ཆོས་མངོན་པའི་མཛོད་ཀྱི་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๐ · หน้า 189a
གཞན་དག་དམ་ཆོས་ནུབ་པ་ལས། །གཞན་དག་ན་རེ་དམ་པའི་ཆོས་ནུབ་པ་ལས་ཏེ། འདི་ལྟར་དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་། ལས་ཀྱི་མཐའ་རྣམས་མེད་པར་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་
སུ་འདོད། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་ལྟར་འདོད་དེ། རྩ་བའི་ལྟུང་བ་བྱུང་བ་ལ་ཡང་སྡོམ་པ་གཏོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་ནི་མི་རིགས་སོ། །ལྟུང་བ་གཞན་བྱུང་བ་ལ་ཡང་ཚུལ་ཁྲིམས་འཆལ་པ་མེད་དོ། །འོ་ན་ཇི་ལྟ་བུ་
ཞེ་ན། འདི་ལ་ཚུལ་ཁྲིམས་དང་འཆལ་པའི་ཚུལ་ཁྲིམས་གཉི་ག་ཡང་ཡོད་དེ། དཔེར་ན་མི་འགའ་ཞིག་ལ་ནོར་ཡང་བདོག་བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ་བཤགས་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི་ཚུལ་ཁྲིམས་འཆལ་པ་ནི་མ་ཡིན་ཏེ། དཔེར་ན་བུ་ལོན་བཙལ་ནས་ནོར་
དང་ལྡན་པ་ཡིན་གྱི་བུ་ལོན་ཆགས་པ་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་འདོད་དོ། །འོ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན། ཤཱཀྱའི་བུ་མ་ཡིན། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར། ཉམས་པ་དང་། བཅོམ་པ་
དང་། ལྟུང་བ་དང་། ཕམ་པར་འགྱུར་ཞེས་གང་གསུངས་པ་ཇི་ལྟ་བུ། དེ་ནི་དོན་དམ་པའི་དགེ་སློང་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །འདི་ནི་ཧ་ཅང་ཐུག་ཐུབ་ཆེས་པར་འགྱུར་རོ། །འདི་ལ་ཐུག་ཐུབ་ཅི་ཞིག་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་གང་ཡིན་པ་གཞན་
དུ་འདྲེན་པའོ། །ཉོན་མོངས་པ་མང་པོ་རྣམས་ལ་འཆལ་པའི་ཚུལ་ཁྲིམས་སུ་བྱ་བའི་ཕྱིར་རྐྱེན་བྱེད་པ་ཡང་ཡིན་ནོ། །དེ་ཇི་ལྟར་ན་ངེས་པའི་དོན་ཡིན་ཞེ་ན། འདུལ་བ་ལས་འདི་སྐད་དུ་དགེ་སློང་ནི་རྣམ་པ་བཞི་སྟེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། སློང་བས་ན་དགེ་
སློང་དང་། ཉོན་མོངས་པ་བཅོམ་པས་ན་དགེ་སློང་ངོ་། །དོན་འདི་ལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཡིན་ནོ་ཞེས་གསུངས་ཏེ། དེ་སྔོན་དོན་དམ་པའི་དགེ་སློང་དུ་གྱུར་ལ་གང་གིས་ནི། ཕྱིས་དགེ་སློང་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ། །ཕྱོགས་
เล่ม ๑๔๐ · หน้า 189b
གཅིག་ཉམས་པས་ཞེས་གང་སྨྲས་པ་དེ་ནི་སྟོན་པ་དེ་ཉིད་ཀྱིས། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་བཏུབ་འཕེལ་ཞིང་རྒྱས་པ་དང་ཡངས་པར་མི་བཏུབ་པ་བཞིན་ནོ་ཞེས་བྱ་བ་དཔེར་མཛད་པས་ལན་བཏབ་པ་ཡིན་ནོ། །དཔེའི་དོན་ཡང་ཇི་ལྟ་བུ་ཡིན་ཞེ་ན། རྩ་བར་གྱུར་པ་ཕྱོགས་
གཅིག་ཆད་པས་ཀྱང་སྡོམ་པ་ལྷག་མ་འཕེལ་དུ་མི་བཏུབ་ཞེས་བྱ་བ་ཡིན་ཏེ། དེ་ཡང་དགེ་སློང་གིས་དངོས་པོའི་མཚམས་འཇིག་པར་བྱེད་པ་རྩ་བའི་ལྟུང་བ་ལྕི་བ་བྱུང་ན་ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་སྡོམ་པའི་རྩ་བ་འཆད་པས་སྡོམ་པ་ཟད་པས་གཏོང་བར་རིགས་སོ། །སྟོན་
པས་གང་ལ་དགེ་འདུན་གྱི་ཞལ་ཟས་དང་གཙུག་ལག་ཁང་ལ་ཁམ་གཅིག་དང་གོམ་པ་གཅིག་འདོར་བའི་ཕྱོགས་ལོངས་སྤྱད་པར་ཡང་མ་གནང་བ་ནི་དགེ་སློང་གི་ལོངས་སྤྱོད་ཐམས་ཅད་ལས་ཀྱང་བཀར་རོ། །གང་གི་དབང་དུ་མཛད་ནས། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བ་སྲེ་ད་
བསལ་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས། །ཞེས་གསུངས་པས་དེའི་དགེ་སློང་གི་དངོས་པོ་ཅི་འདྲ་བ་ཞིག་ཡིན་ཅི་འདྲ་ཡང་རུང་དགེ་སློང་གི་དངོས་པོ་ནི་ཡོད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བཙུན་དེ་དགེ་སྦྱོང་བཞི་སྟེ་ལྔ་པ་མེད། ལམ་
གྱི་རྒྱལ་དང་ལམ་སྟོན་དང་། །ལམ་ཕྱིར་འཚོ་དང་ལམ་སུན་འབྱིན། །ཞེས་གསུངས་སོ། །དེ་སྐད་དུ་གསུངས་པ་ཡོད་མོད་ཀྱི། དེ་ནི་ཤ་ཚུགས་ཙམ་ལུས་པའི་ཕྱིར་དགེ་སྦྱོང་ཞེས་གསུངས་པར་ཟད་དེ། ཤིང་ཚིག་པ་དང་། མཚེའུ་སྐམས་པ་དང་། ནེ་ཙོའི་མཆུ་དང་། ས་བོན་རུལ་པ་
དང་། མགལ་མེའི་འཁོར་ལོ་དང་། སེམས་ཅན་ཤི་བ་བཞིན་ནོ། །གལ་ཏེ་འཆལ་པའི་ཚུལ་ཁྲིམས་ལས་དགེ་སློང་མ་ཡིན་པར་འགྱུར་ན་བསླབ་པ་སྦྱིན་པ་པོ་མེད་པར་འགྱུར་རོ། །ཐམས་ཅད་ལྟུང་བ་བྱུང་བའི་མདོ་ལས་ཕས་ཕམ་པ་པ་ཡིན་ནོ་ཞེས་མི་ཟེར་གྱི། གང་ཕས་ཕམ་པ་པ་
དེ་ནི་གདོན་མི་ཟ་བར་དགེ་སྦྱོང་མ་ཡིན་ནོ། །ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཕས་ཕམ་པ་པ་མ་ཡིན་ཏེ། སེམས་འགས་ཀྱང་མི་འཆབ་པའི་ཕྱིར་དེ་ནི་ཆོས་ཀྱི་རྗེས་སུ་རྣམ་པར་གཞག་གོ། །གལ་ཏེ་ཕས་ཕམ་པ་པ་དགེ་སློང་མ་ཡིན་ན་ཅི་སྟེ་ཡང་རབ་ཏུ་མི་འབྱུང་། རྒྱུད་ཁྲེལ་མེད་པ་ཤས་ཆེན་
เล่ม ๑๔๐ · หน้า 190a
པོས་ཉམས་པར་བྱས་པས་སྡོམ་པའི་སྐལ་བ་མེད་པའི་ཕྱིར་ཡིན་གྱི། དགེ་སློང་གི་དངོས་པོ་ལ་ལྟོས་ཏེ་མ་ཡིན་ཏེ། འདི་ལྟར་དེ་ནི་བསླབ་པ་ཕུལ་ཡང་རབ་ཏུ་མི་འབྱུང་ངོ་། །དོན་མེད་པ་འདི་ལ་ཅི་ཞིག་འབད་དེ། གལ་ཏེ་དེ་ལྟ་བུར་གྱུར་པ་ཡང་དགེ་སློང་ཡིན་ན་དགེ་
སློང་ཉིད་དེ་འདྲ་བ་དེ་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་འཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་ནི་གཏོང་བ་མེད་དོ། །ཡང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཇི་ལྟར་གཏོང་ཞེ་ན། བསམ་གཏན་གཏོགས་པའི་དགེ་བ་
ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། གོང་མ་འོག་ཏུ་སྐྱེ་བ་སྟེ་ས་འཕོས་པ་ལས་སམ། སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་སོ། །རིས་མཐུན་པ་བཏང་བ་ལས་ཀྱང་ཅུང་
ཟད་གཏོང་བར་འགྱུར་རོ། །ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བས་འཕོ་བ་དང་། ཡོངས་སུ་ཉམས་པ་དག་གིས་གཏོང་བ་ལྟར། །དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །དགེ་བ་ཟག་པ་མེད་པ་ནི་རྒྱུ་གསུམ་གྱིས་
གཏོང་བར་འགྱུར་ཏེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་ནི་དབང་པོ་རྟུལ་པོའི་ལམ་མོ། །ཡོངས་སུ་ཉམས་པ་ལས་ནི་ལམ་གོང་མ་འབྲས་བུའམ་འབྲས་བུ་ཁྱད་པར་ཅན་ཏེ། རེ་ཞིག་སྡོམ་པ་རྣམས་ནི་དེ་ལྟར་གཏོང་ངོ་། །སྡོམ་
མིན་སྡོམ་པ་ཐོབ་པ་དང་། །ཤིང་དང་མཚན་ཉིད་བྱུང་བ་ལས། །སྡོམ་པ་མ་ཡིན་པ་ནི་རྒྱུ་གསུམ་གྱིས་འཆད་དེ། སྡོམ་པ་ཐོབ་པ་ལས་ནི་གལ་ཏེ་སྡོམ་པ་ཡང་དག་པར་བླངས་པ་ལས་སམ། རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གྱི་སྡོམ་པ་ཐོབ་ན་གཉེན་པོ་
སྟོབས་དང་ལྡན་པའི་ཕྱིར་དེས་སྡོམ་པ་མ་ཡིན་པ་འཆད་པར་འགྱུར་རོ། །ལུས་བོར་བའི་ཕྱིར་ཤི་བ་དང་། རྟེན་ཉམས་པའི་ཕྱིར་མཚན་ཉིད་བྱུང་བ་ལས་འདོར་བར་འགྱུར་རོ། །མཚོན་དང་རྒྱ་མི་བྱ་བའི་བསམ་པ་ཐག་པ་ནས་བོར་དུ་ཟིན་ཀྱང་སྡོམ་པ་མེད་པར་སྡོམ་པ་མ་ཡིན་པ་འཆད་པ་
เล่ม ๑๔๐ · หน้า 190b
མེད་དེ། གཞི་ཡོངས་སུ་སྤངས་ཀྱང་སྨན་མེད་པར་ནད་རྙིང་མི་བཟློག་པ་བཞིན་ནོ། །སྡོམ་པ་མ་ཡིན་པ་ཅན་གང་ཞིག་བསྙེན་གནས་ཀྱི་སྡོམ་པ་ནོད་ན་ཅི་འདི་སྡོམ་པ་དེ་ལས་ཡང་སྡོམ་པ་མ་ཡིན་པར་འགྱུར་རམ། འོན་ཏེ་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ཞིག་ཏུ་འགྱུར་
ཞེ་ན། ཁ་ཅིག་ན་རེ་གཏན་དུ་གཏོང་བའི་བསམ་པ་མེད་པའི་ཕྱིར་སྡོམ་པ་མ་ཡིན་པར་འགྱུར་ཏེ། ལྕགས་ཀྱི་ཐུ་ལུམ་འབར་བ་ཡང་སྔོན་པོར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ཐོབ་པ་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་སྦྱོར་བ་མི་བྱེད་ན་མི་འགྱུར་རོ་ཞེས་ཟེར་རོ། །
ཡང་སྡོམ་པ་དང་སྡོམ་པ་མ་ཡིན་པ་མ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་གཏོང་ཞེ་ན། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །རབ་ཏུ་དང་བ་དང་། ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འདི་འཕངས་པ་དེ་ཆད་པ་དེ་ཡང་
རྣམ་པར་འཆད་པར་འགྱུར་ཏེ། རྫ་མཁན་གྱི་འཁོར་ལོ་དང་། མདའི་འགྲོས་བཞིན་ནོ། །གལ་ཏེ་ཡང་དག་པར་བླངས་པ་འདིས་ཆོག་གོ་ཞེས་ཡང་དག་པར་ལེན་པ་གཏོང་ན་ཀུན་དུ་བླངས་པ་བཏང་བ་ལས་ཀྱང་རྣམ་པར་འཆད་པར་འགྱུར་རོ། །ཇི་ལྟར་བླངས་པ་བཞིན་མ་བྱས་པའི་བྱ་
བ་རྣམ་པར་འཆད་པ་ལས་ཀྱང་རྣམ་པར་འཆད་པར་འགྱུར་རོ། །དོན་རྣམ་པར་འཆད་པ་ལས་ཀྱང་རྣམ་པར་འཆད་པར་འགྱུར་རོ། །དོན་གང་ཞེ་ན། མཆོད་རྟེན་དང་། ཀུན་དགའ་ར་བ་དང་། གཙུག་ལག་ཁང་དང་། མལ་ཆ་དང་། སྟན་དང་། གོས་དང་། རྒྱ་ལ་སོགས་པའི་དངོས་
པོའོ། །ཚེ་ཆད་པ་ལས་ཀྱང་འཆད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་འཆད་པ་ལས་ཀྱང་རྣམ་པར་འཆད་པར་འགྱུར་ཏེ། གང་གི་ཚེ་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པར་རྩོམ་པ་ནའོ། །དེ་ལྟར་ན་རྒྱུ་དེ་དྲུག་གིས་རྣམ་པར་རིག་བྱེད་མ་ཡིན་པ་གཏོང་བར་འགྱུར་རོ། །འདོད་
གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །འདོད་པ་ན་སྤྱོད་པའི་དགེ་བ་གཟུགས་ཅན་མ་ཡིན་པའི་རང་བཞིན་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། དགེ་བའི་རྩ་བ་ཀུན་དུ་ཆད་པའམ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལས་སོ། །ཉོན་མོངས་པ་ཅན་གཟུགས་
เล่ม ๑๔๐ · หน้า 191a
མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཉོན་མོངས་པ་ཅན་གཟུགས་ཅན་མ་ཡིན་པའི་རང་བཞིན་ཁམས་གསུམ་པ་ཐམས་ཅད་ནི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་ཏེ། ཉེ་བའི་ཉོན་མོངས་པའི་རྣམ་པ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེས་
འདི་འཁོར་དང་བཅས་པ་ཡོངས་སུ་སྤོང་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཡང་སྡོམ་པ་མ་ཡིན་པ་ནི་སེམས་ཅན་གང་དག་ལ་ཡོད། སྡོམ་པ་ནི་གང་དག་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན། སྡོམ་པ་མ་ཡིན་པ་ནི་མིའི་འགྲོ་བ་ཁོ་ན་
ལ་ཡོད་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ལ་ཡང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་དང་བྱང་གི་སྒྲ་མི་སྙན་པ་རྣམས་ནི་མ་གཏོགས་སོ། །སྡོམ་པའང་དེ་བཞིན་ལ། ལྷ་ལའང་། སྡོམ་པ་ཡང་ཇི་སྐད་བཤད་པ་མ་གཏོགས་པ་མི་རྣམས་དང་། ལྷ་རྣམས་ལ་ཡོད་པས་འགྲོ་བ་གཉིས་ན་སྡོམ་པ་
ཡོད་དོ། །ཟ་མ་ལ་སོགས་པ་ལ་སྡོམ་པ་མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། མདོ་དང་འདུལ་བ་ལས་ཏེ། མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་གྱོན་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནས་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་
ཏུ་སྨྲ་བའི་བར་དུ་ཡང་བྱེད་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་སོ། །འདུལ་བ་ལས་ཀྱང་དེ་ལྟ་བུ་གསལ་བར་བྱའོ་ཞེས་གསུངས་སོ། །ཅིའི་ཕྱིར་དེ་དག་ལས་སྡོམ་པ་མེད་ཅེ་ན། རྟེན་གཉི་གའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དང་། སོ་སོར་རྟོག་པ་མི་བཟོད་པའི་ཕྱིར་དང་ངོ་ཚ་
ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་མེད་པའི་ཕྱིར་རོ། །འོ་ན་སྡོམ་པ་མ་ཡིན་པ་ཅིའི་ཕྱིར་མེད་ཅེ་ན། སྡིག་པ་ལ་ཡང་བསམ་པ་མི་བརྟན་པའི་ཕྱིར་དང་། གང་ལ་སྡོམ་པ་ཡོད་པ་དེ་ལ་སྡོམ་པ་མ་ཡིན་པ་ཡང་ཡོད་དེ། གཉེན་པོར་གྱུར་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་ཡང་དག་
པར་ལེན་པ་དང་ཏིང་ངེ་འཛིན་མེད་པའི་ཕྱིར་དང་། སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་མེད་དོ། །ངན་སོང་བ་རྣམས་ལ་ཡང་གང་དང་ལྡན་པ་དང་གང་མེད་པས་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ཏུ་འགྱུར་བ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤས་ཆེན་པོ་མེད་དོ། །
เล่ม ๑๔๐ · หน้า 191b
གཞན་ཡང་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དང་། ངན་སོང་བ་དེ་དག་གི་ལུས་ཉིད་དུ་ལུས་གང་ལ་སྡོམ་པ་ཡང་མི་སྐྱེ་སྡོམ་པ་མ་ཡིན་པ་ཡང་མི་སྐྱེ་བ་ཞིང་ཚ་སྒོ་ཅན་ལྟ་བུར་གྱུར་པ་ཡིན་ཏེ། ཞིང་ཚ་སྒོ་ཅན་ལ་འབྲུ་ཡང་ཚར་ཅིག་མི་སྐྱེ། རྩྭ་ཡང་ཚར་ཅིག་མི་སྐྱེ་བ་བཞིན་ནོ། །འོ་ན་མདོ་
ལས། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་སོ་ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་དེ་དག་གིས་ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྡོམ་པ་
ནི་ལྷ་དང་མི་རྣམས་ཁོ་ན་ལ་ཡོད་དོ། །དེ་ལ་ཡང་མི་རྣམས་ལ་གསུམ་མོ། །མི་རྣམས་ལ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཐམས་ཅད་ཡོད་དོ། །འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་
སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་ཀྱི་གོང་ན་ནི་མེད་དོ། །ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཟག་པ་མེད་པའི་སྡོམ་པ་ནི་འདོད་པའི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་ལ་བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་
སེམས་ཅན་དུ་སྐྱེས་པ་རྣམས་མ་གཏོགས་པ་གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་དེ། དེ་དག་གིས་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ནོ། །ལས་བསྟན་པའི་དབང་དུ་བྱས་པ་ཡིན་པས་འདི་མན་ཆད་ནི་མདོ་ལས་བསྟན་པའི་ལས་རྣམས་བཤད་
པར་བརྩམ་མོ། །ལས་ནི་གསུམ་སྟེ། ལས་དགེ་བ་དང་ལས་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཞེས་འབྱུང་བ་དེ་ལ། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་ནི་གཞན་ཡིན། །འདི་ནི་དགེ་བ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། ལས་བདེ་བ་ནི་དུས་རེ་ཞིག་དང་། གཏན་དུ་སྡུག་བསྔལ་
ལས་ཡོངས་སུ་སྐྱོབ་པའི་ཕྱིར་དགེ་བ་ཡིན་ཏེ། འབྲས་བུ་ཡིད་དུ་འོང་བ་དང་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་ཡིན་ནོ། །མི་དགེ་བ་ནི་མི་མཐུན་པའི་ཕྱོགས་ཀྱིས་མི་དགེ་བ་ཡིན་ཏེ། གང་གིས་རྣམ་པར་སྨིན་པ་ཡིད་དུ་མི་འོང་བའོ། །དེ་ཉིད་ལས་གཞན་པ་བདེ་བ་ཡང་མ་ཡིན་མི་བདེ་བ་
เล่ม ๑๔๐ · หน้า 192a
ཡང་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་ལས་གཞན་པ་ཡིན་པར་རིག་པར་བྱ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་། བསོད་ནམས་བསོད་ནམས་མིན་མི་གཡོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ལས་ནི་གསུམ་སྟེ། བསོད་ནམས་དང་།
བསོད་ནམས་མ་ཡིན་པ་དང་། མི་གཡོ་བའོ། །ཡང་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བའི་ལས་དང་། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །དེ་ལ་རེ་ཞིག བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་
གཡོ་གོང་མ་ལས་སྐྱེས་པའི། །དགེ་བ་ཞེས་བྱ་བར་སྦྱར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་དགེ་བ་ནི་མི་གཡོ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས། འདི་ལ་རྣམ་པར་བརྟགས་པ་དང་རྣམ་པར་དཔྱད་པ་གང་ཡིན་པ་འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བའོ་ཞེས་གསུངས་
སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསམ་གཏན་གསུམ་པོ་གཡོ་བ་དང་བཅས་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་དག་གི་ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལས་དགོངས་ནས་དེ་སྐད་དུ་གསུངས་པར་ཟད་ཀྱི། དེ་དག་ནི་མི་གཡོ་བའི་མདོ་ལས་མི་གཡོ་བ་དང་མཐུན་པར་འགྲོ་བའི་ལམ་
ལས་བརྩམས་ཏེ་མི་གཡོ་བར་གསུངས་སོ། །ཡང་ཅིའི་ཕྱིར་གཡོ་བ་དང་བཅས་པ་ཁོ་ན་གཞན་དུ་མི་གཡོ་བར་གསུངས་ཤེ་ན། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །འདོད་པ་ན་སྤྱོད་པའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་བ་ཡིན་ནོ། །ཇི་ལྟར་གཡོ་
ཞེ་ན་རྣམ་པར་མི་གནས་པའི་ཕྱིར་འགྲོ་བ་གཞན་ཡང་འགྲོ་བ་གཞན་དུ་རྣམ་པར་སྨིན་པར་འགྱུར་ལ། ལྷའི་རིས་གཞན་པ་ཡང་ལྷའི་རིས་གཞན་དུ་རྣམ་པར་སྨིན་པར་འགྱུར་ཏེ། བོང་ཚོད་དང་སྟོབས་དང་ཁ་དོག་དང་བདེ་བ་དང་ལོངས་སྤྱོད་ལ་སོགས་པར་འགྱུར་བའི་ལས་ལྷ་དག་གི་ནང་དུ་རྣམ་
པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ཉིད་རེས་འགའ་རྐྱེན་གཞན་གྱི་དབང་གིས་མི་དང་དུད་འགྲོ་དང་ཡི་དགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་ས་གཞན་ལས་གཞན་དུ་རྣམ་པར་སྨིན་པར་ནམ་ཡང་མི་ནུས་སོ། །དེ་ལྟ་བས་ན་རྣམ་
เล่ม ๑๔๐ · หน้า 192b
པར་སྨིན་པ་རྣམ་པར་གནས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །བསོད་ནམས་མ་ཡིན་པའི་ལས་ནི་མི་དགེ་བའོ་ཞེས་འཇིག་རྟེན་ན་གྲགས་བས་འཇིག་རྟེན་ལས་གྲགས་པ་གང་ཡིན་པ་དེ་ལ་འབད་པས་ཅི་ཞིག་བྱ། བསོད་ནམས་ལ་སོགས་པའི་ལས་བསྟན་ཟིན་ཏོ། །བདེ་བ་མྱོང་བར་འགྱུར་བ་ལ་
སོགས་པ་བཤད་པར་བྱ་སྟེ་དེ་ཙམ་མོ། །བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར། བསམ་གཏན་གསུམ་པའི་བར་གྱིས་ལས་དགེ་བ་ནི་བདེ་བ་མྱོང་བར་འགྱུར་བ་ཡིན་པས་བདེ་བའི་ཚོར་བའི་ས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདོད་པའི་ཁམས་དང་བསམ་གཏན་གསུམ་
མོ། །དེ་ཡན་ཆད། སྡུག་མིན་བདེ་མིན་མྱོང་འགྱུར་བ། །བདེ་བ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གསུམ་པ་ཡན་ཆད་ཀྱི་ལས་དགེ་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ། །སྡུག་བསྔལ་
མྱོང་འགྱུར་འདིའི་མི་དགེ །ལས་མི་དགེ་བ་ནི་སྡུག་བསྔལ་མྱོང་བར་འགྱུར་བའོ། །འདིའི་ཞེས་སྨོས་པ་ནི་འདོད་པའི་ཁམས་ཁོ་ན་ན་དེ་ཡོད་པར་བསྟན་པའི་ཕྱིར་རོ། །འདི་དག་གི་འབྲས་བུ་ཚོར་བ་འབའ་ཞིག་ཏུ་ནི་མ་ཟད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། ཚོགས་དང་བཅས་པ་ཡིན་ནོ། །འོག་
ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ། གཞན་དག་ན་རེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་སུ་བཤད་པ་གང་ཡིན་པ་དེ་ནི་བསམ་གཏན་བཞི་པ་མན་ཆད་ན་ཡང་ཡོད་དོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་
སྨིན་ལས། །དེ་ལྟར་མ་ཡིན་ན་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་མེད་པའམ། ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། དེ་ན་བདེ་བ་དང་སྡུག་བསྔལ་དག་མེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་བསམ་གཏན་ཁྱད་པར་ཅན་གྱིས་
ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གཏན་གྱི་བདེ་བའི་དབང་པོ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེའི་རྣམ་པར་སྨིན་པ་ཚོར་བ་མེད་པ་ཉིད་དོ་ཞེས་ཟེར་རོ། །འདི་ནི་བསྟན་བཅོས་དང་འགལ་བ་ཡིན་ཏེ། བསྟན་བཅོས་ལས་ནི། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་
เล่ม ๑๔๐ · หน้า 193a
པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དོ། །རྟོག་པ་མེད་པའི་ལས་དགེ་བ་ཡིན་ནོ་ཞེས་འབྱུང་ངོ་། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཇི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་སྔ་ཕྱི་མེད་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། བདེ་བ་མྱོང་བར་འགྱུར་
བ་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ་ཞེས་འབྱུང་སྟེ། འདིའི་ཕྱིར་ཡང་འོག་ན་བདེ་བ་ཡང་མ་ཡིན་
སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཡོད་དེ། འདོད་པའི་ཁམས་ལས་གཞན་ན་ནི་ལས་གསུམ་གྱི་རྣམ་པར་སྨིན་པ་དང་ཅིག་ཅར་དུ་ལྡན་པ་མེད་དོ། །ད་ནི་ཅི་ལས་དེ་དགེ་བ་ཡིན་ནམ། འོན་ཏེ་མི་དགེ་བ་ཡིན་ཞེ་ན། དགེ་བ་སྟེ་སྟོབས་ཆུང་ངུ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན།
བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་ཞེས་བྱ་བ་དང་། རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་འདི་དང་འགལ་ལོ། །དེ་ནི་ཕལ་ཆེ་བ་བསྟན་པ་ཡིན་པར་བལྟ་བར་བྱའོ། །ཇི་ལྟར་ན་ཚོར་བའི་རང་བཞིན་མ་ཡིན་པའི་ལས་བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་ཞེ་
ན། བདེ་བ་མྱོང་བར་འགྱུར་བ་དང་མཐུན་པའམ། འདིའི་བདེ་བ་མྱོང་བར་བྱ་བ་ཡིན་པས་ན་བདེ་བ་མྱོང་བར་འགྱུར་བ་ཡིན་ནོ། །མྱོང་བར་འགྱུར་བ་ཡང་གང་ཞིག་ཡིན་ཞེ་ན། རྣམ་པར་སྨིན་པ་སྟེ། དེ་མྱོང་བར་བྱེད་པ་ཡིན་ནོ། །ཡང་ན་བདེ་བ་མྱོང་བར་འགྱུར་བ་ཡིན་པས་བདེ་བ་མྱོང་བར་འགྱུར་བ་སྟེ། གང་
གི་བདེ་བ་མྱོང་བར་འགྱུར་བ་ནི། འཁྲུ་བར་བྱེད་པའི་འདག་པའི་ཆལ་བཞིན་ནོ། །སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གཞན་ཡང་། ངོ་བོ་ཉིད་དང་མཚུངས་ལྡན་དང་། །དམིགས་པ་དང་ནི་
རྣམ་སྨིན་དང་། །མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ཚོར་བ་རྣམས་སོ། །མཚུངས་པར་ལྡན་པས་མྱོང་བར་འགྱུར་བ་ནི་རེག་པ་སྟེ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱ་བའོ། །དམིགས་པ་མྱོང་བར་འགྱུར་བ་ནི་ཡུལ་རྣམས་ཏེ།
เล่ม ๑๔๐ · หน้า 193b
ཇི་སྐད་དུ། མིག་གིས་གཟུགས་རྣམས་མཐོང་ནས་གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་གྱི་གཟུགས་ལ་འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་སྟེ། དམིགས་པ་ན་ཚོར་བས་དེ་དག་སོ་སོར་ཡང་དག་པར་མྱོང་བར་བྱེད་དོ། །
རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ནི་ལས་ཡིན་ཏེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མངོན་སུམ་དུ་གྱུར་པ་མྱོང་བར་འགྱུར་བ་ནི་ཇི་སྐད་དུ། གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་ཚོར་བ་གཉིས་འགག་པར་འགྱུར་རོ་ཞེས་གསུངས་
པ་སྟེ། གང་གི་ཚེ་བདེ་བའི་ཚོར་བ་འཇུག་པ་དེའི་ཚེ་གང་གིས་ན་དེ་མྱོང་བར་འགྱུར་བ་གཞན་ནི་མེད་ཀྱི་དེས་མངོན་སུམ་དུ་བྱེད་ན་ནི་དེ་མྱོང་བར་འགྱུར་ཞེས་བྱ་སྟེ། དེའི་ཕྱིར་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་ལས་ཀྱང་བདེ་བ་མྱོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་
ཡང་ངེས་དང་མ་ངེས་པ། །བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམ་པ་གསུམ་པོ་དེ་ཡང་ངེས་པ་དང་། མ་ངེས་པ་ཡིན་པར་རིག་པར་བྱ་སྟེ། གདོན་མི་ཟ་བར་མྱོང་བར་འགྱུར་བ་ནི་མ་ཡིན་ནོ། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །མཐོང་
བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ལས་རྣམ་པ་འདི་གསུམ་ནི་ངེས་པའོ། །དེ་ལྟར་ན་དེ་ནི་མྱོང་བར་འགྱུར་བ་མ་ངེས་པ་དང་བཅས་པ་སྟེ་ལས་རྣམ་པ་བཞི་ཡིན་ནོ། །ཁ་ཅིག་ལས་རྣམ་པ་ལྔ་ཞེས་ཟེར།
གཞན་དག་ནི་མྱོང་བར་འགྱུར་བར་མ་ངེས་པ་ལ་རྣམ་པར་སྨིན་པར་ངེས་པ་དང་མ་ངེས་པ་རྣམ་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔར་ཡོད་དོ། །དེ་ལ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་སྐྱེ་བ་གང་དུ་བྱས་པ་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་བའོ། །སྐྱེས་ནས་མྱོང་བར་འགྱུར་བ་ནི་སྐྱེ་བ་གཉིས་པ་
ལའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི་དེ་ཕན་ཆད་དུའོ། །གཞན་དག་ན་རེ་ཆེས་སྟོབས་དང་ལྡན་པའི་ལས་གང་ཡིན་པ་དེའི་རྣམ་པར་སྨིན་པ་ཆུང་ཆེས་པར་འགྱུར་དུ་འོང་བས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཚེ་རབས་གཞན་དག་ན་ཡང་
เล่ม ๑๔๐ · หน้า 194a
ཡོད་མོད་ཀྱི་རྩོམ་པའི་དབང་གིས་མིང་དེ་རྣམ་པར་གཞག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་མི་འདོད་དོ། །འབྲས་བུ་ཉེ་ལ་འབྲས་བུ་རིང་བ་མ་ཡིན་པའི་ལས་ཀྱང་ཡོད། བཟློག་པ་ཡང་ཡོད་དེ་ཕྱིའི་ས་བོན་བཞིན་ནོ། །ཇི་ལྟར་ལྕམ་པ་ལ་སོགས་པ་ནི་ཟླ་བ་ཕྱེད་
དང་གཉིས་ཀྱིས་འབྲས་བུ་སྨིན་ལ། ནས་དང་གྲོ་ལ་སོགས་པ་ནི་ཟླ་བ་དྲུག་གིས་འབྲས་བུ་སྨིན་པ་བཞིན་ནོ། །གཞན་དག་མུ་ནི་བཞི་ཞེས་ཟེར། །དཔེས་སྟོན་པ་རྣམས་ནི་གནས་སྐབས་ངེས་ལ་རྣམ་པར་སྨིན་པར་མ་ངེས་པ་ཡང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་ལ་རྣམ་
པར་སྨིན་པ་ནི་མ་ངེས་པའི་ལས་གང་ཡིན་པའོ། །རྣམ་པར་སྨིན་པར་ངེས་ལ་གནས་སྐབས་དག་ཏུ་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་སྨིན་པ་ནི་ངེས་ལ་མྱོང་བར་འགྱུར་བ་ནི་མ་ངེས་པའི་ལས་གང་ཡིན་པའོ། །གཉི་ག་ངེས་པ་ཡང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་
ལ་རྣམ་པར་སྨིན་པར་ཡང་ངེས་པའི་ལས་གང་ཡིན་པའོ། །གཉི་ག་མ་ངེས་པ་ཡང་ཡོད་དེ། མྱོང་བར་འགྱུར་བ་ཡང་མ་ངེས་ལ་རྣམ་པར་སྨིན་པར་ཡང་མ་ངེས་པའི་ལས་གང་ཡིན་པའོ་ཞེས་བྱ་བ་མུ་བཞིར་བྱེད་དེ་དེ་དག་གི་ལྟར་ན་ལས་རྣམ་པ་བརྒྱད་དེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་
བར་ངེས་པ་དང་། མ་ངེས་པ་ནི་མྱོང་བར་འགྱུར་བར་མ་ངེས་པའི་བར་དུ་ཡང་དེ་དང་འདྲའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་ནི་ངེས་པ་ཁོ་ན་ཡིན་ནོ། །བཞི་པ་ནི་མ་ངེས་པ་ཡིན་ནོ་ཞེས་བརྗོད་དོ། །སྐད་ཅིག་མ་གཅིག་ལ་ལས་རྣམ་པ་བཞི་འཕེན་པར་འགྱུར་བ་ལྟ་ཡོད་དམ་ཞེ་ན།
ཡོད་དེ། ཕ་རོལ་པོ་གསུམ་ལ་སྦྱར་ནས་བདག་ཉིད་འདོད་པས་ལོག་པར་གཡེམ་པ་ལ་ཞུགས་ཏེ། དེ་དག་ཅིག་ཅར་མཐར་ཕྱིན་པར་འགྱུར་ནའོ། །ལས་བཞི་པོ་དེ་དག་ལས། གསུམ་གྱིས་རིས་ནི་འཕེན་པར་བྱེད། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ནི་རིས་མཐུན་པ་
འཕེན་པར་མི་བྱེད་དོ། །ཁམས་གང་ངམ། འགྲོ་བ་གང་ན་ལས་ཀྱི་འཕེན་པ་རྣམ་པ་དུ་ཞིག་ཡོད་ཅེ་ན། ཐམས་ཅད་ན་ནི་འཕེན་པ་བཞི། །ཁམས་གསུམ་པོ་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ན་དགེ་བ་དང་མི་དགེ་བ་རྣམས་ཅི་རིགས་པར་ལས་བཞིའི་འཕེན་པ་ཡོད་དེ། སྤྱིར་བསྟན་པ་
เล่ม ๑๔๐ · หน้า 194b
འདིའི་དམིགས་ཀྱིས་བསྟན་པ་ནི་འདི་ཡིན་ཏེ། དམྱལ་བ་ན་ནི་དགེ་བའི་གསུམ། །དམྱལ་བ་དག་ན་ནི་ལས་དགེ་བ་རྣམ་པ་གསུམ་གྱིས་འཕེན་པ་ཡོད་ཀྱི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མེད་དེ། དེ་ན་རྣམ་པར་སྨིན་པ་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །གང་ལས་འདོད་ཆགས་བྲལ་
བརྟན་པའི། །བྱིས་པ་དེར་སྐྱེས་མྱོང་མི་བྱེད། །སོ་སོའི་སྐྱེ་བོ་ཡིན་པ་དེ་ཡང་བརྟན་པ་ཡིན་ཏེ། ཡོངས་སུ་མི་ཉམས་པའི་ཆོས་ཅན་ཞིག་ན་དེ་ནི་ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་བྱེད་དོ། །གཞན་དག་རྣམ་པ་གསུམ་ནི་བྱེད་དོ། །འཕགས་
པ་གཞན་དུའང་མྱོང་མི་བྱེད། །བརྟན་པ་ཞེས་བྱ་བར་སྦྱར་ཏེ། འཕགས་པའི་གང་ཟག་ཡིན་ལ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཡང་ཡིན་ན་ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱང་མི་བྱེད་དེ། འདི་ན་
ཡང་ས་འོག་མར་འོང་བར་རུང་བ་མ་ཡིན་ནོ། །གང་དུ་སྐྱེས་པར་མ་ངེས་པ་དང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བྱེད་དོ། །འདོད་རྩེའི་མི་བརྟན་པ་ཡང་མིན། །འདོད་པའི་ཁམས་སམ། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་འཕགས་པའི་གང་ཟག་དེ་དག་ཏུ་ཡོངས་སུ་
ཉམས་པའི་ཆོས་ཅན་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བྱེད་པར་རུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་འབྲས་བུ་ལས་ཡོངས་སུ་ཉམས་པ་ལས་ནི་འཆི་བ་མེད་དོ་ཞེས་འོག་ནས་བཤད་པར་བྱའོ། །ཅི་སྲིད་པ་བར་མ་
ན་ཡང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན་སྨྲས་པ། ཡོད་དེ། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ནི་ལས་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་ཏེ། ཇི་ལྟར་བྱས་པས་ཤེ་ན། མངལ་གྱི་གནས་སྐབས་ལྔ་སྟེ། ནུར་ནུར་པོ་དང་།
མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་གནས་སྐབས་རྣམས་སོ། །སྐྱེས་པའི་གནས་སྐབས་རྣམ་པ་ལྔ་སྟེ། བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། དར་ཡོལ་བ་དང་། རྒན་པོའི་གནས་སྐབས་རྣམས་སོ། །དེ་ལ་སྲིད་པ་བར་མ་ནི་
เล่ม ๑๔๐ · หน้า 195a
ནུར་ནུར་པོ་མྱོང་བར་འགྱུར་བར་ངེས་པ་དང་མ་ངེས་པའི་ལས་ཀྱང་འཕེན་པར་བྱེད་པ་ནས། དེ་བཞིན་དུ་རྒན་པོ་མྱོང་བར་འགྱུར་བ་དང་། སྲིད་པ་བར་མ་མྱོང་བར་འགྱུར་བའི་བར་དུ་འཕེན་པར་བྱེད་དོ། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །སྲིད་པ་བར་མའི་ལས་ངེས་པ་རྣམ་
པ་བཅུ་གཅིག་བཤད་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རིས་གཅིག་ཁོ་ན་ཡིན། །དེ་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་ཏེ། སྲིད་པ་བར་མ་གང་ཡིན་པ་དང་། དེའི་རྒྱུ་ལས་བྱུང་བ་གནས་སྐབས་བཅུ་པོ་གང་དག་ཡིན་
པ་དེ་ནི་ལས་གཅིག་གིས་འཕངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་བར་མ་མྱོང་བར་འགྱུར་བའི་ལས་གཞན་མ་བཤད་དེ། དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནས་འཕངས་པའི་ཕྱིར་རོ། །ཡང་ངེས་པའི་ལས་ཅི་འདྲ་བར་རིག་པར་བྱ་ཞེ་ན། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་
ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཉོན་མོངས་པ་དྲག་པོས་བྱས་པའི་ལས་གང་ཡིན་པ་དང་། རབ་ཏུ་དང་བ་དྲག་པོས་བྱས་པ་གང་ཡིན་པ་དང་། རྒྱུན་དུ་བྱེད་པ་གང་ཡིན་པ་དང་། ཡོན་ཏན་གྱི་ཞིང་ལ་བྱེད་པ་གང་ཡིན་པ་དེ་ནི་
ངེས་པ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། འགའ་ཞིག་གིས་འབྲས་བུ་དང་། སྙོམས་པར་འཇུག་པ་ཁྱད་པར་ཅན་ཐོབ་པའི་གང་ཟག་ཁྱད་པར་ཅན་ཏེ། དེ་ལ་ནི་ཉོན་མོངས་པ་དང་རབ་ཏུ་དང་བ་དྲག་པོ་དང་། རྒྱུན་དུ་བྱེད་པ་མེད་པར་ཡང་
དགེ་བའམ་མི་དགེ་བའི་ལས་ངེས་པར་འགྱུར་རོ། །ཕ་མ་ནི་ཕ་དང་མ་སྟེ། ཕ་དང་མ་གཉིས་གསོད་པའི་ལས་དེ་ནི་ཅི་འདྲ་ཡང་རུང་སྟེ། ངེས་པར་འགྱུར་རོ། །གཞན་ནི་མ་ཡིན་ནོ། །ཡང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཅི་འདྲ་བར་རིག་པར་བྱ་ཞེ་ན། མཐོང་ཆོས་འབྲས་བུ་
ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས། །ཞིང་གི་ཁྱད་པར་ལས་འགྱུར་བ་ནི་དཔེར་ན་དགེ་སློང་ཞིག་གིས་དགེ་འདུན་ལ་བུད་མེད་དོ་ཞེས་ཐབ་མོ་བརྒལ་བ་ལས་མཚན་གྱུར་ཏོ་ཞེས་གྲགས་པ་ལྟ་བུའོ། །བསམ་པའི་ཁྱད་པར་
เล่ม ๑๔๐ · หน้า 195b
ལས་ནི་དཔེར་ན་ཉུང་རུམ་ཞིག་གིས་གླང་ཞིག་རླིག་པ་དབྱུང་བ་ལས་ཐར་བར་བྱས་པས་སྐྱེས་པ་ཉིད་དུ་གྱུར་པ་ལྟ་བུའོ། །ཡང་ན། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །ཡང་ན་ལས་དགེ་བའམ་མི་དགེ་བའི་ལས་གང་ཡིན་པ་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་ལས་དེ་མཐོང་བའི་
ཆོས་ལ་མྱོང་བར་འགྱུར་རོ། །ལས་ཇི་ལྟ་བུ་ཞིག་ཅེ་ན། རྣམ་སྨིན་ངེས་པ་གང་ཡིན་པའོ། །ལས་གང་རྣམ་པར་སྨིན་པར་ངེས་ལ། གནས་སྐབས་སུ་ཡང་མ་ཡིན། མ་ངེས་པ་ཡང་མ་ཡིན་པ་དེ་ནི་དེ་ལྟར་ངེས་ཀྱི་གནས་སྐབས་གཞན་དུ་ངེས་པ་གང་ཡིན་པ་དེ་ནི་དེ་དང་ལྡན་བཞིན་དུ་གཏན་དུ་འདོད་
ཆགས་དང་བྲལ་མི་སྲིད་པས་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །མ་ངེས་པ་གང་ཡིན་པ་དེ་ནི་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་རྣམ་པར་མི་སྨིན་པ་ཉིད་དོ། །གང་དུ་གདོན་མི་ཟ་བར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་སུ་འགྱུར་བའི་ཞིང་དེ་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ་སངས་རྒྱས་
ལ་སོགས་པ་དགེ་སློང་གི་དགེ་འདུན་དང་གང་ཟག་ལྔ་པོ། །གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པ་ནི་སྙོམས་པར་
འཇུག་པ་མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སེམས་མཆོག་ཏུ་ཞི་བ་འཐོབ་སྟེ། དེ་ནི་མྱ་ངན་ལས་འདས་པར་སོན་པ་ལས་སླར་ལོག་པ་དང་འདྲ་བ་ཡིན་ནོ། །ཉོན་མོངས་པ་མེད་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་པ་མེད་པ་དང་ལྡན་པའི་ལྷག་པའི་བསམ་པ་དང་
རྗེས་སུ་འབྲེལ་པ་དང་། ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །བྱམས་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཕན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་པ་དང་། ཤིན་ཏུ་གསལ་བའི་བསོད་ནམས་
ཚད་མེད་པས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །མཐོང་བའི་ལམ་ལས་ལངས་པའི་རྒྱུད་ནི་མཐོང་བས་སྤང་བར་བྱ་བ་མ་ལུས་པར་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་སར་པ་ཡིན་པ་དྲི་མ་མེད་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལས་ལངས་པའི་རྒྱུད་ནི་བསྒོམ་
เล่ม ๑๔๐ · หน้า 196a
པས་སྤང་བར་བྱ་བ་མ་ལུས་པར་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལས་ཕན་པ་དང་། གནོད་པ་བྱས་པ་རྣམས་ཀྱི་འབྲས་བུ་མཐོང་བའི་ཆོས་ཁོ་ན་ལ་ངེས་པ་འཐོབ་པར་འགྱུར་རོ། །ལྷག་མ་བསྒོམ་
པའི་ལམ་ནི་རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཅན་ཉིད་ཀྱི་ཕྱིར་དེ་ལས་ལངས་པ་རྣམས་ཀྱི་རྒྱུད་དེ་ལྟར་གནས་ཡོངས་སུ་གྱུར་པ་སར་པ་དང་དག་པ་མ་ཡིན་པས་དེ་དག་ནི་དེ་ལྟར་བསོད་ནམས་ཀྱི་ཞིང་མ་ཡིན་ནོ། །རྣམ་པར་སྨིན་པའི་གཙོ་བོ་ནི་ཚོར་བ་ཡིན་པས་དེའི་ཕྱིར་འདི་དཔྱད་
པར་བྱ་སྟེ། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་ཡིན་ལ་ལུས་ཀྱི་མ་ཡིན་པ་ཡོད་དམ། ལུས་ཀྱི་ཁོ་ན་ཡིན་ལ་སེམས་ཀྱི་མ་ཡིན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །
རྣམ་པར་རྟོག་པ་མེད་པའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དེ། དགེ་བའི་ལས་རྣམ་པར་རྟོག་པ་མེད་པ་དེའི་རྣམ་པར་སྨིན་པ་ནི་སེམས་ཀྱི་ཚོར་བ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ལུས་ཀྱི་མ་ཡིན་ཞེ་ན། དེ་ནི་གདོན་མི་ཟ་བར་རྟོག་པ་དང་དཔྱོད་པ་དང་དཔྱད་
པ་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་ལུས་ཀྱི་ཡིན། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་ཀྱི་ཚོར་བ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་སེམས་ཀྱི་མ་ཡིན་ཞེ་ན། དེའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་ལ། སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ནི་ཡིད་མི་བདེ་བ་ཡིན་ཏེ།
ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །འོ་ན་སེམས་ཅན་རྣམས་ཀྱི་སེམས་གཡེང་བར་འགྱུར་བ་གང་ཡིན་པ་དེ་ནི་སེམས་གང་ཞིག་ལ་གནས་པ་ཡིན། རྒྱུ་ནི་ཅི་ཞིག་གིས་འགྱུར་ཞེ་ན། གཡེང་བའི་སེམས་ནི་ཡིད་སེམས་ལས། །ཡིད་ཀྱི་རྣམ་པར་ཤེས་པ་
ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཤེས་པའི་ཚོགས་ལྔ་ལ་གནས་པ་ལ་ནི་གཡེང་བ་མེད་དེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །གཡེང་བའི་སེམས་དེ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ཏེ། རྫས་དང་གསང་སྔགས་ཀྱི་སྦྱོར་
เล่ม ๑๔๐ · หน้า 196b
བས་ཕ་རོལ་གྱི་སེམས་གཡེང་བར་བྱེད་པའམ། མི་འདོད་བཞིན་དུ་དུག་དང་མྱོས་པར་འགྱུར་བ་ལྡུད་པའམ། རི་དགས་ལ་སོགས་པ་སྐྲག་པར་བྱེད་པའམ། ནགས་མེས་གཏོང་བའམ། གཡང་དུ་འདོར་བར་བྱེད་པ་འམ། གཞན་གང་ཡང་རུང་བས་ཕ་རོལ་པོ་དག་གི་སེམས་ཉམས་པར་
བྱེད་པ་དེ་དག་ལས་དེའི་རྣམ་པར་སྨིན་པས་ཚེ་ཕྱི་མ་ལ་སེམས་གཡེང་བར་འགྱུར་རོ། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། །རེ་ཞིག་སྐྲག་པས་ཇི་ལྟ་བུ་ཞེ་ན། མི་མ་ཡིན་པ་གཟུགས་མི་སྡུག་པས་མིའི་གན་དུ་ཉེ་བར་འོངས་ལ་དེ་དག་གིས་སྐྲག་པ་རྣམས་སེམས་གཡེང་བར་འགྱུར་རོ། །གནོད་
པས་ཇི་ལྟ་བུ་ཞེ་ན། མི་མ་ཡིན་པ་དེ་དག་ཉིད་དུ་འཁྲུགས་ནས་གནད་དུ་སྣུན་པར་བྱེད་པས་སོ། །འབྱུང་བ་ཆེན་པོ་མ་མཉམ་པས་ཇི་ལྟ་བུ་ཞེ་ན། རླུང་དང་མཁྲིས་པ་དང་བད་ཀན་དག་འཁྲུགས་པར་གྱུར་པའོ། །མྱ་ངན་གྱིས་ཇི་ལྟ་བུ་ཞེ་ན། དཔེར་ན་གནས་བྱེད་ཀྱི་བུ་ལ་སོགས་
པ་ལྟ་བུའོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་གཡེང་བར་འགྱུར་ལ། སེམས་གཡེངས་པ་ཡང་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པ་ཡིན་ན་གོ། །ཇི་ལྟར་ན་སེམས་ཀྱི་ཚོར་བ་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་ཞེ་ན། སེམས་དེ་ཉིད་རྣམ་པར་སྨིན་པ་ཡིན་ནོ་ཞེས་ནི་མི་ཟེར་རོ། །དེ་ལྟ་མོད་
ཀྱི་འབྱུང་བ་ཆེན་པོ་རྣམས་འཁྲུགས་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་ཡིན་ལ་དེ་ལས་སྐྱེས་པས་དེའི་ཕྱིར་རྣམ་པར་སྨིན་པ་ཡིན་ཏེ། ལས་ལས་སྐྱེས་པའི་ཁམས་རྣམས་འཁྲུགས་པས་སེམས་འཁྲུགས་པ་དང་། དབང་མེད་པ་དང་། དྲན་པ་ཉམས་པར་འགྱུར་བས་ན་སེམས་གཡེངས་
པ་ཞེས་བྱའོ། །དེ་ལྟར་ན་དེ་ནི་སེམས་གཡེངས་ལ་རྣམ་པར་མ་གཡེངས་པ་ཡང་ཡོད་ཅེས་བྱ་བར་མུ་བཞིར་རུང་སྟེ། རེ་ཞིག་གཡེངས་ལ་རྣམ་པར་མ་གཡེངས་པ་ནི་སེམས་ཉོན་མོངས་པ་ཅན་མ་ཡིན་པའོ། །རྣམ་པར་གཡེངས་ལ་སེམས་མ་གཡེངས་པ་ནི་སེམས་རྣལ་དུ་འདུག་པའི་ཉོན་མོངས་
པ་ཅན་ནོ། །གཉི་ག་ཡིན་པ་ནི་སེམས་གཡེངས་པའི་ཉོན་མོངས་པ་ཅན་ནོ། །གཉི་ག་མ་ཡིན་པ་ནི་སེམས་རྣལ་དུ་འདུག་པའི་ཉོན་མོངས་པ་ཅན་མ་ཡིན་པའོ། །སེམས་ཅན་གང་དག་གི་སེམས་གཡེངས་པར་འགྱུར་ཞེ་ན། སྒྲ་མི་སྙན་མིན་འདོད་ལྡན་རྣམས། །སྒྲ་མི་སྙན་མ་ཡིན་པ་འདོད་
เล่ม ๑๔๐ · หน้า 197a
པ་དང་ལྡན་པ་རྣམས་ནི་ལྷ་དག་གི་ནང་ན་ཡང་ལྷ་སྨྱོན་པ་ཡོད་ན་མི་དང་དུད་འགྲོ་དང་ཡི་དགས་ཀྱི་ནང་ན་ལྟ་སྨོས་ཀྱང་ཅི་དགོས། དམྱལ་བ་རྣམས་ནི་རྟག་ཏུ་སེམས་གཡེངས་པ་ཁོ་ན་ཡིན་ཏེ། གནོད་པ་སྣ་ཚོགས་སྟོང་ཕྲག་དག་གིས་གནད་གཅོད་པའི་ཚོར་བ་དྲག་པོ་
དག་གིས་མངོན་པར་ཉེན་པ་དེ་དག་ནི་རེ་ཞིག་བདག་ཉིད་ཀྱང་མི་དྲན་ན་བྱ་བ་དང་བྱ་བ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིར་ཀྱི་ཧུད་སེམས་ཞེས་སྨྲེ་སྔགས་འདོན་པའི་དམྱལ་བ་དཔེར་བྱའོ། །སངས་རྒྱས་མ་གཏོགས་པའི་འཕགས་པ་རྣམས་ལ་ཡང་འབྱུང་བ་མ་མཉམ་པས་སེམས་
གཡེང་བ་ཡོད་དོ། །ལས་ཀྱིས་ནི་མ་ཡིན་ཏེ། ངེས་པ་ནི་སྔོན་རྣམ་པར་སྨིན་ཟིན་པའི་ཕྱིར་རོ། །མ་ངེས་པ་ནི་རྣམ་པར་མི་སྨིན་པའི་ཕྱིར་རོ། །འཇིགས་པས་ཀྱང་མ་ཡིན་ཏེ། འཇིགས་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །གནོད་པས་ཀྱང་མ་ཡིན་ཏེ། མི་མ་ཡིན་པ་
འཁྲུགས་པའི་རྒྱུ་མི་མཛེས་པ་མི་བྱེད་པའི་ཕྱིར་རོ། །མྱ་ངན་གྱིས་ཀྱང་མ་ཡིན་ཏེ། ཆོས་ཉིད་མངོན་པར་ཤེས་པའི་ཕྱིར་རོ། །མདོ་ལས། ཡོན་པོ་གསུམ་གསུངས་ཏེ། ལུས་ཀྱི་ཡོན་པོ་དང་། ངག་གི་ཡོན་པོ་དང་། ཡིད་ཀྱི་ཡོན་པོའོ། །ཉེས་པ་གསུམ་སྟེ། ལུས་ཀྱི་ཉེས་པ་དང་། ངག་
གི་ཉེས་པ་དང་། ཡིད་ཀྱི་ཉེས་པའོ། །སྙིགས་མ་གསུམ་སྟེ། ལུས་ཀྱི་སྙིགས་མ་དང་། ངག་གི་སྙིགས་མ་དང་། ཡིད་ཀྱི་སྙིགས་མའོ། །དེ་ལ། ཡོན་པོ་སྙིགས་མར་གསུངས་པ་ནི། །དེ་དག་ཀྱང་རིམ་བཞིན་དུ། གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །ལུས་ཀྱི་གཡོ་ལས་སྐྱེས་པ་ནི་
གྱ་གྱུའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ལུས་ཀྱི་ཡོན་པོ་ཞེས་བཤད་དེ་ངག་དང་ཡིད་ཀྱི་ཡོན་པོ་ཡང་དེ་དང་འདྲའོ། །ལུས་ཀྱི་ལས་ཞེ་སྡང་ལས་སྐྱེས་པ་ནི་སྡང་བའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ལུས་ཀྱི་ཉེས་པ་ཞེས་བཤད་དེ། ངག་དང་ཡིད་ཀྱི་ཉེས་པ་ཡང་དེ་དང་འདྲའོ། །ལུས་ཀྱི་
ལས་འདོད་ཆགས་ལས་སྐྱེས་པ་ནི་ཆགས་པའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ལུས་ཀྱི་སྙིགས་མ་ཞེས་བཤད་དེ། ངག་དང་ཡིད་ཀྱི་སྙིགས་མ་ཡང་དེ་དང་འདྲའོ། །དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་
เล่ม ๑๔๐ · หน้า 197b
ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་པའི་ལས་ཀྱང་ཡོད། མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་ཟད་པར་བྱེད་པའི་ལས་ཀྱང་ཡོད་དེ། དེ་ལ། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་
ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉི་གའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། །ལས་མི་དགེ་བ་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཅིག་ཏུ་གནག་པ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་མི་འོང་བའི་ཕྱིར་རྣམ་པར་སྨིན་པ་ཡང་གནག་པ་ཡིན་ནོ། །གཟུགས་སུ་གཏོགས་པའི་
དགེ་བ་ནི། །མི་དགེ་བ་དང་མ་འདྲེས་པའི་ཕྱིར་གཅིག་ཏུ་དཀར་བ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་རྣམ་པར་སྨིན་པ་ཡང་དཀར་བ་ཡིན་ནོ། །ཅིའི་ཕྱིར་གཟུགས་མེད་པར་གཏོགས་པ་མ་བཤད་ཅེ་ན། གང་ན་རྣམ་པར་སྨིན་པ་རྣམ་པ་གཉིས་པོ་སྲིད་པ་བར་མ་པ་དང་། སྐྱེ་
བའི་སྲིད་པ་ཡང་ཡོད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཆར་གྱི་ཡོད་པ་དེ་ཁོ་ནར་བཤད་དོ་ཞེས་གྲག་སྟེ། མདོ་གཞན་ལས་དེ་ཡང་བཤད་དོ། །འདོད་པར་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་གནག་ཡིན་ལ། རྣམ་པར་སྨིན་པ་འདྲེས་པའི་ཕྱིར་རྣམ་
པར་སྨིན་པ་ཡང་དཀར་གནག་ཡིན་ནོ། །འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་པོ་ཡང་ཡིན། ནག་པོ་ཡང་ཡིན་པས་དེ་ལྟ་བུ་ནི་མེད་དོ། །ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་ན་མི་དགེ་བ་ཡང་དགེ་བ་
དང་འདྲེས་པའི་ཕྱིར། དཀར་གནག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ནི་མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ། དེ་སྟོབས་དང་ལྡན་པའི་ཕྱིར་རོ། །དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ། །ཟག་པ་མེད་པའི་ལས་ནི་ལས་གསུམ་པོ་དེ་དག་
ཟད་པར་བྱེད་ཅིང་སྤོང་བར་བྱེད་པ་ཡིན་ནོ། །དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་གནག་པའོ། །རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པའི་ཕྱིར་མི་དཀར་བའོ། །མི་དཀར་བ་ཞེས་བྱ་བའི་སྒྲ་འདི་ནི་དགོངས་པ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཆེན་པོའི་མདོ་ལས་མི་སློབ་
เล่ม ๑๔๐ · หน้า 198a
པའི་ཆོས་ལས་བརྩམས་ཏེ། ཀུན་དགའ་བོ་ཆོས་འདི་དག་ནི་གཅིག་ཏུ་དཀར་བ་གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་གསུངས་སོ། །བསྟན་བཅོས་ལས་ཀྱང་། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང་། མ་བསྒྲིབས་
ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ་ཞེས་འབྱུང་ངོ་། །འཇུག་པ་དང་འགལ་བས་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །ཅི་ཟག་པ་མེད་པའི་ལས་དང་ལས་ཐམས་ཅད་ལས་རྣམ་པ་གསུམ་པོ་འདི་དག་ཐམས་ཅད་ཟད་པར་བྱེད་པ་ཡིན་ནམ་ཞེ་ན། སྨྲས་པ། མ་
ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང་། །སེམས་པ་རྣམ་པ་བཅུ་གཉིས་དེ། །ནག་པོ་ཟད་པར་བྱེད་པའི་ལས། །མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་
ལས་བར་ཆད་མེད་པའི་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ནོ། །དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་ནག་ཟད་བྱེད་ཡིན། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་བར་ཆད་
མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་སྟེ་དགེ་བ་དང་མི་དགེ་བ་ནག་པོ་རྣམ་པ་དགུ་པོ་སྤོང་བར་བྱེད་པ་ཡིན་ནོ། །དཀར་པོ་བསམ་གཏན་ཆགས་བྲལ་ལ། །བར་ཆད་མེད་ལམ་སྐྱེས་ཐ་མས། །བསམ་གཏན་དང་བསམ་གཏན་ལས་འདོད་ཆགས་དང་བྲལ་བར་
བྱེད་པའི་བར་ཆད་མེད་པའི་ལམ་ཐ་མ་དགུ་པ་དེའི་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཞི་པོ་དེ་ནི་དཀར་པོའི་ལས་སྤོང་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་བར་ཆད་མེད་པའི་ཕྱིར་ལམ་ཐ་མ་ཁོ་ནས་སྤོང་བར་བྱེད་ལ་གཞན་གྱིས་ནི་མ་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་སྤོང་
བ་མ་ཡིན་ཏེ། སྤངས་ཀྱང་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ། དེའི་ཕྱིར་ཇི་སྲིད་དུ་དེ་ལ་དམིགས་པའི་ཉོན་མོངས་པའི་རྣམ་པ་གཅིག་ཡོད་པ་དེ་སྲིད་དུ་དེ་མི་སྤོང་བ་མི་འཐད་དོ། །གཞན་ནི་དམྱལ་བ་མྱོང་
เล่ม ๑๔๐ · หน้า 198b
འགྱུར་དང་། །འདོད་གཞན་མྱོང་འགྱུར་གཉིས་སུ་རིགས། །སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་བར་འགྱུར་བ་དང་། དམྱལ་བ་ལས་གཞན་པའི་འདོད་པའི་ཁམས་མྱོང་བར་འགྱུར་བའི་ལས་ནི་རིམ་བཞིན་དུ་ནག་པོ་དང་དཀར་ནག་ཡིན་ཏེ། དམྱལ་བ་ན་ནི་ལས་མི་དགེ་བ་ཁོ་ནའི་རྣམ་
པར་སྨིན་པ་ཡོད་པས་དེའི་ཕྱིར་དེ་མྱོང་བར་འགྱུར་བ་ནི་ནག་པོ་ཞེས་བྱའོ། །དེ་ལས་གཞན་པའི་འདོད་པའི་ཁམས་ན་ནི་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པས་དེའི་ཕྱིར་དེ་མྱོང་བར་འགྱུར་བ་ནི་དཀར་ནག་ཅེས་བྱ་བར་ལྟའོ། །གཞན་ནི་མཐོང་བས་སྤང་བྱ་གནག །གཞན་དག་ན་རེ་
མཐོང་བས་སྤང་བར་བྱ་བའི་ལས་ནི་དགེ་བ་དང་མ་འདྲེས་པའི་ཕྱིར་ནག་པོ་ཡིན་ནོ་ཞེས་ཟེར་རོ། །འདོད་པ་ལས་སྐྱེས་གཞན་དཀར་གནག །འདོད་པ་ན་སྤྱོད་པའི་ལས་གཞན་ནི་དཀར་གནག་ཡིན་ནོ། །དེ་ལས་གཞན་པ་ཅི་ཞིག་ཅེ་ན། བསྒོམ་པས་སྤང་བར་བྱ་བ་སྟེ། དེ་ནི་དགེ་བ་ཡང་
ཡིན་ལ་མི་དགེ་བ་ཡང་ཡིན་ནོ། །མདོ་ལས་ཐུབ་པའི་ནི་གསུམ་སྟེ། ཐུབ་པའི་ལུས་དང་། ཐུབ་པའི་ངག་དང་། ཐུབ་པའི་ཡིད་ཡོད་དོ་ཞེས་གསུངས་པ་དེ་ལ། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམས་བཞིན། །མི་སློབ་པའི་ལུས་དང་ངག་གི་ལས་དག་ནི་
ཐུབ་པའི་ལུས་དང་ངག་ཡིན་ནོ། །མི་སློབ་པའི་ཡིད་ཁོ་ན་ཡིད་ཀྱི་ཐུབ་པ་ཡིན་ཏེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ནི་དོན་དམ་པར་ཐུབ་པ་ཡིན་ལ། དེ་ནི་ལུས་དང་ངག་གི་ལས་དག་གི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་གྲག་གོ། །གཞན་ཡང་
ལུས་དང་ངག་གི་ལས་དག་ནི་སྤོང་བའི་རང་བཞིན་ཡིན་གྱི་སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཡིད་ཀྱི་ལས་ནི་མ་ཡིན་ནོ། །ཐུབ་པའི་ཡང་སྤོང་བའི་དོན་གྱིས་ཡིན་ཏེ། དེའི་ཕྱིར་ཡིད་ཉིད་སྤོང་བ་ལ་ཐུབ་པ་ཞེས་བྱའོ། །ཅིའི་ཕྱིར་མི་སློབ་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ཞེ་
ན། དགྲ་བཅོམ་པ་ནི་ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་དོན་དམ་པར་ཐུབ་པ་ཡིན་པའི་ཕྱིར་རོ། །མདོ་ལས་ལུས་གཙང་བྱེད་དང་ངག་གཙང་བྱེད་དང་ཡིད་གཙང་བྱེད་དང་། གཙང་བྱེད་གསུམ་གསུངས་པ་དེ་ནི། ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་
เล่ม ๑๔๐ · หน้า 199a
པ་གསུམ་ཡིན་ནོ། །ལུས་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་ལུས་གཙང་བྱེད་ཡིན་ནོ། །ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་ངག་དང་ཡིད་ཀྱི་གཙང་བྱེད་ཡིན་ཏེ། དུས་རེ་ཞིག་དང་གཏན་དུ་ཉེས་པར་སྤྱད་པའི་ཉོན་མོངས་པའི་དྲི་མ་སྤོངས་པའི་ཕྱིར་རོ། །
དེ་ལྟར་བསྟན་པ་འདི་ནི་ལོག་པའི་ཐུབ་པ་དང་གཙང་སྦྲ་ལ་མོས་པ་རྣམས་དཀར་བའི་ཕྱིར་རོ། །ཉེས་པར་སྤྱད་པ་གསུམ་གསུངས་པ་དེ་ལ། ལུས་ཀྱི་ལ་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་རིམ་པ་བཞིན་དུ་ལུས་དང་ངག་དང་
ཡིད་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ། །བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །ལས་ཀྱི་རང་བཞིན་མ་ཡིན་པ་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་ཡོད་དེ། སེམས་པ་ལས་དོན་གཞན་དུ་གྱུར་པ་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་
ལྟ་བའོ། །དཔེས་སྟོན་པ་རྣམས་ན་རེ་ཆེད་དུ་བསམ་པར་བྱ་བའི་མདོ་ལས་གསུངས་པའི་ཕྱིར་བརྣབ་སེམས་ལ་སོགས་པ་ཁོ་ན་ཡིད་ཀྱི་ལས་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ནི་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ། །གལ་ཏེ་ཉོན་མོངས་པ་འགའ་ཞིག་ལས་སུ་གྱུར་ན་ཡང་ཅིར་འགྱུར།
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མདོ་དང་འགལ་བའི་ཕྱིར་དེ་ནི་མེད་དེ། མདོ་ལས་ནི་དེའི་སྒོ་ནས་སེམས་པ་ཞུགས་པའི་ཕྱིར་དེ་དག་གིས་དེ་སྟོན་པར་བྱེད་དོ་ཞེས་ཟེར་རོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་སྨད་པ་ནི་འབྲས་བུ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་ཉེས་པར་སྤྱད་པ་ཡིན་ནོ། །བཟློག་པ་
ལེགས་པར་སྤྱད་པ་ཡིན། །ཉེས་པར་སྤྱད་པ་ལས་བཟློག་པ་ནི་ལེགས་པར་སྤྱད་པ་ཡིན་པར་འདོད་དེ། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བ་རྣམས་སོ། །ཕ་རོལ་ལ་ཕན་འདོགས་པ་དང་གནོད་པ་བྱ་བའི་
བསམ་པ་མེད་པར་ན་ཇི་ལྟར་ན་ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་དག་དགེ་བ་དང་མི་དགེ་བ་ཉིད་ཡིན་ཞེ་ན། དེའི་རྩ་བ་ཡིན་པའི་ཕྱིར་རོ། །ཉེས་པར་སྤྱད་པ་དང་། ལེགས་པར་སྤྱད་པར་བཤད་པ་གང་དག་ཡིན་པ། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །
เล่ม ๑๔๐ · หน้า 199b
ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཉེས་པར་སྤྱད་པ་དང་། ལེགས་པར་སྤྱད་པ་དེ་དག་ཉིད་བས་ཆེ་ལོང་བསྡུས་ཏེ་ཅི་རིགས་པར་མདོ་ལས་ལས་ཀྱི་ལམ་བཅུར་གསུངས་ཏེ། དགེ་བ་རྣམས་ནི་ལེགས་པར་སྤྱད་པ་དག་ལས་སོ། །མི་དགེ་བ་རྣམས་ནི་ཉེས་པར་སྤྱད་པ་དག་ལས་སོ། །འདིར་
ཉེས་པར་སྤྱད་པ་ཅི་ཞིག་གམ། ལེགས་པར་སྤྱད་པ་ཅི་ཞིག་མ་བསྡུས་ཤེ་ན། རེ་ཞིག་མི་དགེ་བའི་ལས་ཀྱི་ལམ་རྣམས་སུ་ནི་ལུས་ཀྱི་ཉེས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང་མཇུག་དང་། ཉོན་མོངས་པ་ཅན་གཞན་ཡང་མ་བསྡུས་ཏེ། དེ་ནི་ཤིན་ཏུ་རགས་པ་མ་ཡིན་པའི་ཕྱིར་རོ། །ལུས་
ཀྱི་ཉེས་པར་སྤྱད་པ་གཞན་དག་འཚོ་བ་དང་ལོངས་སྤྱོད་དང་། ཆུང་མ་རྣམས་དང་འབྲལ་བར་བྱེད་པ་གང་ཡིན་པ་དེ་ནི་དེ་དང་འབྲལ་བར་བྱ་བའི་ཕྱིར་ལས་ཀྱི་ལམ་དུ་བཤད་དོ། །ངག་གི་ཉེས་པར་སྤྱད་པ་ཡང་ཚབས་པོ་ཆེ་གང་ཡིན་པ་དེ་ཁོ་ན་ཉིད་ཀྱི་ཕྱིར་ལས་ཀྱི་ལམ་དུ་བཤད་དོ། །ཡིད་ཀྱི་
ཉེས་པར་སྤྱད་པའི་ཕྱོགས་སེམས་པ་ཡང་མ་བསྡུས་སོ། །དགེ་བ་ལ་ཡང་ལུས་ཀྱི་ལེགས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང་མཇུག་དང་། མྱོས་པར་འགྱུར་བ་ལ་སོགས་པ་སྤོང་བ་དང་། སྦྱིན་པ་དང་། མཆོད་སྦྱིན་ལ་སོགས་པ་མ་བསྡུས་སོ། །ངག་གི་ལེགས་པར་སྤྱད་པའི་ཡང་སྙན་
པར་སྨྲ་བ་ལ་སོགས་པ་མ་བསྡུས་སོ། །ཡིད་ཀྱི་ལེགས་པར་སྤྱད་པའི་ཡང་སེམས་པ་མ་བསྡུས་སོ། །ལས་ཀྱི་ལམ་དེ་རྣམས་ལས། མི་དགེ་དྲུག་ནི་རྣམ་རིག་མིན། །མི་དགེ་བའི་ལས་ཀྱི་ལམ་དྲུག་པོ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་
ཚིག་རྩུབ་པོ་དང་། ངག་ཀྱལ་པ་རྣམས་ནི་གཞན་བྱེད་དུ་འཇུག་པ་ལ་དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དག་ཡིན་ནོ། །གཅིག་རྣམ་གཉིས་སོ། །འདོད་པས་ལོག་པར་གཡེམ་པ་དེ་ནི་བདག་ཉིད་ཀྱིས་མཐར་ཕྱིན་པར་
བྱེད་པ་ལ་ནི་དུས་དེའི་ཚེ་ཤི་ན་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་ཏེ། དེ་གཞན་བྱེད་དུ་བཅུག་པ་ནི་དེ་དང་འདྲ་བར་དགའ་བ་མ་ཡིན་ནོ། །དེ་དག་ཀྱང་བྱེད་ན། ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་བྱེད་པ་ལ་ནི་དུས་དེའི་ཚེ་ཤི་ན་རྣམ་པར་
เล่ม ๑๔๐ · หน้า 200a
རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །དགེ་བའི་ལས་ཀྱི་ལམ་རྣམས་ལས་ནི། དགེ་བ་བདུན་རྣམ་གཉིས། ཡང་དག་པར་བླངས་པའི་ཚུལ་
ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉི་ག་ཡིན་ནོ། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པ་
རྣམས་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་སྟེ། དེ་དག་ནི་སེམས་ཙམ་ལ་རག་ལུས་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །ལས་ཀྱི་ལམ་ཉེར་བསྡོགས་རྣམས་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཡིན་
ནོ། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན། གལ་ཏེ་ཀུན་ནས་དཀྲིས་པ་དྲག་པོའམ། རབ་ཏུ་དང་བ་ལྷུར་ལེན་པ་ཆེན་པོས་སྦྱོར་བ་རྩོམ་པ་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །བཟློག་པ་མཇུག་ཡིན་ནོ། །ཉེར་བསྡོགས་ལས་བཟློག་པ་ནི་
ལས་ཀྱི་ལམ་རྣམས་ཀྱི་མཇུག་ཡིན་པར་བལྟ་བར་བྱ་སྟེ། དེ་དག་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ནི་མ་ཡིན་ནོ། །རྣམ་པར་རིག་བྱེད་དུ་ནི་འགྱུར་བའམ། ཡང་ན་མ་ཡིན་ཏེ། གལ་ཏེ་ལས་ཀྱི་ལམ་བྱས་ནས་དེའི་རྗེས་སུ་མཐུན་པའི་ཆོས་སྤྱོད་ན་ནི་རྣམ་པར་རིག་
བྱེད་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །ཡང་ཇི་ཙམ་གྱིས་ན་སྦྱོར་བ་དང་དངོས་དང་མཇུག་འདི་དག་རྣམ་པར་བཞག་ཅེ་ན། འདི་ལྟར་རེ་ཞིག་འདི་ན་ཁ་ཅིག་ཕྱུགས་གསོད་པར་འདོད་ལ། ཁྲི་ལ་སོགས་པ་ལས་ལྡང་བར་བྱེད། རིན་ལེན་པར་བྱེད། འགྲོ་བར་བྱེད། ནོམ་པར་
བྱེད། ཕྱུགས་ཉོ་བར་བྱེད། འཁྲིད་པར་བྱེད། དྲན་པར་བྱེད། འཛུད་པར་བྱེད། གནོད་པར་བྱེད། མཚོན་ལེན་པར་བྱེད། མཚོན་ལན་གཅིག་གམ་ལན་གཉིས་འདེབས་པར་བྱེད་པ་ནས་ཇི་སྲིད་དུ་སྲོག་གཅོད་པར་མི་བྱེད་པ་དེ་སྲིད་དུ་ནི་སྦྱོར་བ་ཡིན་ནོ། །བསྣུན་པ་གང་གིས་སྲོག་གཅོད་
เล่ม ๑๔๐ · หน้า 200b
པར་བྱེད་པ་དེའི་ཚེའི་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་ནི་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་ཏེ། སྦྱོར་བ་དང་འབྲས་བུ་ཡོངས་སུ་རྫོགས་པས་སོ། །དེ་ཕྱིན་ཆད་ཀྱི་རྣམ་
པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་རྣམས་ནི་མཇུག་ཡིན་ནོ། །ཇི་སྲིད་དུ་ཕྱུགས་དེའི་པགས་པ་འཆུ་བའམ། བཀྲུ་བཤལ་བྱེད་པ་འམ། འཚོང་བའམ། འཚེད་པའམ། ཟ་བའམ་རྗེས་སུ་སྒྲོགས་པ་དེ་སྲིད་དུ་ནི་དེའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་དག་ཀྱང་མཇུག་ཡིན་ནོ། །
དེ་བཞིན་དུ་གཞན་དྲུག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །བརྣབ་སེམས་ལ་སོགས་པ་ནི་མངོན་དུ་གྱུར་པ་ཙམ་གྱིས་ལས་ཀྱི་ལམ་དུ་འགྱུར་བའི་ཕྱིར་སྦྱོར་བ་ཡང་མེད་ལ་མཇུག་ཀྱང་མེད་དོ། །འདིར་ཅི་རེ་ཞིག་སྲོག་ཆགས་དེ་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ་རྣམ་པར་
རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ལས་ཀྱི་ལམ་ཡིན་ནམ་འོན་ཏེ་ཤི་བའི་སྲིད་པ་ལ་གནས་པ་དེའི་ཚེ་ཡིན་པ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར། རེ་ཞིག་གལ་ཏེ་འཆི་བའི་སྲིད་པ་ལ་གནས་པ་ཡིན་ན་ནི་གསོད་པའམ། གསོད་དུ་འཇུག་པ་ལྷན་
ཅིག་ཤི་བ་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གྲུབ་པའི་མཐའ་ལས་ནི་དེ་སྐད་དུ་མི་འབྱུང་ངོ་། །འོན་ཏེ་ཤི་བ་ཡིན་ན་ནི་བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེའི་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་
དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ་ཞེས་གང་སྨྲས་པ་དེ་བརྗོད་པར་མི་བྱའོ། །གང་ཡང་བསྟན་བཅོས་ལས་འདི་སྐད་དུ། སྲོག་ཆགས་བསད་ལ་སྲོག་གཅོད་པ་མ་འགགས་པ་ཡོད་དམ་ཞེ་ན། ཡོད་དེ། འདི་ལྟ་སྟེ། དཔེར་ན་སྲོག་ཆགས་ཀྱི་སྲོག་གཅོད་ལ་སྦྱོར་བ་མེད་པར་མི་འགྱུར་བ་
ལྟ་བུའོ་ཞེས་གསུངས་པ་འདིར་མཇུག་སྦྱོར་བའི་སྒྲར་གསུངས་སོ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་དོན་ནི་འགལ་ཏེ། དེའི་ཚེ་དངོས་ཁོ་ན་མ་འགགས་པའི་ཕྱིར་རོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་ན་ཉེས་པ་མེད་པ་དེ་དངོས་ཁོ་ན་སྦྱོར་བའི་སྒྲར་གསུངས་ཞེས་བྱ་
เล่ม ๑๔๐ · หน้า 201a
བའོ། །འོ་ན་དེའི་ཚེ་རྣམ་པར་རིག་བྱེད་ཇི་ལྟར་ལས་ཀྱི་ལམ་དངོས་སུ་འགྱུར། ཇི་ལྟར་ན་མི་འགྱུར། མི་ནུས་པའི་ཕྱིར་རོ། །དེ་ནི་རྣམ་པར་རིག་བྱེད་མ་ཡིན་པར་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་སྦྱོར་བའི་འབྲས་བུ་ཡོངས་སུ་རྫོགས་པའི་ཚེ་གཉི་ག་ལས་ཀྱི་ལམ་
ཡིན་ནོ། །ལས་ཀྱི་ལམ་གཞན་གྱི་སྦྱོར་བའམ་མཇུག་ལས་ཀྱི་ལམ་གཞན་ཡིན་པ་ཡང་ཡོད་དམ་ཞེ་ན། ཡོད་དེ། སྲོག་གཅོད་པའི་སྦྱོར་བ་ལས་ཀྱི་ལམ་བཅུ་ཆར་ཡང་ཡིན་ཏེ། དཔེར་ན་དགྲ་གསད་པའི་ཕྱིར་གཤེད་བྱེད་གསད་པར་གཞན་གྱི་ནོར་འཕྲོགས་ནས་ཕྱུགས་ཀྱིས་གཏོར་མ་
བྱེད་པ་དང་། དེ་ཉིད་ཀྱིས་དེ་གསོད་དུ་གཞུག་པའི་ཕྱིར་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང་། དེ་ལ་གང་དག་ཡོངས་སུ་སྐྱོབ་པར་འགྱུར་བ་དེའི་མཛའ་བོ་ལ་བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཀྱལ་པ་དག་གིས་དབྱེན་བྱེད་པ་དང་། དེའི་ནོར་ལ་བརྣབ་སེམས་བྱེད་པ་དང་། དེ་
ཉིད་ལ་གནོད་སེམས་བྱེད་པ་དང་། དེ་གསད་པའི་ཕྱིར་ལོག་པའི་ལྟ་བ་འཕེལ་བར་བྱེད་པ་ལྟ་བུ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །བརྣབ་སེམས་ལ་སོགས་པ་ནི་སྦྱོར་བ་ཡིན་པར་མི་རུང་སྟེ། བྱ་བ་མ་བརྩམས་པའི་ཕྱིར་སེམས་བསྐྱེད་པ་ཙམ་གྱིས་
ནི་སྦྱོར་བ་བྱས་པ་མ་ཡིན་ནོ། །མདོ་ལས་དགེ་སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའོ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུ་གསུངས་པ་དེ་ལ་སྲོག་གཅོད་པ་ཆགས་པ་ལས་སྐྱེས་པ་ནི་
ཅི་འདྲ་བ་ཞིག་ཅེས་བྱ་བ་དེ་ལ་སོགས་པ་བརྗོད་པར་བྱ་སྟེ། འདི་ལ་ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་གྱི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་དག་གི་སྦྱོར་བ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་པས་ན་དང་པོ་
ཀུན་ནས་སློང་བའི་ཚིག་ལས་དེ་སྐད་བཤད་དོ། །དེ་ལ་སྲོག་གཅོད་པ་ཆགས་པ་ལས་སྐྱེས་པ་ནི་འདི་ལྟ་སྟེ། དེའི་ལུས་ཀྱི་ཡན་ལག་གི་ཕྱིར་རམ། ནོར་གྱི་ཕྱིར་རམ། རྩེད་མོའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་སྲོག་གཅོད་པར་བྱེད་པའོ། །ཞེ་སྡང་ལས་
เล่ม ๑๔๐ · หน้า 201b
སྐྱེས་པ་ནི་འདི་ལྟ་སྟེ། ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་གསོད་པར་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། མཆོད་སྦྱིན་བྱེད་པ་རྣམས་དང་། རྒྱལ་པོས་ཆོས་འདོན་པ་ཚད་མར་བྱས་ནས་ཆོས་ཀྱི་བློས་གསོད་པ་དག་སྟེ། མི་བསྒྲུངས་པ་རྣམས་ཆད་པས་བཅད་
ན། རྒྱལ་པོ་བསོད་ནམས་ཀྱི་སྣོད་དུ་འགྱུར་རོ་ཞེས་གྲགས་པ་ལྟ་བུ་དང་། པར་སིག་པ་རྣམས་ཀྱི་ལྟ་བུ་སྟེ། དེ་དག་ནི་འདི་སྐད་དུ། ཕ་དང་མ་རྒས་སམ་ནད་ཚབས་ཆེན་པོས་ཐེབས་ན་གསད་པར་བྱའོ་ཞེས་ཟེར་རོ། །གང་ཡང་འདི་སྐད་དུ་སྦྲུལ་དང་སྡིག་པ་དང་སྦྲང་བུ་ཏྲྱ་མ་བུ་ཀ་ལ་སོགས་
པ་རྣམས་ནི་མི་རྣམས་ལ་གདུང་བར་བྱེད་པ་ཡིན་པས་གསད་པར་བྱའོ། །རི་དགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་རྣམས་ནི་ལོངས་སྤྱོད་པར་བྱ་བའི་ཕྱིར་གསད་པར་བྱའོ་ཞེས་ཟེར་བ་དང་། གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་སྲོག་གཅོད་པའོ། །མ་བྱིན་པར་ལེན་
པ་ཆགས་པ་ལས་སྐྱེས་པ་ནི་གང་ཞིག་གང་དོན་དུ་གཉེར་བ་དེས་འཕྲོག་པའམ། གཞན་གྱི་རྙེད་པའམ་བཀུར་སྟིའམ་གྲགས་པའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་འཕྲོག་
པ་གང་ཡིན་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ་རྒྱལ་པོས་ཆོས་འདོན་པ་ཚད་མར་བྱས་ནས་མི་བསྒྲུངས་པ་ཆད་པས་བཅད་པའི་ཕྱིར་འཕྲོག་པ་ལྟ་བུ་དང་། འདི་ལྟ་སྟེ། བྲམ་ཟེ་རྣམས་ན་རེ་འདི་ཐམས་ཅད་ནི་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་ན་བྲམ་ཟེ་རྣམས་
དམས་པས་དམངས་རིགས་རྣམས་ཡོངས་སུ་སྤྱོད་པར་ཟད་དེ། དེ་ལྟ་བས་ན་བྲམ་ཟེ་འཕྲོག་པ་ན་བྲམ་ཟེ་བདག་ཉིད་ཀྱིས་ལེན་པ་ཡིན། བདག་ཉིད་ཀྱིས་ཟ་བ་ཡིན། བདག་ཉིད་ཀྱིས་གྱོན་པ་ཡིན། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དེ་དག་ལ་བདག་དང་གཞན་གྱི་
འདུ་ཤེས་མི་འབྱུང་བ་ནི་མ་ཡིན་ནོ། །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་མ་བྱིན་པར་ལེན་པའོ། །འདོད་པས་ལོག་པར་གཡེམ་པ་ཆགས་པ་ལས་སྐྱེས་པ་ནི་གཞན་གྱི་ཆུང་མ་ལ་སོགས་པ་ལ་དེ་ལ་ཆགས་པའམ། རྙེད་པ་འམ་བཀུར་སྟིའི་ཕྱིར་རམ། བདག་གམ་
เล่ม ๑๔๐ · หน้า 202a
མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཉལ་པོ་བྱེད་པ་གང་ཡིན་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། པར་སིག་ལ་སོགས་པ་མ་ལ་སོགས་པ་ལ་ཉལ་བ་དང་།
བ་ལང་འབྲིང་གི་མཆོད་སྦྱིན་ལ་ཆོ་ག་ཅན་གྱི་ཆུ་བཏུང་ངོ་། །རྩྭ་བཅད་དོ། །མའི་གན་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གན་དུ་འགྲོའོ། །རུས་གཅིག་པའི་གན་དུ་འགྲོའོ་ཞེས་བྱ་བ་དང་། གང་དང་གང་ན་འདི་དག་རྙེད་པ་དེ་དང་དེར་འགྲོ་བར་བྱ་སྟེ། དེ་ལྟ་བས་ན་བ་ལང་དང་འཇིག་
རྟེན་ལས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུ་དང་། གང་དག་བུད་མེད་ནི་གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་སྨིན་པ་དང་། ངོགས་དང་ལམ་དང་འདྲའོ་ཞེས་ཟེར་བ་ལྟ་བུའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་ནི་སྔ་
མ་བཞིན་ནོ། །བརྫུན་དུ་སྨྲ་བ་གཏི་མུག་ལས་སྐྱེས་པ་ནི་ཇི་སྐད་དུ། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་ཀུན་འཕྲོག་ཚེ་བརྫུན་བྱས་གནོད་མེད་དེ། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཞེས་སྨྲས་པ་ལྟ་བུ་དང་།
གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་བརྫུན་དུ་སྨྲ་བའོ། །ཕྲ་མ་ལ་སོགས་པ་གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ལྟ་བས་རབ་ཏུ་བཅུག་པ་དང་། གང་ཡང་རིག་བྱེད་ལ་སོགས་པ་བསྟན་བཅོས་ངན་པ་རྡོལ་བའོ། །ཇི་ལྟར་ན་བརྣབ་སེམས་ལ་སོགས་པ་ཆགས་པ་ལ་སོགས་
པ་ལས་སྐྱེས་པ་ཡིན་ཞེ་ན། དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །ཆགས་པའི་མཇུག་ཐོགས་སུ་བྱུང་བ་ནི་ཆགས་པ་ལས་སྐྱེས་པ་དག་ཡིན་ནོ། །ཞེ་སྡང་གི་མཇུག་ཐོགས་སུ་བྱུང་བ་ནི་ཞེ་སྡང་ལས་སྐྱེས་པ་དག་ཡིན་ནོ། །གཏི་
མུག་གི་མཇུག་ཐོགས་སུ་བྱུང་བ་ནི་གཏི་མུག་ལས་སྐྱེས་པ་དག་ཡིན་ནོ། །མི་དགེ་བའི་ལས་ཀྱི་ལམ་རྣམས་བཤད་ཟིན་ཏོ། །དགེ་བའི་ལས་ཀྱི་ལམ་རྣམས་ཇི་ལྟ་བུ་ཞེ་ན། དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །དགེ་བའི་ལས་
เล่ม ๑๔๐ · หน้า 202b
ཀྱི་ལམ་སྦྱོར་བ་དང་མཇུག་དང་། བཅས་པ་རྣམས་ནི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་དང་། དེ་ཡང་གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལས་སྐྱེས་པ་དག་ཡིན་ནོ། །དེ་ལ་མི་དགེ་
བའི་ལས་ཀྱི་ལམ་ནི་སྦྱོར་བ་སྤོང་བ་ནི་དགེ་བའི་ལས་ཀྱི་ལམ་གྱི་སྦྱོར་བ་ཡིན་ནོ། །དངོས་སྤོང་བ་ནི་དངོས་ཡིན་ནོ། །མཇུག་སྤོང་བ་ནི་མཇུག་ཡིན་ཏེ། །འདི་ལྟ་སྟེ་དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པ་གནས་སྣ་ཚོགས་པར་འཇུག་པར་བྱེད། དགེ་འདུན་རྣམས་ལ་ཕྱག་འཚལ་
བར་བྱེད། མཁན་པོ་ལ་གསོལ་བ་འདེབས་པར་བྱེད་པ་ནས་ལས་ལན་གཅིག་བརྗོད་པ་དང་། ལན་གཉིས་བརྗོད་པའི་བར་འདི་ནི་སྦྱོར་བ་ཡིན་ནོ། །ལན་གསུམ་པ་བརྗོད་པའི་ཚེ་རྣམ་པར་རིག་བྱེད་དང་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་འདི་ནི་ལས་ཀྱི་ལམ་
དངོས་ཡིན་ནོ། །དེའི་འོག་ཏུ་ཇི་སྲིད་དུ་གནས་བསྒོ་བའམ། དེའི་རྟེན་རྣམ་པར་རིག་པར་བྱེད་པ་དང་། ཇི་སྲིད་དུ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ་རྗེས་སུ་འབྲང་བ་འདི་ནི་མཇུག་ཡིན་ནོ། །ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གང་
བཤད་ན། འོ་ན་གང་ཞིག་གང་གིས་མཐར་ཕྱིན་པར་བྱེད་ཅེ་ན། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །སྲོག་གཅོད་པ་དང་། གནོད་སེམས་དང་། ཚིག་རྩུབ་པོ་དང་འདི་དག་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དེ། ཡོངས་སུ་འདོར་བ་དང་།
རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་རོ། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་སེམས་ནི་རྫོགས་པར་བྱེད། །འདོད་པས་ལོག་པར་གཡེམ་པ་དང་། བརྣབ་སེམས་དང་། མ་བྱིན་པར་ལེན་པ་རྣམས་ནི་ཆགས་པས་རྫོགས་པར་བྱེད་དོ། །ལོག་པར་ལྟ་བ་གཏི་
མུག་གིས། །ཆེར་རྨོངས་པར་གྱུར་ན་མཐར་ཕྱིན་པར་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ལྷག་མ་ཡང་གང་དག་ཅེ་ན། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་ཀྱལ་པ་སྟེ། དེ་དག་ནི་ཆགས་པའམ། ཞེ་སྡང་ངམ། གཏི་མུག་གསུམ་ཀས་ཀྱང་མཐར་ཕྱིན་པར་
เล่ม ๑๔๐ · หน้า 203a
བྱེད་དོ། །གང་འདི་ལས་ཀྱི་ལམ་ཆ་བཞིར་བཤད་པ་དེ་དག་ནི་གསུམ་དང་། གསུམ་དང་། གཅིག་དང་། གསུམ་དང་། གོ་རིམས་བཞིན་ཏེ། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་དང་མིང་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་
ནོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ། །ལོག་པར་ལྟ་བའི་གཞི་ནི་མིང་དང་། གཟུགས་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་སོགས་པའི་གཞི་ནི་མིང་གི་ཚོགས་ཡིན་ནོ། །གང་ཞིག་གི་ཕ་རོལ་པོ་འཆི་བར་ངེས་པར་བྱས་ནས་དེ་དང་མགོ་མཉམ་
དུ་འམ་སྔར་ཤི་ན་ཅི་དེ་ལ་ལས་ཀྱི་ལམ་དངོས་ཡོད་དམ་འོན་ཏེ་མེད་ཅེ་ན། སྔ་དང་མཉམ་དུ་ཤི་བ་ལ། །དངོས་པོ་མེད་དེ་ཉིད་ཀྱི་ཕྱིར། །སྦྱོར་བ་ཡང་བྱས་ལ་འབྲས་བུ་ཡང་ཡོངས་སུ་རྫོགས་པར་གྱུར་ཀྱང་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་བ་ལྟ་མཆིས་སམ། བཀའ་སྩལ་
པ་ཡོད་དེ། འདི་ལྟ་སྟེ་གསོད་པ་པོ་སྔར་རམ་མཉམ་དུ་ཤི་བར་གྱུར་པ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། གསད་པར་བྱ་བ་གསོན་བཞིན་དུ་གསོད་པ་པོ་ལ་ཁ་ན་མ་ཐོ་བ་དང་ལྡན་པ་ཡང་མེད་ལ། གསོད་པ་པོ་ཤི་བ་ལ་ཡང་མ་ཡིན་ཏེ། ལུས་གཞན་སྐྱེས་ཕྱིར་རོ། །
ལུས་གང་གིས་དེ་ལ་སྦྱོར་བ་བྱས་པ་དེ་ནི་ཆད་ལ་རིས་མཐུན་པ་ཐ་དད་པ་གཞན་གྱི་ལུས་ཁོ་ན་ཞིག་བྱུང་སྟེ། དེ་ནི་སྦྱོར་བ་པོ་མ་ཡིན་པའི་ཕྱིར་ལས་ཀྱི་ལམ་དང་ལྡན་པར་རིག་པ་མ་ཡིན་ནོ། །གང་དམག་གིས་གདབ་པ་དང་། ལིངས་འདེབས་པ་དང་། མ་འཕྲིགས་པར་གདབ་
པ་དག་ཏུ་ཕ་རོལ་པོ་གསད་པར་བྱ་བའི་ཕྱིར་མང་པོ་ཚོགས་པས་བཏབ་ལ་གཅིག་ཅིག་གིས་སྲོག་གཅོད་ན་དེ་དང་སུ་ཞིག་ལྡན་པར་འགྱུར་ཞེ་ན། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་བློ་བཞིན་ལྡན། །དོན་གཅིག་པའི་ཕྱིར་ཐམས་ཅད་བྱེད་པ་པོ་ཇི་ལྟ་བ་བཞིན་
ལྡན་པར་འགྱུར་ཏེ། དེ་དག་ནི་དོན་གྱིས་ན་ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །འོ་ན་གང་ཞིག་ནན་གྱིས་ཁྲིད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ཡང་ལྡན་པར་འགྱུར་བ་སྟེ། གང་ཞིག་འདི་སྙམ་དུ་སྲོག་གི་ཕྱིར་ཡང་སྲོག་ཆགས་མི་གསོད་དེ་ཞེས་བྱ་བར་ངེས་པར་བྱས་ཏེ་འགྲོ་བ་ནི་མ་གཏོགས་སོ། །
เล่ม ๑๔๐ · หน้า 203b
རང་གི་སྲོག་གཅོད་པར་བྱེད་པ་ལ་ཇི་ཙམ་གྱིས་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བ་ནས་ཇི་ཙམ་གྱིས་ན་ལོག་པར་ལྟ་བའི་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་བརྗོད་དོ། །སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བ་ནི་གཞན་གསད་པའོ། །གལ་ཏེ་འདི་བསད་དོ་
སྙམ་དུ་བསམས་ནས་གསོད་པར་བྱེད་ལ། གཞན་དང་མ་ནོར་བར་དེ་ཉིད་ཀྱང་གསོད་པར་བྱེད་ན་དེ་ཙམ་གྱིས་སྲོག་གཅོད་པ་ཡིན་ནོ། །འོ་ན་གང་ཞིག་འདི་ཅི་སྲོག་ཆགས་སམ་སྲོག་ཆགས་མ་ཡིན། དེ་འམ་གཞན་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟོས་ནས་གསོད་པར་བྱེད་པ་དེ་ཇི་ལྟ་བུ་ཞེ་ན།
དེ་ཡང་གདོན་མི་ཟ་བར་གང་ཡིན་པ་ཡིན་ཞེས་བྱ་བའི་ངེས་པ་འདི་རྙེད་ནས་དེ་ལ་སྣུན་པར་བྱེད་པས་དེས་ན་འདོར་བའི་སེམས་སུ་བྱས་པ་ཁོ་ན་ཡིན་ནོ། །ཕུང་པོ་སྐད་ཅིག་མ་རྣམས་ལ་ཇི་ལྟར་སྲོག་གཅོད་པ་ཡིན་ཞེ་ན། སྲོག་ཞེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་
ཡིན་ཏེ། དེ་གཅོད་པར་བྱེད་དོ། །དཔེར་ན་མར་མེ་འམ། དྲིལ་བུའི་སྐད་འགག་པར་བྱེད་པ་དང་འདྲའོ། །ཡང་ན་སྲོག་གི་དབང་པོ་སྲོག་ཡིན་ཏེ། དེ་འགག་པར་བྱེད་དོ། །གལ་ཏེ་སྲོག་གི་དབང་པོའི་སྐད་ཅིག་མ་གཅིག་སྐྱེ་བ་ལ་བར་ཆད་བྱེད་ན་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་
བས་རེག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་མེད་པས་གང་ཞིག་འཆི་བར་འགྱུར་བའི་སྲོག་དེ་གང་ཡིན་ཞེ་ན། གང་གི་ཞེས་བྱ་བའི་དྲུག་པ་ནི་གང་ཟག་ཏུ་སྨྲ་བ་དགག་པར་དཔྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་། གང་ཚེ་ཚེ་དང་དྲོད་རྣམས་ཤེས། །འདི་དག་གིས་
ནི་ལུས་འདོར་ཞིང་། །བོར་ན་དེ་ཚེ་འདུག་པ་ནི། །ཇི་ལྟར་ཤིང་ལ་སེམས་མེད་བཞིན། །ཞེས་གསུངས་ཏེ། དེ་ལྟ་བས་ན་དབང་པོ་དང་བཅས་པའི་ལུས་ནི་གསོན་པོ་ཞེས་བྱ་ལ། དབང་པོ་མེད་པ་ནི་ཤི་བ་ཞེས་བྱའོ། །གཅེར་བུ་པ་རྣམས་ན་རེ་བློ་སྔར་མ་བཏང་བའི་སྲོག་གཅོད་པས་ཀྱང་
བྱེད་པ་པོ་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། དཔེར་ན་མེ་དང་རེག་པ་ལས་ཚིག་པར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་གཞན་གྱི་ཆུང་མ་མཐོང་བ་དང་། རེག་པ་ལ་ཡང་དེ་ལྟར་ཐལ་བར་འགྱུར་རོ། །གཅེར་བུ་པ་སྐྲ་འབལ་བ་དང་། དཀའ་ཐུབ་དྲག་པོའི་ལུང་
เล่ม ๑๔๐ · หน้า 204a
འབོགས་པ་དང་། དེ་དག་གསད་དེ་ཤི་ན་ཡང་སྦྱིན་པ་པོ་ལ་དེ་ལྟར་ཐལ་བར་འགྱུར་རོ། །མ་དང་བུ་ལྟོ་ན་ཡོད་པ་དག་ཀྱང་ཕན་ཚུན་སྡུག་བསྔལ་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར་དེ་ལྟར་ཐལ་བར་འགྱུར་རོ། །གསོད་པར་བྱ་བ་ཡང་དེའི་བྱ་བ་དང་འབྲེལ་པའི་ཕྱིར་དེ་ལྟར་
ཐལ་བར་འགྱུར་ཏེ། མེས་རང་གི་རྟེན་སྲེག་པ་བཞིན་ནོ། །བྱེད་དུ་འཇུག་པ་ལ་ཡང་ཐལ་བར་མི་འགྱུར་ཏེ། གཞན་མེ་ལ་རེག་ཏུ་འཇུག་པ་མེ་དེས་མི་འཚིག་པ་བཞིན་ནོ། །ཁྱིམ་རྡིབ་ན་སྲོག་ཆགས་དག་འཆི་བའི་ཕྱིར་ཤིང་ལ་སོགས་པ་མེད་པ་རྣམས་ཀྱང་སྡིག་པ་དང་ལྡན་པར་ཐལ་བར་
འགྱུར་རོ། །ནད་པ་ལ་གནོད་པ་དང་། ཤི་བ་ན་སྨན་པ་རྣམས་ལ་ཡང་དེ་ལྟར་ཐལ་བར་འགྱུར་རོ། །ཡང་ན་དཔེ་ཙམ་གྱིས་ནི་འགྲུབ་པར་མི་འགྱུར་རོ། །སྲོག་གཅོད་པ་བཤད་ཟིན་ཏོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །མ་ནོར་བ་ཞེས་བྱ་བར་
སྦྱར་ཏེ། གལ་ཏེ་གཞན་གྱིས་བདག་གིར་བྱས་པ་ལ་མཐུ་དང་འཇབ་བུས་བདག་གིར་བྱེད་ཅིང་། གང་དུ་མཐུ་དང་འཇབ་བུས་བདག་གིར་བྱ་བར་བསམས་པ་དེ་ལས་གཞན་དུ་འདུ་ཤེས་ཀྱང་མ་འཁྲུལ་ན་དེ་ཙམ་གྱིས་མ་བྱིན་པར་ལེན་པ་ཡིན་ནོ། །མཆོད་རྟེན་ལས་ཕྲོགས་པ་ནི་སངས་རྒྱས་
ལས་མ་བྱིན་པར་བླངས་པ་ཡིན་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ། །གཞན་དག་ན་རེ་སྲུང་མ་གང་དག་ཡིན་པ་ལས་སོ་ཞེས་ཟེར་རོ། །བདག་པོ་མེད་པའི་གཏེར་བྲུས་ན་ནི་ཡུལ་གྱི་བདག་པོ་ལས་སོ། །ཤི་བའི་
ནོར་ཕྲོགས་ན་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་སོ། །མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་སོ། །བགྲོད་མིན་འགྲོ་བ་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་
འདོད་པས་ལོག་པར་གཡེམ་པ་རྣམ་པ་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་གཞན་གྱིས་ཡོངས་སུ་གཟུང་བ་འམ། མ་འམ། བུ་མོ་འམ། ཕ་དང་མ་དང་འབྲེལ་པའི་གན་དུ་འགྲོའམ། རང་གི་ཆུང་མ་ཡིན་ཡང་ཡན་ལག་མ་ཡིན་པར་འགྲོ་བ་སྟེ། ཁའམ་རྐུབ་ཏུ་འཇུག་པའམ། །
เล่ม ๑๔๐ · หน้า 204b
ཡུལ་མ་ཡིན་པར་འགྲོ་བའམ། སྣང་བའམ། མཆོད་རྟེན་ནམ། གཙུག་ལག་ཁང་ངམ། དུས་མ་ཡིན་པར་འགྲོ་བ་སྟེ། དུས་མ་ཡིན་པ་གང་ཞེ་ན། སྦྲུམ་མའམ། ནུ་ཞོ་འཐུང་བའམ། ངེས་པ་དང་བཅས་པའི་གན་དུ་འགྲོ་བའོ། །ཁ་ཅིག་ན་རེ་གལ་ཏེ་ཁྱོས་གནང་ན་ངེས་པ་དང་
བཅས་པ་ཡིན་ནོ་ཞེས་ཟེར་རོ། །མ་ནོར་བ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་བདག་གི་ཡིན་པའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ཀྱི་ལམ་དུ་མི་འགྱུར་རོ། །གལ་ཏེ་གཞན་གྱི་ཆུང་མ་མ་ཡིན་པའི་འདུ་ཤེས་ཀྱིས་གཞན་ཞིག་གི་གན་དུ་སོང་ན། ཁ་ཅིག་ན་རེ་གཞན་གྱི་
ཆུང་མ་ལ་སྦྱར་བར་བྱས་པའི་ཕྱིར་དང་། དངོས་པོ་ཡོངས་སུ་ལོངས་སྤྱད་པའི་ཕྱིར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་སྦྱོར་བ་གཞན་དུ་བྱས་པའི་ཕྱིར་མི་འགྱུར་ཏེ། སྲོག་གཅོད་པ་བཞན་ནོ་ཞེས་ཟེར་རོ། །དགེ་སློང་མའི་གན་དུ་འགྲོ་བ་སུ་ལས་འདོད་པ་ལ་ལོག་པར་གཡེམ་པ་
ཡིན་ཞེ་ན། ཡུལ་གྱི་བདག་པོ་ལས་ཏེ་དེས་ནི་དེ་མི་བཟོད་པར་བྱ་བ་ཡིན་ནོ། །དེས་ནི་རང་གི་ཆུང་མ་ངེས་པ་དང་བཅས་པ་བཞིན་དུ་བགྲོད་པར་བྱ་བ་མ་ཡིན་པ་ཡང་ཡིན་ནོ། །གཞོན་ནུ་མའི་གན་དུ་འགྲོ་བ་ནི་གང་ལ་བྱིན་པ་ལས་སོ། །གལ་ཏེ་སྦྱིན་པ་མེད་ན་སྲུང་བ་གང་ཡིན་པ་དང་།
ཐ་ན་རྒྱལ་པོ་ལས་སོ། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །དོན་སྨྲ་བ་གང་ཡིན་པ་དེ་ལ་འདུ་ཤེས་གཞན་དུ་བསྒྱུར་ལ་དེས་གང་གི་དབང་དུ་བྱས་ནས་སྨྲས་པའི་ཚིག་དེའི་དོན་ཡང་གོ་ན་ཚིག་དེ་ནི་བརྫུན་དུ་སྨྲ་བའི་ཡིན་ནོ། །མངོན་པར་མ་གོ་ན་
ཅིར་འགྱུར་ཞེ་ན། ཚིག་ཀྱལ་པར་འགྱུར་རོ། །ཚིག་ཅེས་བྱ་བ་ནི་རེས་འགའ་ཡི་གེ་མང་པོ་ཞིག་ལས་ཚིག་ཏུ་འགྱུར་ན་དེ་ལ་ལས་ཀྱི་ལམ་གང་ཞིག་ཡིན་ཞེ་ན། ཐ་མ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པའོ། །ཡང་ན་གང་ལས་དོན་གོ་བར་འགྱུར་བ་སྟེ། ཡི་གེ་སྔ་མ་
རྣམས་ནི་སྦྱོར་བ་ཡིན་ནོ། །དོན་མངོན་པར་གོ་བ་ཞེས་བྱ་བ་ཅི་རེ་ཞིག་ཉན་པ་པོས་དོན་མངོན་པར་གོ་བ་ཡིན་ནམ། འོན་ཏེ་མངོན་པར་གོ་བར་ནུས་པ་ཞིག་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་དོན་མངོན་པར་གོ་བ་ཡིན་ན་ནི་ཚིག་གི་དོན་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་
เล่ม ๑๔๐ · หน้า 205a
ཕྱིར་དང་ངག་གི་རྣམ་པར་རིག་བྱེད་རྣ་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལས་ཀྱི་ལམ་དུ་འགྱུར་རོ། །འོན་ཏེ་མངོན་པར་གོ་བར་ནུས་པ་མ་ཡིན་ན་ནི་དེ་ལྟ་ནི་ཉེས་པར་མི་འགྱུར་ཏེ། ཇི་ལྟར་ན་མངོན་པར་གོ་བར་
ནུས་པ་ཡིན་ཞེ་ན། སྐད་བྱང་བ་དང་རྣ་བའི་རྣམ་པར་ཤེས་པ་སྐྱེས་པའོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟ་བུ་ཡིན་ནོ། །མདོ་ལས་ཐ་སྙད་བཅུ་དྲུག་གསུངས་པ་ལ་མ་མཐོང་བ་ལ་མཐོང་ཞེས་སྨྲས་པ་དང་། མ་ཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མ་ཤེས་པ་ལ་རྣམ་པར་ཤེས་སོ་
ཞེས་སྨྲ་བ་དང་། མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་བ་དང་། རྣམ་པར་ཤེས་པའི་བར་ལ་རྣམ་པར་མ་ཤེས་སོ་ཞེས་སྨྲ་བ་དང་བརྒྱད་པོ་འདི་ནི་འཕགས་པ་མ་ཡིན་པའི་ཐ་སྙད་དག་ཡིན་ནོ། །མཐོང་བ་ལ་མཐོང་ངོ་ཞེས་སྨྲ་བ་ནས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བའི་བར་
དང་། མ་མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་བ་ནས་རྣམ་པར་མ་ཤེས་སོ་ཞེས་སྨྲ་བའི་བར་བརྒྱད་པོ་འདི་ནི་འཕགས་པའི་ཐ་སྙད་དག་ཡིན་ནོ། །དེ་ལ་མཐོང་བ་དང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་དེ་དག་གི་མཚན་ཉིད་ཅི་ཞེ་ན། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། །གསུམ་གྱིས་
ཉམས་སུ་མྱོང་གང་དེས། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོགས་པ་ཡིན་ཏེ་གོ་རིམས་བཤད། །མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བཤད་དོ། །རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བཤད་དོ། །ཡིད་
ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཞེས་བཤད་དོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྟོགས་པ་ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དྲི་དང་རོ་དང་རེག་བྱ་རྣམས་ནི་ལུང་དུ་
མ་བསྟན་པའི་ཕྱིར་ཤི་བ་དང་འདྲ་སྟེ། དེའི་ཕྱིར་དེ་དག་ལ་ནི་རྟོགས་པ་ཞེས་ཟེར་རོ། །འདི་ལ་ཁུངས་ཅི་ཞིག་ཡོད་ཅེ་ན། མདོ་དང་། རིགས་པ་ཡོད་དེ། རེ་ཞིག་མདོ་ནི་མཆོད་བྱེད་ཀྱི་མ་ཅན་འདི་ཇི་སྙམ་དུ་སེམས། གཟུགས་གང་དག་ཁྱོད་ཀྱི་མིག་གིས་མ་མཐོང་སྟེ་སྔོན་མ་མཐོང་
เล่ม ๑๔๐ · หน้า 205b
ཞིང་མི་ལྟ་ལ། ཁྱོད་འདི་སྙམ་དུ་བལྟ་བར་བྱའོ་སྙམ་དུ་ཡང་མི་སེམས་ན། གཞི་དེ་ལས་ཁྱོད་འདུན་པའམ། འདོད་ཆགས་སམ་འདོད་པའམ་དགའ་བའམ། ཆགས་པའམ། འཆུམས་པའམ། ལྷག་པར་ཆགས་པ་སྐྱེ་བའམ། བཙུན་པ་མ་ལགས་སོ། །སྒྲ་གང་དག་
ཁྱོད་ཀྱི་རྣ་བས་མ་ཐོས་ཏེ། སྔོན་མ་ཐོས་ཞེས་བྱ་བ་དང་། རྒྱས་པར་ཡིད་ཀྱིས་ཆོས་རྣམས་རྣམ་པར་མ་ཤེས་ཏེ་ཞེས་བྱ་བ་ནས་རྒྱས་པར་བཙུན་པ་མ་ལགས་སོ་ཞེས་བྱ་བའི་བར་དུའོ། །མཆོད་བྱེད་ཀྱི་མ་ཅན་ཁྱོད་འདི་ལ་མཐོང་ན་ཡང་མཐོང་བ་ཙམ་དུ་འགྱུར་ལ། ཐོས་པ་དང་། རྟོགས་པ་
དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་ཙམ་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་ཡུལ་གསུམ་ལ་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པའི་སྒྲས་བསྟན་པའི་ཕྱིར་དྲི་ལ་སོགས་པ་ལ་རྟོགས་ཞེས་བྱ་བར་གོ་འོ། །དེ་ལྟར་མི་འདོད་ན་མཐོང་བ་ལ་
སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་པར་ཡང་མི་འགྱུར་ཏེ། འདི་ནི་རིགས་པ་ཡིན་ནོ། །རེ་ཞིག་མདོ་འདི་དོན་གཞན་ཡིན་པའི་ཕྱིར། ཁུངས་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་འདི་ལ་ཐ་སྙད་རྣམས་ཀྱི་མཚན་ཉིད་
བསྟན་པ་དེ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། འདིར་ནི་ཁྱོད་ཡུལ་རྣམ་པ་དྲུག་པོ་འདི་ལ་མཐོང་བ་ལ་སོགས་པའི་ཐ་སྙད་བཞི་ལ་མཐོང་བ་ལ་སོགས་པའི་ཐ་སྙད་ཙམ་དུ་འགྱུར་གྱི་སྡུག་པ་དང་མི་སྡུག་པའི་མཚན་མར་སྒྲོ་འདོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མདོའི་དོན་
ཡིན་པར་སྣང་ངོ་། །ཡང་མཐོང་བ་ནི་ཅི་ཞིག་ཡིན། རྣམ་པར་ཤེས་པའི་བར་དུ་ཡང་ཅི་ཞིག་ཡིན་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་དབང་པོ་ལྔས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་མཐོང་བའོ། །ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་ནི་ཐོས་པའོ། །བདག་ཉིད་
ཀྱི་རིགས་པས་རྗེས་སུ་དཔག་པའི་སྒོ་ནས་འདོད་པ་གང་ཡིན་པ་དེ་ནི་རྟོགས་པའོ། །ཡིད་ཀྱི་མངོན་སུམ་དུ་གྱུར་པ་བསྒོམས་ནས་རྟོགས་པ་སོ་སོ་རང་གིས་རིག་པར་བྱ་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ། །ཡང་ཡུལ་ལྔ་པོ་འདི་དག་རེ་རེ་ལ་ཡང་མཐོང་
เล่ม ๑๔๐ · หน้า 206a
བའམ་ཐོས་པའམ། རྟོགས་པའམ། རྣམ་པར་ཤེས་པ་ཡིན་ནོ་ཞེས་ཐ་སྙད་གདགས་ལ། དྲུག་པ་ལ་ནི་མཐོང་བ་མ་གཏོགས་ཏེ། དེ་ལྟར་ན་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བར་འགྱུར་བ་ཡང་མེད་དེ། དེ་ལྟ་བས་ན་རིགས་
པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་རྣམས་ནི་འདི་སྐད་དུ། མིག་གིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་མཐོང་བའོ། །རྣ་བས་ཐོས་པ་དང་། ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་ནི་ཐོས་པའོ། །བདག་ཉིད་ཀྱིས་བསམ་པ་གང་ཡིན་པ་དེ་ནི་རྟོགས་པའོ། །
བདག་ཉིད་ཀྱིས་སོ་སོར་ཡང་དག་པར་རིག་པ་དང་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་ཟེར་རོ། །ཞར་ལ་འོངས་པ་རྫོགས་སོ།། །།བསྟན་བཅོས་ལ་འཇུག་པར་བྱ་སྟེ། གང་ཞིག་ལུས་ཀྱི་དོན་གཞན་གོ་བར་བྱེད་ན་བརྫུན་དུ་སྨྲ་བར་འགྱུར་རམ་ཞེ་ན། འགྱུར་རོ། །དེ་
ཉིད་ཀྱི་ཕྱིར། ལུས་ཀྱིས་མི་བྱེད་ན་སྲོག་གཅོད་པའི་ཁ་ན་མ་ཐོ་བའི་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དོ། །ངག་གིས་བྱེད་པར་འགྱུར་ནའོ། །ངག་གིས་མི་བྱེད་ན་བརྫུན་གྱི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དོ། །ལུས་ཀྱིས་བྱེད་པར་འགྱུར་ནའོ། །ལུས་
ཀྱིས་ཀྱང་མི་བྱེད། ངག་གིས་ཀྱང་མི་བྱེད་ན། ཁ་ན་མ་ཐོ་བ་གཉི་གས་རེག་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། འདིར་དྲང་སྲོང་རྣམས་ཡིད་རབ་ཏུ་ཁྲོས་པ་དང་། གསོ་སྦྱོང་དཔེར་བྱའོ་ཞེས་གསུངས་སོ། །གཉི་གས་ཡང་མི་བྱེད་ན་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་
པ་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཇི་ལྟར་ན་དེ་གཉིས་ཀྱིས་ལས་ཀྱི་ལམ་དུ་འགྲུབ་སྟེ། འདི་ལ་འབད་པར་བྱའོ། །བརྫུན་དུ་སྨྲ་བ་རྫོགས་སོ།། །།ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཕ་རོལ་པོ་དག་དབྱེ་ཞིང་མི་མཛའ་
བར་བྱ་བའི་ཕྱིར་སེམས་ཀྱི་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཕྲ་མ་ཡིན་ཏེ། དོན་མངོན་པར་གོ་བ་དང་། མ་ནོར་བ་ཞེས་བྱ་བར་སྦྱར་རོ། །ཚིག་རྩུབ་པོ་ནི་མི་སྙན་པ། །སེམས་ཉོན་མོངས་པ་ཅན་གྱི་ཚིག་དང་། དོན་མངོན་པར་གོ་བ་དང་། མ་ནོར་བ་ཞེས་བྱ་བར་སྦྱར་ཏེ། སེམས་
เล่ม ๑๔๐ · หน้า 206b
ཉོན་མོངས་པ་ཅན་གྱིས་ཅིའི་ཚིག་མི་སྙན་པ་ཕ་རོལ་པོ་ལ་སྨྲས་ཤིང་དོན་མངོན་པར་གོ་ལ་གང་ལ་སྨྲ་བར་འདོད་པ་དེ་ཉིད་ལ་སྨྲ་བ་གང་ཡིན་པ་དེ་ནི་ཚིག་རྩུབ་པོ་ཡིན་ནོ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཚིག་ཅེས་བྱ་བའི་དབང་དུ་བྱས་པར་སྦྱར་ཏེ། ཉོན་མོངས་པ་ཅན་གྱི་ཚིག་
ཐམས་ཅད་ནི་ཚིག་ཀྱལ་པ་ཡིན་ནོ། །དེ་ཉིད་ན་ནི་ཀྱལ་པ་ཉིད་ཡིན་ཏེ། དེ་དང་ལྡན་པ་ནི་ཚིག་ཀྱལ་པ་ཅན་ཡིན་ནོ། །གཞན་ནི་དེ་ལས་གཞན་ཉོན་མོངས། །གཞན་དག་ན་རེ་ངག་གི་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཚིག་
ཀྱལ་པ་ཡིན་ནོ་ཞེས་ཟེར་ཏེ། ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན། དཔེར་ན་དགེ་སློང་ལོག་པས་འཚོ་བ་ཅན་ཁ་གསག་བྱེད་པ་དང་། ཆགས་པས་ཁ་ཅིག་གླུ་ལེན་པ་དང་། ཟློས་གར་མཁན་རྣམས་ཟློས་གར་གྱི་ཚེ་གཞན་དག་མགུ་བར་བྱ་བའི་ཕྱིར་
འཁྱལ་པ་དང་། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་དག་གདོན་པ་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པ་བརྫུན་དུ་སྨྲ་བ་ལ་སོགས་པ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་ཡིན་ནོ། །ཇི་ལྟར་ན་
འཁོར་ལོས་སྒྱུར་བའི་ཚེ་གླུ་ཡང་ཡོད་ལ་ཚིག་ཀྱལ་པ་ཡང་མ་ཡིན་ཞེ་ན། དེའི་ཚེ་ངེས་པར་འབྱུང་བ་དང་ལྡན་པའི་གླུ་དག་བླངས་ཀྱི་སྟེགས་སྔགས་དང་ལྡན་པ་དག་ནི་མ་ཡིན་ནོ། །གཞན་དག་ན་རེ་དེའི་ཚེ་ཡང་བག་མ་ལེན་པ་དང་། བག་མ་གཏོང་བ་ལ་སོགས་པའི་མངོན་པར་བརྗོད་
པ་ཡོད་པས་ཚིག་ཀྱལ་པ་ནི་ཡོད་མོད་ཀྱི་ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཕ་རོལ་པོ་དག་གི་གང་ཡིན་པ་དེ་བདག་གི་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་ནས་གཞན་གྱི་ནོར་དག་ལ་མཐུའམ་འཇབ་བུ་འང་རུང་ལོག་
པར་མི་རིགས་པས་བདག་གིར་བྱེད་འདོད་པ་གང་ཡིན་པ་དེ་ནི་བརྣབ་སེམས་ཀྱི་ལས་ཀྱི་ལམ་ཡིན་ནོ། །གཞན་དག་ན་རེ་འདོད་པ་ན་སྤྱོད་པའི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་ཏེ། འདི་ལྟར་སྒྲིབ་པའི་སྐབས་སུ་འདོད་པ་ལ་འདུན་པའི་དབང་དུ་མཛད་ནས་མདོ་ལས་དེ་
เล่ม ๑๔๐ · หน้า 207a
འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་ཞེས་བྱ་བ་དེ་ལ་སོགས་པ་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འཁོར་ལོས་སྒྱུར་བ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་བརྣབ་སེམས་ཀྱི་ལས་ཀྱི་ལམ་ཡོད་པར་འགྱུར་དུ་འོང་བས། གལ་ཏེ་ཐམས་
ཅད་བརྣབ་སེམས་ཡིན་ན་ཡང་ཐམས་ཅད་ལས་ཀྱི་ལམ་ནི་མ་ཡིན་ཏེ། ཉེས་པར་སྤྱད་པ་ཆེ་ལོང་བསྡུས་པའི་ཕྱིར་ཞེས་ཟེར་རོ། །གནོད་སེམས་སེམས་ཅན་ལ་སྡང་བ། །སེམས་ཅན་དག་ལ་ཞེ་སྡང་བ་ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པ་ནི་གནོད་སེམས་ཡིན་ནོ། །དགེ་དང་མི་དགེ་
མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ལས་དགེ་བ་དང་མི་དགེ་བ་མེད་དོ་ཞེས་ལྟ་བ་དེ་ནི་ལོག་པར་ལྟ་བ་ཡིན་ཏེ། འདི་ལྟ་སྟེ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནས་འཇིག་
རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བའི་བར་ལས་དང་འབྲས་བུ་དང་འཕགས་པ་ལ་སྐུར་པ་འདེབས་པ་ནི་རིལ་གྱིས་ལོག་པར་ལྟ་བ་ཡིན་ནོ། །ཚིགས་སུ་བཅད་པར་ནི་དང་པོ་ཙམ་ཞིག་བསྟན་པར་ཟད་དོ། །ལས་ཀྱི་ལམ་བཅུ་པོ་དེ་དག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ནོ། །ལས་ཀྱི་ལམ་ཞེས་
བྱ་བའི་དོན་ཅི་ཞེ་ན། འདི་ལ། གསུམ་མམ་བདུན་ནི་ལས་ཀྱང་ཡིན། །བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་དག་ཡིན་ནོ། །དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་ནི་དེ་དག་གི་རྒྱུ་བས་རྒྱུ་སྟེ། དེ་དག་གི་དབང་གིས་དེ་བཞིན་དུ་མངོན་པར་འདུ་
བྱེད་པའི་ཕྱིར་དེ་དག་གི་འགྲོས་ཀྱིས་འགྲོའོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ཏེ། དེ་དག་ཀུན་ནས་སློང་བའི་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེ་ལྟར་ན་
ལས་ཀྱི་ལམ་དང་། ལས་དང་ལས་ཀྱི་ལམ་ཡིན་པས་ན་ལས་ཀྱི་ལམ་སྟེ། མི་འདྲ་བ་རྣམས་ལ་ཡང་གཅིག་བསྡུས་པར་འགྲུབ་པའི་ཕྱིར་རོ། །བརྣབ་སེམས་མེད་པ་ལ་སོགས་པ་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཅིའི་ཕྱིར་སྦྱོར་
เล่ม ๑๔๐ · หน้า 207b
བ་དང་མཇུག་དག་ལས་ཀྱི་ལམ་མ་ཡིན་ཞེ་ན། འདི་ལྟར་དེ་དག་གི་དེའི་དོན་དང་། དེའི་རྩ་བ་ཅན་དུ་འཇུག་པ་ཡིན་ནོ། །སྔར་ཡང་ཆེ་ལོང་བསྡུས་པའི་ཕྱིར་ཞེས་བཤད་པ་ཡང་ཡིན་ནོ། །འཇིག་རྟེན་ན་གང་དག་འཕེལ་བ་དང་འགྲིབ་པས་ཕྱི་ནང་གི་དངོས་པོ་རྣམས་འཕེལ་བ་དང་འགྲིབ་པ་
ཡང་ཡིན་ནོ། །འོ་ན་མདོ་སྡེ་པ་གང་དག་བརྣབ་སེམས་པ་ལ་སོགས་པ་ཁོ་ན་ཡིད་ཀྱི་ལས་སུ་འདོད་པ་དེ་དག་གི་ལྟར་ན་དེ་དག་ཇི་ལྟར་ལས་ཀྱི་ལམ་ཡིན་ཞེ་ན། དེ་དག་ཉིད་ལ་དྲིས་ཤིག །དེ་ལྟ་མོད་ཀྱི་བརྗོད་པར་ནུས་ཏེ། དེ་དག་ནི་བདེ་འགྲོ་དང་ངན་འགྲོ་རྣམས་ཀྱི་ལས་ཀྱང་ཡིན་ལ་ལམ་ཡང་
ཡིན་པས་ལས་ཀྱི་ལམ་ཡིན་པའམ། ཡང་ན་གཅིག་གིས་གཅིག་འདྲེན་པས་ན་ལས་ཀྱི་ལམ་ཡིན་ནོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་དགེ་བའི་ཆོས་རྣམས་ཀུན་ཏུ་སྤྱོད་པ་དང་འགལ་བ་ཡིན་ལ། མེད་པར་ལྟ་བས་རྩ་བ་གཅོད། །
དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཆེན་པོ་ཡོངས་སུ་རྫོགས་པར་གཅོད་དོ། །འོ་ན་ཅིའི་ཕྱིར་བསྟན་བཅོས་ལ་མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་དག་ཡིན་ཞེ་ན། མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱེད་པ་དང་། འདོད་པ་ལ་འདོད་ཆགས་དང་བྲལ་
བ་ཐོབ་པར་བྱེད་པ་ན་དང་པོ་ཉིད་དུ་སྤོང་བ་དག་ཡིན་པའོ་ཞེས་བཤད་ཅེ་ན། ལོག་པར་ལྟ་བ་མི་དགེ་བའི་རྩ་བས་དྲངས་པའི་ཕྱིར་དེ་དག་ཁོ་ན་ལ་ལས་ཀྱི་ལམ་དེ་བསྟན་པར་མཛད་དེ། དཔེར་ན་མེ་ཁོ་ནས་གྲོང་སྲེག་པར་བྱེད་ན་རྐུན་པོ་རྣམས་མེ་དེ་འདྲེན་པ་བྱེད་པ་ཡིན་པས་རྐུན་པོ་རྣམས་ཀྱིས་
གྲོང་བསྲེགས་སོ་ཞེས་བྱ་བ་བཞིན་ནོ། །དགེ་བའི་རྩ་བ་གང་དག་གཅིག་ཀུན་དུ་འཆད་པར་འགྱུར་ཞེ་ན། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །འདོད་པ་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་ཀུན་དུ་འཆད་པར་འགྱུར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་
མི་ལྡན་པའི་ཕྱིར་རོ། །འོ་ན་བཏགས་པ་ལས་འདི་ཙམ་གྱིས་ན་གང་ཟག་འདིས་ཁམས་གསུམ་པའི་དགེ་བའི་རྩ་བ་རྣམས་ཀུན་དུ་གཅད་པ་ཡིན་ནོ་ཞེས་བཤད་པ་ཇི་ལྟར་གྲངས་དེ་ནི་དེའི་ཐོབ་པ་ཐག་སྲིང་བར་བྱེད་པ་ལས་དགོངས་ནས་གསུངས་པ་ཡིན་ཏེ། རྒྱུད་དེའི་སྣོད་མ་ཡིན་པ་ཉིད་དུ་
เล่ม ๑๔๐ · หน้า 208a
བྱེད་པའི་ཕྱིར་རོ། །སྐྱེས་ནས་ཐོབ་པ་ཁོ་ན་དག་ཀུན་དུ་ཆད་པར་འགྱུར་ཏེ། སྦྱོར་བ་ལས་བྱུང་བ་དག་ལས་ནི་སྔར་ཡོངས་སུ་ཉམས་ཟིན་པའི་ཕྱིར་རོ། །ཅི་ལ་དམིགས་པའི་ལོག་པར་ལྟ་བས་ཀུན་དུ་གཅོད་པར་བྱེད་ཅེ་ན། རྒྱུ་དང་འབྲས་ལ་སྐུར་འདེབས་པ། །ལེགས་པར་སྤྱད་
པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་རྒྱུ་ལ་སྐུར་པ་འདེབས་པ་གང་དག་ཡིན་པ་དང་། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ་ཞེས་འབྲས་བུ་ལ་སྐུར་པ་འདེབས་པ་གང་དག་ཡིན་པའོ། །གཞན་དག་ན་རེ་དེ་དག་ནི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་
ལམ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཟག་པ་དང་བཅས་པ་ལ་དམིགས་པ་ཁོ་ནས་ཡིན་གྱི་ཟག་པ་མེད་པ་ལ་དམིགས་པས་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་ཁོ་ནས་ཡིན་གྱི་སྐལ་བ་མི་མཉམ་པའི་ཁམས་ལ་ནི་དམིགས་པས་ནི་མ་ཡིན་ཏེ། མཚུངས་པར་ལྡན་པ་ཙམ་གྱི་
སྒོ་ནས་རྒྱས་པས་ཉམ་ཆུང་བའི་ཕྱིར་རོ་ཞེས་ཟེར་རོ། །འདི་སྐད་དུ་ཀུན་གྱིས་ཁ་ཅིག་ན་རེ་དགེ་བའི་རྩ་བ་རྣམ་པ་དགུ་ཆར་ཡང་ཅིག་ཅར་དུ་འཆད་དེ། མཐོང་བས་སྤང་བར་བྱ་བ་དག་བཞིན་ནོ་ཞེས་ཟེར་རོ། །འདི་སྐད་དུ་རིམ་གྱིས་ཞེས་བརྗོད་དེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་དུ་ཆེན་པོའི་ཆེན་
པོས་ཆུང་ངུའི་ཆུང་ངུ་གཅོད་པར་བྱེད་པའི་བར་དུ་ལོག་པར་ལྟ་བ་རྣམ་པ་དགུས་དགེ་བའི་རྩ་བ་རྣམ་པ་དགུ་གཅོད་པར་བྱེད་དེ། དེ་ལྟར་ན་ཕྲ་མོ་དང་ལྷན་ཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་རྣམས་གང་ཞེ་ན། དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པར་བྱེད་པ་ན་ཐམས་ཅད་ཀྱི་ཐ་མར་འདོར་བ་གང་དག་ཡིན་པ་སྟེ། གང་
དག་མེད་པས་དགེ་བའི་རྩ་བ་རྣམས་ཀུན་དུ་འཆད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བའི་གཞུང་འདི་བསྐྱབ་པ་ཡིན་ནོ། །འོ་ན་མི་དགེ་བའི་རྩ་བ་ཆེན་པོ་གང་དག་ཡིན་ཞེ་ན། མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པར་བྱེད་པའོ་ཞེས་བྱ་བའི་གཞུང་འདིའི་ཚུལ་ཇི་ལྟ་བུ་ཡིན་
ཞེ་ན། དེ་དག་གིས་མ་ལུས་པར་གཅོད་པའི་ཕྱིར་དེ་ནི་རྫོགས་པ་ལས་དགོངས་ཏེ་གསུངས་པ་ཡིན་ཏེ། དེ་དག་ལས་རྣམ་པ་གཅིག་མ་ཆད་ན་ཡང་ཐམས་ཅད་སྐྱེ་བའི་རྒྱུར་འགྱུར་རོ། །ཁ་ཅིག་ན་རེ་མཐོང་བའི་ལམ་བཞིན་དུ་མ་ལངས་པར་གཅོད་པར་བྱེད་དོ་ཞེས་ཟེར་རོ། །འདི་སྐད་དུ་གཉི་གར་གཅོད་པར་བྱེད་དོ་ཞེས་
เล่ม ๑๔๐ · หน้า 208b
བརྗོད་དོ། །ཁ་ཅིག་ན་རེ་སྔར་སྡོམ་པ་སྤངས་ལ་ཕྱིས་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་དོ་ཞེས་ཟེར་རོ། །འདི་སྐད་དུ་སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་དེ་གཏོང་བ་དེ་ཡང་གཏོང་ངོ་ཞེས་བརྗོད་དོ། །གང་དུ་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་ཅེ་ན། མིའི་ནང་དུ་མིའི་ནང་ཁོ་ན་དག་ཏུ་གཅོད་ཀྱི་ངན་སོང་དག་ན་ནི་མ་ཡིན་
ཏེ། ཤེས་རབ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དག་མི་བསྟན་པའི་ཕྱིར་རོ། །ལྷ་དག་གི་ནང་ན་ཡང་མེད་དེ། ལས་ཀྱི་འབྲས་བུ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །གླིང་གསུམ་དག་ན་ཡོད་ཀྱི་བྱང་གི་སྒྲ་མི་སྙན་དག་ན་ཡང་མེད་དེ། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་
འཛམ་བུའི་གླིང་ཁོ་ན་ན་ཡོད་དོ་ཞེས་ཟེར་ཏེ། འཛམ་བུའི་གླིང་པ་ཐམས་ཅད་པས་ཉུང་ན་དབང་པོ་བརྒྱད་དང་ལྡན་པ་ཡིན་ཏེ། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་པ་ཡང་དེ་དང་འདྲའོ་ཞེས་བྱ་བའི་གཞུང་འདི་དང་འགལ་བར་འགྱུར་རོ། །དེ་དག་ཀྱང་། སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །སྐྱེས་པ་དང་བུད་
མེད་ཀྱིས་ཀུན་དུ་གཅོད་པར་བྱེད་དེ། གཞན་དག་ན་རེ་འདུན་པ་དང་བརྩོན་འགྲུས་ཞེན་པའི་ཕྱིར་བུད་མེད་ཀྱིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། གོང་མའི་དབང་པོ་དང་ལྡན་པ་དེ་དག་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་ནོ་ཞེས་བྱ་བའི་གཞུང་འདི་དང་འགལ་བར་འགྱུར་རོ། །དེ་དག་ལས་ཀྱང་སྲེད་པ་སྤྱད་པས་ནི་ཀུན་
དུ་གཅོད་པར་མི་བྱེད་དེ། བསམ་པ་གཡོ་བ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ལྟ་སྤྱད། སྡིག་པའི་བསམ་པ་བརྟན་པ་དང་། །མཁྱུད་པ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་ནིང་ལ་སོགས་པས་ཀྱང་མ་ཡིན་ཏེ། སྲེད་པའི་སྤྱད་པའི་ཕྱོགས་དང་མཐུན་པའི་ཕྱིར་དང་། ངན་སོང་བཞིན་ནོ་དགེ་
བའི་རྩ་བ་ཀུན་དུ་འཆད་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ནི་མི་ལྡན་པའོ། །གང་གི་ཚེ་དགེ་བའི་རྩ་བ་རྣམས་ཀྱི་ཐོབ་པ་ཡང་མི་སྐྱེ་ལ་མ་ཐོབ་པ་སྐྱེ་བ་སྟེ། མི་ལྡན་པ་དེ་སྐྱེས་ན་དགེ་བའི་རྩ་བ་རྣམས་ཀུན་དུ་ཆད་པ་ཞེས་བྱའོ། །ཀུན་དུ་ཆད་པ་དེ་དག་ཇི་ལྟར་ན་ཡང་ཉིང་མཚམས་སྦྱོར་ཞེ་ན། མཚམས་ནི་ཐེ་
ཚོམ་ཡོད་ལྟ་བས། །ནམ་ཞིག་འདི་ལ་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་སྐྱེས་པའམ། ཡང་དག་པའི་ལྟ་བ་ཞེས་བྱ་བའི་དོན་ཏེ། ཡོད་པར་ལྟ་བ་སྐྱེས་པ་དེའི་ཚེ་ཡང་དེའི་ཐོབ་པ་ཀུན་དུ་སྤྱོད་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་ཞེས་བྱའོ། །ཉིང་མཚམས་ནི་རྣམ་པ་དགུ་ཅིག་ཅར་དུ་སྦྱར་བ་ལ། མངོན་སུམ་
เล่ม ๑๔๐ · หน้า 209a
དུ་ནི་རིམ་གྱིས་འགྱུར་ཏེ། ནད་མེད་ནས་སྟོབས་རྙེད་པ་བཞིན་ནོ། །ཡང་དེ་དག་གི་ཉིང་མཚམས་སྦྱོར་བ་ནི། མཚམས་མེད་བྱེད་པ་འདི་ལས་མིན། །གཞན་གྱིས་ནི་འདི་ཉིད་ལ་འགྱུར་གྱི་མཚམས་མེད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ལ་དགོངས་ནས། གང་ཟག་འདི་ནི་
མཐོང་བའི་ཆོས་ཁོ་ན་ལ་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བའི་སྐལ་བ་དང་ལྡན་པ་མ་ཡིན་གྱི་འདི་ནི་ངེས་པར་དམྱལ་བ་དག་ན་འཆི་འཕོ་བ་འམ་སྐྱེ་བ་ན་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེས་གསུངས་ཏེ། སྐྱེ་བ་ནི་སྲིད་པ་བར་མ་ལ་གནས་པའོ། །འཆི་འཕོ་བ་ནི་
འཆི་འཕོ་བ་ལ་མངོན་དུ་ཕྱོགས་པའོ། །དེ་ལ་གང་ཞིག་རྒྱུའི་སྟོབས་ཀྱིས་ཀུན་དུ་གཅོད་པ་དེ་ནི་འཆི་འཕོ་བ་ན་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཞིག་རྐྱེན་གྱི་སྟོབས་ཀྱིས་ཀུན་དུ་གཅོད་པ་དེ་ནི་སྐྱེ་བ་ན་ཉིང་མཚམས་སྦྱོར་བར་འགྱུར་ཏེ། རང་གི་སྟོབས་ཀྱིས་གཅོད་པ་གང་ཡིན་པ་དང་།
གཞན་གྱི་སྟོབས་ཀྱིས་གཅོད་པ་གང་ཡིན་པ་དེ་དང་འདྲའོ། །ཡང་སྨྲས་པ། གང་ཞིག་བསམ་པ་ཉམས་པས་ཀུན་དུ་གཅོད་པར་བྱེད་པ་དེ་ནི་མཐོང་བའི་ཆོས་ཁོ་ན་ལ་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཞིག་བསམ་པ་དང་སྦྱོར་བ་ཉམས་པས་གཅོད་པར་བྱེད་པ་དེ་ནི་ལུས་ཞིག་ནས་ཉིང་
མཚམས་སྦྱོར་བར་འགྱུར་ཏེ། ལྟ་བ་ཉམས་པ་གང་ཡིན་པ་དང་། ལྟ་བ་དང་ཚུལ་ཁྲིམས་ཉམས་པ་གང་ཡིན་པ་དེ་ཡང་དེ་དང་འདྲའོ། །དགེ་བའི་རྩ་བ་ཀུན་དུ་འཆད་པ་ཡིན་ལ་ལོག་པ་ཉིད་དུ་ངེས་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་རྫོགས་བྱེད་ལ་སོགས་པའོ། །
གཉིས་པ་ནི་མ་སྐྱེས་དགྲའོ། །གསུམ་པ་ནི་ལྷ་སྦྱིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པའི་ལོག་པར་ལྟ་བའི་རྣམ་པར་སྨིན་པ་ནི་མནར་མེད་པ་ཡིན་ནོ། །མཚམས་མེད་པར་བྱེད་པ་རྣམས་ཀྱིས་ནི་དེར་རམ་གཞན་གྱི་ནང་དུའོ། །འདི་
ནི་ལས་ཀྱི་སྐབས་ཡིན་པས་དེ་ལ་ལས་ཀྱི་ལམ་དུ་ཞིག་དང་སེམས་པ་ལྷན་ཅིག་ཏུ་འབྱུང་བར་འགྱུར་བར་བརྗོད་པར་བྱ་སྟེ། མི་དགེ་བརྒྱད་ཀྱི་བར་དག་དང་། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་། །རེ་ཞིག་སེམས་པ་གཅིག་དང་ལྷན་ཅིག་འབྱུང་བ་ནི་གཞན་མེད་པར་བརྣབ་སེམས་ལ་
เล่ม ๑๔๐ · หน้า 209b
སོགས་པར་མངོན་དུ་འགྱུར་བའམ། སེམས་པ་ཉོན་མོངས་པ་ཅན། དེའི་སྦྱོར་བས་གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཞིག་མཐར་ཕྱིན་པར་བྱེད་ནའོ། །གཉིས་དང་ལྷན་ཅིག་ཏུ་འབྱུང་བ་ནི་གནོད་སེམས་སུ་འགྱུར་བ་སྲོག་གཅོད་པ་དང་། བརྣབ་སེམས་དང་ལྡན་པ་མ་བྱིན་པར་ལེན་པའམ། འདོད་པས་ལོག་
པར་གཡེམ་པའམ། ཚིག་ཀྱལ་པ་སྨྲ་ནའོ། །གསུམ་དང་ལྷན་ཅིག་ཏུ་འབྱུང་བ་ན་བརྣབ་སེམས་དང་ལྡན་པ་ཅིག་ཅར་དུ་གཞན་གྱིས་སྲོག་ཆགས་བསད་པས་འཕྲོག་ནའོ། །འོ་ན་ནི་དེ་ཆགས་པ་ཁོ་ནས་མ་བྱིན་པར་ལེན་པ་མཐར་ཕྱིན་པར་བྱེད་པ་མི་འགྲུབ་པ་མ་ཡིན་ནམ་ཞེ་ན། ངེས་པ་དེ་ནི་སེམས་གཞན་དང་མི་ལྡན་པའི་
དེ་རྫོགས་པ་ལ་ཤེས་པར་བྱའོ། །བརྣབ་སེམས་མངོན་སུམ་དུ་གྱུར་པ་དེའི་སྦྱོར་བས་གཟུགས་ཅན་གཉིས་མཐར་ཕྱིན་པར་བྱེད་ན་ཡང་གསུམ་ཁོ་ན་དང་ལྷན་ཅིག་འབྱུང་ངོ་། །བཞི་དང་ལྷན་ཅིག་འབྱུང་བ་ནི་དབྱེན་བྱ་བའི་བསམ་པ་དང་ལྡན་པ་བརྫུན་གྱི་ཚིག་གམ་ཚིག་རྩུབ་པོ་སྨྲ་ན་སྟེ། དེ་ལ་ནི་ཡིད་ཀྱི་གཅིག་ཡིན་ལ་ངག་གི་གསུམ་
ཡིན་ནོ། །ཡང་ན་བརྣབ་སེམས་ལ་སོགས་པར་གྱུར་པ་དེའི་སྦྱོར་བས་གཞན་གསུམ་མཐར་ཕྱིན་པར་བྱེད་ན་སྟེ། ལྔ་དང་དྲུག་དང་བདུན་དང་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་བརྣབ་སེམས་ལ་སོགས་པ་མངོན་དུ་གྱུར་པ་ཁོ་ན་དྲུག་ལ་སྦྱོར་བ་བྱས་ནས་འདོད་པས་ལོག་པར་གཡེམ་པ་དག་ཉིད་
ཀྱིས་བྱེད་ལ་མཉམ་དུ་མཐར་ཕྱིན་པར་འགྱུར་ནའོ། །རེ་ཞིག་མི་དགེ་བ་དག་དང་ནི་དེ་ལྟ་བུ་ཡིན་ནོ། །དགེ་བ་བཅུ་ཡི་བར་དག་དང་། །དགེ་བའི་ལས་ཀྱི་ལམ་དག་ནི་བཅུའི་བར་དང་སེམས་པ་ལྷན་ཅིག་འབྱུང་ངོ་ཞེས་སྤྱིར་བསྟན་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། གཅིག་དང་བརྒྱད་དང་ལྔ་དང་མིན། །ལས་ཀྱི་ལམ་གཅིག་དང་
བརྒྱད་དང་ལྔ་དང་ལྷན་ཅིག་ཏུ་མི་འབྱུང་ངོ་། །དེ་ལ་གཉིས་དང་ལྷན་ཅིག་འབྱུང་བ་ནི་དེ་དག་རྣམ་པར་ཤེས་པ་ལྔ་ལ་གནས་པ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པའི་ཟད་པ་དང་མི་སྐྱེ་བ་ཤེས་པའི་གནས་པའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་
ལ་གནས་པའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་ནའོ། །དྲུག་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དེ་ཡང་དག་པར་ལེན་པ་ནའོ། །བདུན་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་ཡིད་ཀྱི་རྣམ་པར་
เล่ม ๑๔๐ · หน้า 210a
ཤེས་པ་ལ་གནས་ཏེ་དེ་ཁོ་ན་ཡང་དག་པར་ལེན་པ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ནའོ། །དགུ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། མཚུངས་པར་ལྡན་པའི་
ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དེ་ཡང་དག་པར་ལེན་པ་དང་། དེ་ཉིད་བསམ་གཏན་གྱིས་བསྡུས་པ་ལ་གནས་པ་བཅུ་དང་ལྷན་ཅིག་འབྱུང་བ་ནི་དེ་ལས་གཞན་པའི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ཁོ་ན་དང་། ཟད་པ་དང་མི་སྐྱེ་བ་ཤེས་
པ་དག་ཁོ་ན་མ་གཏོགས་པ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་ལྷན་ཅིག་འཇུག་པའི་སེམས་པ་ཐམས་ཅད་ཡིན་ནོ། །སྡོམ་པ་མ་གཏོགས་པར་ནི་གཅིག་དང་ལྷན་ཅིག་འབྱུང་བ་ཡང་ཡོད་དེ། སེམས་གཞན་དང་ལྡན་པ་སྤོང་བའི་ཡན་ལག་གཅིག་ཡང་དག་པར་ལེན་པ་ནའོ། །ལྔ་
དང་བརྒྱད་དང་ལྷན་ཅིག་འབྱུང་བ་ཡང་ཡོད་དེ། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ཅིག་ཅར་དུ་ཡན་ལག་གཉིས་དང་ལྔ་ཡང་དག་པར་ལེན་པ་ནའོ། །འགྲོ་བ་གང་ན་དགེ་བའམ་མི་དགེ་བའི་ལས་ཀྱི་ལམ་དུ་ཞིག་མངོན་སུམ་དུ་གྱུར་པའམ་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་
ན་ནི་ཀྱལ་པ་དང་། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །དམྱལ་བ་ན་ནི་ལས་ཀྱི་ལམ་འདི་གསུམ་མངོན་སུམ་དུ་གྱུར་པ་དང་ལྡན་པ་དང་རྣམ་པ་གཉི་གའི་སྒོ་ནས་ཡོད་དེ། སྨྲེ་སྔགས་འདོན་པའི་ཕྱིར་ཚིག་ཀྱལ་པ་ཡིན་ནོ། །ཕན་ཚུན་བརྒྱད་གགས་བྱེད་པའི་ཕྱིར་ཚིག་རྩུབ་པོ་ཡིན་ནོ། །
གཅིག་ལ་གཅིག་སེམས་ཀྱི་རྒྱུད་རྩུབ་པོས་ཞེ་སྡང་བའི་ཕྱིར་གནོད་སེམས་ཡིན་ནོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་དང་། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་སུམ་དུ་གྱུར་པའི་སྒོ་ནས་ནི་མེད་དོ། །ལས་ཟད་ནས་འཆི་བའི་
ཕྱིར་དང་། རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དག་མེད་དོ། །དགོས་པ་མེད་པའི་ཕྱིར་བརྫུན་དུ་སྨྲ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་དང་། རྟག་ཏུ་བྱེད་ཟིན་པའི་ཕྱིར་ཕྲ་མ་མེད་དོ། །སྒྲ་མི་སྙན་
เล่ม ๑๔๐ · หน้า 210b
ན་གསུམ་ཡོད་དོ། །བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་དག་སྟེ། ལྡན་པའི་སྒོ་ནས་ཡོད་པར་སྦྱར་གྱི་ང་ཡིར་འཛིན་པ་མེད་པའི་ཕྱིར་དང་། རྒྱུད་འཇམ་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་དང་། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་
ཕྱིར་མངོན་དུ་གྱུར་པའི་སྒོ་ནས་ནི་མེད་དོ། །དེ་ན་བདུན་པ་དངོས་སུ་ཡང་། །དེ་ན་ཚིག་ཀྱལ་པ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཡང་ཡོད་དེ། ཉོན་མོངས་པ་ཅན་གྱི་སེམས་སུ་གྱུར་པ་དེ་དག་ནི་རེས་འགའ་གླུ་དག་ལེན་ཏོ། །སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་དང་། ཚེ་ངེས་
པའི་ཕྱིར་དང་། རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་མེད་དོ། །ཇི་ལྟར་འདི་དག་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དེ་དག་ནི་བུད་མེད་གང་དག་ལྷན་ཅིག་དགའ་བར་འདོད་པ་དེའི་ལག་ནས་གཟུང་ནས་ཤིང་
གི་དྲུང་དུ་འགྲོ་སྟེ། གལ་ཏེ་བགྲོད་པར་བྱ་བ་ཞིག་ཡིན་ན་ནི་ཤིང་གིས་སྒྲིབ་པར་བྱེད་པས་དེ་དག་དེ་ལ་ཉལ་པོ་བྱེད་དོ། །ཅི་སྟེ་བགྲོད་པར་བྱ་བ་མ་ཡིན་པ་ཞིག་ཡིན་ན་ནི་སྒྲིབ་པར་མི་བྱེད་པས་ནི་དེ་དག་དེ་ལ་ཉལ་པོ་མི་བྱེད་དོ། །འདོད་པ་གཞན་ན་མི་དགེ་བཅུ། །དངོས་སུ་ཡང་ཡོད་ཅེས་
བྱ་བར་སྦྱར་ཏེ། དམྱལ་བ་དང་བྱང་གི་སྒྲ་མི་སྙན་དག་ལས་གཞན་པའི་འདོད་པའི་ཁམས་ན་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་མངོན་སུམ་དུ་འགྱུར་བའི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་དང་ཡི་དགས་དང་ལྷ་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པ་མ་གཏོགས་སོ། །མི་དག་གི་ནང་ན་ནི་སྡོམ་
པ་མ་ཡིན་པས་བསྡུས་པ་ཡང་ཡོད་དོ། །གལ་ཏེ་ཡང་ལྷས་ལྷ་མི་གསོད་ཀྱང་འགྲོ་བ་གཞན་ན་གནས་ན་ནི་གསོད་པར་བྱེད་དོ། །གཞན་དག་ན་རེ་ལྷ་ཡང་མགོ་དང་རྐེད་པ་བཅད་ན་འཆིའོ་ཞེས་ཟེར་རོ། །མི་དགེ་བ་རྣམས་བཤད་ཟིན་ཏོ། །དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་
མངོན་དུ་གྱུར་སྒོ་ནས། །བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བ་རྣམས་ནི་ཁམས་གསུམ་པོ་ཐམས་ཅད་ན། འགྲོ་བ་ལྔ་ཆར་དུ་ནི་མངོན་དུ་གྱུར་པ་དང་ལྡན་པའི་སྒོ་ནས་ཡོད་དོ། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པ་བདུན་ཡོད།
เล่ม ๑๔๐ · หน้า 211a
གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་དག་ན་ནི་ལུས་དང་ངག་གི་དགེ་བའི་ལས་ཀྱི་ལམ་བདུན་ལྡན་པའི་སྒོ་ཁོ་ན་ནས་ཡོད་དེ། གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཟག་པ་མེད་པའི་སྡོམ་པ་འདས་པ་དང་མ་འོངས་
པ་དག་དང་ལྡན་པའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །གཟུགས་མེད་པ་དག་ན་འཕགས་པས་གང་ལ་བརྟེན་པ་ཅན་གྱི་ཟག་པ་མེད་པའི་ཚུལ་ཁྲིམས་བསྐྱེད་དེ་འགག་པ་ནི་འདས་པ་དེ་དང་ལྡན་ནོ། །ས་ལྔ་
ཆར་ལ་བརྟེན་པ་ཅན་དང་མ་འདས་པ་དང་ལྡན་ནོ། །ལྷག་པར་བྱས་ན་མངོན་དུ་གྱུར་པའི་སྒོ་ནས་ཀྱང་། །དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ལྷག་མར་བྱས་པས་ན་ལྷག་བྱས་ཏེ་ལྷག་མར་བྱས་པས་ནི་ཁམས་སམ་འགྲོ་བ་གཞན་གང་ཡིན་པའོ། །དམྱལ་བ་དང་བྱང་གི་སྒྲ་མི་སྙན་པ་དག་མ་གཏོགས་
པ་དེ་ན་ནི་དགེ་བའི་ལས་ཀྱི་ལམ་བདུན་པོ་འདི་དག་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། དེ་དག་ཀྱང་དུད་འགྲོ་དང་ཡི་དགས་ཀྱི་ནང་དག་ན་ནི་སྡོམ་པས་བསྡུས་པ་མ་གཏོགས་པ་རྣམས་སོ། །གཟུགས་ཀྱི་ཁམས་ན་ནི་སྡོམ་པས་བསྡུས་པ་རྣམས་སོ། །གཞན་ན་ནི་གཉིས་ཀ་ཡོད་དོ། །དགེ་
བ་དང་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །རེ་ཞིག་མི་དགེ་བ་ཀུན་དུ་བསྟན་པ་དང་གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་ཐམས་ཅད་ཀྱིས་ནི་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ནི་
དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །བརྒྱ་ལ་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་ཡང་སྲོག་གཅོད་པས་ནི་ཚེ་ཐུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་དགྲ་དང་བཅས་པའི་
ཆུང་མ་ཅན་དུ་འགྱུར་རོ། །བརྫུན་དུ་སྨྲ་བས་ནི་སྐུར་བ་མང་པོར་འགྱུར་རོ། །ཕྲ་མས་ནི་དེ་མཛའ་བོ་དང་འབྱེད་པར་འགྱུར་རོ། །ཚིག་རྩུབ་པོས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་རོ། །ཚིག་ཀྱལ་པས་ནི་ཚིག་གཟུང་བར་མི་འོས་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འདོད་
เล่ม ๑๔๐ · หน้า 211b
ཆགས་ཤས་ཆེ་བར་འགྱུར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་ཤས་ཆེ་བར་འགྱུར་རོ། །ལོག་པར་ལྟ་བས་ནི་གཏི་མུག་ཤས་ཆེ་བར་འགྱུར་ཏེ། དེ་ལ་ནི་གཏི་མུག་མང་པོའི་ཕྱིར་རོ། །འདི་ནི་དེ་དག་གི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །མི་དག་གི་ནང་ན་ཚེ་ཐུང་བ་ཡང་མི་དགེ་བའི་ལས་
ཀྱི་རྣམ་པར་སྨིན་པ་ཡིན་ན་དེ་ཇི་ལྟར་སྲོག་གཅོད་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ཞེ་ན། ཚེ་དེ་ཉིད་དེའི་འབྲས་བུ་ཡིན་ནོ་ཞེས་ནི་མི་ཟེར་རོ། །འོ་ན་ཅི་ཞེ་ན། དེས་ཚེ་ཐུང་ངུར་འགྱུར་བས་དེའི་ཕྱིར་སྲོག་གཅོད་པ་ནི་ཚེ་དེའི་བར་ཆད་བྱེད་པའི་ཕྱིར་རྒྱུ་ཡིན་པར་རིག་པར་བྱའོ། །སྲོག་གཅོད་པ་ཧ་ཅང་
ཀུན་དུ་བསྟེན་པས་ནི་ཕྱིའི་དངོས་པོ་རྣམས་གཟི་མཐུ་ཆུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་སེར་བ་དང་ཆར་པ་མང་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་རྡུལ་གྱིས་འཁྲིག་པར་འགྱུར་རོ། །བརྫུན་དུ་སྨྲ་བས་ནི་དྲི་ང་བར་འགྱུར་རོ། །ཕྲ་མས་ནི་མཐོན་དམན་ཅན་དུ་
འགྱུར་རོ། །ཚིག་རྩུབ་པོས་ནི་ས་ཚྭ་སྒོ་ཅན་དང་། དགོན་དུང་དང་། ཐ་ཆད་དང་། སྡིག་པ་ཅན་གྱི་སར་འགྱུར་རོ། །ཚིག་ཀྱལ་པས་ནི་དུས་ལོག་པ་ཅན་དུ་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ་མོར་འགྱུར་རོ། །གནོད་སེམས་ཀྱིས་ནི་འབྲས་བུ་ཁ་བར་འགྱུར་རོ། །ལོག་
པར་ལྟ་བས་ནི་འབྲས་བུ་ཆུང་ངུ་འམ་འབྲས་བུ་མེད་པར་འགྱུར་ཏེ། འདི་ནི་དེ་དག་གི་བདག་པོའི་འབྲས་བུ་ཡིན་ནོ། །ཅི་ལས་དེ་ཁོ་ནས་དེ་འདིར་ཚེ་ཐུང་ངུར་འགྱུར་རམ། འོན་ཏེ་གཞན་ཞིག་གིས་ཤེ་ན། ཁ་ཅིག་ན་རེ་དེ་ཁོ་ནས་ཏེ། དེ་ནི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ལ་འདི་ནི་རྒྱུ་མཐུན་
པའི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེར་ནི་སྦྱོར་བས་ཡིན་ལ། འདིར་ནི་དངོས་ཀྱིས་ཡིན་ཏེ། འཁོར་དང་བཅས་པ་སྨོས་པའི་ཕྱིར་སྲོག་གཅོད་པས་ཞེས་གསུངས་པར་ཟད་དོ་ཞེས་ཟེར་རོ། །རྒྱུ་མཐུན་པའི་འབྲས་བུར་བཤད་པ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པའི་
འབྲས་བུ་དང་བདག་པོའི་འབྲས་བུ་དང་གཉིས་པོ་འདི་ལས་ནི་མི་འདའི། འདྲ་བའི་ཁྱད་པར་ལས་དེ་སྐད་དུ་བཤད་པར་ཟད་དོ། །ཡང་ཅིའི་ཕྱིར་ལས་ཀྱི་ལམ་འདི་དག་གིས་འབྲས་བུ་རྣམ་པ་གསུམ་མངོན་པར་འགྲུབ་ཅེ་ན། རེ་ཞིག་སྲོག་གཅོད་པར་བྱེད་པས་ནི་གསད་པར་བྱ་བ་སྡུག་
เล่ม ๑๔๐ · หน้า 212a
བསྔལ་བསྐྱེད་པ་དང་། གསད་པ་དང་གཟི་བྱིན་མེད་པར་བྱ་བས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདི། སྡུག་བསྔལ་ཕྱིར་དང་གསད་ཕྱིར་དང་། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུས་དམྱལ་
བ་དག་ཏུ་སྡུག་བསྔལ་མྱོང་བར་འགྱུར་རོ། །གསད་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུས་ཚེ་ཐུང་ངུར་འགྱུར་རོ། །གཟི་བྱིན་མེད་པར་བྱས་པའི་ཕྱིར་བདག་པོའི་འབྲས་བུས་ཕྱིའི་སྨན་རྣམས་གཟི་མཐུ་ཆུང་བར་འགྱུར་ཏེ། གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དགེ་བའི་ལས་ཀྱི་ལམ་
རྣམས་ཀྱི་འབྲས་བུ་གསུམ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། སྲོག་གཅོད་པ་སྤོང་བ་ཀུན་ཏུ་བསྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པས་ནི་ལྷ་དག་གི་ནང་དུ་སྐྱེས་པར་འགྱུར་རོ། །བརྒྱ་ལ་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་ཡང་ཚེ་རིང་པོར་འགྱུར་ཏེ།
ཐམས་ཅད་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་ཞེས་གང་གསུངས་པ་དེ་གཉིས་ལས་གཞན་པའི་ལོག་པའི་འཚོ་བ་གང་ཞིག་ཡིན་ཞེ་ན། འདི་གཞན་ནི་མེད་ཀྱི་དེ་ཉིད་ཡིན་ཏེ། ལུས་
དང་ངག་ལས་ཆགས་ལས་སྐྱེས། །ལོག་འཚོ། ལུས་དང་ངག་གི་ལས་ཀྱི་མཐའ་ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་ཡིན་ནོ། །དེ་ནི་སྦྱང་དཀའི་ཕྱིར། དེ་གཉིས་ལས་ལོགས་ཤིག་ཏུ་བསྟན་ཏོ། །ཆགས་པའི་
ཆོས་ནི་འཕྲོག་པར་བྱེད་པ་ཡིན་པས་དེས་ཀུན་ནས་བསླང་བའི་ལས་ལས་སེམས་བསྲུང་བར་སླ་བ་མ་ཡིན་ཏེ། དེའི་ཕྱིར་ཇི་སྲིད་འཚོའི་བར་དུ་སྦྱང་དཀའ་བས་བསྒྲིམ་པར་བྱ་བའི་ཕྱིར་དེ་ནི་དེར་ལོགས་ཤིག་ཏུ་བསྟན་ཏོ། །འདིར་སྨྲས་པ། རྟག་ཏུ་ལྟ་བ་སྣ་ཚོགས་ཀྱིས། །ཁྱིམ་པས་
ལྟ་བ་སྦྱང་བར་དཀའ། །གཞན་ལ་འཚོ་བ་རག་ལུས་པའི། །དགེ་སློང་གིས་ནི་འཚོ་བར་དཀའ། །གལ་ཏེ་ཡོ་བྱད་ལ། ཆགས་བསླང་། གང་ཞིག་འཚོ་བའི་ཡོ་བྱད་ལ། །ཆགས་པས་བསླང་བའི་ལུས་དང་ངག་གི་ལས་ཁོ་ན་ལོག་པའི་འཚོ་བ་ཡིན་གྱི། གཞན་ནི་མ་ཡིན་ཏེ། བདག་
เล่ม ๑๔๐ · หน้า 212b
དགའ་བར་བྱ་བའི་ཆེད་དུ་གར་དང་གླུ་ལེན་པ་ལ་སོགས་པ་ནི་ལོག་པའི་འཚོ་བ་ཡིན་པར་མི་རིགས་སོ་སྙམ་དུ་སེམས་པ་དེ་ནི། མདོ་དང་འགལ་ཕྱིར་མིན། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་གླང་པོ་ཆེ་འཐབ་པ་ལ་ལྟ་བ་ལ་སོགས་པ་ལ་ཡང་ལོག་པའི་འཚོ་བ་གཞག་སྟེ།
དེ་ཅིའི་ཕྱིར་ཞེ་ན། ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །འདི་ནི་རྫོགས་སོ།། །།གོང་དུ་འབྲས་བུ་ལྔ་བཤད་པ་གང་དག་ཡིན་པ་དེ་དག་ལས་ལས་གང་ཞིག་འབྲས་བུ་དུ་ཞིག་འབྲས་བུ་དང་བཅས་པ་ཡིན་ཞེ་ན། དྲིར་བཅས་སྤོང་བའི་ལམ་དག་གིས། །ལས་ནི་ལྔ་ཡི་
འབྲས་བུར་བཅས། །སྤོང་བའི་ཕྱིར་ལམ་ཡིན་པའམ། །འདིས་ཉོན་མོངས་པ་སྤོང་བར་བྱེད་པས་སྤོང་བའི་ལམ་སྟེ། བར་ཆད་མེད་པའི་ལམ་ཡིན་ནོ། །ཟག་པ་དང་བཅས་པ་དེའི་ལས་གང་ཡིན་པ་དེ་ནི་འབྲས་བུ་ལྔས་འབྲས་བུ་དང་བཅས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པའི་འབྲས་
བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཁོ་ན་ཡིན་ཏེ། སྤངས་པ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲང་
པའི་ཆོས་འདི་ལྟ་སྟེ། རྣམ་པར་གྲོལ་བའི་ལམ་དང་དེ་དག་ལྷན་ཅིག་འབྱུང་བ་དང་། གང་ཡང་མ་འོངས་པ་ཐོབ་པ་དང་། སྤངས་པ་དེ་ཡང་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་རྣམས་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །དྲི་མེད་བཞི་ཡིས།
སྤོང་བའི་ལམ་ཟག་པ་མེད་པའི་ལས་གང་ཡིན་པ་དེ་ནི་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཟག་བཅས་གཞན། དགེ་དང་མི་དགེ་གང་ཡིན་པའང་། །སྤོང་བའི་ལམ་ལས་གཞན་པའི་ལས་དགེ་བ་ཟག་པ་དང་བཅས་པ་
གང་ཡིན་པ་དང་། མི་དགེ་བ་གང་ཡིན་པ་དེ་ཡང་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་མེད་པ་ལྷག་མ་དང་། །ལུང་བསྟན་མིན་གང་གསུམ་གྱིས་སོ། །སྤོང་བའི་ལམ་ལས་གཞན་པའི་ལས་ཟག་པ་མེད་པ་དང་ལུང་དུ་མ་
เล่ม ๑๔๐ · หน้า 213a
བསྟན་པའི་ལས་གང་ཡིན་པ་དེ་ནི་འབྲས་བུ་གསུམ་གྱི་འབྲས་བུ་དང་བཅས་པ་ཡིན་ཏེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །རིམ་པ་བཞིན་ནོ་ཞེས་འོག་ནས་འཆད་
དོ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་ནི་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །མི་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དང་། ལུང་དུ་མ་བསྟན་པ་གསུམ་སྟེ། རྒྱུ་མཐུན་པའི་འབྲས་བུ་མ་གཏོགས་སོ། །མི་དགེའི་དགེ་སོགས་གཉིས་
དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །གོ་རིམས་ཇི་ལྟ་བ་བཞིན་ཞེས་བྱ་བའི་ཐ་ཚིག་སྟེ། ལས་མི་དགེ་བའི་འབྲས་བུ་ཆོས་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ། །མི་དགེ་བ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་
གཏོགས་སོ། །ལུང་དུ་མ་བསྟན་པ་ནི་བཞི་སྟེ་བྲལ་བ་མ་གཏོགས་སོ། །ལུང་དུ་མ་བསྟན་པ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་ནི་མི་དགེ་བ་ཀུན་ཏུ་འགྲོ་བ་རྣམས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ལུང་བསྟན་མིན་གྱི་
དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ལས་ལུང་དུ་མ་བསྟན་པའི་འབྲས་བུ་ཆོས་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ། །མི་དགེ་བ་ནི་གསུམ་སྟེ། བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །སྡུག་བསྔལ་ལ་སོགས་
པ་མཐོང་བས་སྤང་བར་བྱ་བའི་མི་དགེ་བ་རྣམས་ནི་ལུང་དུ་མ་བསྟན་པའི་ལྟ་བ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ལུང་དུ་མ་བསྟན་པའི་ཆོས་ནི་གསུམ་སྟེ། རྒྱུ་དེ་དག་ཁོ་ན་ཡིན་ནོ། །འདས་པའི་ཐམས་ཅད་བཞི་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་པ་རྣམས་ཏེ།
འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པའི་ཆོས་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །བར་མ་ཡི་ནི་མ་འོངས་པའང་། །ད་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་ཆོས་མ་འོངས་པ་ཡང་བཞི་སྟེ། དེ་དག་ཉིད་དོ། །བར་མ་གཉིས་སོ། །ད་ལྟར་བྱུང་བའི་འབྲས་བུ་ད་ལྟར་བྱུང་བའི་
เล่ม ๑๔๐ · หน้า 213b
ཆོས་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ། །མ་སྐྱེས་པའི། འབྲས་བུ་མ་འོངས་གསུམ་ཡིན་ནོ། །མ་འོངས་པའི་འབྲས་བུ་མ་འོངས་པའི་ཆོས་ནི་གསུམ་སྟེ། རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །རང་གི་ས་པ་ཡིན་ནོ། །རང་གི་
ས་པའི་ལས་ཀྱི་འབྲས་བུ་རང་གི་ས་པའི་ཆོས་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །གཞན་གྱི་ས་པ་གསུམ་དང་གཉིས། །གལ་ཏེ་གཞན་གྱི་ས་པའི་ཆོས་ཟག་པ་མེད་པ་ཞིག་ཡིན་ན་ནི་འབྲས་བུ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །
ཁམས་གསུམ་མ་གཏོགས་པའི་ཕྱིར་རོ། །གལ་ཏེ་ཟག་པ་དང་བཅས་པ་ཞིག་ཡིན་ན་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་གོ། །སློབ་པའི་སློབ་པ་སོགས་པ་གསུམ། །སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་
བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །མི་སློབ་པ་ཡང་དེ་དང་འདྲའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་མ་གཏོགས་སོ། །མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ་སོགས། །གཅིག་
དང་གསུམ་དང་གཉིས་ཡིན་ནོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །མི་སློབ་པ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་
དང་བདག་པོའི་འབྲས་བུ་དག་གོ། །དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །སློབ་པ་དང་མི་སློབ་པ་དག་ལས་གཞན་པའི་འབྲས་བུ་དག་མ་གཏོགས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཉིས་
ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་གོ། །མི་སློབ་པའང་དེ་དང་འདྲའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་འབྲས་བུ་ལྔ་ཆར་ཡིན་ནོ། །མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་ལས་
เล่ม ๑๔๐ · หน้า 214a
ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བའི་ཆོས་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་ནི་གཅིག་སྟེ། བདག་
པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་
བའི་འབྲས་བུ་དག་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་མ་གཏོགས་སོ། །སྤང་བྱ་མིན་པའི་དེ་དག་གཅིག །གཉིས་དང་བཞི་སྟེ་གོ་རིམས་བཞིན། །སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་མཐོང་
བས་སྤང་བར་བྱ་བ་ནི་གཅིག་སྟེ་བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །སྤང་བར་བྱ་བ་མ་ཡིན་པ་ནི་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཡང་གོ་རིམས་བཞིན་ཞེས་སྨོས་པ་ནི་དབུས་སུ་
ཡང་ཐོག་མ་དང་ཐ་མ་བཞིན་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ནི་མཐུན་པར་སྦྱོར་བའི་ཆོས་ཡིན་ནོ། །ལས་བསྟན་པའི་སྐབས་སུ་འདི་ཡང་ཡོངས་སུ་བྲི་བར་བྱ་སྟེ། བསྟན་བཅོས་དག་ལས། རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་ཡང་
མ་ཡིན་རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པའི་ལས་ཞེས་གསུངས་པ་དེའི་མཚན་ཉིད་ཅི་ཞེ་ན། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། །ཁ་ཅིག་ཆོ་ག་ཉམས་པ་ཞེའོ། །ཁ་ཅིག་ན་རེ་རིགས་པ་མ་ཡིན་པས་བསྐྱེད་པ་ནི་ལས་ཉོན་མོངས་པ་ཅན་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་
ཡིད་ལས་བྱུང་བ་ལས་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཆོ་ག་ཉམས་པ་ཡང་ཡིན་ཏེ། གང་གིས་ཇི་ལྟར་འགྲོ་བར་བྱ་བ་དང་། གནས་པར་བྱ་བ་དང་། བཟའ་བར་བྱ་བ་དང་། བགོ་བར་བྱ་བ་དང་། དེ་ལ་སོགས་པ་དེ་གཞན་དུ་བྱེད་ན་དེ་ནི་རིགས་པ་མ་ཡིན་པས་བྱེད་
เล่ม ๑๔๐ · หน้า 214b
པའི་ཕྱིར་རིགས་པ་མ་ཡིན་པས་སྐྱེས་པ་ཞེས་བྱའོ། །རིགས་པས་བསྐྱེད་པ་ནི་ལས་དགེ་བ་ཡིན་ནོ། །གཞན་དག་ན་རེ་ཆོ་ག་མ་ཉམས་པ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ལས་གཞན་པ་ནི་གཉི་ག་མ་ཡིན་པའོ། །ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ཏམ་འོན་ཏེ་དུ་མ་ཡང་འཕེན།
དེ་བཞིན་དུ་ལས་དུ་མས་ཀྱང་སྐྱེ་བ་གཅིག་འཕེན་ཏམ། འོན་ཏེ་དུ་མ་ཁོ་ན་ཞིག་འཕེན་ཞེ་ན། འདི་ནི་གྲུབ་པའི་མཐའ་ཡིན་ཏེ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། །ལས་གཅིག་ཁོ་ནས་སྐྱེ་བ་གཅིག་ཁོ་ན་འཕེན་གྱི་དུ་མ་ནི་མ་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་ནི་རིས་མཐུན་པ་ལ་བྱ་སྟེ། དེར་
ཕྱིན་ནས་སྐྱེ་བ་ཞེས་བརྗོད་དོ། །འོ་ན་གནས་བརྟན་མ་འགགས་པས་བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་ནས་ད་ལྟར་ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས་པའི་བར་དུ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཇི་ལྟ་
བུ་ཞེ་ན། འདི་དེས་འབྱོར་པ་རྙེད་ནས་ཚེ་རབས་དྲན་པ་དང་ཡང་བསོད་ནམས་གཞན་བྱས་པས་དེའི་ཕྱིར་སློབ་པ་སྟོན་པར་བྱེད་པ་ཡིན་ཏེ། དཔེར་ན་མི་ཞིག་གིས་དོང་ཙེ་གཅིག་གིས་སྟོང་དུ་བསྒྱུར་ཏེ་བདག་ནི་དོང་ཙེ་གཅིག་གིས་དབང་ཕྱུག་འདི་ཐོབ་པར་གྱུར་ཏོ་ཞེས་སྨྲ་བ་ལྟ་བུའོ། །ཡང་སྨྲས་པ།
དེ་བསོད་སྙོམས་དེ་ལ་བརྟེན་ཏེ་སེམས་པ་རྣམས་ཀྱི་རྒྱུན་མང་པོ་བྱུང་ནས་འགའ་ཞིག་གི་འབྲས་བུ་འགའ་ཡོངས་སུ་གཟུང་བ་ཡིན་ནོ། །རིས་མཐུན་པ་དུམ་བུར་འཕེན་པ་འགྱུར་དུ་འོངས་པས་དུ་མས་ཀྱང་གཅིག་འཕེན་པ་མ་ཡིན་གྱི་ལས་གཅིག་གིས་འཕངས་པའི་རིས་མཐུན་པ་ལ་ལས་
ཡོངས་རྫོགས་བྱེད་པ་དུ་མ་ཡིན་པར་འདོད་དེ། དཔེར་ན་རི་མོ་མཁན་གྱི་རི་ལུ་གཅིག་གིས་གཟུགས་ཀྱི་ས་བཅད་ནས་ཡོངས་སུ་རྫོགས་པར་བྱེད་པ་དང་འདྲ་སྟེ། འདི་ལྟར་མིར་མཚུངས་མོད་ཀྱི། ཁ་ཅིག་དབང་པོ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བར་འགྱུར་ཞིང་། ཁ་
དོག་དང་ཤ་ཚུགས་དང་བོང་ཚོད་དང་ཉམས་སྟོབས་ཕུན་སུམ་ཚོགས་པས་རྣམ་པར་མཛེས་པ་ཡིན་ལ། ཁ་ཅིག་ནི་དེ་དག་ལས་ལ་ལ་མ་ཚང་བ་ཡིན་ནོ། །ལས་འབའ་ཞིག་ཚེ་འཕེན་པར་བྱེད་པ་ཡང་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན་རྣམ་པར་སྨིན་པ་དང་བཅས་པ་གཞན་ཡང་ཡིན་ནོ། །
เล่ม ๑๔๐ · หน้า 215a
རྣམ་པ་ཐམས་ཅད་དུ། སེམས་མེད་སྙོམས་པར་འཇུག་པ་དང་། །འཕེན་བྱེད་མ་ཡིན་ཐོབ་པའང་ཡིན། །རྣམ་པར་སྨིན་པ་དང་བཅས་པ་སེམས་མེད་པའི་སྙོམས་པར་འཇུག་པ་དག་གིས་ཀྱང་རིས་མཐུན་པ་འཕེན་པར་མི་བྱེད་དེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་
རོ། །ཐོབ་པ་རྣམས་ཀྱིས་ཀྱང་མ་ཡིན་ཏེ། ལས་དང་འབྲས་བུ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། སྒྲིབ་པ་གསུམ་གསུངས་པ་དེ་དག་གི་རང་བཞིན་ཅི་ཞེ་ན། མཚམས་མེད་པ་ཡི་ལས་
རྣམས་དང་། །ཉོན་མོངས་ཤས་ཆེན་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །མཚམས་མེད་པའི་ལས་རྣམས་ནི་ལས་ཀྱི་སྒྲིབ་པ་ཡིན་ཏེ། འདི་ལྟ་སྟེ། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་
འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཉོན་མོངས་པ་ཤས་ཆེན་པོ་ནི་ཉོན་མོངས་པའི་སྒྲིབ་པའོ། །ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཤས་ཆེ་བ་དང་རྣོ་བའོ། །དེ་ལ་ཤས་ཆེ་བ་ནི་རྒྱུན་དུ་འབྱུང་བ་གང་
ཡིན་པའོ། །རྣོ་བ་ནི་ཆེན་པོ་གང་ཡིན་པའོ། །དེ་ལ་ཤས་ཆེ་བ་གང་ཡིན་པ་དེ་ནི་སྒྲིབ་པ་ཡིན་ཏེ། དཔེར་ན་ཟ་མ་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །ཉོན་མོངས་པ་རེས་འགའ་འབྱུང་བ་ནི་ཤུགས་དྲག་ཀྱང་གཞོམ་པར་ནུས་ཀྱིས་རྒྱུན་དུ་འབྱུང་བ་ནི་དཔལ་ཡང་མ་ཡིན་ཏེ། ཉོན་མོངས་པ་
རྒྱུན་དུ་འབྱུང་བ་ནི་དེ་ངེས་པར་གཞོམ་པའི་ཕྱིར་རྩོལ་བའི་དུས་མི་རྙེད་དོ། །དེ་ནི་ཆུང་ངུ་ལ་བརྟེན་ནས་འབྲིང་སྐྱེའོ། །འབྲིང་ལ་བརྟེན་ནས་ཆེན་པོ་སྐྱེ་སྟེ། དེ་ལྟ་བས་ན་དེ་ཉིད་སྒྲིབ་པ་ཡིན་ནོ། །ངན་འགྲོ་རྣམ་པ་གསུམ་དང་། བདེ་འགྲོའི་ཕྱོགས་བྱང་གི་སྒྲ་མི་སྙན་པ་རྣམས་དང་། འདུ་
ཤེས་མེད་པའི་སེམས་ཅན་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །འདི་དག་གང་ལ་སྒྲིབ་ཅེ་ན། འཕགས་པའི་ལམ་དང་། འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བའི་རྩ་བ་རྣམས་ལ་སྒྲིབ་བོ། །ངན་སོང་ལ་སོགས་པར་ངེས་པར་འགྱུར་བ་དང་། སྒོ་ང་ལས་སྐྱེ་བར་འགྱུར་བ་དང་།
เล่ม ๑๔๐ · หน้า 215b
དྲོད་གཤེར་ལས་སྐྱེ་བར་འགྱུར་བ་དང་། བུད་མེད་ཉིད་དུ་འགྱུར་བ་དང་། སྲིད་པ་བརྒྱད་པར་ངེས་པར་འགྱུར་བའི་ལས་གཞན་དང་གཞན་དག་ཀྱང་བརྗོད་པར་བྱ་བར་འགྱུར་རོ་ཞེ་ན། གང་དག་གཞི་དང་། འབྲས་བུ་དང་། འགྲོ་བ་དང་། སྐྱེ་བ་དང་། གང་ཟག་དང་། རྒྱུ་ལྔས་བསྟན་པར་
སླ་ཞིང་གདགས་པར་བྱ་བ་དེ་དག་ཁོ་ན་བཤད་ཀྱིས་གཞན་དག་ནི་མ་ཡིན་ནོ། །དེ་དག་ལས་ཉོན་མོངས་པའི་སྒྲིབ་པ་ནི་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ། །དེའི་འོག་ཏུ་ནི་ལས་ཀྱི་སྒྲིབ་པ་སྟེ། དེ་གཉིས་ཀྱིས་ནི་ཚེ་ཕྱི་མ་ལ་ཡང་གསོར་མི་རུང་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཕྱི་མ་ཕྱི་མ་
འདྲེན་པའི་ཕྱིར་རོ་ཞེས་ཟེར་རོ། །མཚམས་མེད་པ་རྣམས་ཞེས་བྱ་བའི་དོན་ཅི་ཞེ་ན། ཚེ་རབས་གཞན་གྱི་འབྲས་བུ་ཅན་གྱི་ལས་དག་གི་རྣམ་པར་སྨིན་པར་འགྱུར་བའི་བར་དུ་གཅོད་པར་མི་ནུས་པས་མཚམས་མེད་པ་རྣམས་ཏེ། ཟིལ་གྱིས་མི་གནོན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་
བྱེད་པའི་གང་ཟག་འདི་ནས་ཤི་འཕོས་པ་དང་དམྱལ་བར་སྐྱེ་བར་འགྱུར་བ་ལ་བར་ཆད་མེད་པས་དེ་ནི་བར་ཆད་མེད་པའོ། །དེའི་དངོས་པོ་ནི་བར་ཆད་མེད་པ་ཉིད་དེ། ཆོས་གང་དང་ལྡན་པའི་ཕྱིར་དེ་བར་ཆད་མེད་པ་ཡིན་ཏེ། དགེ་སྦྱོང་གི་ཚུལ་བཞིན་ནོ། །ཡང་སྒྲིབ་པ་འདི་དག་ལས་གང་
ཞིག་ཁམས་གང་ན་ཡོད་པར་རིག་པར་བྱ་ཞེ་ན། རེ་ཞིག་གཅིག་ཏུ། མཚམས་མེད་གླིང་གསུམ་དག་ན་ཡོད། །བྱང་གི་སྒྲ་མི་སྙན་དང་། འགྲོ་བ་གཞན་དག་ན་ཡང་མེད་ན་ཁམས་གཞན་ན་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ན་ཡང་སྐྱེས་པ་དང་བུད་མེད་རྣམས་ཁོ་ན་ལ་ཡོད་ཀྱི། ཟ་མ་ལ་
སོགས་པ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། སྡོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་། ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཕ་མ་དང་དེ་དག་དང་གོ་རིམས་བཞིན་ཏེ། ཕ་མ་ནི་དེ་དག་གི་ལུས་མ་ཚང་བའི་བདག་པོར་འགྱུར་བའི་ཕྱིར་དང་། བྱམས་
པ་ཆུང་བའི་ཕྱིར་ཕན་པ་ཆུང་བ་ཡིན་ནོ། །དེ་དག་ཀྱང་ཕ་མ་ལ་གང་དག་མེད་པར་བྱས་པས་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་ཤས་ཆེན་པོ་ཉེ་བར་མི་གནས་ཏེ། དེ་ཉིད་ཀྱི་ཕྱིར་ཡི་དགས་དང་། དུད་འགྲོ་རྣམས་ལ་ཡང་མི་འདོད་དོ་
เล่ม ๑๔๐ · หน้า 216a
ཞེས་གྲག་གོ། །བཙུན་པ་ན་རེ་བློ་གསལ་བ་རྣམས་ལ་འགྱུར་ཏེ་རྟ་ཅང་ཤེས་བཞིན་ནོ་ཞེས་ཟེར་རོ། །མིའི་ཡང་ཕ་མ་མི་མ་ཡིན་པ་བསད་ན་མཚམས་མེད་པར་མི་འགྱུར་རོ། །ལས་ཀྱི་སྒྲིབ་པ་བཤད་ཟིན་ཏོ། །ལྷག་མ་འགྲོ་བ་ལྔ་དག་ན། །ལྷག་མ་གང་དག་ཅི་ཡིན་ཞེ་ན། ཉོན་
མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། མི་དག་གི་ནང་ན་ནི་སྒྲ་མི་སྙན་པ་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །ལྷ་དག་གི་ནང་ན་ནི་འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །མཚམས་མེད་པ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། བཞི་ནི་ལུས་ཀྱི་ལས་ཡིན་ལ། །གཅིག་ནི་ངག་གི་ལས་
ཡིན་ཏེ། །གསུམ་ནི་སྲོག་གཅོད་པ་ཡིན་ནོ། །གཅིག་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །གཅིག་ནི་སྲོག་གཅོད་པའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཉེ་བར་མི་བརྫི་བའི་ཆོས་ཅན་ཡིན་ནོ། །རྒྱུ་ལ་འབྲས་བུ་བཏགས་པའམ། འདིས་འབྱེད་པར་བྱེད་པས་ན་དགེ་འདུན་གྱི་དབྱེན་
ལ་མཚམས་མེད་པ་ཞེས་བཤད་ཀྱི། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པས་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དགེ་འདུན་གྱི་དབྱེན་ནི་མི་འཕྲོད་པ་ཞེས་བྱ་བ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དེ། མ་བསྒྲིབས་ལ་ལུང་དུ་མ་
བསྟན་པ་ཡིན་ན་དེ་ཇི་ལྟར་མཚམས་མེད་པར་འགྱུར། དེ་དང་བྱེད་པ་པོར་ཡང་མི་ལྡན་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་དང་དགེ་འདུན་ཡང་དག་ལྡན། །གང་བྱེ་བ་དེ་དབྱེན་དང་ལྡན་གྱི། འབྱེད་པ་པོ་ལ་ནི་མ་ཡིན་ནོ། །འོ་ན་འབྱེད་པ་པོ་ཅི་དང་ལྡན་ཞེ་ན། དེ་ཡི་ཁ་ན་མ་
ཐོ་བརྫུན། །དེ་དང་བྱེད་པོ་ཡང་དག་ལྡན། །འབྱེད་པ་པོ་ནི་དགེ་འདུན་གྱི་དབྱེན་གྱི་ཁ་ན་མ་ཐོ་བ་དང་ལྡན་ཏེ། དེ་ནི་བརྫུན་ཡིན་ནོ། །དེ་ཡང་དགེ་འདུན་གྱི་དབྱེན་དང་ལྷན་ཅིག་སྐྱེས་པའི་ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དག་ཡིན་ནོ། །ཁ་ན་མ་ཐོ་བ་དེ་དང་
ལྡན་པའི་བྱེད་པ་པོ་དེ་ནི། བསྐལ་པར་མནར་མེད་པར་སྨིན་འགྱུར། །བར་གྱི་བསྐལ་པར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྨིན་པར་འགྱུར་རོ། །གཞན་གྱིས་ནི་མནར་མེད་པར་མ་ངེས་སོ། །ཡང་གང་ཞིག་གིས་མཚམས་མེད་པ་མང་པོ་བྱས་པ་ཡིན་ལ། དེ་དག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด