ཆོས་མངོན་པའི་མཛོད་ཀྱི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๑ · หน้า 1b

༄༅༅། །ཇི་སྐད་དུ་སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་པོ་ཞེས་བཤད་པ་དེ་ཡང་། བདེན་པ་མཐོང་དང་བསྒོམ་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །ཉོན་

མོངས་པ་རྣམས་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་རྒྱས་པར་བཤད་པ། ད་ནི་མཐོང་བ་དང་བསྒོམ་པའི་ལམ་དེ་དག་ཅི་ཟག་པ་མེད་པའམ། ཟག་པ་དང་བཅས་པ་

ཞེས་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་འདི་དག་བརྗོད་དེ། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །འཇིག་རྟེན་པ་དང་། འཇིག་

རྟེན་ལས་འདས་པའོ། །མཐོང་བའི་ལམ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་དང་། མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་ཅིག་ཅར་དུ་སྤང་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་

ཏེ། འཇིག་རྟེན་པ་ལ་ནི་དེ་འདྲ་བའི་མཐུ་མེད་དོ། །བདེན་པ་མཐོང་བ་ལས་ཞེས་བཤད་པ། བདེན་པ་དེ་དག་ཀྱང་གང་ཞིག་ཅེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་བཤད་ཅེ་ན། ཆོས་

เล่ม ๑๔๑ · หน้า 2a

ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་བསྟན་པར་ཟག་མེད་ལམ་གྱི་བདེན་པ་དང་ཞེས་ལམ་གྱི་བདེན་པ་རང་གི་མིང་གིས་བསྟན་ཏོ། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་ཞེས་འགོག་པའི་བདེན་

བ་བསྟན་ཏོ། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་བྱ་བ་དེར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་བསྟན་ཏོ། །ཅི་འདི་དག་གི་རིམ་པ་འདི་ཁོ་ན་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། སྡུག་བསྔལ་ཀུན་

འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་གི་རིམ་པ་ནི་འདི་ཡིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲ་ནི་རང་གི་ངོ་བོ་ནི་སྔར་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ནི། དེ་དག་ཇི་ལྟར་

མངོན་རྟོགས་རིམ། །བདེན་པ་གང་ཞིག་སྔར་མངོན་པར་རྟོགས་པ་དེ་སྔར་བསྟན་ཏོ། །དེ་ལྟ་མ་ཡིན་ན་རྒྱུ་ནི་སྔར་བསྟན་ལ་འབྲས་བུ་ནི་ཕྱིས་བསྟན་པར་འགྱུར་རོ། །ཁ་ཅིག་ནི་སྐྱེ་བ་དང་མཐུན་པ་བསྟན་ཏེ། དཔེར་ན་དྲན་པ་ཉེ་བར་གཞག་པ་

དང་། བསམ་གཏན་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ནི་རབ་ཏུ་བརྟག་པ་དང་མཐུན་པར་བསྟན་ཏེ། དཔེར་ན་ཡང་དག་པར་སྤོང་བ་རྣམས་ལྟ་བུ་སྟེ། གང་སྔར་ནི་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ལ། ཕྱིས་ནི་མ་སྐྱེས་པ་རྣམས་

เล่ม ๑๔๑ · หน้า 2b

མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་པའི་ངེས་པ་འདི་ནི་མེད་དོ། །བདེན་པ་རྣམས་ནི་མངོན་པར་རྟོགས་པ་དང་མཐུན་པར་བསྟན་པ་ཡིན་ནོ། །ཅིའི་ཕྱིར་བདེན་པ་རྣམས་དེ་ལྟར་མངོན་པར་རྟོགས་ཤེ་ན། གང་ལ་ཆགས་པ་དང་། གང་གིས་གནོད་པ་བྱེད་པ་དང་། གང་ལས་ཐར་པ་དོན་དུ་གཉེར་བའི་སྡུག་བསྔལ་

གྱི་བདེན་པ་དེ་ཉིད་ལ་དང་པོར་རྣམ་པར་དཔྱོད་པའི་གནས་སྐབས་ན་ཡོངས་སུ་རྟོག་ལ། ཕྱིས་འདིའི་རྒྱུ་ནི་གང་ཞིག་ཡིན་ཞེས་ཀུན་འབྱུང་གི་བདེན་པ་ལ་ཡོངས་སུ་རྟོག་གོ། །འདིའི་འགོག་པ་ནི་གང་ཞིག་ཡིན་ཞེས་འགོག་པའི་བདེན་པ་ལ་ཡོངས་སུ་རྟོག་གོ། །འདིའི་ལམ་ནི་གང་ཞིག་ཡིན་ཞེས་ལམ་གྱི་

བདེན་པ་ལ་ཡོངས་སུ་རྟོག་སྟེ། ནད་མཐོང་བས་དེའི་གཞི་དང་ཟད་པ་དང་སྨན་ཚོལ་བ་བཞིན་ནོ། །བདེན་པ་རྣམས་ཀྱི་དཔེ་འདི་ནི་མདོ་ལས་ཀྱང་བཤད་དོ། །མདོ་གང་ལས་ཤེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པས་ཟུག་རྔུ་འབྱིན་པ་ཞེས་གསུངས་པ་དེ་ལས་བསྟན་ཏོ། །སྔར་འཕངས་པའི་ཕྱིར་ཇི་ལྟར་

རྣམ་པར་དཔྱོད་པའི་གནས་སྐབས་ན་བདེན་པ་ལ་ཡོངས་སུ་རྟོག་པ་དེ་ཁོ་ན་བཞིན་དུ་མངོན་པར་རྟོགས་པའི་གནས་སྐབས་ན་ཡང་བདེན་པ་མངོན་པར་རྟོགས་ཏེ། དཀྱུས་ས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ནོ། །མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ནི་ཅི་ཞེ་ན། མངོན་པར་ཡང་དག་པར་

རྟོགས་པའོ། །ཅིའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་གྱི་ཟག་པ་དང་བཅས་པ་མ་ཡིན་ཞེ་ན། དེ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་ཡང་དག་པར་རྟོག་པ་སྟེ། ཡང་དག་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་རྣམས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །

རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། འདི་ལས་ཀུན་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་གཉིས་ནི་རྒྱུ་དང་འབྲས་བུར་གྱུར་པས་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི་རྫས་སུ་ནི་མ་ཡིན་ནོ། །འགོག་པ་དང་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ། །མདོ་ལས་འཕགས་པའི་བདེན་པ་རྣམས་ཞེས་འབྱུང་བ་དེའི་དོན་ཅི་ཞེ་ན།

འདི་དག་ནི་འཕགས་པ་རྣམས་ལ་བདེན་པས། དེ་ལྟ་བས་ན་མདོ་ཁོ་ན་ལས། འཕགས་པའི་བདེན་པ་རྣམས་ཞེས་བཤད་དོ། །ཅི་འདི་དག་གཞན་རྣམས་ལ་བརྫུན་ནམ་ཞེ་ན། འདི་དག་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཐམས་ཅད་ལ་བདེན་ན་འཕགས་པ་རྣམས་ཀྱིས་ནི་འདི་དག་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་

เล่ม ๑๔๑ · หน้า 3a

གཟིགས་ཀྱི་གཞན་དག་གིས་ནི་མ་ཡིན་པས་དེའི་ཕྱིར་འདི་དག་ནི་འཕགས་པ་རྣམས་ཀྱི་བདེན་པ་ཞེས་བྱ་བའི་ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་འཕགས་པ་མ་ཡིན་པ་རྣམས་ཀྱི་ནི་མ་ཡིན་ཏེ། ཚིགས་སུ་བཅད་པ་ལས། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱིས་སྡུག་

བསྔལ་རིག །གཞན་གྱིས་བདེ་བར་གང་སྨྲས་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག །ཅེས་འབྱུང་ངོ་། །གཞན་དག་ན་རེ་གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ལ། གཉིས་ནི་འཕགས་པ་ཡང་ཡིན་འཕགས་པ་རྣམས་ཀྱི་བདེན་པ་ཡང་ཡིན་ནོ་ཞེས་ཟེར་རོ། །གང་གི་ཚེ་ཚོར་བའི་

ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་ཚེ་ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །

སྡུག་བསྔལ་ཉིད་ནི་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ། །དེ་དག་གིས་ཅི་རིགས་པར་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་མ་ལུས་པར་སྡུག་བསྔལ་བ་ཡིན་ཏེ། དེ་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་

བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །དེ་དག་ལས་གཞན་པ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་འོང་བ་ནི་གང་དག་ཡིན། ཡིད་དུ་མི་འོང་བ་ནི་གང་དག་ཡིན། གཉི་ག་མ་ཡིན་

པ་ནི་གང་དག་ཡིན་ཞེ་ན། ཚོར་བ་གསུམ་དང་གོ་རིམས་བཞིན་ཏེ། དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་པོ། །བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དེ། མདོ་ལས། བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེ།

གནས་པ་ན་ཡང་བདེ་ལ། འགྱུར་བ་ན་སྡུག་བསྔལ་ལོ་ཞེས་གསུངས་སོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་བ་ཉིད་དེ། མདོ་ལས། སྡུག་བསྔལ་གྱི་ཚོར་བ་ནི་སྐྱེ་བ་ན་ཡང་སྡུག་བསྔལ་ལ། གནས་པ་ན་ཡང་སྡུག་བསྔལ་ལོ་ཞེས་གསུངས་སོ། །བདེ་བ་ཡང་མ་

เล่ม ๑๔๑ · หน้า 3b

ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་རྐྱེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་དེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་འབྱུང་ངོ་། །དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་བརྗོད་དོ། །གཞན་དག་ན་རེ་སྡུག་བསྔལ་ཉིད་

སྡུག་བསྔལ་ཉིད་ཡིན་པས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡིན་ལ། འདུ་བྱེད་ཉིད་སྡུག་བསྔལ་ཡིན་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །འགྱུར་བ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དག་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཕྱིར་བཤད་དོ། །འདུ་བྱེད་ཐམས་

ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་ལ་དེ་དག་ཀྱང་འཕགས་པ་རྣམས་ཁོ་ནས་གཟིགས་སོ། །འདིར་སྨྲས་པ། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་བདེ་བ་དང་གནོད་སྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་

ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཇི་ལྟར་འཕགས་པ་རྣམས་སྲིད་པའི་རྩེ་མོ་བ་དག་ལ་ཡང་སྡུག་བསྔལ་གྱི་བློ་འཇུག་པ་ལྟར་བྱིས་པ་རྣམས་ནི་མནར་མེད་པའི་ཕུང་པོ་རྣམས་ལ་ཡང་དེ་ལྟར་སྡུག་བསྔལ་གྱི་བློ་མི་འཇུག་གོ། །

དེ་ལྟ་ན་འོ་ན་ནི་ལམ་ཡང་འདུས་བྱས་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། སྡུག་བསྔལ་ཞེས་བྱ་བའི་མཚན་ཉིད་ནི་མི་མཐུན་པ་ཡིན་པའི་ཕྱིར་ལམ་ནི་སྡུག་བསྔལ་བ་མ་ཡིན་ཏེ། དེ་སྐྱེ་བ་ནི་སྡུག་བསྔལ་ཐམས་ཅད་ཟད་པ་འདྲེན་པའི་འཕགས་པ་རྣམས་དང་མི་མཐུན་པ་མེད་དོ། །

གང་གི་ཚེ་དེ་དག་མྱ་ངན་ལས་འདས་པ་ལ་ཞི་བར་ལྟ་བ་དེའི་ཚེ་ཡང་། སྡུག་བསྔལ་དུ་མཐོང་བ་གང་ཡིན་པ་དེ་ཁོ་ནའི་འགོག་པ་ལ་ཞི་བར་ལྟའོ། །གང་གི་ཚེ་འདི་དག་ལ་བདེ་བ་ཡང་ཡོད་པ་དེའི་ཚེ་ཅིའི་ཕྱིར་སྡུག་བསྔལ་ཁོ་ན་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། ཁ་ཅིག་ན་རེ་བདེ་བ་མྱོང་བའི་ཕྱིར་ཏེ།

མོན་སྲན་སྡེའུ་ལ་སོགས་པ་ཡོད་བཞིན་དུ་མོན་སྲན་གྲེའུའི་ཕུང་པོ་ཞེས་སྟོན་པ་བཞིན་ཏེ། མཁས་པ་སུ་ཞིག་ཆུས་བཏབ་པའི་བདེ་བ་ཆུང་ངུས་འབྲས་བུ་བདེ་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར། ཡང་སྨྲས་པ། སྡུག་བསྔལ་གྱི་ནི་རྒྱུ་ཕྱིར་དང་། །སྡུག་བསྔལ་མང་པོས་བསྐྱེད་ཕྱིར་དང་། སྡུག་བསྔལ་

เล่ม ๑๔๑ · หน้า 4a

ཡོད་ན་བདེ་འདོད་ཕྱིར། །བདེ་བ་སྡུག་བསྔལ་ཞེས་རྟོག་གོ། །སྲིད་པ་ཐམས་ཅད་ནི་བདེ་བ་དང་བཅས་ཏེ་འདུ་བྱེད་ཀྱི་སྡུག་བསྔལ་དུ་རོ་གཅིག་པའི་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་གཟིགས་ཏེ། དེའི་ཕྱིར་སྡུག་བསྔལ་ཁོ་ན་འཕགས་པའི་བདེན་པར་རྣམ་པར་གཞག་གི་བདེན་

པ་ནི་མ་ཡིན་ནོ། །ད་ནི་ཇི་ལྟར་བདེ་བའི་རང་བཞིན་གྱི་ཚོར་བ་རྣམས་ལ་སྡུག་བསྔལ་དུ་ལྟ་ཞེ་ན། མི་རྟག་པའི་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱིར་ཏེ། དཔེར་ན་གཟུགས་དང་འདུ་ཤེས་ལ་སོགས་པ་ལ་ཡང་སྡུག་བསྔལ་དུ་ལྟ་མོད་ཀྱི། དེ་དག་ཇི་ལྟར་སྡུག་བསྔལ་གྱི་ཚོར་བ་བཞིན་དུ་སྡུག་བསྔལ་བ་ནི་མ་ཡིན་

པ་བཞིན་ནོ། །གང་ཞིག་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་དེའི་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་གྱི་སྡུག་བསྔལ་གྱི་རྣམ་པ་ནི་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པར་སྐྱེས་པ་དག་གིས་འཕགས་པ་རྣམས་ལ་ཡང་ཇི་ལྟར་སྡུག་བསྔལ་གྱི་འདུ་ཤེས་འཇུག་པར་འགྱུར་ཏེ། དེ་དག་གི་ཕུང་

པོ་རྣམས་ནི་སྡུག་བསྔལ་གྱི་ཚོར་བའི་རྒྱུ་མ་ཡིན་ནོ། །མདོ་ལས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱང་ཅིའི་ཕྱིར་གསུངས་པར་གྱུར། གལ་ཏེ་མི་རྟག་པའི་ཕྱིར་སྡུག་བསྔལ་ཉིད་དུ་ལྟ་ན་འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་ཅི་ཞིག་ཡོད། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པར་ལྟ་ལ།

མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་དུ་ལྟ་སྟེ། མི་རྟག་པར་མཐོང་ན་མི་མཐུན་པར་འགྱུར་བས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ། །ཁ་ཅིག་ན་རེ་བདེ་བའི་ཚོར་བ་ཞེས་བྱ་བ་ནི་མེད་པ་ཉིད་དེ། ཐམས་ཅད་སྡུག་བསྔལ་ཁོ་ན་ཡིན་ནོ། །འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། མདོ་དང་།

རིགས་པ་ལས་ཏེ། རེ་ཞིག་མདོ་ལས་ཇི་ལྟ་བུ་ཞེ་ན་བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་བྱ་བ་དང་། སྡུག་བསྔལ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་གསུངས་ཏེ། རེ་ཞིག་མདོ་ལས་

ནི་དེ་ལྟ་བུའོ། །རིགས་པ་ལས་ཇི་ལྟ་བུ་ཞེ་ན། བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་ཏེ། ཁ་ཅིག་བདེ་བའི་རྒྱུ་བཏུང་བ་དང་བཟའ་བ་དང་གྲང་བ་དང་དྲོ་བ་ལ་སོགས་པར་འདོད་པ་གང་དག་ཡིན་པ་དེ་དག་ཁོ་ན་ཧ་ཅང་སྤྱད་པ་དང་། དུས་མ་ཡིན་པར་སྤྱད་པ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ། །

เล่ม ๑๔๑ · หน้า 4b

བདེ་བའི་རྒྱུ་འཕེལ་བའམ་མཉམ་པས་ནི་དུས་གཞན་ན་སྡུག་བསྔལ་སྐྱེད་པར་རིགས་པ་མ་ཡིན་པས་དེ་དག་ནི་དང་པོ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་དག་ཡིན་ཞིང་བདེ་བའི་རྒྱུ་ནི་མ་ཡིན་ལ། མཇུག་ཏུ་ནི་སྡུག་བསྔལ་དེ་འཕེལ་བར་འགྱུར་བས་བསལ་བར་འགྱུར་བར་ཟད་དེ། སྤྱོད་ལམ་གྱི་བྱེ་བྲག་ལ་ཡང་དེ་བཞིན་

དུ་བརྗོད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོ་དང་སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བའི་བློ་སྐྱེ་བའི་ཡང་ཕྱིར་ཏེ། ཇི་སྲིད་དུ་བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་ཚ་བ་དང་ངལ་བ་དང་འདོད་པའི་འདོད་ཆགས་ལས་སྐྱེས་པའི་སྡུག་བསྔལ་གཞན་གྱིས་གཙེས་པར་མ་གྱུར་པ་དེ་སྲིད་དུ་བདེ་བའོ་སྙམ་དུ་ཚོར་བ་ཅུང་

ཟད་ཀྱང་མེད་དོ། །དེ་ལྟ་བས་ན་མི་མཁས་པ་རྣམས་ནི་གཉེན་པོ་ཁོ་ན་ལ་བདེ་བའི་བློ་འཇུག་གི་བདེ་བ་ལ་ནི་མ་ཡིན་ནོ། བྱིས་པ་རྣམས་ནི་སྡུག་བསྔལ་གྱི་བྱེ་བྲག་ལ་ཡང་བདེ་བའི་བློ་སྐྱེད་པར་བྱེད་དེ། དཔེར་ན་ཕྲག་པ་ནས་ཕྲག་པར་ཁུར་ཡོད་པར་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་བདེ་བ་ནི་མེད་པ་ཁོ་

ནའོ་ཞེས་ཟེར་རོ། །ཆོས་མངོན་པ་པ་རྣམས་ན་རེ། ཡོད་པ་ཉིད་དོ་ཞེས་ཟེར་ཏེ། འདི་ཉིད་རིགས་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་དེ་ལ་འདི་དྲི་བར་བྱ་སྟེ། སྡུག་བསྔལ་ཞེས་བྱ་བ་འདི་ཅི་ཞིག་ཡིན། གལ་ཏེ་གནོད་པའི་བདག་ཉིད་གང་ཡིན་པའོ་ཞེས་ཟེར་ན་

ནི་ཇི་ལྟ་བུ་ཡིན་ཞེས་བརྗོད་པར་བྱའོ། །གལ་ཏེ་གནོད་པར་བྱེད་པ་ཡིན་ནོ་ཞེས་ཟེར་ན་ནི་ཕན་པར་བྱེད་པ་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གལ་ཏེ་མི་འདོད་པ་ཡིན་ནོ་ཞེས་ཟེར་ན་ནི་འདོད་པ་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གལ་ཏེ་འདོད་པ་དེ་ཉིད་འཕགས་པ་རྣམས་འདོད་ཆགས་དང་བྲལ་བའི་ཚེ་མི་

བཞེད་པ་ཡིན་ཏེ། དེ་ལྟ་བས་ན་འདོད་པ་ཉིད་ཡོངས་སུ་མ་གྲུབ་པ་ཡིན་ནོ་ཞེས་ཟེར་ན་ནི་མ་ཡིན་ཏེ། མི་འདོད་པ་ནི་གཞན་དུ་ཡིན་པའི་ཕྱིར་རོ། །ཚོར་བ་གང་ཞིག་རང་གི་མཚན་ཉིད་ཀྱིས་འདོད་པ་དེ་ནི་ནམ་ཡང་དེ་ཁོ་ནས་མི་འདོད་པར་མི་འགྱུར་ཏེ། འདི་ལྟར་འཕགས་པ་རྣམས་ནི་འདི་གང་གིས་ན་མི་བཞེད་

པར་འགྱུར་བ་རྣམ་པ་གཞན་གྱིས་རྣམ་པར་སུན་འབྱིན་པར་བྱེད་ཅིང་། འདི་ལ་བག་མེད་པའི་གནས་དང་། མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་དང་། རྣམ་པར་འགྱུར་བ་ཅན་དང་། མི་རྟག་པར་ལྟའི་རང་གི་མཚན་ཉིད་ཀྱི་རྣམ་པས་ནི་མ་ཡིན་ནོ། །གལ་ཏེ་འདི་རང་གི་མཚན་ཉིད་ཀྱིས་མི་འདོད་པ་

เล่ม ๑๔๑ · หน้า 5a

ཞིག་ཡིན་པར་གྱུར་ན་ནི་དེ་ལ་སུ་ཡང་འདོད་ཆགས་སྐྱེ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདོད་ཆགས་དང་བྲལ་བའི་ཆེད་དུ་རྣམ་པ་གཞན་གྱིས་ཀྱང་སྐྱོན་ཅན་དུ་ལྟ་བར་འགྱུར་ཏེ། དེ་ལྟ་བས་ན་བདེ་བའི་ཚོར་བ་ནི་རང་གི་མཚན་ཉིད་ཀྱིས་ཡོད་པ་ཁོ་ནའོ། །བཅོམ་ལྡན་འདས་ཀྱིས་

གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཁོ་ནས་ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་རྣམ་པར་འགྱུར་བ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་དོན་ངེས་པར་

མཛད་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལས་དགོངས་ཏེ་གསུངས་པ་མ་ཡིན་པར་གྲུབ་པ་ཡིན་ནོ། །གལ་ཏེ་ཚོར་བ་ཐམས་ཅད་རང་བཞིན་གྱིས་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་ཅིའི་ཕྱིར་འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་དུ་

བཅོམ་ལྡན་འདས་ཀྱིས་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ལགས་སྡུག་བསྔལ་བ་ཡང་མ་ལགས་པ་དང་ཚོར་བ་འདི་གསུམ་ཡང་གསུངས་ལ། བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་ཀྱང་གསུངས་ན། བཅོམ་ལྡན་འདས་ཀྱིས་ཅི་ལས་

དགོངས་ནས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བཀའ་སྩལ་ཞེས་ཞུས་པར་གྱུར་ཏེ། དེས་ཀྱང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཚོར་བ་གསུམ་ཞེས་བཀའ་སྩལ་ཞེས་ཞུས་པར་འགྱུར་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཚོར་བ་གསུམ་ཞེས་བྱ་

བ་འདི་ནི་ངས་དགོངས་ནས་བཤད་པ་ཡིན་ནོ་ཞེས་ལུང་བསྟན་པར་འགྱུར་བ་ཞིག་ན་དེ་སྐད་ཀྱང་བཀའ་སྩལ་ཏེ། དེ་ལྟ་བས་ན་ཚོར་བ་གསུམ་ནི་རང་གི་ངོ་བོས་ཡོད་ལ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་འདི་ངས་དགོངས་ནས་བཤད་པ་ཡིན་ནོ་ཞེས་ཚིག་འདི་ནི་དགོངས་པ་ཅན་དུ་སྟོན་

པར་མཛད་པ་ཡིན་ནོ། །གང་ཡང་བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་གསུངས་པ་ཡང་དེ་ལ་གཉི་ག་ཡོད་དོ། །རང་གི་ངོ་བོས་ཡིད་དུ་འོང་བའི་ཕྱིར་ནི་བདེ་བ་ཉིད་ཡིན་ལ་རྣམ་པར་འགྱུར་བ་དང་མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་རྣམ་གྲངས་ཀྱིས་ནི་སྡུག་བསྔལ་ཉིད་ཡིན་ནོ། །དེ་ལ་

เล่ม ๑๔๑ · หน้า 5b

བདེ་བར་མཐོང་ན་ནི་འདོད་ཆགས་ཅན་རྣམས་དེའི་རོ་མྱོང་བར་བྱེད་པའི་ཕྱིར་འཆིང་བར་འགྱུར་ལ། སྡུག་བསྔལ་དུ་མཐོང་ན་ནི་དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཐར་བར་འགྱུར་བས་བཅོམ་ལྡན་འདས་ཀྱིས་འདི་ཇི་ལྟར་མཐོང་ན་ཐར་བར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བཀའ་སྩལ་པ་ཡིན་ནོ། །དེ་རང་

གི་ངོ་བོས་བདེ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། འདི་ལྟར། རྫོགས་པའི་སངས་རྒྱས་རབ་མཁྱེན་གྱིས། །འདུ་བྱེད་མི་རྟག་ཉིད་དང་ནི། །རྣམ་པར་འགྱུར་བ་ཉིད་མཁྱེན་ནས། །ཚོར་བ་སྡུག་བསྔལ་བར་གསུངས་སོ། །ཞེས་བྱ་བ་སྨོས་སོ། །གང་ཡང་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་

འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་གསུངས་པ་ཡང་བསྟན་པ་འདི་ནི་དགོངས་པ་ཅན་ཡིན་ཏེ། འཇིག་རྟེན་ནི་ཚོར་བ་དང་། འདོད་པའི་ཡོན་ཏན་རྣམས་དང་། སྐྱེ་བ་ལ་བདེ་བར་འདུ་ཤེས་སོ། །དེ་ལ་བདེ་བའི་ཚོར་བ་ལ་ནི་རྣམ་གྲངས་ཀྱིས་སྡུག་བསྔལ་ཡང་ཡོད་ན་གཅིག་ཏུ་བདེ་བར་ལྟ་བ་ནི་ཕྱིན་ཅི་ལོག་

ཡིན་ལ། འདོད་པའི་ཡོན་ཏན་རྣམས་ལ་ཡང་བདེ་བ་ནི་ཆུང་ལ་སྡུག་བསྔལ་ནི་མང་བ་ཡིན་ན་གཅིག་ཏུ་བདེ་བར་ལྟ་བ་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། སྐྱེ་བ་ལ་དེ་དང་འདྲའོ། །དེ་ལྟ་བས་ན་བདེ་བའི་ཚོར་བ་མེད་པར་མི་འགྲུབ་པོ། །གལ་ཏེ་ཚོར་བ་ཐམས་ཅད་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་བ་ཡིན་པར་

འགྱུར་ན་ཚོར་བ་གསུམ་ཞེས་གསུངས་པ་ལ་ཡོན་ཏན་ཅི་ཞིག་ཡོད་པར་འགྱུར། གལ་ཏེ་འཇིག་རྟེན་དང་མཐུན་པར་གསུངས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཉིད་ནི་ངས་དགོངས་ནས་གསུངས་སོ་ཞེས་བཀའ་སྩལ་པའི་ཕྱིར་རོ། །ཡང་དག་པར་ཇི་ལྟ་བ་བཞིན་ཞེས་གསུངས་པའི་

ཡང་ཕྱིར་ཏེ། བདེ་བའི་དབང་པོ་གང་ཡིན་པ་དང་། ཡིད་བདེ་བའི་དབང་པོ་གང་ཡིན་པ་འདི་ནི་བདེ་བའི་ཚོར་བ་ཡིན་པར་བལྟ་བར་བྱའོ་ཞེས་རྒྱས་པར་གསུངས་ནས་གང་གིས་དབང་པོ་ལྔ་པོ་འདི་དག་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ཞིང་། དེའི་ཀུན་དུ་སྦྱོར་བ་གསུམ་

ཡང་སྤངས་པ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ཡང་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་ལ་རྣམ་པ་གསུམ་དུ་རྟོག་པར་འགྱུར་གལ་ཏེ་ཆུང་ངུ་དང་ཆེན་པོ་དང་འབྲིང་དག་ལ་གོ་རིམས་བཞིན་དུ་བདེ་བ་ལ་སོགས་པའི་བློ་སྐྱེའོ་ཞེ་ན་ནི་བདེ་བ་ལ་ཡང་རྣམ་པ་གསུམ་ཡོད་པས་སྡུག་བསྔལ་ཆུང་ངུ་

เล่ม ๑๔๑ · หน้า 6a

ལ་སོགས་པ་ལ་བདེ་བ་ཆེན་པོ་ལ་སོགས་པའི་བློ་སྐྱེ་བར་འགྱུར་རོ། །གང་གི་ཚེ་དྲི་དང་རོ་དང་རེག་བྱའི་ཁྱད་པར་ལས་སྐྱེས་པའི་བདེ་བ་སང་བ་དེའི་ཚེ་གང་ལ་འདི་བདེ་བའི་བློར་འགྱུར་བ་སྡུག་བསྔལ་ཆུང་ངུར་གྱུར་པ་ཡང་གང་ཞིག་ཡིན། སྡུག་བསྔལ་ཆུང་ངུ་དེ་མ་སྐྱེས་པ་དང་འགགས་པ་ན་སྡུག་བསྔལ་མ་

ལུས་པ་དང་བྲལ་བའི་ཕྱིར་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་འགྱུར་ཏེ། འདོད་པའི་བདེ་བ་མངོན་སུམ་དུ་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཚོར་བ་ཆུང་ངུ་ལ་ནི་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་དང་ཤས་ཆེན་པོར་འཛིན་ལ། འབྲིང་ལ་ནི་མི་གསལ་བར་འཛིན་ཞེས་བྱ་བ་གང་ཡིན་པ་

འདི་ཡང་ཇི་ལྟར་རུང་། བསམ་གཏན་གསུམ་ན་བདེ་བ་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་ཆུང་ངུར་ཡང་འགྱུར་ལ། གང་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་འབྲིང་དུ་ཡང་འགྱུར་ཏེ། དེ་ལྟ་བས་ན་སྡུག་བསྔལ་ཆུང་ངུ་ལ་སོགས་པ་ལ་བདེ་བ་ལ་

སོགས་པའི་ཚོར་བ་རྣམ་པར་གཞག་ཏུ་མི་རུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་མིང་ཆེན་གལ་ཏེ་གཟུགས་གཅིག་ཏུ་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་བདེ་བ་ཡང་མེད། བདེ་བ་དང་རྗེས་སུ་འབྲེལ་པ་ཡང་མེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པས་དེའི་ཕྱིར་ཡང་བདེ་བ་ཅུང་ཟད་

ཅིག་ཡོད་དེ། རེ་ཞིག་དེ་ལྟ་ན་མདོ་ལས་བདེ་བའི་ཚོར་བ་མེད་པར་མི་འགྲུབ་བོ། །གང་ཡང་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་རོ་ཞེས་སྨྲས་པ། དེ་ཡང་རྒྱུ་ཡོངས་སུ་མ་ཤེས་པའི་ཕྱིར་སྨྲ་བར་ཟད་དེ། རྟེན་གྱི་ཁྱད་པར་ལ་ལྟོས་པའི་ཡུལ་བདེ་བའི་རྒྱུ་འམ། སྡུག་བསྔལ་གྱི་རྒྱུ་

ཡིན་གྱི་ཡུལ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལུས་ཀྱི་གནས་སྐབས་གང་ཞིག་དང་ཕྲད་ན་བདེ་བའི་རྒྱུ་ཡིན་པ་དེ་ནི་དེ་དང་ཕྲད་ན་མ་ཡིན་པ་ནི་ནམ་ཡང་མ་ཡིན་པས་བདེ་བའི་རྒྱུ་རྣམ་པར་གནས་པ་ཁོ་ན་ཡིན་ཏེ། དཔེར་ན་བཙོ་བར་བྱ་བའི་འབྱུང་བའི་ཁྱད་པར་ལ་ལྟོས་པའི་མེ་དེ་ཉིད་ཞིམ་པར་ཚོས་པའི་རྒྱུ་ཡང་

ཡིན་ཞིང་། དེ་ཉིད་མི་ཞིམ་པར་ཚོས་པའི་རྒྱུ་ཡང་ཡིན་ལ་བཙོ་བར་བྱ་བའི་འབྱུང་བའི་གནས་སྐབས་གང་དང་ཕྲད་ནས་ཞིམ་པར་ཚོས་པའི་རྒྱུ་ཡིན་པ་དེ་དང་ཕྲད་ནས་རྒྱུ་མ་ཡིན་པ་ནི་མ་ཡིན་པ་བཞིན་ཏེ་འདི་ནི་དཔེ་ཡིན་ནོ། །བསམ་གཏན་དག་ན་ཡང་བདེ་བའི་རྒྱུ་ཇི་ལྟར་རྣམ་པར་མི་གནས་པ་ཡིན། གང་ཡང་

เล่ม ๑๔๑ · หน้า 6b

གཉེན་པོ་ལ་བདེ་བའི་བློ་སྐྱེ་ཞེས་སྨྲས་པ་དེ་ལ་ཡང་གང་གི་ཚེ་དྲི་ལ་སོགས་པའི་ཁྱད་པར་ལས་སྐྱེས་པའི་བདེ་བ་མྱོང་བ་དེའི་ཚེ་གང་གིས་གཉེན་པོ་ལ་བདེ་བའི་བློར་འགྱུར། སྡུག་བསྔལ་དེ་མ་སྐྱེས་པ་དང་འགགས་ནས་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་ཡང་འགྱུར་རོ། །བསམ་གཏན་ལས་སྐྱེས་པའི་བདེ་བ་ལ་ཡང་གང་

གི་གཉེན་པོ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལན་བཤད་ཟིན་ཏོ། །ཁུར་སྦེད་པ་ལ་ཡང་ཇི་སྲིད་དུ་ལུས་ཀྱི་གནས་སྐབས་དེ་ལྟ་བུ་མེད་པར་མ་གྱུར་གྱི་བར་དུ་གནས་སྐབས་གཞན་ལས་སྐྱེས་པའི་བདེ་བ་ཁོ་ན་སྐྱེ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཕྱིས་བདེ་བའི་བློ་ཇེ་མང་དུ་སྐྱེ་བར་འགྱུར་ཏེ། ངལ་བའི་སྤྱོད་

ལམ་གྱི་རྣམ་པ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གལ་ཏེ་དང་པོ་ནས་རྩོམ་པ་ཞིག་མེད་ན་མཇུག་ཏུ་སྡུག་བསྔལ་གྱི་བློར་ག་ལ་འགྱུར་ཞེ་ན། ལུས་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། ཆང་ལ་སོགས་པ་མངར་བ་ལ་མཇུག་ཏུ་སྐྱུར་པོར་འགྱུར་བ་བཞིན་ནོ། །དེ་ལྟ་བས་ན་བདེ་བའི་

ཚོར་བ་ཡོད་པ་ཁོ་ནའོ་ཞེས་བྱ་བ་ཡང་གྲུབ་ལ། སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་ཡང་གྲུབ་པ་ཡིན་ནོ། །ཀུན་འབྱུང་གི་བདེན་པ་གང་ཡིན་པ་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མདོ་ལས་ཐལ་བ་ཡིན་ཏེ།

མདོ་ལས་ནི་སྲེད་པ་ཁོ་ན་ཡིན་པར་བཤད་དོ། །དེ་ནི་གཙོ་བོ་ཡིན་པའི་ཕྱིར་མདོ་ལས་བཤད་ཀྱི་གཞན་དག་ཀྱང་ཀུན་འབྱུང་ནི་ཡིན་ནོ། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གཞན་ལས་གཞན་ཡང་ཡིན་པར་གསུངས་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས། ལས་དང་སྲིད་པ་དང་

ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་གསུངས་ལ་ཡང་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ། འདི་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་ནོ། །སའི་ཁམས་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་ཀྱང་

གསུངས་ཏེ། དེ་ལྟ་བས་ན་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ལ། ཆོས་མངོན་པ་ལས་བསྟན་པ་ནི་མཚན་ཉིད་པ་ཡིན་ནོ། །གཞན་ཡང་མངོན་པར་འགྲུབ་པའི་རྒྱུ་བཀའ་སྩོལ་པ་ན་ནི་ཀུན་འབྱུང་གི་བདེན་པ་སྲེད་པ་ཁོ་ན་ཡིན་པར་གསུངས་ལ། སྐྱེ་བ་དང་མངོན་པར་འགྲུབ་པའི་རྒྱུ།

เล่ม ๑๔๑ · หน้า 7a

རྒྱུ་དང་བཅས་པར་བཀའ་སྩོལ་པ་ན་ནི་ཚིགས་སུ་བཅད་པ་ལས། ལས་དང་སྲེད་པ་དང་མ་རིག་པ་ཡིན་པར་གསུངས་ཏེ། མདོ་ལས། ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲིད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་མདོ་ལས་རྒྱུ་དང་བཅས།

རྐྱེན་དང་བཅས། གཞི་དང་བཅས་ཞེས་འབྱུང་བའི་རིམ་པར་བསྟན་པ་ཡིན་ནོ། །ས་བོན་དང་ཞིང་གི་དངོས་པོར་སྟོན་པར་མཛད་པས་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་གསུངས་སོ། །སྐྱེ་བ་ནི་གང་ཡིན། མངོན་པར་འགྲུབ་པ་ནི་གང་ཡིན་ཞེ་ན། ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་

སོགས་པའི་བྱེ་བྲག་གིས་ལུས་སྐྱེ་བ་ནི་སྐྱེ་བ་ཡིན་ལ། བྱེ་བྲག་མེད་པར་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ནི་མངོན་པར་འགྲུབ་པ་ཡིན་ནོ། །དེ་གཉིས་ཀྱི་རྒྱུ་ནི་གོ་རིམས་བཞིན་དུ་ལས་དང་སྲེད་པ་ཡིན་ཏེ། དཔེར་ན་ས་བོན་སཱ་ལུ་དང་ནས་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་མྱུ་གུ་སྐྱེ་

བའི་རྒྱུ་ཡིན་ལ། ཆུ་ནི་བྱེ་བྲག་མེད་པར་མྱུ་གུ་ཐམས་ཅད་སྐྱེ་བ་ཙམ་གྱི་རྒྱུ་ཡིན་པ་ལྟ་བུ་སྟེ་འདི་ནི་དཔེ་ཡིན་ནོ། །མངོན་པར་གྲུབ་པའི་རྒྱུ་སྲེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། སྲེད་པ་དང་བྲལ་བ་སྐྱེ་བ་མེད་པའི་ཕྱིར་ཏེ། སྲེད་པ་དང་བཅས་པ་དང་སྲེད་པ་དང་བྲལ་བ་གཉི་

ག་ཡང་འཆི་བ་ལས་སྲེད་པ་དག་ཁོ་ན་སྐྱེ་བར་སྣང་གི་སྲེད་པ་དང་བྲལ་བ་རྣམས་ནི་མ་ཡིན་པས་སྲེད་པ་མེད་ན་སྐྱེ་བ་མེད་པའི་ཕྱིར་སྲེད་པ་མངོན་པར་འགྲུབ་པར་བྱ་བ་ལ་སྲེད་པ་རྒྱུ་ཡིན་པར་ཤེས་སོ། །རྒྱུད་གཞོལ་བའི་ཡང་ཕྱིར་ཏེ། གང་ལ་སྲེད་པ་དང་བཅས་པ་དེར་སེམས་ཀྱི་རྒྱུད་ཡང་དང་ཡང་དུ་གཞོལ་བར་

མཐོང་བས། དེ་ལྟ་བས་ན་ཡང་སྲེད་པ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བར་ཤེས་སོ། །ཇི་ལྟར་སྲེད་པས་འདག་པའི་ཆ་ལ་སྲན་ཆུང་གི་ཕྱེ་མའི་ལྡེ་གུ་བསྐམས་པས་ལུས་བཟུང་བ་བཞིན་དུ་ལུས། ཀུན་དུ་བཟུང་བ་དེ་ལྟར་ནི་གང་གིས་ཀྱང་ལུས་ཀུན་དུ་མ་བཟུང་སྟེ། རྒྱུ་གཞན་ནི་ཇི་ལྟར་བདག་ལ་ཆགས་

པ་དེ་ལྟར་རྗེས་སུ་འབྲེལ་བ་མ་ཡིན་ཏེ། འདི་ནི་རིགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ཞེས་ཀྱང་གསུངས། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་བདེན་པ་གཉིས་ཞེས་ཀྱང་གསུངས་ལ། དེ་གཉིས་ཀྱི་མཚན་ཉིད་ཅི་ཞེ་ན། །གང་ལ་བཅོམ་དང་བློ་ཡིས་གཞན། །

เล่ม ๑๔๑ · หน้า 7b

བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་ནི་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ། །གང་ལ་བློས་ཆོས་གཞན་བསལ་ན་དེའི་བློ་

མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་ཆུ་ལྟ་བུའོ། །དེ་ལ་ནི་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན། ཆུའི་བློ་མི་འཇུག་གོ། །དེ་དག་ཁོ་ན་ལ་ཀུན་རྫོབ་ཏུ་དེའི་མིང་དུ་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ་ཞེས་བརྗོད་པ་

ནི་བདེན་པ་ཁོ་ན་སྨྲས་པ་ཡིན་གྱི། བརྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་

གཟུགས་ལྟ་བུའོ། །དེ་ལ་རྡུལ་ཕྲ་བར་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་བསལ་ཀྱང་རུང་གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ། ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱའོ། །སྔོན་གྱི་སློབ་

དཔོན་རྣམས་ན་རེ། ཇི་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པའམ། དེའི་རྗེས་ལ་ཐོབ་པ་འཇིག་རྟེན་པས་འཛིན་པ་དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཇི་ལྟར་གཞན་གྱིས་འཛིན་པ་དེ་ལྟར་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་ཟེར་རོ། །བདེན་པ་རྣམས་བཤད་ཟིན་ཏོ། །ཇི་ལྟར་

ན་དེ་དག་མཐོང་བར་འགྱུར་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་དང་པོ་འཇུག་པ་ལས་བརྩམས་ཏེ་བརྗོད་པར་བྱའོ། །ཚུལ་གནས་ཐོས་དང་བསམ་གཏན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བདེན་པ་རྣམས་མཐོང་བར་འདོད་པ་ནི་དང་པོ་ཁོ་ནར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །དེའི་འོག་ཏུ་བདེན་པ་

མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ། དོན་ཉན་པར་བྱེད་དོ། །ཐོས་ནས་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །བསམས་ནས་ཏིང་ངེ་འཛིན་སྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསམ་པ་ལས་བྱུང་བ་སྐྱེའོ། །བསམ་པ་ལས་བྱུང་བ་ལ་

เล่ม ๑๔๑ · หน้า 8a

བརྟེན་ནས་བསྒོམ་པ་ལས་བྱུང་བ་སྐྱེའོ། །ཤེས་རབ་འདི་དག་གི་མཚན་ཉིད་ཅི་ཞེ་ན། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉི་ག་དོན་ཡུལ་ཅན། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་མིང་ལ་དམིགས་པ་ཡིན་ལ། བསམ་པ་ལས་

བྱུང་བ་ནི་མིང་དང་དོན་ལ་དམིགས་པ་ཡིན་ཏེ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་དོ། །བསྒོམ་པ་ལས་བྱུང་བ་ནི་དོན་ལ་དམིགས་པ་ཁོ་ན་ཡིན་ཏེ། དེ་ནི་ཡི་གེ་ལ་མི་ལྟོས་པར་དོན་ལ་འཇུག་གོ། །དཔེར་ན་སྟོང་རྐྱལ་ལེགས་པར་མ་ལོབས་པ་ཆུའི་ནང་དུ་འཇུ་བར་བྱ་བ་མི་གཏོང་བ་ཁོ་ན་ཡིན་

ལ། ཅུང་ཟད་ལོབས་པ་ནི་རེས་འགའ་ནི་གཏོང་རེས་འགའ་ནི་འཇུ་བར་བྱེད་དོ། །ལེགས་པར་ལོབས་པ་ནི་འཇུ་བར་བྱ་བ་ལ་མི་ལྟོས་པར་རྒལ་བ་ལྟ་བུ་སྟེ་འདི་ནི་དཔེ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །གཞན་དག་ན་རེ་རྟོག་པ་འདི་ལ་ནི་མིང་ལ་དམིགས་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་

ཡིན་པར་འགྱུར་ལ། དོན་ལ་དམིགས་པ་གང་ཡིན་པ་དེ་ནི་བསྒོམ་པ་ལས་བྱུང་བ་ཡིན་པར་འགྱུར་བས་བསམ་པ་ལས་བྱུང་བའི་ཤེས་རབ་འགྲུབ་པར་མི་འགྱུར་གྱི། ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཡིད་ཆེས་པའི་ལུང་ཚད་མ་ཉིད་ལས་སྐྱེས་པའི་ངེས་པ་ཡིན་ནོ། །བསམ་པ་ལས་བྱུང་བ་ནི་

རིགས་པས་ངེས་པར་བརྟགས་པ་ལ་སྐྱེས་པ་ཡིན་ནོ། །བསྒོམ་པ་ལས་བྱུང་བའི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འདི་དག་གི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པར་སྣང་ངོ་ཞེས་ཟེར་རོ། །དེ་ལྟར་བསྒོམ་པ་ལ་རབ་ཏུ་བརྩོན་པ་དེ་ཇི་ལྟར་ན་སྒོམ་པ་རྫོགས་པར་འགྱུར་ཞེ་ན། བསྲིངས་གཉིས་ལྡན་

ཞེས་བྱ་བ་སྨོས་ཏེ། གལ་ཏེ་འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པའི་ཕྱིར་ལུས་དང་སེམས་དག་གིས་བསྲིངས་པ་ཡིན་ན་རྫོགས་པར་འགྱུར་རོ། །འོ་ན་བསྲིངས་པ་དེ་གཉིས་སུ་ལ་སླ་ཞེ་ན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་ལ་སླའི། ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་

ལ་མ་ཡིན་ནོ། །ཆོག་མི་ཤེས་པ་འདི་ནི་གང་ཞིག་ཡིན་ནོ། །འདོད་ཆེན་ཅན་ནི་གང་ཞིག་ཡིན་ཞེ་ན། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཆོས་མངོན་པ་པ་རྣམས་ན་རེ་ཆོས་གོས་ལ་སོགས་པ་གྱ་ནོམ་པ་རྙེད་པ་ལ་ཡང་དང་ཡང་དུ་འདོད་པ་ནི་ཆོག་མི་ཤེས་པ་

เล่ม ๑๔๑ · หน้า 8b

ཡིན་ལ། མ་རྙེད་པ་དག་ལ་དེ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །ཡང་དང་ཡང་དུ་འདོད་པ་དེ་ཡང་མ་རྙེད་པ་ཁོ་ན་ལ་ཡིན་གྱི་རྙེད་པ་ལ་ནི་མ་ཡིན་པ་མ་ཡིན་ནམ། འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དེ་འདི་ནི་བརྗོད་པར་བྱ་དགོས་སོ། །འདི་ལྟར་ནི་རུང་སྟེ། གྱ་ནོམ་

པ་མ་ཡིན་པ་དང་། མང་པོ་མ་ཡིན་པ་རྙེད་པས་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པ་ཡིན་ནོ། །གྱ་ནོམ་པ་དང་མང་པོ་མ་རྙེད་པས་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ། །བཟློག་པ་དེ་ཡི་གཉེན་པོ་དག །ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་ལས་བཟློག་པ་ནི་དེ་དག་གི་གཉེན་པོ་ཆོག་ཤེས་པ་དང་། འདོད་

ཆེན་ཆུང་བ་ཡིན་པར་རིག་པར་བྱའོ། །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །དེའི་གཉེན་པོ་ཞེས་བྱ་བར་སྦྱར་ཏེ། ཁམས་གསུམ་པ་དག་དང་། མི་ལྡན་པ་དག་ཀྱང་ཡིན་ནོ། ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་ནི་འདོད་པ་ན་སྤྱོད་པ་དག་ཁོ་ན་ཡིན་ནོ། །འདོད་ཆེན་ཆུང་བ་དང་

ཆོག་ཤེས་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞེ་ན། མ་ཆགས་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་མ་ཆགས་པའི་རང་བཞིན་དག་ཡིན་ནོ། །འཕགས་རིགས་མ་ཆགས་པ་ཞེས་བྱ་བར་སྦྱར་ཏེ། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞི་སྟེ། དེ་དག་ཀྱང་མ་ཆགས་པའི་རང་

བཞིན་ནོ། །དེ་དག་ལས་གསུམ་ནི་ཆོག་ཤེས་བདག་ཉིད་དོ། །དང་པོ་གསུམ་པོ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་སྟན་གྱིས་ཆོག་ཤེས་པ་རྣམས་ནི་ཆོག་ཤེས་པའི་རང་བཞིན་དག་ཡིན་ནོ། །འཕགས་པའི་རིགས་བཞི་པ་ནི་སྤོང་བ་དང་བསྒོམ་པ་དག་ལ་དགའ་བ་ཉིད་ཡིན་

ནོ། །ཇི་ལྟར་ན་མ་ཆགས་པའི་རང་བཞིན་ཡིན་ཞེ་ན། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཅེ་ན། གསུམ་གྱིས་ཚུལ་བསྟན་ཐམས་ཅད་ལས། །ཆོས་ཀྱི་རྗེ་བཅོམ་ལྡན་འདས་

ཀྱིས། རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བར་ཁས་འཆེ་བའི་སློབ་མ་རྣམས་ལ་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་གསུམ་གྱིས་ནི་ཚུལ་བཅས་སོ། །བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་

เล่ม ๑๔๑ · หน้า 9a

མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །ཅིའི་ཕྱིར་ཚུལ་འདི་ལྟ་བུ་དང་། ལས་འདི་ལྟ་བུ་བཅས་ཤེ་ན། སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། མདོ་ལས་སྲེད་པ་སྐྱེ་བ་བཞི་གསུངས་ཏེ། དགེ་སློང་སྲེད་པ་སྐྱེ་བ་ན་ཆོས་གོས་ཀྱི་ཕྱིར་དང་། བསོད་སྙོམས་ཀྱི་ཕྱིར་

དང་། མལ་ཆ་དང་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ། །དགེ་སློང་སྲེད་པ་སྐྱེ་བ་ན་འབྱུང་བ་དང་འཇིག་པ་དེ་ལྟ་བུའི་ཕྱིར་སྐྱེའོ་ཞེས་རྒྱས་པར་གསུངས་ཏེ། དེ་དག་གི་གཉེན་པོར་འཕགས་པའི་རིགས་བཞི་བསྟན་ཏོ། །བདག་གི་བདག་འཛིན་དངོས་

འདོད་པ། །དེ་ཡི་དུས་དང་གཏན་ཞི་ཕྱིར། །དོན་དེ་ཉིད་རྣམ་གྲངས་ཀྱིས་སྟོན་པ་སྟེ། བདག་གིར་འཛིན་པའི་དངོས་པོ་ནི་ཆོས་གོས་ལ་སོགས་པའོ། །བདག་ཏུ་འཛིན་པའི་དངོས་པོ་ནི་ལུས་སོ། །དེ་དག་ལ་འདོད་པ་ནི་སྲེད་པའོ། །དེ་ལ་འཕགས་པའི་རིགས་གསུམ་ནི་བདག་གིར་

འཛིན་པའི་དངོས་པོ་འདོད་པ་དེའི་དུས་སུ་ཞི་བར་བྱེད་པ་ཡིན་ནོ། །བཞི་པ་ནི་གཉི་ག་འདོད་པ་གཏན་དུ་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟ་བུའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་འདི་ནི་བཤད་ཟིན་ཏོ། །དེ་ལྟར་སྣོད་དུ་གྱུར་པ་དེ་ཇི་ལྟར་ན་བསྒོམ་པ་དེ་ལ་འཇུག་པ་ཡིན་ཞེ་ན། དེ་ལ་

འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །དྲན་པ་ཉིད་དྲན་པ་ཡིན་ནོ། །གང་དག་ནི་མི་སྡུག་པས་འཇུག །གང་དག་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པས་འཇུག་ཅེ་ན། གོ་རིམས་བཞིན་དུ། འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །འདི་དག་ལ་འདོད་

ཆགས་དང་རྣམ་པར་རྟོག་པ་ལྷག་པ་ཡོད་པས། འདི་དག་ནི་འདོད་ཆགས་དང་རྣམ་པར་རྟོག་པ་ལྷག་པ་དག་སྟེ། གང་ཞིག་འདོད་ཆགས་ཉེ་བ་དང་ཤིན་ཏུ་སྤྱད་པ་དེ་ནི་མི་སྡུག་པས་འཇུག་གོ། །གང་ཞིག་རྣམ་པར་རྟོག་པ་སྤྱད་པ་དེ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པས་འཇུག་གོ། །

ཁ་ཅིག་ན་རེ་འདི་ནི་སྣ་ཚོགས་ལ་མི་དམིགས་པའི་ཕྱིར་རྣམ་པར་རྟོག་པ་གཅོད་པར་བྱེད་པ་ཡིན་གྱི། མི་སྡུག་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་འདྲེན་པར་བྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་ཁ་ཕྱིར་མ་བལྟས་པའི་ཕྱིར་ཏེ། མི་སྡུག་པ་ནི་མིག་གི་རྣམ་

เล่ม ๑๔๑ · หน้า 9b

པར་ཤེས་པ་བཞིན་དུ་ཁ་ཕྱིར་བལྟས་པ་ཡིན་ཏེ། དེའི་ཡུལ་ལ་ཉེ་བར་རྟོག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་འདོད་ཆགས་ནི་རྣམ་པ་བཞི་སྟེ། ཁ་དོག་གི་འདོད་ཆགས་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། བསྙེན་བཀུར་གྱི་འདོད་ཆགས་སོ། །དང་

པོའི་གཉེན་པོར་ནི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་པའི་མི་སྡུག་པ་རྗོད་པར་བྱེད་དོ། །གཉིས་པའི་ནི་རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་ལ་དམིགས་པའོ། །གསུམ་པའི་ནི་རྣམ་པར་འབུས་གཞིགས་པ་དང་། རྒྱུས་པས་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་ལ་

དམིགས་པའོ། །བཞི་པའི་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའོ། །བྱེ་བྲག་མེད་པར་ནི། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །ཤིས་ཏེ། རུས་པའི་ཀེང་རུས་ལ་ནི་ཆགས་པའི་གཞི་རྣམ་པ་བཞི་པོ་འདི་དག་ཐམས་ཅད་མེད་དོ། །མོས་པ་དང་ཉི་ཚེ་བ་ཡིད་ལ་བྱེད་པ་ཡིན་པའི་

ཕྱིར་མི་སྡུག་པས་ཉོན་མོངས་པ་སྤོང་བ་ནི་མ་ཡིན་གྱི་རྣམ་པར་གནོན་པ་ནི་ཡིན་ནོ། །མི་སྡུག་པ་བསྒོམ་པའི་རྣལ་འབྱོར་སྤྱོད་པ་དེ་ནི་རྣམ་པ་གསུམ་དུ་བརྗོད་དེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ་རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །མི་སྡུག་པ་

བསྒོམ་པར་འདོད་པའི་རྣལ་འབྱོར་སྤྱོད་པ་ནི་དང་པོ་ཉིད་དུ་རང་གི་ལུས་ཀྱི་ཡན་ལག་རྐང་པའི་མཐེ་བོའམ། དཔྲལ་བའི་དབྱེས་སམ། ཡང་ན་དེ་གར་དགའ་བར་སེམས་གཏོད་པར་བྱེད་ཅིང་། དེས་དེར་ཤ་མྱགས་ཤིང་ཟག་པར་མོས་པས་རིམ་གྱིས་རུས་པ་རྣམ་པར་སྦྱོང་བར་བྱེད་པ་ན་ཐམས་ཅད་རུས་པའི་

ཀེང་རུས་སུ་ལྟ་ཞིང་། དེ་བཞིན་དུ་མོས་པ་བསྐྱེད་པའི་ཕྱིར་གཉིས་པ་ལ་མོས་པར་བྱེད་པ་ནས་གཙུག་ལག་ཁང་དང་། ཀུན་དགའི་ར་བ་དང་། གྲོང་དང་། ཞིང་དང་རིམ་གྱིས་རྒྱ་མཚོའི་མཐས་ཀླས་པའི་བར་གྱི་ས་གཞི་རུས་པའི་ཀེང་རུས་ཀྱིས་གང་བར་མོས་པར་བྱེད་དོ། །ཡང་སྡུད་པ་ན་སེམས་

བསྡུ་བའི་ཕྱིར་བདག་གཅིག་པུ་ཁོ་ན་ལ་རུས་པའི་ཀེང་རུས་སུ་མོས་པའི་བར་དུ་སྡུད་དེ། འདི་ཙམ་གྱིས་ན་མི་སྡུག་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་གྲག་སྟེ། འདི་ནི་ལས་དང་པོ་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །རྐང་རུས་ནས་ནི་ཐོད་ཕྱེད་པར། །བཏང་བས་སྦྱང་བ་བྱས་པར་བཤད། །དེ་

เล่ม ๑๔๑ · หน้า 10a

སེམས་བསྡུ་བ་ཁྱད་པར་ཅན་དུ་བྱ་བའི་ཕྱིར་རུས་པའི་ཀེང་རུས་དེ་ལས་རྐང་པའི་རུས་པ་རྣམས་བོར་ནས་ལྷག་མ་ཡིད་ལ་བྱེད་ཅིང་། དེ་བཞིན་དུ་ཐོད་པའི་བྱེད་བོར་ནས་ཐོད་པ་ཕྱེད་ཀྱི་བར་ཡིད་ལ་བྱེད་པ་འདི་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །སྨིན་མའི་བར་དུ་སེམས་འཛིན་

པས། ཡིད་ལ་བྱེད་པ་རྫོགས་པ་ཡིན། དེ་ཐོད་པའི་ཕྱེད་ཀྱང་བོར་ནས་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པར་བྱེད་པ་འདི་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ་ཞེས་གྲག་གོ། །དམིགས་པ་ཆུང་བས་ཆུང་ལ་དབང་ཆུང་བས་མ་ཡིན་པས་ཡང་མི་སྡུག་པ་ཡང་ཡོད་དེ་ཞེས་

བྱ་བ་མུ་བཞི་སྟེ། ཡིད་ལ་བྱེད་པ་སྦྱང་བ་བྱས་པ་དང་། སྦྱང་བ་མ་བྱས་པ་དག་དང་། ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པ་དང་། སྦྱང་བ་བྱས་པ་དག་རང་གི་ལུས་དང་རྒྱ་མཚོའི་མཐའ་ཀླས་པ་ལ་དམིགས་པའི་ཕྱིར་རོ། །ཡང་མི་སྡུག་པ་འདིའི་རང་བཞིན་ཅི་ཞིག་ཡིན། ས་ནི་དུ་ཞིག་ཡིན། དམིགས་

པ་ནི་ཅི་ཞིག་ཡིན། གང་དུ་སྐྱེད་པར་བྱེད་ཅེ་ན། གོ་རིམས་བཞིན་དུ། མི་སྡུག་མ་ཆགས་ས་བཅུ་དང་། དམིགས་པ་འདོད་སྣང་མིས་སྐྱེད་དོ། །རང་བཞིན་ནི་མ་ཆགས་པའོ། །ས་ནི་བཅུ་པ་སྟེ། བསམ་གཏན་བཞི་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་དང་། འདོད་པའི་

ཁམས་ན་ཡོད་དོ། །དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྣང་བ་ཡིན་ནོ། །སྣང་བ་ཞེས་བྱ་བ་ཅི་ཞེ་ན། ཁ་དོག་དང་། དབྱིབས་ཏེ། དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པ་ཞེས་བྱ་བར་གྲུབ་བོ། །མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་འགྲོ་བ་གཞན་དུ་ཡང་མ་ཡིན་ན་ཁམས་གཞན་དུ་ལྟ་

སྨོས་ཀྱང་ཅི་དགོས། དེར་ཡང་བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ། །མི་ཉིད་ཀྱིས་མི་སྡུག་པའི་རྣམ་པ་ཞེས་བྱ་བར་གྲུབ་པོ། །དུས་གང་ཡིན་པ་དེའི་དུས་ལ་དམིགས་སོ། །མི་སྐྱེ་བའི་ཆོས་ཅན་གྱི་ཡུལ་ནི་དུས་གསུམ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ། །འདྲིས་

པ་དང་མ་འདྲིས་པ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་ཡིན་ནོ། །མི་སྡུག་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་བཅས་ཏེ་བཤད་ཟིན་ཏོ། །དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། །འདོད་རྟེན། དབུགས་རྔུབ་པ་ནི་དབུགས་རྔུབ་པ་སྟེ་རླུང་

เล่ม ๑๔๑ · หน้า 10b

འཇུག་པ་གང་ཡིན་པའོ། །དབུགས་འབྱུང་བ་ནི་དབུགས་འབྱིན་པ་སྟེ་རླུང་འབྱུང་བ་གང་ཡིན་པའོ། །དེ་གཉིས་དྲན་པ་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་སྟེ། དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །དྲན་པ་ཞེས་སྨོས་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དེའི་སྟོབས་བསྐྱེད་པས་འཇུག་པའི་

ཕྱིར་རོ། །ས་ལྔ་པོ་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་ན་ཡོད་དོ། །བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་དག་ནི་རྣམ་པར་རྟོག་པ་དང་མཐུན་པའི་ཕྱིར་དེའི་གཉེན་པོ་ནི་དེ་དག་དང་མཚུངས་པར་མི་ལྡན་

ནོ། །བདེ་བ་དང་ཡིད་བདེ་བ་དག་ཀྱང་གཏོད་པ་ལ་བར་ཆད་བྱེད་པའི་ཕྱིར་ལ། དེ་ཡང་གཏད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་གྲག་གོ། །གང་དག་བསམ་གཏན་དངོས་གཞི་དག་ན་ཡང་སྙོམས་པར་ཞུགས་པ་ལ་བཏང་སྙོམས་ཀྱི་དབང་པོ་ཡོད་པར་འདོད་པ་དེ་དག་གི་ལྟར་

ན་ས་བརྒྱད་པ་ཡིན་ནོ། །ཡན་ཆད་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ས་མ་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་ནི་རླུང་ཡིན་ནོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ནོ། །ལྷ་དང་མི་དག་གི་ནང་ནས་སྐྱེད་དོ། །སྦྱོར་བ་ལས་བྱུང་བ་དང་། འདོད་ཆགས་དང་བྲལ་བས་

ཐོབ་པ་ཡིན་ནོ། །འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་ནོ། །ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི། ཕྱི་པའི་མ་ཡིན་ནོ། །ལུང་མེད་པའི་ཕྱིར་དང་། བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ། །དེ་ཡང་བགྲང་བ་ལ་སོགས་པ་རྣམ་པ་དྲུག །དེ་ནི་བགྲང་བ་དང་རྗེས་སུ་འགྲོ་

བ་དང་། འཇོག་པ་དང་། ཉེ་བར་རྟོགས་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་སྟེ། རྒྱུ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བ་ཞེས་བྱ་བའི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་རྣལ་དུ་

གཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པ་དང་རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང་ཉུང་ངུར་ནི་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་ཡོད་དེ། གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲང་

เล่ม ๑๔๑ · หน้า 11a

བའི་སྐྱོན་ནོ། །གལ་ཏེ་གཅིག་ལ་གཉིས་སུ་འཛིན་ན་ལྷག་པར་བགྲང་བའི་སྐྱོན་ནོ། །གལ་ཏེ་དབུགས་རྔུབ་པ་ལ་དབུགས་འབྱིན་པར་འཛིན་ཏམ། དབུགས་འབྱིན་པ་ལ་དབུགས་རྔུབ་པར་འཛིན་ན་འཆོལ་བར་བགྲང་བའི་སྐྱོན་ནོ། །དེ་ལས་གཞན་པ་ནི་ཡང་དག་པའི་

བགྲང་བ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེང་ན་ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་འདི་དག་ཐག་ནི་ཇི་སྲིད་གཅིག་ཏུ་འབྱུང་ཞིང་འཇུག །ཅི་འདི་དག་ལུས་ཐམས་ཅད་ལ་ཁྱབ་པ་དག་ཅིག་གམ། ཕྱོགས་

འགའ་ཞིག་ན་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་དབུགས་འབྱུང་བའི་འགྲོས་ཀྱིས་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ།

འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ་། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། འདི་ནི་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ། །འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་

རྐང་པའི་མཐེ་བོང་གི་བར་དུ་གནས་པར་ལྟ་ཞིང་། ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ། དྲོ་བ་དག་ཅིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི་འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་དག་ལས་

མངོན་པར་གྲུབ་པ་རྒྱུར་བྱས་པའི་གཟུགས་དང་། དེ་དག་ལ་བརྟེན་པ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ལ་ཉེ་བར་རྟོག་པར་བྱེད་པའོ། །བསྒྱུར་བ་ཞེས་བྱ་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་

པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་བསྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །

เล่ม ๑๔๑ · หน้า 11b

བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡང་དག་རྣམ་པ་དྲུག་ཏུ་འདོད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་ལ། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །འདི་གཉིས་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ལུས་ས་པ་གང་ཡིན་པ་དེའི་ས་པ་

དག་ཡིན་པར་རིག་པར་བྱའོ། །དབུགས་རྔུབ་པ་དང་དབུགས་འབྱུང་བ་ནི་གཟུགས་མེད་པ་དང་། ནུར་ནུར་པོ་ལ་སོགས་པར་གྱུར་པ་རྣམས་དང་། སེམས་མེད་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་མེད་པའི་ཕྱིར་ལུས་དང་སེམས་ཁྱད་པར་ཅན་ལ་བརྟེན་

ནས་འཇུག་པ་ཡིན་ཏེ། གལ་ཏེ་ལུས་ཀྱང་སྦུབས་ཡོད་པ་ཡིན་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་པའི་ས་པའི་སེམས་ཀྱང་མངོན་སུམ་དུ་གྱུར་ན་དེ་ལྟ་ན་འཇུག་གོ། །སྐྱེ་བ་དང་། བསམ་གཏན་བཞི་པ་ལས་ལྡང་བ་ལ་ནི་འཇུག་ལ། འཆི་བ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་

འཇུག་པ་ལ་ནི་འབྱུང་ངོ་། །དབུགས་རྔུབ་པ་དང་དབུགས་འབྱུང་བ་འདི་གཉིས་ནི། སེམས་ཅན་ཞེས་བྱ། སེམས་ཅན་དུ་མི་བགྲང་བ་དག་ནི་མ་ཡིན་ནོ། །མ་ཟིན་པའོ། །དབང་པོ་དང་ཐ་དད་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་། ལུས་རྒྱས་པས་འགྲིབ་པར་འགྱུར་བའི་ཕྱིར་དང་། ཆད་

ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྒྱས་པ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་པར་སྨིན་པའི་གཟུགས་ལ་ནི་དེ་ལྟ་བུ་མེད་དོ། །འོག་མ་ཡི། ཡིད་ཀྱིས་དེ་གཉིས་མི་རྟོགས་སོ། །དེ་གཉིས་ནི་རང་གི་ས་པ་དང་ས་གོང་མ་པའི་སེམས་ཀྱིས་རྟོགས་ཀྱི།

འོག་མ་པ་སྤྱོད་ལམ་པ་དང་སྤྲུལ་པའི་སེམས་ཀྱིས་མི་རྟོགས་སོ། །འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ། །དེ་གཉིས་ཀྱི་ཏིང་ངེ་འཛིན་ཐོབ་ནས། ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། །ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཇི་ལྟར་བྱ་ཞེ་ན། ལུས་

ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་དང་། ཚོར་བ་དང་། སེམས་དང་ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་དག་ཏུ་ཡོངས་སུ་བརྟགས་པ་སྟེ། དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་

เล่ม ๑๔๑ · หน้า 12a

རྣམས་ནི་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་དང་། བདག་མེད་པ་ཉིད་དག་གོ། །ལུས་ཀྱི་རང་གི་ངོ་བོ་ཅི་ཞེ་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ། །གསུམ་ལས་གཞན་པ་དག་ནི་ཆོས་སོ། །

མཉམ་པར་གཞག་པས་ལུས་ལ་རྡུལ་ཕྲ་རབ་དང་སྐད་ཅིག་མར་མཐོང་བས་ལུས་དྲན་པ་ཉེ་བར་གཞག་པ་གྲུབ་པ་ཡིན་ནོ། ཞེས་གྲག་གོ། །ཡང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་གསུམ་སྟེ། རང་བཞིན་དང་། འབྲེལ་པ་དང་།

དམིགས་པའི་དྲན་པ་ཉེ་བར་གཞག་པའོ། །དེ་ལ་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ནི། ཤེས་རབ་བོ། །ཤེས་རབ་ཇི་ལྟ་བུ་ཞིག་ཅེ་ན། ཐོས་སོགས་ལས་བྱུང་བའོ། །ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའོ། །དྲན་པ་ཉེ་བར་གཞག་པ་

དག་ཀྱང་རྣམ་པ་གསུམ་སྟེ། ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལས་བྱུང་བ་དག་གོ། །གཞན་ནི་འབྲེལ་དང་དམིགས་པ་ལས། །གཞན་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་དག་གི་དམིགས་པ་ནི་དམིགས་པའི་དྲན་པ་ཉེ་བར་

གཞག་པའོ། །རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ཤེས་རབ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་དྲན་པ་ཉེ་བར་གཞག་པའོ་ཞེས་འབྱུང་བའི་ཕྱིར་རོ། །རྗེས་སུ་ལྟ་བ་ཞེས་བྱ་བ་ཅི་ཞེ་ན། ཤེས་རབ་སྟེ། དེས་དེ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་དོ། །འདི་ལྟར་ནང་གི་ལུས་ལ་

ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་ཀྱང་གསུངས་ཏེ། འདི་ལ་རྗེས་སུ་ལྟ་བ་སྟེ་ལྟ་བ་ཡོད་པས་ན་རྗེས་སུ་ལྟ་བའོ། །ལུས་ལ་རྗེས་སུ་ལྟ་བ་ནི་ལུས་ཀྱི་རྗེས་སུ་ལྟ་བའོ། །ཅིའི་ཕྱིར་ཤེས་རབ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དྲན་པ་ཤས་ཆེ་བའི་ཕྱིར་ཏེ།

ཤིང་གཤེགས་པའི་ཁྱེའུ་དག་གིས་འཛིན་པ་ལྟར་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །འདི་ལྟར་ནི་རུང་སྟེ། འདིས་དྲན་པ་ཉེ་བར་འཇོག་པས་ན་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་ཡིན་ཏེ། ཇི་ལྟར་མཐོང་བ་མངོན་པར་བརྗོད་པའི་ཕྱིར་རོ། །འདི་ལྟར་

เล่ม ๑๔๑ · หน้า 12b

ཚེ་དང་ལྡན་པ་མ་འགགས་པས་ཀྱང་། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེའི་ལུས་ལ་དམིགས་པའི་དྲན་པ་གནས་པ་ཡང་དག་པར་གནས་ཞེས་རྒྱས་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེའི་དྲན་པ་ཉེ་བར་གནས་ཤིང་ཀུན་ཏུ་མི་རྨོངས་པ་ཡིན་

ཞེས་གསུངས་སོ། །གང་ལས་དགེ་སློང་དག་ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་ཀུན་འབྱུང་བ་དང་། ནུབ་པ་ཡིན་ཞེ་ན། ཟས་ཀུན་འབྱུང་བས་ནི་ལུས་ཀུན་འབྱུང་བ་ཡིན་ལ། ཟས་འགགས་པས་ནི་ལུས་ནུབ་པ་ཡིན་ནོ་ཞེས་གསུངས་པ་དེ་ལས་ནི་དམིགས་པ་ཁོ་ན་དྲན་པ་ཉེ་བར་གཞག་

པར་གསུངས་པ་ཡིན་ཏེ། འདི་ལ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །འདི་དག་གི་མིང་ནི་དམིགས་པ་ཇི་ལྟ་བ་བཞིན་ནོ། །འདི་དག་རང་དང་གཞན་དང་གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་རེ་རེ་ཞིང་རྣམ་པ་གསུམ་གསུམ་ཡིན་ནོ། །རིམ་ནི་ཇི་ལྟར་སྐྱེ་བ་བཞིན་ཅིའི་ཕྱིར་དེ་ལྟར་སྐྱེ་

ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྔར་རགས་པ་མཐོང་བའི་ཕྱིར་རོ། །ཡང་ན་འདི་ལྟར་འདོད་པ་ལ་འདོད་ཆགས་པའི་རྟེན་ནི་ལུས་ཡིན་ལ། དེ་ཡང་ཚོར་བ་མངོན་པར་འདོད་པའི་ཕྱིར་རོ། །དེ་ཡང་སེམས་མ་ཞི་བའི་ཕྱིར་རོ། །དེ་ཡང་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ་ཞེས་ཟེར་

རོ། །ཕྱིན་ཅི་ལོག་གི་གཉེན་པོར་བཞི། །གཙང་བ་དང་བདེ་བ་དང་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་རྣམ་པ་བཞིའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་གོ་རིམས་བཞིན་དུ་བསྟན་ཏེ་མི་མང་མི་ཉུང་ངོ་། །དེ་དག་ལས་གསུམ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །བཞི་པ་ནི་གཉི་

ག་ཡིན་ཏེ། གལ་ཏེ་ཆོས་ཁོ་ན་ལ་ལྟ་ན་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །འོན་ཏེ་ལུས་ལ་སོགས་པ་གཉིས་སམ་གསུམ་མམ་བཞི་པོ་སྤྱི་ལ་ལྟ་ན་འདྲེས་པ་ལ་དམིགས་པ་ཡིན་ནོ། །དེ་ལྟར་ལུས་ལ་སོགས་པ་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱས་

ནས། དེ་ནི་ཆོས་དྲན་ཉེ་གཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །ཆོས་དྲན་པ་ཉེ་བར་གཞག་པར་འདྲེས་པ་ལ་དམིགས་པ་ལ་གནས་ཏེ། ལུས་ལ་སོགས་པ་དེ་དག་ཐམས་ཅད་སྤྱིར་བསྡུས་ཏེ། མི་རྟག་པ་དང་། སྡུག་བསྔལ་

เล่ม ๑๔๑ · หน้า 13a

བ་དང་། སྟོང་པ་དང་བདག་མེད་པ་དང་། རྣམ་པ་བཞིར་ལྟའོ། །དེ་ལས་དྲོ་བར་གྱུར་པ་འབྱུང་། །ཆོས་དྲན་པ་ཉེ་བར་གཞག་པ་ལ་དེ་ལྟར་གོམས་པ་ལས་རིམ་གྱིས་དགེ་བའི་རྩ་བ་དྲོ་བར་གྱུར་པ་ཞེས་བྱ་བ་སྐྱེའོ། །དྲོ་བར་གྱུར་པ་དང་འདྲ་བས་ན་དྲོ་བར་གྱུར་པ་སྟེ། ཉོན་མོངས་

པའི་བུད་ཤིང་སྲེག་པར་བྱེད་པ་འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་རོ། །དེ་ནི་བདེན་བཞི་སྤྱོད་ཡུལ་ཅན། །དྲོ་བར་གྱུར་པ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་བདེན་པ་བཞི་ལ་དམིགས་པ་ཡིན་ནོ། །རྣམ་པ་བཅུ་དྲུག །སྡུག་བསྔལ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་།

སྟོང་པ་དང་། བདག་མེད་པ་དང་། རྣམ་པ་བཞིར་ལྟའོ། །ཀུན་འབྱུང་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དང་རྣམ་པ་བཞིར་ལྟའོ། །འགོག་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་དང་རྣམ་པ་བཞིར་ལྟའོ། །ལམ་ལ་ལམ་དང་།

རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་དང་རྣམ་པ་བཞིར་ལྟ་སྟེ་འདི་དག་གི་བྱེ་བྲག་ནི། འོག་ནས་བཤད་པར་བྱའོ། །དྲོ་བ་ལས། རྩེ་མོ། །དྲོ་བ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་མངོན་པར་འཕེལ་བ་ལས་རྩེ་མོ་དག་ཀྱང་སྐྱེ་སྟེ། དེ་ཡང་དེ་དང་འདྲ། ཇི་ལྟར་དྲོ་བར་གྱུར་པ་

རྣམས་བདེན་པ་བཞི་ལ་དམིགས་པ་དང་། རྣམ་པ་བཅུ་དྲུག་ཡིན་པ་བཞིན་ཏེ། ཆེས་མཆོག་ཏུ་གྱུར་པའི་ཕྱིར་ན་མིང་གཞན་དུ་བཏགས་སོ། །དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ་རྣམས་ཏེ། དེ་དག་ལས་ལྟུང་བའམ་འདའ་བར་འགྱུར་བའི་ཕྱིར་རོ། །གཉི་ག་ཆོས་ཀྱི་རྣམ་

པ་གཏོད། །དྲོ་བར་གྱུར་པ་དང་རྩེ་མོ་གཉིས་ཀ་ཆོས་དྲན་པ་ཉེ་བར་གཞག་པས་རྣམ་པ་གཏོད་པར་བྱེད་དོ། །རྣམ་པ་གཏོད་ཅེས་བྱ་བ་འདི་ཅི་ཞེ་ན། དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་དག་འགོད་པའོ། །གཞན་དག་གིས་ཀྱང་འཕེལ་བར་བྱེད། དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱིས་ཀྱང་དེ་དག་

འཕེལ་བར་བྱེད་དོ། །རྣམ་པར་འཕེལ་བར་བྱེད་པ་ན་སྔོན་ཐོབ་པ་རྣམས་མངོན་སུམ་དུ་མི་བྱེད་དེ། དགའ་བ་ཆེན་པོ་མེད་པའི་ཕྱིར་རོ། །དེ་ལས་བཟོད་པ་ཡང་སྐྱེ་སྟེ། དེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་མངོན་པར་འཕེལ་བ་དག་ལས་ཡང་། བཟོད་པ་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་

เล่ม ๑๔๑ · หน้า 13b

ནས་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །དེ་ལ་རྣམ་པ་གཉིས་དེ་བཞིན། །རྩེ་མོ་རྣམས་ཇི་སྐད་བཤད་པ་ལྟར་བཟོད་པ་ཆུང་ངུ་དང་འབྲིང་དག་ཀྱང་དེ་དང་འདྲ་སྟེ། དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་པའི་ཕྱིར་རོ། །རྣམ་པར་

འཕེལ་བ་ལ་ནི་ཁྱད་པར་འདི་ཡོད་དེ། བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ནས་འཕེལ་བར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །བཟོད་པ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ཆོས་ཀྱི་མཆོག་དང་ཉེ་བའི་

ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པ་མ་སྨོས་པའི་ཕྱིར་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་པོ། །གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་

རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ལ། གང་གི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེའི་ཚེ་ནི་ཆེན་པོ་ཡིན་ནོ་ཞེས་གྲག་གོ། །དེ་ནི་སྐད་ཅིག་གཅིག །དེ་ནི་སྐད་ཅིག་མ་གཅིག་

ཡིན་གྱི་རྒྱུན་ཆགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་མཆོག། དེ་དག་ཀྱང་བཟོད་པ་ཆེན་པོ་ཇི་ལྟ་བ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དམིགས་པ་དང་སྐད་ཅིག་མ་གཅིག་པ་དག་ཡིན་ནོ། །དེ་དག་ནི་འཇིག་རྟེན་པ་ཡང་ཡིན་ལ་ཆོས་ཀྱི་མཆོག་ཀྱང་ཡིན་ཞིང་། འཇིག་རྟེན་པ་

ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཏེ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་རྩལ་གྱིས་ལམ་འདྲེན་པར་བྱེད་པའི་ཕྱིར་རོ། །དྲོ་བར་གྱུར་པ་ལ་སོགས་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བའོ། །

ཐམས་ཅད་ཕུང་པོ་ལྔ། འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་རོ། །ཐོབ་པ་མ་གཏོགས། ཐོབ་པ་རྣམས་ནི་དྲོ་བར་གྱུར་པ་ལ་སོགས་པས་མ་བསྡུས་ཏེ། འཕགས་པ་ལ་དེ་མངོན་སུམ་དུ་གྱུར་པས་དྲོ་བར་གྱུར་པ་ལ་སོགས་པ་ཡང་མངོན་སུམ་དུ་འགྱུར་དུ་འོངས་པས་སོ། །དེ་ལ་བདེན་པ་གསུམ་

เล่ม ๑๔๑ · หน้า 14a

ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ལ་མ་འོངས་པ་ནི་བཞི་ཆར་འཐོབ་བོ། །འགོག་པའི་བདེན་པ་ལ་དམིགས་པ་ལ་ནི་དེ་ཁོ་ན་གཉི་ག་ཡིན་ནོ། །རྣམ་པ་དག་ནི་ཐམས་ཅད་དུ་འདྲ་བ་ཡིན་ནོ། །རྣམ་པར་

འཕེལ་བ་ལ་ནི་བཞི་ལས་གང་ཡང་རུང་བ་ཞིག་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །འགོག་པ་ལ་དམིགས་པ་དེ་ཁོ་ན་ལ་ནི་ཐ་མ་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་ཐམས་ཅད་དོ། །རིགས་རྣམས་ཐོབ་ཟིན་པའི་ཕྱིར་རོ། །རྩེ་མོ་བདེན་པ་བཞི་ལ་དམིགས་པ་རྣམ་པ་གཏོད་པ་

དང་། འགོག་པ་ལ་དམིགས་པ་འཕེལ་བ་ལ་ནི་ཐ་མ་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་ཐམས་ཅད་དོ། །བདེན་པ་གསུམ་ལ་དམིགས་པ་རྣམ་པར་འཕེལ་བ་ལ་ནི་བཞི་ལས་གང་ཡང་རུང་བ་ཞིག་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་ཐམས་ཅད་དོ། །བཟོད་པ་

རྣམས་ལ་ནི་ཐམས་ཅད་དུ་ཐ་མ་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་ཐམས་ཅད་དོ། །ཆོས་ཀྱི་མཆོག་དག་ལ་ནི་ཐ་མ་ཡིན་ལ་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་བཞི་ཁོ་ན་སྟེ། གཞན་མེད་པའི་ཕྱིར་དང་། མཐོང་བའི་ལམ་དང་འདྲ་བའི་ཕྱིར་རོ། །དེ་ལྟ་ན་ངེས་འབྱེད་ཆ་

མཐུན་རྣམ་པ་བཞི་བཞི་པོ་འདི་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་ཡིན་ཏེ། འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་རྣམས་དང་། བཟོད་པ་རྣམས་དང་། ཆོས་ཀྱི་མཆོག་རྣམས་སོ། །དེ་དག་ལས་གཉིས་ནི་ཡོངས་སུ་ཉམས་པའི་སྒོ་ནས་གཡོ་བའི་ཕྱིར་ཆུང་ངུ་དག་

ཡིན་ནོ། །བཟོད་པ་རྣམས་ནི་འབྲིང་ཡིན་ནོ། །ཆོས་ཀྱི་མཆོག་རྣམས་ནི་ཆེན་པོ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཞེས་བྱ་བའི་དོན་ཅི་ཞེ་ན། ངེས་པར་འབྱེད་པས་ན་ངེས་པར་འབྱེད་པ་སྟེ། འཕགས་པའི་ལམ་མོ། །དེས་ཐེ་ཚོམ་སྤོང་བའི་ཕྱིར་དང་། བདེན་པ་རྣམས་

ལ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་དུ་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་བའི་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པར་བྱེད་པ་ཉིད་ཀྱིས་ཕན་འདོགས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་

เล่ม ๑๔๑ · หน้า 14b

མཐུན་པ་ནི་རྣམ་པ་འདི་བཞི་ཆར་ཡང་། བསྒོམས་བྱུང་། ཐོས་པ་དང་བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །འདིའི་ས་པ་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་ཡིན་ཏེ། དེ་དག་གིས་

བསྡུས་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་གོང་ན་མེད་དོ། །དེ་མེད་པ་ནི་འདོད་པའི་ཁམས་ལ་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་

ནོ། །ཡོངས་སུ་རྫོགས་པར་བྱེད་པ་དག་ཁོ་ན་ཡིན་གྱི་འཕེན་པར་བྱེད་པ་དག་ནི་མ་ཡིན་ཏེ། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་ནི་འོག་ནའང་ཡོད་པའམ། འམ་ཞེས་བྱ་བའི་སྒྲ་ནི་ལུགས་ཐ་དད་པའི་དོན་ཏེ། བཙུན་པ་དབྱངས་སྒྲོགས་ཀྱི་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་

པོ་གཉིས་ས་བདུན་པ་ཡིན་ཏེ། འདོད་པའི་ཁམས་ན་ཡང་ཡོད་དོ། །བཞི་པོ་དེ་དག་ཐམས་ཅད་ཀྱང་། འདོད་རྟེན་གསུམ་ནི་མི་དག་གི་ནང་ཁོ་ན་དང་། གླིང་གསུམ་དུ་སྐྱེད་པར་བྱེད་དོ། །སྔོན་བསྐྱེད་པ་རྣམས་ནི་ལྷ་དག་གི་ནང་དུ་མངོན་སུམ་དུ་བྱེད་དོ། །བཞི་པ་ནི་ལྷ་དག་གི་ནང་དུ་ཡང་སྐྱེད་

པར་བྱེད་དོ། །གསུམ་ནི་སྐྱེས་པ་དང་བུད་མེད་ཀྱི་གཉི་གའི་རྟེན་ཅན་དག་འཐོབ་བོ། །ཆོས་མཆོག་བུད་མེད་ཀྱིས་གཉི་གའི་རྟེན་ཅན་འཐོབ་པར་འགྱུར། ཆོས་ཀྱི་མཆོག་ནི་བུད་མེད་ཁོ་ནས་གཉི་གའི་རྟེན་ཅན་འཐོབ་བོ། །སྐྱེས་པ་ནི་སྐྱེས་པའི་རྟེན་ཅན་འབའ་ཞིག་འཐོབ་སྟེ། བུད་མེད་ཉིད་

ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཇི་ལྟར་སྟོང་ཞེ་ན། འཕགས་པས་དེ་དག་ས་བོར་ནས། །སྟོང་ངོ་། །འཕགས་པ་ནི་ས་གང་དག་ཐོབ་པར་གྱུར་པའི་ས་དེ་དག་འདོར་བ་ན་དེ་དག་ཀྱང་གཏོང་གི་གཞན་དུ་ནི་མ་ཡིན་ནོ། །ས་འདོར་

བ་ནི་ས་འཕོས་པའི་ཕྱིར་རོ། །འཕགས་མིན་འཆི་བས་སོ། །སོ་སོའི་སྐྱེ་བོ་ནི་ས་འཕོ་ཡང་རུང་མི་འཕོ་ཡང་རུང་སྟེ་རིས་མཐུན་པ་བཏང་བ་ཁོ་ནས་གཏོང་ངོ་། །དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །གཏོང་ལ་འཆི་བས་ཀྱང་གཏོང་སྟེ། །སོ་སོའི་སྐྱེ་བོ་ཁོ་ན་ཡིན་གྱི་འཕགས་པ་ནི་དེ་གཉིས་ལས་ཡོངས་

เล่ม ๑๔๑ · หน้า 15a

སུ་ཉམས་པ་མེད་དོ། །བཟོད་པ་དང་ཆོས་ཀྱི་མཆོག་དག་ལས་ནི་སོ་སོའི་སྐྱེ་བོ་ཡང་ཡོངས་སུ་ཉམས་པ་མེད་དོ། །དངོས་གཞིས་དེ་ཉིད་ལ་བདེན་མཐོང་། །གང་ཞིག་བསམ་གཏན་དངོས་གཞིའི་ས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་བྱེད་པ་དེས་ནི་ཚེ་འདི་ཉིད་ལ་གདོན་

མི་ཟ་བར་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ། །རྣམ་པར་ཉམས་ན་དངོས་མེད་འཐོབ། །གང་གི་ཚེ་རྣམ་པར་ཉམས་པ་དག་གིས་ཡང་ཐོབ་པ་དེའི་ཚེ་སོ་སོར་ཐར་པའི་སྡོམ་པ་བཞིན་དུ་སྔོན་མེད་པ་དག་ཁོ་ན་འཐོབ་ཀྱི་སྔོན་བཏང་བ་དག་ནི་མ་ཡིན་ཏེ་མ་འདྲིས་པ་དང་འབད་

དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མཚམས་སྟོན་པར་བྱེད་པ་ཞིག་ཡོད་ན་ནི་གོང་མ་སྐྱེད་པར་བྱེད་དོ། །མེད་ན་ནི་གཞི་ཁོ་ནས་སྐྱེད་པར་བྱེད་དོ། །རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་འདི་དག་གི་རང་བཞིན་ཅི་ཞེ་ན། ཉམས་པ་གཉིས་ནི་མི་ལྡན་པ། །ཉམས་པ་གཉི་ག་ཡང་མི་ལྡན་པའི་

རང་བཞིན་ཡིན་ལ། ཡོངས་སུ་ཉམས་པ་ནི་ཉེས་པས་བྱས་པ་ཡིན་གྱི་རྣམ་པར་ཉམས་པ་ནི་གདོན་མི་ཟ་བ་ཡིན་ནོ། །དྲོ་བར་གྱུར་པ་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་དང་ཁྱད་པར་ཅི་ཡོད་ཅེ་ན། བར་ཆད་བྱེད་པ་མེད་ན་བདེན་

པ་མཐོང་བ་ལ་ཆེས་ཉེ་བ་ཉིད་ཡིན་ནོ། །རྩེ་མོ་ཐོབ་པ་རྩ་མི་འཆད། །རྩེ་མོ་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་རྣམས་ཀུན་ཏུ་མི་འཆད་ཀྱི་ངན་སོང་དུ་ཡང་འགྲོ་ལ་མཚམས་མེད་པ་དག་ཀྱང་བྱེད་དོ། །བཟོད་ཐོབ་ངན་སོང་མི་འགྲོའོ། །བཟོད་པ་ལས་ནི་རྣམ་པར་ཉམས་ཀྱང་ངན་སོང་དུ་

མི་འགྲོ་སྟེ། དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་བསྲིངས་པའི་ཕྱིར་རོ། །བཟོད་པ་ཐོབ་པ་ཁོ་ནས་འགྲོ་བ་དང་། སྐྱེ་གནས་དང་། སྐྱེ་བ་དང་། ལུས་དང་། སྲིད་པ་དང་། ཉོན་མོངས་པ་རྣམས་ལས་ཁ་ཅིག་གིས་མི་སྐྱེ་བའི་ཆོས་ཉིད་ཐོབ་སྟེ། ངན་སོང་གི་འགྲོ་བ་རྣམས་དང་། སྒོ་ང་

ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དག་དང་། འདུ་ཤེས་མེད་པའི་སེམས་ཅན་དག་དང་། བྱང་གི་སྒྲ་མི་སྙན་དང་། ཚངས་པ་ཆེན་པོར་སྐྱེ་བ་རྣམས་དང་། ཟ་མ་དང་། མ་ནིང་དང་མཚན་གཉིས་པའི་ལུས་རྣམས་དང་བརྒྱད་པ་ལ་སོགས་པའི་སྲིད་པ་རྣམས་དང་། མཐོང་བས་སྤང་བར་

เล่ม ๑๔๑ · หน้า 15b

བྱ་བའི་ཉོན་མོངས་པ་རྣམས་ཀྱི་མི་སྐྱེ་བའི་ཆོས་ཉིད་འཐོབ་བོ། །དེ་དག་ནི་ཅི་རིགས་པར་ཏེ། ཆུང་ངུས་ནི་ངན་སོང་གི་འགྲོ་བ་རྣམས་ཀྱི་མི་སྐྱེ་བ་འཐོབ་ལ། ཆེན་པོས་ནི་གཞན་དག་གིའོ། །ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་རིགས་གསུམ་ཡིན་

ཏེ། དེ་ལ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར། དྲོ་བར་གྱུར་པ་དང་། རྩེ་མོར་སྐྱེས་པ་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་ཡང་སངས་རྒྱས་སུ་འགྱུར་བ་ནི་སྲིད་ཀྱི་བཟོད་པ་ཐོབ་པ་ལ་ནི་དེ་ལྟ་བུ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། ངན་སོང་བཟློག་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་

རྣམས་ནི་གཞན་ལ་ཕན་འདོགས་པའི་གཞན་གྱི་དབང་གིས་ངན་སོང་དུ་ཡང་འགྲོའོ་ཞེས་གྲག་གོ། །རིགས་དེ་ཉིད་བཟློག་ཏུ་མི་རུང་བའི་ཕྱིར་མི་སྲིད་དོ། །གཞན་གསུམ་ཡང་། བཟློག་ནས་འགྱུར་ཞེས་བྱ་བར་སྦྱར་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་ཡང་ཉན་ཐོས་ཀྱི་རིགས་ལས་ལྡོག་ནས་སངས་

རྒྱས་ལས་གཞན་པར་འགྱུར་ཏེ་རང་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །རང་སངས་རྒྱས་ཀྱི་རིགས་རྣམས་ནི་བཟློག་པར་མི་ནུས་ཏེ། འདི་ལྟར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །སྟོན་པ་ནི་སངས་རྒྱས་སོ། །བསེ་རུ་ལྟ་བུ་ནི་རང་སངས་རྒྱས་ཏེ། དེ་

གཉིས་ནི་ཏིང་ངེ་འཛིན་མི་གཡོ་བ་དང་། གསལ་བའི་ཕྱིར་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ཏེ་སྟན་གཅིག་ཁོ་ན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་སྐྱེད་པར་བྱེད་དོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཡིན་ནོ་ཞེས་འོག་ནས་བཤད་པར་

བྱའོ། །གཞན་དག་ན་རེ་མི་སྡུག་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུའོ་ཞེས་ཟེར་རོ། །གང་དག་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཡོད་པར་འདོད་པ་དེའི་རིགས་རྣམས་ནི་བཟློག་པར་དགག་པ་མེད་དོ། །ཅི་ཚེ་དང་པོ་ཁོ་ན་ལ་སྦྱོར་བ་བྱས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་

རྣམས་སྐྱེད་པར་བྱེད་དམ་ཞེ་ན། དེ་ལྟ་བུ་ནི་མེད་ཀྱི་ངེས་པར་དེའི་སྔོན་དུ་ཐར་པའི་ཆ་མཐུན་བསྐྱེད་པར་བྱ་དགོས་སོ། །ཐམས་ཅད་པས་ཤིན་ཏུ། མྱུར་བའི་སྲིད་པ་གསུམ་གྱིས་ཐར། །ས་བོན་འདེབས་པ་དང་། འབྲུ་སྐྱེ་བ་དང་། འབྲས་བུ་ཆགས་པ་བཞིན་དུ་ཚེ་གཅིག་ལ་ནི་ཐར་པའི་ཆ་དང་

เล่ม ๑๔๑ · หน้า 16a

མཐུན་པའི་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །གཉིས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་བྱེད་དོ། །གསུམ་པ་ལ་ནི་འཕགས་པའི་ལམ་སྐྱེད་པར་བྱེད་དེ། ཆོས་ཉིད་འདི་ལ་ནི་རྒྱུད་རིམ་གྱིས་འཇུག་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་

གྲོལ་བར་འགྱུར་རོ། །ཐར་པའི་ཆ་དང་མཐུན་པ་དེ་ཡང་ཐོས་བསམ་ལས་བྱུང་བ་ཡིན་པར་བརྗོད་དེ། བསྒོམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །ལས་དུ་དག་ཅིག་ཅེ་ན། ལས་གསུམ་མོ། །གཙོ་བོར་ནི་ཡིད་ཀྱི་ལས་ཡིན་ནོ། །དེའི་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་ཕྱིར་ལུས་དང་ངག་གི་

ལས་ཀྱང་ཐར་པའི་ཆ་དང་མཐུན་པ་ཡིན་ཏེ། ལ་ལ་ཞིག་གིས་ཟས་འགའ་ཙམ་བྱིན་ནས་སམ་བསླབ་པ་འགའ་ཙམ་ཡང་མནོས་ནས་ཐར་པ་འདོད་པའི་སྟོབས་བསྐྱེད་པས་ཐར་པའི་ཆ་དང་མཐུན་པའི་འཕེན་པར་འགྱུར་རོ། །དེ་ཡང་། མི་ཡི་ནང་ནས་འཕེན་པར་བྱེད། །མི་རྣམས་ཀྱི་ནང་ཁོ་ན་

དང་། གླིང་གསུམ་ནས་འཕེན་གྱི་གཞན་ནས་ནི་མ་ཡིན་ཏེ། ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཞར་ལས་འོངས་པ་བཤད་ཟིན་ཏོ། །མངོན་པར་རྟོགས་པའི་རིམ་པ་བཤད་པར་བརྩམས་པ་དེ་ལ་ཆོས་ཀྱི་མཆོག་གི་བར་རྣམས་ནི་བཤད་ཟིན་ཏོ། །

ལྷག་མ་བརྗོད་པར་བྱ་སྟེ། དེའི་ཕྱིར། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་བྱ་བ་འདི་སྨོས་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དམིགས་པ་གང་ལ་ཞེ་ན། འདོད་སྡུག་

བསྔལ་ལ། དེའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཟག་པ་མེད་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་ཏེ། ཆོས་ཤེས་པའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ་

མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དེ་ཉིད་ངེས་པར་འཇུག་པ་ཞེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པར་ཞུགས་པའི་ཕྱིར་རོ། །ཡང་དག་པ་ཉིད་ནི་མདོ་ལས་མྱ་ངན་ལས་འདས་པ་ཡིན་པར་བཤད་དོ། །དེར་ངེས་པ་ནི་ངེས་པ་སྟེ་གཅིག་ཏུ་གྱུར་པའོ། །དེར་འཇུག་པ་ནི་མངོན་

เล่ม ๑๔๑ · หน้า 16b

པར་འགྲོ་བ་སྟེ། དེ་སྐྱེས་ན་འཕགས་པའི་གང་ཟག་ཅེས་བྱའོ། །མ་འོངས་པས་ནི་སོ་སོའི་སྐྱེ་བོ་ཉིད་ཟློག་པར་བྱེད་དོ། །མ་འོངས་པ་དེའི་བྱ་བ་ནི་དེ་ཁོ་ན་ཡིན་པར་ཁས་ལེན་གྱི་གཞན་ནི་མ་ཡིན་ཏེ། མར་མེ་དང་སྐྱེ་བ་བཞིན་ནོ། །གཞན་དག་ན་རེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་

རྣམས་ཀྱིས་བཟློག་གོ་ཞེས་ཟེར་རོ། །མ་ཡིན་ཏེ། དེའི་ཆོས་ཡིན་པའི་ཕྱིར་རོ། །དེ་དང་འགལ་བ་ཡིན་པའི་ཕྱིར་ཉེས་པ་མེད་དེ། དགྲ་བོའི་ཕྲག་པ་ལ་ཞོན་ནས་དེ་ལ་འཚོག་པ་བཞིན་ནོ། །གཞན་དག་ན་རེ་གཉི་གས་བཟློག་སྟེ། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དང་

ཆོས་མཐུན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནས་ནི་དེ་ཉིད་ལ་ཆོས་ཤེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་བ་དེ་ཁོ་ན་ལ་ཆོས་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །ཐམས་ཅད་དུ་ཡང་ཟག་པ་མེད་

པའི་གནས་སྐབས་ཡིན་པར་རིག་པར་བྱའོ། །ཇི་ལྟར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་སྐྱེ་བ་དེ་བཞིན་དུ། སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་གཟུགས་དང་གཟུགས་མེད་པ་

ན་སྤྱོད་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྤྱི་ལ་དམིགས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་ནི་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱའོ། །དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཆོས་ཤེས་པ་

ཡིན་ནོ། །དེའི་རྒྱུ་ལས་བྱུང་བའི་ཕྱིར་གོང་མའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ནི་རྗེས་སུ་ཤེས་པ་སྟེ། དེ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟོད་པ་དང་ཤེས་པ་བཞི་པོ་དེ་དག་སྐྱེ་བ་ལྟར། བདེན་པ་གསུམ་ལ་དེ་བཞིན་ནོ། །སྡུག་བསྔལ་ལ་རྗེས་སུ་

ཤེས་པའི་མཇུག་ཐོགས་སུ་འདོད་པ་ནི་སྤྱོད་པའི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་ཞིང་། དེ་ནས་ཀུན་འབྱུང་ལ་ཆོས་ཤེས་པ་སྐྱེ་ལ། དེ་བཞིན་དུ་མཇུག་ཐོགས་སུ་སྐྱེ་བའི་རིམ་གྱིས་ཀུན་འབྱུང་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་

เล่ม ๑๔๑ · หน้า 17a

ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་སྐྱེའོ། །འགོག་པ་ལྷག་མ་རྣམས་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་གཉེན་པོ་ལམ་ལ་ཆོས་

ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་སྐྱེའོ། །ལམ་ལྷག་མ་རྣམས་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ། །དེ་ལྟར་ན་རིམ་པ་འདིས་ན་བདེན་པ་མངོན་པར་རྟོགས་པ་འདི་ནི་

སེམས་བཅུ་དྲུག་ཡིན་ནོ། །སྡེ་བ་གཞན་གང་དག་བདེན་པ་རྣམས་མངོན་པར་རྟོགས་པ་འདི་ནི་གཅིག་གོ་ཞེས་བརྗོད་པ་དེ་དག་གི་བསམ་པ་ལྟར་བྱ་སྟེ། བྱེ་བྲག་མེད་པར་ནི་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ནི་རྣམ་གསུམ་སྟེ། མཐོང་དམིགས་བྱ་བ་ཞེས་བྱའོ། །མཐོང་བའི་

མངོན་པར་རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་བདེན་པ་རྣམས་མངོན་པར་རྟོགས་པའོ། །དམིགས་པའི་མངོན་པར་རྟོགས་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་མངོན་པར་རྟོགས་པའོ། །བྱ་བའི་མངོན་པར་རྟོགས་པ་ནི་ལྡན་པ་མ་ཡིན་པ་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་

པས་ཀྱང་མངོན་པར་རྟོགས་པའོ། །སྡུག་བསྔལ་མཐོང་ན་དེའི་མངོན་པར་རྟོགས་པ་ནི་གསུམ་མོ། །ཀུན་འབྱུང་ལ་སོགས་པ་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤོང་བ་དང་མངོན་གསུམ་དུ་བྱེད་པ་དང་སྒོམ་པའི་ཕྱིར་རོ། །དེ་ལྟ་བས་ན་གལ་ཏེ་བདེན་པ་རྣམས་མཐོང་བའི་

མངོན་པར་རྟོགས་པའི་མངོན་པར་རྟོགས་པ་གཅིག་གོ་ཞེས་སྨྲ་ན་ནི་རྣམ་པ་ཐ་དད་པའི་ཕྱིར་མི་རིགས་པར་སྨྲ་བ་ཡིན་ནོ། །འོན་ཏེ་ཐམས་ཅད་བདག་མེད་པའི་རྣམ་པར་མཐོང་ངོ་ཞེས་ཟེར་ན་ནི། འོ་ན་ནི་བདེན་པ་རྣམས་ལ་སྡུག་བསྔལ་ལ་སོགས་པར་མཐོང་བར་མི་འགྱུར་བས་དེ་

ལྟ་བས་ན། འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པའམ། ཀུན་འབྱུང་ལ་ཀུན་འབྱུང་དུ་ཡིད་ལ་བྱེད་པའམ། ལམ་ལ་ལམ་གྱི་བར་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཆོས་རྣམས་རྣམ་པར་འབྱེད་པ་གང་ཡིན་པ་

เล่ม ๑๔๑ · หน้า 17b

ཞེས་གསུངས་པའི་མདོ་དང་འགལ་ལོ། །གལ་ཏེ་དེ་ལྟ་བུ་ནི་བསྒོམ་པའི་ལམ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཇི་ལྟར་མཐོང་བ་བཞིན་བསྒོམ་པའི་ཕྱིར་རོ། །འོན་ཏེ་གཅིག་མཐོང་བས་ལྷག་མ་རྣམས་ལྔ་དབང་ཐོབ་པའི་ཕྱིར་མངོན་པར་རྟོགས་པ་གཅིག་ཁོ་ན་ཞེས་ཟེར་ན་ནི་ཉེས་པ་

མེད་དེ་བར་སྐབས་སུ་ལྡན་པ་ཡོད་དམ་མེད་ཅེས་དཔྱད་པར་བྱ་བ་ཡིན་ནོ། །འོན་ཏེ་སྡུག་བསྔལ་ཁོ་ན་ཡོངས་སུ་ཤེས་ན་ཀུན་འབྱུང་ཡང་སྤོངས་ལ་འགོག་པ་ཡང་མངོན་སུམ་དུ་བྱེད་ཅིང་ལམ་ཡང་སྒོམ་པར་བྱེད་པས་དེའི་ཕྱིར་མངོན་པར་རྟོགས་པ་གཅིག་གོ་ཞེས་ཟེར་ན་དེ་ལྟ་ན་ཡང་ཉེས་པ་མེད་

དེ། གཅིག་མཐོང་ན་ལྷག་མ་རྣམས་ཀྱང་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མདོ་ལས་མཐོང་བའི་མངོན་པར་རྟོགས་པའི་ཕྱིར་བདེན་པ་རྣམས་རིམ་གྱིས་མངོན་པར་རྟོགས་པར་གསུངས་པར་མངོན་ཏེ། ཁྱིམ་བདག་བདེན་པ་རྣམས་མངོན་པར་རྟོགས་པ་

གཅིག་པ་ནི་མེད་པ་ཉིད་དེ། འོན་ཀྱང་མཐར་གྱིས་མངོན་པར་རྟོགས་སོ་ཞེས་རྒྱས་པར་གསུངས་པ་དཔེ་དང་བཅས་པའི་མདོ་གསུམ་ཁུངས་སུ་ཡོད་དོ། །གལ་ཏེ་མདོ་ལས། གང་ཞིག་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སངས་རྒྱས་ལ་ཡང་ཞེས་གསུངས་པས་མངོན་

པར་རྟོགས་པ་གཅིག་གོ་ཞེས་ཟེར་ན། མ་ཡིན་ཏེ། ཀུན་དུ་མི་འབྱུང་བ་དང་། གདོན་མི་ཟ་བར་སྤོང་བ་ལས་དགོངས་ཏེ་གསུངས་པའི་ཕྱིར་རོ། །མངོན་པར་རྟོགས་པ་སེམས་བཅུ་དྲུག་པར་བཤད་པ་གང་ཡིན་པ་དེ་ནི་ཆོས་མཆོག་དང་ས་གཅིག །ཆོས་ཀྱི་མཆོག་ས་གང་ཡིན་པ་

སེམས་བཅུ་དྲུག་པོ་འདི་དག་ཀྱང་དེའི་ས་པ་སྟེ། དེ་དག་ནི་ས་དྲུག་པའོ་ཞེས་སྔར་བཤད་ཟིན་ཏོ། །ཅིའི་ཕྱིར་གདོན་མི་ཟ་བར་བཟོད་པ་དག་དང་། ཤེས་པ་དག་ཡིན་ཞེ་ན། བཟོད་དང་ཤེས་པ་གོ་རིམས་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །བཟོད་པ་རྣམས་ནི་ཉོན་མོངས་

པའི་ཐོབ་པ་རྣམ་པར་གཅོད་པ་ལ་བར་ཆད་བྱ་བར་མི་ནུས་པའི་ཕྱིར་བར་ཆད་མེད་པའི་ལམ་དག་ཡིན་ནོ། །ཤེས་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བ་རྣམས་ལ་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དག་ཡིན་ཏེ། དེའི་ཕྱིར་གཉི་ག་ཡང་

เล่ม ๑๔๑ · หน้า 18a

ཡིན་པར་འགྱུར་ཏེ། གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཅོད་པ་བཞིན་ནོ། །གལ་ཏེ་བར་ཆད་མེད་པའི་ལམ་གཉིས་པ་ཁོ་ན་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་གྱུར་ན་ནི་དམིགས་པ་དེ་ཁོ་ན་ལ་ཐེ་ཚོམ་སྤངས་པའི་ཤེས་པ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་བཟོད་

པ་རྣམས་ཀྱིས་ཉོན་མོངས་པ་སྤངས་པའི་ཕྱིར་བསྟན་བཅོས་ལས་ཀུན་དུ་སྦྱོར་བའི་རིས་དགུ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་རྒྱལ་པོའི་འཁོར་གྱིས་བྱས་པ་ལས་རྒྱལ་པོས་བྱས་སོ་ཞེས་ཐ་སྙད་འདོགས་པ་བཞིན་ནོ། །ཅི་སེམས་

བཅུ་དྲུག་པོ་ཐམས་ཅད་བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་མཐོང་བའི་ལམ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་ལས་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ་ལམ་ལ་རྗེས་སུ་ཤེས་པའི་

བཟོད་པའི་བར་གྱི་སྐད་ཅིག་མ་བཅོ་ལྔ་པོ་དེ་དག་ནི་མཐོང་བའི་ལམ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ། །བཅུ་དྲུག་པ་ལ་ནི་སྔོན་མ་མཐོང་བ་བལྟ་བར་བྱ་བ་མེད་ཀྱི་ཇི་ལྟར་མཐོང་བ་ནི་གོམས་པར་བྱེད་པའི་ཕྱིར་བསྒོམ་པའི་ལམ་ཁོ་ན་ཡིན་ནོ། །དེས་ཀྱང་ལམ་

ལ་རྗེས་སུ་ཤེས་པའི་བཟོད་པ་མ་མཐོང་བ་མཐོང་བ་མ་ཡིན་ནམ་ཞེ་ན། བདེན་པའི་ཕྱིར་བསམ་གཏན་གྱི་སྐད་ཅིག་མ་ལ་ནི་མ་ཡིན་ནོ། །སྐད་ཅིག་མ་གཅིག་མ་མཐོང་བས་ནི་བདེན་པ་མ་མཐོང་བ་མ་ཡིན་ཏེ། དཔེར་ན་ཉག་མ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་མ་ཡིན་པ་བཞིན་ནོ། །འབྲས་བུ་ཡིན་

པའི་ཕྱིར་དང་། ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་དང་། ལམ་སྔ་མ་རྣམ་པར་ཉམས་པའི་ཕྱིར་དང་། རྒྱུན་ཆགས་པ་ཡིན་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་ནོ། །ཡོངས་སུ་མ་ཉམས་པ་ནི་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་

པར་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཡིན་ཞེ་ན། མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན། མཐོང་བ་མ་རྫོགས་པའི་ཕྱིར་ཏེ། བདེན་པ་མཐོང་བ་ཐམས་ཅད་མ་རྫོགས་པས་དེའི་བར་མར་གྱུར་

เล่ม ๑๔๑ · หน้า 18b

པའི་ཕྱིར་དེ་དག་ཀྱང་མཐོང་བའི་ལམ་ཡིན་ནོ། །མཐོང་བའི་ལམ་དང་བསྒོམ་པའི་ལམ་ཇི་ལྟར་སྐྱེ་བ་བཤད་ཟིན་ཏོ། །ད་ནི་ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་རྣམ་པར་གཞག་པ་དེ་བཞིན་དུ་བཤད་པར་བྱ་སྟེ། མཐོང་བའི་ལམ་གྱི་རང་བཞིན་གྱི་སྐད་ཅིག་མ་

བཅོ་ལྔར་བཤད་པ་གང་དག་ཡིན་པ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱིས་རྗེས་འབྲང་བ། །ཡིན་པར་རིག་པར་བྱ་སྟེ། དབང་པོ་རྟུལ་པོ་དེ་དག་ལ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་ནི་ཆོས་ཀྱིས་རྗེས་སུ་འབྲང་བ་ཞེས་བྱའོ། །དད་

པས་རྗེས་སུ་འབྲང་བས་ན་དད་པས་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་སམ། འདི་དད་པས་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ཡིན་པས་ན་དད་པས་རྗེས་སུ་འབྲང་བ་སྟེ། སྔོན་གཞན་གྱི་དྲིང་གིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་ཀྱིས་རྗེས་སུ་འབྲང་བ་ཡང་དེ་དང་འདྲ་

སྟེ། སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པའི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་གཉིས་ནི། བསྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །འབྲས་བུ་རྣམས་ཀྱི་དང་པོ་ནི་འབྲས་བུ་དང་པོ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའོ། །དེ་

ནི་འབྲས་བུ་ཐོབ་པར་བྱ་བ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བ་དེ་དག་ཉིད་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཡིན་ན་ནི་དེ་གཉིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་

ཞེས་བྱའོ། །རྣམ་ལྔའི་བར་བཅོམ། གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་དེ་ཁོ་ན་བཞིན་དུ་དང་པོའི་འབྲས་བུ་ལ་ཞུགས་པ་དག་ཅེས་བྱའོ། །གཉིས་པ་ལ། དགུ་པ་ཚུན་ཆད་ཟད་

པ་ཡིན། །གཉིས་པ་ལ་ཞེས་བྱ་བ་ནི་གཉིས་པའི་ཕྱིར་ཏེ། གལ་ཏེ་དེ་གཉིས་ཀྱིས་དེ་ཡན་ཆད་རྣམ་པ་དྲུག་གམ། བདུན་ནམ་བརྒྱད་དག་ཅིག་སྔོན་སྤངས་པ་ཡིན་ན་ནི་དེ་གཉིས་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་བྱ་སྟེ། གཉིས་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །

เล่ม ๑๔๑ · หน้า 19a

འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གལ་ཏེ་རྣམ་པ་དགུ་པ་ཡང་སྤངས་པའི་ཕྱིར་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ནམ། གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་

དང་བྲལ་བ་ཞིག་ཡིན་ན་དེ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་ཞེས་བྱ་སྟེ། གསུམ་གང་ཞེ་ན། ཕྱིར་མི་འོང་བའི་འབྲས་བུའོ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །སེམས་བཅུ་དྲུག་པ་སྐྱེས་ན་དེ་གཉིས་དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བ་ཞེས་

ཀྱང་མི་བྱ་ལ། ཞུགས་པ་ཞེས་ཀྱང་མི་བྱའོ། །འོ་ན་ཅི་ཞེ་ན། འབྲས་བུ་ལ་གནས་པ་དག་ཡིན་ཏེ། གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་ཡང་རུང་འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་དེ་ལ་གནས་པ་ཡིན་ནོ། །

དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་ཏེ། མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །

དེའི་ཚེ་དབང་པོ་རྟུལ་པོ་སྔོན་དད་པས་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་དད་པས་མོས་པ་ཞེས་བྱའོ། །དབང་པོ་རྣོན་པོ་སྔོན་ཆོས་ཀྱིས་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིའི་

ཕྱིར་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཞེས་བྱ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱིས། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །

མི་བརྩོན་པ་ནི་ཞུགས་མ་ཡིན། །འབྲས་བུ་ཐོབ་ན་འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་འཐོབ་བོ་ཞེས་བྱ་བ་འདི་ནི་ངེས་སོ། །དེ་ལྟ་བས་ན་འབྲས་བུ་ལ་གནས་པ་ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱ་སྟེ། དེ་བཞིན་དུ་འབྲས་

เล่ม ๑๔๑ · หน้า 19b

བུ་གཞན་ལ་ཡང་སྦྱར་བར་བྱའོ། །གང་ཞིག་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་ལ། ས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་པ་དེ་ནི་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་པ་དེ་བདེ་བའི་དབང་པོ་དང་མི་

ལྡན་པར་འགྱུར་རོ། །རེ་ཞིག་ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ངེས་པར་འཇུག་པའི་གང་ཟག་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །མཐར་གྱིས་འཇུག་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་འདི་རྣམ་པར་གཞག་པར་བྱའོ། །ཇི་ལྟར་

འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་པོ་དེ་དག་བསྟན་པ་དེ་བཞིན་དུ། ས་དང་ས་ན་ཉེས་རྣམ་དགུ། །སྲིད་པའི་རྩེ་མོའི་བར་དུའོ། །ཉེས་པ་རྣམས་ཇི་ལྟ་བ་དེ་བཞིན་དུ་ཡང་ཡོན་ཏན་རྣམས་ས་དང་ས་ན་དེའི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་

ཡོན་ཏན་ཡང་རྣམ་པ་དགུ་དགུ་ཁོ་ན་ཡོད་དོ། །ཇི་ལྟར་བྱས་པས་ཤེ་ན། ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །རྩ་བའི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དེ་དག་རེ་རེ་ཞིང་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་རྣམ་པ་གསུམ་

ཡིན་པའི་ཕྱིར་དགུར་རྣམ་པར་གཞག་སྟེ། ཆུང་ངུའི་ཆུང་ངུའི་རྣམ་པ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའོ། །དེ་ལ་

ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་ལམ་ཆེན་པོའི་ཆེན་པོས་ནི་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་སྟེ། དང་པོ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པ་ལ་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །གོས་ལ་དྲི་མ་

ཆེ་ལོང་ནི་སྔར་འཁྲུ་ལ་ཕྲ་མོ་ནི་ཕྱིས་འཁྲུ་བ་དང་། མུན་པ་ཆེ་ལོང་ནི་སྣང་བ་ཆུང་ངུས་འཇོམས་ལ་ཕྲ་མོ་ནི་ཆེན་པོས་སེལ་ཞེས་བྱ་བ་འདི་ནི་དཔེའི་རྣམ་པ་ཡིན་ནོ། །འཕགས་པའི་ལམ་སྐད་ཅིག་མ་ཆུང་ངུས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པས་སྤེལ་བའི་ཉོན་མོངས་པ་ཆེན་པོ་རྣམས་

เล่ม ๑๔๑ · หน้า 20a

རྩ་བ་ནས་མེད་པར་བྱེད་པའི་ཕྱིར་ཆོས་དཀར་པོ་རྣམས་ནི་སྟོབས་དང་ལྡན་པ་ཡིན་ལ། ནག་པོ་རྣམས་ནི་སྟོབས་ཆུང་བ་ཡིན་ཏེ། ཡུན་རིང་པོ་ནས་བསགས་པའི་སྐྱོན་རྣམས་སྨན་ཏྲི་བྱིད་ཐུན་གཅིག་གིས་འབྱིན་པ་ལྟ་བུ་དང་། མར་མེ་སྐད་ཅིག་མ་ཆུང་

ངུས་མུན་པ་ཆེན་པོ་འཇོམས་པ་བཞིན་ནོ། །དེ་ལྟར་ཉོན་མོངས་པ་རྣམས་པ་དགུ་པོ་དེ་དག་ཐམས་ཅད་དུ། འབྲས་གནས་བསྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །འབྲས་བུ་ལ་གནས་པ་གང་ཞིག་གིས། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་

པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཚེ་བདུན་གྱི་བར་དུ་སྐྱེ་བས་ན་རེ་ལྟར་ཐོགས་ན་ལན་བདུན་པའོ། །ཐམས་ཅད་དུ་ནི་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་བའོ། །མདོ་ལས། མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་

འབྱུང་བ་ནི་དེ་མཆོག་ཏུ་ཐོགས་ན་སྐྱེ་བ་ལན་བདུན་པ་ཞེས་བྱ་བའི་ཐ་ཚིག་སྟེ། མཆོག་ཅེས་བྱ་བའི་སྒྲ་ནི་རབ་ཏུའོ། །མྱ་ངན་ལས་འདས་པའི་རྒྱུན་ནི་ལམ་སྟེ། དེས་ན་དེར་འགྲོ་བའི་ཕྱིར་རོ། །འདི་ནི་དེར་ཞུགས་ཤིང་ཕྱིན་ལ་སོན་པས་ན་རྒྱུན་དུ་ཞུགས་པ་ཡིན་ནོ། །ཇི་ལྟར་ན་

ཞུགས་པ་ཡིན། གལ་ཏེ་ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི་བརྒྱད་པ་ཡང་ཡིན་པར་འགྱུར་རོ། །གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་རོ། །

འབྲས་བུ་ཐམས་ཅད་ཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ཁོ་ན་ཡིན་ལ་བརྒྱད་པ་ནི་མ་ཡིན་ཞེ་ན། ལམ་ལ་རྗེས་སུ་ཤེས་པ་ལ་ནི་ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་དང་། མཐོང་བ་དང་བསྒོམ་པའི་ལམ་ཐོབ་པའི་ཕྱིར་དང་། རྒྱུན་

ཐམས་ཅད་མངོན་པར་རྟོགས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་དེ་ལས་གཞན་པ་སྐྱེ་བའི་སྲིད་པ་བདུན་དང་སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ་དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དོ། །དེ་ལྟར་ན་སྲིད་པ་ཉི་ཤུ་

เล่ม ๑๔๑ · หน้า 20b

རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད་དོ། །སྲིད་པ་བདུན་ཚན་དུ་འདྲ་བའི་ཕྱིར་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་བྱ་བ་དང་། འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། །འོ་ན་གང་མདོ་ལས། གང་ཟག་ལྟ་བ་ཕུན་སུམ་

ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་འདི་ནི་གནས་མེད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ། །འོན་ཏེ་སྒྲ་ཇི་བཞིན་དུ་བརྟགས་ན་ནི་སྲིད་པ་བར་མ་ཡང་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་

ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་འགྲོ་བ་གཅིག་ཏུ་སྐྱེ་བའི་སྲིད་པ་བརྒྱད་པར་མི་འགྱུར་རོ་ཞེ་ན། འདོད་པའི་ཁམས་ལས་དགོངས་ཏེ་གསུངས་པའི་ཕྱིར་ཉེས་པ་མེད་དོ། །འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད། ལྷ་དང་མི་དག་གི་ནང་ནས་སོར་ལན་བདུན་

སྐྱེའི་གཉི་གའི་ནང་དུ་ལན་བདུན་མ་ཡིན་པ་ཉིད་དོ་ཞེས་བྱ་བ་འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་དེ། འདི་སྐད་དུ་ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་འབྱུང་ངོ་ཞེ་ན། འོད་སྲུངས་པ་རྣམས་ལྷ་རྣམས་སུ་ལན་བདུན། མི་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་

འདི་ལ་མངོན་པར་ཞེན་པར་མི་བྱའོ། །གང་ཞིག་མི་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདས་ལ། གང་ཞིག་ལྷ་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཅིའི་ཕྱིར་སྲིད་པ་བརྒྱད་

པ་མངོན་པར་མི་འགྲུབ་ཅེ་ན། དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ། །ལམ་དེ་ནི་དེ་འདྲ་སྟེ། སྦྲུལ་གོམ་པ་བདུན་པས་ཟིན་པ་ལྟ་བུ་དང་། རིམས་ཉིན་བཞི་པ་བཞིན་ནོ། །ཀུན་ཏུ་སྦྱོར་བ་བདུན་པོ་ཐ་མའི་ཆ་དང་མཐུན་པ་གཉིས་དང་། གོང་མའི་

ཆ་དང་མཐུན་པ་ལྔ་ལུས་པའི་ཡང་ཕྱིར་རོ། །བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་འབྱུང་བ་མེད་ན་ཁྱིམ་པ་ཁོ་ནར་དགྲ་བཅོམ་པ་ཉིད་འཐོབ་

เล่ม ๑๔๑ · หน้า 21a

ན་ཁྱིམ་ན་ནི་མི་གནས་སོ། །ཆོས་ཉིད་ཀྱིས་འཐོབ་པའི་དགེ་སློང་གི་མཚན་མ་ཡང་འཐོབ་བོ། །གཞན་དག་ན་རེ། །དགེ་སྦྱོང་གཞན་གྱི་མཚན་མས་སོ་ཞེས་ཟེར་རོ། །ཅིའི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ཞེ་ན། །དེར་འགྲོ་བའི་ལས་མི་

སོགས་པའི་ཕྱིར་དང་། བསགས་པ་ཡང་སྦྱོར་བ་དང་བསམ་པ་དག་པའི་སྒོ་ནས་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོས་པའི་ཕྱིར་རྒྱུད་རྣམ་པར་སྨིན་པ་དང་། མི་མཐུན་པ་བྱས་པའི་ཕྱིར་རོ། །ངན་སོང་དུ་ངེས་པའི་ལས་ཡོད་ན་ནི་དེས་བཟོད་པ་ཡང་བསྐྱེད་པར་མི་འགྱུར་རོ། །འདིར་

སྨྲས་པ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །སྡུག་བསྔལ་གྱི་མཐར་བྱེད་དོ་

ཞེས་བྱ་བ་སྡུག་བསྔལ་གྱི་མཐའ་གང་ཡིན་ཞེ་ན། གང་ཕན་ཆད་སྡུག་བསྔལ་མེད་པ་སྟེ། སྡུག་བསྔལ་གྱི་ཉིང་མཚམས་མི་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་མཐའ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ཇི་ལྟར་བྱེད་ཅེ་ན། དེ་འཐོབ་པའི་བགེགས་

བསལ་བའི་ཕྱིར་ཏེ་དཔེར་ན་སྨྲ་བ་པོ་འདུན་ཁང་རྡིབ་ལ་ནམ་མཁའ་གྱིས་ཞེས་འཛེར་བ་ལྟ་བུ་ཡིན་ནོ། །མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད་དོ། །རེ་ཞིག་འབྲས་བུ་ལ་གནས་པ་བསྒོས་པས་སྤང་བར་བྱ་བ་མ་ཟད་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་

ནི་དེ་ལྟ་བུ་ཡིན་ནོ། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་ན་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། ཉོན་མོངས་པ་སྤང་བ་ལས་ནི་ཉོན་མོངས་པའི་རྣམ་པ་གསུམ་མམ་བཞི་སྤང་བའི་ཕྱིར་རོ། །དབང་པོ་

ལྔས་ནི་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་རོ། །སྐྱེ་བ་ལས་ནི་ཚེ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་ནང་དུ་གཉིས་ཤིག་སྨོས་པ་ནི། རྒྱུན་དུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་ན་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་

เล่ม ๑๔๑ · หน้า 21b

ཀྱང་གྲུབ་པའི་ཕྱིར་རོ། །སྐྱེ་བ་ནི་གལ་ཏེ་གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་འདི་སྨོས་སོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན། དེ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བའི་ཕྱིར་ཏེ། དེའི་རྣམ་པ་གཅིག་གིས་ནི་བར་ཆད་

གཅིག་པའི་བཞིན་དུ་འབྲས་བུ་ལ་བགེགས་བྱ་བར་མི་ནུས་ཏེ། ཁམས་ལས་མི་འདའ་བའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་དེ་ནི་རྣམ་པ་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷ་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་ལྷའི་རིགས་དེའམ་གཞན་

དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་གླིང་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །འབྲས་བུ་ལ་གནས་པ་དེ་ཉིད། །རྣམ་པ་ལྔ་ཡི་བར་བཅོམ་

པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །འབྲས་བུ་ལ་གནས་པ་གང་གིས་རྣམ་པ་གཅིག་ནས་ལྔའི་བར་དུ་སྤངས་པ་ཡིན་ན་དེའི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་པར་རིག་པར་བྱའོ། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །དེ་ནི་འབྲས་བུ་གཉིས་པ་ཐོབ་པ་

ཡིན་ཏེ། ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་ཕྱིར་འོང་བའི་ཕྱིར་འོང་བ་སྟེ། ཕན་ཆད་སྐྱེ་བ་མེད་པའི་ཕྱིར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ཞེས་འབྱུང་བ་ནི་ཆུང་ངུའི་རྣམ་པ་ལུས་པའི་ཕྱིར་རོ། །འབྲས་བུ་ལ་གནས་པ་དེ་ཉིད། །

ཉིས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཡང་ལན་ཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཡིན་པར་རིག་པར་བྱ་སྟེ། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ཕྱིར་

དང་། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་དང་། ཚེ་གཅིག་ལུས་པའི་ཕྱིར་རོ། །ཇི་ལྟར་ན་འདིའི་རྣམ་པ་གཅིག་གིས་འབྲས་བུ་ལ་བགེགས་བྱེད་པར་ནུས་ཤེ་ན། ཁམས་ལས་འདའ་བའི་ཕྱིར་ཏེ། གོང་དུ་ལས་རྣམས་ནི་གནས་སྐབས་གསུམ་དུ་བགེགས་བྱེད་པའི་

เล่ม ๑๔๑ · หน้า 22a

ཕྱིར་ཉེ་བར་གནས་སོ་ཞེས་བཤད་ཟིན་ཏོ། །ལས་རྣམས་ཇི་ལྟ་བར་ཉོན་མོངས་པ་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་ལས་འདའ་བའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་བར་ཆད་བྱེད་པའོ། །དེའི་མྱ་ངན་ལས་འདའ་

བ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ། ཕྱིར་མི་འོང་བའི་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར་འདི་ལ་བར་ཆད་གཅིག་ཡོད་པས་ན་བར་ཆད་གཅིག་པ་ཡིན་ནོ། །རྣམ་པ་བདུན་དང་བརྒྱད་སྤངས་པ་དེ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་པར་རིག་པར་བྱའོ། །

སྔོན་རྣམ་པ་གསུམ་དང་བཞི་སྤངས་པའམ། བདུན་པ་དང་བརྒྱད་པ་སྤངས་པ་འབྲས་བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མ་ཡིན་ནོ། །དེ་དགུ་ཟད་པས་ཕྱིར་མི་འོང་། །འབྲས་བུ་ལ་གནས་པ་དེ་

ཉིད་རྣམ་པ་དགུ་སྤངས་པས་ཕྱིར་མི་འོང་བ་ཡིན་པར་རིག་པར་བྱ་སྟེ། འདོད་པའི་ཁམས་སུ་མི་འོང་བའི་ཕྱིར་རོ། །ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་རྣམ་པ་ལྔ་སྤངས་པའི་ཕྱིར་ཞེས་འབྱུང་བ་ནི་སྤངས་པ་སྡོམ་པའི་ཕྱིར་ཏེ། གདོན་མི་ཟ་བར་སྔོན་གཉིས་སམ་གསུམ་སྤངས་པ་ཡིན་

ནོ། །དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་སྤངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་འདི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་བཞིན་དུ་སྐྱེས་ནས་དང་། འདུ་བྱེད་པ་དང་འདུ་བྱེད་པ་མེད་པ་ལ་ཡང་སྦྱར་བར་བྱའོ། །ཕྱིར་

མི་འོང་བ་དེ་ཉིད་རྣམ་པ་ལྔ་ཡིན་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྲིད་པ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་ལས་མི་འཆི་བར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བས་ཡོངས་

སུ་མྱ་ངན་ལས་འདའ་བ་སྟེ། མངོན་པར་བརྩོན་པ་དང་། ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཞན་དག་ན་རེ་དེ་ཡང་ཕུང་པོའི་ལྷག་མ་མེད་པས་སོ་ཞེས་ཟེར་རོ། །མ་ཡིན་ཏེ། ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་

เล่ม ๑๔๑ · หน้า 22b

མྱ་ངན་ལས་འདའ་བ་ནི་སྐྱེས་ནས་སྦྱོར་བ་མ་བཏང་ཞིང་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་

པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། མངོན་པར་མི་བརྩོན་པ་དང་ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་རོ་ཞེས་གྲག་གོ། །གཞན་དག་ན་རེ་འདུས་བྱས་དང་འདུས་མ་བྱས་པ་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་

རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་བས་དེ་ཁོ་ན་བཞིན་དུ་རུང་སྟེ། ལམ་ངང་གིས་འབྱུང་བ་དང་ངང་གིས་འབྱུང་བ་མ་ཡིན་པ་དག་ནི་འབད་པ་མེད་པ་དང་འབད་པས་འཐོབ་པའི་

སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང་མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལམ་ཆེས་ངང་གིས་འབྱུང་བ་དང་། ཆེས་ཆེ་བ་དང་། ཕྲ་རྒྱས་ཆེས་ཆུང་བ་ཡིན་ནོ། །གོང་དུ་འཕོ་བ་ནི་གང་དུ་སྐྱེས་པ་དེ་ཉིད་

དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ། འཕོ་བ་དང་འགྲོ་བ་ཞེས་བྱ་བ་ནི་དོན་གཅིག་གོ། །དེ་ནི་བསམ་གཏན་སྤེལ་ནས་འོག་མིན་འགྲོ། །གོང་དུ་འཕོ་བ་དེ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་ཏེ། རྒྱུའི་སྒོ་ནས་ནི་བསམ་གཏན་སྤེལ་བ་དང་།

སྤེལ་བ་མ་ཡིན་པའི་ཕྱིར་རོ། །འབྲས་བུའི་སྒོ་ནས་ནི་འོག་མིན་དང་སྲིད་པའི་རྩེ་མོ་ལ་ཐུག་པའི་ཕྱིར་རོ། །དེ་ལ་གང་གིས་བསམ་གཏན་སྤེལ་བ་དེ་ནི་འོག་མིན་དུ་སོང་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གོང་དུ་འཕོ་བ་

འོག་མིན་གྱི་མཐར་ཐུག་པ་དེ་ཡང་འཕར་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམ་པར་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས་

เล่ม ๑๔๑ · หน้า 23a

སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ་བར་

ནས་གནས་གཞན་འགའ་ཙམ་ཡང་རྒལ་ཏེ་འོག་མིན་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །འཕགས་པ་ནི་ཚངས་ཆེན་པ་དག་གི་ནང་དུ་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། ལྟ་བའི་གནས་ཡིན་པའི་ཕྱིར་དང་། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་དང་། གནས་ཐམས་

ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི་གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་མངོན་པར་འགྲུབ་པར་མི་བྱེད་དེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་ན་འདིའི་ཕྱིར་མི་འོང་བ་

ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། གང་དུ་སྐྱེས་པ་དེ་འོག་དང་དེར་གཏན་དུ་མི་འོང་བའི་ཕྱིར་རོ། །རེ་ཞིག་བསམ་གཏན་སྤེལ་ནས་འོག་མིན་དུ་འགྲོ་བ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་སྲིད་རྩེ་མོར་འགྲོ། །གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་ནི་སྲིད་པའི་རྩེ་མོའི་མཐར་

ཐུག་པ་ཡིན་ཏེ། དེ་ནི་སྙོམས་པར་འཇུག་པ་གཞན་རྣམས་རོ་མྱོང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེ་ལ། གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའོ། །འདི་ནི་ཞི་གནས་སྤྱད་པ་

ཡིན་ནོ། །སྔ་མ་ནི་ལྷག་མཐོང་སྤྱད་པ་ཡིན་ནོ། །གོང་དུ་འཕོ་བ་བར་སྐབས་སུ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་

བདུན་པ་ཉིད་བཞིན་ནོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཕྱིར་མི་འོང་བ་གཞན་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་སྟེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་

เล่ม ๑๔๑ · หน้า 23b

པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པའོ། །དེ་ཡང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། དེ་དག་ནི་ཕྱིར་མི་འོང་བ་རྣམ་པ་དྲུག་ཡིན་ནོ། །གཞན་ནི་འདི་ལ་མྱ་ངན་འདའ། །གཞན་ནི་ཚེ་འདི་ཁོ་ན་ལ་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཐོང་

བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བདུན་པ་ཡིན་ནོ། །གསུམ་ལ་རྣམ་གསུམ་ཕྱི་ནས་སུ། །གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །ཕྱིར་མི་འོང་བ་གསུམ་ལ་ཡང་རྣམ་པ་གསུམ་དུ་ཕྱེ་བས་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་དགུ་ཡིན་ནོ། །གསུམ་པོ་གང་དག་

ཅེ་ན། བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་དང་། གོང་དུ་འཕོ་བའོ། །རྣམ་པ་གསུམ་དུ་ཕྱེ་བས་ཇི་ལྟ་བུ་ཞེ་ན། རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དཔེ་གསུམ་གྱིས་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་

ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་

ལས་འདའ་བ་དག་ཡིན་ནོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གིས་སོ། །ཡང་ན་གསུམ་པོ་ཐམས་ཅད་མྱུར་བ་དང་མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་

བྲག་ལས། །ཕྱིར་མི་འོང་བ་གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་ནི་ལས་དང་། ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་ཏེ། རེ་ཞིག་གསུམ་པོ་ནི་གོ་རིམས་བཞིན་དུ་མངོན་པར་འགྲུབ་པ་དང་། སྐྱེས་པ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པའི་

ཕྱིར་དང་། ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་བ་དང་། འབྲིང་དང་། ཆེན་པོའི་ཕྱིར་དང་། དབང་པོ་ཆེན་པོ་དང་འབྲིང་དང་ཆུང་ངུའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་སོ་སོའི་ཁྱད་པར་ཡང་ཅི་རིགས་པར་གསུམ་ཚན་དང་པོ་གཉིས་ནི་གོང་མ་བཞིན་དུ་ཉོན་མོངས་པ་དང་། དབང་པོའི་

เล่ม ๑๔๑ · หน้า 24a

བྱེ་བྲག་ལས་སོ། །གསུམ་ཚན་ཐ་མ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ཁྱད་པར་དུ་བལྟ་སྟེ། དེ་དག་ནི་ཉོན་མོངས་པ་དང་དབང་པོའི་རྣམ་པ་དགུའི་ཕྱིར་ཕྱིར་མི་འོང་བ་དགུ་ཡིན་ནོ། །འོ་ན་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་

བདུན་བསྟན་པ་ཇི་ལྟ་བུ་ཞེ་ན། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །གོང་དུ་འགྲོ་བའི་ཆོས་ནི་གོང་དུ་འགྲོ་བའོ། །མདོ་ལས་ནི་དེ་མ་ཕྱེ་བར་བསྟན་པའི་ཕྱིར་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་གསུངས་སོ། །ཅིའི་ཕྱིར་འདི་དག་ཁོ་ན་སྐྱེས་བུ་དམ་

པའི་འགྲོ་བ་ཡིན་ལ། སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན། གང་དག་ལ་འགྲོ་བ་འདི་དག་ཡོད་པ་དེ་དག་ནི་ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང་དམ་པ་མ་ཡིན་པ་མི་དགེ་བ་ལ་མི་འཇུག་པ་དང་། འགྲོ་བ་འདི་དག་ཏུ་སོན་པ་རྣམས་ལ་ཡང་ཕྱིར་འོང་བ་མེད་པ་ཡིན་ལ་

ཇི་སྐད་དུ་བཤད་པ་འདི་དག་གཞན་ལ་ནི་མེད་པས་དེའི་ཕྱིར། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། །སྐྱེས་བུ་དམ་པའི་འགྲོ་བ་དག་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །འོ་ན་མདོ་ཁོ་ན་ལས་སྐྱེས་བུ་དམ་པ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་

པའོ་ཞེས་རྒྱས་པར་གསུངས་པ་ཇི་ལྟ་བུ་ཞེ་ན། གཞན་དག་ལ་ཡང་སྡིག་པ་རྣམ་པ་ལྔ་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། ཉོན་མོངས་པ་མི་དགེ་བ་ཕལ་ཆེར་སྤངས་པའི་ཕྱིར་རྣམ་གྲངས་པའི་སྐྱེས་བུ་དམ་པ་ཉིད་ཡོད་མོད་ཀྱི། འདིར་ནི་གང་དག་ལ་རྣམ་གྲངས་མེད་པར་ཡོད་

པ་དེ་དག་གི་སྐབས་ཡིན་ནོ། །ཅི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན། མེད་དེ། འདི་ལྟར། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་

གཞན་དུ་མི་འགྲོ་སྟེ། ཚེ་འདི་ཉིད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་གལ་ཏེ་ན་གཟུགས་མེད་པའི་ཁམས་དག་ཏུ་ཡང་འཇུག་སྟེ། གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་

เล่ม ๑๔๑ · หน้า 24b

བ་གང་ཡིན་པའོ། །འོ་ན་བརྒྱ་བྱིན་གྱིས། བདག་ནི་ཐ་མ་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེ་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་གང་སྨྲས་པ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་ཏེ། ཡང་དག་པར་དགའ་བར་བྱ་བ་ཡིན་

པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་གོ་ཞེས་ཟེར་རོ། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་དང་། ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་དབང་པོ་རྣམས་ཀྱང་མི་འཕོ་

ལ་ཇི་ལྟར་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཅིའི་ཕྱིར་འཕགས་པ་ཚེ་གཞན་དུ་ཡོངས་སུ་གྱུར་པ་གཟུགས་དང་གཟུགས་མེད་པར་འཇུག་པ་དང་། དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་པ་དག་ཏུ་མི་འདོད་ཅེ་ན། འདི་ལྟར་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མེད་ཅེ་

ན། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཞེ་ན། ལམ་མ་འདྲིས་པས་

མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང་། ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ། འདིས་ཉོན་མོངས་པ་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྤངས་པ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་

གཉིས་སམ་གསུམ་ཐོབ་པ་དང་། ཁམས་གསུམ་ལས་ཡང་དག་པར་འདའ་བ་དང་མང་པོ་ཞིག་བྱ་དགོས་ལ། དེ་ཡང་སྲིད་པ་བར་མ་ལ་གནས་པས་བྱ་བར་མི་ནུས་ཞེས་ཟེར་རོ། །དེ་ནི་བསམ་གཏན་སྤེལ་ནས་འོག་མིན་འགྲོ། །ཞེས་བཤད་པ། ཡང་དང་པོ་ཉིད་དུ་བསམ་གཏན་གང་

སྤེལ་བར་བྱེད་ཅེ་ན། དང་པོར་བཞི་པ་སྤེལ་བར་བྱེད། །ཏིང་ངེ་འཛིན་དེ་ནི་ཐམས་ཅད་པས་ལས་སུ་རུང་བ་དང་། ལམ་སླ་བ་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་རོ། །འདི་ལྟར་སྤེལ་བར་བྱེད་དེ། དགྲ་བཅོམ་པ་འམ་ཕྱིར་མི་འོང་བ་ཡང་རུང་སྟེ་ཟག་པ་མེད་པའི་བསམ་གཏན་

เล่ม ๑๔๑ · หน้า 25a

བཞི་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་དེ་ཉིད་ཟག་པ་དང་བཅས་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ལ། ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་སྟེ། དེ་བཞིན་དུ་རྒྱུན་ཕྲི་ནས། གང་གི་ཚེ་སྐད་ཅིག་མ་

གཉིས་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་སྐད་ཅིག་མ་གཉིས་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་ལ་ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་གོ་ཞེས་གྲག་སྟེ། འདི་ནི་སྤེལ་བའི་སྦྱོར་བ་ཡིན་ནོ། །སྐད་ཅིག་མ་ནི་བསྲེས་པས་འགྲུབ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་

གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་མངོན་སུམ་དུ་བྱེད་ཅིང་། ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་སུམ་དུ་བྱེད་ལ། དེ་ལྟར་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་ཟག་པ་མེད་པ་དག་ཏུ་བསྲེས་པས་སྤེལ་བ་འགྲུབ་པ་

ཡིན་ཏེ། སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ལ། གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས། དེའི་སྟོབས་ཀྱིས་གཞན་དང་གཞན་དག་ཀྱང་སྤེལ་བར་བྱེད་དེ། དང་པོར་འདོད་པའི་ཁམས་སུ་གླིང་

གསུམ་དག་ཏུ་སྤེལ་བར་བྱེད་ལ། ཕྱིས་ནི་ཡོངས་སུ་ཉམས་པས་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ། །སངས་རྒྱས་མ་གཏོགས་པས་སྐད་ཅིག་མ་སྤེལ་བར་མི་ནུས་ཏེ། དེའི་ཕྱིར་རྒྱུན་ཆགས་གསུམ་ལ་ཇི་སྲིད་དུ་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་བྱ་བར་

བལྟའོ། །ཅིའི་ཕྱིར་བསམ་གཏན་སྤེལ་བར་བྱེད་ཅེ་ན། སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིག་ཕྱིར་ཡང་། །རྒྱུ་གསུམ་གྱིས་ན་བསམ་གཏན་སྤེལ་བར་བྱེད་དེ། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་

བར་གནས་པར་བྱ་བའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཡང་ཕྱིར་ཏེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིངས་པའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་པ་དབང་པོ་རྣོན་པོ་རྣམས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་

เล่ม ๑๔๑ · หน้า 25b

པར་བྱ་བའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཡང་ཕྱིར་ཏེ། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་གནས་གཙང་མར་སྐྱེ་བ་ལྔ་ཁོ་ན་ཡིན་ཞེ་ན། བསམ་གཏན་བཞི་པ་སྤེལ་མར་བསྒོམས་པར་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་ལྔའི་

ཕྱིར། གནས་གཙང་སྐྱེ་བ་ལྔ་ཁོ་ན། །སྤེལ་མར་བསྒོམ་པ་དེ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། ཤིན་ཏུ་ཆེ་བ་དང་། ཤིན་ཏུ་ཆེས་ཆེ་བའི་བྱེ་བྲག་གིས་རྣམ་པ་ལྔ་ཡིན་ཏེ། དང་པོ་ལ་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དང་ཟག་པ་དང་བཅས་པ་དང་པོ་དང་སེམས་གསུམ་མངོན་སུམ་དུ་

བྱེད་དོ། །གཉིས་པ་ལ་ནི་དྲུག་གོ། །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ། དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ་དེ་ལ་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །གཞན་དག་ན་རེ་དད་པའི་དབང་པོ་

ལ་སོགས་པ་ལྷག་པའི་ཕྱིར་ལྔ་ཡིན་ནོ་ཞེས་ཟེར་རོ། །འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །འདི་ལ་འགོག་པའི་ཐོབ་པ་ཡོད་པས་ན་འགོག་པ་ཐོབ་པ་སྟེ། ཕྱིར་མི་འོང་བ་གང་ལ་ལ་འགོག་པ་ཐོབ་པ་དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་

ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་ཐོབ་པ་ཞེས་བྱའོ། །ཇི་ལྟར་ན་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ། །འདི་ལྟ་བུ་ཡིན་པར་འགྱུར་ཏེ། དེ་འགོག་པ་དེ་ལས་ལངས་ནས་གང་ལས་དེ་ནི་འདི་སྙམ་དུ་ཀྱེ་མ་

འགོག་པའི་སྙོམས་པར་འཇུག་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་དེའི་ཞི་བ་ཉིད་དུ་ལུས་ཀྱིས་མངོན་དུ་བྱས་པ་ཡིན་ཏེ། ཐོབ་པ་དང་ཤེས་པས་

མངོན་སུམ་དུ་བྱེད་པ་དག་གིས་མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །མདོ་ལས་སློབ་པ་བཅོ་བརྒྱད་ཅེས་གསུངས་པ་དེར་ལུས་ཀྱིས་མངོན་དུ་བྱེད་པ་ཅིའི་ཕྱིར་མ་གསུངས་ཤེ་ན། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་གང་ཞིག་ཡིན་ཞེ་ན། ཟག་པ་མེད་པའི་སློབ་པ་གསུམ་དང་དེའི་འབྲས་བུ་སྟེ། དེའི་

เล่ม ๑๔๑ · หน้า 26a

ཁྱད་པར་གྱིས་སློབ་པ་རྣམས་རྣམ་པར་གཞག་གོ། །འགོག་པའི་སྙོམས་པར་འཇུག་པ་ནི་སློབ་པ་ཡང་མ་ཡིན་ལ་སློབ་པའི་འབྲས་བུ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དང་ལྡན་པས་སློབ་པའི་ཁྱད་པར་དུ་མ་གསུངས་སོ། །འདི་ནི་རེ་ཞིག་ཕྱིར་མི་འོང་བ་རྣམས་ཀྱི་དབྱེ་བ་ཆེ་ལོང་

ཡིན་ནོ། །ཞིབ་ཏུ་དབྱེ་ན་ནི་སྟོང་ཕྲག་ཏུ་དབྱེ་བ་ཡོད་དེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་དབང་པོ་རྟུལ་པོ་དང་འབྲིང་པོ་དང་རྣོན་པོའི་བྱེ་བྲག་གིས་གསུམ་མོ། །དེ་དག་ཉིད་སའི་བྱེ་བྲག་གིས་བཞིའོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་

དྲུག་གོ། །གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་གོ། །ས་དང་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་སྟེ། གཟུགས་ཀྱི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པ་ནས་བསམ་གཏན་བཞི་པའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་རོ། །གནས་གཞན་དང་

རིགས་དང་འདོད་ཆགས་དང་བྲལ་བ་དང་དབང་པོའི་བྱེ་བྲག་གིས་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཏེ། ཇི་ལྟར་བྱས་པས་ཤེ་ན། གནས་གཅིག་ན་རིགས་དྲུག་གོ། །རིགས་རེ་རེ་ལ་འཆིང་བ་མཐའ་དག་དང་ལྡན་པ་ནས་རང་གི་གནས་ཀྱི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་གང་

ཟག་དགུ་དགུ་སྟེ། དགུ་དྲུག་ནི་ལྔ་བཅུ་བཞིའོ། །ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་ནི་བརྒྱད་བརྒྱ་དྲུག་ཅུ་རྩ་བཞིའོ། །ཡང་དབང་པོའི་བྱེ་བྲག་གིས་སུམ་འགྱུར་ཏེ། དེ་ལྟར་བྱས་པས་སོ། །འདྲ་བར་རྩེ་བའི་ཕྱིར་བསམ་གཏན་འོག་མའི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་

གོང་མའི་འཆིང་བ་མཐའ་དག་དང་ལྡན་པར་བཤད་པ་ཡིན་ནོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཇི་ལྟ་བར་གོང་དུ་འཕོ་བའི་བར་དུ་ཡང་དེ་དང་འདྲ་བས་ཐམས་ཅད་བསྡུས་ན་ཕྱིར་མི་འོང་བ་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་ཡིན་ནོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་

པ་ཡིན། །ཕྱིར་མི་འོང་བ་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། ཡང་ཕྱིར་མི་འོང་བ་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་སྤངས་པས་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དགུ་ཡི་བར་ཆད་མེད་ལམ་ཡང་། །

เล่ม ๑๔๑ · หน้า 26b

དེ་སྲིད་པའི་རྩེ་མོའི་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ལ་གནས་པ་ན། ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །བར་ཆད་མེད་པའི་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །

བཅོམ་ཟིན་པའི་ཕྱིར་འདིས་ཐམས་ཅད་འཇོམས་པ་ནི་མ་ཡིན་གྱི། བར་ཆད་མེད་པའི་ལམ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་ཐམས་ཅད་འཇོམས་པར་ནུས་པ་ཡིན་ནོ། །རྡོ་རྗེ་ལྟ་བུ་རྣམས་ཀྱི་བྱེ་བྲག་ནི་རྣམ་པ་མང་པོ་ཞིག་ཏུ་བརྗོད་དེ། མི་ལྕོགས་པ་མེད་པས་བསྡུས་པ་སྲིད་པའི་རྩེ་

མོའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པས་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པ་ལྡན་པ་བརྒྱད་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་

པར་ལྡན་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་བཞི་དང་། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པའི་ཕྱིར་རོ། །

དེ་དག་ནི་ཤེས་པའི་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ནོ། །མི་ལྕོགས་པ་མེད་པས་བསྡུས་པ་ཇི་ལྟ་བར་བསམ་གཏན་བཞི་པས་བསྡུས་པའི་བར་དག་ཀྱང་དེ་དང་འདྲའོ། །ནམ་མཁའ་དང་རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པའི་སྐྱེ་

མཆེད་ཀྱིས་བསྡུས་པ་རྣམས་ནི་གྲངས་བཞིན་དུ་ཉི་ཤུ་རྩ་བརྒྱད་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་ཡིན་ཏེ། དེ་དག་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའི་ཕྱིར་རོ། །ས་འོག་མིའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ། དེ་ནི་ཕན་ཚུན་དུ་རྒྱུ་བའི་

ཕྱིར་རོ། །གང་དག་ལམ་ལ་རྗེས་སུ་ཤེས་པ་ཡང་ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་འདོད་པ་དེ་དག་གི་ལྟར་ན་ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་ནས་མི་ལྕོགས་པ་མེད་པས་བསྡུས་པ་རྡོ་རྗེ་ལྟ་བུ་ནི་བརྒྱད་ཅུ་ཡིན་ཏེ། བསམ་གཏན་བཞི་པས་བསྡུས་པའི་བར་དུ་ཡང་དེ་དང་འདྲའོ། །

เล่ม ๑๔๑ · หน้า 27a

ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ནི་གོ་རིམས་བཞིན་དུ་བཞི་བཅུ་དང་། སུམ་ཅུ་རྩ་གཉིས་དང་། ཉི་ཤུ་རྩ་བཞི་ཡིན་ནོ། །ཡང་རིགས་དང་དབང་པོའི་བྱེ་བྲག་གིས་ནི་ཆེས་མང་བ་ཡིན་ནོ། །གང་སྲིད་པའི་རྩེ་མོའི་རྣམ་པ་དགུ་པར་བཤད་པ་རྡོ་རྗེ་ལྟ་བུས་

སྤངས་པ་གང་ཡིན་པ། དེ་ཟད་ཐོབ་དང་ཟད་པ་ཤེས། །རྣམ་པ་དགུ་པ་དེ་ཟད་པའི་ཐོབ་པ་དང་ལྷན་ཅིག་ཏུ་ཟད་པ་ཤེས་པ་སྐྱེ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་རྣམ་པར་གྲོལ་བའི་ལམ་ཐ་མ་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་

དང་ལྷན་ཅིག་སྐྱེ་བའི་ཕྱིར་ཟད་པ་ཤེས་པ་ཡིན་ནོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པ་ཤེས་པ་སྐྱེ་ནས་མི་སློབ་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཡིན་ཏེ། འབྲས་བུ་གཞན་གྱི་ཕྱིར་སློབ་པར་བྱ་བ་མེད་པའི་ཕྱིར་མི་སློབ་པ་ཡིན་ནོ། །དེ་

ཉིད་ཀྱི་ཕྱིར་དེ་ནི་གཞན་གྱི་དོན་བྱེད་པར་འོས་པའི་ཕྱིར་དང་། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཡིན་ནོ། །གང་ཟག་སྔར་བཤད་པ་གཞན་བདུན་ནི་སློབ་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཅིའི་ཕྱིར་དེ་དག་སློབ་པ་ཡིན་ཞེ་ན། ཟག་པ་

ཟད་པར་བྱ་བའི་ཕྱིར་བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་རྟག་ཏུ་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཏོ། དེ་དག་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་དག་ཡིན་ནོ། །སོ་སོའི་སྐྱེ་བོ་ཡང་སློབ་པ་ཡིན་པར་འགྱུར་རོ་ཞེ་ན།

མ་ཡིན་ཏེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པའི་ཕྱིར་དང་། ཡང་སློབ་པ་གཏོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་གང་ཞིག་སློབ་པ་དེ་ཁོ་ན་སློབ་པ་ཡིན་གྱི་སློབ་པ་འདོར་བ་ནི་མ་ཡིན་ནོ་ཞེས་དམིགས་ཀྱིས་བསལ་བ་ཤེས་པར་བྱ་བའི་ཕྱིར་མདོ་ལས། ཞི་བྱེད་

བསླབ་པ་ལ་སློབ་ཅིང་། །བསླབ་པ་ལ་སློབ་པས་ནི་དེའི་ཕྱིར་སློབ་པ་ཞེས་བྱའོ་ཞེས་ལན་གཉིས་སུ་གསུངས་སོ། །འཕགས་པ་རང་བཞིན་དུ་གནས་པ་ཇི་ལྟར་སློབ་པའི་ངང་ཚུལ་ཅན་ཡིན་ཞེ་ན། བསམ་པའི་སྒོ་ནས་ཏེ། ལམ་དུ་འགྲོ་བ་གནས་པ་བཞིན་ནོ། །ཐོབ་པ་དང་རྗེས་སུ་འབྲེལ་

เล่ม ๑๔๑ · หน้า 27b

བའི་ཡང་ཕྱིར་རོ། །ཡང་སློབ་པའི་ཆོས་རྣམས་གང་ཞེ་ན། སློབ་པའི་ཟག་པ་མེད་པ་རྣམས་སོ། །མི་སློབ་པ་རྣམས་གང་ཞེ་ན། མི་སློབ་པའི་ཟག་པ་མེད་པ་རྣམས་སོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་སློབ་པ་མ་ཡིན་ཞེ་ན། མི་སློབ་པ་དང་སོ་སོའི་སྐྱེ་བོ་གཉི་ག་ཡང་དེ་དང་ལྡན་པའི་ཕྱིར་

རོ། །ཅིའི་ཕྱིར་མི་སློབ་པ་མ་ཡིན་ཞེ་ན། སློབ་པ་དང་སོ་སོའི་སྐྱེ་བོ་གཉི་ག་ཡང་དེ་དང་ལྡན་པའི་ཕྱིར་རོ། །དེ་དག་ཐམས་ཅད་ནི་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་བཞི་དང་། འཕགས་པའི་གང་ཟག་བརྒྱད་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་

བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་ནས་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པའི་བར་ཡིན་ནོ། །མིང་གི་སྒོ་ནས་ནི་བརྒྱད་ཡིན་ནོ། །རྫས་སུ་ནི་ལྔ་ཡིན་ཏེ། ཞུགས་པ་དང་པོ་དང་འབྲས་བུ་ལ་གནས་པ་བཞིའོ། །

ཞུགས་པ་ལྷག་མ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ། །མཐར་གྱིས་འཐོབ་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི། ཕལ་ཆེར་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཅིག་ཡིན་ན་ནི་མཐོང་བའི་ལམ་ལ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་

འབྲས་བུ་ལ་ཞུགས་པ་དག་ཡིན་གྱི། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དག་ནི་མ་ཡིན་ནོ། །བསྒོམ་པའི་ལམ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སུ་བཤད་པ་ལ། སློབ་པ་འདི་གང་གིས་གང་ལས་འདོད་ཆགས་དང་བྲལ་བ་འཐོབ་ཅེ་ན། འཇིག་

རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་འཇིག་རྟེན་པས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་དང་། རང་གི་ས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཉེན་པོ་མ་ཡིན་ཞེ་ན། དེའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་ཏེ། ཉོན་

མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་བྱེད་པ་མ་ཡིན་ལ། གང་གི་གཉེན་པོ་གང་ཡིན་པ་དེ་ལ་ནི་ཉོན་མོངས་པ་དེ་རྒྱས་པར་ཡང་མི་འགྱུར་བའི་ཕྱིར་རོ། །གཞན་ལས་རྣམ་པ་གཉིས། །སྲིད་པའི་རྩེ་མོ་ལས་གཞན་པའི་ས་ཐམས་ཅད་ལས་

เล่ม ๑๔๑ · หน้า 28a

ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་ལ། འཇིག་རྟེན་ལས་འདས་པས་ཀྱང་འདོད་ཆགས་དང་བྲལ་ལོ། །འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་

ཆགས་དང་བྲལ་བར་གྱུར་པ་ལ་བྲལ་བའི་ཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་རྣམ་པ་གཉིས་སྐྱེའོ། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། །གཞན་དག་ན་རེ་འཇིག་རྟེན་ལས་འདས་པས་ཀྱང་དེ་དང་འདྲའོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། བཏང་ལ་ཉོན་མོངས་མི་ལྡན་

ཕྱིར། །གལ་ཏེ་འཕགས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པ་ལ་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མི་སྐྱེ་ན། དེ་ལྟ་ན་འཕགས་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་པ་གང་

ཡིན་པ་དེ་ལམ་སྔ་མ་ཟད་པར་བཏང་པའི་ཕྱིར་དང་། འབྲས་བུའི་ལམ་འབའ་ཞིག་ཐོབ་པའི་ཕྱིར་ས་གོང་མ་པའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་ཡང་འགྱུར་ལ། དེ་བཏང་ན་ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། །གོང་

དུ་སྐྱེས་པ་བཞིན་མི་ལྡན། །དེ་ལ་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མེད་དུ་ཟིན་ཀྱང་དེ་དག་དང་ལྡན་པར་མི་འགྱུར་ཏེ། དཔེར་ན་སྲིད་པའི་རྩེ་མོའི་རྣམ་པ་ཕྱེད་ལ་རྣམ་པར་གྲོལ་བ་ལ་དེའི་བྲལ་བའི་འཐོབ་པ་འཇིག་རྟེན་པ་ཡང་མེད་ལ། དབང་པོ་འཕོ་བས་འཇིག་རྟེན་ལས་འདས་པ་ཡང་བཏང་བཞིན་དུ་ཉོན་མོངས་

པ་དེ་དག་དང་ལྡན་པར་མི་འགྱུར་བ་དང་། ཡང་དཔེར་ན་སོ་སོའི་སྐྱེ་བོ་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་བཏང་བས་ཡང་དེ་དག་དང་ལྡན་པར་མི་འགྱུར་བ་བཞིན་པས་འདི་ནི་ཤེས་པར་བྱེད་པ་མ་ཡིན་ནོ། །ས་གང་ཞིག་གིས་གང་ལས་

འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །སྲིད་པའི་རྩེ་མོའི་བར་ལས་སོ། །ཡང་གང་ཞིག་ཉེར་བསྡོགས་ལ་བརྟེན་ཏེ་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་འཐོབ་ན། ཅིའི་ཕྱིར་རྣམ་པར་གྲོལ་བའི་ལམ་

เล่ม ๑๔๑ · หน้า 28b

ཐམས་ཅད་བར་ཆད་མེད་པའི་ལམ་བཞིན་དུ་ཉེར་བསྡོགས་ལས་སྐྱེའམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །སྐྱེ་བའི་ས་ནི་ཐམས་ཅད་དུ་དགུ་སྟེ། འདོད་པའི་ཁམས་དང་

བསམ་གཏན་དང་གཟུགས་མེད་པ་བརྒྱད་དོ། །དེ་ལ་བསམ་གཏན་གཉིས་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ས་གསུམ་ལས་རྒྱལ་བ་དེ་ལ་ནི་རྣམ་པར་གྲོལ་བའི་ལམ་ཐ་མ་ཉེར་བསྡོགས་སམ་བསམ་གཏན་དངོས་གཞི་ལས་སྐྱེའོ། །གོང་མའི་ཉེ་བར་བསྡོགས་ལས་མིན། །ས་

གསུམ་ལས་རྒྱལ་བ་ཡན་ཆད་ནི་བཏང་སྙོམས་ཀྱི་དབང་པོ་ཐུན་མོང་མ་ཡིན་པའི་ཕྱིར་དངོས་གཞི་ཁོ་ན་ལས་སྐྱེའི་ཉེར་བསྡོགས་ལས་ནི་མ་ཡིན་ནོ། །བསམ་གཏན་གསུམ་ན་ནི་ཉེར་བསྡོགས་དང་དངོས་གཞི་གཉིས་ཀྱི་དབང་པོ་ཐ་དད་པའི་ཕྱིར་ལ་ལ་བསམ་གཏན་དང་དངོས་གཞི་ལ་འཇུག་

མི་ནུས་ཏེ། དབང་པོའི་འཕོ་བ་ནི་དཀའ་བའི་ཕྱིར་རོ། །དེ་ལྟ་བས་ན་ས་གསུམ་ལས་འདོད་ཆགས་དང་བྲལ་བ་ལ་ནི་རྣམ་པར་གྲོལ་བའི་ལམ་ཐ་མ་ཉེར་བསྡོགས་ལས་ཀྱང་སྐྱེའོ། །ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་བཤད་ཀྱི་གཞན་

དག་གིས་ནི་མ་བཤད་པས་དེའི་ཕྱིར། འཕགས། བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་བསམ་གཏན་དང་བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པ་བརྒྱད་ཀྱིས་ནི་རང་གི་ས་དང་ས་གོང་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འོག་མ་

ལས་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རྣམས་ནི་བདེན་པ་ལ་དམིགས་པའི་ཕྱིར་བདེན་པའི་རྣམ་པར་ཞུགས་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་

ཆད་མེད་ལམ་གོ་རིམས་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ཞི་བ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་ལ། བར་ཆད་མེད་པའི་ལམ་རྣམས་ནི་རགས་པ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་ནོ། །དེ་དག་ཀྱང་གོ་རིམས་བཞིན་དུ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด