ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๑ · หน้า 229b

གནས་ངན་ལེན་རབ་ཏུ་མང་བས་མི་མཐུན་པར་འགྱུར་བའི་ཕྱིར་སྡུག་བསྔལ་ལེན་པའོ། །རྩིག་པ་ངེས་པར་མི་འབྱུང་བ་བཞིན་དུ་དེ་ཉིད་ཀྱིས་སོ། །དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་རྩིག་པ་སྟུག་པོ་ལྟ་བུའོ། །དེ་དག་ལས་བཟློག་པ་ནི་ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་དག་ཡིན་ནོ། །

ཞར་ལས་འོངས་པ་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་སྟེ། ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ཞེ་ན། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེ་བློ་གྲོས། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི། དེ་ལ་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་

སུ་མི་སྐྱེ་བའི་ཡེ་ཤེས་སྐྱེའོ། །འོན་མིན་ན། ཟད་ཤེས་པ་ནི་མི་སློབ་ལྟ། །འོན་ཏེ་མི་གཡོ་བའི་ཆོས་ཅན་ཞིག་མ་ཡིན་ན་ནི་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཟད་པའི་ཡེ་ཤེས་ཉིད་དམ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །ཡོངས་སུ་ཉམས་པ་ཡོད་པའི་ཕྱིར་མི་སྐྱེ་བའི་ཡེ་ཤེས་ནི་མི་སྐྱེའོ། །

ཅི་མི་གཡོ་བའི་ཆོས་ཅན་རྣམས་ལ། དེ་མི་སྐྱེ་བ་ཁོ་ན་ཡིན་ནམ་ཞེ་ན། དེ་ནི་དགྲ་བཅོམ་ཐམས་ཅད་ལ། །མི་གཡོ་བའི་ཆོས་ཅན་ལ་ཡང་རེས་འགའ་ནི་མི་སྐྱེ་བའི་ཡེ་ཤེས་ཉིད་སྐྱེ་ལ། རེས་འགའ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །དེ་ལྟར་ན་འབྲས་བུ་བཞིར་བཤད་པ་གང་ཡིན་པ་དེ་

དག་གི་འབྲས་བུ་ཡིན་ཞེ་ན། དགེ་སྦྱོང་གི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དགེ་སྦྱོང་དྲི་མ་མེད་པའི་ལམ། །ཟག་པ་མེད་པའི་ལམ་ནི་སྐྱེ་ཞེས་བྱའོ། །དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱས་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོ་ལས་ཀྱང་། འདིས་སྡིག་

པ་མི་དགེ་བའི་ཆོས་རྒྱས་པར་རྒ་ཤིར་འགྱུར་བའི་བར་རྣམ་པ་དུ་མ་ཞི་བར་བྱས་པས་དགེ་སྦྱོང་ཞེས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་དགེ་སྦྱོང་དེའི། འབྲས་བུ་འདུས་བྱས་འདུས་མ་བྱས། །དགེ་སྦྱོང་གི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་དག་ཀྱང་མདོ་ལས་བཞིར་གསུངས་

མོད་ཀྱི་འོན་ཀྱང་དེ་དེ་དག་བརྒྱད་ཅུ་རྩ་དགུའོ། །དེ་དག་ཀྱང་གང་ཞེ་ན། གྲོལ་ལམ་ཟད་པ་རྣམས་དང་བཅས། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་ལ། བར་ཆད་མེད་པའི་ལམ་བརྒྱད་དང་། །རྣམ་པར་གྲོལ་བའི་ལམ་བརྒྱད་དོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་

เล่ม ๑๔๑ · หน้า 230a

མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་ས་དགུ་དག་ལ་རེ་རེ་ཞིང་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་སྤང་བར་བྱ་བ་ལ། དེ་སྙེད་ཀྱི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་ཡིན་ནོ། །དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་ཡིན་ལ། རྣམ་པར་གྲོལ་བའི་ལམ་རྣམས་

ནི། དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །ཉོན་མོངས་པ་དེ་དག་སྤངས་པ་ནི་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །དེ་ལྟར་ན་དེ་དག་ནི་བརྒྱད་ཅུ་རྩ་དགུར་འགྱུར་རོ། །དེ་ལྟར་ན་སངས་རྒྱས་ཀྱིས་གསུངས་པ་ཁ་བསྐང་བར་བྱ་

དགོས་སོ་ཞེ་ན། མི་དགོས་ཏེ་གལ་ཏེ་ཡང་འབྲས་བུ་ནི་ཕལ་ཆེ་མོད་ཀྱི། འབྲས་བུ་བཞིར་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་ཡོད་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྤོང་བའི་ལམ་གྱི་གནས་སྐབས་གང་དག་ལ་རྒྱུ་ལྔ་ཡོད་པ་དེ་ལ་འབྲས་བུར་རྣམ་པར་གཞག་གོ་ཞེས་གྲག་སྟེ། ལྔ་གང་ཞེ་ན། འབྲས་

ལ་སྔ་མ་བཏང་བ་དང་། །ལམ་གཞན་ཐོབ་དང་ཟད་བསྡོམས་དང་། །ཡེ་ཤེས་བརྒྱད་པོ་ཐོབ་པ་དང་། །རྣམ་པ་བཅུ་དྲུག་བསྒོམས་པའོ། །ལམ་སྔ་མ་བཏང་བ་དང་། སྔོན་མ་ཐོབ་པའི་ལམ་ཐོབ་པ་ནི་ཞུགས་པའི་ལམ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ། །སྤངས་པ་བསྡོམས་

པ་ནི་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ། །ཡེ་ཤེས་བརྒྱད་པོ་ཅིག་ཅར་དུ་ཐོབ་པ་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དག་གི་ཡིན་ནོ། །རྣམ་པ་བཅུ་དྲུག་ཏུ་བསྒོམས་པ་ནི་མི་རྟག་པ་ལ་སོགས་པ་རྣམས་ཏེ། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་བཞིར་རྣམ་པར་གཞག་པའི་འབྲས་བུའོ་ཅོག་

ལ་ཡོད་དོ། །གལ་ཏེ་ཟག་པ་མེད་པའི་ལམ་འབའ་ཞིག་དགེ་སྦྱོང་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཇི་ལྟར་ན། དགེ་སྦྱོང་གི་འབྲས་བུར་རུང་ཞེ་ན། འཇིག་རྟེན་པ་ཡི་ཐོབ་འདྲེས་དང་། །ཟག་མེད་ཐོབ་པ་འཛིན་ཕྱིར་འབྲས། །ལན་ཅིག་ཕྱིར་འོང་བའམ།

ཕྱིར་མ་འོང་བའི་འབྲས་བུ་དེ་ནི། འཇིག་རྟེན་པའི་ལམ་གྱིས་འབྲས་བུ་སྤོང་བ་འབའ་ཞིག་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། མཐོང་བའི་ལམ་གྱིས་འབྲས་བུ་སྤངས་པ་ཡང་དེར་བསྲེ་བར་བྱ་སྟེ། ཐམས་ཅད་ཀྱི་ཐོབ་པ་ནི་དེའི་འབྲས་བུར་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །དེ་གཉིས་ཀྱི་ཕྱིར་

เล่ม ๑๔๑ · หน้า 230b

མོད་ལས་འདི་སྐད་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་བསྲབས་པ་གང་ཡིན་པའོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པའོ་ཞེས་

གསུངས་སོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པས་ནི་སྤངས་པ་དེ་འཛིན་ཏེ། དེའི་མཐུས་ཡོངས་སུ་ཉམས་ཀྱང་མི་འཆི་བས་དེའི་ཕྱིར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་རིགས་སོ། །དེ་ལྟར་དགེ་སྦྱོང་གི་ཚུལ་དུ་བཤད་པ་གང་ཡིན་པ། དེ་ཉིད་བྲམ་ཟེ་ཚངས་པ་ཡི། འཁོར་ལོ། །ཉོན་མོངས་པ་སྤོང་བའི་ཕྱིར་

ན་བྲམ་ཟེའོ། །ཚངས་པའི་འཁོར་ལོ་ནི། ཚངས་པས་བསྐོར་ཕྱིར་རོ། །བླ་ན་མེད་པ་ཚངས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་ཚངས་པའོ། །འདི་ནི་དེའི་འཁོར་ལོ་ཡིན་པས་ན་ཚངས་པའི་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་ཞེས་ཀྱང་བྱ།

བསིལ་བར་གྱུར་པ་ཞེས་ཀྱང་བྱའོ་ཞེས་ཀྱང་འབྱུང་ལ། དེས་བསྐོར་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར་ན་དེའི་ཆོས་མཐུན་པ་ཡིན་ཞེ་ན། མྱུར་བར་འགྲོ་དང་

རྩིབས་སོགས་ལས། །མྱུར་བར་འགྲོ་བའི་ཕྱིར་ནི་འདོར་བ་དང་འགྲོ་བ་དང་། མ་རྒྱལ་བ་རྒྱལ་བར་བྱ་བ་དང་། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང་། འཕར་བ་དང་འབབ་པའི་ཕྱིར་ཏེ། དེ་ལྟར་ན་མྱུར་བར་འགྲོ་བའི་ཕྱིར་རོ། །བཙུན་པ་དབྱངས་ཅན་ན་རེ། འཕགས་པའི་ལམ་བརྒྱད་ནི་རྩིབས་ལ་

སོགས་པ་དང་། ཆོས་མཐུན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་ཟེར་ཏོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ནི་

མུ་ཁྱུད་ལྟ་བུ་ཡིན་པས་ན། མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ག་ལས་ཤེ་ན། འཕགས་པ་ཀུན་ཤེས་ཀཽཎྜི་ནྱའི་དེ་སྐྱེ་བ་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡིན་ཞེ་ན།

เล่ม ๑๔๑ · หน้า 231a

འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་དེ་ནི་ལན་གསུམ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ཞིང་ཡང་འདི་ལྟར་བདེན་པ་རེ་རེ་ལ་མིག་སྐྱེས་སོ་ཞེས་པ་དང་། རིག་པ་དང་བློ་སྐྱེས་སོ་ཞེས་བྱ་བ་

དེ་དག་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །གསུམ་པ་དང་བཅུ་གཉིས་པར་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་ཞེས་བཤད་དེ། དཔེར་ན་གཉིས་དང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་བསྐོར་བ་དེ་དག་གིས་ནི་རིམ་

བཞིན་དུ་མཐོང་བ་དང་། བསྒོམ་པ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ་ཞེས་ཟེར་ཏེ། གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་འབའ་ཞིག་ལ་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ། རྣམ་པ་བཅུ་གཉིས་ཀྱང་མ་ཡིན་ནོ། །ཇི་ལྟར་ན་ཆོས་ཀྱི་འཁོར་ལོར་རྣམ་པར་གཞག་སྟེ། དེ་བས་ན་ཆོས་ཀྱི་

རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡིན་ཞེ་ན། ལམ་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་པར་ཡང་རིགས་སོ། །ཇི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བདེན་པ་

བཞི་ལ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པ་དང་། སྤངས་པ་དང་། མངོན་

དུ་བྱས་པ་དང་། བསྒོམས་པ་ཞེས་བྱའོ། །དེའི་བསྐོར་བ་ནི་གཞན་གྱི་རྒྱུད་ལ་དོན་གོ་བར་བྱེད་པའི་ཕྱིར་འགྲོ་བ་ཡིན་ནོ། །ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་འདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དེ་ནི་གཞན་གྱི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པའི་ཕྱིར་

བསྐོར་བར་རྩོམ་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ། །ཡང་ན་ཁམས་གང་དག་ཏུ་དགེ་སྦྱོང་གི་འབྲས་བུ་དུ་དག་ཅིག་འཐོབ་ཅེ་ན། འདོད་པར་གསུམ་འཐོབ། གསུམ་ནི་འདོད་པའི་ཁམས་འབའ་ཞིག་ཏུ་འཐོབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཐ་མ་ནི། གསུམ་དུ། དགེ་སྦྱོང་གི་འབྲས་བུ་ཐ་མ་དང་།

เล่ม ๑๔๑ · หน้า 231b

དགྲ་བཅོམ་པ་ཉིད་ཀྱི་ཁམས་གསུམ་ཆར་དུ་ཡང་འཐོབ་བོ། །རེ་ཞིག་འབྲས་བུ་གཉིས་ནི། འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་མིན་པའི་ཕྱིར་གོང་མར་མི་འཐོབ་པ་ཡང་རིགས་ན། གསུམ་པ་གོ་ཅིའི་ཕྱིར་མི་འཐོབ་ཅེ་ན། གོང་ན་མཐོང་ལམ་མེད། འདོད་པའི་ཁམས་ལས་གོང་ན་

ནི་མཐོང་བའི་ལམ་མེད་ལ། དེ་མེད་པར་ནི་འདོད་ཆགས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་མེད་དེ། དེ་ནི་གཏན་ཚིགས་ཡིན་ནོ། །ཅིའི་ཕྱིར་དེ་དག་ན་མཐོང་བའི་ལམ་མེད་ཅེ་ན། རེ་ཞིག་གཟུགས་མེད་པའི་ཁམས་དག་ན་ནི་ཉན་པ་མེད་པ་དང་།

ཁམས་འོག་མ་ལ་ནི་མི་དམིགས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་དག་ན་ནི། སྐྱེ་མེད་ཕྱིར་དང་འདིར་བརྩམས་ཏེ། །དེ་མཐར་ཕྱིན་ཞེས་ལུང་ལས་བྱུང་། །གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་

སྐྱོ་བར་མི་འགྱུར་ལ། སྐྱོ་བ་མེད་པ་ནི་འཕགས་པའི་ལམ་ཐོབ་པར་མི་ནུས་ཏེ། རེ་ཞིག་དེ་ནི་རིགས་པ་ཡིན་ནོ། །ལུང་ལས་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གྱི་གང་ཟག་ལྔ་པོ་དེ་དག་ནི། འདིར་རྩོམ་པར་བྱེད་པ་དེར་མཐར་ཕྱིན་པར་འགྱུར་ཞེས་འབྱུང་སྟེ།

རྩོམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདའ་བའི་ཐབས་ཡིན་པའི་ཕྱིར་ལམ་རྩོམ་པ་ཡིན་ནོ། །འདི་སྐད་དུ་གལ་ཏེ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི། ཟད་པའི་ཡེ་ཤེས་ལས་མི་སྐྱེ་བའི་ཡེ་ཤེས་སྐྱེའོ་ཞེས་བཤད་ན་དེ་ནི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན། ཡོད་ཅེས་བྱ་སྟེ། དགྲ་བཅོམ་

དྲུག་འདོད། མདོ་ལས་དགྲ་བཅོམ་པ་ནི་དྲུག་ཏུ་གསུངས་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པ་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལ་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས། ལྔ་ནི་དད་པས་

མོས་ལས་སྐྱེའོ། །མི་གཡོ་བའི་ཆོས་ཅན་མ་གཏོགས་པ་གཞན་ལྔ་ནི་དད་པས་མོས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །ལྔ་པོ་དེ་དག་དུས་དང་སྦྱོར་བ་དང་། རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར་དགའ་བའི་སེམས་རྣམ་པར་གྲོལ་བར་རིག་པར་བྱ་སྟེ། དེ་ཉིད་ཀྱི་

เล่ม ๑๔๑ · หน้า 232a

ཕྱིར་དེ་དག་ནི་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་དག་ནི་དུས་ལ་ལྟོས་པ་ཡང་ཡིན་རྣམ་པར་གྲོལ་བ་ཡང་ཡིན་པས་ན་དུས་ཀྱིས་རྣམ་པར་གྲོལ་བ་སྟེ། བར་གྱི་ཚིག་མི་མངོན་པར་བྱ་བའི་ཕྱིར། མར་གྱི་བུམ་པ་ཞེས་བྱ་བ་བཞིན་ནོ། །དེ་དག་ནི་ཡོ་བྱད་དང་ནད་མེད་པ་དང་

དུས་ཀྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་དུས་ལ་ལྟོས་ཤིང་ཏིང་ངེ་འཛིན་མངོན་དུ་བྱེད་པ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་མི་གཡོ་བ། མི་གཡོ་བའི་ཆོས་ཅན་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་བསྐྱེད་པར་མི་ནུས་པའི་ཕྱིར་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ། །དེའི་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ཉིད་

ཀྱི་ཕྱིར་དེ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་ནི་འདོད་དགུར་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཕྱིར་དུས་ལ་མི་ལྟོས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བ་དང་། གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་

བར་རྣམ་པར་གྲོལ་བའམ། ཡོངས་སུ་ཉམས་པ་སྲིད་པ་དང་། མི་སྲིད་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བ་ཡིན་པར་རིག་པར་བྱའོ། །

ཅི་དགྲ་བཅོམ་པ་དྲུག་པོ་དེ་དག་དང་པོ་ཁོ་ན་ནས་དེའི་རིགས་ཅན་ཡིན་ནམ། འོན་ཏེ་ཕྱིས་དེའི་རིགས་ཅན་དུ་གྱུར་པ་ཞིག་ཡིན་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་འགྱུར་ཏེ། །ཁ་ཅིག་ནི་དང་པོ་ཁོ་ན་ནས་འཆི་བར་སེམས་པའི་རིགས་ཅན་ཡིན་ནོ། །ཁ་ཅིག་ནི་ཡོངས་

སུ་ཉམས་པའི་ཆོས་ཅན་དུ་གྱུར་ནས་དབང་པོ་རྣམས་སྦྱངས་པས་འཆི་བར་སེམས་པའི་ཆོས་ཅན་དུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་མི་གཡོ་བའི་ཆོས་ཅན་དུ་གྱུར་གྱི་བར་དུ་རིག་པར་བྱའོ། །དེ་ལས་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །

འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྗེས་སུ་སྲུང་བར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན། རྗེས་སུ་མ་

เล่ม ๑๔๑ · หน้า 232b

བསྲུངས་ཀྱང་གནས་པ་དང་ཉམས་པར་མི་འགྱུར་བ་དང་། མངོན་པར་བརྩོན་པ་མེད་ན་འཕེལ་བར་མི་འགྱུར་བའི་སྐལ་པ་ཅན་གང་ཡིན་པའོ། །རྟོགས་པའི་སྐལ་བ་ཅན་ནི་མི་གཡོ་བའི་སེམས་རྣམ་པར་གྲོལ་བ་རྟོགས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །མི་གཡོ་བའི་ཆོས་ཅན་ནི་

ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །དང་པོ་གཉིས་ནི་སྔོན་སློབ་པའི་གནས་སྐབས་ཉིད་ན་རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གསུམ་པ་ནི་རྒྱུད་དུ་སྦྱོར་བ་ཡིན་ནོ། །བཞི་པ་ནི་གུས་པར་སྦྱོར་བ་ཡིན་ནོ། །ལྔ་པ་ནི་གཉི་གར་སྦྱོར་བ་དང་དབང་པོ་

རྟུལ་པོ་ཡིན་ནོ། །དྲུག་པ་ནི་གཉི་གར་སྦྱོར་བ་དང་དབང་པོ་རྣོན་པོ་ཡིན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་ནི་མ་ཡིན་མོད་ཀྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །

དེ་ལྟར་བྱས་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཏུ་རིགས་སོ། །གང་དག་གི་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས་མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན། འདོད་པའི་ཁམས་ན་ནི་དགྲ་བཅོམ་པ་དྲུག་གོ། །གཟུགས་དང་གཟུགས་མེད་པའི་

ཁམས་དག་ནི་གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་གཉིས་ཏེ། དེ་ཉིད་ལས་ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་། དབང་པོ་འཕོ་བ་མེད་པའི་ཕྱིར་རོ། །ཡང་དེ་དག་གང་ཞིག་འབྲས་བུའམ་རིགས་གང་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན། བཞི་

ནི་རིགས་ལས་ལྔ་འབྲས་ལས། །ཉམས་ཏེ། འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་ནི། རིགས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་ནི་རང་གི་རིགས་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་ནི།

འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་ལས། སྔ་མ་ལས་མ་ཡིན། གང་གི་རིགས་དང་པོ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སློབ་པ་དང་མི་སློབ་པ་ལམ་གྱིས་བརྟན་པོར་བྱས་པའི་ཕྱིར་རོ། །སློབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་བརྟན་པོར་

เล่ม ๑๔๑ · หน้า 233a

བྱས་པའི་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཕྱིས་དབང་པོ་སྦྱངས་པ་ཐོབ་པ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །གང་གི་འབྲས་བུ་དང་པོ་གང་ཡིན་པ་དེ་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལྷག་པ་ལས་ནི་ཡོངས་སུ་ཉམས་པར་

འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ། །ཅི་དགྲ་བཅོམ་པ་དྲུག་པོ་དེ་དག་འབའ་ཞིག་ལ་རིགས་དྲུག་ཡིན་ནམ་འོན་ཏེ་གཞན་དག་ལ་ཡང་རིགས་ཡོད་ཅེ་ན། སློབ་དང་འཕགས་མིན་རྣམས་ལ་ཡང་། །རིགས་དྲུག། སློབ་པ་དང་སོ་སོའི་

སྐྱེ་བོ་རྣམས་ལ་ཡང་རིགས་དྲུག་ཡོད་དོ། །དགྲ་བཅོམ་པའི་རིགས་རྣམས་ཀྱང་དེ་དག་གི་རྒྱུ་ལས་བྱུང་བ་ཉིད་ཡིན་ནོ། །འོན་ཀྱང་། མཐོང་ལ་འཕོ་བ་མེད། མཐོང་བའི་ལམ་ལས་གཞན་དག་ལ་དབང་པོ་འཕོ་བ་ཡོད་ཀྱི་སྦྱོར་བ་མེད་པའི་ཕྱིར་མཐོང་བའི་ལམ་ལ་ནི་མ་ཡིན་ནོ། །ལ་ལ་ནི་

སོ་སོའི་སྐྱེ་བོའི་གནས་ཉིད་དག་ཏུ་དབང་པོ་རྣམས་འཕོ་བར་བྱེད་དོ། །ལ་ལ་ནི་དད་པས་མོས་པ་དང་། མཐོང་བས་ཐོབ་པའི་གནས་སྐབས་དག་ཏུ་དབང་པོ་འཕོ་བར་བྱེད་དོ། །མདོ་ལས་ཇི་སྐད་དུ་གང་ཞིག་གིས་ལྷག་པའི་སེམས་བཞི་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཐོབ་པ་དེ་ནི། དེ་གང་

ཡང་རུང་བ་ཞིག་ལས་ཡོངས་སུ་ཉམས་པར་འགྱུར་བར་ང་སྨྲའི། གང་ཞིག་གིས་གཅིག་པུ་གནས་པ་ནས་མི་གཡོ་བའི་སེམས་ཀྱི་རྣམ་པར་གྲོལ་བའི་བར་དུ་ལུས་ཀྱིས་མངོན་དུ་བྱས་པ་དེ་ནི་དེ་ལས་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ་ཞེས་བཀའ་སྩལ་པ། ཇི་

ལྟར་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན། ཐོབ་མ་ཐོབ་དང་ལོངས་སྤྱོད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་བའོ། །

མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཐོབ་པར་བྱ་བའི་ཡོན་ཏན་མ་ཐོབ་པའོ། །ལོངས་སྤྱོད་ལས་ཡོངས་སུ་ཉམས་པ་ནི་གལ་ཏེ་ཡོན་ཏན་ཐོབ་ཀྱང་མངོན་སུམ་དུ་མི་བྱེད་པའོ། །ཡོངས་སུ་ཉམས་པ་དེ་དག་ལས། །སྟོན་ལ་ཐ་མ་མི་གཡོ་བ། །བར་མ་གཞན་ལ་རྣམ་གསུམ་མོ། །སངས་

เล่ม ๑๔๑ · หน้า 233b

རྒྱས་ལ་ནི་ལོངས་སྤྱོད་ལས། །ཡོངས་སུ་ཉམས་པ་འབའ་ཞིག་མངའི་གཞན་ནི་མ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་ལ་ནི་དེ་དང་མ་ཐོབ་པའི་ཡོངས་སུ་ཉམས་པ་ཡང་ཡོད་དེ། གང་ཟག་ཁྱད་པར་གྱི་ཆོས་མ་ཐོབ་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་དག་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་

ཡང་ཡོད་དོ། །དེའི་ཕྱིར་མི་གཡོ་བའི་ཆོས་ཅན་ལོངས་སྤྱོད་ལས་ཡོངས་སུ་ཉམས་པར་འབྱུང་བའི་ཕྱིར་མདོ་དང་མི་འགལ་ལོ། །ཡང་དགྲ་བཅོམ་པ་གང་ཞིག་འབྲས་བུ་ལས་ཡོངས་སུ་ཉམས་ན་ཅི་དེ་ཡང་སྐྱེ་ཞེ་ན། དེ་ནི་མེད་དེ། གང་གི་ཕྱིར། འབྲས་ལས་ཉམས་པ་འཆི་བ་མེད། །འབྲས་བུ་ལས་ཡོངས་སུ་

ཉམས་པ་ནི་འགའ་ཡང་འཆི་བ་མེད་དོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །འབྲས་བུ་གང་ཞིག་ལས་ཡོངས་སུ་ཉམས་པར་འགྱུར་བ་འབྲས་བུ་དེ་ལ་གནས་ཏེ། །བྱ་བ་མ་ཡིན་གང་ཡིན་པ། །བྱ་བ་མ་ཡིན་དེ་མི་བྱེད། །ཡོངས་སུ་ཉམས་ཀྱང་འབྲས་བུ་དེ་དང་

འགལ་བ་མི་བྱེད་དེ། དཔའ་བོ་འདྲེད་ཀྱང་རྡེག་མི་འཆའ་བ་བཞིན་ནོ། །ཡང་དབང་པོ་རྣམས་འཕོ་བ་ན་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་ནི་དུ་ཞིག་སྐྱེ་ཞེ་ན། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ། །རྟོགས་པའི་སྐལ་བ་ཅན་གང་ཞིག་གིས་མི་གཡོ་བའི་རིགས་

རྟོགས་པར་བྱེད་པ་ན། དཔེར་ན་དགྲ་བཅོམ་པ་ཉིད་ཐོབ་པ་བཞིན་དུ། བར་ཆད་མེད་པའི་ལམ་དགུ་དང་། རྣམ་པར་གྲོལ་བའི་ལམ་དགུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། དབང་པོ་རྟུལ་པོའི་རིགས་དེ་ནི། ཤིན་ཏུ་བརྟན་ཕྱིར། དེ་ལ་ཤིན་ཏུ་གོམས་པ་དེ་ནི་དབང་པོ་རྟུལ་པོ་རྟུལ་པའི་རིགས་ཅན་ཡིན་ལ། སློབ་པ་དང་

མི་སློབ་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར་འབད་པ་ཆུང་ངུས་བཟློག་པར་མི་ནུས་སོ། །མཐོང་བས་ཐོབ་པ་རེ་རེའོ། །མཐོང་བས་ཐོབ་པ་རྟོགས་པར་བྱེད་པ་དག་ལ་ནི་བར་ཆད་མེད་པའི་ལམ་གཅིག་དང་། རྣམ་པར་གྲོལ་བའི་ལམ་གཅིག་སྐྱེའོ། །སྦྱོར་བའི་ལམ་ལ་ནི་ཐམས་ཅད་དུ་ཡང་

གཅིག་ཁོ་ན་ཡིན་ནོ། །བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དེ་དག་ཐམས་ཅད་ནི། ཟག་པ་མེད། འཕགས་པ་ནི་ཟག་པ་དང་བཅས་པའི་ལམ་གྱིས་དབང་པོ་འཕོ་བ་མེད་དོ། །དབང་པོ་རྣམས་གང་དུ་འཕེལ་ཞེ་ན། གསུམ་དག་ཏུ་འཕེལ། མི་རྣམས་ཀྱི་ནང་དུ་

เล่ม ๑๔๑ · หน้า 234a

དབང་པོ་འཕོའི་གཞན་དག་ཏུ་ནི་མ་ཡིན་ཏེ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །གང་ཞིག་ས་གང་དག་ལ་བརྟེན་ནས་དབང་པོ་རྣམས་འཕོ་བར་བྱེད་ཅེ་ན། མི་སློབ་པ་དགུ་ལ་བརྟེན་ཏེ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་

པ་དང་། གཟུགས་མེད་པ་གསུམ་རྣམས་ལའོ། །སློབ་པ་དྲུག་ལ། གཟུགས་མེད་པ་མ་གཏོགས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །དབང་པོ་རྣམས་འཕོ་བ་ན་དབང་པོ་རྟུལ་པོ་ལམ་གྱི་འབྲས་བུ་

དང་། འབྲས་བུ་ཁྱད་པར་ཅན་བཏང་སྟེ། དབང་པོ་རྣོན་པོའི་རིགས་ཀྱི་འབྲས་བུ་ཉིད་ཐོབ་པ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པས་བསྡུས་པ་ནི་མེད་དེ། དེ་ནི་གཏན་ཚིགས་ཡིན་ནོ། །དགྲ་བཅོམ་པ་དེ་དག་ཐམས་ཅད་ནི་དབང་པོའི་བྱེ་བྲག་ལས་དགུར་འགྱུར་ཏེ། ཇི་ལྟར་ཞེ་ན། སངས་

རྒྱས་གཉིས་དང་ཉན་ཐོས་བདུན། །དགུ་པོ་དེ་དག་ཀྱང་། དབང་པོ་རྣམ་པ་དགུ་ཡིན་ནོ། །ཉན་ཐོས་བདུན་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང་། མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ། དབང་པོ་སྦྱངས་པ་ལས་གྱུར་པ་དང་། དང་པོ་ཉིད་ནས་དེའི་རིགས་ཅན་ནོ། །

སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཉིད་ཡིན་ཏེ། རང་སངས་རྒྱས་དང་སངས་རྒྱས་སོ། །དེ་ལྟར་ན་དེ་དག་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་དབང་པོའི་རྣམ་པ་དགུར་དབྱེ་བ་ལས་གང་ཟག་དགུར་འགྱུར་རོ། །འཕགས་པའི་གང་ཟག་ཐམས་ཅད་ནི་བདུན་དུ་འགྱུར་ཏེ། དད་པས་རྗེས་སུ་འབྲང་བ་

དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །དེ་དག་ཀྱང་། རབ་སྦྱོར་དབང་པོ་སྙོམས་འཇུག་དང་། །རྣམ་གྲོལ་གཉི་ག་ལས་བྱས་

རྣམས། །གང་ཟག་བདུན་ཏེ། རབ་ཏུ་སྦྱོར་བ་ལས་ནི་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དག་སྟེ། སྔོན་གཞན་གྱི་རྐྱེན་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་གཉིས་ཀྱིས་དོན་རྣམས་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །དབང་པོ་ལས་ནི་དད་པས་མོས་པ་དང་། མཐོང་བས་ཐོབ་

เล่ม ๑๔๑ · หน้า 234b

པ་དག་སྟེ། དད་པས་མོས་པ་དང་། ཤེས་རབ་ལྷག་མའི་སྒོ་ནས་དབང་པོ་རྟུལ་པོ་དང་རྣོན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱིས་མངོན་དུ་བྱེད་པ་སྟེ། འགོག་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་

བའོ། །སྙོམས་པར་འཇུག་པའི་རྣམ་པར་གྲོལ་བ་ལས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །མིང་གི་སྒོ་ནས་ནི་གང་ཟག་དེ་བདུན་ཡིན་ནོ། །དེ་དག་དྲུག །རྫས་ཀྱི་སྒོ་ནས་ནི་དེ་དག་དྲུག་ཏུ་འགྱུར་ཏེ། གང་གི་ཕྱིར་ལམ་ལ་གཉིས་སོ། །མཐོང་བའི་ལམ་ལ་ནི་གཉིས་ཏེ། དད་པས་རྗེས་སུ་

འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བའོ། །དེ་དག་ཉིད་བསྒོམ་པའི་ལམ་ལ་གཉིས་སུ་འགྱུར་ཏེ། དད་པས་མོས་པ་དང་། མཐོང་བས་ཐོབ་པའོ། །དེ་གཉིས་ཀྱང་མི་སློབ་པའི་ལམ་ལ་གཉིས་སུ་འགྱུར་ཏེ། དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བས་རྣམ་པར་གྲོལ་བའོ། །

གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ནི་ཅི། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ནི་ཅི་ཞེ་ན། འགོག་པ་ཐོབ་པ་གཉི་ག་ལས། །རྣམ་པར་གྲོལ་བ་ཤེས་རབ་གཞན་ཡིན་ནོ། །གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ནི་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ཀྱི་སྟོབས་ཀྱིས་

ཉོན་མོངས་པ་དང་རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །གཞན་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བའི་ཕྱིར་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།

འདི་ལ་གང་ཞིག་ཉོན་མོངས་པ་སྤངས་ཏེ། མི་འཕྲོགས་ཆོས་དང་སློབ་པ་ཡོངས་སུ་རྫོགས། །ཞེས་གསུངས་པ་ལྟ་བུའོ། །ཇི་ཙམ་གྱིས་ཡོངས་སུ་རྫོགས་པའི་སློབ་པ་ཡིན་ཞེ་ན། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། །རྫོགས་པའི་སློབ་པ་ཞེས་བྱའོ། །རྣམ་པ་གསུམ་གྱིས་ན། ཡོངས་

སུ་རྫོགས་པའི་སློབ་པ་ཡིན་ཏེ། སྙོམས་པར་འཇུག་པ་ལས་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའོ། །དབང་པོ་ལས་ནི་མཐོང་བས་ཐོབ། །འབྲས་བུ་ལས་ནི་ཕྱིར་མི་འོང་བ་སྟེ། དེ་ལྟར་ན་ཡོངས་སུ་རྫོགས་པའི་སློབ་པ་ཡིན་ནོ། །དེ་ལ་འབྲས་བུ་འབའ་ཞིག་ལས་ནི་ཕྱིར་མི་འོང་བ་དང་

เล่ม ๑๔๑ · หน้า 235a

དད་པས་མོས་པ་ལུས་ཀྱིས་མངོན་དུ་མི་བྱེད་པའོ། །དབང་པོ་འབའ་ཞིག་ལས་ནི་མཐོང་བས་ཐོབ་པ་འདོད་ཆགས་དང་བྲལ་བའོ། །འབྲས་བུ་དང་དབང་པོ་ལས་ནི་ཕྱིར་མི་འོང་བ་མཐོང་བས་ཐོབ་པ་ལུས་ཀྱིས་མངོན་དུ་བྱེད་པའོ། །དེ་འབྲས་བུ་དང་སྙོམས་པར་འཇུག་པ་ལས་ནི་དད་

པས་མོས་པ་ལུས་ཀྱིས་མངོན་དུ་བྱེད་པའོ། །འབྲས་བུ་དང་དབང་པོ་དང་སྙོམས་པར་འཇུག་པ་ལས་ནི་མཐོང་བས་ཐོབ་པ་ལུས་ཀྱིས་མངོན་དུ་བྱེད་པའོ། །སྙོམས་པར་འཇུག་པ་འབའ་ཞིག་དང་སྙོམས་པར་འཇུག་པ་དང་དབང་པོ་ལས་ནི་ཡོངས་སུ་རྫོགས་པ་ཉིད་མེད་དོ། །གཉིས་ཀྱིས་མི་སློབ་ཡོངས་སུ་

རྫོགས། །དབང་པོ་དང་སྙོམས་པར་འཇུག་པ་ལས་སོ། །འབྲས་བུ་ཡོངས་སུ་རྫོགས་པའི་མི་སློབ་པ་ཉིད་ནི་མེད་པས་འདིའི་འབྲས་བུ་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པ་ཉིད་དུ་རྣམ་པར་མ་བཞག་གོ། །དབང་པོ་འབའ་ཞིག་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་

གྲོལ་བའོ། །སྙོམས་པར་འཇུག་པ་འབའ་ཞིག་ལས་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་ཀྱིས་རྣམ་པར་གྲོལ་བའོ། །དབང་པོ་དང་སྙོམས་པར་འཇུག་པ་གཉི་ག་ལས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་

དང་མཐོང་བ་དང་བསྒོམ་པ་དང་། མི་སློབ་པའི་ལམ་རྣམས་དང་། སྦྱོར་བ་དང་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་ཞེས་བྱ་བ་ལ། ལམ་གྱི་བྱེ་བྲག་མང་པོ་བཤད་པ་དེ་དག་མདོར་བསྡུ་ན་ལམ་རྣམ་པ་དུ་ཞིག་ཡིན་ཞེ་ན། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་

གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །སྦྱོར་བའི་ལམ་ནི་གང་ལས་བར་ཆད་མེད་པའི་ལམ་སྐྱེའོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་སྤོང་བར་བྱེད་པའོ། །རྣམ་པར་གྲོལ་བའི་ལམ་ནི་དེས་སྒྲིབ་པ་སྤངས་པ་ལས་དང་པོ་ཉིད་དུ་ངེས་པར་གྲོལ་བ་སྐྱེ་བ་གང་ཡིན་པའོ། །ཁྱད་པར་ཅན་གྱི་

ལམ་ནི་དེ་ལས་གཞན་པའི་ལམ་གང་ཡིན་པའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། དེས་དེར་འགྲོ་བའི་ཕྱིར་རམ་དེས་མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་ན། དེ་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །རྣམ་པར་གྲོལ་བ་དང་ཁྱད་པར་དུ་འགྲོ་བའི་ལམ་གཉིས་ཇི་ལྟར་ན་ལམ་ཡིན་ཞེ་ན། དེའི་

เล่ม ๑๔๑ · หน้า 235b

རིགས་ཅན་ཡིན་པའམ། ཆེས་ཆེ་བ་ཡིན་པའམ། གོང་ནས་གོང་དུ་ཕྱིན་པར་བྱེད་པའམ། ཕུང་པོ་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ། །ལམ་ནི་མྱ་ངན་ལས་འདས་པ་བསྒྲུབ་པའི་ཕྱིར་སྒྲུབ་པ་ཞེས་ཀྱང་བྱ་སྟེ། སྒྲུབ་པ་ནི་རྣམ་པ་བཞིའོ། །མངོན་པར་ཤེས་པ་བུལ་བ་སྒྲུབ་པ་དཀའ་བ་ཡང་ཡོད།

མངོན་པར་ཤེས་པ་མྱུར་བ་སྒྲུབ་པ་དཀའ་བ་ཡང་ཡོད། དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ། །དེ་ལ། བསམ་གཏན་དག་ལ་ལམ་སྒྲུབ་སླ། །བསམ་གཏན་བཞི་དག་ན་ནི་ཡན་ལག་ཡོངས་སུ་འདུས་པ་དང་། ཞི་གནས་དང་ལྷག་མཐོང་མཉམ་པ་དང་། འབད་མི་དགོས་པས་འཇུག་པའི་ཕྱིར་ལམ་སྒྲུབ་

པར་སླ་བའི་ཕྱིར་རོ། །ས་གཞན་དག་ན་དཀའ་བ་ཡིན། །གཞན་མི་ལྕོགས་པ་མེད་པ་དང་། །བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པ་དག་ན་ནི་ཡན་ལག་ཡོངས་སུ་མ་འདུས་པ་དང་། ཞི་གནས་དང་ལྷག་མཐོང་ཆུང་ངུ་དང་། འབད་པས་འཇུག་པའི་ཕྱིར་རམ་སྒྲུབ་དཀའ་བ་ཡིན་ཏེ། མི་

ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དག་ན་ནི་ཞི་གནས་ཆུང་ངོ་། །གཟུགས་མེད་པ་ན་ནི་ལྷག་མཐོང་ཆུང་ངོ་། །སྒྲུབ་པ་དེ་ཡང་རྣམ་པ་གཉིས་ཏེ། བློ་ཆུང་མངོན་ཤེས་བུལ་བ་སྟེ། །གཞན་ནི་མངོན་པར་ཤེས་པ་མྱུར། །དབང་པོ་རྟུལ་པོ་ནི་སྒྲུབ་སླའམ་དཀའ་ཡང་རུང་སྟེ།

མངོན་པར་ཤེས་པ་བུལ་བ་ཡིན་ནོ། །དབང་པོ་རྣོན་པོ་ནི་སྒྲུབ་པ་སླ་བའམ་དཀའ་ཡང་རུང་སྟེ། མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །སྒྲུབ་པ་འདིའི་མངོན་པར་ཤེས་པ་བུལ་བས་དེ་མངོན་པར་ཤེས་པ་བུལ་བ་སྟེ། མངོན་པར་ཤེས་པ་མྱུར་བའང་དེ་བཞིན་དུའམ། དེ་གང་ཟག་རྟུལ་བ་ཡིན་པས་ན་

མངོན་པར་ཤེས་པ་བུལ་བའོ། །ཡིད་རྣོ་བ་ཡིན་པས་ན་མངོན་པར་ཤེས་པ་མྱུར་བའོ། །ཡང་ལམ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་བའི་མིང་ཐོབ་སྟེ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་

དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ། ཟད་དང་མི་སྐྱེ་ཡེ་ཤེས་ནི། །བྱང་ཆུབ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི། གང་ཟག་གི་བྱེ་བྲག་གིས་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་

เล่ม ๑๔๑ · หน้า 236a

དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། བྱང་ཆུབ་རྣམ་པ་གསུམ་ཞེས་བྱ་སྟེ། དེ་གཉིས་ཀྱིས་མ་རིག་པ་མ་ལུས་པར་སྤངས་པ་དང་། རང་གི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བྱས་པ་དང་། ཡང་བྱ་བ་མེད་པར་རྟོགས་པའི་ཕྱིར་རོ། །དེ་དང་མཐུན་པའི་

ཕྱིར། སུམ་ཅུ་རྩ་བདུན་དེ་ཡི་ཕྱོགས། །བྱང་ཆུབ་ཀྱི་རྗེས་སུ་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཞེས་བྱའོ། །མིང་གི་སྒོ་ནས་རྫས་ལ་བཅུ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་རྫས་བཅུ་སྟེ། བཅུ་གང་ཞེ་ན། དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་དགའ་

བཏང་སྙོམས། །ཤིན་ཏུ་སྦྱངས་ཚུལ་ཡང་དག་རྫོགས། །དེ་ལྟར་ན་དེ་དག་ནི་རྫས་བཅུའོ། །ཇི་ལྟར་ཞེ་ན། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་

གྱི་རྐང་པ་རྣམས་ནི། ཤེས་རབ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ནོ། །དེའི་ཕྱིར་རེ་ཞིག་དབང་པོ་དང་སྟོབས་རྣམས་ནི་མིང་སྨོས་པས། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྫས་ལྔ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་

དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཉིད་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཉིད་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།

ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ཡང་དག་པའི་ཏིང་ངེ་འཛིན་ཉིད་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་པའི་དྲན་པ་ནི་དྲན་པ་ཉིད་ཡིན་ནོ། །ཅི་ཞིག་ལུས་ཤེ་ན། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ཡང་དག་

བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ཡང་དག་པའི་རྟོག་པ་དག་དང་། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་དང་། རྫས་དེ་ལྔ་སྟེ། དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་དེ་དག་ནི་རྫས་བཅུར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ནི་ལུས་དང་ངག་གི་ལས་གཉིས་ཐ་དད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྫས་

เล่ม ๑๔๑ · หน้า 236b

གཉིས་ཡིན་པས་བཅུ་གཅིག་གོ་ཞེས་ཟེར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ནི་འདིར། གཙོ་བོ་སྨོས་ཀྱི་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཐམས་ཅད་ཡིན་པར་རིག་པར་བྱ་སྟེ། གཙོ་བོ་སྨོས་པས་དེ་

སྐད་བཤད་པ་ཡིན་གྱི། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཀྱང་ཡིན་ནོ། །གནས་སྐབས་གང་དག་ཏུ་བྱང་ཆུབ་ཀྱི་ཕྱོགས་རྣམས་རབ་ཏུ་སྐྱེ་ཞེ་ན། སྡེ་ཚན་བདུན་ནི་རིམ་བཞིན་དུ། །ལས་ནི་དང་པོ་

པ་དག་དང་། །ངེས་པར་འབྱེད་པའི་ཆ་མཐུན་དང་། །མཐོང་དང་བསྒོམ་ལ་རབ་ཏུ་སྐྱེད། །ལས་དང་པོ་པའི་གནས་སྐབས་དག་ལ་ནི་ཕུང་པོ་ལ་སོགས་པ་ལ་ཉེ་བར་བརྟགས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་རབ་ཏུ་སྐྱེད་དོ། །ཁྱད་པར་ཐོབ་པས་བརྩོན་འགྲུས་ཡང་དག་པར་སྤེལ་བའི་ཕྱིར་དྲོ་བར་གྱུར་

པ་དག་ལ་ནི་ཡང་དག་པར་སྤོང་བ་རྣམས་རབ་ཏུ་སྐྱེད་དོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ན་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་རབ་ཏུ་སྐྱེད་དོ། །ཡང་ཉམས་པར་མི་འགྱུར་བའི་སྒོ་ནས། དབང་བྱེད་པ་ཐོབ་པའི་ཕྱིར་བཟོད་པ་དག་ལ་ནི་དབང་པོ་རྣམས་རབ་ཏུ་སྐྱེད་

དོ། །ཉོན་མོངས་པས་མི་བརྫི་བའམ་འཇིག་རྟེན་པའི་ཆོས་གཞན་གྱིས་མི་བརྟུལ་བའི་ཕྱིར། བཟོད་པ་དག་ལ་ནི་སྟོབས་རྣམས་རབ་ཏུ་སྐྱེད་དོ། །བྱང་ཆུབ་དང་ཉེ་བའི་ཕྱིར། བསྒོམ་པའི་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་རབ་ཏུ་སྐྱེད་དོ། །འགྲོ་བས་རབ་ཏུ་ཕྱེ་བའི་

ཕྱིར་མཐོང་བའི་ལམ་ལ་ནི་ལམ་གྱི་ཡན་ལག་རྣམས་རབ་ཏུ་སྐྱེད་དེ། དེ་ནི་མྱུར་བར་འགྲོ་བ་ཡིན་པའི་ཕྱིར་རོ། །གྲངས་དང་མཐུན་པར་བྱ་བའི་ཕྱིར་སྔར་བདུན་བཤད་ལ་ཕྱིས་བརྒྱད་བཤད་པར་གོ་རིམས་གྲུབ་བོ། །ད་ནི་བྱང་ཆུབ་ཀྱི་ཕྱོགས་དུ་ཞིག་ནི་ཟག་པ་དང་བཅས་པ་ཡིན། དུ་ཞིག་ནི་ཟག་པ་མེད་པ་

ཡིན་ཞེས་བྱ་བ་ནི་བརྗོད་པར་བྱ་སྟེ། བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད། དེ་གཉིས་ནི་བསྒོམ་པ་དང་མཐོང་བའི་ལམ་ལ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་ལ་ཡང་ཡང་དག་པའི་ལྟ་བ་ཡོད་མོད་ཀྱི་དེ་དག་ནི་འཕགས་པའི་ལམ་ཞེས་བྱ་བའི་མིང་མི་འཐོབ་བོ། །

เล่ม ๑๔๑ · หน้า 237a

གཞན་རྣམ་གཉིས་སོ། །བྱང་ཆུབ་ཀྱི་ཕྱོགས་གཞན་དག་ནི་ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཡང་ཡིན་ནོ། །ས་གང་དག་ཅིག་ན་བྱང་ཆུབ་ཀྱི་ཕྱོགས་དུ་དག་ཅིག་ཡོད་ཅེ་ན། ཐམས་ཅད་བསམ་གཏན་དང་པོ་ན། །བསམ་གཏན་དང་པོ་ན་ནི་སུམ་ཅུ་རྩ་བདུན་ཐམས་

ཅད་ཡོད་དོ། །མི་ལྕོགས་མེད་ན་དགའ་མ་གཏོགས། །ཅིའི་ཕྱིར་མི་ལྕོགས་པ་མེད་པ་ན་དགའ་བ་མེད་ཅེ་ན། ཉེར་བསྡོགས་རྣམས་ནི་འཇུག་པ་སྟོབས་ཀྱིས་དྲང་དགོས་པ་དང་། ས་འོག་མ་པའི་དགོས་པ་དང་བཅས་པའི་ཕྱིར་རོ། །ཡང་དག་རྟོག་མ་གཏོགས་གཉིས་པ། །བསམ་གཏན་

གཉིས་པ་ན་ནི་ཡང་དག་པའི་རྟོག་པ་མ་གཏོགས་པ་སུམ་ཅུ་རྩ་དྲུག་ཁོ་ན་སྟེ། དེ་ན་རྟོག་པ་མེད་པའི་ཕྱིར་རོ། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་གསུམ་དང་བཞི་པ་དག་ན་ནི་དགའ་བ་དང་ཡང་དག་པའི་རྟོག་པ་གཉིས་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཁོ་ནའོ། །བསམ་གཏན་བར་

མ་ནའང་། དེ་གཉིས་ཉིད་མ་གཏོགས་པ་སུམ་ཅུ་རྩ་ལྔའོ། །གཟུགས་མེད་པ། གསུམ་ན་དེ་དང་མཚུངས་ཡན་ལག །མ་གཏོགས་པ་ཞེས་བྱ་བར་སྦྱར་ཏེ། །གཟུགས་མེད་པ་དག་ན་ནི། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། འཚོ་བ་དང་། དགའ་བ་དང་། ཡང་

དག་པའི་རྟོག་པ་གཉིས་མ་གཏོགས་པ་སུམ་ཅུ་རྩ་གཉིས་སོ། །བྱང་ཆུབ་ཡན་ལག་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །བྱང་ཆུབ་ཀྱི་ཕྱོགས་ཉི་ཤུ་རྩ་གཉིས་ཏེ། །དེ་གཉིས་ན་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་གནས་པ་ན།

གནས་སྐབས་གང་དག་ཏུ་ཤེས་ནས་དད་པ་ཐོབ་པར་རིག་པར་བྱ་ཞེ་ན། བདེན་པ་གསུམ་མཐོང་ཚུལ་ཁྲིམས་དང་། །ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་། །སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པའི་བདེན་པ་རྣམས་

མངོན་པར་རྟོགས་ན། ཆོས་ལ་ཞེན་ནས་དད་པ་དང་། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་བོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན་སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་ལས་ཤེས་ནས་དད་པ་འཐོབ་སྟེ། དེ་དག་གི་དད་པ་གང་ཡིན་པ་དེ་ནི་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་

เล่ม ๑๔๑ · หน้า 237b

ཆོས་དང་། སློབ་པ་དང་མི་སློབ་པའི་དགེ་འདུན་དུ་བྱེད་པའི་ཆོས་དག་ལས་དད་པ་རྙེད་པ་ཡིན་ནོ། །ཡང་གི་སྒྲས་ནི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་གཉིས་ཀྱང་འཐོབ་བོ། །འདིར་ཆོས་ཞེས་བྱ་བ་དེ་དག་གང་ལས་དགོངས་ཤེ་ན། ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་

སེམས་དཔའི་ལམ་ཡིན་ནོ། །དེའི་ཕྱིར་བདེན་པ་བཞི་ཆར་མངོན་པར་རྟོགས་པ་ལ་ཡང་ཆོས་ལ་ཤེས་ནས་དད་པ་རྙེད་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་དད་པའི་གཞིའི་བྱེ་བྲག་ལས་མིང་གི་སྒོ་ནས་ཤེས་ནས་དད་པ་བཞི་ཞེས་བྱའོ། །རྫས་ཀྱི་སྒོ་ནས་གཉིས་ཡིན་ཏེ། དད་དང་ཚུལ་ཁྲིམས་དང་། ཆོས་དང་དགེ་

འདུན་ལ་ཤེས་ནས་དད་པ་རྣམས་ནི་དད་པའི་རང་བཞིན་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ནི་ཚུལ་ཁྲིམས་ཡིན་པས་ན་རྫས་གཉིས་སོ། །ཅི་དེ་དག་ཟག་པ་དང་བཅས་པ་ཞིག་ཡིན་ནམ། ཟག་པ་མེད་པ་ཞིག་ཡིན་ཞེ་ན། རེ་ཞིག་ཤེས་ནས་དད་པ་རྣམས་ནི་གཅིག་ཏུ།

དྲི་མ་མེད། ཤེས་ནས་དད་པ་ཞེས་བྱ་བའི་དོན་ཅི་ཞེ་ན། བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་ཡིད་ཆེས་པ་ནི་ཤེས་ནས་དད་པ་ཡིན་ཏེ། དེ་དག་གི་རིམ་པ་ནི་ལངས་ནས་ཇི་ལྟར་མངོན་སུམ་དུ་བྱེད་པ་དེ་བཞིན་དུ་བཀོད་དོ། །ལངས་ནས་ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན། ཀྱེ་

མའོ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་སྙམ་སྟེ། སྨན་པ་དང་སྨན་དང་། ནད་གཡོག་ལྟ་བུར་གྱུར་པའི་ཕྱིར་རོ། །སེམས་དང་བར་གྱུར་ན་

ཚུལ་ཁྲིམས་རབ་ཏུ་དང་བ་ཡིན་པའམ། དེ་ནི་དེ་ལྟར་དད་པར་གྱུར་པའི་སྒྲུབ་པ་ཡིན་པའམ། ནད་མེད་པ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་ཏེ། དེ་བས་ན་ཐ་མར་བཞི་པར་བཤད་པའམ། སྟོན་པར་བྱ་བ་དང་། ལམ་དང་། ལམ་གྲོགས་དང་། བཞོན་པ་ལྟ་བུ་ཡིན་པའི་ཕྱིར་རོ། །མདོ་ལས་

སློབ་པ་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ་ཞེས་གསུངས་པ། ཅིའི་ཕྱིར་སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་མ་བཤད་ཅེ་ན། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་པར་གྲོལ་མ་བཤད། སློབ་པ་ནི་ཉོན་མོངས་པའི་

เล่ม ๑๔๑ · หน้า 238a

བཅིང་བ་ལས་ད་དུང་མ་གྲོལ་བའི་ཕྱིར་བཅིངས་པ་ཡིན་ནོ། །དེ་ལྟར་ན་བཅིངས་བཞིན་དུ་རྣམ་པར་གྲོལ་བར་རྣམ་པར་གཞག་ཅེ་ན། བཅིངས་པའི་ཕྱོགས་གཅིག་ལས་གྲོལ་བ་ལ་རྣམ་པར་གྲོལ་བ་ཞེས་མི་བྱའོ། །རྣམ་པར་མ་གྲོལ་བས་ཇི་ལྟར་ན་རྣམ་པར་གྲོལ་བའི་ཡེ་ཤེས་སུ་རྣམ་

པར་གཞག །མི་སློབ་པ་ནི་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་ཤིན་ཏུ་ངེས་པར་གྲོལ་བ་དང་། དེའི་བདག་ཉིད་ཀྱི་ཡེ་ཤེས་དག་གིས་རབ་ཏུ་ཕྱེ་བ་ཡིན་པས། ཚིག་དེ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །རྣམ་པར་གྲོལ་བ་ཞེས་བྱ་བ་འདི་ཅི་ཞེ་ན། འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ།

ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས། ཉོན་མོངས་པ་སྤངས་པ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ཡིན་ནོ། །མི་སློབ་པའི་མོས་པ་ནི་རྣམ་པར་གྲོལ་བའི་འདུས་བྱས་ཡིན་ནོ། །ཡན་ལག་ནི་དེ་ཡིན། རྣམ་པར་གྲོལ་བ་འདུས་བྱས་དེ་ནི་མི་སློབ་པའི་ཡན་ལག་ཡིན་པར་བཤད་དེ།

ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་གྲོལ་གཉིས། རྣམ་པར་གྲོལ་བ་འདུས་བྱས་དེ་ཉིད། མདོ་ལས་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཞེས་གསུངས་པའི་རྣམ་པར་གྲོལ་བ་གཉིས་ཡིན་ལ། དེ་ཉིད་རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་

ལྟའོ། །ཡང་དག་པའི་རྣམ་པར་གྲོལ་བ་བཤད་ཟིན་ཏོ། །ཡང་དག་པའི་ལྟ་བ་ལ་མ་གཏོགས་པའི་ཡང་དག་པའི་ཡེ་ཤེས་གང་ཞེ་ན། ཇི་སྐད་བྱང་ཆུབ་བཤད་ཡེ་ཤེས། །སྔར་བྱང་ཆུབ་ཏུ་བཤད་པ་འདི་ལྟ་སྟེ། ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་གང་ཡིན་པ་དེ་ཉིད་འདིར་ཡེ་ཤེས་སུ་རིག་པར་

བྱའོ། །འདས་པའམ་མ་འོངས་པའམ་ད་ལྟར་འབྱུང་བའི་སེམས་གང་ཞིག་རྣམ་པར་གྲོལ་བར་འགྱུར་ཞེ་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་གྲོལ་བར་འགྱུར། །བསྟན་བཅོས་ལས་མི་སློབ་པའི་སེམས་མ་འོངས་པར་སྐྱེ་བར་འགྱུར་བའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་

ཞེས་འབྱུང་ངོ་། །དེའི་སྒྲིབ་པ་ཡང་གང་ཞེ་ན། དེ་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་ཉོན་མོངས་པའི་ཐོབ་པ་ཡིན་ཏེ། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བར་འགྱུར་ལ། དེ་ནི་མི་སློབ་པའི་སེམས་སྐྱེ་བར་འགྱུར་བ་དེ་ཡང་རྣམ་པར་གྲོལ་བར་འགྱུར་རོ། །དེ་སྤངས་ནས་ནི་མི་སློབ་པའི་སེམས་དེ་ཡང་

เล่ม ๑๔๑ · หน้า 238b

སྐྱེས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །སྐྱེ་བར་འགྱུར་བ་མ་ཡིན་པ་དང་། འཇིག་རྟེན་པའི་སེམས་གང་ཡིན་པ་དེ་ཡང་རྣམ་པར་གྲོལ་བར་ནི་འགྱུར་མོད་ཀྱི། ངེས་པར་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཉིད་བཤད་དོ། །གང་ལས་འཇིག་རྟེན་པའི་སེམས་རྣམ་པར་གྲོལ་བར་འགྱུར་ཞེ་ན། སྐྱེ་བའི་སྒྲིབ་པ་དེ་ཉིད་ལས་

སོ། །རྣམ་པར་གྲོལ་བ་ལ་ཡང་འཇིག་རྟེན་པ་སྐྱེ་བ་མ་ཡིན་ནམ་ཞེ་ན། དེ་ནི་དེ་དང་མི་འདྲའོ། །ཅི་འདྲ་བ་ཞིག་ཡིན་ཞེ་ན། དེ་ནི་ཉོན་མོངས་པའི་རྙེད་པ་དང་བཅས་པ་ཡིན་ནོ། །གནས་སྐབས་གང་དག་ཏུ་དེ་སྐྱེ་བའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །

དེ་ལྟར་གྱི་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་དང་། ཁམས་གསུམ་པོ་སྤོང་བའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ཞེས་བྱ་བ་གང་ཡིན་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུས་མ་བྱས་ཉིད་ཁམས་ཞེས་བྱ། །

རྣམ་པར་གྲོལ་བ་འདུས་མ་བྱས་དེ་ཉིད་ཁམས་གསུམ་ཡིན་ནོ། །དེ་ལ་ཡང་། འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །འདོད་ཆགས་ཀྱི་སྤོང་བ་ནི་འདོད་ཆགས་དང་བྲལ་བའི་ཁམས་ཡིན་ནོ། །སྤོང་བའི་ཁམས་ནི་གཞན་དག་གི། ཡང་དག་པར་ཟད་པ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་

ལས་གཞན་པའི་ཉོན་མོངས་པ་རྣམས་ཀྱི་སྤོང་བ་ནི་སྤོང་བའི་ཁམས་ཡིན་ནོ། །འགོག་ཁམས་ཞེས་བྱ་བ་བཞི་རྣམས་ཀྱི། ཡང་དག་པར་ཟད་པ་ཞེས་བྱ་བར་སྦྱར་ཏེ། ཉོན་མོངས་པ་ལ་མ་གཏོགས་པ་བཞི་རྣམས་ཀྱི་སྤོང་བ་ནི་འགོག་པའི་ཁམས་ཡིན་ནོ། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་

བའི་དངོས་པོ་དེས་འདོད་ཆགས་དང་བྲལ་བར་འགྱུར་རམ་ཞེ་ན། མུ་བཞི་སྟེ། ཇི་ལྟར་ཞེ་ན། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་། སྡུག་བསྔལ་དང་རྒྱུ་ལ་བཟོད་པ་དང་། ཤེས་པ་ཉིད་ཀྱིས་ཡིད་འབྱུང་བར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ནོ། །གང་གིས་སྤོང་འགྱུར་བ།

ཀུན་གྱི་འདོད་ཆགས་བྲལ་བར་འགྱུར། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ། བཟོད་པ་དང་ཤེས་པ་གང་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་བ་ཐམས་ཅད་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལྟར་མུ་བཞི་པར་འགྲུབ་སྟེ། ཡིད་

เล่ม ๑๔๑ · หน้า 239a

འབྱུང་བ་ཉིད་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ཉོན་མོངས་མི་སྤོང་བ་སྟེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །འདོད་ཆགས་དང་མ་བྲལ་བ་ཉིད་ནི་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་སྤོང་བ་སྟེ།

མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཉི་ག་ནི་སྔ་མ་དག་གིས་ཉོན་མོངས་པ་སྤོང་བའོ། །གཉི་ག་མ་ཡིན་པ་ནི་ཕྱི་མ་དག་གིས་ཉོན་མོངས་པ་སྤོང་བའོ། །དེ་ལ་འདོད་ཆགས་དང་བྲལ་བ་ཞིག་བདེན་པ་རྣམས་ལ་ལྟ་བ་ན། ཆོས་ཤེས་པ་དང་བཟོད་པ་དག་གིས་ཉོན་མོངས་པ་མི་

སྤང་ངོ་། །ཡེ་ཤེས་རྣམས་ཀྱིས་ནི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་དག་གིས་མི་སྤོང་ངོ་། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པའོ།། །།བཟོད་པ་རྣམས་ཞེས་ཀྱང་འབྱུང་

ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཡེ་ཤེས་ཞེས་ཀྱང་འབྱུང་ན། ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ་ཡང་དག་པའི་ཡེ་ཤེས་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེ་ན། དྲི་མེད་བཟོད་རྣམས་ཤེས་པ་མིན། །དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་

སྤངས་པའི་ཕྱིར་རོ། །དེ་དག་ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ལྟ་བ་ནི་མ་ཡིན་ནོ། །ཇི་ལྟར་བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་མ་ཡིན་པ་དེ་བཞིན་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཀྱང་ཡང་དག་པར་རྟོག་པ་མ་ཡིན་པ་དང་།

ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མ་ཡིན་ནོ། །དེ་ལས་གཞན་འཕགས་བློ་གཉི་ག །བཟོད་པ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་དག་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་ནི་ལྟ་བ་ཡང་ཡིན་ཡེ་ཤེས་ཀྱང་ཡིན་ནོ། །གཞན་ནི་ཤེས་པ། འཇིག་རྟེན་པའི་ཤེས་རབ་

ཐམས་ཅད་ནི་ཤེས་པ་ཁོ་ན་ཡིན་ནོ། །ལྟ་བ་དྲུག །ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། འཇིག་རྟེན་པའི་ཤེས་རབ་རྣམ་པ་དྲུག་ནི་ལྟ་བ་ཡིན་གྱི་གཞན་ནི་ལྟ་བ་མ་ཡིན་ནོ། །ཤེས་པ་ནི་དེ་དང་གཞན་དག་ཀྱང་ཡིན་ནོ། །ཇི་སྙེད་ཅིག་གིས་ཤེས་པ་ཐམས་ཅད་བསྡུས་ཤེ་ན།

เล่ม ๑๔๑ · หน้า 239b

ཤེས་པ་བཅུས་བསྡུས་སོ། །མདོར་བསྡུ་ན་ནི། ཤེས་པ་ཟག་བཅས་ཟག་མེད་ནི། །དེ་གཉིས་ཀྱང་། དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི། ཕལ་ཆེར་བུམ་པ་དང་སྣམ་བུ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་ཀུན་རྫོབ་ལ་འཛིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡིན་ནོ། །

ཟག་མེད་རྣམས་ནི་གཉིས་ཆོས་དང་། རྗེས་སུ་ཤེས་པ་ཉིད་ཡིན་ནོ། །ཟག་པ་མེད་པའི་ཤེས་པ་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་རྣམ་པ་གཉིས་སུ་དབྱེའོ། །ཤེས་པ་དེ་གཉིས་ནི་གསུམ་དུ་འགྱུར་ཏེ། ཀུན་རྫོབ་ཀྱི་ཤེས་པ་དང་། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཡུལ་ནི་

ཐམས་ཅད་དོ། །ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཇི་ལྟར་སྲིད་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ནོ། །ཆོས་ཤེས་པའི་སྤྱོད་ཡུལ་ནི། འདོད་སྡུག་བསྔལ་ལ་སོགས། ཆོས་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་དང་། འགོག་པ་

དང་ལམ་རྣམས་ཡིན་ནོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། རྗེས་སུ་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་ནོ། །དེ་དག་ཉིད་བདེན་བྱེ་བྲག་གིས། །བཞི་སྟེ། ཆོས་ཤེས་པ་

དང་རྗེས་སུ་ཤེས་པ་དེ་དག་ཉིད་བདེན་པའི་བྱེ་བྲག་གིས། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་དང་། ཤེས་པ་བཞིར་འགྱུར་ཏེ། དེ་དག་ལ་དམིགས་པའི་ཕྱིར་རོ། །དེ་དག་རྣམ་བཞི་ནི། མི་སྐྱེ་བ་དང་ཟད་ཡེ་ཤེས། །ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་བཞི་བཞི་པོ་དེ་དག་ནི་ལྟ་བའི་རང་

བཞིན་མ་ཡིན་པ་ནི་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་ཤེས་ཞེས་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་པོ་སྐྱེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་པའི་རྩེ་མོའི་ཕུང་པོ་ལ་སྡུག་བསྔལ་བ་དང་ཀུན་འབྱུང་བའི་རྣམ་པར་དམིགས་པའི་ཕྱིར་རོ། །བཞི་

ལས་གཞན་གྱི་སེམས་རིག་པ། །རིག་པས་ན་རིག་པ་སྟེ་ཤེས་པའོ། །གཞན་གྱི་སེམས་ཤེས་པ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་། ལམ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་ཤེས་པ་བཞི་ལས་སྐྱེ་བར་བལྟའོ། །དེའི་ངེས་པ་ནི་འདི་ཡིན་ཏེ། དེ་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་

เล่ม ๑๔๑ · หน้า 240a

རིག་གོ། །ས་འདས་པ་ནི་བསམ་གཏན་གོང་མའི་ས་པས་བསམ་གཏན་གོང་མའི་ས་པ་མི་ཤེས་པའོ། །དབང་པོ་འདས་པ་ནི་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་གྱིས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པའོ། །གང་

ཟག་འདས་པ་ནི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་རང་སངས་རྒྱས་དང་། སངས་རྒྱས་རྣམས་འོག་མས་གོང་མ་མི་ཤེས་པའོ། །ཞིག་པ་དང་མ་སྐྱེས་པ་ནི་འདས་པ་དང་མ་འོངས་པ་མི་ཤེས་པ་སྟེ། ཡུལ་ད་ལྟར་ཡིན་པའི་ཕྱིར་རོ། །གཞན་ཡང་ཅི་ཞེ་ན། ཆོས་རྗེས་ཕྱོགས་བློ་ཕན་ཚུན་

མིན། ཆོས་ཤེས་པའི་ཕྱོགས་ཀྱི་སེམས་ནི་རྗེས་སུ་ཤེས་པས་མི་ཤེས་ལ་རྗེས་སུ་ཤེས་པའི་ཕྱོགས་ཀྱང་ཆོས་ཤེས་པས་མི་ཤེས་ཏེ། དེ་གཉིས་ནི་འདོད་པའི་ཁམས་དང་། ཁམས་གོང་མའི་གཉེན་པོ་ལ་དམིགས་པའི་ཕྱིར་ཕན་ཚུན་རྒྱབ་ཀྱིས་བལྟས་པ་ཡིན་ནོ། །མཐོང་བའི་ལམ་

ལ་གཞན་གྱི་སེམས་ཤེས་པ་མེད་དོ། །དེའི་དམིགས་པ་ནི་ཡོད་དེ། དེ་ལ་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ཤེས་པར་འདོད་པས་སྦྱོར་བ་བྱས་ན་དང་པོའི། མཐོང་བའི་སྐད་ཅིག་གཉིས་ཉན་ཐོས། །རིགས་སྟེ་བསེ་རུ་ལྟ་བུ་གསུམ། །སངས་རྒྱས་སྦྱོར་བ་མེད་པ་ཀུན། །ཉན་ཐོས་

ཀྱིས་ཕ་རོལ་གྱི་སེམས་ཤེས་པས་ནི་མཐོང་བའི་ལམ་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། སྐད་ཅིག་མ་གཉིས་ཤེས་སོ། །རྗེས་སུ་ཤེས་པའི་ཕྱོགས་ཀྱང་དམིགས་པ་ནི་སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བའི་ཕྱིར་ཇི་སྲིད་དུ་དེ་ལ་སྦྱོར་བ་རྩོམ་པ་དེ་སྲིད་དུ་

སེམས་བཅུ་དྲུག་རྗེས་སུ་འཐོབ་པར་འགྱུར་གྱི་བར་མ་དོར་ནི་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ནི་དང་པོའི་གཉིས་དང་བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། སྐད་ཅིག་མ་གསུམ་ཤེས་ཏེ་སྦྱོར་བ་ཆུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་དང་པོ་དང་གཉིས་པ་དང་བཅོ་ལྔ་པ་རྣམས་ཤེས་སོ་ཞེས་ཟེར་

རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མེད་པར་མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད་མཁྱེན་ཏོ། །ཡང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཟད་པའི་ཡེ་ཤེས་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་

เล่ม ๑๔๑ · หน้า 240b

འདོད་དོ། །ཟད་པའི་ཡེ་ཤེས་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་དང་། ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པ་དེའི་རྒྱུ་ལས་འབྱུང་བའི་ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་དང་། སྣང་བ་

དང་། མངོན་པར་རྟོགས་པ་གང་ཡིན་པ་སྟེ། དེ་ནི་ཟད་པའི་ཡེ་ཤེས་ཞེས་བྱའོ། །མི་སྐྱེ་བའི་ཡེ་ཤེས་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་ཡང་ཤེས་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ནས། བདག་གིས་ལམ་ཡོངས་སུ་བསྒོམས་པས་ཡོངས་སུ་སྒོམ་པར་བྱར་མེད་དོ་ཞེས་བྱ་བའི་བར་

དུ་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཞེས་བྱ་བ་བསྟན་བཅོས་ལས་རྒྱས་པར་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཟག་པ་མེད་པའི་ཤེས་པས་དེ་ལྟར་ཤེས་ཤེ་ན། ཁ་ཆེ་བ་རྣམས་ན་རེ་བསྟན་བཅོས་ལས་འདི་སྐད་དུ། ལངས་པའི་རྗེས་ལ་ཐོབ་པས་དེ་ལྟར་ཤེས་ཏེ། དེའི་ཕྱིར་དེའི་བྱེ་བྲག་གིས་དེ་གཉིས་ནི་ཁྱད་

པར་དུ་བསྟན་ཏོ་ཞེས་ཟེར་རོ། །དེ་ལྟར་ན་དེ་དག་ནི་ཤེས་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་།

ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། གཅིག་གི་ཆ་ཡིན་ནོ། །ཆོས་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་བདུན་གྱི་ཕྱོགས་ཡིན་ཏེ། རྗེས་སུ་ཤེས་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་ཤེས་པ་ནི་ཤེས་

པ་གཅིག་ཡིན་ལ། བཞིའི་ཕྱོགས་ཡིན་ཏེ། ཀུན་འབྱུང་དང་། འགོག་པ་ཤེས་པ་ཡང་དེ་དང་འདྲའོ། །ལམ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་ལྔའི་ཕྱོགས་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་གཅིག་ཡིན་ལ་བཞིའི་ཕྱོགས་ཡིན་ནོ། །ཟད་པ་ཤེས་པ་ནི་གཅིག་ཡིན་ལ་དྲུག་གི་

ཆ་ཡིན་ཏེ། མི་སྐྱེ་བ་ཤེས་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་དེ་དག་གསུམ་ཡོད་ལ་བཅུར་རྣམ་པར་གཞག་ཅེ་ན། རང་བཞིན་དང་ནི་གཉེན་པོ་དང་། །རྣམ་པ་རྣམས་དང་སྤྱོད་ཡུལ་དང་། །རབ་སྦྱོར་བྱ་བ་བྱས་ཉིད་དང་། །རྒྱུ་རྒྱས་པ་ལས་བཅུ་ཡིན་ཏེ། །རྒྱུ་བདུན་གྱིས་བཅུར་

เล่ม ๑๔๑ · หน้า 241a

རྣམ་པར་གཞག་གོ་ཞེས་གྲག་སྟེ། རང་བཞིན་ལས་ཀུན་རྫོབ་ཀྱི་ཤེས་པ་ཡིན་གྱི། དོན་དམ་པ་ཤེས་པ་ནི་མ་ཡིན་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་དང་རྗེས་སུ་ཤེས་པ་དག་ཡིན་ཏེ། འདོད་པའི་ཁམས་དང་། ཁམས་གོང་མའི་གཉེན་པོ་

ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ཡིན་ཏེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ལས་ནི་འགོག་པ་དང་ལམ་ཤེས་པ་དག་ཡིན་ཏེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །རབ་ཏུ་སྦྱོར་བ་ལས་ནི་ཕ་རོལ་གྱི་སེམས་ཤེས་པ་ཡིན་

ཏེ། དེས་ནི་ཕ་རོལ་གྱི་སེམས་ལས་བྱུང་བ་ཡང་མི་ཤེས་པ་མ་ཡིན་མདོ་ཀྱི། སེམས་ཤེས་པར་བྱ་བ་རབ་ཏུ་བརྩོན་པ་ལ་མངོན་པར་འགྲུབ་པའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །བྱ་བ་བྱས་པ་ལས་ནི་ཟད་པ་ཤེས་པ་ཡིན་ཏེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཁོ་ནར་སྐྱེ་བའི་ཕྱིར་རོ། །རྒྱུ་

རྒྱས་པ་ལས་ནི་མི་སྐྱེ་བའི་ཡེ་ཤེས་ཡིན་ཏེ། ཟག་པ་མེད་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱི་གཉེན་པོ་ཐམས་ཅད་ཡིན་པའི་ཕྱིར་ཆོས་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོར་བཤད་མོད་ཀྱི། གཞན་ཡང་། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་

ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འགོག་པ་དང་ལམ་ལ་ཆོས་ཤེས་པ་བསྒོམ་པའི་ལམ་གྱིས་བསྡུས་པ་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཐམས་ཅད་དུ་ཡང་འདོད་པའི་ཁམས་ཀྱི་གཉེན་

པོ་ནི་རྗེས་སུ་ཤེས་པ་མེད་དོ། །ཤེས་པ་བཅུ་པོ་དེ་དག་ལས། །ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག །དེ་དག་མདུན་ནས་བཤད་པར་བྱའོ། །ཀུན་རྫོབ་ཀྱི་དེ་བཞིན་གཞན་དུ་ཡང་། ཀུན་རྫོབ་ཤེས་པ་ནི་རྣམ་པ་བཅུ་དྲུག་ཀྱང་ཡིན་ལ། ཆོས་ཤེས་པ་ཐམས་ཅད་ཀྱི་

རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པ་ཡིན་པའི་ཕྱིར་རྣམ་པ་གཞན་དག་ཀྱང་ཡིན་ནོ། །བདེན་པའི་རང་རང་གི་ནི་རྣམ་པ་བཞི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་ནི་རང་རང་གི་རྣམ་པར་འཇུག་པ་ཡིན་པས། རེ་རེ་ཞིང་ཡང་རྣམ་པ་བཞི་བཞི་ཡིན་ནོ། །

เล่ม ๑๔๑ · หน้า 241b

དེ་བཞིན་གཞན་གྱི་སེམས་ཤེས་པ། །དྲི་མེད་གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་དེ་བཞིན་དུ་རང་གི་བདེན་པ་རྣམ་པ་བཞི་ཡིན་པའི་ཕྱིར་རྣམ་པ་བཞི་ཡིན་ཏེ། ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་མ་དང་བཅས་ནི། ཤེས་བྱའི་རང་གི་མཚན་ཉིད་རྣམས། གཞན་གྱི་སེམས་ཤེས་པ་

ཟག་པ་དང་བཅས་པ་ནི་རང་གི་མཚན་ཉིད་འཛིན་པ་ཡིན་པའི་ཕྱིར་རོ། །ཤེས་པར་བྱ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པར་གཅོད་དོ། །གཉི་ག་ཡང་། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །གང་གི་ཚེ་སེམས་འཛིན་པ་དེའི་ཚེ་སེམས་ལས་བྱུང་

བ་མི་འཛིན་པ་གང་གི་ཚེ་ཚོར་བ་འཛིན་པ་དེའི་ཚེ་འདུ་ཤེས་མི་འཛིན་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་པ་ཇི་ལྟ་

བུ་ཞེ་ན། དེ་གཉིས་ཅིག་ཅར་དུ་འཛིན་པ་ནི་མ་ཡིན་ནོ། །གོས་དང་དྲི་མ་གཉིས་ཅིག་ཅར་དུ་མི་འཛིན་པ་བཞིན་ནོ། །གཞན་གྱི་སེམས་ཤེས་པ་བཤད་ཟིན་ཏོ། །ལྷག་མའི་རྣམ་པ་བཅུ་བཞི་སྟེ། སྟོང་དང་བདག་མེད་མ་གཏོགས་སོ། །ལྷག་མ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དེ་གཉིས་ནི་

སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་གཏོགས་པ་རྣམ་པ་བཅུ་བཞི་ཡིན་ནོ། །དོན་དམ་པ་ཡིན་ཡང་བདག་ནི་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་འདིའི་སྟོབས་ཀྱིས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཅི་ཟག་པ་མེད་པའི་རང་གི་མཚན་ཉིད་ཀྱི་རྣམ་པ་གཞན་ཡང་ཡོད་

དམ་འོན་ཏེ་མེད་ཅེ་ན། རེ་ཞིག་ཁ་ཆེ་བ་རྣམས་ན་རེ། དྲི་མེད་བཅུ་དྲུག་ལས་གཞན་རྣམས། མེད། ཟག་པ་མེད་པའི་རྣམ་པ་བཅུ་དྲུག་ལ་མ་གཏོགས་པ་ནི་མེད་དོ་ཞེས་ཟེར་རོ། །གཞན་ཡོད་ཅེས་བསྟན་བཅོས་ལས་གཞན་ཉི་འོག་པ་རྣམས་ན་རེ་ནི་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་རྟོགས་ཤེ་ན་བསྟན་

བཅོས་ལས་ཏེ། བསྟན་བཅོས་ལས་འདི་སྐད་དུ་མཚུངས་པར་ལྡན་པ་མ་ཡིན་པའི་སེམས་ཀྱི་འདོད་པ་དང་མཚུངས་པར་ལྡན་པའི་ཆོས་དག་ཤེས་སམ་ཞེ་ན་ཤེས་ཏེ། རིགས་པས་བསྐྱེད་པའི་ཤེས་རབ་ཀྱིས་མི་རྟག་པ་དང་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་དང་། རྒྱུ་དང་ཀུན་འབྱུང་བ་དང་རབ་

เล่ม ๑๔๑ · หน้า 242a

ཏུ་སྐྱེ་བ་དང་རྐྱེན་དང་དེ་ནི་གནས་ཡོད་དོ། །དེ་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་སོ་ཞེས་འབྱུང་ངོ་། །ཅི་རྣམ་པ་བཅུ་དྲུག་པོ་དེ་དག་མིང་གི་སྒོ་ནས་ཡིན་ནམ། འོན་ཏེ་རྫས་ཀྱི་སྒོ་ནས་ཡིན་ཞེ་ན། ཁ་ཅིག་ན་རེ་ནི་མིང་གི་སྒོ་ནས་བཅུ་དྲུག་ཡིན་ནོ། །རྫས་ཀྱི་སྒོ་ནས་ནི་སྡུག་བསྔལ་གྱི་

རྣམ་པ་ནི་བཞི་ཡིན་ལ། ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ལ་ནི། རྫས་རེ་རེ་ཡིན་པའི་ཕྱིར་བདུན་ཡིན་ནོ་ཞེས་ཟེར་རོ། །ཇི་སྐད་དུ། རྫས་ཀྱི་སྒོ་ནས་རྣམ་པ་བཅུ་དྲུག །ཅེས་བརྗོད་དོ། །དེ་ལ་རྐྱེན་ལ་རག་ལུས་པས་མི་རྟག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་

ལོ། །བདག་གིར་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་སྟོང་པའོ། །བདག་དུ་ལྟ་བའི་གཉེན་པོ་ཡིན་པས་བདག་མེད་པའོ། །ས་བོན་གྱི་ཚུལ་གྱིས་ན་རྒྱུའོ། །འབྱུང་བའི་ཚུལ་གྱིས་ན་ཀུན་འབྱུང་བའོ། །རྒྱུན་ཆགས་པའི་ཚུལ་གྱིས་ན་རབ་ཏུ་སྐྱེ་བའོ། །མངོན་པར་གྲུབ་པའི་དོན་གྱིས་ན་རྐྱེན་ཏེ།

དཔེར་ན་འཇིམ་པའི་གོང་བུ་དང་འཁོར་ལོ་དང་ཐེ་གུ་དང་ཆུ་རྣམས་འདུས་པ་ལས་བུམ་པ་མངོན་པར་གྲུབ་པར་འགྱུར་བ་ལྟ་བུའོ། །ཕུང་པོ་འཇིག་པའི་ཕྱིར་འགོག་པའོ། །མེ་གསུམ་ཞི་བར་བྱེད་པའི་ཕྱིར་ཞི་བའོ། །གནོད་པ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །

འགྲོ་བའི་དོན་གྱི་ན་ལམ་མོ། །རིགས་དང་ལྡན་པའི་ཕྱིར་རིགས་པའོ། །ཡང་དག་པར་གྲུབ་པའི་དོན་གྱིས་ནི་བསྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པ་ཞེས་བྱའོ། །རྣམ་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཤེས་རབ་རྣམ་པ་ཡང་ཅི་ཤེས་རབ་འབའ་

ཞིག་གིས་རྣམ་པ་གཅོད་པར་བྱེད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་དང་ནི། དམིགས་བཅས་བཅས་པས་རྣམ་པ་གཅོད། །ཤེས་རབ་དང་གཞན་དམིགས་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་གཅོད་པར་བྱེད་དོ། །ཡོད་དོ་ཅོག་གི་རྣམ་པ་གཅོད། །གང་ཅུང་ཟད་

ཡོད་པ་དེ་ཐམས་ཅད་ཀྱི་རྣམ་པ་གཅོད་དོ། །དེ་ལྟར་བཤད་ན་ཤེས་རབ་ནི་རྣམ་པ་ཡང་ཡིན་རྣམ་པར་གཅོད་པར་བྱེད་པ་ཡིན། གཅད་པར་བྱ་བའི་རྣམ་པ་གང་ཡང་ཡིན། དམིགས་པ་དང་བཅས་པའི་གཞན་ནི་རྣམ་པ་གཅོད་པར་བྱེད་པ་དང་། གཅད་པར་བྱ་བའི་རྣམ་པ་ཡིན། དམིགས་པ་

เล่ม ๑๔๑ · หน้า 242b

མེད་པ་ནི་བཅད་པར་བྱ་བའི་རྣམ་པ་འབའ་ཞིག་ཡིན་པར་གྲུབ་པོ། །གཞན་ཡང་ཤེས་པ་བཅུ་པོ་དེ་དག་གི་དགེ་བ་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ། དང་པོ་རྣམ་གསུམ་གཞན་རྣམས་དགེ། །ཀུན་རྫོབ་ཀྱི་ཤེས་པ་ནི་ཚིགས་སུ་བཅད་པའི་དང་པོར་འདོན་པའི་ཕྱིར་དང་པོ་སྟེ། དེ་ཡང་དགེ་བ་

དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་ཡིན་ནོ། །གཞན་ཡེ་ཤེས་དགུ་ནི་དགེ་བ་ཁོ་ན་ཡིན་ནོ། །དང་པོ་ས་རྣམས་ཐམས་ཅད་དང་། །འདོད་པའི་ཁམས་དག་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དོ། །དྲུག་ན་ཆོས་ཤེས་བྱ་ཆོས་ཤེས་པ་ནི་བསམ་གཏན་བཞི་དང་། མི་ལྕོགས་པ་མེད་

པ་དང་། བསམ་གཏན་ཁྱད་པར་ཅན་དག་ན་ཡོད་དོ། །དགུ་ན། རྗེས་ཤེས་བྱ་བ། རྗེས་སུ་ཤེས་པ་ནི་ས་དྲུག་པ་དེ་དག་ཉིད་དང་གཟུགས་མེད་པ་གསུམ་དག་ན་ཡོད་དོ། །དེ་བཞིན་དྲུག སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱང་བྱེ་བྲག་མེད་པར་

ནི་ས་དགུ་པོ་དེ་དག་ཉིད་ན་ཡོད་དོ། །དབྱེ་ན་ནི་ཆོས་ཤེས་པས་བསྡུས་པ་རྣམས་ནི་དྲུག་ན་ཡོད་དོ། །རྗེས་སུ་ཤེས་པས་བསྡུས་པ་རྣམས་ནི་དགུ་ན་ཡོད་དོ། །གཞན་ཡིད་ཤེས་པ་བསམ་གཏན་ན། །གཞན་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་པོ་ཁོ་ན་ན་ཡོད་ཀྱི་གཞན་དག་ན་ནི་མེད་དོ། །དེ་ནི་

འདོད་དང་གཟུགས་ལུས་ལ། །གཞན་གྱི་སེམས་ཤེས་པ་དེ་ནི་འདོད་པ་དང་གཟུགས་ཀྱི་ཁམས་དག་དུ་མངོན་དུ་བྱེད་དོ། །ཆོས་ཤེས་བྱ་བ་འདོད་ལུས་ལ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་ལུས་ཁོ་ན་ལ་བརྟེན་ནས་མངོན་དུ་བྱེད་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་དག་དུ་ནི་མངོན་

དུ་མི་བྱེད་དོ། །གཞན་ནི་ཁམས་གསུམ་པ་ཡི་ལུས། །གཞན་ཡང་གང་དག་ཅིག་ཡིན་ཞེ་ན། གཞན་གྱི་སེམས་ཤེས་པ་དང་ཆོས་ཤེས་པ་མ་གཏོགས་པ་རྣམས་སོ། །ས་དང་ལུས་བཤད་ཟིན་ཏོ། །དྲན་པ་ཉེ་བར་གཞག་པ་བསྡུ་བ་བརྗོད་པར་བྱ་སྟེ། དེ་སྨྲས་པ། དྲན་པ་ཉེ་བར་གཞག་

གཅིག་ནི། །འགོག་བློ། །བློ་དང་ཤེས་རབ་དང་ཤེས་པ་ཞེས་བྱ་བ་དེ་ནི་རྣམ་གྲངས་ཡིན་ནོ། །འགོག་པ་ཤེས་པ་ནི། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་གྱི་སེམས་བློ་ནི། གསུམ་སྟེ། གཞན་གྱི་སེམས་ཤེས་པ་ནི་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དང་གསུམ་ཡིན་

เล่ม ๑๔๑ · หน้า 243a

ནོ། །ལྷག་མ་རྣམས་བཞི་ཡིན་ནོ། །འགོག་པ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་དག་ལས་གཞན་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ། །ཤེས་པ་གང་གིས་དམིགས་པ་ནི། ཤེས་པ་དུ་དག་ཅིག་ཡིན་ཞེ་ན། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །ཆོས་

ཤེས་པའི་དམིགས་པ་ནི་རྗེས་སུ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །ལམ་ཤེས་པའི་དམིགས་པ་ཡང་ཀུན་རྫོབ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ལ། རྗེས་སུ་ཤེས་པའི་དམིགས་པ་ཡང་ཆོས་ཤེས་པ་མ་གཏོགས་པ་དགུ་ཡིན་ནོ། །སྡུག་བསྔལ་དང་

ནི་རྒྱུ་བློ་གཉིས། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གཉིས་ཀྱིས་དམིགས་པ་ནི་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་དང་གཉིས་ཡིན་ནོ། །བཞིའི་བཅུ་སྟེ། ཀུན་རྫོབ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམས་ཀྱི་དམིགས་པ་ནི་ཤེས་པ་

བཅུ་ཆར་ཡིན་ནོ། །གཅིག་གི་མེད། འགོག་པ་ཤེས་པ་སྟེ་གཅིག་གིས་དམིགས་པ་ནི་ཤེས་པ་མེད་དོ། །ཆོས་བཅུ་དག་ནི་སྦྱར་བར་བྱ། །བཅུ་གང་ཞེ་ན། ཁམས་གསུམ་པ་དང་དྲི་མེད་ཆོས། །མ་བྱས་རྣམ་གཉིས་རྣམ་གཉིས་སོ། །འདུས་བྱས་ཀྱི་ཆོས་འདོད་པ་དང་གཟུགས་དང་གཟུགས་མེད་

པ་ན་སྤྱོད་པ་དག་དང་། ཟག་པ་མེད་པ་རྣམས་ལས་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པར་དབྱེ་བའི་སྒོ་ནས་རྣམ་པ་བརྒྱད་དུ་བྱའོ། །འདུས་མ་བྱས་ལ་དགེ་བ་དང་ལུང་དུ་མ་བསྟན་པར་དབྱེ་བའི་སྒོ་ནས་རྣམ་པ་གཉིས་སུ་བྱས་ཏེ། དེ་ལྟར་ན་ཆོས་བཅུ་ཡིན་ནོ། །ཆོས་བཅུ་པོ་དེ་དག་ཇི་ལྟར་

སྦྱར་བར་བྱ་ཞེ་ན། ཤེས་པ་གང་གིས་དམིགས་པ་ནི་ཆོས་དུ་ཞིག་ཡིན་ཞེས་སྦྱར་བར་བྱ་སྟེ། དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ། །ཆོས་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་བཞི་དང་འདུས་མ་བྱས་དགེ་བ་དང་ལྔ་ཡིན་ནོ། །རྗེས་སུ་ཤེས་པ་ནི་

གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དྲུག་དང་འདུས་མ་བྱས་དགེ་བ་དང་བདུན་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་ཤེས་པ་གཉིས་ཀྱི་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་དྲུག་ཡིན་ནོ། །འགོག་པ་ཤེས་པའི་ནི་འདུས་མ་བྱས་དགེ་བ་གཅིག་ཁོ་ན་ཡིན་ནོ། །

เล่ม ๑๔๑ · หน้า 243b

ལམ་ཤེས་པའི་ནི་ཟག་པ་མེད་པ་གཉིས་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་མཚུངས་པར་ལྡན་པ་གསུམ་ཡིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་དམིགས་པ་ནི་འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་པ་ཆོས་དགུ་ཡིན་ནོ། །ཆོས་ཤེས་པ་

གཅིག་གིས་ཆོས་ཐམས་ཅད་ཤེས་པ་ཡོད་དམ་ཞེ་ན་མེད་དོ། །འོན་ཀྱང་ཀུན་རྫོབ་གཅིག་སྟེ་རང་ཚོགས་ལས། གཞན་ནི་བདག་མེད་ཉིད་དུ་རིག །ཀུན་རྫོབ་ཤེས་པ་ནི་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་བདག་མེད་པར་ཤེས་སོ། །རང་གི་ངོ་བོ་དང་དེ་དང་ལྷན་ཅིག་འབྱུང་བའི་ཆོས་

རྣམས་ནི་དེའི་རང་དང་ཚོགས་ཡིན་ལ། ཡུལ་དང་ཡུལ་ཅན་ཐ་དད་པ་དང་། དམིགས་པ་དེ་གཅིག་པ་དང་ཤིན་ཏུ་ཉེ་བའི་ཕྱིར་དེ་དག་ལ་ནི་མི་འཛིན་ཏོ། །དེ་ཡང་འདོད་པ་ན་སྤྱོད་པ་ནི་མཉམ་པ་དང་བསམས་པ་ལས་བྱུང་བ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་མཉམ་པ་ལས་བྱུང་བ་ཡིན་གྱི།

བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་ས་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་རོ། །དེ་ནི་རྫོགས་སོ།། །།ད་ནི། གང་ཞིག་ཤེས་པ་དུ་དང་ལྡན། །ཞེས་བྱ་བ་བརྗོད་པར་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ནི་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །འདོད་ཆགས་དང་བྲལ་

བ་ཞིག་ཡིན་ན་ནི་གཞན་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །འཕགས་པ་ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དག་ལ་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་

དང་ལྡན་པར་འགྱུར་རོ། །གཉིས་པ་ལ་གསུམ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་ཀུན་རྫོབ་ཤེས་པ་དང་ཆོས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་གསུམ་དང་ལྡན་པར་འགྱུར་རོ། །གོང་མ་ཡི། བཞི་ལ་རེ་རེ་འཕེལ་དང་ལྡན། །དེ་ཡན་ཆད་སྐད་ཅིག་མ་བཞི་ལ་ནི་དེ་ལ་ཤེས་པ་རེ་རེ་འཕེལ་བར་ཤེས་པར་བྱ་སྟེ། སྡུག་

བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་རྗེས་སུ་ཤེས་པ་འཕེལ་ལ། ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་ཆོས་ཤེས་པ་རྣམས་འཕེལ་བས། དེ་ལྟར་ན་ལམ་ལ་ཆོས་ཤེས་པ་ལ་ཤེས་པ་བདུན་དང་ལྡན་པར་འགྱུར་རོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་ལྷག་པར་གཞན་གྱི་སེམས་ཤེས་པ་དང་ལྡན་པར་རིག་

เล่ม ๑๔๑ · หน้า 244a

པར་བྱའོ། །ཡང་གནས་སྐབས་གང་དག་ཏུ་ཤེས་པ་དུ་དག་ཅིག་གི་ཐོབ་པ་སྐྱེ་ཞེ་ན། མཐོང་ལ་བཟོད་པ་ཡེ་ཤེས་རྣམས། །ཇི་ལྟར་སྐྱེས་པའི་མ་འོངས་འཐོབ། །མཐོང་བའི་ལམ་ལ་བཟོད་པའམ་ཤེས་པ་གང་དང་གང་སྐྱེས་པ་དེའི་རིགས་ཅན་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ནའི་ཐོབ་

པ་སྐྱེའོ། །ཅིའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་རིས་མཐུན་པའི་རྣམ་པ་ཁོ་ནའི་ཐོབ་པ་སྐྱེ་ཞེ་ན། རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ལ་ནི་ཀུན་རྫོབ་ཀྱང་། རྗེས་གསུམ་དག་ལ། མཐོང་བའི་ལམ་དེ་ཉིད་ལ་ཀུན་རྫོབ་ཤེས་པ་ཡང་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལ་རྗེས་སུ་ཤེས་པ་

གསུམ་དག་ལ་ཐོབ་པ་སྐྱེའོ། །བདེན་པ་ཟད་པར་མ་རྟོགས་པའི་ཕྱིར་ཆོས་ཤེས་པ་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར། མངོན་པར་རྟོགས་པའི་རྗེས་ཞེས་བྱ། །དེ་ཉིད་ཕྱིར་དེ་ནི་བདེན་པ་རེ་རེ་མངོན་པར་རྟོགས་པའི་རྗེས་ལ་ཐོབ་པ་སྐྱེ་བའི་ཕྱིར་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཤེས་པ་ཞེས་བྱའོ། །

ཅིའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ལ་ཐོབ་པ་མི་སྐྱེ་ཞེ་ན། ལམ་གྱི་བདེ་བ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་མངོན་པར་རྟོགས་པ་མ་ཡིན་པ་དང་། ཟད་པར་མ་རྟོགས་པའི་ཕྱིར་རོ། །སྡུག་བསྔལ་རིལ་གྱིས་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་ལ་མངོན་དུ་བྱ་བར་མི་ནུས་

ཀྱི་ལམ་ནི་ཟད་པར་བསྒོམ་པར་མི་ནུས་པར་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར་དེ་ལ་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཐོབ་པ་མི་སྐྱེའོ། །ཇི་མངོན་པར་རྟོགས་པའི་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དེ། རེས་འགའ་ཞིག་ན་མངོན་དུ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད་དེ། གཅིག་ཏུ། དེ་ནི་

མི་སྐྱེའི་ཆོས་ཅན་ཡིན། །ཇི་ལྟར་ན་དེའི་ཐོབ་པ་སྐྱེས་པ་ཡིན་ཞེ་ན། མ་ཐོབ་པ་ལས་ཐོབ་པའི་ཕྱིར་རོ། །ས་དུ་བའི་ཤེས་པ་དེའི་ཐོབ་པ་སྐྱེ་ཞེ་ན། རང་དང་འོག་ས། མཐོང་བའི་ལམ་ས་གང་པའི་ཡིན། །ས་དེ་པ་དང་ས་འོག་མ་པའི་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེ་སྟེ་གལ་ཏེ་མི་ལྕོགས་པ་མེད་པའི་ས་པ་ཞིག་

ཡིན་ན་ནི། མི་ལྕོགས་པ་མེད་པའི་ས་པ་དང་། འདོད་པ་ན་སྤྱོད་པ་དང་། ས་གཉིས་པའི་ཐོབ་པ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་བཞི་པའི་མཐོང་བའི་ལམ་ཡིན་ན་ནི། ས་བདུན་པའི་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེ་བའི་བར་དུའོ། །ཡང་དྲན་པ་ཉེ་བར་གཞག་པ་ནི་དུ་དག་ཅིག་ཡིན་ཞེ་ན། འགོག་

เล่ม ๑๔๑ · หน้า 244b

པའི་མཐའ། འགོག་པའི་མངོན་པར་རྟོགས་པའི་ཀུན་རྫོབ་ཤེས་པ་ཡང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཐ་མ་སྟེ། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཅིག་ཡོངས་སུ་བརྟགས་པས་ལྷག་མ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །མངོན་པར་རྟོགས་པའི་རྗེས་ལས་

ཐོབ་པ་ཀུན་རྫོབ་ཤེས་པ་དེ་ནི། རང་བདེན་རྣམ་པ། བདེན་པ་གང་ཞིག་མངོན་པར་རྟོགས་ནས་ཐོབ་པ་དེ་ནི་བདེན་པ་དེ་ཉིད་ཀྱི་རྣམ་པ་ཡིན་ལ། དེའི་རྣམ་པའོ་ཞེས་སྨོས་པས་དེའི་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་རོ། །སྩལ་བདག་

ཉིད། སྦྱོར་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་དང་བཅས་པར་སྨོས་ན་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན་ནོ། །ཆགས་བཅས་བཅུ་དྲུག་པ་ལས་དྲུག །འཐོབ་པ་སྐྱེ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་བཅུ་དྲུག་པ་ལམ་ལ་

རྗེས་སུ་ཤེས་པ་ལ། ལམ་ཤེས་པ་དང་ལམ་ལ་རྗེས་སུ་ཤེས་པ་གཉིས་ནི་ད་ལྟར་བྱུང་བ་ཡིན་ལ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་དང་། མ་འོངས་པ་དྲུག་གི་ནི་ཐོབ་པ་སྐྱེའོ། །འདོད་ལ་ཆགས་དང་བྲལ་ལ་བདུན། འདོད་ཆགས་དང་བྲལ་

བ་ཞིག་ཡིན་ན་ནི་བདུན་པ་གཞན་གྱི་སེམས་ཤེས་པའི་ཐོབ་པ་ཡང་སྐྱེའོ། །དེ་ཡི་གོང་མ་སྒོམ་ལམ་ལ། །འདོད་ཆགས་བཅས་པས་བདུན་འཐོབ་བོ། །སྐད་ཅིག་མ་བཅུ་དྲུག་པ་ལས་གོང་མ་བསྒོམ་པའི་ལམ་ལ་ནི་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་སྲིད་དུ་སྦྱོར་བ་དང་བར་ཆད་མེད་པ་

དང་། རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་ཐམས་ཅད་དུ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཀུན་རྫོབ་ཤེས་པ་དང་། ཤེས་པ་བདུན་གྱི་ཐོབ་པ་སྐྱེ་ལ། གལ་ཏེ་འཇིག་རྟེན་པའི་བསྒོམ་པའི་ལམ་ཡིན་ན་ནི། ཀུན་རྫོབ་ཤེས་

པ་དང་ད་ལྟར་བྱུང་བ་ཡིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་ཆོས་ཤེས་པ་ཞིག་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་ཐོབ་དང་སྤེལ་བསྒོམས་པའི། །བར་ཆད་མེད་པའི་ལམ་དག་དང་། །གོང་མའི་སྒྲོལ་བའི་ལམ་

เล่ม ๑๔๑ · หน้า 245a

བརྒྱད་ལའང་། །ཤེས་པ་བདུན་གྱི་ཐོབ་པ་སྐྱེའོ། །ཞེས་བྱ་བར་སྦྱར་ཏེ། ས་བདུན་ནི་བསམ་གཏན་བཞི་དང་གཟུགས་མེད་པ་ན་གསུམ་དག་ཡིན་ལ། དེ་དག་ལས་རྒྱལ་བ་ནི་འདོད་ཆགས་དང་བྲལ་བའི་སློབ་པས་བདུན་པོ་དེ་དག་ལས་འདོད་ཆགས་དང་བྲལ་བ་དང་མངོན་པར་ཤེས་པ་ལྔ་དང་།

མི་གཡོ་བ་རྟོགས་པར་བྱེད་པ་དང་། བསམ་གཏན་སྤེལ་མར་བསྒོམས་པ་རྣམས་ཀྱིས་བར་ཆད་མེད་པའི་ལམ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཤེས་པ་བདུན་པོ་དེ་དག་ཉིད་ཀྱི་ཐོབ་པ་སྐྱེ་ལ། གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པ་

ཡིན་ན་ནི། རྗེས་སུ་ཤེས་པ་བཞི་དང་ཆོས་ཤེས་པ་གཉིས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །མི་གཡོ་བ་རྟོགས་པར་བྱེད་པ་ལ་ནི་ཀུན་རྫོབ་ཤེས་པའི་ཐོབ་པ་མི་སྐྱེ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་པར་རིག་པར་བྱའོ། །ས་བདུན་ལས་

འདོད་ཆགས་དང་བྲལ་བ་ལས་ཀྱང་གོང་མ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་པ་དག་ལ་ནི། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་དང་། ཤེས་པ་

བདུན་གྱི་ཐོབ་པ་སྐྱེའོ། །ཀུན་རྫོབ་ཤེས་པའི་ཐོབ་པ་ནི་མི་སྐྱེ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ད་ལྟར་བྱུང་བ་ནི་རྗེས་སུ་ཤེས་པ་བཞི་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་གཉིས་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་གམ་བདུན་

ཐོབ་འམ། །སློབ་པ་འདོད་ཆགས་དང་བཅས་པ་དབང་པོ་སྤྱོད་པའི་རྣམ་པར་གྲོལ་བའི་ལམ་ལ་ནི། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་ཤེས་པ་རྣམས་དང་། ཤེས་པ་དྲུག་གི་ཐོབ་པ་སྐྱེའོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་

ནི་གཞན་གྱི་སེམས་ཤེས་པས་བསྣན་ཏེ་ཤེས་པ་བདུན་གྱི་ཐོབ་པ་སྐྱེའོ། །འམ་ཞེས་བྱ་བའི་སྒྲས་ནི་ཁ་ཅིག་ན་རེ་གཉི་ག་ལ་ཀུན་རྫོབ་ཤེས་པའི་ཐོབ་པ་སྐྱེའོ་ཞེས་བྱེ་བྲག་ཏུ་རྟོགས་པར་བསྟན་པའི་ཕྱིར་རོ། །དེ་གཉིས་ཀྱི་སྦྱོར་བའི་ལམ་ལ་ནི་ཀུན་རྫོབ་ཤེས་པའི་ཐོབ་པ་ཡང་སྐྱེའོ། །བར་ཆད་མེད་པའི་ལམ་ལ་དྲུག། སློབ་

เล่ม ๑๔๑ · หน้า 245b

པ་འདོད་ཆགས་དང་བྲལ་ཡང་རུང་མ་བྲལ་ཡང་རུང་སྟེ། དབང་པོ་སྤྱོད་པའི་བར་ཆད་མེད་པའི་ལམ་ལ་ནི་སྔ་མ་བཞིན་དུ་དྲུག་གི་ཐོབ་པ་སྐྱེའོ། །ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་དང་བྲལ་བའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པའི་ཡང་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་

པའི་ཕྱིར་རོ། །ཅིའི་ཕྱིར་བཀག་ཅེ་ན། གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་སྲིད་རྩེའི་རྣམ་རྒྱལ་ལ། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་དག་ལ་ཡང་དེ་བཞིན་དུ་དྲུག་གི་ཐོབ་པ་སྐྱེའོ། །ཟད་པའི་ཡེ་ཤེས་ལ་དགུའོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་

བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པོ་དེ་དག་མི་སྐྱེ་བའི་ཡེ་ཤེས་མ་གཏོགས་པ་དགུའི་ཐོབ་པ་སྐྱེའོ། །མི་གཡོ་བ་ནི་བཅུ་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གང་ཡིན་པ་དེ་ནི། མི་སྐྱེ་བའི་ཡེ་ཤེས་འཐོབ་པའི་ཕྱིར་བཅུའི་ཐོབ་པ་སྐྱེའོ། །དེར་འཕོ་ཐ་མའི་གྲོལ་བ་ལའང་། །གང་ཞིག་མི་གཡོ་བ་

ཉིད་དུ་འཕོ་བ་དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་བཅུའི་ཐོབ་པ་སྐྱེའོ། །བཤད་པའི་ལྷག་མ་ལ་བརྒྱད་ཐོབ། །ལྷག་མ་ཡང་གང་དག་ཅིག་ཅེ་ན། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ་དང་། །ས་བདུན་པས་འདོད་ཆགས་དང་བྲལ་བ་དང་། མངོན་པར་ཤེས་པ་

དང་། སྤེལ་མར་བསྒོམ་པའི་རྣམ་པར་གྲོལ་བའི་ལམ་རྣམས་དང་། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང་། འདོད་ཆགས་དང་བྲལ་བ་ཐམས་ཅད་ཀྱི་སྦྱོར་བའི་ལམ་རྣམས་ཏེ། དེ་དག་ཐམས་ཅད་ལ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་མ་འོངས་པ་ཐོབ་

པའི་ཐོབ་པ་སྐྱེ་སྟེ། རེ་ཞིག་སློབ་པའི་ནི་དེ་ལྟ་བུ་ཡིན་ནོ། །མི་སློབ་པའི་ནི་མངོན་པར་ཤེས་པ་ལ་སོགས་པ་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་དག་ལ་ནི་ཤེས་པ་དགུ་འམ་བཅུའི་ཐོབ་པ་སྐྱེའོ། །མངོན་པར་ཤེས་པ་དང་། སྤེལ་མར་བསྒོམ་པའི་བར་ཆད་མེད་པའི་ལམ་དག་ལ་ནི། བརྒྱད་

དང་དགུའི་ཐོབ་པ་སྐྱེའོ། །མངོན་པར་ཤེས་པ་གཉིས་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་ལ་མ་འོངས་པའི་ཐོབ་པ་ཅུང་ཟད་ཀྱང་མི་སྐྱེའོ། །ཡང་ལམ་གང་ལ་ས་དུ་པའི་ཤེས་པའི་ཐོབ་པ་སྐྱེ་ཞེ་ན། རེ་ཞིག་ཀུན་རྫོབ་ཤེས་པ་ནི་ས་གང་པའི་ལམ་གང་ཡིན་པ་དང་། དང་པོ་ཉིད་དུ་ས་

เล่ม ๑๔๑ · หน้า 246a

གང་ཐོབ་པ་ས་དེ་པའི་མ་འོངས་པའི་ཐོབ་པ་སྐྱེའོ། །ཟག་པ་མེད་པ་ནི་ས་གང་པའི་ལམ་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ་ཇི་ལྟར་ཞེ་ན། གང་ལས་ཆགས་བྲལ་བྱ་ཕྱིར་གང་། །ཐོབ་པ་དེ་ཡང་འོག་མའང་འཐོབ། །ས་གང་ཞིག་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་ཡང་སྦྱོར་

བའི་ལམ་ལ་སོགས་པ་ལམ་རྣམ་པ་གཉིས་ཡིན་ལ་འདོད་ཆགས་དང་བྲལ་བས་ས་གང་ཞིག་ཐོབ་པ་དེའི་ས་པ་དང་། ས་འོག་མའི་ཟག་པ་མེད་པའི་ཤེས་པ་རྣམས་ཀྱི་ཐོབ་པ་ཡང་སྐྱེ་བར་འགྱུར་རོ། །ཟད་པ་ཤེས་པ་ཟག་བཅས་ཀྱང་། །ཟད་པ་ཤེས་པ་ལ་ནི་ཟད་པ་ཤེས་པས་ཐོབ་པར་བྱ་བ་ཟག་པ་དང་བཅས་

པ་ཡོན་ཏན་མི་སྡུག་པ་དང་། དབུགས་ཕྱི་ནང་དུ་རྔུབ་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་ལ་སོགས་པ་ས་ཐམས་ཅད་པའི་ཡང་ཐོབ་པ་སྐྱེའོ། །ཅི་གང་ཅུང་ཟད་ཐོབ་པ་དེ་དག་ཐམས་ཅད་ཀྱི་ཐོབ་པ་སྐྱེའམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གང་སྔོན་མ་ཐོབ་པ་

སྐྱེའི། སྔོན་ཐོབ་པའི་ཐོབ་པ་མི་སྐྱེ། གང་རྣམ་པར་ཉམས་པ་ལས་ཐོབ་པ་ནི་མི་སྐྱེ་སྟེ། ཐོབ་ཟིན་པ་ལས་བཏང་བའི་ཕྱིར་རོ། །ཡང་ཅི་རྙེད་པ་འབའ་ཞིག་ལ་ཐོབ་པ་ཞེས་བྱའམ་ཞེ་ན། ཐོབ་པ་ནི་རྣམ་པ་བཞི་སྟེ། རྙེད་པའི་ཐོབ་པ་དང་བསྟེན་པའི་ཐོབ་པ་དང་། གཉེན་པོའི་ཐོབ་པ་དང་ཐག་བསྲིང་བའི་ཐོབ་

པའོ། །དེ་ལ། རྙེད་དང་བསྟེན་ཅེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་འགྱུར་བ། །གཉེན་པོ་དང་ནི་ཐག་བསྲིང་ངོ་། །ཐོབ་པ་ཟག་དང་བཅས་པ་ཡིན། །རྙེད་པ་དང་བསྟེན་པའི་ཐོབ་པ་ནི་དགེ་བ་འདུས་བྱས་རྣམས་ཀྱི་ཡིན་ཏེ། མ་འོངས་པ་རྣམས་ཀྱི་ནི་གཅིག་ཁོ་ནའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་

གའོ། །གཉེན་པོ་དང་ཐག་བསྲིང་བའི་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱིས་ཏེ། དེ་ལྟར་ན་དགེ་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་ནི་ཐོབ་པ་བཞི་ཡིན་ལ་ཟག་པ་མེད་པ་རྣམས་དང་། ཉོན་མོངས་པ་ཅན་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་གཉིས་ཡིན་ནོ། །ཉི་འོག་པའི་ཆོས་མངོན་པ་པ་

དག་ན་རེ་ནི་ཐོབ་པ་དྲུག་སྟེ། བཞི་པོ་དེ་དང་སྡོམ་པའི་ཐོབ་པ་དང་། རྣམ་པར་འཛིན་པའི་ཐོབ་པའོ་ཞེས་ཟེར་རོ། །དེ་ལ་དང་པོ་ནི་དབང་པོ་རྣམས་ཀྱི་ཡིན་ནོ། །ཕྱི་མ་ནི་ལུས་ཀྱི་ཡིན་ནོ། །ཇི་སྐད་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་ཤིན་ཏུ་བསྒོམ་པའི་བར་ཞེས་གསུངས་པ་དང་། འདི་ལྟར་

เล่ม ๑๔๑ · หน้า 246b

ལུས་འདི་ལ་སྒྲ་ཡོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ། དེ་གཉིས་ནི་གཉེན་པོ་ཐག་བསྲིང་བའི་ཐོབ་པའི་ཁོངས་སུ་འདུས་སོ་ཞེས་ཟེར་རོ། །གང་ཟག་ཐམས་ཅད་ཀྱི་མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཐོབ་པ་སྤྱིར་བཤད་ཀྱི། སངས་རྒྱས་ཆོས་ནི་མ་འདྲེས་

པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །གང་དག་སངས་རྒྱས་ཉག་གཅིག་གི་ཟད་པའི་ཡེ་ཤེས་ཀྱིས་བརྙེས་པར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་པའོ། །བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་

ཆེན་པོ་རྣམས་སོ། །སྟོབས་བཅུ་ཡང་གང་ཞེ་ན། མདོ་ལས་ཇི་སྐད་འབྱུང་བ་བཞིན་རྒྱས་པར་བརྗོད་པར་བྱ་སྟེ། དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་རྒྱུ་འདི་ལས་ནི་ངེས་པར་སྐྱེའོ། །འདི་ནི་མི་སྐྱེའོ་ཞེས་རྒྱུ་དང་འབྲས་བུ་རྣམ་པར་ངེས་པ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་

པ་སྟེ། གནས་ཞེས་བྱ་བ་ནི་སྲིད་པའོ། །གནས་མ་ཡིན་པ་ཞེས་བྱ་བ་ནི་མི་སྲིད་པའོ། །ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མང་བ་དང་ཉུང་བ་དང་ངེས་པ་དང་མ་ངེས་པ་ལ་སོགས་པའི་དོན་རྣམས་ལ་ཐོགས་པ་མེད་པར་མཁྱེན་

པ་གང་ཡིན་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པ་དེ་དག་གི་རང་བཞིན་དང་། མིང་དང་འཐོབ་པའི་ཐབས་དང་། ཕན་འདོགས་པ་དང་། རོ་མྱང་བ་དང་། དག་པ་དང་། ཟག་པ་མེད་

པ་ལ་སོགས་པ་དང་། ཉམས་པ་དང་། གནས་པ་དང་། ཁྱད་པར་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དོན་རྣམས་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དབང་པོ་

རྟུལ་པོ་དང་འབྲིང་དང་རྣོན་པོ་ཡོངས་སུ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་དམན་པ་དང་བར་མ་དང་གྱ་ནོམ་པ་ལ་སོགས་པ་རྣམས་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་

เล่ม ๑๔๑ · หน้า 247a

ནི་སེམས་ཅན་རྣམས་ཀྱི་རང་བཞིན་ཡོངས་སུ་མཁྱེན་པར་བྱ་བ་དང་། ཆོས་རྣམས་ཀྱི་རང་བཞིན་གྱི་བྱེ་བྲག་ཡོངས་སུ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་སྐྱེ་བ་འགྲུབ་པར་བྱེད་པ་དང་། སྐྱེ་བ་ཟད་

པར་བྱེད་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་བདག་དང་གཞན་གྱི་ཚེ་རབས་བརྒྱུད་པ་དྲན་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་མ་འོངས་པའི་སྲིད་

པར་ཉིང་མཚམས་སྦྱོར་བ་གཟིགས་པར་བྱ་བ་ལ་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །ཟག་པ་ཟད་པར་མཁྱེན་པའི་སྟོབས་ཞེས་བྱ་བ་ནི། ཟག་པ་ཟད་པ་དང་། ཟག་པ་ཟད་པར་བྱ་བའི་ཐབས་ཐོགས་པ་མེད་པར་མཁྱེན་པ་གང་ཡིན་པའོ། །མི་འཇིགས་པ་བཞི་དང་དྲན་པ་ཉེ་བར་གཞག་པ་

གསུམ་དང་། ཐུགས་རྗེ་ཆེན་པོ་དག་ནི། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ། དེ་ལྟར་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཕྱིར་ན་མ་འདྲེས་པ་ཞེས་བྱའོ། །དེ་ལ། གནས་དང་གནས་མིན་ཤེས་པ་བཅུ། །གནས་དང་གནས་མ་ཡིན་པ་མཁྱེན་

པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ལས་འབྲས་ལ་བརྒྱ། །ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། འགོག་པ་དང་ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་ཡིན་ནོ། །བསམ་གཏན་སོགས། དབང་པོ་མོས་དང་ཁམས་དག་ནི། །དགུ་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་ཏིང་ངེ་

འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ནི་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ལ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པའི་སྟོབས་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལམ་དག་ལ་

བཅུའམ། འམ་ཞེས་བྱ་བའི་སྒྲ་ནི་དགུ་འམ་ཞེས་བྱེ་བྲག་ཏུ་རྟོགས་པའི་དོན་ཏོ། །གལ་ཏེ་ལམ་འབྲས་བུ་དང་བཅས་པར་སྨོས་ན་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་མ་ཡིན་ན་ནི་འགོག་པ་ཤེས་པ་མ་གཏོགས་སོ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །

เล่ม ๑๔๑ · หน้า 247b

སྔོན་གྱི་གནས་རྗེས་སུ་ཤེས་པ་དྲན་པ་མཁྱེན་པའི་སྟོབས་དང་ཤི་འཕོ་དང་། སྐྱེ་བ་མཁྱེན་པའི་སྟོབས་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་ནོ། །ཟག་པ་དྲུག་གམ་བཅུ་ཡིན་ནོ། །གལ་ཏེ་ཟག་པ་ཟད་པར་མཁྱེན་པའི་སྟོབས་འགོག་པ་ཁོ་ན་ཡིན་ན་ནི། ཟག་པ་ཟད་པར་མཁྱེན་པའི་སྟོབས། ཆོས་ཤེས་པ་

དང་རྗེས་སུ་ཤེས་པ་དང་། འགོག་པ་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་ཤེས་པ་དྲུག་ཡིན་ནོ། །འོན་ཏེ་ཟག་པ་ཟད་པར་མཁྱེན་པའི་སྟོབས་ཟག་པ་ཟད་པའི་རྒྱུད་ཀྱི་ཤེས་པ་ཡིན་ན་ནི་དེའི་ཕྱིར་ཤེས་པ་བཅུ་ཡིན་ནོ་རང་བཞིན་བཤད་ཟིན་ཏོ། །ད་ནི་ས་བརྗོད་པར་བྱ་

སྟེ། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་གི། སྔོན་གྱི་གནས་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །ལྷག་མ་ནི། ས་རྣམས་ཀུན་གྱི། ལྷག་མ་ནི་ཐམས་ཅད་ཀྱིས་བསྡུས་པ་ཡིན་ནོ། །དེ་དག་ཀྱང་འདོད་པའི་ཁམས་དང་། མི་ལྕོགས་

པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་གཟུགས་མེད་པ་རྣམས་སོ། །ཐམས་ཅད་ཀྱང་འཛམ་བུའི་གླིང་གི་སྐྱེས་པའི་ལུས་ལ་བརྟེན་པ་ཡིན་ཏེ། གཞན་དག་ཏུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །གཞན་དག་གི་ཤེས་པ་རྣམ་པ་བཅུ་པོ་དེ་དག་ནི་སྟོབས་ཞེས་མི་བྱའོ། །དེ་ནི་

སངས་རྒྱས་ཉག་གཅིག་གི་སྟོབས་ཡིན་ནོ། །ཅིའི་ཕྱིར། དེ་སྟོབས་གང་ཕྱིར་ཐོགས་པ་མེད། །གང་གི་ཕྱིར་དེའི་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པས། དེ་བས་ན་སྟོབས་ཞེས་བྱ་བ་གཞན་དག་གི་ཤེས་པ་ནི་ཐོགས་པ་དང་བཅས་པ་ཡིན་ཏེ། ལ་ལར་འདོད་ཀྱང་མི་འཇུག་པའི་ཕྱིར་དེ་

དག་གི་སྟོབས་ཞེས་བྱ་བ་མིང་འཐོབ་པར་འོས་པ་མ་ཡིན་ནོ། །འདིར་དཔེ་ནི་གནས་བརྟན་ཤཱ་རིའི་བུས་རབ་ཏུ་བྱུང་བར་འདོད་པའི་མ་ཕྱི་བཏང་བ་དང་། བྱ་ཞིག་ཁྲས་གཙེས་པའི་སྐྱེ་བ་ལ་སོགས་པའི་མཐའ་མ་མཁྱེན་པ་ཡིན་ནོ། །རེ་ཞིག་དེ་ལྟར་ན་སངས་རྒྱས་རྣམས་ཀྱི་མཁྱེན་པ་ཐོགས་པ་མེད་པའི་ཕྱིར་

ཐུགས་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཐའ་ཡས་པ་ཡིན་ནོ། །སྐུ་ཡི་སྲེད་མེད་བུ་ཡི་སྟོབས། །སྐུའི་སྟོབས་ནི་སྲེད་མེད་བུའི་སྟོབས་ཙམ་མོ་ཞེས་བརྗོད་དོ། །གཞན་དག་ཚིགས་ན། གཞན་དག་ན་རེ་ནི་ཚིགས་དང་ཚིགས་ན་སྲེད་མེད་བུའི་སྟོབས་ཙམ་ཡོད་དོ་ཞེས་ཟེར་ཏེ། བཙུན་པ་དེ་ནི་སྟོབས་ཀྱང་

เล่ม ๑๔๑ · หน้า 248a

ཐུགས་ཀྱི་སྟོབས་བཞིན་དུ་མཐའ་ཡས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་ཡང་མི་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་དང་འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ནི་སྤྲུལ་གཅུས་པ་ལྟ་བུ་དང་། ལུ་གུ་རྒྱུད་དང་། གཟེར་བུས་བཏབ་པ་ཡིན་ནོ། །

སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཀྱང་ཇི་ཙམ་ཞེ་ན། གླང་ཆེན་སྟེན་སྟོབས། བཅུས་གླག་བདུན་གྱི་སྟོབས་ཡིན་ནོ། །གླང་པོ་ཆེ་ཐ་མལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ། །དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་དང་།

སྟོབས་མཆོག་དང་། སྲེད་མེད་བུ་རྣམས་གོང་ནས་གོང་དུ་བཅུ་འགྱུར་དུ་བསྐྱེད་དེ་བརྗོད་པར་བྱའོ། །གཞན་དག་ན་རེ་གླང་པོ་ཆེ་ཕལ་པ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་རྣམས་ཀྱི་སྟོབས་གོང་ནས་གོང་དུ་བཅུ་འགྱུར་དུ་བསྐྱེད་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ། །དེ་

གཉིས་སུ་བསྒྱུར་བ་སྲེད་མེད་བུའི་སྟོབས་ཡིན་ནོ་ཞེས་ཀྱང་ཟེར་ཏེ་ཇི་ཙམ་དུ་མང་བ་དེ་ཙམ་དུ་རིགས་པ་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །སྐུའི་སྟོབས་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་འབྱུང་བ་ཆེན་པོའི་ཁྱད་པར་ཉིད་ཡིན་པར་རིག་པར་བྱའོ། །གཞན་དག་ན་རེ་རྒྱུར་བྱས་པའི་

གཟུགས་བདུན་ལས་དོན་གཞན་དུ་གྱུར་པ་ཞིག་ཡིན་ནོ་ཞེས་ཟེར་རོ། །སྟོབས་རྣམས་བཤད་ཟིན་ཏོ། །མི་འཇིགས་པ་ནི་རྣམ་བཞི་སྟེ། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ། །མི་འཇིགས་པ་བཞི་པོ་དེ་དག་ཀྱང་། ཅི་ལྟར་དང་པོ་བཅུ་པ་དང་། གཉིས་པ་བདུན་པའི་སྟོབས་ཡིན་ནོ། །གནས་དང་གནས་མ་ཡིན་

པ་མཁྱེན་པ་སྟོབས་ཇི་ལྟ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཞེས་བྱ་བའི་མི་འཇིགས་པ་དེ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་དེ་ཡང་དེ་དང་འདྲའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཇི་ལྟ་བར།

ངས་གང་དག་ཉན་ཐོས་རྣམས་ལ་བར་དུ་གཅོད་པར་འགྱུར་བའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་དེ་དང་འདྲའོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ཞེས་བྱ་བའི་མི་འཇིགས་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །

เล่ม ๑๔๑ · หน้า 248b

ཇི་ལྟར་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ཞེ་ན། མི་སྐྲག་པ་ནི་མི་འཇིགས་པ་ཡིན་ལ། དེ་དག་གི་ནི་མི་སྐྲག་པར་འགྱུར་རོ། །ཤེས་པར་བྱས་པ་ནི་མི་འཇིགས་པ་ཡིན་པར་རིགས་ཀྱི་ཤེས་པ་ཉིད་ནི་མ་ཡིན་ནོ། །འཁོར་གྱི་བྱེ་བྲག་ལས་དྲན་པ་ཉེ་བར་གཞག་པ་གསུམ་དུ་འགྱུར་ཏེ། མདོ་ལས་ཇི་སྐད་དུ་འབྱུང་

བ་བཞིན་ནོ། །དེ་ཡང་། དྲན་དང་ཤེས་རབ་བདག་ཉིད་གསུམ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་དེ་དག་གིས་ནི་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཏེ། གང་གི་ཚེ་ཉན་ཐོས་གུས་པར་ཉན་པའམ་མི་ཉན་པའམ་གཉི་ག་ལ་ཀུན་ཏུ་དགྱེས་པའམ། ཀུན་ནས་མནར་སེམས་སུ་ཡང་མི་འགྱུར་རོ། །ཅིའི་

ཕྱིར་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་ཞེ་ན། སྔོན་གྱི་གནས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །ཡང་ན་ཉན་ཐོས་རྣམས་གང་གི་ཡིན་པ་དེ་ལ་གུས་པར་ཉན་པའམ་གུས་པར་མི་ཉན་པའམ། གཉི་ག་ལ་ནི་ཤིན་ཏུ་ཡང་ཡིད་བདེ་བ་ལ་སོགས་པའི་གོ་སྐབས་སུ་འགྱུར་གྱི་གཞན་

དག་ལ་ནི་དེ་ལྟ་མ་ཡིན་ན། དེ་ལ་དེ་མི་སྐྱེ་བ་ཡ་མཚན་དུ་རྣམ་པར་གཞག་གི། གཞན་དག་ལ་ནི་མ་ཡིན་ནོ། །ད་ནི་ཐུགས་རྗེ་ཆེན་པོ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་སྨྲས་པ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །གཞན་དུ་ན་སེམས་ཅན་

ཐམས་ཅད་ལ་དམིགས་པ་ཡང་མི་འགྲུབ་པ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཡང་མ་ཡིན་པར་འགྱུར་རོ། །འདི་ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཚོགས་ཀྱི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་

པོས་ཡང་དག་པར་གྲུབ་པའི་ཕྱིར་རོ། །རྣམ་པས་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པས་ནི་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་རོ། །ཆེས་ཆེ་བ་ཉིད་ཀྱིས་ནི་དེ་ལས་ཆེས་ཆེ་བ་མེད་

པའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། །རང་བཞིན་ལས་ནི་ཞེ་མི་སྡང་བ་དང་། གཏི་མི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པ་ལས་ནི་ཁམས་

เล่ม ๑๔๑ · หน้า 249a

གཅིག་དང་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ས་ལས་ནི་བསམ་གཏན་བཞི་དང་བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་རོ། །རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་དང་སངས་རྒྱས་ཀྱི་རྒྱུད་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །ཐོབ་པ་ལས་ནི་འདོད་པའི་ཁམས་

དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་པ་ཡིན་པའི་ཕྱིར་བ་དང་། མཚུངས་པ་དང་མི་མཚུངས་པ་ལས་ཐུགས་རྗེ་མཛད་པ་ཡིན་པའི་ཕྱིར་རོ། །ཅི་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཉམ་པ་ཉིད་ཡིན་ནམ་ཞེ་ན། ཚོགས་དང་ཆོས་སྐུ་

འགྲོ་བའི་དོན། །སྤྱོད་པས་སངས་རྒྱས་ཐམས་ཅད་དག། མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་ཚད་ཀྱིས་མ་ཡིན་ནོ། །སངས་རྒྱས་ཐམས་ཅད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱིས་ཡང་དག་པར་འགྲུབ་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་། འཇིག་རྟེན་གྱི་དོན་སྤྱོད་པ་དང་། རྒྱུ་གསུམ་གྱིས་མཉམ་པ་ཉིད་

ཡིན་ནོ། །སྐུ་ཚེ་དང་ཆོ་རིགས་དང་ཚད་དུ་བྱས་པ་ནི་བྱེ་བྲག་ཡོད་དེ། ཡུན་རིང་པོ་དང་ཐུང་ངུར་འཚོ་བ་དང་། རྒྱལ་རིགས་དང་། བྲམ་ཟེའི་རིགས་ཐ་དད་པ་དང་། །འོད་སྲུངས་དང་ཤཱཀྱ་ལ་སོགས་པའི་རིགས་ཐ་དད་པ་དང་། དུས་ཇི་ལྟ་བ་བཞིན་དུ་སྐུའི་བོང་ཚོད་ཆེ་ཆུང་ཐ་དད་པའི་ཕྱིར་རོ། །འདི་ལྟ་སྟེ་ཕུན་སུམ་ཚོགས་པ་

གསུམ་པོ། །རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཕན་པ་ཕུན་སུམ་ཚོགས་པ་དེ་དག་ཁོ་ན་ཡིད་ལ་བྱེད་པའི་མཁས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། དགའ་བ་དང་བཀུར་སྟི་ཆེན་པོ་བསྐྱེད་པར་ནུས་སོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། བསོད་

ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གོམས་པ་དང་། ཡུན་རིང་པོ་ནས་གོམས་པ་དང་། བར་ཆད་མེད་པར་གོམས་པ་དང་། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་བཞི་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་

པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་པ་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་བཞི་སྟེ། ངན་སོང་གསུམ་དང་འཁོར་བ་ལས་ཤིན་ཏུ་ངེས་པར་གྲོལ་བ་ཕུན་སུམ་ཚོགས་པའམ། ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་བྱེད་པས་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་

เล่ม ๑๔๑ · หน้า 249b

པ་ལ་ཡང་རྣམ་པ་བཞི་སྟེ། མ་བསྟན་པར་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་དུ་མཁྱེན་པ་དང་། མ་འབད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་

ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་པ་དང་། ཡོངས་སུ་བསྒྱུར་བ་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང་། སྐུ་ཚེ་གཏོང་བར་བྱིན་གྱིས་བརླབ་པའི་མངའ་ཕུན་སུམ་ཚོགས་

པ་དང་། སྒྲིབ་པ་དང་། ནམ་མཁའ་དང་ཤིན་ཏུ་རིང་བ་ལ་ཡང་མྱུར་དུ་གཤེགས་པ་དང་། ཆུང་ངུ་ཆེན་པོར་འཇུག་པར་མཛད་པའི་མངའ་ཕུན་སུམ་ཚོགས་པ་དང་། བདག་ཉིད་ཀྱི་ཡ་མཚན་གྱི་ཆོས་རྣམ་པ་དུ་མ་ཕུན་སུམ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་

ཚོགས་པ་དང་། དཔེ་བྱད་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་དང་། སྐུ་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་པ་སྟེ། དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་ནི་དབྱེ་ན་རབ་ཏུ་དབྱེ་བ་མཐའ་ཡས་པར་འགྱུར་རོ། །དེ་ཡང་གལ་ཏེ་བཅོམ་

ལྡན་འདས་ཉིད་ཀྱིས་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་བྱིན་གྱིས་བརླབས་ན་ནི་མཐའ་དག་བརྗོད་པ་དང་མཁྱེན་པར་སྤྱོད་དོ། །དེ་ལྟར་ན་རེ་ཞིག་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་དང་མཐུ་དང་ཕན་པའི་ཡོན་ཏན་མཐའ་ཡས་ཤིང་རྨད་དུ་བྱུང་བ་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་

པ་རང་གི་ཡོན་ཏན་དབུལ་བས་མོས་པ་བཅོམ་པ་རྣམས་ནི་ཡོན་ཏན་གྱི་འབྱོར་པ་དེ་ལྟ་བུ་ཐོབ་ཀྱང་སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཀྱི། མཁས་པ་རྣམས་ནི་རྐང་ཡན་ཆད་ནས། བཅོམ་ལྡན་འདས་དེ་དང་དེའི་ཆོས་ལ་ཡིད་ཆེས་པར་འགྱུར་ཏེ། དེ་དག་ནི་དེ་ལ་དད་པ་ཙམ་གྱིས་གཅིག་ཏུ་

མངོན་པར་རབ་ཏུ་ཞུགས་པས་ཀྱང་རྣམ་པར་སྨིན་པར་མ་ངེས་པའི་སྡིག་པའི་ཚོགས་རྣམས་ཟིལ་གྱིས་མནན་ཏེ། ལྷ་དང་མིའི་ལེགས་པ་ཉམས་སུ་མྱོང་ཞིང་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པ་མ་ཡིན་པ་དང་། འབྲས་བུ་ཡིད་དུ་འོང་བ་དང་། མཆོག་ཏུ་འགྱུར་བ་དང་།

เล่ม ๑๔๑ · หน้า 250a

མཐའ་བཟང་བས་ན་དེ་བཞིན་གཤེགས་པ་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་། གང་དག་རྒྱལ་བ་རྣམས་འདྲེན་ལ། །ཅུང་ཟད་བྱ་བ་བྱེད་པ་འགྱུར་བའང་། །མཐོ་རིས་སྣ་ཚོགས་བགྲོད་ནས་ནི། །བདུད་རྩིའི་གོ་འཕང་ཐོབ་པར་འགྱུར། །ཞེས་

གསུངས་སོ། །རེ་ཞིག་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །ཆོས་གཞན་སློབ་མ་དང་ཐུན་མོང་སངས་རྒྱས་ཀྱི་ཡོན་ཏན་གཞན་རྣམས་ནི་ཉན་ཐོས་དང་ཡང་ཐུན་མོང་ཡིན་ལ། ཁ་ཅིག་སོ་སོའི་སྐྱེ་བོ་དང་། དེ་དག་ཀྱང་གང་ཞེ་ན་ཅི་རིགས་པར། ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་

ཡང་དག་རིག་མངོན་སོགས། །ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་མནན་པའི་སྐྱེ་མཆེད་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་

པའོ། །དེ་ལ་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི། དགྲ་བཅོམ་པ་ལ་ལ་ཞིག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་པ་ལ་རབ་ཏུ་སྐྱེ་བ་དང་། བདག་ཉིད་ཀྱང་ཡོན་གནས་ཀྱི་ཁྱད་པར་ཡིན་པར་རིག་ནས་གཞན་དག་དེ་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བ་ཡོངས་སུ་སྤངས་པར་འདོད་དེ།

ཅི་ནས་གང་གིས་གཞན་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པ་སྐྱེ་བར་མི་བྱེད་ཅིང་། འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ། ཞེ་སྡང་ངམ། ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ། ལམ་དེ་ནི་ཅུང་ཟད་ཀྱང་ཉོན་མོངས་པར་མི་བྱེད་

པས་ན་ཉོན་མོངས་པ་མེད་པ་ཞེས་བྱའོ། །ཡང་དེ་ནི། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །དེ་ནི་དེའི་རང་བཞིན་ཡིན་ནོ། །བསམ་གཏན་ཐ་མའི། བསམ་གཏན་བཞི་པའི་ས་པ་ཡིན་ཏེ། བདེ་བ་བསྒྲུབ་པའི་མཆོག་ཡིན་པའི་ཕྱིར་རོ། །མི་གཡོ་ཆོས་དགྲ་བཅོམ་པ་གཞན་གྱིས་མ་ཡིན་ཏེ། གཞན་

དག་ནི་རེས་འགའ་བདག་གི་རྒྱུད་ལས་ཀྱང་ཉོན་མོངས་པ་ཡོངས་སུ་སྤོང་བར་མི་ནུས་སོ། །མི་སྐྱེད། མི་རྣམས་ཀྱི་ནང་ཉིད་དང་། གླིང་གསུམ་དག་ཏུ་སྐྱེ་བར་བྱེད་དོ། །ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ལོ། །དེའི་དམིགས་པ་ནི་ཉོན་མོངས་པ་འདོད་པར་གཏོགས་

เล่ม ๑๔๑ · หน้า 250b

པ་མ་འོངས་པ་གཞི་དང་བཅས་པ་རྣམས་ཡིན་ཏེ། ཅི་ནས་ཀྱང་གཞན་དག་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་དེ་ལྟར་ཞུགས་པའི་ཕྱིར་རོ། །ཐམས་ཅད་དུ་འགྲོ་བ་རྣམས་ནི་རང་གི་མཐའ་དག་ལ་དམིགས་པའི་ཕྱིར་གཞི་མེད་པའི་ཉོན་མོངས་པ་ནི་སྤང་བར་མི་ནུས་སོ། །ཉོན་མོངས་པ་མེད་པ་ཇི་སྐད་དུ་བཤད་པ། སྨོན་

ནས་ཤེས་པ་དེ་བཞིན་ནོ། །ཀུན་རྫོབ་ཤེས་པ་དེ་ཡང་བསམ་གཏན་ཐ་མ་པ་དང་། མི་གཡོ་བའི་ཆོས་ཅན་རྣམས་ཀྱི་དང་། མིའི་ལུས་ལ་བརྟེན་པ་ཡིན་ནོ། །དེ་ཡི་དམིགས་པ་ཐམས་ཅད་དོ། །སྨོན་ནས་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་ཏེ། དེ་ལྟར་ན་དེ་ནི་བྱེ་བྲག་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་

རྣམས་ན་རེ། །སྨོན་ནས་ཤེས་པ་གཟུགས་མེད་པར་གཏོགས་པ་རྣམས་ནི་མངོན་སུམ་དུ་མི་ཤེས་ཀྱི། ཇི་ལྟར་ཞེ་ན། རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་གི་སྒོ་ནས་ཤེས་ཏེ། འདིར་དཔེ་ནི་ཞིང་པ་ལྟ་བུ་ཞེས་ཟེར་རོ། །སྨོན་པ་སྔར་བཏང་ནས་ཤེས་པ་ནི་སྨོན་ནས་ཤེས་པ་སྟེ་གང་ཞིག་འདི་ཤེས་པར་བྱའོ་ཞེས་

སྨོན་ནས་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེའི་སྤྱོད་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དེ་བཞིན་ཆོས་དོན་ངེས་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་རིག །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་

དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ཀྱང་ཉོན་མོངས་པ་མེད་པ་ཇི་ལྟ་བ་དེ་བཞིན་ནོ། །དེ་དག་གི་དེ་བཞིན་ཞེས་བྱ་བ་ཡང་གང་ཞིག་ཅེ་ན། མི་གཡོ་བའི་ཆོས་ཅན་རྣམས་ཀྱི་ཡིན་

པ་དང་། མིའི་ལུས་ལ་བརྟེན་པ་ཉིད་ཡིན་གྱི། དེ་དག་གི་དམིགས་པ་དང་སའི་བྱེ་བྲག་ནི་ཐ་དད་པར་བརྗོད་དོ། །མིང་ཚིག་དོན་ལ་ཐོགས་མེད་ཤེས། །གསུམ་པོ་དག་དང་རིམ་བཞིན་ནོ། །མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང་དོན་དང་ཚིག་ལ་ཐོགས་པ་མེད་པར་ཤེས་པ་ནི་རིམ་པ་བཞིན་དུ་

ཆོས་དང་དོན་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །བཞི་པ་རིག་པ་ཐོགས་མེད་པར། །བརྗོད་དང་ལམ་ལ་དབང་ཉིད་ལ། །ཐོགས་པ་མེད་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིག་པ་དང་། ཐགས་ཐོགས་མེད་པར་བརྗོད་པ་དང་། ཏིང་ངེ་འཛིན་

เล่ม ๑๔๑ · หน้า 251a

ལ་དབང་བ་དང་། རབ་ཏུ་གསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པའོ། །དེ་ཡི་དམིགས་པ་དག་དང་ལམ། །དེའི་དམིགས་པ་དག་དང་ལམ་ཡིན་ནོ། །ཤེས་པ་དགུ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་འགོག་པ་ཤེས་པ་མ་གཏོགས་པ་དགུའི་རང་བཞིན་ཡིན་ནོ། །ས་ཐམས་

ཅད་དང་། དེ་ནི་ངག་དང་ལམ་གཉིས་ལས་གང་ཡང་རུང་བ་ཞིག་ལ་དམིགས་པའི་ཕྱིར་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱི་ས་ཐམས་ཅད་པ་ཡིན་ནོ། །ཡང་དག་དོན་རིག་བཅུ་འམ་དྲུག །དོན་སོ་སོ་ཡང་དག་པར་རིག་པ་ནི། གལ་ཏེ་དོན་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་དོན་

མྱ་ངན་ལས་འདས་པ་ཡིན་ན་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། འགོག་པ་ཤེས་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། ཀུན་རྫོབ་ཤེས་པ་རྣམས་ཏེ། ཤེས་པ་དྲུག་ཡིན་ནོ། །དེ་ནི་ཐམས་ཅད། དོན་སོ་སོ་ཡང་དག་པར་རིག་པ་ནི་ས་ཐམས་ཅད་པའོ། །གཞན་ཀུན་རྫོབ། གཞན་

ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གཉིས་ནི་མིང་གི་ཚོགས་ལ་སོགས་པ་དང་། ངག་ལ་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ནོ། །ཆོས་རིག་འདོད་དང་བསམ་གཏན་ན། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་ས་ལྔ་པོ་འདོད་པའི་ཁམས་དང་བསམ་གཏན་བཞིས་

བསྡུས་པ་ཡིན་ཏེ། དེའི་གོང་ན་མིང་གི་ཚོགས་མེད་པའི་ཕྱིར་རོ། །ངག་ནི་འདོད་དང་དང་པོ་ན། །ངག་དང་ངེས་པའི་ཚིག་ཅེས་བྱ་བ་ནི་དོན་གཅིག་གོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་ཡིན་ཏེ། དེའི་གོང་ན་རྟོག་པ་མེད་པའི་ཕྱིར་རོ། །

བཏགས་པ་ལས་ནི་སོ་སོ་ཡང་དག་པར་རིག་པ་དག་ནི་འདི་སྐད་དུ་སྟོན་ཏེ། ཚིག་དང་ཡི་གེ་དང་དེ་ཉིད་ཀྱི་དོན་དང་། དེ་ཉིད་ཀྱི་གཅིག་དང་གཉིས་དང་། མང་པོ་དང་། ཕོ་མོ་ལ་སོགས་པའི་ཚིག་བླ་དགས་དེ་དག་ལ་ཐོགས་པ་མེད་པར་བྱ་བའི་ཕྱིར་ཐོགས་པ་མེད་པར་ཤེས་པ་ནི་ཆོས་ལ་སོགས་པ་སོ་སོ་ཡང་

དག་པར་རིག་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་དེ་དག་གི་རིམ་པ་ནི་དེ་ལྟར་གྲུབ་བོ། །ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ། དཔེར་ན་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ན་རེ་ལན་དང་ལན་ལ་སྤོབས་པས་ན་སྤོབས་པ་ཡིན་ནོ་ཞེས་ཟེར་རོ། །སོ་སོ་ཡང་དག་

เล่ม ๑๔๑ · หน้า 251b

པར་རིག་པ་དེ་དག་གི་སྔར་སྦྱོར་བ་ནི་རིམ་བཞིན་དུ་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དག་ཡིན་ཏེ། དེ་དག་ལ་མཁས་པར་མ་བྱས་པར་དེ་དག་བསྐྱེད་པར་མི་ནུས་སོ་ཞེས་གྲག་གོ། །དེ་དག་ཐམས་ཅད་ཀྱི་སྦྱོར་བ་ནི་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གང་

གིས་སོ་སོ་ཡང་དག་པར་རིག་པ་གཅིག་ཐོབ་པ་དེས་གདོན་མི་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡང་འཐོབ་སྟེ། མ་ཚང་བར་ནི་དེ་ཐོབ་མེད། །སོ་སོ་ཡང་དག་རིག་པ་དེ་དག་མ་ཚང་བར་ཐོབ་པ་ཅན་ནི་མེད་དོ། །དེ་ལྟར་ན་ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་བསྟན་པ་གང་ཡིན་པ། དྲུག་

པོ་དེ་དག་རབ་མཐའ་ཡིས། །དེ་དག་ནི་རབ་གྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པོ། །དེ་ནི་རྣམ་དྲུག །རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་དེ་ཡང་། ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་གསུམ་དང་། རབ་ཀྱི་མཐའ་པ་དེ་ཉིད་དང་། དྲུག་གི་

བདག་ཉིད་ཡིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། དེའི་སྟོབས་ཀྱིས་ཐོབ་པ་ཡིན་གྱི། བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་ཞེས་བྱ་བ་དེ་ཅི་ཞེ་ན། བསམ་གཏན་མཐའ། བསམ་གཏན་བཞི་པ་ཡིན་ནོ། །དེ་ནི་ས་ཀུན་རྗེས་མཐུན་ཞིང་། །འཕེལ་བའི་མཐའ་མར་

ཕྱིན་པའོ། །ཇི་ལྟར་ན་ས་ཐམས་ཅད་དང་རྗེས་སུ་མཐུན་པ་ཡིན་ཞེ་ན། འདོད་པ་ལས་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ཡིན་ལ། དེ་ལས་ནི་གཉིས་པ་སྟེ། དེ་བཞིན་དུ་རིམ་གྱིས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ཡིན་ནོ། །མི་མཐུན་པ་ནི་ཡང་འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་བར་དུ་ཡིན་ནོ། །

ཡང་རྗེས་སུ་མཐུན་པ་ནི་བསམ་གཏན་བཞི་པའི་བར་ཡིན་ཏེ། དེ་ལྟར་ན་ས་ཐམས་ཅད་རྗེས་སུ་མཐུན་པ་ཡིན་ནོ། །ཇི་ལྟར་ན་འཕེལ་བའི་མཐར་ཕྱིན་པ་ཡིན་ཞེ་ན། དེ་ལྟར་བསྒོམས་པ་ཆུང་ངུ་ལས་འབྲིང་། འབྲིང་ལས་ཆེན་པོར་སྙོམས་པར་འཇུག་ཅིང་འཕེལ་བའི་མཆོག་ཏུ་བྱུང་བ་ནི། འཕེལ་བའི་མཐར་ཕྱིན་

པ་སྟེ། བསམ་གཏན་དེ་ལྟ་བུ་ནི་རབ་ཀྱི་མཐའ་ཡིན་ནོ། །འདི་ནི་མཐའི་ཐ་མར་རབ་ཏུ་ཕྱིན་པ་ཙམ་ཡིན་པའི་ཕྱིར་ཏེ། འདིར་མཐའ་ཞེས་བྱ་བ་ནི་འཕེལ་བའམ་རྣམ་པ་ཡིན་ཏེ། མུ་བཞི་ཞེས་བྱ་བ་བཞིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་། །སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེ། །སངས་རྒྱས་ལས་གཞན་

เล่ม ๑๔๑ · หน้า 252a

པའི་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་དོ། །དེ་ནི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར། ཡོན་ཏན་མངོན་དུ་བྱ་བ་ཐམས་ཅད་ནི་བཞེད་པ་ཙམ་ལ་རག་ལུས་པ་ཡིན་ནོ། །དེ་དག་ནི་རེ་ཞིག་

ཉན་ཐོས་དང་ཐུན་མོང་པའི་ཡོན་ཏན་ཡིན་ནོ། །མངོན་པར་ཤེས་པ་ལ་སོགས་པ་ནི་སོ་སོའི་སྐྱེ་བོ་དག་དང་ཐུན་མོང་ཡིན་ཏེ། མངོན་པར་ཤེས་པ་ཞེས་བྱ་བ་དེ་ཡང་ཇི་ལྟར་ཞེ་ན། མངོན་ཤེས་རྣམ་དྲུག་རྫུ་འཕྲུལ་དང་། །རྣ་བ་ཡིད་དང་སྔོན་ཚེ་དང་། །ཤི་འཕོ་སྐྱེ་དང་ཟད་ཤེས་པ། །མངོན་དུ་བྱའོ། །རྫུ་འཕྲུལ་གྱི་

ཡུལ་ཤེས་པ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། ཚེ་སྔ་མ་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །དེ་ལྟར་མངོན་པར་ཤེས་པ་དྲུག་པོ་དེ་དག་ལས་ལྔ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་ཡིན་ནོ། །དེ་དག་ཐམས་ཅད་ནི། གྲོལ་ལམ་བློ། །དགེ་སྦྱོང་གི་འབྲས་བུ་བཞིན་དུ་

རྣམ་པར་གྲོལ་བའི་ལམ་གྱི། ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པར་ཤེས་པའི་མངོན་པར་ཤེས་པ་མ་གཏོགས་སོ། །སེམས་ཤེས་པ་ནི་ལྔ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ནི་ཆོས་དང་། རྗེས་སུ་ཤེས་

པ་དང་། ལམ་དང་། ཀུན་རྫོབ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་ལྔ་ཡིན་ནོ། །ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་ཤེས་པ་དྲུག་གམ། བཅུ་ཡིན་པ་ཞེས་བཤད་པ་དེ་བཞིན་དུ་རིག་པར་བྱ་ལ། དེ་བཞིན་དུ་ས་ཐམས་ཅད་

པ་ཡིན་པར་ཡང་ཤེས་པར་བྱའོ། །ལྷག་མ། ལྔ་ནི་བསམ་གཏན་བཞི་དག་གི། མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ། །མངོན་པར་ཤེས་པ་ལྔ་པོ་དག་གི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཡིན་པ་དེས་ས་དེའམ་ས་འོག་མར་འགྲོ་ཞིང་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །དེ་

བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པས་ཀྱང་རང་གི་ས་པ་ཁོ་ནའམ། ས་འོག་མ་པའི་སྒྲ་ཐོས་ཀྱི་ས་གོང་མ་པའི་ནི་མ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པས་ཀྱང་ས་གོང་མའི་སེམས་མི་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས་ཀྱང་མི་དྲན་ནོ། །འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པས་

เล่ม ๑๔๑ · หน้า 252b

ཀྱང་མཐོང་སྟེ། དེ་གཉིས་ཀྱི་ཕྱིར་གཟུགས་མེད་པའི་ས་པའི་སེམས་ནི་ས་གོང་མ་ཡིན་པའི་ཕྱིར་སེམས་ཀྱི་རྣམ་པ་དང་སྔོན་གྱི་གནས་མངོན་པར་ཤེས་པ་གཉིས་ཀྱིས་མི་འཛིན་ཏོ། །དེ་དག་ཇི་ལྟར་འཐོབ་ཅེ་ན། མ་འདྲེས་པ་རྣམས་ཀྱི་སྦྱོར་བས། །ཐོབ་སྟེ་འདྲེས་པ་ཆགས་བྲལ་བས། །མངོན་པར་ཤེས་པ་ཚེ་

རབས་གཞན་ན་གོམས་པ་ཞིག་ཡིན་ན་ནི་འདོད་ཆགས་དང་བྲལ་བས་འཐོབ་པོ། །བྱེ་བྲག་ཅན་ན་ནི་སྦྱོར་བས་འཐོབ་པོ། །དེ་དག་ཐམས་ཅད་ཀྱང་སྦྱོར་བས་བསྐྱེད་པར་བྱ་བ་ཡིན་ནོ། །དང་པོ། གསུམ་པ་དྲན་པ་ཉེར་གཞག་གསུམ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་ལ་

དམིགས་པ་ཡིན་པའི་ཕྱིར་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དང་གསུམ་གྱི་རང་བཞིན་ཡིན་ནོ། །དང་པོ་རྣ་བ་རྫུ་འཕྲུལ་མིག །མངོན་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། མིག་གི་མངོན་པར་ཤེས་པ་རྣམས་ནི་གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་དྲན་པ་

ཉེ་བར་གཞག་པའི་དངོས་པོ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་མ་གཏོགས་པའི་ཕྱིར་སྐྱེ་མཆེད་བཞི་ཡིན་ནོ། །ལྷའི་རྣ་བ་དང་མིག་གི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་དང་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཇི་

ལྟར་ན་འཆི་འཕོ་དང་སྐྱེ་བ་ཤེས་པས་འདི་ལྟར་སེམས་ཅན་འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པར་ཤེས་ཤེ་ན། དེ་ནི་དེས་མི་ཤེས་ཀྱི་འཕགས་པ་རྣམས་ལ་དེ་ལས་གཞན་པ་གང་གིས་དེ་ལྟ་བུ་ཤེས་པར་འགྱུར་བ། མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་

སྐྱེའོ། །ལྷག་མ་དག་ནི་ངེས་པར་མ་གཟུང་བའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། །ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །

དེ་དག་ནི་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་མ་ཡིན་ནོ། །ཇི་ལྟར་དེ་དག་བསམ་གཏན་བཞི་པའི་ས་པར་གྲུབ་ཅེ་ན། གནས་ཀྱི་དབང་གིས་དེའི་ས་པར་བཤད་པར་ཟད་པའི་ཕྱིར་ཏེ། དེའི་མིག་དང་རྣ་བ་ནི་བསམ་གཏན་བཞི་ཆར་གྱི་ས་པ་ཡིན་ནོ། །ཡང་ན་བར་ཆད་མེད་པའི་

เล่ม ๑๔๑ · หน้า 253a

ལམ་གྱི་དབང་གིས་སོ། །གཞན་བཞི་པོ་དག་ནི་དགེ་བ་ཡིན་ནོ། །མངོན་པར་ཤེས་པ་དེ་རྣམས་ལས། གསུམ་ནི་རིགས་པར། སྔོན་གྱི་གནས་དང་། ཤི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ། །ཅིའི་ཕྱིར་དེ་

དག་འབའ་ཞིག་ཡིན་གྱི་གཞན་དག་ནི་མ་ཡིན་ཞེ་ན། སྔོན་མཐའ་སོགས། མ་རིག་པ་རྣམས་བཟློག་པའི་ཕྱིར། དེ་དག་ནི་རིམ་བཞིན་དུ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་དག་ལ་རྨོངས་པ་ཟློག་པར་བྱེད་དོ། །དེ་དག་ལས་ཀྱང་དོན་དམ་པར། མི་སློབ་ཐ་མ། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ཁོ་

ན་མི་སློབ་པའི་རིག་པ་ཡིན་ནོ། །གཉིས་ནི་དེའི། རྒྱུད་ལས་སྐྱེས་ཕྱིར་དེ་ཞེས་བྱ། །གཞན་གཉིས་ནི་མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ཞེས་བྱ་བའི་མི་སློབ་པ་ཡང་མ་ཡིན་མི་སློབ་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ན། མངོན་པར་ཤེས་པ་དེ་དག་སློབ་པའི་ཡིན་པར་མི་འདོད། གང་གི་

ཕྱིར་ན་ནི་སློབ་པའི་རིག་པ་ཞེས་མི་བྱ་ཞེ་ན། སློབ་པ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མི་བརྗོད། །རྒྱུད་མ་རིག་པ་དང་བཅས་པ་བཞིན་དུ་རིག་པར་རྣམ་པར་གཞག་པ་རིག་པ་མ་ཡིན་ཏེ། ཡང་ཉོན་མོངས་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །མངོན་པར་ཤེས་པ་དེ་དག་གི །དང་པོ་

གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན། རྫུ་འཕྲུལ་དང་སེམས་ཀྱི་རྣམ་གྲངས་དང་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་ནི་རིམ་བཞིན་དུ་རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། །ཆོ་འཕྲུལ་གསུམ་ཡིན་ཏེ། དང་པོ་ཁོ་ནར་འདུལ་བའི་སེམས་

ཤིན་ཏུ་འཕྲོག་པར་བྱེད་པའི་ཕྱིར་ཆོ་འཕྲུལ་རྣམས་ཡིན་པའམ། ཞེ་འགྲས་པའམ། བར་མར་གནས་པ་རྣམས་ཀྱི་ཡིད་ཡང་དང་ཡང་དུ་འཕྲོག་པར་བྱེད་པ་ཡིན་པའི་ཕྱིར་ན་ཆོ་འཕྲུལ་རྣམས་ཡིན་ནོ། །དེ་དག་གི་ནང་ནས། བསྟན་པ་མཆོག །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་མཆོག་ཡིན་ནོ། །མི་

འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །རྫུ་འཕྲུལ་དང་ཀུན་རྫོབ་པ་ནི་རིག་སྔགས་ཀྱིས་ཀྱང་བྱེད་དེ། ས་འཛིན་པ་ཞེས་བྱ་བའི་རིག་སྔགས་གང་གིས་ནམ་མཁའ་ལ་འགྲོ་བ་དང་རྟོག་བྱེད་ཅེས་བྱ་བའི་རིག་སྔགས་གང་གིས་ན་གཞན་གྱི་སེམས་ཤེས་པ་ཡང་ཡོད་ཀྱི།

เล่ม ๑๔๑ · หน้า 253b

ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་ནི་གཞན་དུ་བྱ་བར་མི་ནུས་ཏེ། མི་འཁྲུལ་པའི་ཕྱིར་ན་དེ་ནི་གཙོ་བོ་ཡིན་ནོ། །དེ་གཉིས་ཀྱིས་ནི་གཏོད་པ་ཙམ་དུ་བྱེད་ལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཕན་པ་དང་ཡིད་དུ་འོང་བའི་འབྲས་བུ་སྦྱོར་བར་འགྱུར་བའི་ཐབས་སྟོན་པའི་ཕྱིར་དེ་ཉིད་མཆོག་ཡིན་ནོ། །

རྫུ་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་དེ་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི། རྫུ་འཕྲུལ་ཏིང་ངེ་འཛིན་འདིས་འགྲུབ་པར་འགྱུར་བས་ནི་ཞེས་བྱ་བར་སྦྱར་རོ། །དེས་ཅི་ཞིག་འགྲུབ་ཅེ་ན། དེ་ལས་ནི། སྤྲུལ་པ་དང་འགྲོ་བ་དང་། དེ་ལས་འགྲོ་བ་ནི་རྣམ་པ་གསུམ་སྟེ། ལུས་མགྱོགས་པ་ཅན་དང་

མོས་པ་ཅན་དང་ཡིད་མྱུར་བའོ། །སྟོན་པ་ལ། ཡིད་མྱུར་འགྲོ་བ། ཡིད་བཞིན་དུ་མྱུར་བའི་ཕྱིར་ཏེ། ཡིད་མྱུར་གྱིས་འགྲོ་བ་ནི་སངས་རྒྱས་བཅོམ་ལྡན་འདས་འབའ་ཞིག་གི་ཡིན་གྱི། གཞན་དག་གི་ནི་མ་ཡིན་ཏེ། ཡུལ་ཤིན་ཏུ་ཐག་རིང་པོར་ཡང་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་

བཅོམ་ལྡན་འདས་ཀྱིས་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བཀའ་སྩལ་ཏོ། །གཞན་འགྲོ་བ་གཉིས་ནི་མ་བཤད་ཀྱང་སངས་རྒྱས་ལ་མངའ་བར་གྲུབ་པའི་ཕྱིར་རོ། །གཞན་དག་ལ། མགྱོགས་པ་ཅན་དང་མོས་ཅན་ཡང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་

ལུས་མགྱོགས་པ་ཅན་གྱིས་འགྲོ་བ་ནི། བྱ་བ་བཞིན་དུ་རིམ་གྱིས་ལུས་མགྱོགས་པར་འགྲོ་བའི་ཕྱིར་རོ། །མོས་པ་ཅན་ནི་ཐག་རིང་པོ་ལ་ཉེ་བར་མོས་ནས་འགྲོ་བའི་ཕྱིར་རོ། །སྤྲུལ་པ་རྣམ་པ་གཉིས་ཏེ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །དེ་ལ་རེ་ཞིག །འདོད་པར་གཏོགས་པའི་

སྤྲུལ་པ་ནི། ཕྱིའི་སྐྱེ་མཆེད་བཞི། འདོད་པ་ན་སྤྱོད་པའི་སྤྲུལ་པ་ནི་སྒྲའི་སྐྱེ་མཆེད་མ་གཏོགས་པ་གཟུགས་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་རྣམ་གཉིས་ཏེ། དེ་ཡང་བདག་དང་གཞན་གྱི་ལུས་དང་འབྲེལ་བའོ། །གཟུགས་གཏོགས་གཉིས། གཟུགས་སུ་

གཏོགས་པའི་སྤྲུལ་པ་ནི། དེ་ནི་དྲི་དང་རོ་མེད་པའི་ཕྱིར་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཡིན་ནོ། །དེ་ཡང་དེ་བཞིན་དུ་རྣམ་པ་གཉིས་ཡིན་ནོ། །ཇི་ལྟར་འདོད་པའི་ཁམས་དག་གི་སྤྲུལ་པ་དེ་རྣམ་པ་བཞི་ཡིན་པ་ལྟར། གཟུགས་ཀྱི་ཁམས་དག་གི་ཡང་དེ་བཞིན་ཏེ། དེ་ལྟར་ན་མདོར་བསྡུ་ན་

เล่ม ๑๔๑ · หน้า 254a

སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །ཇི་ལྟར་ན་གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པའི་ཁམས་ན་སྤྱོད་པ་སྤྲུལ་པར་བྱེད་པ་ན། དྲི་དང་རོ་དང་ལྡན་པར་མི་འགྱུར་ཞེ་ན། གོས་དང་རྒྱན་བཞིན་དུ་མི་ལྡན་ནོ། །ཁ་ཅིག་ན་རེ་སྐྱེ་མཆེད་གཉིས་སྤྲུལ་པར་བྱེད་དོ་ཞེས་ཟེར་རོ། །ཡང་ཅི་

མངོན་པར་ཤེས་པ་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟར་ཞེ་ན། མངོན་པར་ཤེས་པའི་འབྲས་བུ། སྤྲུལ་སེམས་དག་གིས། དེ་དག་རྣམས་ནི་བཅུ་བཞིའོ། །སྤྲུལ་པའི་སེམས་བཅུ་བཞི་པོ་དེ་དག་ནི། བསམ་གཏན་འབྲས་གཉིས་ནས་ལྔའི་བར། །རིམ་བཞིན་བསམ་

གཏན་དང་པོའི་འབྲས་བུ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པའི་སེམས་དང་གཉིས་ཡིན་ནོ། །བསམ་གཏན་གཉིས་པའི་ནི་གསུམ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང་བཞིའི་ས་དག་ལ་ཡང་བཞི་དང་ལྔར་སྦྱོར་རོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་

ནི། རང་གི་ས་པ་དང་ས་འོག་མ་པའི་ཡིན་པར་རིག་པར་བྱའོ། །རིམ་བཞིན་གོང་མ་ལས་སྐྱེ་མིན། །བསམ་གཏན་འོག་མའི་འབྲས་བུ་ས་གོང་མ་པའི་སྤྲུལ་པའི་སེམས་ནི་མེད་དོ། །བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པ་དང་། བསམ་གཏན་དང་

པོའི་ས་པ་ལས་འགྲོ་བའི་སྒོ་ནས་ཁྱད་པར་དུ་འཕགས་སོ། །དེ་རྙེད་བསམ་གཏན་བཞིན། སྤྲུལ་པའི་སེམས་དེ་དག་གི་རྙེད་པ་ནི་བསམ་གཏན་བཞིན་ནོ། །ཡང་ཅི་སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བར་འགྱུར་རམ་ཞེ་ན། དེ་ནི་མེད་དེ། གང་གི་ཕྱིར་དེ་ནི། དག་དང་བདག་ལས། སྐྱེ་སྟེ་སྤྲུལ་པའི་

སེམས་ནི་བསམ་གཏན་དག་པའམ། སྤྲུལ་པའི་སེམས་ནི་མཇུག་ཐོགས་ཤིག་ལས་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ་ལས་གཉིས། སྤྲུལ་པའི་སེམས་ལས་ཀྱང་བསམ་གཏན་དག་པ་དང་སྤྲུལ་པའི་སེམས་སྐྱེ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ཡང་།

ཏིང་ངེ་འཛིན་ལ་མ་ཞུགས་པར་དེ་ལས་ལྡང་བ་ནི་མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་། རང་གི་ས་པས་སྤྲུལ་པར་བྱེད། ས་གཞན་པའི་སྤྲུལ་པའི་སེམས་ཀྱི་ས་གཞན་པའི་སྤྲུལ་པ་ནི་སྤྲུལ་པར་མི་བྱེད་དོ། །སྨྲར་འཇུག་པས་ནི་འོག་མས་ཀྱང་། །ཀྱང་གི་སྒྲས་ནི་ས་པས་ཀྱང་སྨྲར་འཇུག་གོ་ཞེས་བྱ་བའི་

เล่ม ๑๔๑ · หน้า 254b

ཐ་ཚིག་གོ། །འདོད་པའི་ཁམས་དང་བསམ་གཏན་དང་པོའི་སྤྲུལ་པ་ནི། རང་གི་ས་པའི་སེམས་ཉིད་ཀྱིས་སྨྲར་འཇུག་གོ། །དེའི་གོང་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་ཕྱིར་ས་གོང་མ་པ་རྣམས་ནི་བསམ་གཏན་དང་པོའི་ས་པས་སྨྲར་འཇུག་གོ། །སྤྲུལ་པ་མང་པོ་རྣམས་སྨྲར་འཇུག་གོ། །

སྟོན་མིན་སྤྲུལ་པ་པོ་ཉིད་བཅས། །སངས་རྒྱས་ལས་གཞན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་སྨྲས་པ། གང་གི་ཚེ་སྤྲུལ་པ་མང་པོ་ཡིན་པ་དེའི་ཚེ་གང་ཅིག་ཅར་དུ་སྨྲའོ། །ཚིགས་སུ་བཅད་པ་ལས་ཀྱང་། གཅིག་གིས་སྨྲ་བར་བྱེད་པ་ན། སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་

སྨྲ་བར་གྱུར་པ་དང་། ཐམས་ཅད་སྨྲ་བར་མི་འགྱུར་རོ། །ཞེས་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ནི་སྔ་ཕྱི་ཇི་ལྟར་བཞེད་པར་སྨྲའོ། །གང་གི་ཚེ་སྨྲར་འཇུག་པའི་སེམས་ཡིན་པ་དེའི་ཚེ། སྤྲུལ་པའི་སེམས་མེད་ན་ཇི་ལྟར་ན་དེ་སྨྲར་འཇུག་ཅེ་ན། བྱིན་གྱིས་བརླབས་ནས་གཞན་འཇུག་

ཕྱིར། སྤྲུལ་པ་གནས་པར་འདོད་པས་བྱིན་གྱིས་བརླབས་ཏེ། རྣམ་པར་རིག་བྱེད་ཀུན་ནས་སློང་བར། བྱེད་པའི་སེམས་གཞན་གྱི་ངག་འཇུག་པར་བྱེད་དོ། །ཇི་གསོན་པོ་འབའ་ཞིག་ལ་བྱིན་རླབས་རྗེས་སུ་འཇུག་གམ་འོན་ཏེ་ཤི་བ་ལ་ཡང་ཡོད་ཅེ་ན། ཤི་བ་ལ་ཡང་བྱིན་རླབས་ཡོད། །འཕགས་

པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེའི་རུས་པའི་རུས་གོང་གནས་པའི་ཕྱིར་རོ། །དེ་ཡང་མི་བསྟན་མིན། མི་བསྟན་པའི་དངོས་པོ་ལ་ནི་བྱིན་གྱི་རླབས་མེད་དེ། འཕགས་པ་འོད་སྲུངས་ཆེན་པོས་ཤ་ལ་སོགས་པ་ལ་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །གཞན་མིན་གཞན་དག་ན་རེ་དེ་ནི་

ཤི་བ་ལ་བྱིན་གྱི་རླབས་མེད་ཀྱི། རུས་པའི་རུས་གོང་གནས་པ་ནི། །ལྷས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ནར་སྤྲུལ་པར་བྱེད་དམ་ཞེ་ན། དབང་པོ་གཅིག་ནི་དུ་མ་སྟེ། །བྱང་བར་གྱུར་ནས་བཟློག་པའོ། །དང་པོ་ཁོ་

ནའི་སྤྲུལ་པ་གཅིག་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པར་བྱེད་དོ། །མངོན་པར་ཤེས་པ་བྱང་ནས་ནི་སེམས་གཅིག་གིས་ཀྱང་ཇི་སྲིད་དུ་སྤྲུལ་པར་འདོད་པར་སྤྲུལ་པ་དུ་མ་སྤྲུལ་པར་བྱེད་དོ། །ཡང་ཅི་སྤྲུལ་པའི་སེམས་ཐམས་ཅད་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། བསྒོམ་ལས་སྐྱེས་

เล่ม ๑๔๑ · หน้า 255a

པ་ལུང་མ་བསྟན། །བསྒོམ་པའི་འབྲས་བུ་གང་ཡིན་པ་དེ་ནི་ངེས་པར་ལུང་དུ་མ་བསྟན་པ་ཡིན་ནོ། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །སྐྱེ་བས་ཐོབ་པ་ལྷ་དང་ཀླུ་དང་ཤ་ཟ་ལ་སོགས་པའི་སེམས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་གིས་

བྱས་པའི་སྤྲུལ་པ། བདག་དང་གཞན་གྱི་ལུས་དང་འབྲེལ་པ་ནི། སྒྲ་མེད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་སྐྱེ་མཆེད་དགུ་པ་ཡིན་ཏེ། དབང་པོ་དང་ཐ་མི་དད་པའི་ཕྱིར་རོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ། །ཅི་བསྒོམས་པ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པའི་རྫུ་འཕྲུལ་རྣམ་གཉིས་ཁོ་

ནར་ཟད་དམ་ཞེ་ན། དེ་རྣམ་གཉིས། སྔགས་སྨན་ལས་ལས་སྐྱེས་པ་དང་། །རྫུ་འཕྲུལ་རྣམ་པ་ལྔ་ཡིན་ནོ། །རྫུ་འཕྲུལ་ནི་མདོར་བསྡུ་ན་རྣམ་པ་ལྔའོ་ཞེས་བརྗོད་དེ། བསྒོམ་པའི་འབྲས་བུ་དང་སྐྱེ་བས་ཐོབ་པ་དང་། གསང་སྔགས་ལས་སྐྱེས་པ་དང་། སྨན་ལས་སྐྱེས་པ་དང་། ལས་ལས་

སྐྱེས་པ་སྟེ། དཔེར་ན་ང་ལས་ནུ་དང་། སྲིད་པ་བར་མ་པ་རྣམས་ཀྱི་ལྟ་བུའོ། །ལྷའི་མིག་དང་རྣ་བ་བཤད་པ་གང་ཡིན་པ་དེ་དག་ཅི་ལྷའི་ཁོ་ན་ཡིན་ནོ། །འོན་ཏེ་བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བའི་ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་བཞིན་དུ་ལྷའི་དང་འདྲ་བས་ན་ལྷའི་ཞེས་བྱ་ཞེ་ན།

ལྷ་ཡི་མིག་དང་རྣ་བ་སྟེ། །གང་གི་ཕྱིར་དེ་གཉིས། བསམ་གཏན་ས་པའི་གཟུགས་དང་། བསམ་གཏན་ལ་སྙོམས་པར་ཞུགས་པ་སྒྲ་དང་སྣང་བ་ལ་གཏོད་པའི་སྦྱོར་བས་བསམ་གཏན་གྱི་ས་པའི་འབྱུང་བ་རྣམས་རྒྱུར་བྱས་པའི་གཟུགས་དང་བ། གཟུགས་དང་སྒྲ་དག་མཐོང་བ་དང་ཐོས་པའི་

རྒྱུར་གྱུར་པའི་མིག་དང་རྣ་བའི་ཉེན་ཀོར་དུ་མངོན་པར་གྲུབ་སྟེ། དེ་ལྟ་བས་ན་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་མིག་དང་རྣ་བ་དེ་དག་ནི་ལྷའི་ཁོ་ན་ཡིན་ནོ། །དེ་གཉིས་ཀྱང་། རྟག་དང་རྟེན་བཅས་མ་ཚང་མེད། ཐག་རིང་ཕྲ་ལ་སོགས་སྤྱོད་ཡུལ། །ལྷའི་མིག་དང་རྣ་བ་ནི་རྟག་ཏུ་རྣམ་

པར་ཤེས་པ་དང་བཅས་པ་ཡིན་པའི་ཕྱིར་དེའི་བརྟེན་པ་དང་བཅས་པ་མེད་དོ། །ནོར་བ་མེད་པའི་ཕྱིར་དབང་པོ་མ་ཚང་བ་ཡང་མ་ཡིན་ཏེ། གཟུགས་ན་སྤྱོད་པའི་སེམས་ཅན་བཞིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་དང་སྒྲ་ཐག་རིང་བ་དང་ཕྲ་བ་དང་། བསྒྲིབས་པ་རྣམས་ཀྱང་ཡིན་ནོ། །འདིར་

เล่ม ๑๔๑ · หน้า 255b

སྨྲས་པ། གང་ཕྱིར་ཤ་ཡི་མིག་གིས་གཟུགས། །ཐག་རིང་བ་དང་བསྒྲིབས་པ་དང་། །ཕྲ་དང་ཐམས་ཅད་མི་མཐོང་ལ། །ལྷ་ཡིས་མཐོང་བར་འདོད་ཕྱིར་རོ། །ལྷའི་མིག་གིས་ཐག་ཇི་སྲིད་ཅིག་མཐོང་ཞེ་ན། གང་གི་མིག་ཇི་ལྟ་བུ་ཡིན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་

ནི་མངོན་པར་འདུ་བྱེད་པ་མེད་པར་སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དག་མཐོང་ངོ་། །མངོན་པར་འདུ་བྱེད་པས་ནི། དགྲ་བཅོམ་བསེ་རུ་སྟོན་པ་ཡིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །མངོན་པར་འདུ་བྱས་ན་ཉན་ཐོས་ཆེན་

པོས་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དག་མཐོང་ངོ་། །བསེ་རུ་ལྟ་བུས་ནི་སྟོང་གསུམ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཇི་ཙམ་བཞེད་པར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་གཟིགས་སོ། །ཅི་རྫུ་འཕྲུལ་འབའ་ཞིག་སྐྱེ་བས་འཐོབ་པ་ཡིན་ནམ། འོན་ཏེ་གཞན་དག་

ཀྱང་ཡིན་ཞེ་ན། གཞན་ཡང་སྐྱེ་བས་འཐོབ། །ལྷའི་རྣ་བ་ལ་སོགས་པ་བཞི་ཡང་སྐྱེ་བས་འཐོབ་པ་ཡང་ཡོད་མོད་ཀྱི། སྐྱེ་བས་ཐོབ་པ་ནི་ཅུང་ཟད་ཀྱང་མངོན་པར་ཤེས་པའི་མིང་མི་འཐོབ་པོ། །སྐྱེ་བས་ཐོབ་པའི་ལྷའི་མིག་གང་ཡིན་པ། དེས་ནི། སྲིད་པ་བར་མ་མི་མཐོང་ངོ་། །སྲིད་པ་བར་

མ་ནི་མངོན་པར་ཤེས་པའི་མིག་ཁོ་ནས་མཐོང་གི་སྐྱེ་བས་ཐོབ་པ་ནི་མ་ཡིན་ནོ། །སེམས་ཤེས་དེ་ནི་རྣམ་པ་གསུམ། །སྐྱེ་བས་ཐོབ་ཅེས་བྱ་བར་སྦྱར་ཏེ། གཞན་གྱི་སེམས་ཤེས་པ་སྐྱེ་བས་ཐོབ་པ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་དུ་རིག་པར་བྱའོ། །རྟོག་

དང་རིག་སྔགས་བྱས་གང་སྤང་། །གང་དག་རྟོག་པ་པོའི་ཕ་རོལ་གྱི་སེམས་ཤེས་པ་མཚན་མ་ཅན་རྣམས་དང་། རིག་སྔགས་ཀྱིས་བྱས་པ་གང་ཡིན་པ་དེ་དག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཇི་ལྟར་བསྒོམས་པའི་འབྲས་བུ་དགེ་བ་ཁོ་ན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །གཞན་གྱི་སེམས་

ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་སྐྱེ་བས་ཐོབ་པ་དག་གིས་ནི། དམྱལ་བ་པས་ནི་དང་པོ་ཤེས། །ཇི་སྲིད་དུ་སྡུག་བསྔལ་གྱིས་མཉེན་པ་དེ་སྲིད་དུ་ཤེས་སོ། །འགྲོ་བ་གཞན་དག་ན་གནས་པས་ནི་རྟག་ཏུ་ཤེས་སོ། །མི་ལས་སྐྱེ་བས་ཐོབ་པ་མེད། །མི་རྣམས་ལ་ནི་རྫུ་འཕྲུལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด