ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๓ · หน้า 1b
༄༅༅། །མུ་སྟེགས་བྱེད་ཀྱི་ལོག་པར་རྟོག་པས་ཐེ་ཚོམ་སྐྱེད་པ་དག །ཡང་སེམས་ཅན་དང་ཞེས་བྱ་བ་རྒྱས་པར་འདྲི་བར་བྱེད་དེ། དེ་ལ་སེམས་ཅན་སྣ་ཚོགས་པ་ནི་ཁམས་དང་འགྲོ་བ་དང་། སྐྱེ་
གནས་ལ་སོགས་པའི་བྱེ་བྲག་གིས་སོ། །སྣོད་སྣ་ཚོགས་པ་ནི་རི་རབ་དང་། གླིང་ལ་སོགས་པའི་བྱེ་བྲག་གིས་སོ། །འདྲེན་མར་བྱེད་པ་རྣམས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་བྱེད་པ་རྣམས་སོ། །ཡང་
ཅིའི་ཕྱིར་དེ་དག་གི་ལུས་ནི་དགའ་དགའ་ལྟར་འདུག་པ་མ་ཡིན་ལ། ལོངས་སྤྱོད་རྣམས་ནི་དགའ་དགའ་ལྟར་འདུག་ཅེ་ན། དེ་ལྟར་ན་ཡུལ་ལ་ཉེ་བར་ལོངས་སྤྱོད་པ། སྲིད་དེ་ལུས་དགའ་དགའ་ལྟར་འདུག་པ་
ཉིད་དུ་བྱ་བའི་ཕྱིར་འགའ་ཞིག་གཉེན་པོར་ཡུལ་ལ་ཉེ་བར་སྤྱོད་པར་འགྱུར་རོ། །འདྲེན་མར་བྱེད་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་གཟུགས་ལ་སྤྱོད་པ་རྣམས་སོ། །འདོད་པ་ན་སྤྱོད་པའི་ལྷ་དག་ཀྱང་འདྲེན་མར་
བྱེད་པ་མ་ཡིན་པ་དང་འདྲ་སྟེ། ལུས་དང་ཡུལ་དགའ་དགའ་ལྟར་འདུག་པ་སྟེ། དགའ་དགའ་ལྟར་འདུག་པ་ཉིད་ཀྱི་རྒྱུ་ལས་གཉིས་བྱས་པའི་ཕྱིར་རོ། །བསམ་པ་ཞེས་བྱ་བ་ནི་འདི་ནི་འདི་ལྟ་བུ་ཞིག་ཏུ་བྱའོ་
เล่ม ๑๔๓ · หน้า 2a
སྙམ་དུའོ། །གལ་ཏེ་ངོ་བོ་ཉིད་ལས་ཡིན་ན་ནི་ངག་གི་ལས་གཅིག་པུར་འགྱུར་རོ་ཞེས་བྱ་བ་ནི་ངག་ཉིད་ལས་ཡིན་པས་ན་ངག་གི་ལས་སོ་ཞེས་བྱ་བའི་ཕྱིར་རོ། །གཞན་གཉིས་ལས་ཉིད་མ་ཡིན་ཏེ། ལུས་ཀྱི་ལས་སམ་ལུས་
ཀྱི་ལས་ཡིན་པས་ན། ལུས་ཀྱི་ལས་ཏེ་ཡིད་ཀྱི་ལས་ཀྱང་དེ་དང་འདྲ་བས། ངོ་བོ་ཉིད་ཀྱིས་ནི་ལས་མ་ཡིན་ནོ། །རྒྱུ་གསུམ་གྱིས་ཞེས་བྱ་བ་ནི་རྟེན་དང་ངོ་བོ་ཉིད་དང་ཀུན་ནས་སློང་བས་སོ། །གསུམ་ཞེས་བྱ་བ་ནི། ལུས་དང་། ངག་དང་།
ཡིད་ཀྱི་ལས་རྣམས་སོ། །རྟེན་ལས་ནི་ལུས་ཀྱི་ལས་ཏེ། ལུས་ལ་རྟེན་པའི་ལས་ནི་ལུས་ཀྱི་ལས་ཞེས་བྱའོ། །ངོ་བོ་ཉིད་ཀྱི་ལས་ནི་ངག་གི་ལས་ཏེ། ངག་ཉིད་ངག་གི་ལས་ཞེས་བྱའོ། །ཀུན་ནས་སློང་བ་ལས་ནི་ཡིད་ཀྱི་ལས་ཏེ།
ཡིད་ཀྱིས་ཀུན་ནས་བསླང་བའི་ཕྱིར་རོ། །གཞན་དག་ན་རེ་འགྲོ་བ་ཡིན་ཏེ་ཞེས་བྱ་བ་ནི་གནས་མའི་བུའི་སྡེ་པ་དག་གོ། །བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པ་ཞེས་བྱ་བ་ནི། སྐད་ཅིག་མ་དེ་མ་ཐག་ཏུ་འཇིག་པ་ནི་སྐད་ཅིག་མ་ཡིན་ནོ་
ཞེས་བྱ་བའི་ངེས་པའི་ཚིག་གི་ཚུལ་གྱིས་ན་བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པ་ནི་སྐད་ཅིག་མ་ཞེས་བྱ་བའི་སྒྲར་བརྗོད་དོ། །རྣམ་པ་གཅིག་ཏུ་ན་སྐད་ཅིག་མ་ནི་དུས་ཀྱི་མཐའ་ཡིན་ཏེ། རང་གི་གནས་སྐབས་ན་འདུག་པ་དེ་འདི་ལ་ཡོད་
เล่ม ๑๔๓ · หน้า 2b
པས་ན་སྐད་ཅིག་པའོ། །འདུས་བྱས་ནི་གདོན་མི་ཟ་བར་འཇིག་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པའི་ངོ་བོ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །དངོས་པོ་རྣམས་འཇིག་པ་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མེད་པ་ལས་འབྱུང་
བས་ན་རྒྱུ་མེད་པ་ལས་བྱུང་བ་སྟེ། རྒྱུ་མེད་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་བསྒྲུབ་པ་ནི་འཇིག་པ་ནི་རྒྱུ་མེད་པ་ཅན་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། གཏན་མེད་པ་བཞིན་ནོ། །ཤིང་ལ་སོགས་པ་དག་མེ་དང་འབྲེལ་པ་ལས་འཇིག་པའང་མཐོང་ཞེས་བྱ་ལ་སོགས་པ་ཞེས་བྱ་
བའི་སྒྲས་ནི་གཟུགས་ལ་སོགས་པ་བསྡུའོ། །མེ་དང་འབྲེལ་པ་ལས་འཇིག་ཅེས་བྱ་བ་ནི། ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པ་མངོན་སུམ་གྱི་སྒོ་ནས་འོངས་སོ་ཞེས་དམ་བཅས་པའི་སྐྱོན་སྟོན་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། མཐོང་བ་ལས་བརླིང་བའི་ཚད་མ་ཡང་མེད་ཅེས་བྱ་བ་སྨོས་ཏེ། མངོན་སུམ་
པས་བརླིང་བའི་ཚད་མ་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་གྱིས་ཕ་རོལ་པོ་དག་མངོན་སུམ་ཡིན་པར་མངོན་པའི་ང་རྒྱལ་བྱེད་པར་བསྟན་པའི་ཕྱིར་རེ་ཞིག་ཁྱོད་ཅེས་བྱ་བ་ནས་ཇི་ལྟ་བུར་སེམས་ཞེས་བྱ་བའི་བར་སྨོས་ཏེ། ཤིང་ལ་སོགས་པ་འཇིག་པ་ནི་གཟུགས་ལ་སོགས་པ་བཞིན་དུ་མངོན་སུམ་
དུ་མི་དམིགས་སོ། །སྐད་ཅིག་མ་མ་ཡིན་པར་སྨྲ་བ་རྣམས་ཀྱིས་དེ་དག་ཡང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཤིང་ལ་སོགས་པ་དེ་དག་མི་སྣང་བའི་ཕྱིར་རོ། །དེ་ལྟར་ན་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པར་སྟོན་པར་བྱེད་དེ། ཤིང་ལ་སོགས་པ་འཇིག་པ་ནི་མེ་དང་འབྲེལ་པའི་རྒྱུ་ཅན་ཡིན་ཏེ། དེ་ཡོད་ན་
འབྱུང་བའི་ཕྱིར་རོ། །གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་དེའི་རྒྱུ་ཅན་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་འབྱུང་བའི་མྱུ་གུ་ལྟ་བུའོ། །རེ་ཞིག་འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི་མ་ངེས་པ་ཉིད་རྗོད་པར་བྱེད་དོ། །གང་ཞིག་ཡོད་ན་འཇིག་པ་འབྱུང་བ་དེ་ནི་དེའི་རྒྱུ་ཅན་མ་ཡིན་ཏེ། རླུང་དང་འབྲེལ་པ་ཡོད་ན་མར་མེ་འཇིག་
མོད་ཀྱི། འཇིག་པ་དེ་ནི་རླུང་དང་འབྲེལ་པས་བྱས་པ་ཡང་མ་ཡིན་ནོ། །མར་མེ་ནི་སྐད་ཅིག་ཉིད་དུ་ཁས་བླངས་པའི་ཕྱིར། འཇིག་པ་རྒྱུ་མེད་པ་ཅན་དུ་འདོད་པ་ཡིན་པས་མར་མེ་དེ་ནི་སྐྱེས་ནས་འཇིག་པའི་ཕྱིར་རང་ཞིག་པ་ཡིན་ལ། རླུང་དང་འབྲེལ་བའི་ཕྱིར་གཞན་མ་སྐྱེས་ན་མི་སྣང་བ་ཡིན་གྱི། དེས་བཤིག་པའི་ཕྱིར་
เล่ม ๑๔๓ · หน้า 3a
ནི་མ་ཡིན་ནོ། །དེ་བཞིན་དུ་དྲིལ་བུའི་སྒྲ་སྐད་ཅིག་མར་འདོད་པ་ཡང་ལག་པ་དང་འབྲེལ་པ་ཡོད་ན་དྲིལ་བུའི་སྒྲ་འཇིག་མོད་ཀྱི། དེ་ནི་དེས་བྱས་པ་མ་ཡིན་གྱི། སྐད་ཅིག་མ་ཡིན་པའི་ཕྱིར་དྲིལ་བུའི་སྒྲ་ནི་རང་ཞིག་ལ་དེས་གེགས་བྱས་པའི་ཕྱིར། གཞན་མ་སྐྱེས་ན་མི་སྣང་བ་ཡིན་གྱི་དེས་བཤིག་
པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟ་བས་ན་དོན་འདི་ནི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ཏེ། མངོན་སུམ་དུ་མ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཞིག་ཡོད་ན་འགའ་ཞིག་འཇིག་པ་གང་ཡིན་པ་དེ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་མ་ངེས་པ་ཡིན་ནོ། །འདི་ལ་རྗེས་སུ་དཔག་པ་
གང་ཞེ་ན་ཞེས་བྱ་བ་ནི་འཇིག་པ་ནི་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་འདི་ལ་རྗེས་སུ་དཔག་པ་གང་ཞེ་ན་ཞེས་བྱ་བ་ཡིན་ནོ། །རེ་ཞིག་མེད་པ་ནི་བྱ་བ་མ་ཡིན་པའི་ཕྱིར་ཞེས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི་འཇིག་པ་ནི་རྒྱུ་མེད་པ་ཅན་ཡིན་ཏེ། བྱ་བ་མ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །འདི་ཡང་བྱ་བ་
མ་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཏན་མེད་པ་བཞིན་ནོ། །འགའ་ཞིག་རྒྱུ་མེད་པ་ལས་མི་འགྱུར་ཞེས་བྱ་བ་ནི་འགའ་ཡང་རྒྱུ་མེད་པ་ལས་འབྱུང་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་བཞིན་དུ་ཞེས་བྱ་བ་ནི་ཟློག་པའི་དཔེ་ཡིན་ཏེ། ཇི་ལྟར་སྐྱེ་བ་སྟེ་བདག་ཉིད་དུ་རེད་པའི་མཚན་
ཉིད་རྒྱུ་དང་བཅས་པ་ཁོ་ན་ཡིན་གྱི། རྒྱུ་མེད་པ་ཅན་ནི་མ་ཡིན་པ་ལྟར་འཇིག་པ་ཡང་དེ་དང་འདྲ་བར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །ཇི་ལྟ་ཞེ་ན། སྐད་ཅིག་མ་བློ་དང་། སྒྲ་དང་། མེ་ལྕེ་དག་འཇིག་པ་རྒྱུ་མེད་པ་ལས་བྱུང་བ་ཡང་མཐོང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་ཆོས་ཀྱི་རང་གི་ངོ་བོ་ལས་ཟློག་
པ་རྗེས་སུ་དཔག་པའི་སྒོ་ནས་འོངས་པ་ཡིན་ནོ། །ཤིང་ལ་སོགས་པ་འཇིག་པ་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ཏེ། འཇིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། བློ་ལ་སོགས་པ་འཇིག་པ་བཞིན་ནོ། །གང་ཞིག་ཅེས་བྱ་བ་ནི་བྱེ་བྲག་པའོ། །བློ་སྔར་བྱུང་བ་ནི་བློ་ཕྱིས་འབྱུང་བས་འཇིག་ལ། བློ་ཅིག་ཤོས་ནི་བློ་སྔར་
བྱུང་བས་འཇིག་སྟེ། སྒྲ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །སྨྲས་པ། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློ་གཉིས་ཕྲད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅིག་ཅར་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞིག་པར་བྱ་བ་མེད་པ་ནི་རྒྱུས་འཇིག་པར་མི་བྱེད་དོ། །བློ་དག་
เล่ม ๑๔๓ · หน้า 3b
ཕྲད་པ་མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ཐེ་ཚོམ་ཅན་དང་། ངེས་པའི་ཤེས་པ་དག་ཕྲད་པར་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་གི་ཚེ་ཐེ་ཚོམ་ཅན་གྱི་ཤེས་པ་ཡོད་པ་དེའི་ཚེ། ངེས་པའི་ཤེས་པ་མེད་ལ། གང་གི་ཚེ་ངེས་པའི་ཤེས་པ་ཡོད་པ་དེའི་ཚེ། ཐེ་ཚོམ་ཅན་
གྱི་ཤེས་པ་མེད་དོ་ཞེས་བྱ་བ་འདི་ནི་རང་གི་ཉམས་ལ་ཡོད་པ་ཡིན་ནོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་དག་དང་། འདོད་ཆགས་དང་ཞེ་སྡང་དག་ཕྲད་པ་མེད་པ་ཡང་སྦྱར་བར་བྱའོ། །ཇི་ལྟར་འགལ་བ་དག་མི་ཕྲད་པ་དེ་བཞིན་དུ་ཤེས་པ་མི་འགལ་བ་དག་ཀྱང་ཕྲད་པ་མེད་པ་ཁོ་ན་ཡིན་ནོ། །གང་གི་ཚེ་ཞེས་
བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྟེ་ཕྲད་པར་འགྱུར་དུ་ཟིན་ཀྱང་འོན་ཀྱང་བློ་དང་སྒྲ་མི་གསལ་བ་དག་གིས་གསལ་བ་དག་འཇིག་པར་ནི་མི་འགྱུར་ཏེ། ཉམ་ཆུང་བ་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །ཉམ་ཆུང་བ་རིགས་མཐུན་པས་སྟོབས་དང་ལྡན་པས་འཇིག་པ་ནི་མ་མཐོང་གི་མི་མཐུན་པ་ནི། ཉམ་ཆུང་ངུས་
ཀྱང་འཇིག་པར་འགྱུར་ཏེ། དཔེར་ན་ཆུས་མེ་ལྟ་བུའོ། །གང་ཡང་གནས་པའི་རྒྱུ་མེད་པ་འམ་ཞེས་བྱ་བའི་གཏན་ཚིགས་འདི་ནི་གནས་བརྟན་དབྱིག་བཤེས་ལ་སོགས་པས་གནས་པའི་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམས་འཇིག་པ་ཡིན་ནོ་ཞེས་སྨྲས་པ་ཡིན་ན། །དེ་ཡང་རིགས་པ་མ་ཡིན་ཏེ། མེད་པ་ནི་རྒྱུ་ཡིན་
པར་འོས་པ་མ་ཡིན་པས་སོ། །ཆོས་དང་ཆོས་མ་ཡིན་པའི་དབང་གིས་ཞེས་ཟེར་བ་ནི་བྱེ་བྲག་པའོ། །དེ་ལ་སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་དང་ཆོས་མ་ཡིན་པ་དག་ཀྱང་སྐད་ཅིག་སྐད་ཅིག་ཉིད་ལ་འཇུག་པ་ཐོབ་པ་དང་། གེགས་བྱེད་པར་འོས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་དང་།
སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་མ་ཡིན་པའོ། །སྐད་ཅིག་སྐད་ཅིག་ཉིད་ལ་ཞེས་བྱ་བ་ནི་སྐད་ཅིག་མ་དངོས་ལ་སྟེ། ཉེ་བར་བཏགས་པའི་སྐད་ཅིག་མ་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྐད་ཅིག་སྐད་ཅིག་ཉིད་ལ་ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ཁོ་ན་ལ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་ཐོབ་པ་དང་།
གེགས་བྱེད་པ་ནི་འཇུག་པ་ཐོབ་པ་དང་། འཇུག་པ་ལ་གེགས་བྱེད་པ་སྟེ། སྐད་ཅིག་སྐད་ཅིག་ལ་འགྱུར་བར་འོས་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། མེ་ལྕེ་གང་ཞིག་བྱུང་ན་ནག་པ་འམ། བྱམས་པ་ལ་ཕན་འདོགས་པར་འགྱུར་བ་དེའི་ཆོས་འཇུག་པ་རྙེད་པ་ནི་བདེ་བ་སྐྱེད་པར་བྱེད་པས་དེ་ལྟར་ན་བསྐྱེད་པའི་རྒྱུ་ཡང་
เล่ม ๑๔๓ · หน้า 4a
ཡིན་ནོ། །གལ་ཏེ་དེ་ཞིག་པས་མུན་པའི་གནས་སྐབས་ན་དེ་ལ་ཕན་འདོགས་པར་བྱེད་ན་འཇིག་པའི་རྒྱུ་ཡང་ཡིན་ནོ། །དེ་བཞིན་དུ་ཆོས་མ་ཡིན་པ་ཡང་མེ་ལྕེ་གང་ཞིག་བྱུང་ན་འགའ་ལ་གནོད་པར་འགྱུར་ན་དེའི་ཆོས་མ་ཡིན་པ་འཇུག་པ་རྙེད་པ་ནི་དེ་སྐྱེད་པར་བྱེད་ལ། གལ་ཏེ་དེས་
མུན་པའི་གནས་སྐབས་ན་དེ་ཞིག་པས་གནོད་པར་བྱེད་ན་འཇིག་པའི་རྒྱུ་ཡང་ཡིན་པས་དེ་གཉིས་ཀྱི་འཇུག་པ་རྙེད་པ་ལས་མེ་ལྕེ་འབྱུང་བར་འགྱུར་རོ་ཞེའོ། །དེ་དག་ཁོ་ནས་དེ་དག་གི་འཇུག་པ་འགགས་ཏེ་སྐད་ཅིག་དེ་ཉིད་ལ་དེ་རྣམས་འཇིག་པར་ནི་རིགས་པ་མ་ཡིན་པས། སྐད་ཅིག་སྐད་ཅིག་ལ་གཉིས་
པོ་འཇུག་པ་རྙེད་པ་དང་། གགས་བྱེད་པ་ནི་རུང་བ་མ་ཡིན་ནོ། །རྒྱུ་ཡོངས་སུ་བརྟགས་པ་འདི་ཡང་འདུས་བྱས་ཐམས་ཅད་ལ་བྱ་བར་ནུས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་དང་ཆོས་མ་ཡིན་པས་འཇིག་གོ་ཞེས་རྒྱུ་ཡོངས་སུ་བརྟག་པ་ནི་འདུས་བྱས་མི་རྟག་པ་རྡུལ་ཕྲན་གཉིས་ལ་སོགས་པའི་གཟུགས་
ལ་སོགས་པ་དང་ལས་ཐམས་ཅད་ལ་ཡང་བྱ་བར་ནུས་པས་དེའི་ཕྱིར། མེ་དང་འབྲེལ་བ་ལས་ཤིང་ལ་སོགས་པ་འཇིག་གོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་བརྗོད་པར་མི་བྱའོ། །དེའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་དག་ནི་དེ་རྣམས་འཇིག་པའི་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་འདུས་བྱས་ཐམས་ཅད་
སྐད་ཅིག་མ་ཉིད་དུ་གྲུབ་པས་བརྩད་མི་དགོས་སོ། །དེ་ཉིད་དམ་དེ་དང་འདྲ་བ་ལས་ཞེས་བྱ་བ་ནི་གལ་ཏེ་མེ་དང་འབྲེལ་བས་བུམ་པའི་སྔོན་པོ་ཉིད་བཟློག་ནས་དམར་པོ་ཉིད་སྐྱེད་པར་བྱེད་པ་དེ་ཁོ་ནས་དམར་པོ་ཉིད་བཟློག་ནས་ཆེས་དམར་བ་སྐྱེད་པར་བྱེད་དོ་ཞེས་བྱ་བར་རྟོག་ན་རྒྱུ་ཉིད་འཇིག་པར་བྱེད་པ་ཡིན་པར་
འགྱུར་རོ། །འོན་ཏེ་མེ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་དེ་དང་འབྲེལ་པ་སྐྱེད་པར་བྱེད་པ་ཡང་གཞན་ཡིན་ལ། འཇིག་པར་བྱེད་པ་ཡང་གཞན་ཡིན་ནོ་ཞེས་བྱ་བར་རྟོག་ན། སྐྱེད་པར་བྱེད་པའི་རྒྱུ་བྱེ་བྲག་མེད་པར་འགྱུར་ཏེ་རིགས་པས་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་བརྗོད་དོ། །རེ་ཞིག་མེ་
རྣམས་སྐད་ཅིག་མ་ཡིན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མེ་ལྕེ་དག་ལ་སྐྱེད་པར་བྱེད་པ་ཡང་གཞན་ཡིན་ལ། འཇིག་པར་བྱེད་པ་ཡང་གཞན་ཡིན་ནོ་ཞེས་རྒྱུ་ཐ་དད་པར་ཡོངས་སུ་བརྟག་པར་ནི་བྱ་བ་ལ་རག་ན་ཐལ་བ་ནས་ས་དང་འབྲེལ་པའི་བར་ལས་སྨིན་བྱེད་ལས་སྐྱེས་པའི་བྱེ་བྲག་བྱུང་བ་ལ་
เล่ม ๑๔๓ · หน้า 4b
གང་ལ་བརྟག་པར་བྱ་སྟེ། དེ་དག་གི་ལྟར་ན་ཐལ་བ་ལ་སོགས་པ་སྐད་ཅིག་མ་མ་ཡིན་པས་དེར་རྒྱུ་ཉིད་འཇིག་པར་བྱེད་པ་ཡིན་པར་འགྱུར་རོ། །འོ་ན་གང་ཆུ་བསྐོལ་བ་ཞེས་བྱ་བ་ནི། གལ་ཏེ་མེ་དང་འབྲེལ་པ་དག་གིས་ཆུ་འཇིག་པར་མི་བྱེད་ན་འོ་ན་ཇི་ལྟར་ཆུ་བསྐོལ་བ་རྣམས་ཟད་པར་འགྱུར་སྙམ་དུ་
བསམ་པ་ཡིན་ནོ། །མེའི་ཁམས་ཞེས་བྱ་བ་ནི་དེ་དང་ཐ་མི་དད་པར་འདུག་པ་འཕེལ་བར་བྱེད་དོ། །དེའི་མཐུས་ན་ཆུའི་ཚོགས་ཉམ་ཆུང་ཞིང་ཉམ་ཆུང་བར་འགྱུར་ཏེ་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དུ་འགྱུར་བས་ཉམ་ཆུང་བ་དང་ཆེས་ཉམ་ཆུང་བར་འགྱུར་ཞིང་། ཤིན་ཏུ་ཉམ་ཆུང་བའི་བར་དུ་གྱུར་པ་དང་མཇུག་
ཏུ་རྒྱུན་ཡང་རྒྱུན་ཆགས་པར་མི་བྱེད་དེ་འབྲས་བུ་མི་སྐྱེད་ཀྱི་དངོས་པོ་མེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཇིག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། རང་འཇིག་པ་ནི་གཞན་གྱིས་འཇིག་པ་སྐྱེད་པ་མ་ཡིན་པས། བྱུང་བ་
ཙམ་སྟེ་སྐད་ཅིག་མ་གཅིག་རང་གི་བདག་ཉིད་དུ་རེད་ནས་འཇིག་གོ། །རྩྭའི་མེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྩྭའི་མེ་སྐད་ཅིག་མ་ཡིན་ཡང་རྩྭ་ཡུལ་གཞན་དུ་བར་ཆད་མེད་པར་བྱུང་བ་ལ་རྩྭ་སྲེག་པར་བྱེད་པའི་མེ་འགྲོའོ་ཞེས་མངོན་པའི་ང་རྒྱལ་བྱེད་པ་དེ་དང་འདྲའོ། །འདིར་བསྒྲུབ་པ་ནི་གཟུགས་ལ་སོགས་པ་
ཡུལ་གཞན་དུ་བར་ཆད་མེད་པར་འབྱུང་བའི་དངོས་པོ་དག་ནི་འགྲོ་བ་མེད་པ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་རྩྭའི་མེ་བཞིན་ནོ། །ལུས་ཀྱི་རྣམ་པར་རིག་བྱེད་དབྱིབས་ཡིན་ནོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་ཡིན་ནོ། །ཕྱོགས་གཅིག་གི་སྒོ་ཞེས་བྱ་བ་ནི་འདི་ལ་ཕྱོགས་གཅིག་གི་སྒོ་ཡོད་པས་ན་
ཕྱོགས་གཅིག་གི་སྒོ་སྟེ་དེར་རོ། །མང་པོ་ནི་ཕལ་མོ་ཆེའོ། །ཐམས་ཅད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་ཕྱོགས་ཀྱི་སྒོ་གྱེན་དུ་ཕལ་ཆེ་བ་ལ་ནི་མཐོན་པོ་ཞེས་འདོགས་ལ། ཐུར་དུ་ཕལ་ཆེ་བ་ལ་ནི་དམའ་བ་ཞེས་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །དཔེར་ན་མགལ་མེ་ཞེས་བྱ་བ་ནི་དབྱིབས་ནི་རྫས་སུ་མེད་དེ་དེ་
འཛིན་པ་ཁ་དོག་འཛིན་པ་ལ་ལྟོས་པའི་ཕྱིར་ན་མགལ་མེའི་འཁོར་ལོ་བཞིན་ནོ། །ཡང་ན་དབྱིབས་ནི་རྫས་སུ་མེད་དེ། གཟུགས་འཛིན་པ་ལ་ལྟོས་པའི་ཕྱིར་འབྲུའི་ཕུང་པོ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་དབང་པོ་གཉིས་ཀྱིས་གཟུང་བར་འགྱུར་ཞེས་བཤད་པ་དང་། བྱེ་བྲག་ཏུ་སྨྲ་བ་རིང་པོ་ཉིད་ལ་སོགས་པ་
เล่ม ๑๔๓ · หน้า 5a
ནི་ལུས་ཀྱི་དབང་པོས་འཛིན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རེག་བྱའི་ཡན་ལག་དག་ཁོ་ན་དེ་ལྟར་གནས་པ་ལ་རིང་པོ་ལ་སོགས་པར་འཛིན་པར་འགྱུར་ཏེ། དེ་བས་ན་འདི་ནི་གཉིས་ཀྱིས་འཛིན་པར་མི་འགྱུར་རོ་ཞེས་སྨྲ་བར་འགྱུར་བས་དེའི་ཕྱིར་ཡང་ན་ཇི་ལྟར་རེག་བྱ་ལ་ཞེས་བྱ་བ་འདི་རྒྱས་པར་
སྨོས་སོ། །དོན་ཅི་ཞེ་ན། ཇི་ལྟར་རེག་བྱ་ལ་རིང་པོ་དང་ཐུང་ངུ་ལ་སོགས་པ་འཛིན་མོད་ཀྱི། དབྱིབས་ནི་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་ཡང་མ་ཡིན་པ་ལྟར། ཁ་དོག་ལ་རིང་པོ་ལ་སོགས་པ་འཛིན་པ་ཡང་དེ་དང་འདྲ་བར་ཡིད་ཆེས་པར་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་དབྱིབས་དོན་
གཞན་དུ་གྱུར་པ་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་བྱེ་བྲག་ཏུ་སྨྲ་བས་དེ་ལ་ནི་རེག་བྱ་དང་ལྷན་ཅིག་སྤྱོད་པའི་ཕྱིར་དྲན་པ་ཙམ་ཡིན་གྱི་ཞེས་བྱ་བར་རྒྱས་པར་སྨྲས་ཏེ། དབྱིབས་དེ་ལ་ནི་རེག་བྱ་དང་ལྷན་ཅིག་སྤྱོད་པའི་ཕྱིར་ཏེ་འཇམ་པ་ཉིད་ལ་སོགས་པའི་རེག་བྱ་དང་ལྷན་ཅིག་སྤྱོད་པར་འགྱུར་
བའི་ཕྱིར། དྲན་པ་ཙམ་ཡིན་གྱི་རིང་པོ་ལ་སོགས་པའི་དབྱིབས་མངོན་སུམ་དུ་འཛིན་པ་ནི་མ་ཡིན་ཏེ་དཔེར་ན་ལྷན་ཅིག་སྤྱོད་པའི་ཕྱིར་མེའི་གཟུགས་མཐོང་ནས་མེ་དེའི་ཚ་བའི་དྲན་པ་འབྱུང་བ་དང་ལྷན་ཅིག་སྤྱོད་པའི་ཕྱིར་མེ་ཏོག་ཙམ་པ་ཀའི་དྲི་བསྣམས་ནས་དེའི་ཁ་དོག་གི་དྲན་པ་འབྱུང་བ་བཞིན་ནོ། །
སློབ་དཔོན་གྱིས་འདི་ལ་ནི་འཁྲུལ་པ་མེད་པའི་ཕྱིར་གཞན་གྱིས་གཞན་དྲན་པར་རིགས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མེ་ལ་སོགས་པ་འདི་ལ་ནི་ཚ་བ་ཉིད་དང་། ཁ་དོག་འཁྲུལ་པ་མེད་པའི་ཕྱིར་གཞན་གྱིས་གཞན་ཏེ། མེའི་གཟུགས་ཀྱིས་ཚ་བ་ཉིད་དང་མེ་ཏོག་གི་དྲིས་དེའི་ཁ་དོག་དྲན་པར་རིགས་
སོ། །རེག་བྱ་ནི་ཅུང་ཟད་ཀྱང་ངེས་པ་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ལས་རེག་བྱ་ལ་རེག་ནས་རིང་པོ་ལ་སོགས་པའི་དབྱིབས་འདི་ངེས་པར་དྲན་པར་འགྱུར་བ་འཇམ་པ་ཉིད་ལ་སོགས་པའི་རེག་བྱ་ནི་ཆུང་ཟད་ཀྱང་རིང་པོ་ལ་སོགས་པའི་དབྱིབས་གང་ལ་ཡང་ངེས་པ་མེད་དོ། །གང་ན་མེའི་གཟུགས་ཡོད་པ་དེ་ནི་
དེའི་ཚ་བ་ཉིད་ཡོད་ལ། གང་ན་མེ་ཏོག་ཙམ་པ་ཀའི་དྲི་ཡོད་པ་དེ་ནའང་འདིའི་གཟུགས་ཡོད་ཀྱི། གང་ན་འཇམ་པ་ཉིད་དང་རྩུབ་པ་ཉིད་ཡོད་པ་དེ་ན་རིང་བ་ཉིད་དང་ཐུང་བ་ཉིད་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེའི་ཚ་བ་ཉིད་དང་། དེའི་གཟུགས་དག་ནི་གདོན་མི་ཟ་བར་དྲན་པར་རུང་གི་དབྱིབས་ནི་གདོན་མི་ཟ་བར་དྲན་
เล่ม ๑๔๓ · หน้า 5b
པར་མི་འགྱུར་རོ། །འོན་ཏེ་རེག་བྱ་དང་དབྱིབས་དག་ལྷན་ཅིག་སྤྱོད་པར་ངེས་པ་མེད་ཀྱང་ངེས་པར་དབྱིབས་དྲན་པར་གྱུར་ན་ནི་ཁ་དོག་ཀྱང་འགྱུར་ཏེ། ངེས་པར་དྲན་པར་ཞེས་བྱ་བར་སྦྱར་ཏེ། རེག་བྱ་དེ་ཁོ་ན་རེག་ནས་དྲན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་ཡང་ངེས་པར་ཁ་དོག་དྲན་པར་མི་
འགྱུར་ན། ཡང་ན་ནི་ཁ་དོག་བཞིན་དུ་དབྱིབས་ཀྱང་ངེས་པར་མི་འགྱུར་ཏེ། རིང་པོ་ལའང་ཐུང་ངུར་ཤེས་ལ། ཐུང་ངུ་ལ་ཡང་རིང་པོར་ཤེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རེག་བྱ་ལས་ཁ་དོག་ནི་ངེས་པར་དྲན་པར་མི་འགྱུར་ཏེ། རེས་འགའ་དམར་པོ་ལ་ཡང་སེར་པོར་ཤེས་ལ། སེར་པོ་ལ་ཡང་
དམར་པོར་ཤེས་སོ། །དེ་ལྟ་ཡང་མ་ཡིན་ཞེས་བྱ་བ་ཇི་ལྟར་དེ་ལྟར་མ་ཡིན་ཞེ་ན། ཇི་ལྟར་ཁ་དོག་ངེས་པར་དྲན་པར་མི་འགྱུར་བ་དེ་ལྟར་དབྱིབས་ཀྱང་ངེས་པར་དྲན་པར་མི་འགྱུར་བ་ཞེས་བྱའོ། །འོ་ན་ཅི་ཞེ་ན། ཁ་དོག་ངེས་པར་མི་འགྱུར་གྱི་དབྱིབས་ནི་ངེས་པར་དྲན་པར་འགྱུར་རོ། །དེ་བས་ན་རེག་བྱ་
ལས་དབྱིབས་འདི་དྲན་པར་ནི་རིགས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་རིང་པོའི་བློ་འམ་ཐུང་ངུའི་བློ་འབྱུང་ཞེ་ན། འདི་ནི་ཕྱོགས་གཅིག་གི་སྒོར་ཁ་དོག་གམ། རེག་བྱ་ཕལ་མོ་ཆེ་འཛིན་པ་ལ་རིང་པོའི་རྣམ་པར་རྟོག་པའི་བློ་འབྱུང་ངོ་། །ཞེས་བཤད་ཟིན་ཏེ། དེ་ལྟ་བུ་ལ་སོགས་པ་ཡིན་པར་ཁོང་དུ་ཆུད་
པར་བྱའོ། །རི་མོ་བཀྲམ་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རི་མོ་བཀྲམ་པ་ཁ་དོག་དང་དབྱིབས་དུ་མ་རྣམ་པ་མང་པོར་སྣང་བ་ནི་རིང་པོ་ལ་སོགས་པར་དབྱིབས་གཅིག་ཏུ་སྣང་སྟེ། དེ་བས་ན་ཁ་དོག་དང་དབྱིབས་དུ་མ་སྣང་བའི་ཕྱིར་དབྱིབས་མང་པོ་ཡང་ཕྱོགས་གཅིག་ཏུ་འགྱུར་ཏེ། གང་ན་རིང་པོ་ཉིད་
ཡོད་པ་དེ་ཉིད་དུ་ཐུང་ངུ་ལ་སོགས་པ་འཛིན་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ་ཁ་དོག་བཞིན་ནོ། །ཇི་ལྟར་ཁ་དོག་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་ཕྱོགས་གཅིག་པར་མི་འགྱུར་བ་ལྟར་དབྱིབས་ཀྱང་དེ་དང་འདྲའོ། །དེ་ལྟ་ཡིན་ན་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པའི་ཕྱིར་
དབྱིབས་རྫས་སུ་ཡོད་དོ་ཞེས་བྱ་བའི་ཕྱོགས་སྐྱོན་དང་བཅས་པར་འགྱུར་རོ། །དེ་རྡུལ་ལ་མེད་ཅེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་གཟུགས་རྡུལ་ཕྲན་གྱི་རྫས་བརྒྱད་ལ་སོགས་པ་ཡོད་པ་དེ་ལྟར་རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དབྱིབས་རྡུལ་ཕྲ་རབ་ལ་མེད་དོ་
เล่ม ๑๔๓ · หน้า 6a
ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དབྱིབས་རིང་པོ་འགྲིབ་ན་རིང་པོའི་བློ་མེད་པའི་ཕྱིར་ཏེ། དབྱུག་པ་རིང་པོ་དམིགས་ནས་དེ་ཉིད་འགྲིབ་ན་རིང་པོའི་བློ་ལྡོག་གོ། །སྔོན་པོ་ལ་སོགས་པའི་རྫས་དམིགས་ནས་འགྲིབ་ན་དེ་ལ་སེར་པོའི་བློ་ནི་མི་འབྱུང་གི །རིང་པོའི་རྫས་འགྲིབ་ན་ནི་ཐུང་
ངུའི་བློ་མི་འབྱུང་གི་དེའི་བློ་མི་འབྱུང་ངོ་། །དབྱིབས་དེ་ཉིད་རིང་པོ་ལ་སོགས་པ་དང་ཐུང་ངུ་ལ་སོགས་པའི་བློ་བསྐྱེད་དོ་ཞེས་བརྗོད་པར་ཡང་མི་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་མང་པོ་དེ་ལྟར་གནས་པ་དག་ཁོ་ན་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ། །འོན་ཏེ་དབྱིབས་ཀྱི་རྡུལ་ཕྲ་རབ་ཅེས་བྱ་
བ་རྒྱས་པར་འབྱུང་བ་ནི་དབྱིབས་ཀྱི་རྡུལ་ཕྲ་རབ་དག་ཁོ་ན་ཕྱོགས་གཅིག་གི་སྒོ་ལ་སོགས་པའི་རིམ་པས་དེ་ལྟར་གནས་པ་ལ་རིང་པོ་ལ་སོགས་པའི་མིང་འདོགས་ཏེ། དེའི་ངོ་བོ་ཉིད་མ་ཡིན་པ་དག་དེ་ལྟར་གནས་པ་ལ་ནི་དེའི་མིང་འཐོབ་པར་འོས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དབྱིབས་
ཀྱི་ཡན་ལག་རྣམས་ནི་ཁ་དོག་ལ་སོགས་པ་བཞིན་དུ་རང་གི་ངོ་བོར་གྲུབ་པ་ཡང་མེད་ཅེས་བྱ་བ་ནི་ཁ་དོག་གི་ཡན་ལག་རྣམས་ནི་ཡན་ལག་རེ་རེ་ལ་སྔོན་པོ་ལ་སོགས་པ་ཉིད་དུ་འཛིན་པའི་ཕྱིར་རང་གི་ངོ་བོར་རབ་ཏུ་གྲུབ་པ་ཡིན་ནོ། །དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་ནི་དེ་ལྟར་ཡན་ལག་རེ་རེ་ལ་རིང་པོ་ལ་སོགས་
པ་ཉིད་དུ་ཡང་མི་འཛིན་ཏེ། དེ་ལྟ་བས་ན་རང་གི་ངོ་བོ་རབ་ཏུ་མ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་དག་རིང་པོ་ལ་སོགས་པའི་ངོ་བོ་ཉིད་ནི་མ་ཡིན་པ་ཉིད་ཀྱི་གནས་པའི་ཁྱད་པར་ལས་རིང་པོ་ལ་སོགས་པའི་བློའི་རྒྱུ་དག་ཏུ་འགྱུར་ན་གོ། །ཁ་དོག་ལ་སོགས་པའི་རྡུལ་ཕྲ་རབ་དག་ཁོ་ན་གནས་པའི་ཁྱད་པར་
ལས་རིང་པོ་ལ་སོགས་པའི་བློའི་རྒྱུ་དག་ཏུ་འགྱུར་རོ་ཞེས་བྱ་བར་ཡང་ཅི་སྟེ་མི་འདོད། འོ་ན་གང་ཁམ་པའི་སྣོད་རྣམས་ཁ་དོག་ཀྱང་ཐ་མི་དད་ཅེས་བྱ་བ་ནི་གལ་ཏེ་དབྱིབས་ཁ་དོག་གནས་པ་ཙམ་ཞིག་ཡིན་པར་གྱུར་ན། དོན་ཐ་དད་པ་མེད་པའི་ཕྱིར་རྫ་མཁན་ལ་སོགས་པའི་རྫ་མ་རྣམས་ཁ་དོག་ཐ་མི་དད་ན་
དབྱིབས་ཀྱང་ཐ་དད་པ་མ་ཡིན་པར་འགྱུར་རོ། །མ་བཤད་དམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་གནས་པར་འགྱུར་བའི་ཁ་དོག་ལ་རིང་པོ་ལ་སོགས་པར་མིང་འདོགས་པ་སྟེ། ཕྱོགས་གཅིག་གི་སྒོར་ཁ་དོག་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་ཡིན་ནོ། །དཔེར་ན་
เล่ม ๑๔๓ · หน้า 6b
གྲོག་མ་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་ལྟར་གྲོག་མ་ལ་སོགས་པ་ཁ་དོག་དང་དབྱིབས་གཅིག་པ་ཡིན་ལ། དེ་དག་གི་ཕྲེང་བ་ནི་ཡུལ་ལ་ལར་ནི་གཞན་དུ་སྣང་ལ། ལ་ལར་ནི་གཞན་དུ་སྣང་བ་དང་། ཟླུམ་པོ་ལ་སོགས་པ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་ཡང་དེ་དང་འདྲ་སྟེ།
དེ་བཞིན་དུ་ཁ་དོག་ཐ་མི་དད་ཀྱང་དབྱིབས་ཐ་དད་པར་འགྱུར་རོ། །འོ་ན་གང་མུན་ཁུང་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འོ་ན་གང་མུན་ཁུང་ན་སྡོང་དུམ་དང་མི་དང་གླང་པོ་ཆེ་ལ་སོགས་པའི་ཁ་དོག་མ་མཐོང་བར་རིང་པོ་དང་། ཐུང་ངུ་དང་ཟླུམ་པོ་ལ་སོགས་པ་མཐོང་བར་འགྱུར་བ་དེ་ཇི་ལྟ་བུ་ཞེས་བྱ་
བའི་ཚིག་ལྷག་མ་ཡིན་ནོ། །གལ་ཏེ་དབྱིབས་ཁ་དོག་ལས་རིགས་གཞན་ཞིག་ཡིན་པར་མ་གྱུར་ན་ཇི་ལྟར་སྔོན་པོ་འམ། སེར་པོ་ཞེས་བྱ་བར་མི་མཐོང་བ་དེ་བཞིན་དུ་དབྱིབས་ཀྱང་རིང་པོ་ཉིད་དམ་ཐུང་ངུའོ་ཞེས་བྱ་བར་མཐོང་བར་ཡང་མི་འགྱུར་བ་ཞིག་ན་རེས་འགའ་འང་མཐོང་སྟེ། དེའི་ཕྱིར་དབྱིབས་ནི་
རིགས་གཞན་ཡིན་ནོ། །ཕྲེང་བ་དང་དམག་ལ་ཡོངས་སུ་རྟོག་པ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་མུན་ཁུང་ན་བྱ་འམ་གྲོག་མ་མི་གསལ་བ་མཐོང་ནས་ཕྲེང་རིང་པོ་ཞིག་གོ་ཞེས་རྟོག་པར་བྱེད་པ་འམ་ཇི་ལྟར་མུན་ཁུང་ན་གླང་པོ་ཆེ་ལ་སོགས་པ་མི་གསལ་བ་མཐོང་ནས་དམག་འདི་ནི་བསྐྱིལ་ཏེ་རྣམ་པར་
གནས་སོ་ཞེས་ཡོངས་སུ་རྟོག་པར་བྱེད་པ་ལྟར་འདི་ཡང་དེ་དང་འདྲའོ། །དེ་ནི་གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་ད་གཟོད་ཇི་སྐད་དུ་དབྱིབས་རིགས་གཞན་མེད་ཀྱང་། དེ་དག་གིས་དེ་ན་ཁ་དོག་ཁོ་ན་མི་གསལ་བ་མཐོང་བས་རིང་པོ་ལ་སོགས་པར་ཡོངས་སུ་རྟོག་པར་
བྱེད་དོ་ཞེས་བཤད་པ་ལྟ་བུའོ། །གང་རེས་འགའ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡོངས་སུ་ཆད་པ་ངེས་པར་མི་ཟིན་པ་ཞེས་བྱ་བར་ནི་དབྱིབས་ངེས་པར་མི་ཟིན་པའོ། །ཚོགས་པ་ཙམ་དང་མི་གསལ་བ་སྟེ་སྔོན་པོ་ལ་སོགས་པ་ཉིད་དུ་མི་མངོན་པར་སྣང་བ་ཡིན་ནོ། །ཇི་ལྟར་ཁ་དོག་དང་
དབྱིབས་ལས་མ་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཡོད་པ་མ་ཡིན་པས་རྫས་གཞན་ཅུང་ཟད་ཀྱང་མི་རྟག་པ་དེ་བཞིན་དུ་དབྱིབས་ཀྱང་ཁ་དོག་ལས་མ་གཏོགས་པར་བརྟག་པར་མི་བྱའོ། །མདོ་སྡེ་པ་ཁྱེད་ཅེས་བྱ་བ་ནི་མདོ་སྡེ་པ་ཁྱེད་ཅག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ལུས་ཀྱི་ལས་སུ་འདོགས་
เล่ม ๑๔๓ · หน้า 7a
པར་བྱེད་ཅེས་བྱ་བ་ནི་བཏགས་པ་ཡོད་པའི་ཕྱིར་ལུས་ཀྱི་ལས་སུ་མི་རུང་ངོ་སྙམ་དུ་བསམས་ནས་འདྲི་བ་ཡིན་ནོ། །ལུས་ལ་བརྟེན་པ་ཞེས་བྱ་བ་ནི་ལུས་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གི་ལུས་འཇུག་པར་འགྱུར་བ་དེ་ནི་ལུས་ལ་བརྟེན་པའི་ལས་ཡིན་
ཏེ། དེའི་ཕྱིར་དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངག་ལ་བརྟེན་པའི་ལས་ནི་ངག་གི་ལས་སོ། །ཡིད་ཀྱི་ལས་ནི་ཡིད་ཀྱི་ལས་སམ་ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཡིན་ཏེ།
དེས་ན་ཅི་རིགས་པར་ཞེས་བཤད་དོ། །རྣམ་པར་རིག་བྱེད་མེད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྣམ་པར་རིག་བྱེད་མེད་པར་གྱུར་ན། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་པར་འགྱུར་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་
རིག་བྱེད་ལ་རག་ལས་པ་ཡིན་གྱི་སེམས་ཀྱི་རྗེས་སུ་འཇུག་པ་ནི་མ་ཡིན་ནོ།། །།བམ་པོ་སུམ་ཅུ་པ། དེ་ཡང་དེ་ལྟར་མེད་པས་ཉེས་པ་ཆེན་པོར་ཐལ་བར་འགྱུར་ཏེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་མེད་པའི་ཉེས་པ་དང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་བསོད་ནམས་
འཕེལ་བ་མེད་པའི་ཉེས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཐལ་བར་འགྱུར་རོ། །ཐལ་བ་རྣམས་ལ་ཡང་ཐལ་བའི་གཉེན་པོ་དེ་དག་ཡོད་དེ་ཞེས་བྱ་བ་ནི་དེའི་ལན་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ལས་ཞེས་བྱ་བ་ནི་ལུས་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་པར་གཞག་པའི་
རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་པ་ལྟར་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་དེ་དང་འདྲ་བར་ཡང་འགྱུར་རོ། །མདོ་སྡེ་པ་རྣམས་ཀྱིས་
དེ་ལྟར་མི་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། མཉམ་པར་གཞག་པ་མ་ཡིན་པའི་སེམས་པའི་ཁྱད་པར་གྱིས་དེའི་འཕེན་པ་ཁྱད་པར་ཡོད་པའི་ཕྱིར་སེམས་ཀྱི་རྗེས་སུ་འཇུག་པར་མི་འགྱུར་ཏེ། མཉམ་པར་གཞག་པ་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་འཕངས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་
เล่ม ๑๔๓ · หน้า 7b
གོ། །ཁྱེད་ཀྱི་རྣམ་པར་རིག་བྱེད་དེ་ཡོད་ཅིང་མེད་པ་མ་ཡིན་ན་ཡང་རྣམ་པར་རིག་བྱེད་མ་ཡིན་པ་འཕང་པར་བྱ་བ་ནི་སེམས་པའི་སྟོབས་དང་མཐུ་ལ་རག་ལས་པ་ཡིན་ཏེ་ལྟོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བླུན་པའི་ཕྱིར་ཏེ་མི་གསལ་བའི་ཕྱིར་རོ། །སེམས་པའི་སྟོབས་མེད་པ་ནི་རྣམ་པར་རིག་
བྱེད་མ་ཡིན་པ་དེ་བསྐྱེད་པར་མི་ནུས་ཏེ། ཡང་དག་པར་ལེན་པའི་སེམས་པ་མེད་ན་རྣམ་པར་རིག་བྱེད་གྱི་ན་བྱུང་བས་ནི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་མི་བྱེད་དོ། །ངག་རྣམ་པར་རིག་བྱེད་ནི་ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བ་ཡིན་ཏེ། ཇི་ལྟར་ལུས་ཀྱི་རྣམ་པར་རིག་བྱེད་
དབྱིབས་ཀྱི་བདག་ཉིད་ཡིན་པ་ལྟར་ངག་གི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ངག་གི་བདག་ཉིད་ཀྱི་སྒྲ་སྟེ་ཡི་གེའི་བདག་ཉིད་ཀྱི་སྒྲའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་བཤད་
པ་དེ་ལ་རྣམ་པར་རིག་བྱེད་ནི་བཤད་ཟིན་པ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱ་དགོས་ན། དེ་ཡང་གོང་དུ་བཤད་ཟིན་པ་ཉིད་དེ། རྣམ་པར་གཡེང་སེམས་མེད་པའི་ཡང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་རྫས་སུ་མེད་དེ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ཡང་
རྫས་སུ་མེད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་རྣམ་པར་རིག་བྱེད་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ཡིན་ནོ། །ཁས་བླངས་ནས་མི་ཕྱེད་པ་ཙམ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་པ་རྣམས་ན་རེ་དུས་འདི་ནས་བཟུང་སྟེ། སྲོག་གཅོད་པ་ལ་སོགས་པ་སྤོང་ངོ་ཞེས་ཁས་བླངས་ནས་དེ་ཕྱིན་ཅད་དེ་དག་མི་བྱེད་
པ་ཙམ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བར་ཟད་པས་དེ་ལྟར་ན་རྫས་སུ་མེད་དོ་ཞེས་ཟེར་རོ། །དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་ཞེས་བྱ་བ་ནི་འདས་པའི་འབྱུང་བ་ཆེན་པོ་དེ་དག་ཀྱང་ད་ལྟར་བྱུང་བ་ལྟ་བུར་རང་གི་ངོ་བོར་མེད་དེ། འདི་ནི་མཛོད་ཀྱི་གནས་ལྔ་པ་ནས་ཀྱང་སྟོན་པར་འགྱུར་རོ། །མེད་པ་
དག་ནི་ཇི་ལྟར་ན་འདིའི་རྟེན་ཡིན་ཏེ། དེ་བས་ན་རྫས་སུ་མེད་དོ། །གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར། །ཞེས་བྱ་བ་ནི། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ་ཞེས་བྱ་བ་ཡིན་ན། ཐོགས་པ་མེད་པའི་ཕྱིར་དེ་ཡང་འདི་ལ་མེད་དེ་དེ་ལྟ་བས་ན་རྫས་སུ་མེད་དོ། །རྣམ་པ་གསུམ་ཞེས་བྱ་
เล่ม ๑๔๓ · หน้า 8a
བ་རྒྱས་པར་འབྱུང་བ་ནི། དེ་ནི་རྣམ་པ་གསུམ་དང་དྲི་མ་མེད་པ་ཡིན་པས་ན། རྣམ་གསུམ་དྲི་མེད་གཟུགས་ཏེ་དེ་གསུངས་པའོ། །མ་བྱས་ལམ་ཞེས་བྱ་བ་ནི་མ་བྱས་པའི་ལམ་སྟེ་གཞན་ལ་བྱེད་དུ་བཅུག་གི་བདག་ཉིད་ཀྱིས་མ་བྱས་པའི་ལས་ཀྱི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །
འདི་དག་ལ་གཟུགས་རྣམ་པ་གསུམ་དང་། དྲི་མ་མེད་པ་གསུངས་པ་དང་། འཕེལ་བ་དང་། མ་བྱས་པའི་ལམ་ལ་སོགས་པ་ཡོད་པས་ན་རྒྱུ་འདི་དག་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སྩོགས་ཡིན་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་དགེ་སློང་
ཆོས་ནི་ཞེས་བྱ་བ་འདིར་གཟུགས་ཅན་མ་ཡིན་པའོ་ཞེས་མ་གསུངས་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པར་གསུངས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་། ཆུ་ལོན་དུ་གསུངས་པ་བསྡུ་བའོ། །གཟུགས་ཀྱིས་གཟུགས་བསྡུས་པ་ཞེས་བྱ་བ་ནི། གཟུགས་ཁོ་ནས་
གཟུགས་བསྡུས་པ་ཡིན་གྱི་ཚོར་བ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་པའོ། །བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད་ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་ཡིན་པའོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་
གཟུགས་ཀྱང་ཡོད་ཅེས་བྱ་བ་ནི་མིག་ལ་སོགས་པ་གཟུགས་ཅན་གྱི་སྐྱེ་མཆེད་གང་དག་ཡིན་པའོ། །བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པའོ། །རྣམ་པར་
རིག་བྱེད་མ་ཡིན་པ་མ་གཏོགས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་བསྡུ་བའི་མདོ་ལས་བཤད་པ་གང་ཡིན་པ་མེད་དོ། །ཟག་པ་མེད་པའི་གཟུགས་ཀྱང་མེད་དེ་དེ་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་
པ་ཞེས་བྱ་བར་སྦྱར་ཏེ། ལམ་གྱི་བདེན་པ་ལ་སྙོམས་པར་ཞུགས་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཡིན་པར་ནི་རིགས་པ་མ་ཡིན་ནོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ཞེས་བྱ་བ་ལ། རྫས་ནི་ཀུན་དགའ་ར་བ་དང་། །གཙུག་ལག་ཁང་ལ་སོགས་
เล่ม ๑๔๓ · หน้า 8b
པའོ། །དེ་ལས་བྱུང་བས་ན་རྫས་ལས་བྱུང་བའོ། །རྫས་དེ་མེད་པ་ནི་རྫས་ལས་བྱུང་བ་མ་ཡིན་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །རྒྱུན་མི་འཆད་པ་ནི་བར་ཆད་མེད་པའོ། །འདིར་མདོ་ནི་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམྦཱི་ན་དབྱངས་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་
ནས་ཚེ་དང་ལྡན་པ་སྐུལ་བྱེད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བའི་བསོད་ནམས་བགྱི་
བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ། གཟི་བརྗིད་ཆེ་བརྒྱ་ཆེ་བ་གདགས་པ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་དེ་ལ་སྐུལ་བྱེད་ཡོད་དོ་ཞེས་བཀའ་སྩལ་ཏོ། །སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ནས་རྒྱ་ཆེ་བའི་བར་དག་ཡིན་
ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བར་འགྱུར་ཞིང་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ། །བདུན་གང་ཞེ་ན། སྐུལ་བྱེད་འདི་ནི་དད་པའི་
རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བར་བྱེད་དེ་སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ནས་རྒྱ་ཆེ་བའི་བར་དང་པོ་ཡིན་ཏེ། དེ་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་
བྱ་བ་རྒྱས་པར་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་ཡིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པར་བྱེད་དེ། འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་གཉིས་པ་ཡིན་པ་
ཞེས་བྱ་བ་ནས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་ཡིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཙུག་ལག་ཁང་དེ་ཉིད་དུ་མལ་ཆ་དང་སྟན་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་དང་སྟན་གོར་བུ་དག་འབུལ་བར་བྱེད་དེ། སྐུལ་
เล่ม ๑๔๓ · หน้า 9a
བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་པ་ཡིན་ཞེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཙུག་ལག་ཁང་དེ་ཉིད་དུ་མཆོད་སྦྱིན་རྗེས་སུ་མཐུན་པའི་འཚོ་བ་ནར་མར་འབུལ་བར་བྱེད་དེ། སྐུལ་
བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་བཞི་པ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གློ་བུར་དུ་འོངས་པ་དང་འགྲོ་བ་ལ་སྦྱིན་པ་སྦྱིན་པར་བྱེད་དེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་
བའི་དངོས་པོ་ལྔ་པ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནད་པ་དང་ནད་གཡོག་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དྲུག་པ་ཡིན་ཞེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་
དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལྷགས་པ་འམ་ཡུལ་ངན་ནམ་རླུང་མོ་ཆེ་འམ་ཆར་འབབ་པ་གང་དག་བྱུང་ན་ལྷགས་པ་ནས་ཆར་འབབ་པའི་བར་དེ་ལྟ་བུ་དག་གི་ཚེ་སྐྱོབ་པ་འམ་ཐུག་པ་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་དག་བྱས་ནས་འཕགས་པ་དག་བདག་གི་འདི་གསོལ་ལ་སྐུ་མ་གཤེར་
བ་དང་ཆོས་གོས་ལ་ཆར་གྱིས་མ་ཕོག་པར་བདེ་བ་ལ་རེག་པར་བཞུགས་ཤིག་ཅེས་དགེ་འདུན་དག་ལ་འབུལ་བར་བྱེད་དེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་བདུན་པ་ཡིན་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་སྔ་མ་
བཞིན་ནོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོའི་བསོད་ནམས་ནི་བསོད་ནམས་འདི་ཙམ་ཞིག་གོ་ཞེ་འམ་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་ཞེས་ཚད་གཟུང་དུ་མེད་ཀྱི་འོན་ཀྱང་བསོད་ནམས་ཆེ་བའི་ཕྱིར་
བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ལན་གཉིས་ཀྱི་བར་དུ་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བ་མ་ལགས་པའི་བསོད་ནམས་བགྱི་བའི་དངོས་པོ་འབྲས་བུ་
เล่ม ๑๔๓ · หน้า 9b
ཆེ་བ་ནས་རྒྱ་ཆེ་བའི་བར་གདགས་སུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་དེ་ལ་སྐུལ་བྱེད་གདགས་སུ་ཡོད་དོ་ཞེས་བཀའ་སྩལ་ཏོ། །སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་ཞེས་བྱ་བ་རྒྱས་པར་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་གསུངས་སོ། །བདུན་གང་ཞེ་ན། སྐུལ་བྱེད་འདི་ལ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ངམ་ཞིང་
ཆེ་གེ་མོ་ཞིག་ན་རྟེན་ཅིང་བཞུགས་སོ་ཞེས་ཐོས་ཤིང་ཐོས་ནས་ཀྱང་ཡང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་འཐོབ་སྟེ་སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་པོ་ཡིན་ནོ་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ་
ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཚུར་གཤེགས་པར་རྩོམ་པ་ཐོས་ཤིང་ཐོས་ནས་ཀྱང་ཡང་དགའ་བ་དང་རབ་ཏུ་དགའ་བ་ཐོབ་སྟེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་
བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་གཉིས་པ་ཡིན་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་
ཉན་ཐོས་དེ་ཉིད་གྲོང་ངམ་ཞིང་དེ་ཁོ་ནའི་ལམ་དུ་ཞུགས་སོ་ཞེས་ཐོས་ཤིང་ཐོས་ནས་ཀྱང་ཡང་དགའ་བ་ཐོབ་པོ་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་
དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ངམ་ཞིང་དེ་ཉིད་དུ་ཕྱིན་པར་ཐོས་ཤིང་ཐོས་ནས་ཀྱང་ཡང་དགའ་བ་ཐོབ་ཅེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བཞི་པ་ཡིན་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་སྔ་
เล่ม ๑๔๓ · หน้า 10a
མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཉིད་ལྟ་བའི་ཕྱིར་འགྲོ་ཞིང་མཐོང་ནས་ཀྱང་ཡང་དགའ་བ་ཐོབ་ཅེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པ་
བསོད་ནམས་བྱ་བའི་དངོས་པོ་སྔ་མ་བཞིན་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བར་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ལས་ཆོས་ཐོས་ཤིང་ཐོས་ནས་ཀྱང་
ཡང་དགའ་བ་ཐོབ་ཅེས་བྱ་བ་སྔ་མ་བཞིན་ནོ། །སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དྲུག་པོ་ཡིན་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་
མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ལས་ཆོས་ཐོས་ཤིང་ཆོས་ཐོས་ནས་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ། དགེ་འདུན་ལ་སྐྱབས་སུ་འགྲོ་ལ། བསླབ་པའི་གནས་དག་ཀྱང་འཛིན་པར་བྱེད་དེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་
ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་བདུན་པ་ཡིན་ཞེས་བྱ་བ་སྔ་མ་བཞིན་ཏེ། གཞུང་མང་དུ་དོགས་པས་ཐམས་ཅད་ནི་མ་བྲིས་སོ། །ལུང་བསྒོ་བ་ཙམ་ནི་ལས་ཀྱི་ལམ་དུ་མི་རུང་སྟེ། སྲོག་གཅོད་པ་ལ་སོགས་པའི་ལས་དེ་མ་བྱས་པའི་ཕྱིར་རོ། །གལ་ཏེ་ལས་དེ་བྱས་ན་དེ་ལ་ལུང་བསྒོ་
བ་ལས་ཀྱི་ལམ་དུ་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་བྱས་སུ་ཟིན་ཀྱང་དེའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ལས་དེ་བྱས་སུ་ཟིན་ཀྱང་ལུང་བསྒོ་བ་དེ་ལ་ནི་གང་གིས་ན་དེའི་ཚེ་ལས་ཀྱི་ལམ་དུ་འགྱུར་བ་རང་གི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་སྔ་
མ་བཞིན་དུ་དེའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་སྔར་གྱི་ལས་ཀྱི་ལམ་དུ་རྣམ་པར་མི་གཞག་པ་ལྟར་ཕྱིས་ཀྱང་དེ་ཁོ་ན་དང་འདྲའོ། །དེ་བས་ན་དེའི་ཚེ་ལས་ཀྱི་ལམ་གྱིས་བསྡུས་པ་སྐྱེ་བ་གང་ཡིན་པ་དེ་ཡོད་དོ་ཞེས་བྱ་བར་ཁས་བླང་བར་བྱ་དགོས་སོ། །སྐྱེ་མཆེད་གཅིག་གིས་མ་བསྡུས་པ་ཞེས་བྱ་
เล่ม ๑๔๓ · หน้า 10b
བ་ནི་ཆོས་ཀྱི་སྐྱེ་མཆེད་མ་གཏོགས་པ་དག་གིས་སོ། །ངག་དང་ལས་ཀྱི་མཐའ་དང་། འཚོ་བ་རྣམས་མ་རུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་དག་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་ནི་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་འདི་སྐད་དུ་གང་གསུངས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་
འདིའི་འབྲེལ་པ་གང་ཞེ་ན། ཇི་སྟེ་ཁྱེད་གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་གྱུར་ན་དེ་ན་རྣམ་པར་རིག་བྱེད་ནི་མེད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཡོད་དོ་ཞེས་བྱ་བར་འདོད་ན། འོ་ན་ཅིའི་ཕྱིར་འདི་སྐད་
དུ་གང་གསུངས་སོ་ཞེས་བྱ་བ་ནས་རྒྱས་པར་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་རྒྱས་པར་བརྗོད་ནས་འདི་སྐད་དུ་འདིའི་སྔོན་ཡོངས་སུ་དག་ཅེས་བྱ་བ་ཐམས་ཅད་བརྗོད་དོ། །ལམ་ལ་སྙོམས་པར་འཇུག་པའི་དུས་ཀྱི་སྔོན་རོལ་དུ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་
ཡིན་པར་གསུངས་སོ་སྙམ་དུ་བསམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་དེ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པ་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དེ། དེ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་གནས་སྐབས་ཀྱི་
ངག་ལ་སོགས་པའི་ངོ་བོ་ཉིད་ཀྱིས་རྣམ་པར་རིག་བྱེད་ཀྱི་གཟུགས་ལས་དགོངས་ནས་གསུངས་པ་ཡིན་གྱི་ལམ་གྱི་ཚེ་དེས་བསྡུས་པའི་ངག་ལ་སོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་པའི་ཕྱིར་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་ཡུལ་གྱི་གཟུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་
སྟེ་རུས་པའི་རུས་གོང་ལ་སོགས་པའོ། །ཡུལ་ལ་མི་སྒྲིབ་པའི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་གང་ཞིག་ཡུལ་ལ་སྒྲིབ་པར་བྱེད་པ་དེ་ནི་ཐོགས་པ་དང་བཅས་པ་ཡིན་ལ་བཟློག་པ་ནི་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ད་ནི་དེ་ཇི་ལྟར་གཟུགས་ཡིན་སྙམ་དུ་
སེམས་ན་ཞེས་བྱ་བ་ནི་གལ་ཏེ་གཟུགས་སུ་བྱ་བར་མི་ནུས་ན་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལའང་མཚུངས་ཏེ། ཁྱེད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡུལ་ལ་མི་སྒྲིབ་པས་འདྲའོ། །ཟག་པ་མེད་པའི་ཏིང་ངེ་འཛིན་ལ་ཟག་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྣལ་
เล่ม ๑๔๓ · หน้า 11a
འབྱོར་སྤྱོད་པ་ལམ་མངོན་དུ་བྱེད་པས་དེ་ལྟ་བུའི་བསམ་པ་དང་རྟེན་འཐོབ་སྟེ། གང་ཞིག་ཡོད་ན་རང་བཞིན་གྱི་ཚུལ་ཁྲིམས་ལ་གནས་པར་འགྱུར་བ་ཡང་དག་པའི་ལྟ་བ་ལྟ་བུའི་ཟག་པ་མེད་པའི་ཚུལ་ཁྲིམས་འཐོབ་པོ། །ཡང་ན་འཕགས་པ་དེ་དག་ཟག་པ་མེད་
པའི་ཏིང་ངེ་འཛིན་གྱི་ཚེ་གཟུགས་དེ་ལྟ་བུ་དེ་བཞེད་པ་ཡིན་ནོ། །གཞན་དག་ན་རེ་དགྲ་བཅོམ་པའི་གཟུགས་དང་ཕྱི་རོལ་གང་ཡིན་པའོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་གཞན་དག་ན་རེ་དགྲ་བཅོམ་པའི་གཟུགས་མིག་གི་སྐྱེ་མཆེད་ལ་སོགས་པ་དང་། ཕྱི་རོལ་གྱི་རྩིག་པ་ལ་སོགས་པ་གང་ཡིན་
པ་དེ་ནི་ཟག་པ་མེད་པའི་གཟུགས་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་འམ་ཕྱིའི་གཟུགས་ནི་ཟག་པ་ཉོན་མོངས་པ་རྣམས་ཀྱི་རྟེན་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་འོ་ན་གང་མདོ་ལས་ཁྱད་པར་མེད་
པར་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་མིག་ཇི་སྙེད་པ་དང་གཟུགས་ཇི་སྙེད་པ་དག་ཡིན་ནོ་ཞེས་རྒྱས་པར་གསུངས་སོ་ཞེ་ན། དེ་ནི་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་གསུངས་པ་ཡིན་ཏེ་ཟག་པའི་གཉེན་པོ་ནི་སེམས་དང་སེམས་ལས་བྱུང་བའི་
ཁྱད་པར་དག་ཡིན་ནོ། །འོ་ན་ནི་རྣམ་གྲངས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགྲ་བཅོམ་པ་འམ་ཕྱིའི་གཟུགས་དེ་ཉིད་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡང་ཡིན་ལ་ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ན་ནི་
མཚན་ཉིད་འཆོལ་བར་འགྱུར་བས་ཉེས་པ་ཡིན་ནོ། །གཟུགས་ཟག་པ་དང་བཅས་པ་ཉེ་བར་ལེན་པར་འགྱུར་བ་གང་དག་ཡིན་པ་ཞེས་བྱ་བ་ནི་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བའི་ཐ་ཚིག་སྟེ། རྒྱས་པར་ཆོས་ཟག་པ་དང་བཅས་པ་ཉེ་བར་ལེན་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་སེམས་ཀྱི་ཐ་བ་དང་
སྦགས་པའི་གཞི་ཡིན་ནོ་ཞེས་བྱ་བའི་བར་གསུངས་པའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཟག་པ་མེད་པ་དེ་དག་ནི་ཡོད་དོ། །ཟག་པ་དང་བཅས་པ་ཉེ་བར་ལེན་པར་གྱུར་པ་དེ་དག་ཀྱང་གང་ཞེ་ན། སོ་སོའི་སྐྱེ་བོའི་གཟུགས་གང་དག་ཡིན་པ་སྟེ། ཟག་པ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་དང་། དེའི་གཉེན་པོ་
เล่ม ๑๔๓ · หน้า 11b
མ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་དག་གང་ཞེ་ན། དགྲ་བཅོམ་པའི་དང་། ཕྱིའི་གཟུགས་རྣམས་ཏེ། ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་གྱི་ཁྱད་པར་ཞེས་བྱ་བ་ནི་བསམ་གཏན་དང་ཚད་མེད་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་རོ། །ཕན་བཏགས་པའི་ཁྱད་པར་ཞེས་
བྱ་བ་ནི་ལུས་ཀྱི་ཁ་དོག་དང་སྟོབས་ལ་སོགས་པའི་ཁྱད་པར་རོ། །དེ་ལ་དམིགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལ་དམིགས་པ་ལེན་པ་པོ་དེ་ཡོད་པས་ན་འདི་ནི་དེ་ལ་དམིགས་པའི་སྦྱིན་པའི་སེམས་པ་སྟེ། དེ་ཡོངས་སུ་བསྒོམ་པའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཕྲ་མོ་འཐོབ་པར་འགྱུར་
རོ། །འདི་ནི་ཆོས་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ནུས་པ་ཐོག་མ་མེད་པ་ཡིན་ནོ། །ཇི་ལྟར་འགྱུར་ཞེས་བྱ་བ་ནི་རྒྱུད་ཇི་ལྟར་འབྲས་བུ་ཤིན་ཏུ་མང་པོ་མངོན་པར་བསྒྲུབ་པར་འགྱུར་སྙམ་དུ་བསམས་པ་ཡིན་ཏེ། འདི་ལ་ནི་གང་ཞིག་ཡོངས་སུ་སྤྱད་ནས་ཟ་བ་པོ་རྣམས་ཀྱི་ཡོན་ཏན་གྱི་
ཁྱད་པར་དང་། ཕན་བཏགས་པའི་ཁྱད་པར་གྱིས་ཡིད་གཞན་དང་ལྡན་པའི་སྦྱིན་པ་པོ་རྣམས་ལ་ཡང་ཞེས་བྱ་བ་ནས་རྒྱས་པར་འགྱུར་བ་ཞེས་བྱ་བའི་བར་རམ། བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་དུ་འགྱུར་བ་ལྟ་བུ་སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བ་དག་ཡོངས་སུ་སྤྱོད་པ་མེད་
དོ། །དེ་ལ་དམིགས་པའི་སེམས་པ་ལ་གོམས་པས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་དེའི་ཉན་ཐོས་ལ་དམིགས་པའི་སེམས་པ་ལ་གོམས་པས་གང་གིས་ན་ཚེ་ཕྱི་མ་ལ་འབྲས་བུ་ཆེས་མང་པོ་མངོན་པར་བསྒྲུབ་ནུས་པར་འགྱུར་བ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཕྲ་མོ་ཐོབ་པར་འགྱུར་རོ། །རྒྱུ་
བ་དང་འདུག་པ་དང་མི་ཉལ་བ་ལ་ནི་དེ་ལྟ་བུར་ཡང་རིགས་ན་ཉལ་བ་ལ་གོ་ཇི་ལྟར་ཞེ་ན། དེའི་ཕྱིར་རྨི་ལམ་དག་ན་ཡང་དེ་དག་རྗེས་སུ་འབྲང་བར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམ་པར་རིག་བྱེད་མ་ཡིན་པར་སྨྲ་བ་ལྟར་ན་རྫས་ལས་བྱུང་བ་མ་ཡིན་པ་གང་ལ་རྣམ་པར་རིག་བྱེད་མེད་ཀྱི་ཐོས་
ན་དགའ་བ་དང་རབ་ཏུ་དགའ་བ་དགེ་བ་ཐོབ་པ་འབའ་ཞིག་ཏུ་ཟད་པས་དེ་ལ་ཇི་ལྟར་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་ཏེ་ཉན་པ་པོ་དེ་ལ་ནི་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་དག་མེད་པའི་ཕྱིར་ལ་རྣམ་པར་རིག་བྱེད་མ་ཡིན་པ་ན་རྣམ་པར་རིག་བྱེད་དམ་ཏིང་ངེ་འཛིན་ལས་སྐྱེ་བར་འགྱུར་བས་སོ། །རྫས་
เล่ม ๑๔๓ · หน้า 12a
ལས་བྱུང་བ་དག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་དགའ་ར་བ་འབུལ་བ་སོགས་པ་ལ་ཡང་དེ་ལ་དམིགས་པའི་སེམས་པ་ལ་གོམས་པར་འགྱུར་ཏེ། སེམས་པ་འདི་ལ་དམིགས་པ་ལེན་པ་པོ་ཡོད་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །སྨྲས་པ། གལ་ཏེ་རྫས་ལས་བྱུང་བ་དག་
ལ་ཡང་དེ་ལྟར་ཡང་དང་ཡང་དུ་དེ་ལ་དམིགས་པའི་སེམས་པ་ལ་སོགས་པས་འགྱུར་ན་འོ་ན་མདོ་ལས་གང་གསུངས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །སེམས་པའི་ཁྱད་པར་གང་ཞིག་ཡིན་ཞེས་བྱ་བ་ནི་དེ་ལ་
དམིགས་པའི་སེམས་པ་མེད་པ་ཡང་སྦྱིན་པ་པོ་ལ་ཡང་བསོད་ནམས་ཀྱི་རྒྱུ་མཐུན་པ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །བྱ་བའི་འབྲས་བུ་ཡོངས་སུ་རྫོགས་ན་ཞེས་བྱ་བ་ལ་བྱ་བ་ནི་ལས་ཀྱི་ལམ་དངོས་ལ་སྦྱོར་བ་ཡིན་ནོ། །འབྲས་བུ་ནི་ལས་ཀྱི་ལམ་དངོས་ཏེ་དེ་ཡོངས་སུ་རྫོགས་ནའོ། །ཚུལ་འདི་ཉིད་
ཡིན་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྦྱོར་བས་གཞན་དག་ལ་གནོད་པར་བྱས་པའི་ཁྱད་པར་ལས་བྱེད་པ་པོ་ལ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་སྐྱེའོ་ཞེས་བྱ་བ་ཐམས་ཅད་སྦྱར་རོ། །འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཀྱི་ལམ་ཡིན་ནོ་ཞེས་བྱ་
བ་ལ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ནི་འབྲས་བུ་ཡིན་ལ་ལས་ཀྱི་ལམ་དུ་ནི་རྒྱུ་ཡིན་ནོ། །ལུས་དང་ངག་གི་སྦྱོར་བ་གང་ཡིན་པ་དེའང་སེམས་པའི་མཚན་ཉིད་ཀྱི་ལས་ཀྱི་ལམ་ཡིན་པས་འབྲས་བུ་དེ་ལས་ཀྱི་ལམ་མོ་ཞེས་རྒྱུ་ཉེ་བར་བཏགས་པ་ཡིན་ནོ། །ལུས་དང་ངག་གི་ནི་རྒྱུད་ཡོངས་
སུ་འགྱུར་བའི་བྱེ་བྲག་དེ་དག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཏེ་ལུས་དང་ངག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་རྣམ་པར་རིག་བྱེད་མ་ཡིན་པར་སྨྲ་བ་རྣམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམ་པར་རིག་བྱེད་མ་ཡིན་
པར་སྨྲ་བ་རྣམས་ཀྱི་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་ཞེས་བྱ་སྟེ། འབྲས་བུ་ལ་རྒྱུར་བཏགས་པའི་ཕྱིར་རོ། །ལུས་ཀྱི་དང་ངག་གི་ནི་དེ་དག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །བཙུན་པས་རྣམ་པར་རིག་བྱེད་མ་ཡིན་པ་རྫས་མ་ཡིན་ནོ་ཞེས་བྱ་བ་
เล่ม ๑๔๓ · หน้า 12b
རྣམ་པ་གཞན་གྱིས་བསྟན་པའི་ཕྱིར། ཟིན་པའི་ཕུང་པོ་དག་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ་ད་ལྟར་གྱི་ཕུང་པོ་སེམས་ཅན་དུ་བགྲང་བ་དག་ལ་དུས་གསུམ་པའི་སེམས་པས་སྲོག་གཅོད་པའི་ཁ་ན་མ་ཐོ་བས་གསོད་པ་པོ་ལ་རེག་པར་འགྱུར་རོ། །ཇི་ལྟར་དུས་གསུམ་པས་རེག་ཅེ་ན། འདི་གང་གི་
ཚེ་གསད་པར་བྱའོ། །གསོད་དོ་བསད་དོ་སྙམ་དུ་སེམས་པ་ན་ཞེས་བྱ་བ་སྨོས་ཏེ་དེ་ལྟར་ན་འདིར་ནི་སེམས་པ་ཁོ་ན་ལས་ཡིན་པར་བཤད་དོ། །སློབ་དཔོན་གྱིས་བཙུན་པའི་གཞུང་ལུགས་ལ་ལ་ནི་འདོད་ལ་ལ་ནི་མི་འདོད་པར་བསྟན་པའི་ཕྱིར། དེ་ཙམ་གྱིས་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་
ཡིན་གྱི་ཞེས་རྒྱས་པར་སྨོས་ཏེ། གལ་ཏེ་འགའ་ཞིག་འདི་སྐད་དུ་ངའི་མ་འདི་སོད་ཅིག་ཅེས་སྦྱོར་བར་བྱེད་ཅིང་གཤེད་མ་སོང་བ་དང་། དེ་འདི་སྙམ་དུ་ཀྱེ་མ་འདིས་བདག་གི་མ་བསད་དོ་སྙམ་དུ་སེམས་པར་གྱུར་ན་བསད་པར་མངོན་པའི་ང་རྒྱལ་བྱེད་པ་དེ་ལ་མཚམས་མེད་པའི་ལས་སུ་གྱུར་པ་ཞིག་ན་དེ་
ལྟར་ཡང་མི་འདོད་དོ། །དེ་ལྟ་བས་ན་བཙུན་པས་བདག་ཉིད་ཀྱིས་གསོད་ན་ཞེས་ཁྱད་པར་དུ་བྱས་ནས་བརྗོད་དགོས་སོ། །དེ་ཉིད་ཀྱི་ཕྱིར། བདག་ཉིད་ཀྱིས་གསོད་པ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་པ་དེ་སྙེད་ཅིག་ཏུ་ཀུན་འབྱུང་ངོ་ཞེས་བྱ་བ་ནི་གསད་པར་བྱའོ། །གསོད་དོ། །བསད་དོ་སྙམ་པ་
ཡིན་ནོ། །རིགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་རེག་པ་ཉིད་རིགས་པའི་ངོ་བོ་ཡིན་པས་མིང་དུ་གདགས་པ་དང་འདྲ་བར་རང་གི་དོན་ལ་ངོ་བོའི་རྐྱེན་ཡིན་ཏེ། དཔེར་ན་མིང་ཉིད་ལ་མིང་དུ་གདགས་པ་ཞེས་བྱ་བ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་རིགས་པ་ཤེས་པ་ནི་རིགས་པའི་ངོ་བོ་ཡིན་
པ་འམ་འདི་ལ་རིགས་པའི་ངོ་བོར་ཏེ། ངོ་བོ་ཉིད་ཡོད་པས་ན་རིགས་པའི་ངོ་བོའོ། །དེ་ཁོ་ན་དང་འདྲ་བར་མི་མངོན་པ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་རྟོགས་པར་དཀའ་བ་ལྟར་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ཡང་དེ་ཁོ་ན་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །སེམས་ཀྱི་རྒྱུ་ལས་བྱུང་བའི་
ལུས་ཀྱི་སྦྱོར་བས་ཞེས་བྱ་བ་ནི་སེམས་སྔོན་དུ་འགྲོ་བ་ཅན་གྱི་ལུས་ཀྱི་སྦྱོར་བས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དང་ཐ་དད་པར་གྱུར་པ་ཞེས་བྱ་བ་ནི་ལུས་དང་སེམས་དག་དང་ཐ་དད་པར་གྱུར་པའོ། །གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བ་ཞེས་པ་ནི་གང་ཞིག་གིས་བྱས་པ་ནི་གང་གིས་བྱས་པའོ། །སྦྱོར་
เล่ม ๑๔๓ · หน้า 13a
བ་ལས་བྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་ནི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་སྟེ། སྦྱོར་བར་བྱེད་པ་སེམས་དང་སེམས་ལས་བྱུང་བ་དེ་ཁོ་ན་དེའི་རྒྱུ་ཅན་ཏེ། སྦྱོར་བ་དེའི་རྒྱུ་ཅན་གྱི་རྒྱུད་ཡོངས་སུ་འགྱུར་བ་འབྱུང་ངོ་ཞེས་བྱ་བ་ནི་ཡོངས་སུ་དགའ་བར་འགྱུར་ཏེ། ཁོ་བོ་ཅག་ཅེས་བྱ་བ་
ཚིག་ལྷག་མ་ཡིན་ནོ་སེམས་དང་སེམས་ལས་བྱུང་བའི་རྒྱུད་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བའི་ཡང་ཕྱིར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ལས་བྱུང་བའི་ཕྱིར་ནི་མ་ཡིན་ཏེ་ཅིས་ན་ཡོངས་སུ་དགའ་བར་འགྱུར་ཞེས་བྱ་བར་སྦྱར་རོ། །རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་
པའོ་ཞེས་བྱ་བ་ནི་ཀུན་ནས་སློང་བར་བྱེད་པའི་ཆོས་མེད་པའི་ཕྱིར་ཀུན་ནས་བསླང་བར་བྱ་བའི་ཆོས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རིག་བྱེད་རྫས་སུ་མེད་དོ་ཞེས་བྱ་བ་དེ་ནི་བསྒྲུབས་ཟིན་ཏོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་ཁས་བླངས་ནས་མི་བྱེད་པའི་ཕྱིར་དང་། འདས་པའི་འབྱུང་བ་
ཆེན་པོ་རྣམས་ལ་ཡང་བརྟེན་ནས་འདོགས་པའི་ཕྱིར་ལ་དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །དེ་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་ཏིང་ངེ་འཛིན་གྱི་གཟུགས་འབྱུང་བ་གང་ཡིན་པ་
སྟེ། དེ་ནི་བསྟན་དུ་མེད་པ་འང་ཡིན་ལ་ཐོགས་པ་མེད་པ་ཡང་ཡིན་ནོ། །རེ་ཞིག་ཁྱོད་སྨྲོས་ཤིག་ཅེས་བྱ་བ་ནི་ཁྱོད་ཅེས་བྱ་བ་ནི་མི་མཐུན་པ་ཡིན་ནོ་ཞེས་འདོན་ཏེ་མ་ལ་ཁྱོད་ཇེ་སྨྲོས་ཤིག་ཅེས་བྱ་བ་ཡིན་ནོ། །གཞན་དག་ན་རེ་ཚུར་ཤོག་ཇེ་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །དེའི་ཕྱིར་
རྒྱུ་མཚན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རྒྱུ་མཚན་རྣམ་པར་རིག་བྱེད་མ་ཡིན་པ་ལ་རྒྱུ་མཚན་ཅན་ཡང་དག་པའི་ངག་ལ་སོགས་པ་ཉེ་བར་བཏགས་ནས་རྣམ་པར་རིག་བྱེད་མ་ཡིན་པ་ལ་དེར་བཤད་དེ་དེ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ཞེས་བྱ་བར་བཤད་
དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་བསམ་པ་དང་ལུས་ཞེས་བྱ་བ་ལ་བསམ་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་བསམ་པ་འམ་དད་པ་ལ་སོགས་པའི་བསམ་པའོ། །ལུས་ནི་རྟེན་ཡོངས་སུ་གྱུར་པའོ། །དེའི་ཕྱིར་རྒྱུ་མཚན་བསམ་པ་འམ་ལུས་ལ་རྒྱུ་མཚན་ཅན་ཡང་དག་པའི་ངག་ལ་སོགས་པ་ཉེ་
เล่ม ๑๔๓ · หน้า 13b
བར་བཏགས་པ་བྱས་ནས་ལམ་གྱི་ཡན་ལག་བརྒྱད་རྣམ་པར་གཞག་གོ། །དེ་དག་མི་བྱེད་པ་ཙམ་ཞེས་བྱ་བ་ནི་ལོག་པའི་ངག་ལ་སོགས་པ་མི་བྱེད་པ་ཙམ་མོ། །དེ་གང་ཞེ་ན། འདིས་འཕགས་པའི་ལམ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་མི་བྱེད་པ་ཙམ་ཡན་ལག་ཡིན་ན་དེ་ཇི་ལྟར་
ཟག་པ་མེད་པ་ཉིད་ཡིན་ཞེ་ན། དེ་ཡང་ཟག་པ་མེད་པའི་ལམ་ལ་བརྟེན་ནས་འཐོབ་པའི་ཕྱིར་ཟག་པ་མེད་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་མི་བྱེད་པ་ཙམ་ཡན་ལག་ཡིན་ན་རྫས་སུ་ཡོད་པ་མ་ཡིན་པས་ཇི་ལྟར་ཡན་ལག་བརྒྱད་ཡིན་ཞེ་ན། དེའི་ཕྱིར་ཐམས་ཅད་དུ་རྫས་སུ་ཡོད་
པའི་ཆོས་ཡོངས་སུ་བགྲང་བ་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཆོ་ག་སྔོན་དུ་བཏང་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་མནོད་པའི་ཆོ་ག་སྔོན་དུ་བཏང་བའོ། །གལ་ཏེ་སེམས་གཞན་དང་ལྡན་ན་མ་བསྡམས་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་སེམས་པ་སྡོམ་པ་ཡིན་ན་སེམས་པའི་
སེམས་དེ་ལས་གཞན་པའི་སེམས་དང་ལྡན་ན་མ་བསྡམས་པར་འགྱུར་ཏེ། དེའི་ཚེ་སེམས་པ་གང་གིས་ལུས་དང་ངག་དག་སྡོམ་པར་བྱེད་པ་དེ་ནི་མེད་དོ། །མ་ཡིན་ཏེ་དེ་ལ་གོམས་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ་དེ་ལ་གོམས་ཤིང་སེམས་དང་སེམས་ལས་བྱུང་བའི་
རྒྱུན་གོམས་པས་བྱ་བའི་དུས་ཏེ་སེམས་པ་ལ་སོགས་པའི་སེམས་ཉེ་བར་གནས་པ་ན་དྲན་པ་ལ་སྟེ། བདག་ནི་སྲོག་གཅོད་པ་ལ་སོགས་པ་སྤངས་པ་ཡིན་ནོ་སྙམ་པའི་དྲན་པ་ཉེ་བར་གནས་པའི་ཕྱིར་ཏེ་སེམས་གང་གིས་ལུས་དང་ངག་དག་སྡོམ་པར་བྱེད་དེ་མངོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་ཁོ་
ནའི་དོན་དུ་དེ་ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་ཅི་ནས་ཀྱང་མི་བྱ་བར་དམ་བཅས་པ་འདི་རྗེས་སུ་དྲན་ནས་འཆལ་བའི་ཚུལ་ཁྲིམས་མི་བྱའོ་ཞེས་བྱ་བ་ཡིན་ནོ། །བརྗེད་ངས་པ་འགས་ཀྱང་ཚུལ་ཁྲིམས་འདྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་དེའི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་ཆུ་ལོན་ལྟ་བུ་འཆལ་
བའི་ཚུལ་ཁྲིམས་ཀྱི་གགས་བྱེད་པ་དེ་ཡོད་པས་སོ། །ཚོགས་པ་དེ་ཉིད་འབྲས་བུ་ཕྲ་མོ་ཅན་ཡང་ཡིན་ལ་འབྲས་བུ་རགས་པ་ཅན་ཡང་ཡིན་པར་ནི་མི་རུང་ངོ་ཞེས་བྱ་བ་ན་རྣམ་པར་རིག་བྱེད་ཀྱི་རྟེན་པའི་སའི་ཁམས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ཀྱི་ཚོགས་པ་དེ་ཉིད་འབྲས་བུ་རྣམ་པར་རིག་བྱེད་མ་
เล่ม ๑๔๓ · หน้า 14a
ཡིན་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཅན་ཡིན་པའི་ཕྱིར་འབྲས་བུ་ཕྲ་མོ་ཅན་ཡང་ཡིན་ལ་འབྲས་བུ་རྣམ་པར་རིག་བྱེད་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་འབྲས་བུ་རགས་པ་ཅན་ཡང་ཡིན་པར་མི་རུང་ངོ་། །དེ་ལྟ་བས་ན་རྣམ་པར་རིག་བྱེད་མ་
ཡིན་པ་ནི་འབྱུང་བ་ཆེན་པོ་གཞན་དང་གཞན་དག་ཁོ་ན་རྒྱུར་བྱས་ནས་སྐྱེའོ། །གང་གི་ཚེ་རྣམ་པར་རིག་བྱེད་ཡོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་གང་གི་ཚེ་རྣམ་པར་རིག་བྱེད་འབྱུང་བ་ནི་གང་གི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པའོ། །དེ་ལྟར་དེའི་ཚེ་ཡོད་པ་ནི་འབྱུང་བ་ཆེན་པོ་སྟེ་ཅི་རྣམ་པར་
རིག་བྱེད་མ་ཡིན་པ་དེ་གང་གི་ཚེ་རྣམ་པར་རིག་བྱེད་བྱུང་བ་དེའི་ཚེ་བྱུང་བ་ཁོ་ན་ན་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་སྐྱེ་འམ་ཞེ་ན་ཐམས་ཅད་ཅེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། བསམ་གཏན་དང་ཟག་པ་མེད་པས་བསྡུས་པ་དང་། མིག་དང་རྣ་
བ་དང་གཟུགས་དང་སྒྲ་ལ་སོགས་པ་ཐམས་ཅད་ནི་དེ་ལྟར་དུས་མཉམ་པའི་འབྱུང་བ་ཆེན་པོ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངོ་། །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཅུང་ཟད་ཅིག་གསལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ད་ལྟར་དང་མ་འོངས་པ་ཅུང་
ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་ཞེས་བྱ་བ་སྨོས་ཏེ། རྒྱུར་བྱས་པའི་གཟུགས་ད་ལྟར་གྱི་ཅུང་ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་ལ། རྒྱུར་བྱས་པའི་གཟུགས་མ་འོངས་པ་ཅུང་ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་
ནས་འབྱུང་ངོ་། །རྒྱུར་བྱས་པའི་གཟུགས་དེ་ལྟ་བུ་དེ་ཡང་གང་ཞེ་ན་བསྟན་པའི་ཕྱིར། འདོད་རྟོག་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཞེས་བྱ་བ་སྨོས་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྡོམ་པ་ལ་སོགས་པ་མནོད་པའི་ཚེ་ལྷན་ཅིག་སྐྱེ་
བའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་ལ། དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་གཞན་ཡང་དེ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངོ་། །འདི་ལྟར་དེ་དག་ནི་འདིའི་གཞིའི་དོན་དུ་འགྱུར་ཏེ། ཇི་ལྟར་རྒྱུར་བྱས་པའི་གཟུགས་གཞན་དག་གི་གཞི་ད་ལྟར་བྱུང་བའི་འབྱུང་བ་ཆེན་པོ་རྣམས་ཡིན་
เล่ม ๑๔๓ · หน้า 14b
པ་དེ་བཞིན་དུ་དེའི་རྟེན་ནི་འདས་པ་རྣམས་ཡིན་ནོ། །འཇུག་པ་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ་ནི་འདས་པའི་འབྱུང་བ་ཆེན་པོ་དག་ནི་འཇུག་པའི་རྒྱུ་ཡིན་ཞིང་འཕེན་པའི་རྒྱུ་ཡིན་པའི་ཕྱིར་གཞིའི་དོན་དུ་འགྱུར་རོ། །ད་ལྟར་བྱུང་བའི་ལུས་ཀྱི་འབྱུང་བ་
ཆེན་པོ་དག་ནི་རྗེས་སུ་འཇུག་པའི་རྒྱུ་ཡིན་ཞིང་རྟེན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རྟེན་གྱི་དོན་དུ་འགྱུར་རོ། །འཁོར་ལོ་བཞིན་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོ་ལག་པས་འདྲིལ་བ་དེ་ལྟ་བུ་ནི་འདིའི་འཇུག་པའི་རྒྱུ་ཡིན་ནོ། །ཇི་ལྟར་སའི་ཕྱོགས་དེ་ལྟ་བུ་ནི་རྗེས་སུ་འཇུག་པའི་རྒྱུ་ཡིན་ནོ། །དུས་
ངེས་པ་དྲིས་ནས་ཡང་གང་ལ་ཡོད་པའི་ཞེས་བྱ་བ་རྒྱས་པར་ས་ངེས་པར་འདྲི་སྟེ། བསམ་གཏན་བཞི་པའི་སའི་བར་དུ་ཞེས་བྱ་བ་ནི་གཟུགས་མེད་པ་དག་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་མེད་པའི་ཕྱིར་རོ། །ཁམས་སུ་མ་གཏོགས་པའི་ཕྱིར་ཞེས་པ་ནི་ཟག་པ་མེད་པའི་ལུས་
དང་ངག་གི་ལས་ནི་ཁམས་དང་ལྡན་པ་མ་ཡིན་པའི་ཕྱིར་ངེས་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཟག་པ་མེད་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་མི་འབྱུང་ཞེ་ན། དེའི་ཕྱིར། ཟག་པ་མེད་པ་རྣམས་ལས་འབྱུང་བ་དག་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །
ཡང་འདི་ལ་འབྱུང་བ་ཆེན་པོ་དག་གིས་བྱར་ཅི་ཡོད་སྙམ་ན། དེའི་ཕྱིར་དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་འབྱུང་བའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་དེ་སྐྱེ་བ་ཅིའི་ཕྱིར་སེམས་ཀྱི་སྟོབས་ཁོ་ནས་མི་འགྱུར་ཞེ་ན། རྒྱུར་བྱས་པའི་གཟུགས་མ་ཡིན་
པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་རིག་བྱེད་མིན་མ་ཟིན་དང་། །ཞེས་བྱ་བ་ནི་ལུས་ཅན་མ་ཡིན་པས་སེམས་དང་སེམས་ལས་བྱུང་བའི་རྟེན་གྱི་དངོས་པོར་མི་རུང་བའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་
ཡིན་ཏེ། རྣམ་རིག་མིན་ལུང་བསྟན་མན་མེད། །ཅེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པས་ཡང་། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་འབྱུང་བས་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །བསགས་པ་མེད་པའི་ཕྱིར་དང་རྒྱས་པ་ལས་བྱུང་བ་ཡང་མ་ཡིན་པས་ཤུགས་ཀྱིས་ན་
เล่ม ๑๔๓ · หน้า 15a
རྒྱུ་མཐུན་པ་ལས་བྱུང་བ་ཡིན་ནོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ཕྱིར་སེམས་ཅན་དུ་སྟོན་པ་ཡིན་ནོ། །རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །ཞེས་བྱ་བ་ནི་རྒྱུ་མཐུན་པ་དང་ཟིན་པའི་འབྱུང་བ་ཆེན་པོ་ལས་སྐྱེ་བ་ཡིན་ཏེ། ཀུན་ནས་སློང་བར་བྱེད་པའི་སེམས་
ལ་ལྟོས་པའི་ཕྱིར་དང་། མཉམ་པར་མ་བཞག་པའི་སེམས་ཀྱི་རྣམ་པར་རིག་བྱེད་ཀྱི་སྐབས་ཡིན་པའི་ཕྱིར་ཉིད་དང་ཏིང་ངེ་འཛིན་གྱིས་རྒྱས་པར་བྱས་པའི་འབྱུང་བ་ཆེན་པོ་ལས་སྐྱེས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པའི་འབྱུང་བ་ཆེན་པོ་ལས་སྐྱེས་པ་ཡང་ཡིན་ནོ། །ཏིང་ངེ་
འཛིན་སྐྱེས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱའོ། །མ་ཟིན་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་
ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ཀྱི་དབང་གིས་ལུས་དེ་ལ་སེམས་ཀྱི་རྗེས་སུ་འཇུག་པ་འབྱུང་བའི་ཕྱིར་ཏེ་ཟིན་པའི་འབྱུང་བ་ཆེན་པོ་རྣམས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་དག་ན་སེམས་མེད་པར་ཡང་འབྱུང་ངོ་། །ཚིག་ཀྱལ་པ་སྤོང་བའི་བར་དུ་ཞེས་བྱ་
བ་ལ། བར་དུ་ཞེས་བྱ་བའི་སྒྲས་ནི་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་ཚིག་ཀྱལ་པ་སྤོང་བ་བསྡུའོ། །སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་དེ་སྐྱེད་པར་བྱེད་པའི་སེམས་ཐ་དད་པ་མ་ཡིན་
པ་དེ་བཞིན་དུ་དེ་སྐྱེད་པར་བྱེད་པའི་འབྱུང་བ་རྣམས་ཀྱང་ཐ་མི་དད་པ་ཁོ་ན་ཡིན་ནོ། །འབྱུང་བ་ཆེན་པོ་དག་ནི་རྟེན་གྱི་དོན་གྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཞིར་གྱུར་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་འཇུག་པར་བྱེད་པའི་དོན་གྱིས་ཏེ། དེ་ལྟ་བས་ན་འབྱུང་བ་ཐ་མི་དད་པ་ལས་སྐྱེའོ་ཞེས་སྨོས་པ་
འགལ་བ་མེད་དོ། །སོ་སོར་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་ཅེས་བྱ་བ་ནི་སེམས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་སྟེ་ཞེས་བྱ་བ་ནི་འཕེན་པའི་དབང་གིས་རྗེས་སུ་འཇུག་པའི་ཕྱིར་རོ། །ལུས་ཀྱི་ནི་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་
เล่ม ๑๔๓ · หน้า 15b
ངག་གི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ལུས་ཀྱི་ནི་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པར་འཇུག་པའི་ཕྱིར་ལ་དེའི་རྟེན་འབྱུང་བ་ཆེན་པོ་རྣམས་ཀྱང་ཟིན་པ་ཡིན་པས་སོ། །ངག་གི་མ་ཡིན་ཏེ། དེ་དག་དང་ཐ་དད་པར་འཇུག་པའི་ཕྱིར་རོ། །འདིར་འདི་ནི་བསྟན་བཅོས་དང་འགལ་བ་ཡིན་
ཏེ། འདི་སྐད་དུ། དགེ་བསྙེན་གྱི་བསླབ་པའི་གཞི་གང་དག་ཡིན་པ་དེ་དག་ལས་ཟིན་པ་ནི་དུ། མ་ཟིན་པ་ནི་དུ་ཞེ་ན། སྨྲས་པ། ཐམས་ཅད་མ་ཟིན་པ་ཡིན་ནོ་ཞེས་བཤད་དོ་ཞེས་རྒོལ་བར་བྱེད་ན། དེ་སྐད་དུ་བསྟན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཀྱི་བསླབ་པའི་གཞི་ལས་
དགོངས་ཏེ། གསུངས་པའི་ཕྱིར་རམ། ཕལ་ཆེ་བ་བསྟན་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཡང་རྒྱུན་ཆགས་པའི་ཕྱིར་འདི་བྱེ་བྲག་ཏུ་སྨྲ་བ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་དབྱིབས་གཅིག་སྐྱེས་ན་དབྱིབས་ཅིག་ཤོས་ལྡོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་རྒྱས་པར་དབྱིབས་གཉིས་
འགྲུབ་པར་འགྱུར་ཞེས་བྱ་བའི་བར་འབྱུང་བ་ནི་ཕན་ཚུན་གོ་སྐབས་མི་འབྱེད་པའི་ཕྱིར་རོ། །དེའི་འབྱུང་བ་ཆེན་པོ་དག་གིས་མངོན་པར་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱི་རྟེན་གྱི་འབྱུང་བ་ཆེན་པོ་དག་གིས་ལུས་མངོན་པར་ཁྱབ་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ཀྱི་འབྱུང་བ་ཆེན་པོ་དག་གིས་
མ་ཁྱབ་པར་འདུག་གོ་ཞེས་བརྗོད་པར་ནི་ནུས་པ་མ་ཡིན་ནོ། །མངོན་པར་མ་ཁྱབ་ན་ནི་ཇི་ལྟར་ན་ཡན་ལག་ཟད་པར་གྱི་རྣམ་པར་རིག་པར་བྱེད་པར་འགྱུར། འདི་ལུས་ཀྱི་ཕྱོགས་གཅིག་གིས་རྣམ་པར་རིག་བྱེད་ཀྱི་ལུས་ཐམས་ཅད་ཀྱིས་ནི་མ་ཡིན་པས་ལུས་དེ་རྣམ་པར་རིག་བྱེད་ཀྱི་
རྟེན་གྱི་འབྱུང་བ་ཆེན་པོ་དག་གིས་མ་ཁྱབ་པར་འདུག་གོ་ཞེས་བརྗོད་པར་ནི་ནུས་པ་མ་ཡིན་ནོ། །ལུས་ལ་གསེབ་ཡོད་པའི་ཕྱིར་དེ་དག་གི་གོ་སྐབས་ཡོད་དོ་ཞེས་བྱ་བ་ནི་མངོན་པར་ཁྱབ་ཏུ་ཟིན་ཀྱང་ཡན་ལག་ཆེན་པོར་མི་འགྱུར་ཏེ། ལུས་ལ་གསེབ་ཡོད་པ་ཉིད་ཀྱིས་གསེབ་ཏུ་ཞུགས་པའི་
ཕྱིར་རོ། །འོ་ན་ནི་ཡན་ལག་དེ་མཁྲེགས་པ་འམ་ལྕི་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། ཕྲ་བའི་ཕྱིར་རོ། །རྣམ་པ་གཉིས་དང་རྣམ་པ་གསུམ་དང་རྣམ་པ་ལྔར་བཤད་ཅེས་བྱ་བ་ནི་དེ་ནི་སེམས་པ་དང་དེས་བྱས་ཞེས་འབྱུང་བའི་ཕྱིར་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ། །སེམས་པ་ཡིད་ཀྱི་ལས་
เล่ม ๑๔๓ · หน้า 16a
ཡིན་ནོ། །དེས་སྐྱེད་ལུས་དང་ངག་གི་ལས། །ཞེས་འབྱུང་བའི་ཕྱིར་རྣམ་པ་གསུམ་དུ་བཤད་པ་ཡིན་ནོ་ལོ། །དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་འབྱུང་བས་ལུས་དང་ངག་གི་ལས་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཐ་དད་པའི་ཕྱིར་དང་། ལྔ་
པ་ཡིད་ཀྱི་ལས་ཡིན་པའི་ཕྱིར་རྣམ་པ་ལྔར་བཤད་པ་ཡིན་ནོ། །རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་བྱ་བ་ནི་དོན་གྱིས་ན་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བ་དང་མི་དགེ་བ་ཁོ་ན་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ལས་སྟོབས་དང་ལྡན་པ་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་
པའི་མཚན་ཉིད་དོ། །ཡང་གི་སྒྲས་ནི་འདོད་པ་ན་ཡང་ཡོད་དོ་ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་སྒྲའང་ཞེས་བྱ་བའི་སྒྲའི་དོན་ཡིན་པས་ནི་འདོད་པའི་ཁམས་ན་ཡོད་པ་འདྲེན་པར་བྱེད་དོ། །ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རེ་ཞིག་ཟག་པ་མེད་པའི་
རྣམ་པར་རིག་བྱེད་མ་ཡིན་པ་ལ་ཟག་པ་མེད་པའི་འབྱུང་བ་དག་མེད་མོད་ཀྱི་འོན་ཀྱང་དེ་ནི་ས་གང་དུ་སྐྱེས་ཏེ་དེ་སྐྱེད་པར་བྱེད་པ་དེའི་ས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེ་བ་དེ་བཞིན་དུ་རེ་ཞིག་གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་ཆེན་པོ་དག་ཀྱང་མེད་མོད་ཀྱི་འོན་ཀྱང་ས་གང་དུ་སྐྱེས་ཏེ་
གཟུགས་མེད་པ་སྐྱེད་པར་བྱེད་པ་དེའི་ས་པའི་འབྱུང་བ་རྣམས་རྒྱུར་བྱས་ནས་གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཁམས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དང་མི་འདྲ་བའི་ཕྱིར་མ་ཡིན་ཏེ། འདི་ལྟར་ཟག་པ་མེད་པའི་རྣམ་
པར་རིག་བྱེད་མ་ཡིན་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་སུ་མ་གཏོགས་པ་ཡིན་ནོ། །དེ་ལ་ནི་ཁམས་སམ་སའི་སྒོ་ནས་ཀྱང་རུང་སྟེ། འབྱུང་བ་ཆེན་པོ་སྐལ་བ་མཉམ་པ་འང་མེད་ལ་སྐལ་བ་མི་
མཉམ་པ་དག་ཀྱང་མེད་པ་ཉིད་དེ་དེའི་ཕྱིར་གང་དུ་སྐྱེས་པ་དེ་ན་ཡོད་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེའོ། །གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྐལ་བ་མི་མཉམ་པ་འདོད་པ་དང་གཟུགས་ན་སྤྱོད་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བར་འོངས་པ་མ་ཡིན་ཏེ། ཁམས་
เล่ม ๑๔๓ · หน้า 16b
གསུམ་པའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གཟུགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པའི་གཟུགས་བསྐྱེད་པར་མི་ནུས་ཀྱི་གཟུགས་ཀྱི་ས་པའི་ཟག་པ་མེད་པའི་སྙོམས་པར་འཇུག་པས་ནི་གཟུགས་བསྐྱེད་པར་ནུས་
ཏེ། རྣམ་པར་རིག་བྱེད་མ་ཡིན་པ་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གཟུགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ཇི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་གཟུགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་
ཞེ་ན། དེའི་ཕྱིར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་པ་ན་སྤྱོད་པའི་འཆལ་བའི་
ཚུལ་ཁྲིམས་ནི་མི་དགེ་བས་ཀུན་ནས་སློང་བའི་ཕྱིར་དེའི་གཉེན་པོ་གཟུགས་ཀྱི་ས་པའི་ཚུལ་ཁྲིམས་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་རུང་ངོ་། །གལ་ཏེ་གཟུགས་མེད་པ་ན་སྤྱོད་པ་ཡང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་གཟུགས་མེད་པ་རྣམས་ནི་འདོད་པའི་
ཁམས་ནས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་མེད་པའི་ཁམས་དག་ནི་འདོད་པའི་ཁམས་ནས་རིང་བ་ཉིད་བཞིས་རིང་བ་བཞིན་ནོ། །རིང་བའི་ཕྱིར་གཟུགས་མེད་པས་བསྡུས་པའི་ཚུལ་ཁྲིམས་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པར་མི་རུང་སྟེ། རིང་བ་ཉིད་བཞི་ནི་གོང་
དུ་བཤད་ཟིན་པས་ཡང་མི་བཤད་དོ། །འདིར་དཔེར་བརྗོད་པ་ནི་གཉེན་པོ་རིང་བ་ཉིད་ཡིན་ནོ། །རྣམ་རིག་དཔྱོད་དང་བཅས་པ་དག་ན་ཞེས་བྱ་བ་ནི་དཔྱོད་པ་དང་བཅས་པའི་ས་ཁོ་ན་དག་ན་ཡོད་དོ་ཞེས་ངེས་པར་གཟུང་བའི་ཕྱིར་བརྩམས་པ་ཡིན་ཏེ། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲ་བས་
ལུས་དང་ངག་གི་ལས་དག་ནི་རྟོག་པ་དང་དཔྱོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འདོད་པ་ན་ཡང་བསྒྲིབས་པ་མེད། །ཅེས་བྱ་བ་ནི་དཔྱོད་པ་མེད་པའི་ས་དག་ན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བར་སྟོན་ཏེ། ཚངས་པའི་འཇིག་རྟེན་ཁོ་ན་ན་ཡོད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཡན་
เล่ม ๑๔๓ · หน้า 17a
ཆད་ཅེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ཡན་ཆད་དོ། །ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་སྒྲའི་སྐྱེ་མཆེད་དོ། །འདི་ནི་རྣམ་པར་རིག་བྱེད་ཀྱི་སྒྲ་དགག་པ་ལྷུར་བྱ་བར་སྨོས་པ་ཡིན་གྱི་ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཁོ་ན་ཡོད་པ་ནི་མ་ཡིན་
ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ན་ནི་ལག་པ་ལ་སོགས་པའི་སྒྲ་ཡང་སྲིད་དོ། །དེ་ལྟ་མ་ཡིན་ན་བསྟན་བཅོས་དང་འགལ་བར་འགྱུར་ཏེ། འདི་ལྟར་བསྟན་བཅོས་ལས་ནི། གང་ཞིག་སྒྲའི་ཁམས་དང་ལྡན་ཞེ་ན། སྨྲས་པ། འདོད་པ་དང་གཟུགས་ན་སྤྱོད་པའོ། །གང་
ཞིག་མི་ལྡན་ཞེ་ན་སྨྲས་པ། གཟུགས་མེད་པ་ན་སྤྱོད་པའོ་ཞེས་བཤད་དེ། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱི་ཞེས་འབྱུང་བའི་ཕྱིར་སེམས་ཅན་དུ་མི་བགྲང་བའི་ཕྱི་རོལ་གྱི་དང་ནི་ལྡན་པར་རུང་བ་མ་ཡིན་ནོ། །ཉེས་པ་འདི་ཉིད་སྤང་བའི་ཕྱིར་གཞན་དག་ན་རེ་ཞེས་བྱ་བ་
སྨོས་ཏེ། བསམ་གཏན་གཉིས་པ་ལ་སོགས་པ་ན་ཡང་རྣམ་པར་རིག་བྱེད་ཡོད་དོ་ཞེས་བྱ་བ་ཡིན་ནོ། །གང་གི་ས་པ་ཞིག་ཡིན་ཞེ་ན། བསམ་གཏན་དང་པོའི་ས་པའི་འོ། །འདི་ནི་བྱེ་བྲག་སྨྲ་བ་ཁོ་ནའི་ཕྱོགས་ཡིན་པར་ཟད་ཀྱི་ཕྱོགས་གཞན་ནི་མ་ཡིན་ཏེ། གྲུབ་པའི་མཐའ་ལས།
གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་འབྱུང་བའི་ཕྱིར་རོ། །ཕྱོགས་གཞན་དེ་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཡིན་ནོ། །དེ་ཡང་ཅི་ལུང་དུ་མ་བསྟན་པ་
ཞིག་གམ་ལུང་དུ་བསྟན་པ་ཞིག་ཅེ་ན། དེའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ནི་ཡོད་ཀྱི་དགེ་བའང་མེད་ལ་ཉོན་མོངས་པ་ཅན་ཡང་མེད་དོ་ཞེས་བྱ་བ་སྨོས་ཏེ། དེ་ན་གནས་པ་རྣམས་ཕན་ཚུན་ཀུན་དུ་སྨྲ་བ་ལ་སོགས་པ་བྱེད་པ་ན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་
བྱེད་འབྱུང་ངོ་།། །།བམ་པོ་སུམ་ཅུ་རྩ་གཅིག་པ། ཅིའི་ཕྱིར་དགེ་བ་ཡང་མེད་ལ་ཉོན་མོངས་པ་ཅན་ཡང་མེད་ཅེ་ན། དེ་དག་ཏུ་སྐྱེས་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ནི་ས་འོག་མ་པའི་སེམས་ཏེ་སེམས་གང་གིས་དགེ་བའམ་ཉོན་མོངས་པ་ཅན་
เล่ม ๑๔๓ · หน้า 17b
གྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་འགྱུར་བ་དེ་ལྟ་བུ་སྟེ། དགེ་བ་དང་ཉོན་མོངས་པ་ཅན་ལྟ་བུ་མངོན་སུམ་དུ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། དམན་པ་དང་སྤངས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ས་འོག་མ་པའི་དགེ་བ་ནི་དམན་པའི་ཕྱིར་དང་སྤང་བའི་ཕྱིར་མངོན་དུ་མི་བྱེད་ལ། ཉོན་མོངས་པ་
ཅན་ཡང་མ་ཡིན་པས་ཤུགས་ཀྱིས་ན་འདི་སྐད་དུ་ས་འོག་མ་པའི་སེམས་ལུང་དུ་མ་བསྟན་པ་གང་གིས་ན་དེ་ཀུན་ནས་སློང་བར་བྱེད་པ་སྟེ་མངོན་སུམ་དུ་བྱེད་དེ་ཞེས་བཤད་པ་ཡིན་ནོ། །དེ་བས་ན་འདི་སྐད་དུ་ས་འོག་མ་པའི་རྣམ་པར་རིག་བྱེད་ནི་ས་འོག་མ་པའི་སེམས་ཀྱིས་སློང་བར་བྱེད་དོ་ཞེས་
བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་དེ་ལྟར་མི་འདོད་དེ་རྣམ་པར་རིག་བྱེད་དེ་བསམ་གཏན་དང་པོའི་ས་པའི་སེམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་ནོ་ཞེའོ། །དེ་ལྟ་བས་ན་སྔ་མ་ཁོ་ན་བརྗོད་དོ་ཞེས་བྱ་བ་སྨོས་སོ། །དེ་ཡང་འདོད་པའི་ཁམས་ན་
མེད་དོ་ཞེས་བྱ་བ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་བསྒོམ་པས་སྤང་བར་བྱ་བ་དེ་ཡང་འདོད་པའི་ཁམས་ན་མེད་དེ་འདོད་པའི་ཁམས་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པ་ཁོ་ན་ཡོད་པར་འདོད་ལ། ཁ་ནང་དུ་བལྟས་པ་
ཡིན་པའི་ཕྱིར་དེས་ཀྱང་རྣམ་པར་རིག་བྱེད་ནི་ཀུན་ནས་སློང་བར་མི་བྱེད་དོ། །ངོ་བོ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །མཆོག་ཏུ་བདེ་བའི་ཕྱིར་ཞེས་བྱ་བ་ནི་མི་བདེ་བ་དང་རྗེས་སུ་འབྲེལ་བ་དག་ཀྱང་མེད་པའི་ཕྱིར་ཏེ། ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བས་དགེ་བ་གང་ཡིན་པ་
དེ་ནི་མཆོག་ཏུ་བདེ་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་ལ་དགེ་བ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་མི་ལྡན་པའི་སེམས་ལ་སོགས་པ་ལ་དགེ་བ་ཉིད་མེད་པའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པ་ནི་དགེ་བ་ཉིད་
ཡིན་པར་གྲུབ་པོ། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་མི་ལྡན་པའི་ཆོས་དེ་དག་ཁོ་ན་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་བསྡུའོ། །སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ་ཞེས་བྱ་བ་ནི་སྨན་དང་སྦྱར་བའི་བཏུང་བ་
เล่ม ๑๔๓ · หน้า 18a
འཐུངས་པའི་བ་ལས་བྱུང་བའི་འོ་མ་གང་ཡིན་པ་དེ་ནི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མའོ། །སྐལ་བ་མི་མཉམ་པའི་སེམས་ཀྱིས་ཀུན་ནས་བསླང་བའི་ཐོབ་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་བའི་ཐོབ་པ་སྐལ་བ་མི་མཉམ་པའི་སེམས་ཀྱིས་
ཀུན་ནས་བསླང་བ་རྣམས་སོ། །སྐལ་བ་མི་མཉམ་པའི་སེམས་ནི་དགེ་བ་ལས་གཞན་པ་ཡིན་ཏེ། ཐེ་ཚོམ་གྱིས་དགེ་བའི་རྩ་བའི་མཚམས་སྦྱོར་བར་བྱེད་པ་ན་དགེ་བ་རྣམས་ཀྱི་ཐོབ་པ་གང་ཡིན་པ་དེ་དག་རེ་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དུ་དགེ་བ་ཉིད་མ་ཡིན་ཏེ། མཆོག་
ཏུ་བདེ་བ་མ་ཡིན་པའི་ཕྱིར་རོ། །མ་ཆགས་པ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་ཀྱིས་དགེ་བ་ཡང་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་བཞིན་དུ་མཚུངས་པར་ལྡན་པས་ཀྱང་མ་ཡིན་ཏེ། ལྡན་པ་མ་ཡིན་པ་ཡིན་པའི་ཕྱིར་རོ། །ཀུན་ནས་སློང་བ་
ལས་ཀྱང་མ་ཡིན་ཏེ། དེ་ཀུན་ནས་སློང་བར་བྱེད་པའི་སེམས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་ཚེ་སྐྱེས་ནས་འཐོབ་པ་དག་ཇི་ལྟར་དགེ་བ་ཉིད་ཡིན་པ་ཡང་བརྗོད་པར་བྱའོ། །ཇི་ལྟར་དགེ་བ་ཉིད་ཡིན་པ་ནི་བརྗོད་དགོས་སོ་ཞེས་བྱ་བ་འདི་ནི་འདི་
ལ་འབད་པར་བྱ་དགོས་སོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་ལན་ནི་དགེ་བའི་རྩ་བས་ཀུན་ནས་བསླང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་ནི་མ་འོངས་པའི་གནས་སྐབས་ཉིད་ན་དགེ་བ་ཡིན་ལ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ནི་དེ་དག་གི་ཐོབ་པའི་གགས་སེལ་བར་བྱེད་ཀྱི་དགེ་བ་ཉིད་དུ་བྱེད་པ་
ནི་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་འདི་ལ་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་དེ་ངོ་བོ་ཉིད་ཡོད་པས་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་དོ། །དེས་ན་འཁོར་བ་ནི་དོན་དམ་པར་མི་དགེ་བ་ཡིན་
ནོ། །ལུས་དང་ངག་གི་ལས་དང་སྐྱེ་བ་ལ་སོགས་པ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་སྡོམ་པ་མ་ཡིན་པ་དང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པས་བསྡུས་པ་དང་སྐྱེ་བ་ལ་སོགས་པ་སྟེ། སྐྱེ་བ་དང་།
เล่ม ๑๔๓ · หน้า 18b
རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང་། རྗེས་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམས་དང་། མི་དགེ་བ་དག་གིས་ཐོབ་པ་རྣམས་སོ། །ནད་དང་མི་འཕྲོད་པའི་སྨན་ལ་སོགས་པས་དཔེར་བྱའོ་ཞེས་བྱ་བ་ནི་འཁོར་བའི་དཔེ་ནི་ནད་ཀྱིས་བྱ་སྟེ། འཁོར་བ་ནི་ནད་དང་
འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆགས་པ་ལ་སོགས་པའི་དཔེ་ནི་མི་འཕྲོད་པའི་སྨན་གྱིས་བྱ་སྟེ། གཞན་དང་མཚུངས་པར་ལྡན་པ་དང་ཀུན་ནས་བསླང་བ་ལ་མི་ལྟོས་པའི་ཕྱིར་རོ། །དེ་དག་དང་མཚུངས་པར་ལྡན་པའི་དཔེ་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བས་བྱའོ། །
ལུས་དང་ངག་གི་ལས་དང་སྐྱེ་བ་ལ་སོགས་པ་དང་ཐོབ་པ་རྣམས་ཀྱི་དཔེ་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མས་བྱའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ནི་གལ་ཏེ་འཁོར་བ་དོན་དམ་པར་མི་དགེ་བ་ཡིན་ན་ཟག་པ་དང་བཅས་པ་ནི་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་
ཟག་པ་དང་བཅས་པ་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པའམ་དགེ་བར་མི་འགྱུར་རོ་ཞེ་ན། དོན་དམ་པར་དེ་སྐད་དུ་བཤད་ཀྱི་ཞེས་བྱ་བ་ནི་འཁོར་བའི་ཁོངས་སུ་གཏོགས་པ་ཐམས་ཅད་མི་དགེ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁས་ལེན་ཏོ། །རྣམ་པར་སྨིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་
ཞིག་འདི་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་དེ་ནི་ལུང་དུ་མ་བསྟན་པ་ཞེས་བྱའོ། །འདི་སྐད་དུ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་དོན་དམ་པར་མི་བདེ་བའི་ཕྱིར་མི་དགེ་བ་ཡང་ཡིན་ལ། རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་
པ་ཡང་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དགེ་བ་ཡང་དེ་ཁོ་ན་བཞིན་དུ་མི་དགེ་བ་ཡང་ཡིན་ལ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ཡིན་པའི་ཕྱིར་དགེ་བའང་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་ཀུན་ནས་སློང་བའི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་པ་ཁོ་ན་
དགེ་བ་དང་མི་དགེ་བ་ཉིད་ཡིན་ནོ་སྙམ་པའི་བསམ་པ་འདིས་ལུས་དང་ངག་གི་ལས་ཀྱི་དགེ་བ་དང་མི་དགེ་བ་ཉིད་སྤྱོད་པ་ཡིན་ནོ། །ཅི་སྟེ་འབྱུང་བ་ཆེན་པོ་རྣམས་མ་ཡིན་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ཉིད་དེ། དགེ་བ་དང་མི་དགེ་བའི་སེམས་ཀྱིས་ནི་ལུས་དང་ངག་གི་ལས་དང་། དེ་དག་གི་འབྱུང་བ་
เล่ม ๑๔๓ · หน้า 19a
ཆེན་པོ་རྣམས་ཀྱང་ཀུན་ནས་སློང་བར་བྱེད་དོ། །བྱེ་བྲག་ཏུ་སྨྲ་བས་སྨྲས་པ། བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི། འབྱུང་བ་ཆེན་པོ་དག་བྱའོ་སྙམ་དུ་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ལས་འདི་བྱའོ་སྙམ་དུ་སེམས་པ་ཡིན་པས་འབྱུང་བ་ཆེན་པོ་རྣམས་
ནི་ལས་བཞིན་དུ་དགེ་བ་དང་མི་དགེ་བ་ཉིད་མ་ཡིན་ནོ། །སློབ་དཔོན་གྱིས་བཤད་པ་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི། བྱེད་པ་པོ་ལ་རྣམ་པར་རིག་བྱེད་མ་ཡིན་པ་བྱའོ་སྙམ་དུ་བསམ་པ་མེད་དོ། །མཉམ་པར་མ་བཞག་པའི་སེམས་ནི་སའི་སྒོ་ནས་མཉམ་པར་
གཞག་པ་མ་ཡིན་པས་སྐལ་བ་མི་མཉམ་ཞིང་མི་འདྲ་བའི་ཕྱིར་དེ་ཀུན་ནས་སློང་བར་བྱེད་པ་དེ་ལྟ་བུར་སེམས་པར་བྱེད་པ་གང་ཡིན་པ་ཡོད་པ་མ་ཡིན་ན་ཇི་ལྟར་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་དེ་དགེ་བ་ཉིད་ཡིན་ཏེ། དེ་ནི་འབྱུང་བ་ཆེན་པོ་བཞིན་དུ་དགེ་བ་ཉིད་ཡིན་པར་མི་འགྱུར་རོ་
སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་ལྷའི་མིག་ལ་སོགས་པ་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་ཞེས་བྱ་བ་ནི་གལ་ཏེ་སེམས་པ་མེད་དུ་ཟིན་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་དགེ་བ་ཉིད་ཡིན་ན་ཞེས་བྱ་བ་ཡིན་ནོ། །ཡང་ན་འདིའི་འབྲེལ་པ་ནི་འདི་ཡིན་ཏེ། གལ་ཏེ་སྐལ་བ་
མི་མཉམ་པ་དང་མཉམ་པར་གཞག་པ་མ་ཡིན་པའི་སེམས་ཀྱི་དབང་གིས་དེ་དགེ་བ་ཉིད་ཡིན་ན། ལྷའི་མིག་དང་རྣ་བ་དག་ཀྱང་སྦྱོར་བའི་ཚེ་དེ་དག་ལ་སེམས་པ་ཡོད་པའི་ཕྱིར་དགེ་བ་ཉིད་ཡིན་པར་ཐལ་བར་འགྱུར་བ་ཞིག་ན། རྣ་མིག་མངོན་ཤེས་ལུང་མ་བསྟན། །ཞེས་འབྱུང་བའི་ཕྱིར་
དེ་གཉིས་ལ་ནི་དགེ་བ་ཉིད་ཀྱང་མེད་དོ། །མཐོང་བས་ན་སྤང་བར་བྱ་བ་ནི་ཁ་ནང་དུ་བལྟས་པར་འཇུག་པ་ཡིན་པའི་ཕྱིར་དེ་སྐད་དུ་སྨྲ་བས་མཐོང་བས་སྤང་བར་བྱ་བའི་སེམས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ་ཞེས་གང་བཤད་པ། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་
གསུངས་ཤེ་ན་ཞེས་བྱ་བའི་ཚིག་གི་དོན་ནི། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་འགལ་ལོ་ཞེས་བྱ་བ་ཡིན་ནོ། །དེ་ཡང་གང་ཞེ་ན་ལོག་པར་ལྟ་བ་དེ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་ལོག་པར་ལྟ་བ་མཐོང་བས་སྤང་བར་བྱ་བ་ལས་ལོག་པའི་ངག་རྣམ་པར་རིག་བྱེད་ཀྱི་
เล่ม ๑๔๓ · หน้า 19b
ངོ་བོ་ཉིད་དང་། ལོག་པའི་ལས་ཀྱི་མཐའ་དེའི་ངོ་བོ་ཉིད་ཁོ་ན་འབྱུང་བར་འགྱུར་རོ་ཞེས་གསུངས་རྒྱུ་དང་ནི། དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཞེས་བྱ་བ་ནི་རྒྱུའི་སློང་བ་དང་དེའི་དུས་ཀྱི་སློང་བ་ནི་རྒྱུ་དང་དུས་ཀྱི་སློང་བའོ། །རྒྱུ་དང་དེའི་དུས་ཀྱི་སློང་བ་ཞེས་མིང་བཏགས་པ་ནི་རྒྱུ་དང་དེའི་དུས་ཀྱི་སློང་
བ་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་མིང་དུ་བཏགས་པའོ། །ཡང་འདི་ལ་རྒྱུ་དང་དེའི་དུས་ཀྱི་སློང་བ་ཞེས་བྱ་བ་ཡོད་པས་ན། རྒྱུ་དང་དེའི་དུས་ཀྱི་སློང་བ་ཞེས་བྱ་བ་ཅན་ཡིན་ཏེ། རྒྱུ་དང་དེའི་དུས་ཀྱི་སློང་བ་ཞེས་བྱ་སྟེ། རྒྱུ་དང་དུས་ཀྱི་སློང་བ་ཞེས་བྱ་བར་མིང་དུ་བཏགས་པ་ཡིན་ནོ། །རྒྱུའི་ཀུན་
ནས་སློང་བ་ཞེས་བྱ་བ་ནི་འདིས་ཀུན་ནས་སློང་བས་ན་ཀུན་ནས་སློང་བའོ། །དེ་ནི་རྒྱུ་ཡང་ཡིན་ལ་དེ་ནི་ཀུན་ནས་སློང་བ་ཡང་ཡིན་པས་རྒྱུའི་ཀུན་ནས་སློང་བའོ། །དེའི་དུས་ཀྱི་ཀུན་ནས་སློང་བ་ཞེས་བྱ་བ་ནི་དུས་དེ་སྟེ་བྱ་བའི་དུས་སོ། །དུས་དེར་ཀུན་ནས་སློང་བ་ནི་དེའི་དུས་ཀྱི་ཀུན་ནས་སློང་བའོ། །
དེའི་དུས་ཁོ་ན་ན་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱ་བའི་དུས་ཁོ་ན་ན་དེའི་དུས་ཀྱི་ཀུན་ནས་སློང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཕེན་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ད་ནི་བྱ་བ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་ད་ནི་རྣམ་པར་རིག་བྱེད་
ཀྱི་བྱ་བ་དེ་ལ་དེའི་དུས་ཀྱི་ཀུན་ནས་སློང་བར་བྱེད་པ་དེའི་ནུས་པ་ཇི་ཞིག་ཡོད་ན་གང་གིས་ན་དེའི་ཚེ་དེའི་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་བརྗོད་དོ། །དེ་མེད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུའི་ཀུན་ནས་སློང་བས་འཕངས་སུ་ཟིན་ཅིང་བསྐྱེད་དུ་ཟིན་ཀྱང་དེའི་དུས་ཀྱི་ཀུན་ནས་སློང་བ་དེ་མེད་ན་
ཤི་བ་བཞིན་དུ་རྣམ་པར་རིག་བྱེད་ཡོད་པར་མི་འགྱུར་ཏེ། དཔེར་ན་འགའ་ཞིག་གྲོང་དུ་འགྲོ་བར་བྱའོ་ཞེས་བྱ་བ་འཕངས་ནས་བར་མ་དོར་ཤི་ན་དེ་ལ་རྗེས་སུ་འཇུག་པར་བྱེད་པར་སེམས་མེད་པའི་ཕྱིར་འགྲོ་བར་མི་འགྱུར་བ་དེ་དེ་དང་འདྲའོ། །འོ་ན་སེམས་མེད་པའི་སྡོམ་པ་སྐྱེ་བ་ལ་ཞེས་བྱ་བ་རྒྱས་
པར་འབྱུང་བ་ནི། གལ་ཏེ་དེའི་དུས་ཀྱི་ཀུན་ནས་སློང་བ་མེད་པ་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་ན་འགོག་པའི་སྙོམས་པར་འཇུག་པ་ཐོབ་པས་བསྙེན་པར་རྫོགས་པར་བྱ་བ་ལ་ལུས་ཀྱི་རྣམ་པར་རིག་བྱེད་བྱས་པ་འགའ་ཞིག་དེའི་ཚེ་འགོག་པའི་སྙོམས་པར་འཇུག་པ་ཉེ་བར་གནས་པའི་ཕྱིར་སེམས་
เล่ม ๑๔๓ · หน้า 20a
མེད་པའི་སྡོམ་པ་སྐྱེ་བ་ལ་དེའི་སྡོམ་པར་གཏོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་ལས་བརྗོད་པའི་འཇུག་པ་འབྱུང་བ་ཇི་ལྟར་ཡོད་དེ། དེའི་དུས་ཀྱི་ཀུན་ནས་སློང་བ་མེད་ན། ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་འགལ་བར་བཤད་པ་དང་། འོ་ན་ནི་
སེམས་དང་བཅས་པ་ལ་ཆེས་གསལ་བ་ཡིན་ཞེས་བྱ་བ་ལན་གཞན་ལ་རྟེན་པར་བྱེད་དེ། དེའི་དུས་ཀྱི་ཀུན་ནས་སློང་བས་ནི་སེམས་དང་བཅས་པ་ལ་རྣམ་པར་རིག་བྱེད་ཅེས་གསལ་བར་འབྱུང་བས་དེའི་ནུས་པ་ནི་དེ་ཡིན་ནོ། །མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན་ཞེས་བྱ་བ་
ནི་མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །ཇི་ལྟར་དེ་རབ་ཏུ་འཇུག་པར་བྱེད་པ་ཡིན་ཞེ་ན་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དག་གི་གཞིར་གྱུར་ཅིང་རྒྱུར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །
རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཁ་ཕྱིར་བལྟས་ལ་རྗེས་སུ་འཇུག་པར་བྱེད་པ་གང་ཡིན་པ་དེའི་རྣམ་པར་རིག་བྱེད་ཀྱི་བྱ་བའི་དུས་གང་ཡིན་པ་དེ་ན་དེ་མེད་པའི་ཕྱིར་རོ། །རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་མེད་པའི་ཕྱིར་ཞེས་བྱ་
བའི་ཐ་ཚིག་སྟེ། དེའི་ཕྱིར་དེ་ནི་རྗེས་སུ་འཇུག་པར་བྱེད་པ་མ་ཡིན་ནོ། །ཉེས་པ་གཞན་དེས་ཀུན་ནས་བསླང་བའི་གཟུགས་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཡང་ཡོད་དེ། གལ་ཏེ་མཐོང་བས་སྤང་བར་བྱ་བ་དེ་ཡང་། དེ་རྗེས་སུ་འཇུག་པར་བྱེད་པ་ཡིན་ན་ཇི་ལྟར་བསྒོམ་པས་སྤང་
བར་བྱ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་བསྒོམ་པས་སྤང་བར་བྱ་བ་ཡིན་པ་ལྟར་མཐོང་བས་སྤང་བར་བྱ་བ་དེའི་སེམས་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་རོ། །ཅིར་འགྱུར་
ཞེས་ཟེར་བ་ནི་རྒོལ་བར་བྱེད་པའོ། །བྱེ་བྲག་ཏུ་སྨྲ་བས་ཆོས་མངོན་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་ཅན་མིན་མཐོང་སྤངས་མིན། །གཟུགས་མིན་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་ཏེ། གཟུགས་དེ་ནི་
เล่ม ๑๔๓ · หน้า 20b
འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་བཞིན་དུ་རིག་པ་མཐོང་བའི་ལམ་དང་མི་འགལ་བའི་ཕྱིར་ཏེ། མ་སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ནི་བདེན་པ་མཐོང་བ་རྣམས་ཀྱང་དེ་དང་ལྡན་པས་གཟུགས་ནི་མཐོང་བས་སྤང་བར་བྱ་བ་མེད་དོ། །མ་རིག་པ་དང་འགལ་བ་
ཡང་མེད་པའི་ཕྱིར་ཏེ། ཇི་ལྟར་ཟག་པ་མེད་པའི་ལམ་སོ་སོའི་སྐྱེ་བོའི་གནས་སྐབས་ན་དེ་ནི་སྐྱེ་བའི་ཕྱིར་ལ་དེ་སྐྱེས་ཏེ་འཕགས་པའི་གནས་སྐབས་ན་ནི་མ་རིག་པ་ཁ་ཅིག་སྤངས་པའི་ཕྱིར་མ་རིག་པ་དང་འགལ་བ་ལྟར་གཟུགས་ནི་མ་རིག་པ་དང་འགལ་བ་མེད་དེ། ཉོན་མོངས་པ་ཅན་དང་།
ཉོན་མོངས་པ་ཅན་མ་ཡིན་པའི་གཟུགས་ཀུན་དུ་འབྱུང་བའི་གནས་སྐབས་སམ། དེའི་ཐོབ་པའི་རྒྱུན་ཆགས་པའི་ཚེ་ཡང་མ་རིག་པ་མི་འབྱུང་བ་མ་ཡིན་ལ་མ་རིག་པ་ཡོད་ན་ཡང་དེ་མི་འབྱུང་བ་མ་ཡིན་པས་སོ། །དེ་ལྟ་བུ་ཡིན་ལ་ཟག་པ་མེད་པ་བཞིན་དུ་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ནོ། །གལ་
ཏེ་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ལ་མཐོང་བས་སྤང་བར་བྱ་བ་ཡང་མ་ཡིན་ན་ཤུགས་ཀྱིས་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་གྲུབ་བོ། ཅིག་ཤོས་ཀྱིས་གཟུགས་རིག་པ་དང་མི་འགལ་ལོ་ཞེས་བྱ་བའི་ཕྱོགས་འདི་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་ཞིག་གཟུགས་
མཐོང་བས་སྤང་བར་བྱ་བ་ཡིན་པར་འདོད་དེ་ཇི་ལྟར་གཟུགས་རིག་པ་དང་མི་འགལ་བར་འཛིན་པར་འགྱུར། བྱེ་བྲག་ཏུ་སྨྲ་བས་འོ་ན་ནི་སེམས་མཚུངས་པས་བསླང་བའི་ཕྱིར་འབྱུང་བ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་མཐོང་བས་སྤང་བར་བྱ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་
དེ་མཐོང་བས་སྤང་བར་བྱ་བ་ཡིན་པར་གྱུར་ན་འོ་ན་ནི་དེའི་རྟེན་འབྱུང་བ་རྣམས་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་མཚུངས་པས་བསླང་བའི་ཕྱིར་ཏེ། མཐོང་བས་སྤང་བར་བྱ་བའི་སེམས་གང་གིས་གཟུགས་དེ་ཀུན་ནས་བསླང་བ་དེ་ཉིད་ཀྱིས་དེའི་རྟེན་གྱི་འབྱུང་བ་རྣམས་ཀྱང་
བསླང་བས་སོ། །དེ་དག་ནི་དེ་ལྟ་བུ་ཡིན་པར་ཡང་མི་འོས་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །ཅིག་ཤོས་ཀྱིས་དེ་ལྟར་ནི་མི་འགྱུར་ཏེ་ཞེས་བྱ་བ་སྨས་ཏེ། མཐོང་བས་སྤང་བར་བྱ་བ་དག་ཏུ་ནི་མི་
เล่ม ๑๔๓ · หน้า 21a
འགྱུར་རོ། །ཇི་ལྟ་ཞེ་ན། སྨྲས་པ། ཇི་ལྟར་དགེ་བ་དང་མི་དགེ་བ་དག་ཏུ་མི་འགྱུར་བ་བཞིན་ཏེ། ཇི་ལྟར་དགེ་བ་དང་མི་དགེ་བའི་སེམས་གང་གིས་དགེ་བ་དང་མི་དགེ་བའི་གཟུགས་ཀུན་ནས་བསླང་བ་དེ་ཉིད་ཀྱིས་དེའི་རྟེན་གྱིས་འབྱུང་བ་རྣམས་ཀྱང་ཀུན་ནས་བསླང་བ་ཡིན་ན། ལུས་དང་ངག་
གི་ལས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་དེ་ནི་དགེ་བ་དང་མི་དགེ་བ་ཡིན་གྱི་དེའི་རྟེན་གྱི་འབྱུང་བ་རྣམས་ནི་མ་ཡིན་པ་དེ་དང་འདྲའོ། །ཡང་དེ་ཉིད་ཀྱིས་བཟློག་སྟེ། ཡང་ན་མཐོང་བས་སྤང་བར་བྱ་བ་ཡིན་པར་གྱུར་དུ་ཟད་མོད་ཅེས་བྱ་བ་སྨྲས་སོ། །བྱེ་བྲག་ཏུ་སྨྲས་པས་དེ་སྐད་བརྗོད་པར་ནི་
མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ། མཐོང་བས་སྤང་བར་བྱ་བ་དག་ཡིན་པར་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི་རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་མ་བསྒྲིབས་ལ་ལུང་དུ་མ་
བསྟན་པ་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ནི་ཇི་ལྟར་ཉོན་མོངས་པ་ཅན་གྱི་ཆོས་དག་ཐོབ་པ་འཆད་པས་འགལ་བ་ལྟར་རིག་པ་ཟག་པ་མེད་པའི་ལམ་དང་འགལ་བ་མེད་དོ། །དེ་ལ་དམིགས་པའི་ཉོན་མོངས་པ་ཐོབ་པ་འཆད་པའི་ཕྱིར་འགལ་བ་ནི་མི་འགོག་གོ། །འཐོབ་པ་
འཆད་པ་དང་། དེ་ལ་དམིགས་པའི་ཉོན་མོངས་པ་སྤོང་བའི་ཚུལ་གྱིས་མ་རིག་པ་དང་མི་འགལ་བ་འབྱུང་བ་དག་ཀྱང་ཉོན་མོངས་པ་ཅན་མ་ཡིན་པ་ཡིན་ནོ། །དེ་ལ་ཡང་ན་གྱུར་དུ་ཟད་མོད་ཅེས་སྨྲས་པ་དེ་ཡང་རིག་པ་མ་ཡིན་ཏེ། དེ་ལྟར་ན་འདིར་བསྒྲུབ་པ་འབྱུང་སྟེ། ཉོན་མོངས་པ་
ཅན་གྱི་གཟུགས་ཀྱི་རྟེན་འབྱུང་བ་རྣམས་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བས་དེ་ལྟར་མཐོང་བས་སྤང་བར་བྱ་བའི་རྣམ་པར་ཤེས་པ་ནི་རབ་ཏུ་འཇུག་
པར་བྱེད་པ་ཡིན་ནོ་ཞེས་ཀླན་ཀ་དང་བཅས་པའི་ལན་སོ་སོར་བཀོད་ནས་མཇུག་བསྡུ་བའི་ཕྱིར་དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་སློང་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ལོག་པར་ལྟ་བ་ལས་ལོག་པར་རྟོག་པ་ནས་ལོག་པའི་ལས་ཀྱི་མཐའི་བར་འབྱུང་ངོ་ཞེས་བཤད་པའི་མདོ་གང་ཡིན་
เล่ม ๑๔๓ · หน้า 21b
པ་དེ་འགལ་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །རབ་ཏུ་འཇུག་པར་བྱེད་པ་ཡང་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁ་ནང་དང་ཕྱི་རོལ་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ། །ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །ཞེས་བྱ་བ་ནི་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་
གཟུང་བ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་པ་སྟེ། མཉམ་པར་གཞག་པ་ནི་ཁ་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ། །དམན་པར་འགྱུར་བ་མ་ཡིན་ཞེས་
བྱ་བ་ནི་ལྡང་བར་འགྱུར་བ་མ་ཡིན་པའོ། །དགེ་བར་རྒྱུད་གཅིག་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བར་རྒྱུད་གཅིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བཅོམ་ལྡན་འདས་ནི་མདོ་ལས་གླང་པོ་ཆེ་ཡིན་པར་གསུངས་སོ། །ཇི་ལྟ་ཞེ་ན། འཆར་བྱེད་དེ་བཞིན་གཤེགས་པ་ནི་ལྷ་དང་བཅས་ཤིང་
བདུད་དང་བཅས་པའི་འཇིག་རྟེན་ན་ཞེས་བྱ་བ་རྒྱས་པར་གསུངས་ནས་སྐུ་དང་གསུང་དང་ཐུགས་ཀྱིས་ངན་པ་མི་མཛད་དེ་དེ་ལྟ་བས་ན་གླང་པོ་ཆེན་པོ་ཞེས་བྱའོ་ཞེས་གསུངས་ཏེ། ངན་པ་མི་མཛད་ཅེས་བྱ་བ་ནི་ཉེས་པ་མི་མཛད་ཅེས་བྱ་བའི་ཐ་ཚིག་གོ། །འདིའི་ཐུགས་མི་བཞེད་པས་ཞེས་བྱ་བ་ནི་སངས་
རྒྱས་འདིའི་ཐུགས་མི་བཞེད་པས་མི་འགྲོ་བའི་ཕྱིར་ཏེ། ཡུལ་དག་ལ་མི་འགྲོ་བའི་ཕྱིར་དེ་སྐད་དུ་གཤེགས་ནའང་མཉམ་པར་གཞག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པར་ཟད་དེ། དེ་ནི་སྤྱོད་ལམ་བཞི་ཆར་དུ་བཞུད་ན་ཡང་བཞུད་དོ་སྙམ་པ་ནས། བཞུགས་ནའང་བཞུགས་
སོ་སྙམ་པའི་བར་གྱི་དགོངས་པ་ཉེ་བར་གནས་པའི་ཕྱིར་རྟག་ཏུ་མཉམ་པར་གཞག་པ་ཞེས་བྱའོ། །མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མངོན་པར་འདུ་བྱ་ཞིང་འབད་པ་མེད་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པས་ན་མངོན་པར་འདུ་བྱ་བ་མེད་པར་འཇུག་པའོ། །
དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ནི་རབ་ཏུ་འཇུག་པར་བྱེད་པ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་མཐོང་བས་སྤང་བར་བྱ་བ་ཐམས་ཅད་རབ་ཏུ་འཇུག་པར་བྱེད་པ་ཡིན་པར་འདོད་ན་ནི་དེ་དེ་ལྟ་བུར་ཡང་འགྱུར་བ་ཞིག་ན་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་
เล่ม ๑๔๓ · หน้า 22a
ཞེ་ན། ལོག་པར་ལྟ་བ་ལ་སོགས་པ་ཁོ་ནས་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི་འཇིག་ཚོགས་ལ་ལྟ་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ནི་རབ་ཏུ་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུ་ནི་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །འདི་
ལྟ་བུ་ནི་མ་ཡིན་ནོ་ཞེས་ཁྱད་པར་དུ་བརྗོད་དགོས་སོ། །སེམས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཅན་གྱི་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་སྟེ། ཇི་ཞིག་དང་ལྡན་པས་སེམས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཅན་གྱི་སོ་སོར་ཐར་པའི་སྡོམ་པ་ཐལ་མོ་སྦྱར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དགེ་
བ་ཡིན་པར་མི་འགྱུར་ཏེ། དེའི་རྗེས་སུ་འཇུག་པར་བྱེད་པ་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རབ་ཏུ་འཇུག་པར་བྱེད་པའི་སེམས་བསྒོམ་པས་སྤང་བར་བྱ་བ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་
བར་རྣམ་པར་གཞག་མོད་ཀྱི་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ཡིན་པ་ཇི་ལྟ་བ་དེ་ལྟ་བུར་རྣམ་པར་གཞག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པའི་ཕྱིར་ཏེ། འདི་ལྟར་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་དེ་ནི་རབ་ཏུ་
འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དཔེར་ན་སྔར་སེམས་ལ་བདག་གིས་གཞན་དག་ལ་བདག་ཡོད་དོ་ཞེས་བསྟན་པར་བྱའོ་སྙམ་དུ་དེ་ལྟར་ངེས་པར་བཟུང་ནས་དེའི་འོག་ཏུ་ངག་སྐྱེད་པར་བྱེད་པའི་སེམས་ཁ་ཕྱིར་བལྟས་པ་ལ་འཇུག་
པ་བསྒོམ་པས་སྤང་བར་བྱ་བའི་འོག་ཏུ་ངག་སྐྱེད་པར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པས་བདག་ཡོད་དོ་ཞེས་ཚིག་ཏུ་སྨྲ་བར་བྱེད་པ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་སྨོས་པ་ཡིན་ཏེ། དེ་ལྟར་ན་རབ་ཏུ་འཇུག་པར་
བྱེད་པ་མཐོང་བས་སྤང་བར་བྱ་བའི་འོག་ཏུ་གདོན་མི་ཟ་བར་རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བ་དགེ་བ་འམ་མི་དགེ་བ་འམ་ལུང་དུ་མ་བསྟན་པ་ཁོ་ན་འབྱུང་ལ། དེའི་དབང་གིས་ན་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པ་ཉིད་ཡིན་ནོ། །འདི་སྐད་དུ་བརྗོད་པར་བྱའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
เล่ม ๑๔๓ · หน้า 22b
འདི་སྐད་དུ་གཞན་གྱིས་ཆོད་པ་སྟེ། བསྒོམ་པས་སྤང་བར་བྱ་བས་ཆོད་པའི་རྒྱུའི་ཀུན་ནས་སློང་བ་ལས་དགོངས་ནས་གསུངས་སོ་ཞེས་བརྗོད་པར་བྱ་དགོས་ཏེ། རྒྱུའི་ཀུན་ནས་སློང་བ་བརྒྱུད་པ་ལས་དགོངས་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་རིག་མིན་རྣམ་གསུམ་ཞེས་བྱ་བ་རྒྱས་
པར་འབྱུང་བ་ནི་རྣམ་གསུམ་ཞེས་མདོར་བསྟན་ནས། སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་བྱ་བར་འགྲེལ་པར་བྱེད་པ་ཡིན་ཏེ། དེ་ནི་སྡོམ་པ་དང་དེ་ནི་སྡོམ་པ་མ་ཡིན་པ་ཡིན་པས་སྡོམ་པ་དང་སྡོམ་པ་མ་ཡིན་པའོ། །དེ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་དེ་ནི་གཞན་པས་
སྡོམ་དང་སྡོམ་པ་མིན་པས་གཞན་ནོ་ཞེས་བྱ་བར་ཚིག་བསྡུའོ། །མཚན་ཉིད་སོ་སོར་ངེས་པའི་ཕྱིར། །ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པའི་མཚན་ཉིད་ཀྱང་གཞན་ཡིན་པ་ནས་དེ་བཞིན་དུ་བསྙེན་གནས་པའི་སྡོམ་པའི་མཚན་ཉིད་ཀྱི་བར་དུ་ཡང་གཞན་ཡིན་ཏེ། འདི་སྐད་དུ། སྤང་བྱ་ལྔ་
བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཕྱེད་དང་དགེ་སློང་ཉིད། །ཅེས་འཆད་པར་འགྱུར་རོ། །རྣམ་པ་བརྒྱད་ཉིད་ཡིན་ན་ནི། དགེ་སློང་གི་སྡོམ་པ་གང་ཡིན་པ་དེ་ཉིད་དགེ་སློང་མའི་སྡོམ་པ་ཡིན་ནོ་ཞེས་བྱ་བ་ལ་
སོགས་པ་འཆོལ་བར་འགྱུར་རོ། །དགེ་ཚུལ་མ་དང་དགེ་སློང་མ་ཡང་ཞེས་བྱ་བ་ནི་དགེ་ཚུལ་མ་ཡང་མཚན་གྱུར་ན་དགེ་ཚུལ་ཡིན་ལ་དགེ་སློང་མ་ཡང་མཚན་གྱུར་ན་དགེ་ཚུལ་ཁོ་ན་ཡིན་ནོ། །ཇི་སྟེ་འདི་ལྟར་དགེ་སློང་མཚན་གྱུར་ན་དགེ་སློང་གི་སྡོམ་པ་ནི་འདོར་ལ་དགེ་སློང་མའི་སྡོམ་པ་ནི་འཐོབ་པོ་
ཞེས་བྱ་བར་མི་འདོད་ཅེ་ན་དེའི་ཕྱིར་མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། དགེ་སློང་ལ་དགེ་སློང་མའི་མཚན་བྱུང་ན་གཏོང་བའི་རྒྱུ། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །
སོ་སོར་ཐར་པའི་འདུལ་བ་གཏོང་། །ཞེས་རྒྱུ་བཤད་པ་གང་ཡིན་པ་དེ་ལས་མི་འབྱུང་ངོ་། །སྔོན་མེད་པའི་སྡོམ་པ་འཐོབ་པའི་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་ཡོད་པ་ཞེས་བྱ་བར་སྦྱར་རོ། །འདི་ལྟར་སོ་སོར་ཐར་ཅེས་པ། །གཞན་གྱི་རྣམ་རིག་བྱེད་སྩོགས་ཀྱིས། །ཞེས་བཤད་པས། དེའི་ཕྱིར་དགེ་
เล่ม ๑๔๓ · หน้า 23a
སློང་གི་སྡོམ་པ་ལས་དགེ་སློང་མའི་སྡོམ་པ་གཞན་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་ཏེ་དེ་བཞིན་དུ་དགེ་ཚུལ་ལ་སོགས་པའི་ཡང་ཤེས་པར་བྱའོ། །དེ་ལྟ་བས་ན་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་མའི་སྡོམ་པ་བཞི་པོ་དེ་དག་
ནི་དགེ་སློང་དང་དགེ་ཚུལ་དང་། དགེ་བསྙེན་གྱི་སྡོམ་པ་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ། །ཅི་སྤོང་བའི་འཕེལ་བ་དང་ལྡན་པའི་ཕྱིར་སྡོམ་པ་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། དཔེར་ན་གྲངས་ལྔ་ལ་གཞན་ལྔས་བསྣན་ན་ལྔ་འཕེལ་བ་དང་ལྡན་པའི་ཕྱིར་བཅུར་འགྱུར་ལ་གྲངས་བཅོ་ལྔ་ལས་
གཞན་ལྔས་བསྣན་ན་ཉི་ཤུར་འགྱུར་བ་ལྟ་བུ་དང་། དོང་ཚེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་སྟེ། དཔེར་ན་དོང་ཚེ་སྔ་མ་གཅིག་གཉིས་པ་དང་བཅས་ན་གཉིས་སུ་འགྱུར་བ་ལྟ་བུ་སྟེ། འདི་ལྟར་འཇིག་རྟེན་ན་སྨྲ་བ་པོ་ལ་ལ་དོང་ཚེ་གཅིག་གི་རིན་གྱིས་དོང་ཚེ་གཉིས་པའམ་དོང་ཚེ་གཉིས་པའི་རིན་
ཁུགས་ན་དོང་ཚེའི་རིན་སྔ་མ་དེས་ཁེ་ཕྱིན་པར་མཐོང་ནས་བདག་གིས་དོང་ཚེ་གཉིས་རྙེད་དོ་ཞེས་སྨྲ་བར་འགྱུར་ཏེ། བདག་གིས་དོང་ཚེ་གཉིས་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་བཞིན་དུ་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འདི་དག་ཀྱང་སྤོང་བའི་འཕེལ་བ་དང་ལྡན་པའི་ཕྱིར་སྲོག་གཅོད་
པ་ལ་སོགས་པའི་དེ་ཁོ་ན་བཞིན་དུ་སོ་ན་གནས་ལ། གར་དང་གླུ་དང་རོལ་མོ་སྤོང་བ་ལ་སོགས་པའི་སྡོམ་པ་སྔོན་མེད་པ་དག་འཕེལ་བ་དང་ལྡན་པའི་ཕྱིར་དགེ་བསྙེན་གྱི་སྡོམ་པ་ལས་ཀྱང་དགེ་ཚུལ་གྱི་སྡོམ་པ་གཞན་ཡིན་ལ། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློང་གི་སྡོམ་པ་གཞན་ཡིན་
ནོ་ཞེས་གཞན་དང་གཞན་ཞེས་བྱ་བ་འམ། ཕྱོགས་གཅིག་ཁྱད་པར་དུ་གྱུར་པ་དང་ལྡན་པའི་ཕྱིར་གནས་གཞན་དང་གཞན་ཉིད་དུ་རྣམ་པར་འཇོག་གམ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་དགེ་བསྙེན་གྱི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་གཞན་ཡིན་ལ། དགེ་ཚུལ་གྱི་ཡང་དེ་ལས་གཞན་
ཡིན། དགེ་སློང་གི་ཡང་དེ་ལས་གཞན་ནོ་ཞེས་བྱ་བ་ལྟ་བུར་དེ་དག་ཐམས་ཅད་ཐ་དད་པ་ཉིད་གཅིག་ཏུ་སྐྱེ་སྟེ། དགེ་སློང་གི་རྒྱུད་གཅིག་ལ་སྲོག་གཅོད་པ་སྤོང་བ་གསུམ་ཡོད་ལ། མ་བྱིན་པར་ལེན་པ་སྤོང་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞིག་ཡིན་ནམ། ལྷག་མ་རྣམས་
เล่ม ๑๔๓ · หน้า 23b
ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་གར་དང་གླུ་དང་རོལ་མོ་སྤོང་བ་ལ་སོགས་པའོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ཆེས་མང་པོ་དག་ལས་ལྡོག་པར་འགྱུར་ཞེས་བྱ་བ་ནི་དགེ་བསྙེན་པས་དགེ་ཚུལ་སྲོག་གཅོད་པ་ལ་སོགས་པའི་གཞི་ཆེས་མང་པོ་དག་ལས་ལྡོག་པ་ཡིན་ཏེ། དཔེར་ན་དུས་མ་
ཡིན་པའི་ཟས་སྲོག་གཅོད་པའི་གཞིར་འགྱུར་ལ་དེ་ལས་ནི་དགེ་ཚུལ་ལྡོག་གི་དགེ་བསྙེན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྦྱར་བར་བྱའོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བུ་ཞིག་ཡིན་པར་མ་གྱུར་ན་ཞེས་བྱ་བའི་ཐ་ཚིག་སྟེ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་གཉི་ག་
ཡང་དགེ་སློང་གི་སྡོམ་པ་དེར་འདུས་པའི་ཕྱིར་དགེ་སློང་གི་སྡོམ་པ་གཏང་ཞིང་བོར་བས་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གསུམ་ཆར་ཡང་གཏང་བར་འགྱུར་རོ། །སྤོང་བ་ཡང་དག་པར་བླང་བས་ཞེས་བྱ་བ་ནི་སྤོང་བ་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཡང་དག་པར་འཇོག་
པར་བྱེད་པས་ཞེས་བྱ་བ་ནི་སོ་སོར་ཡང་དག་པར་འགོད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། སྡིག་པའི་ལམ་རྣམས་ནི་སེམས་ཅན་དག་ལ་མི་མཉམ་པར་འཇུག་པར་བྱེད་དོ། །དེ་ཡང་རྣམ་པར་རིག་བྱེད་དང་སེམས་དག་གིས་བྱེད་པས་ན་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་རྣམ་པར་
རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་ཀྱིས་བྱེད་ལ། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་སེམས་ཀྱིས་བྱེད་དེ་ཏིང་ངེ་འཛིན་གྱིས་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་བྱ་བ་ཡིན་ཞེས་བྱ་བ་ནི་ལས་སུ་སྒྲུབ་པ་ཡིན་ནོ། །བྱ་བའི་རྒྱུ་ཡིན་
ཞེས་བྱ་བ་ནི་བྱ་བའི་རྒྱུ་ཡིན་པའི་ཕྱིར་ཏེ་སྡོམ་པ་ལ་གནས་པ་ན་སྡོམ་པ་ཀུན་དུ་བསྲུང་བའི་ཕྱིར་རྣམ་པར་རིག་བྱེད་ཀྱི་མཚན་ཉིད་ཀྱི་བྱ་བ་རྩོམ་མོ། །བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱི་མཚན་ཉིད་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་
ངེ་འཛིན་ལས་བྱུང་བ་ཇི་ལྟར་བྱ་བ་ཡིན་ན་དེ་ཡང་ཏིང་ངེ་འཛིན་ལས་སྐྱེས་པའི་སེམས་པའི་འབྲས་བུ་ཡིན་པའི་ཕྱིར་བྱ་བ་ཡིན་ནོ། །ཡང་ན་སོ་སོར་ཐར་པའི་སྡོམ་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་བྱེ་བྲག་མེད་པར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བསྟན་ཏོ་ཞེས་བྱ་བ་ནི་སྐད་
เล่ม ๑๔๓ · หน้า 24a
ཅིག་མ་དང་པོ་དང་སྐད་ཅིག་མ་གཉིས་པ་ལ་སོགས་པ་ཡང་སོ་སོར་ཐར་པའི་སྡོམ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སོ་སོར་ཐར་པ་ནི་སྐད་ཅིག་མ་དང་པོ་ཁོ་ན་ཡིན་པས་དེའི་ཕྱིར་ཡང་། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་ཞེས་བྱའོ་ཞེས་བྱ་བ་སྨོས་སོ། །
དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་ཁོ་ནས་སྡིག་པ་ལས་སོ་སོར་ཐར་པར་འགྱུར་རོ། །སྤང་བའི་ཕྱིར་ཞེས་བྱ་བ་ནི་བོར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་ཞེས་བྱ་བ་ནི་འདི་ནི་སོ་སོར་ཐར་པ་ཡང་ཡིན་ལ་ལུས་དང་
ངག་དག་སྡོམ་པའི་ཕྱིར་སྡོམ་པ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་ཀྱི་ལམ་ཞེས་བྱའོ་ཞེས་བྱ་བ་ནི་ལས་ཀྱི་ལམ་དངོས་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་པའི་སྡོམ་པའི་སྡོམ་པ་ཁོ་ན་ཡིན་ཏེ། སོ་སོར་ཐར་པ་དང་འདྲ་བའམ་སོ་སོར་
ཐར་པ་ལས་སྐྱེས་པའི་སྡོམ་པ་ནི་སོ་སོར་ཐར་པའི་སྡོམ་པའོ། །སོ་སོར་ཐར་པ་ནི་མ་ཡིན་ཏེ། འདི་ལྟར་སྐད་ཅིག་མ་དང་པོ་ཁོ་ནས་ཐར་པར་བྱས་ཟིན་པའི་ཕྱིར་དེས་སྡིག་པ་ལས་སོ་སོར་ཐར་པར་མི་བྱེད་པས་སོ། །རིས་བརྒྱད་ཁོ་ནར་ཟད་དོ་ཞེས་ངེས་པར་གཟུང་བ་དང་ཡང་ཕྱི་རོལ་པ་རྣམས་ལ་
ཞེས་བྱ་བ་རྒྱས་པར་འདྲི་བར་བྱེད་དེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཞེས་ཁྱད་པར་དུ་བྱས་པ་ནི་ཚུལ་ཁྲིམས་རྣམ་པ་གཉིས་ཡོད་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང་ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་
ནི་འདི་དང་འདི་མི་བྱའོ་ཞེས་མནོས་པ་གང་ཡིན་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པའོ། །སྲིད་པ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ཐར་པ་དོན་དུ་གཉེར་དུ་ཟིན་ཀྱང་ལོག་པར་ལྟ་བ་ལ་སོགས་པས་ཉམས་པའི་ཕྱིར་དང་། དེ་དག་ཁ་ཅིག་སྲིད་པའི་ཁྱད་པར་
ཁོ་ན་ལ་ཐར་པ་ཡིན་པར་སེམས་པས་སྲིད་པ་ལ་བརྟེན་པའི་ཚུལ་ཁྲིམས་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཡོད་ཀྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏེ་ཞེས་བྱ་བ་ནི་གང་ཞིག་ཕྱིར་ཉེར་བསྡོགས་
เล่ม ๑๔๓ · หน้า 24b
ན་ཡང་བསམ་གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པ་ཡོད་པར་འདོད་པ་དེའི་ཕྱིར་འདིར་ནི་བསམ་གཏན་གྱི་ཉེར་བསྡོགས་ཀྱང་བསམ་གཏན་ཞེས་བྱ་བའི་སྒྲར་བརྗོད་པ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི་དངོས་གཞི་ཡང་བསྡུ་བར་བྱ་བ་དེ་ཁོ་ན་ཡིན་ནོ། །ལྷན་ཅིག་འབྱུང་བའི་རྐྱེན་བཤད་
པར་ཞེས་བྱ་བ་ནི། སེམས་པ་དང་ནི་སྡོམ་གཉིས་དང་། །དེ་དག་གི་ནི་ཞེས་བྱ་བ་དོར་རོ། །གསུམ་པོ་འདི་དག་ལས་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་རྣམས་ལས་སོ། །སེམས་གཞན་དང་ལྡན་པ་དང་སེམས་མེད་པའང་
རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི། རྣམ་པར་གཡེང་སེམས་མེད་པའི་ཡང་། །ཞེས་འབྱུང་བའི་ཕྱིར་རོ། །མི་ལྕོགས་པ་མེད་ལ་ཞེས་བྱ་བ་སྨོས་པ་ནི་འདོད་པ་ན་སྤྱོད་པའི་འཆལ་བའི་ཚུལ་ཁྲིམས་ཁོ་ན་ལས་སོ་སོར་ཐར་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་དགུ་དག་ཏུ་ཞེས་བྱ་བ་ནི་དེ་དག་སྤོང་བའི་
ལམ་ཡིན་པའི་ཕྱིར་རོ། །དེ་ཀུན་ནས་སློང་བར་བྱེད་པ་ཞེས་བྱ་བ་ནི་འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དག་ལ་དེ་རྣམ་པར་གཞག་པ་དེའི་ཕྱིར་མུ་བཞིར་བྱ་སྟེ། མུ་དང་པོ་ནི་མི་ལྕོགས་པ་
མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་དང་བཅས་པའི་བསམ་གཏན་གྱི་སྡོམ་པ་སྟེ་མི་ལྕོགས་པ་མེད་པའི་ས་པའི་རྣམ་པར་གྲོལ་བ་དང་། སྦྱོར་བ་དང་ཁྱད་པར་གྱི་ལམ་དག་ལ་ཡོད་པ་དང་བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་པའི་བར་དངོས་གཞིའི་བར་ཆད་མེད་
པ་དང་། རྣམ་པར་གྲོལ་བ་དང་སྦྱོར་བ་དང་ཁྱད་པར་གྱི་ལམ་དག་ལ་བསམ་གཏན་གྱི་སྡོམ་པ་ཡོད་པ་གང་ཡིན་པ་ནི་བསམ་གཏན་གྱི་སྡོམ་པ་ཡིན་གྱི་སྤོང་བའི་སྡོམ་པ་ནི་མ་ཡིན་ཏེ་དེས་འཆལ་བའི་ཚུལ་ཁྲིམས་དང་། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་ནི་མི་སྤོང་བའི་ཕྱིར་རོ། །གཉིས་པ་ནི་
མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་མེད་པ་སྟེ། འདི་ནི་དེ་ལྟ་བུ་ཁོ་ནས་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྤོང་བའི་ཕྱིར་སྤོང་བའི་སྡོམ་པ་ཡིན་གྱི་བསམ་གཏན་གྱི་སྡོམ་པ་ནི་མ་ཡིན་ཏེ་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་
เล่ม ๑๔๓ · หน้า 25a
མེད་པའི་ལམ་དག་ཏུ་ཟག་པ་དང་བཅས་པ་སྟེ། འདི་ནི་དེས་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྤོང་བའི་ཕྱིར་སྤོང་བའི་སྡོམ་པ་ཡང་ཡིན་ལ། བསམ་གཏན་གྱི་སྡོམ་པ་ཡང་ཡིན་ཏེ། ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་རོ། །བཞི་པ་ནི་མི་
ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པར་ཟག་པ་མེད་པའི་སྡོམ་པ་སྟེ། འདི་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡང་མ་ཡིན་ལ་སྤོང་བའི་སྡོམ་པ་ཡང་མ་ཡིན་ཏེ། དེས་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་མི་སྤོང་བའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་
བཞིན་དུ་མི་ལྕོགས་པ་མེད་པའི་ས་པའི་རྣམ་པར་གྲོལ་བ་དང་། སྦྱོར་བ་དང་། ཁྱད་པར་གྱི་ལམ་དག་ལ་ཡོད་པ་ནས་རྒྱས་པར་ཟག་པ་མེད་པའི་སྡོམ་པ་གང་ཡིན་པའོ། །སྡོམ་པ་ངེས་པར་བྱ་བའི་ཕྱིར་དེ་སྐད་དུ་བཤད་དོ། །དེ་ལྟ་མ་ཡིན་ན་ཆོས་གཞན་དག་ཀྱང་བརྗོད་དགོས་པར་འགྱུར་
རོ། །དེ་བཞིན་དུ་ཟག་པ་མེད་པའི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པའོ། །ཡིད་ཀྱི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་ངོ་བོ་ཉིད་ཡིན་
ལ། དབང་པོའི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་ངོ་བོ་ཉིད་ཡིན་པས་གཉིས་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ཡང་གཉིས་ཞེས་བྱ་བ་སྨོས་ཏེ། གཉིས་ཀྱི་ཚིག་ཏུ་བསྟན་པ་ཁོ་ནས་གཉིས་ཉིད་འགྲུབ་པས་སོ། །འདི་དག་དེ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་
ན། ལུང་ལས་ཏེ། ལྷ་ཞིག་གིས་དགེ་སློང་དབང་པོ་ཡུལ་དག་ལ་རྒྱུ་བ་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་རྨ་འབྱིན་པར་མ་བྱེད་ཅིག །དགེ་སློང་གིས་སྨྲས་པ། ལྷ་དགག་པར་བྱའོ། །ལྷས་སྨྲས་པ། དགེ་སློང་རྨ་རྫ་མ་ཙམ་བྱུང་ནས་ཇི་ཞིག་གིས་དགག་པར་བྱེད། དགེ་སློང་གིས་
སྨྲས་པ། ལྷ་དྲན་པ་དང་ཤེས་བཞིན་གྱིས་དགག་པར་བྱའོ་ཞེས་སྨྲས་སོ་ཞེས་གྲག་གོ། །དེ་ནི་ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་མི་གཏོང་བ་ཞེས་བྱ་བ་ནི་བསླབ་པ་ཕུལ་བ་ལ་སོགས་པས་སོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་གྱི་ཁོ་ན་དང་
เล่ม ๑๔๓ · หน้า 25b
ལྡན་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང་། །ཞེས་བྱ་བ་བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ཅི་སོ་སོའི་སྐྱེ་བོ་འམ། འོན་ཏེ་འཕགས་པ་ཞིག་ཡིན་ཞེ་ན་སྨྲས་པ། ཁྱད་པར་དུ་མ་བྱས་པའི་ཕྱིར་གཉི་ག་ཡིན་ཏེ། དེ་
ནི་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །མཚན་ཉིད་ཇི་ལྟ་བུ་ཞིག་དང་ཞེ་ན། བསམ་གཏན་གྱི་སྐབས་ཡིན་པའི་ཕྱིར་བསམ་གཏན་གྱི་སྡོམ་པའི་མཚན་ཉིད་དང་ཞེས་བྱ་བར་མངོན་ནོ། །དེས་ནི་སྐད་ཅིག་མ་དང་པོ་ལ་ཡང་ཚེ་རབས་གཞན་དག་ཏུ་གཏོང་བ་
ཞེས་བྱ་བ་འདི་ནི་དཔེར་བརྗོད་པས་རབ་ཏུ་བསྟན་པ་ཡིན་པས་ཚེ་འདི་ལ་གཏོང་བ་ཡང་བསྡུའོ། །འཕགས་ནི་དང་པོ་འདས་དང་མིན། །ཞེས་བྱ་བ་ནི། འཕགས་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །མཚན་ཉིད་ཇི་ལྟ་བུ་ཞིག་དང་ཞེ་ན།
འཕགས་པའི་སྐབས་ཡིན་པའི་ཕྱིར་ཟག་པ་མེད་པ་དང་ཞེས་བྱ་བར་མངོན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པའི་གང་ཟག་ཀྱང་ཟག་པ་མེད་པ་དང་དེ་བཞིན་དུ་ལྡན་ནོ་ཞེས་བྱ་བ་སྨོས་སོ། །འདི་ནི་ཁྱད་པར་ཡིན་ཏེ་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་སྒྲའི་དོན་སྟོན་ཏོ། །དེ་ཡང་གཞན་དུ་བསྟན་པ་
ཡིན་ཏེ། སྐད་ཅིག་མ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་དང་པོ་ལ་ནི་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན། ལམ་སྔོན་མ་བསྐྱེད་པའི་ཕྱིར་རོ། །འབྲས་བུ་ཐོབ་
པའི་དུས་སམ་དབང་པོ་འཕོ་བའི་དུས་ན་ཡང་ལམ་སྔ་མ་བཏང་ན་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་པ་ཁོ་ནར་འདོད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་འོ་ན་ནི་འབྲས་བུའི་ལམ་དེ་ཡང་སྐད་ཅིག་མ་དང་པོ་ཡིན་ལ། འབྲས་བུའི་ལམ་སྔོན་མ་བསྐྱེད་པའི་ཕྱིར་དེ་ལ་འདས་པའི་རྣམ་
པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ནོ་ཞེས་བཤད་པར་བྱ་བ་ཡིན་ནོ། །སློབ་དཔོན་དབྱིག་བཤེས་ནི་ཀླན་ཀ་འདིའི་ལན་གདབ་པའི་ཕྱིར་འདི་སྐད་ཅེས་འཆད་དེ་འདིར་ནི་ཟག་པ་མེད་པའི་སྡོམ་པའི་སྐབས་ཡིན་ལ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་དུས་ཉིད་ན་ཐོབ་པས་དེའི་ཕྱིར་
เล่ม ๑๔๓ · หน้า 26a
སྐད་ཅིག་མ་དང་པོ་ལ་འདས་པ་དེ་དང་མི་ལྡན་ནོ། །གཉིས་པ་ལ་སོགས་པ་ལ་ནི་འདས་པ་དང་མ་འོངས་པ་དང་ཡང་ལྡན་ནོ། །གོང་དུ་འམ་ལམ་གཞན་ཐོབ་པ་གང་ཡིན་པ་དེ་ལ་ནི་ཟག་པ་མེད་པའི་སྡོམ་པ་འདྲ་བ་ཉིད་ཡོད་པས་དེ་ནི་མི་བརྗོད་དོ་ཞེས་ཟེར་རོ། །འདི་ལ་འདྲ་བ་
དེ་ཡོད་དོ་སྙམ་ནི་མི་མཛད་དེ། ཅི་ཟག་པ་དང་བཅས་པའི་སྡོམ་པ་ཡོད་དོ་ཞེས་བྱ་བ་ལ་ལྟོས་ནས་འདི་བརྗོད་དམ། འོན་ཏེ་ཟག་པ་མེད་པ་ཡོད་དོ་ཞེས་བྱ་བ་ལ་ལྟོས་ནས་ཡིན། གལ་ཏེ་ཟག་པ་དང་བཅས་པ་ཡོད་དོ་ཞེས་བྱ་བ་ལ་ལྟོས་པ་ཡིན་པར་འདོད་ན་ནི་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་
བཟོད་པའི་དུས་ན་ཡང་ཡོད་པས་འདས་པ་དང་མི་ལྡན་ནོ་ཞེས་དགག་པ་འཐད་པ་མ་ཡིན་ནོ། །འོན་ཏེ་འབྲས་བུ་ཐོབ་པའི་ཚེ་ཟག་པ་མེད་པའི་སྡོམ་པ་ཡོད་དོ་ཞེས་བྱ་བ་ལྟོས་པ་ཡིན་པར་འདོད་ན་ནི་ཉམས་པ་དེ་ཇི་ལྟར་ཡོད་དོ་ཞེས་བརྗོད་པར་ནུས་ཏེ། དེ་བས་ན་འདིའི་འདོད་པ་བསམ་
པར་བྱ་བ་ཡིན་ནོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་ལམ་ལ་གནས་པ་སྟེ། འཇིག་རྟེན་པའི་མཉམ་པར་གཞག་པའི་ལམ་ལ་གནས་པ་དང་འཕགས་པའི་ལམ་ལ་གནས་པ་ནི་མཉམ་གཞག་འཕགས་ལ་མ་གནས་པ་
དག་སྟེ། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །འདིར་འཕགས་པའི་ལམ་ལ་གནས་པ་ནི་གྲུར་ཞུགས་པའི་ཚུལ་དུ་འཕགས་པའི་ལམ་ལ་ཞུགས་པ་ཡིན་ཏེ། དཔེར་ན་གང་ཞིག་གྲུར་ཞུགས་པ་སྟེ་གྲུ་ལ་གནས་པ་ཡིན་པ་དེ་བཞིན་དུ་
གང་ཞིག་འཕགས་པའི་ལམ་ལ་ཞུགས་ཤིང་སྙོམས་པར་ཞུགས་པ་དེ་ནི་འཕགས་པའི་ལམ་ལ་གནས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འཕགས་པའི་ལམ་དང་ལྡན་པ་ཡང་འཕགས་པའི་ལམ་ལ་གནས་པ་ཡིན་པས་ཐ་མལ་པར་འདུག་པའི་འཕགས་པ་ཡང་ད་ལྟར་གྱི་ཟག་པ་མེད་པའི་སྡོམ་པ་དང་ལྡན་པར་
འགྱུར་རོ། །ཡང་གཞན་ནི་དེ་ལྟ་བུའི་ཉེས་པ་སྤང་བའི་ཕྱིར་འདི་སྐད་དུ་འཆད་པར་བྱེད་དེ། འདིར་ནི་གཅིག་ལྷག་མར་བྱས་ཏེ་མཉམ་པར་གཞག་པ་དང་མཉམ་པར་གཞག་པའི་འཕགས་པ་ནི་མཉམ་པར་གཞག་པ་དང་འཕགས་པ་དག་གོ། །དེ་གཉིས་ཀྱི་ལམ་དག་སྟེ། དེ་དག་ལ་གནས་པ་ནི། མཉམ་
เล่ม ๑๔๓ · หน้า 26b
གཞག་འཕགས་ལམ་གནས་དེ་གཉིས་ཡིན་ཏེ། གོ་རིམས་བཞིན་དུ་ད་ལྟར་གྱི་བསམ་གཏན་གྱི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ཟག་པ་མེད་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །ལངས་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་དེ་ལས་ལངས་པ་དག་ནི་ད་ལྟར་གྱི་
དེ་དང་ལྡན་པ་མ་ཡིན་ཏེ། དེ་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་བཤད་ན་སློབ་དཔོན་འདུས་བཟངས་ཀྱིས་གླེངས་པ་འཕགས་པའི་ལམ་ལ་གནས་པ་ཞེས་སྨོས་པ་ཁོ་ནས་ད་ལྟར་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་དེ་ལ་སྙོམས་པར་ཞུགས་པ་འདི་ཁོ་
ནའི་ཡིན་པར་ཇི་ལྟར་འགྱུར་ཏེ། དེ་དང་ལྡན་པ་སྨོས་པར་ཐལ་བར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བསམ་གཏན་གྱི་སྐབས་ཡིན་པའི་ཕྱིར་དང་། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཡང་ཕྱིར་རོ། །གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་
གནས་པ་དེ་ནི་བར་མ་ལ་གནས་པ་སྟེ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པ་ཡང་མ་ཡིན་ལ། ཉ་པ་ལ་སོགས་པ་ཡང་མ་ཡིན་པ་དེ་ནི་བར་མ་ལ་གནས་པའོ། །འཆལ་བའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པས་བསྡུས་པ་ཞེས་བྱ་བ་ལ་འཆལ་བའི་ཚུལ་ཁྲིམས་
ནི་སྲོག་གཅོད་པ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །སྡོམ་པ་དང་སྡོམ་པ་མ་ཡིན་པས་མ་བསྡུས་པ་གང་ཡིན་པ་སྟེ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་མཆོད་རྟེན་ལ་ཕྱག་འཚལ་བ་དང་། ལྕག་དབྱུག་དང་ཐལ་ལྕག་ལ་
སོགས་པ་བསྡུའོ། །སྡོམ་པ་མ་ཡིན་པ་དང་སྡོམ་པ་ལ་གནས་པའི་གང་ཟག་ནི་མི་དགེ་བ་དང་དགེ་བ་ལ་གནས་པ་དག་ཡིན་པས་འདི་གཉིས་ལ་བཟློག་པ་མི་སྲིད་དོ་སྙམ་ནས་ཅི་རེས་འགའ་སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་བྱ་བ་རྒྱས་པར་འདྲི་སྟེ། དེ་ཉིད་ཇི་སྲིད་དུ་རྗེས་སུ་འབྲང་བ་ཞེས་བྱ་
བ་ནི་རབ་ཏུ་དང་བ་དང་ཉོན་མོངས་པ་དག་གི་ཤུགས་དག་གོ། །གཞན་དག་ཏུ་ནི་འདས་པ་དང་ཡང་ལྡན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་ལ་སོགས་པའོ། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་ཞེས་བྱ་བ་ནི་གང་ཞིག་ཇི་སྲིད་དུ་མ་བཏང་བ་གང་ཡིན་པ་དེ་སྲིད་དུ་འདས་
เล่ม ๑๔๓ · หน้า 27a
པའི་རྣམ་པར་རིག་བྱེད་དང་ལྡན་ནོ། །ཇི་ལྟ་ཞེ་ན་རེ་ཞིག་སྡོམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་ནི་ཇི་སྲིད་དུ་བསླབ་པ་ཕུལ་བ་ལ་སོགས་པས་མ་བཏང་བ་དེ་སྲིད་དུ་འདས་པའི་རྣམ་པར་རིག་བྱེད་དང་ལྡན་ནོ། །སྡོམ་པ་མ་ཡིན་པའི་མཚན་ཉིད་ནི་ཇི་སྲིད་དུ་ཡང་དག་
པར་ལེན་པ་ལ་སོགས་པས་མ་བཏང་བ་དེ་སྲིད་དུ་འདས་པ་དང་ལྡན་ནོ། །སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་མཚན་ཉིད་ནི་ཇི་སྲིད་དུ་རབ་ཏུ་དང་བ་དང་། ཉོན་མོངས་པའི་ཤུགས་ཆད་པས་མ་བཏང་བ་དེ་སྲིད་དུ་འདས་པ་དང་ལྡན་ཏེ། གང་ཞིག་སྡོམ་པ་ལ་
སོགས་པའི་རྣམ་པར་རིག་བྱེད་དང་ལྡན་པ་དེ་ནི། གདོན་མི་ཟ་བར་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་རྣམ་པར་རིག་བྱེད་ལས་ཀྱི་ལམ་དངོས་ཏེ་ངོ་བོ་ཉིད་དང་ལྡན་ནོ། །མ་འོངས་པའི་རྣམ་པར་རིག་བྱེད་དང་ནི་སུ་ཡང་མི་ལྡན་ནོ་ཞེས་བྱ་བ་ནི་སེམས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་
རོ། །སེམས་ཀྱི་དང་ཡང་ཞེས་བྱ་བ་ནི་འོ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་ཐོབ་པ་ཡང་རྗེས་སུ་མི་འབྲེལ་བར་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི། སེམས་ཀྱི་ཐོབ་པ་ཡང་རྗེས་སུ་མ་འབྲེལ་པར་འགྱུར་རོ་ཞེས་གང་སྨྲ་བའོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། རྣམ་པར་
རིག་བྱེད་ནི་དམིགས་པ་མེད་པའི་ཕྱིར་བླུན་པ་ཡང་ཡིན་ལ་སེམས་ལ་རག་ལས་པའི་ཕྱིར་གཞན་གྱི་དབང་ཡང་ཡིན་ནོ། །སེམས་ནི་དེ་ལྟ་མ་ཡིན་ཞེས་བྱ་བ་ནི་བླུན་པ་ཡང་མ་ཡིན་ལ་གཞན་གྱི་དབང་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེ་ལས་བཟློག་པ་ཡིན་
པའི་ཕྱིར་རོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཉམ་ཆུང་ངུས་བསླང་བ་དེ་ནི་ཆེས་ཉམ་ཆུང་བར་འགྱུར་བ་ཡིན་ནོ།། །།བམ་པོ་སུམ་ཅུ་རྩ་གཉིས་པ། དངོས་ཀྱིས་བསྡུས་པའི་ཕྱིར་ལས་ཀྱི་ལམ་ཡིན་ནོ་ཞེས་བྱ་བ་ནི་སེམས་ནི་དེའི་ཆེད་ཡིན་པའི་ཕྱིར་རོ། །བར་
མ་དོར་གནས་སེམས་ཞན་པས། །བྱེད་པ་རྣམ་རིག་ཉིད་དང་ལྡན། །ཞེས་བྱ་བ་ལ། བར་མ་དོར་གནས་ཞེས་བྱ་བ་སྨོས་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་བསལ་བའི་ཕྱིར་ཏེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་
เล่ม ๑๔๓ · หน้า 27b
དག་དང་ལྡན་ནོ། །སེམས་ཞན་པ་ཞེས་བྱ་བ་སྨོས་པ་ནི་སེམས་དྲག་པོ་སྩལ་བའི་ཕྱིར་ཏེ། སེམས་དྲག་པོས་ནི་རྣམ་པར་རིག་བྱེད་བྱེད་པ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་དོ། །ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨོས་པ་ནི་སེམས་ཞན་པས་ལུང་དུ་མ་བསྟན་པ་བྱེད་པ་
ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། གོང་དུ་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་སེམས་ཞན་པས་དགེ་བ་འམ་མི་དགེ་བ་བྱེད་ན་ཡང་རྣམ་པར་རིག་བྱེད་མ་ཡིན་པ་མི་སྐྱེད་པའི་ཕྱིར་རྣམ་པར་རིག་བྱེད་ཁོ་ན་དང་ལྡན་པར་འགྱུར་ན་ལུང་དུ་མ་བསྟན་པ་བྱེད་ན་ལྟ་ཅི་ཞིག་སྨོས་ཏེ། འདི་
རྣམ་པར་རིག་བྱེད་མ་ཡིན་པ་བསྐྱེད་པར་དོགས་པ་མེད་པའི་ཕྱིར་ཤིན་ཏུ་ཡང་རྣམ་པར་རིག་བྱེད་ཁོ་ན་དང་ལྡན་གྱི། རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་མ་ཡིན་ནོ། །མ་གཏོགས་སོ་ཞེས་བྱ་བ་རྒྱས་པར་སྨོས་པ་ནི། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་དང་སྲོག་གཅོད་པ་ལ་སོགས་པའི་
ལས་ཀྱི་ལམ་ནི་མ་གཏོགས་ཏེ། དེ་ལ་ནི་ལུང་དུ་མ་བསྟན་པ་བྱེད་ན་ཡང་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཏེ་མདོ་ལས་རྒྱུ་ཡང་རུང་འདུག་ཀྱང་རུང་ཞེས་བྱ་བ་རྟག་ཏུ་རྒྱུན་མི་འཆད་པར་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །སྲོག་གཅོད་པ་ལ་
སོགས་པའི་ལས་ཀྱི་ལམ་ཡང་སེམས་ཞན་པས་བྱེད་པ་ན་ཡང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་རོ། །འཕགས་པའི་གང་ཟག་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་འཕགས་པའི་གང་ཟག་ཚེ་བརྗེས་པ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་དང་གཟུགས་མེད་པའི་
ཁམས་སུ་སྐྱེས་པ་ན། ད་དུང་རྣམ་པར་རིག་བྱེད་མ་བྱུང་བ་འམ། རྣམ་པར་རིག་བྱེད་རྣམ་པར་ཉམས་ན་སྟེ། ལུང་དུ་མ་བསྟན་པའི་སེམས་ཀྱིས་བསླང་བའི་རྣམ་པར་རིག་བྱེད་རྣམ་པར་ཉམས་ན་ཡང་དེའི་ཐོབ་པ་རྗེས་སུ་འབྲེལ་པར་མི་འགྱུར་རོ། །ཡང་ན་མཆོད་རྟེན་ལ་སོགས་པ་བྱས་པའི་དངོས་
པོ་དེ་ཆད་པས་དེའི་ཚེ་དེས་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོངས་སུ་འཆོར་ན་རྣམ་པར་རིག་བྱེད་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་འཕགས་པའི་གང་ཟག་ཚེ་གཞན་དུ་བརྗེས་པ་ནི་གནས་སྐབས་དེ་དག་ཏུ་ཚེ་རབས་གཞན་ན་ཐོབ་པའི་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལྡན་གྱི་རྣམ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด