ཟེ་དག་འདི་སྐད་དུ་མི་ནི་མེས་དག་པར་འགྱུར་རོ། །གྲོལ་བར་འགྱུར་རོ། །ངེས་པར་འབྱུང་བར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་བ་ལས་འདའ་བར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་བ་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མཆོད་སྦྱིན་དང་། དཀའ་ཐུབ་
ངན་པ་རྣམ་པ་སྣ་ཚོགས་ཀྱང་དེ་དང་འདྲའོ་ཞེས་ཟེར་ཏེ། ལས་དེ་ལ་ཅིའང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་ཏེ། གཏི་མུག་ལས་བྱུང་བའི་ཚིག་ཀྱལ་པ་སྨྲ་བ་
དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །བརྣབ་སེམས་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །བརྣབ་སེམས་ཆགས་པ་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། བརྣབ་
སེམས་ཀྱིས་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་བརྣབ་སེམས་ཆགས་པ་ལས་བྱུང་བ་ཡིན་ནོ། །བརྣབ་སེམས་ཞེ་སྡང་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་བརྣབ་སེམས་ཞེ་སྡང་ལས་བྱུང་
བ་ཡིན་ནོ། །བརྣབ་སེམས་གཏི་མུག་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །གནོད་སེམས་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་
དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །གནོད་སེམས་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཆགས་པ་ལས་བྱུང་བའོ། །གནོད་
เล่ม ๑๓๙ · หน้า 196b
སེམས་ཞེ་སྡང་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གནོད་སེམས་གཏི་མུག་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་
གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་གཏི་མུག་ལས་བྱུང་བའོ། །ལོག་པར་ལྟ་བ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ལོག་པར་ལྟ་བ་ཆགས་
པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཆགས་པ་ལས་བྱུང་བའོ། །ལོག་པར་ལྟ་བ་ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་
དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །ལོག་པར་ལྟ་བ་གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་
པར་བྱེད་པ་ལྟ་བུ་སྟེ། འདི་ནི་གཏི་མུག་ལས་བྱུང་བའོ། །ཚིག་གཉིས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །སྲོག་གཅོད་པ་ཆེན་པོ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་
པས་ནི་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་འབྲིང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་རྣམས་དང་། སྐལ་བ་
མཉམ་པར་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་ཆུང་ངུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཇི་ལྟར་སྲོག་གཅོད་པ་རྣམ་པ་གསུམ་ཡོད་པ་དེ་བཞིན་དུ་
เล่ม ๑๓๙ · หน้า 197a
མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡོད་དེ། ལོག་པར་ལྟ་
བ་ཆེན་པོ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ལོག་པར་ལྟ་བ་འབྲིང་ཀུན་དུ་བསྟེན་ཅིང་མང་དུ་བྱས་པས་ནི། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་
ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ལོག་པར་ལྟ་བ་ཆུང་ངུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་ནི་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་རྣམས་དང་སྐལ་བ་མཉམ་པར་
སྐྱེ་བར་འགྱུར་རོ། །ལས་གདགས་པ་ཚིགས་གསུམ་པའོ།། །།སྡོམ་ནི། ཆུང་དང་འབྲིང་དང་ཆེན་པོ་དང་། །ཆ་ཤས་ཇི་ལྟར་གསེ་བ་དང་། །ཉེས་པར་སྤྱོད་པས་བསྡུས་པ་དང་། །ཆོས་གསུམ་དག་དང་ལྷན་ཅིག་འབྱུང་། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་
ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །སྲོག་གཅོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། སོ་སོའི་རྒྱུ་ལས་སྲོག་གཅོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཤེས་པར་བྱའོ། །
ཇི་ལྟ་ཞེ་ན། སྨྲས་པ། ཀུན་ནས་དཀྲིས་པ་ཆུང་ངུས་ཀུན་ནས་དཀྲིས་ཏེ། སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ནི། རྣམ་པར་སྨིན་པ་ཆུང་ངུར་འགྱུར་རོ། །ཀུན་ནས་དཀྲིས་པ་འབྲིང་དང་། ཆེན་པོས་ཀུན་ནས་དཀྲིས་ཏེ། སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ནི། རྣམ་པར་
སྨིན་པ་འབྲིང་དང་ཆེན་པོར་འགྱུར་ཏེ། དཔེར་ན་དགེ་བའི་རྩ་བ་ཆད་པ་གཉིས་ཤིག་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ལ་དེ་གཉི་ག་ཡང་ཕ་ཡང་མ་ཡིན། མ་ཡང་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེས་ཆེ་བས།
เล่ม ๑๓๙ · หน้า 197b
ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པའི་ནི་རྣམ་པར་སྨིན་པ་ཡང་མཉམ་མོ། །གཅིག་ནི་ཕའམ། མ་ཡིན་ན་གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། ཕའམ་མ་གང་ཡིན་པའོ། །གཉི་ག་ཕའམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེས་
ཆེ་བར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེས་ཆེ་བས། ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པ་ནི། རྣམ་པར་སྨིན་པ་ཡང་མཉམ་པ་ལྟ་བུའོ། །དཔེར་ན་དགེ་བའི་རྩ་བ་ཆད་པ་མ་ཡིན་པ་གཉིས་ཤིག། སྲོག་ཆགས་ཀྱི་སྲོག་གཅོད་
པར་བྱེད་ལ་དེ་གཉི་ག་ཕ་ཡང་མ་ཡིན། མ་ཡང་མ་ཡིན། གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། གང་ཆེས་དགེ་བའི་ཆོས་ཅན་ཡིན་པའོ། །གཉི་ག་དགེ་བའི་ཆོས་ཅན་དུ་མཉམ་ན། གང་ཆེས་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེན་པོས་
ཀུན་ནས་དཀྲིས་ཏེ། སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པའི་ནི་རྣམ་པར་སྨིན་པ་ཡང་མཉམ་མོ། །གཅིག་ནི་ཕ་འམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། ཕ་འམ་མ་གང་ཡིན་པའོ། །གཉི་ག་ཕའམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་
ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། གང་ཆེས་ཆེ་བའི་ཆོས་ཅན་ཡིན་པའོ། །གཉི་ག་ཆོས་ཅན་དུ་མཉམ་ན། གང་ཆེས་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་
པའི་ནི་རྣམ་པར་སྨིན་པ་ཡང་མཉམ་པ་ལྟ་བུའོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་
རྣམས་ཀྱང་དེ་བཞིན་དུ་སྦྱར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པའོ། །ཅི་མི་དགེ་བ་བཅུའི་ལས་རྣམས་ཀྱིས་
เล่ม ๑๓๙ · หน้า 198a
ཉེས་པར་སྤྱོད་པ་གསུམ་བསྡུས་སམ། འོན་ཏེ་གསུམ་གྱིས་བཅུ་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་བཅུ་བསྡུས་ཀྱི། བཅུས་ནི་གསུམ་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་
པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་མ་བསྡུས་སོ། །ལུས་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྲོག་ཆགས་གསོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པའོ། །ཅི་ལུས་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་གྱིས་ལུས་ཀྱིས་ཉེས་པར་སྤྱོད་པ་
ཐམས་ཅད་བསྡུས་སམ། འོན་ཏེ་ཐམས་ཅད་ཀྱིས་རྣམ་པ་གསུམ་བསྡུས་ཤེ་ན། སྨྲས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ལུས་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་བསྡུས་ཀྱི། རྣམ་པ་གསུམ་གྱིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་
པ། ལག་པ་དང་། ཁུ་ཚུར་དང་། ཐལ་ལྕག་གིས་བསྣུན་པ་དང་། ཡལ་ག་དང་། ལྕུག་མས་གནོད་པར་བྱ་བ་དང་ལྡན་པའི་ལུས་ཀྱི་ལས་དང་། འབྲུའི་ཆང་དང་། འབྲས་བུའི་ཆང་འཐུང་བ་དང་། རྐུ་བའི་སེམས་ཀྱིས་རང་གི་རྫས་ཁྱེར་བ་དང་། བརྗེད་ངས་པ་དང་། ཤེས་བཞིན་མེད་པས་ཁ་
ཟས་ཟ་བའི་ལུས་ཀྱི་ལས་གང་ཡིན་པ་དང་། བདག་གི་ཆུང་མ་ལ་ལོག་པར་འཇུག་པ་དང་། ཕྱོགས་གང་ན་ཚུལ་ཁྲིམས་འཆལ་བའི་སྐྱེས་བུ་གང་ཟག་རྣམས་འཁོད་པ་དེ། ཡོངས་སུ་མ་སྤངས་པ་དང་ལྡན་པའི་ལུས་ཀྱི་ལས་སོ། །ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞི་སྟེ། བརྫུན་དུ་
སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ། །ཅི་ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞིས་ངག་གི་ཉེས་པར་སྤྱོད་པ་ཐམས་ཅད་བསྡུས་སམ། འོན་ཏེ་ཐམས་ཅད་ཀྱིས་རྣམ་པ་བཞི་བསྡུས་ཤེ་ན། སྨྲས་པ། ངག་གིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ངག་གིས་ཉེས་
པར་སྤྱོད་པ་རྣམ་པ་བཞི་བསྡུས་ཀྱི། རྣམ་པ་བཞིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། འདི་ལྟར་གཅིག་པུ་དབེན་པ་ན་གནས་ཤིང་ཚིག་ཏུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་
เล่ม ๑๓๙ · หน้า 198b
དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་སྐྱེ་བ་པོ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ། ཡང་
དག་པར་ཞུགས་པ་གང་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ཚེ་འདི་ཉིད་ལ་བདག་ཉིད་ཀྱི་མངོན་པར་ཤེས་པས་མངོན་སུམ་བྱས་ཏེ། བསྒྲུབས་ནས་ཁོང་དུ་ཆུད་དེ། བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་
སོ་སྙམ་དུ་སེམས་པ་མེད་དོ་ཞེས་ཟེར་བའོ། །ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །ཅི་ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་གྱིས། ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་བསྡུས་སམ། འོན་ཏེ་ཐམས་
ཅད་ཀྱིས་རྣམ་པ་གསུམ་བསྡུས་ཤེ་ན། སྨྲས་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ཡིད་ཀྱིས་ཉེས་པ་རྣམ་པར་སྤྱོད་པ་གསུམ་བསྡུས་ཀྱི། རྣམ་པ་གསུམ་གྱིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། བརྣབ་སེམས་དང་། གནོད་སེམས་
དང་། ལོག་པར་ལྟ་བ་དང་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པའོ། །ལྷན་ཅིག་འབྱུང་བའི་ཆོས་ནི་གསུམ་ཡོད་དེ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བའི་
ཆོས་རྣམས་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཆགས་པ་དང་མཚུངས་པར་ལྡན་པའི་ཚོར་བ་དང་།
འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གང་ཞེ་ན། སྨྲས་པ། ཞེ་སྡང་
เล่ม ๑๓๙ · หน้า 199a
དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཞེ་སྡང་དང་། ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་
ལ་བྱེད་པ་དང་། རྣམ་པར་ཤེས་པ་དང་། འདི་དག་ནི་ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱའོ། །ལས་གདགས་པ་ཚིགས་བཞི་པའོ།། །།སྡོམ་ནི། ལས་དང་རྣམ་རིག་མ་ཡིན་གཟུགས། །ཐོགས་པ་དང་ནི་
སེམས་ལས་བྱུང་། །དུ་ཞིག་ལས་དང་ལས་མ་ཡིན། །ཡང་དག་མ་བསྡམས་སྡོམ་པ་བཅུ། །ཆོས་གསུམ་ཡོད་དེ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བའི་ཆོས་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་སོ། །ཆགས་པ་དང་
ལྷན་ཅིག་འབྱུང་བའི་ཆོས་རྣམས་ལས་ཞེས་བྱ་བ་འམ། འོན་ཏེ་ལས་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། ལས་ཀྱང་ཡོད། ལས་མ་ཡིན་པ་ཡང་ཡོད་དོ། །ལས་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་པ་སྟེ། འདི་ནི་
ལས་ཡིན་ནོ། །ལས་མ་ཡིན་པ་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་ལས་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང་། གཏི་མུག་དང་ལྷན་ཅིག་འབྱུང་
བའི་ཆོས་རྣམས་ལས་ཞེས་བྱ་འམ། ལས་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། ལས་ཀྱང་ཡོད། ལས་མ་ཡིན་པ་ཡང་ཡོད་དོ། །ལས་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་པ་སྟེ། འདི་
ནི་ལས་ཡིན་ནོ། །ལས་མ་ཡིན་པ་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་ལས་མ་ཡིན་པའོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་
เล่ม ๑๓๙ · หน้า 199b
རྣམས་རྣམ་པར་རིག་བྱེད་ཅེས་བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་
གི་རྣམ་པར་རིག་བྱེད་དེ། འདི་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་།
ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་རྣམ་པར་རིག་བྱེད་ཅེས་བྱ་འམ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་
ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་
ཡིན་པ་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་
ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གཟུགས་ཅན་ཞེས་བྱ་འམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་
ཡང་ཡོད། །གཟུགས་ཅན་མ་ཡིན་པ་ཡང་ཡོད་དོ། །གཟུགས་ཅན་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་ཏེ། འདི་དག་ནི་གཟུགས་ཅན་ནོ། །གཟུགས་ཅན་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་
เล่ม ๑๓๙ · หน้า 200a
ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་གཟུགས་ཅན་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་
གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཡང་ཡོད། གཟུགས་ཅན་མ་ཡིན་པ་ཡང་ཡོད་དོ། །གཟུགས་ཅན་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་
ལས་དང་། ངག་གི་ལས་ཏེ། འདི་དག་ནི་གཟུགས་ཅན་ནོ། །གཟུགས་ཅན་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་།
རྣམ་པར་ཤེས་པ་སྟེ། འདི་དག་ནི་གཟུགས་ཅན་མ་ཡིན་པའོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད། ཐོགས་པ་མེད་པ་ཡང་ཡོད།
ཐོགས་པ་དང་བཅས་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་དག་ནི་ཐོགས་པ་དང་བཅས་པའོ། །ཐོགས་པ་མེད་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་
ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཐོགས་པ་མེད་པའོ། །ཞེ་སྡང་དང་ལྷན་ཅིག་
འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད། ཐོགས་པ་མེད་པ་ཡང་ཡོད་དེ། ཐོགས་པ་དང་བཅས་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་
เล่ม ๑๓๙ · หน้า 200b
བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་དག་ནི་ཐོགས་པ་དང་བཅས་པའོ། །ཐོགས་པ་མེད་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་
རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཐོགས་པ་མེད་པའོ། །ཆགས་
པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སེམས་ལས་བྱུང་བ་ཞེས་བྱའམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཡང་ཡོད། སེམས་ལས་བྱུང་བ་མ་ཡིན་པ་ཡང་ཡོད་དོ། །སེམས་ལས་བྱུང་བ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་
ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་སྟེ། འདི་དག་ནི་སེམས་ལས་བྱུང་བའོ། །སེམས་ལས་བྱུང་བ་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་ཏེ་འདི་དག་
ནི་སེམས་ལས་བྱུང་བ་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སེམས་ལས་བྱུང་བ་ཞེས་བྱ་ཞེ་འམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཡང་ཡོད། སེམས་ལས་བྱུང་བ་མ་
ཡིན་པ་ཡང་ཡོད་དོ། །སེམས་ལས་བྱུང་བ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་སྟེ། འདི་དག་ནི་སེམས་ལས་བྱུང་བའོ། །སེམས་ལས་བྱུང་
བ་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་ཏེ། འདི་དག་ནི་སེམས་ལས་བྱུང་བ་མ་ཡིན་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།
เล่ม ๑๓๙ · หน้า 201a
མི་དགེ་བ་བཅུའི་ལས་ཀྱི་ལམ་གང་ཡིན་པ་དེ་དག་ལས། དུ་ཞིག་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན། དུ་ཞིག་ལས་ཀྱི་ལམ་ནི་ཡིན་ལ་ལས་ནི་མ་ཡིན་ཞེ་ན། སྨྲས་པ། བདུན་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ། སྲོག་གཅོད་པ་དང་། མ་བྱིན་
པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་རྣམས་སོ། །གསུམ་ནི་ལས་ཀྱི་ལམ་ཡིན་ལ། ལས་ནི་མ་ཡིན་ཏེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ། །ཅིའི་
ཕྱིར་ལས་ཀྱང་ཡིན་ལ། ལས་ཀྱི་ལམ་ཡང་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པའི་ལས་ནི་ད་ལྟར་དེ་བྱེད་པ་ཡང་ཡིན་ལ་སྲོག་གཅོད་པས་ཀུན་ནས་བསླང་བའི་སེམས་པ་རྣམས་ཀྱི་ལམ་དང་། བགྲོད་པ་དང་། སྲང་ཡང་ཡིན་ཏེ། རྒྱུ་དེས་ན་སྲོག་གཅོད་པ་ལས་ཀྱང་ཡིན་ལ། ལས་ཀྱི་
ལམ་ཡང་ཡིན་ནོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་
ལས་ཀྱི་ལམ་ཡིན་ལ་ལས་མ་ཡིན་ཞེ་ན། སྨྲས་པ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི་ལས་ཀྱང་མ་ཡིན། བྱེད་པ་ཡང་མ་ཡིན་གྱི། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་ཀུན་ནས་བསླང་བའི་སེམས་ལས་བྱུང་བ་རྣམས་ཀྱི་ལམ་དང་།
བགྲོད་པ་དང་། སྲང་ཡིན་ཏེ། རྒྱུ་དེས་ན་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་ལས་ཀྱི་ལམ་ཡིན་ལ། ལས་མ་ཡིན་ནོ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་བཅུ་གང་ཞེ་ན། སྨྲས་པ། བཅུ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་
ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ། །ཅིའི་ཕྱིར་སྲོག་གཅོད་པ་ཡང་དག་པར་མ་བསྡམས་པའི་སྡོམ་པ་ཡིན་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด