ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๓ · หน้า 213b

ལྟར་གཡོ་བར་མི་ནུས་པའི་ཕྱིར་ཞེ་ན། ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །ཡང་ན་དུས་གཞན་གྱི་བར་དང་། གཏན་དུ་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཉིད་ཡིན་ལ་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་

མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དེ་ལྟ་ཡིན་ཞེ་ན་སྨྲས་པ། ཡོངས་སུ་ཉམས་པ་སྲིད་པ་དང་། མི་སྲིད་པའི་སྒོ་ནས་ཏེ། ཡོངས་སུ་ཉམས་པ་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་ཡོངས་སུ་

ཉམས་པ་མི་སྲིད་པའི་སྒོ་ནས་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །ཞེས་བྱ་བ་ནི་གལ་ཏེ་དེ་སློབ་པར་གྱུར་པ་ལས་དབང་པོ་དག་འཕོ་བར་བྱེད་ན་ཡང་མཐོང་བས་ཐོབ་པ་ཉིད་དུ་འགྱུར་ལ། འོན་ཏེ་རང་བཞིན་གྱིས་དབང་

པོ་རྣོན་པོ་ཞིག་ཡིན་ན་ཡང་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་མཐོང་བས་ཐོབ་པ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན་མི་གཡོ་བའི་ཆོས་ཅན་འདི་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཞེས་བྱའི། མི་གཡོ་བའི་ཆོས་ཅན་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ན་དབང་པོ་དག་འཕོ་བར་བྱེད་པ་གང་

ཡིན་པ་དེ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་མ་ཡིན་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཁ་ཅིག་ནི་དང་པོ་ཉིད་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ་ཞེས་བྱ་བར་བརྗོད་ཀྱི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ནོ་ཞེས་ནི་མི་བརྗོད་དོ། །འདི་ལྟར་དེ་ནི་སྦྱངས་པ་ལས་གྱུར་

པ་མ་ཡིན་པས་ཁ་ཅིག་ནི་དང་པོ་ནས་དེའི་རིགས་ཅན་ཡིན་ནོ་ཞེས་བསྟན་ཏོ། །ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་བ་ནས་མི་གཡོ་བའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་བའི་བར་འདི་ཅི་ཞིག་ཡིན་ཞེ་ན། དེས་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་མ་

བསྟན་ཏོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་རིགས་ཞེས་བྱ་བ་ནི་དགེ་བའི་རྩ་བ་དག་ཡིན་ཏེ། འགའ་ཞིག་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནས་མི་གཡོ་བའི་ཆོས་ཅན་གྱི་བར་དུ་འགྱུར་བ་གང་ཡིན་པ་དེ་ལྟ་བུ་དེ་དག་ཡོད་དོ་ཞེས་བརྗོད་དོ། །གཞན་དག་ན་རེ་རིགས་ཞེས་བྱ་བ་ནི་སོ་སོའི་

เล่ม ๑๔๓ · หน้า 214a

སྐྱེ་བོའི་གནས་སྐབས་ནས་བཟུང་སྟེ། དབང་པོའི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་དག་ན་རེ་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ་སོ་སོའི་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཀྱི་ས་བོན་རྒྱུ་ཡོད་ན་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་

རིགས་ཅན་ཞེས་བྱ་བ་ལ། དེ་བཞིན་དུ་མི་སློབ་པའི་གནས་སྐབས་ན་ཡང་དེའི་ས་བོན་འཇུག་པ་རྙེད་ནས་ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་བྱ་སྟེ། མི་གཡོ་བའི་ཆོས་ཅན་གྱི་བར་དུ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་

ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་ཞེས་བྱ་བ་དེ་ཙམ་ཁོ་ན་ཞིག་བརྗོད་ཀྱི། འདི་འཆི་བར་སེམས་པ་ལ་སོགས་པའི་ཆོས་ཅན་ནི་མ་ཡིན་པ་ཞེས་བྱ་བ་དེ་མ་བརྗོད་ན། འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་པོ་དེ་དག་ཐམས་ཅད་ཀྱང་

ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་པས་ཡོངས་སུ་ཉམས་པའི་ཆོས་ཅན་དེ་དག་ཁོ་ན་གང་ཡང་རུང་བ་ཞིག་ཡིན་པར་འགྱུར་གྱི། དེ་དག་ལས་གཞན་ལྔ་པ་ནི་མེད་དོ། །དེའི་ཕྱིར་ལྔ་པ་འདི་ནི་དེ་དག་ལས་གཞན་པ་ཁོ་ན་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་འཆི་བར་སེམས་པ་ལ་སོགས་པའི་

ཆོས་ཅན་མ་ཡིན་པའོ་ཞེས་སྨོས་སོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་ནི་ཡོངས་སུ་ཉམས་པའི་ཆོས་ཅན་མ་ཡིན་པ་ལས་རེ་རེའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཁོ་ནས་འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་འགྱུར་བའི་སྐལ་བ་དང་ལྡན་གྱི། རྗེས་སུ་སྲུང་བའི་

ཆོས་ཅན་མ་ཡིན་པ་གང་ཡིན་པའོ་ཞེས་བྱ་བ་འདི་ནི་བརྗོད་མི་དགོས་པར་འགྱུར་ཏེ། རྗེས་སུ་སྲུང་བའི་ཆོས་ཅན་ཡང་དེ་དང་འདྲའོ། །ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་ཞེས་བྱ་བ་ནི་གལ་ཏེ་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པར་གྱུར་ན་དེ་

ཡོངས་སུ་ཉམས་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྐྱེན་སྟོབས་དང་ལྡན་པ་སྨོས་པ་འདིས་ནི་སྔར་བཤད་པ་ཡོངས་སུ་ཉམས་པའི་ཆོས་ཅན་ལས་ཁྱད་པར་དུ་བྱེད་དེ། ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་མི་ལྡན་པས་ཀྱང་ཡོངས་སུ་ཉམས་

เล่ม ๑๔๓ · หน้า 214b

པར་འགྱུར་རོ། །ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་རྣམས་ནི་མདོ་ལས་ཇི་སྐད་དུ་འབྱུང་བ་སྟེ། རྐྱེན་ལྔ་དང་། རྒྱུ་ལྔས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་མཐའ་ལ་ཞུགས་པ་ཡིན། སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་

ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་པ་ཡིན་ཞེས་བྱ་བ་ཡིན་ནོ། །རྗེས་སུ་མ་བསྲུངས་ཀྱང་ཞེས་བྱ་བ་འདིས་ནི་རྗེས་སུ་སྲུང་བའི་ཆོས་ཅན་ལས་ཁྱད་པར་དུ་བྱེད་དེ། འདི་ནི་རྗེས་སུ་མ་བསྲུངས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་ལ་དེ་ནི་བསྲུངས་

ཀྱང་ཉམས་པར་འགྱུར་བས་འབྲས་བུ་དེ་རྗེས་སུ་མ་བསྲུངས་ཀྱང་འབྲས་བུ་དེ་ལ་གནས་པར་འགྱུར་བའི་སྐལ་བ་ཅན་ཡིན་ཞིང་འབྲས་བུ་དེ་ལས་ཉམས་པར་མི་འགྱུར་བ་དང་། མངོན་པར་བརྩོན་པ་མེད་ན་སྟེ། བརྩོན་འགྲུས་མེད་ན་རྟོགས་པའི་སྐལ་བ་ཅན་ཐོབ་པར་འཕེལ་བར་ཡང་མི་འགྱུར་བ་སྟེ།

ཤུགས་ཀྱིས་ན་གལ་ཏེ་བརྩོན་པར་བྱེད་ན་སྐལ་བ་ཅན་དུ་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་འདི་རྟོགས་པའི་སྐལ་བ་ཅན་ལས་ཀྱང་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དེ་ནི་མངོན་པར་བརྩོན་པ་མེད་ཀྱང་རྟོགས་པར་འགྱུར་བའི་སྐལ་བ་ཅན་ཡིན་ནོ། །དང་པོ་གཉིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་

ཡོངས་སུ་ཉམས་པའི་ཆོས་ཅན་ནི་རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །འཆི་བར་སེམས་པ་ཡང་རྒྱུན་དུ་སྦྱོར་བ་མེད་པ་ཡིན་མོད་ཀྱི། ཁྱད་པར་དུ་གུས་པར་སྦྱོར་བ་མེད་པ་ཡིན་པས་འདི་གཉིས་བྱེ་བྲག་ཡིན་ནོ། །དབང་པོ་རྟུལ་པོ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པ་ལས་ཁྱད་པར་དུ་བྱེད་པ་ཡིན་

ནོ། །དྲུག་པ་ནི་དབང་པོ་རྣོན་པོ་ཡིན་ཏེ། འདི་གཉིས་དབང་པོས་བྱས་པའི་བྱེ་བྲག་ཡོད་ཀྱི་སྦྱོར་བས་བྱས་པ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་དེ་ལྟར་ངེས་པ་མེད་པ་དེའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡང་དགྲ་བཅོམ་པ་དྲུག་ཡོད་ཀྱི།

འདོད་པའི་ཁམས་འབའ་ཞིག་ན་དྲུག་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་དང་གཉིས་ཞེས་བྱ་བ་ལ། གནས་པ་ལས་མི་བསྐྱོད་པ་ནི་གནས་པ་ལས་མི་བསྐྱོད་

เล่ม ๑๔๓ · หน้า 215a

པ་ཉིད་དུ་དད་པར་འགྱུར་བ་ཡིན་གྱི་རྟོགས་པའི་སྐལ་བ་ཅན་ཉིད་དུ་བྱ་བར་གུས་པ་ནི་མ་ཡིན་པས་འདོད་པའི་ཁམས་ཀྱི་གནས་པ་ལས་མི་གཡོ་བ་ནི་རྟོགས་པའི་སྐལ་བ་ཅན་ཉིད་དུ་འགྱུར་ལ། དེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཡོངས་སུ་ཉམས་པའི་རྐྱེན་

སྟོབས་དང་ལྡན་པ་མེད་པས་དེ་ཡོངས་སུ་ཉམས་པར་ཡང་མི་འགྱུར་ལ། དབང་པོ་དག་འཕོ་བ་ཡང་མེད་པས་དེ་ན་གནས་པ་ལས་མི་གཡོ་བའི་རིགས་ཁོ་ནར་འདུག་གོ། །མི་གཡོ་བའི་རྣམ་པར་གྲོལ་བ་དང་ལྡན་པའི་ཕྱིར་མི་གཡོ་བའི་ཆོས་ཅན་ཡང་ཡོད་པ་ཉིད་པས་དེ་གཉིས་ཁོ་ན་ཡོད་ཀྱི་དེ་

ལས་གཞན་པ་དག་ནི་མེད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་དེ་གཉིས་ན་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་དབང་པོ་འཕོ་བ་མེད་པའི་ཕྱིར་ཏེ། རེ་ཞིག་དེ་ན་ཡོངས་སུ་ཉམས་པ་མེད་པའི་ཕྱིར་ཡོངས་སུ་ཉམས་པའི་ཆོས་ཅན་མེད་དོ། །རྗེས་སུ་སྲུང་བའི་ཆོས་ཅན་ཡང་ཡོངས་

སུ་ཉམས་པ་མེད་པ་ཉིད་ཀྱིས་རྗེས་སུ་བསྲུང་བར་བྱ་བ་ཉིད་མི་འཐད་པའི་ཕྱིར་མེད་དོ། །དབང་པོ་འཕོ་བ་མེད་པ་དེ་ཉིད་ཀྱི་ཕྱིར་རྟོགས་པའི་སྐལ་བ་ཅན་ཡང་མེད་དེ། དེ་སྐད་དུ། དེ་དང་གོང་དུ་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་འབྱུང་བས་སོ། །དེ་ན་ནི་བདག་ཉིད་འཆི་བར་

སེམས་པ་ཡང་མེད་ལ་གཞན་གྱིས་གསོད་པ་ཡང་མེད་པས་འཆི་བར་སེམས་པ་ཡང་མེད་དོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ཞེས་བྱ་བ་ནི་འཆི་བར་སེམས་པ་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དག་གོ། །ཡོངས་

སུ་ཉམས་པའི་ཆོས་ཅན་ནི་རང་གི་རིགས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི་རིགས་དེ་བཅོས་མ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་ཞེས་བྱ་བ་ནི་འདི་ལྟར་འབྲས་བུ་ནི་གློ་བུར་བ་ཡིན་པའི་ཕྱིར་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་འབྲས་བུ་

ལས་ཡོངས་སུ་ཉམས་པ་སྲིད་དོ། །དང་པོ་ལས་ནི་ཞེས་བྱ་བ་ནི་རིགས་དང་འབྲས་བུ་ལས་སོ། །དེ་ཡོངས་སུ་ཉམས་པར་མི་འགྱུར་ཞེས་བྱ་བ་ནི་དགྲ་བཅོམ་པའོ། །ཅིའི་ཕྱིར་ཞེ་ན། སློབ་པ་དང་། མི་སློབ་པའི་ལམ་དག་གིས་བརྟེན་པོར་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སློབ་པའི་

เล่ม ๑๔๓ · หน้า 215b

གནས་སྐབས་ན་ཡོད་པའི་རིགས་གང་ཡིན་པ་དེ་ནི་སློབ་པའི་ལམ་གྱིས་ཀྱང་བསྒོམས་ལ་མི་སློབ་པའི་གནས་སྐབས་ན་ཡང་བསྒོམས་པས་ལམ་དེ་དག་གིས་བརྟན་པོར་བྱས་པའི་ཕྱིར་དགྲ་བཅོམ་པ་དེ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སློབ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། སློབ་པ་

ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རིགས་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེའི་བདག་ཉིད་ཀྱི་རིགས་དང་པོ་གང་ཡིན་པ་དེ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་ཀྱང་བསྒོམས་ལ་ཕྱིས་སློབ་པའི་ལམ་གྱིས་ཀྱང་བསྒོམས་པས་

དེ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །འདིར་ལ་ལ་ན་རེ་གང་གི་རིགས་དང་པོ་གང་ཡིན་པ་དེ་ལས་ནི་དེ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟེན་པོར་བྱས་པའི་ཕྱིར་རོ་ཞེས་བཤད་པ་གང་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་ཏེ། འདི་ལྟར་འཆི་

བར་སེམས་པའི་ཆོས་ཅན་སྦྱངས་པ་ལས་གྱུར་པའི་རིགས་གང་ཡིན་པ་དེ་ལས་ཡོངས་སུ་ཉམས་པར་འགྱུར་བའི་རིགས་དེ་ཡང་སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པས་ཡོངས་སུ་མི་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་རིགས་དེ་ཉིད་འདི་ལྟར་དང་པོ་ལས་ནི་ཡོངས་སུ་

ཉམས་པར་མི་འགྱུར་ལ་སྦྱངས་ཏེ་ཐོབ་པ་ལས་ནི་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟ་བུ་ཡིན་ནོ། །གང་ཡང་སློབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་

གཏན་ཚིགས་མ་ཡིན་ཏེ། རྒྱུན་དུ་ཞུགས་པ་ཡང་ཡོངས་སུ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་འཇིག་རྟེན་པའི་ལམ་གྱིས་བརྟན་པོར་བྱས་པ་མ་ཡིན་པས་འདི་ལ་འབད་པར་བྱའོ་ཞེས་ཟེར་རོ། །འདིར་བདག་གིས་གང་གི་ཕྱིར་དེ་སྐད་དུ་བཤད་པ།

སློབ་དཔོན་གྱི་དགོངས་པ་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། རེ་ཞིག་འཆི་བར་སེམས་པའི་ཆོས་ཅན་སྦྱངས་པ་ལས་གྱུར་པའི་རིགས་གང་ཡིན་པ་དེ་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་སྨྲས་པ་གང་ཡིན་པ་དེ་ནི་རིགས་པ་མ་ཡིན་ཏེ། འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་གང་

เล่ม ๑๔๓ · หน้า 216a

ཡིན་པ་ནི་སློབ་པའི་གནས་སྐབས་ན་ཡང་བསྒོམས་ལ། ཕྱིས་མི་སློབ་པའི་གནས་སྐབས་ན་ཡང་བསྒོམས་ཏེ་བརྟེན་པོར་བྱས་པས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སློབ་པའི་གནས་སྐབས་ན་དང་པོར་གྱུར་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་

གིས་ཀྱང་སློབ་པའི་གནས་སྐབས་ན་རིགས་གཞན་ཐོབ་ནས་དགྲ་བཅོམ་པ་ཉིད་འཐོབ་པ་གང་ཡིན་པ་དེ་ཡང་ལམ་དེ་ཡོངས་སུ་མི་འདོར་ཏེ། སྦྱངས་པ་ལས་གྱུར་པའི་རིགས་ཁོ་ན་ལས་མི་གནས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་མི་སློབ་པའི་གནས་སྐབས་ན་འཕྲལ་

ཁོ་ན་ལ་ཐོབ་ཀྱི་སློབ་པའི་གནས་སྐབས་ན་ཐོབ་པ་མ་ཡིན་པ་གང་ཡིན་པ་དེ་ལས་ནི་དེ་ཡོངས་སུ་ཉམས་པས་ན་ཉམས་པར་འགྱུར་ཏེ། དེ་ནི་གནས་སྐབས་གཉིས་ཀྱིས་བརྟན་པོར་མ་བྱས་པའི་ཕྱིར་རོ། །དེ་བས་ན་འདི་ནི་གཏན་ཚིགས་སུ་མི་རུང་བ་ཉིད་དོ། །གང་ཡང་སློབ་པ་ནི་འཇིག་རྟེན་དང་འཇིག་

རྟེན་ལས་འདས་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་གཏན་ཚིགས་མ་ཡིན་ཏེ། རྒྱུན་དུ་ཞུགས་པ་ཡང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་འཇིག་རྟེན་པ་དང་འཇིག་

རྟེན་ལས་འདས་པའི་ལམ་གྱིས་བརྟན་པོར་མ་བྱས་པས་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ཁོང་དུ་མ་ཆུད་པར་སྨྲས་པ་ཡིན་ནོ། །གཏན་ཚིགས་དེ་ནི་རིགས་ཀྱི་ཕྱིར་བཤད་པ་ཡིན་གྱི། འབྲས་བུའི་ཕྱིར་ནི་མ་ཡིན་ཏེ། དེ་ལ་ནི་གང་གིས་ན་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་

བའི་གཏན་ཚིགས་འཆད་པར་འགྱུར་རོ། །འབྲས་བུ་གང་ཞིག་ཅིག་ཅར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་འཐོབ་པ་ནི་ཆུང་ཟད་ཀྱང་མེད་ཀྱི། རིགས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་བརྟན་པོར་བྱས་པ་སྲིད་དེ། ཚེ་འདི་པའི་དྲོ་བར་

གྱུར་པ་ལ་སོགས་པའམ་ཚེ་ཕ་རོལ་པོའི་སྤོང་བའི་ལམ་མམ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཞན་གྱིས་སློབ་པའི་གནས་སྐབས་ན་བསྒོམས་པའི་ཕྱིར་རོ། །ཕྱིས་སྦྱངས་པས་ཐོབ་པ་གང་ཡིན་པ་དེ་ལས་ནི་ཞེས་བྱ་བ་ནི་ཕྱིས་ཐོབ་པའི་རིགས་གློ་བུར་བ་གང་ཡིན་པ་སྟེ།

เล่ม ๑๔๓ · หน้า 216b

གནས་སྐབས་གཉིས་སུ་ཐོབ་པ་མ་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །རིགས་བསྟན་ནས་འབྲས་བུ་བསྟན་པར་བྱ་སྟེ། གང་གི་འབྲས་བུ་དང་པོ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ཀྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་

བ་ནི་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་གལ་ཏེ་འཐོབ་ན་གདོན་མི་ཟ་བར་དང་པོ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་དང་། །ཕྱིར་མི་འོང་བའི་འབྲས་བུ་དག་ནི་རེས་འགའ་དང་པོ་ཡིན་ཏེ། གལ་ཏེ་ཕལ་ཆེར་འདོད་ཆགས་དང་བྲལ་བ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཡིན་

ནའོ། །རེས་འགའ་ནི་དང་པོ་མ་ཡིན་ཏེ། གལ་ཏེ་མཐར་གྱིས་པའི་ཡིན་ནའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་ཡང་རུང་འབྲས་བུ་དང་པོ་གང་དང་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་མི་འགྱུར་གྱི། ལན་ཅིག་

ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའང་རུང་ཕྱིས་ཐོབ་པ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལྟར་བྱས་ན་ཞེས་བྱ་བ་ནི་གང་གི་རིགས་དང་འབྲས་བུ་དང་པོ་གང་ཡིན་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་

རོ་ཞེས་བྱས་ནའོ། །གོ་རིམས་བཞིན་དུ་རྣམ་པ་ལྔ་དང་དྲུག་དང་བདུན་ཡིན་ཞེས་བྱ་བ་ནི་རྗེས་སུ་སྲུང་བའི་ཆོས་ཅན་ནི་རྣམ་པ་ལྔ་ཡིན་ཏེ། དེའི་སོ་ན་གནས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་ནས་སློབ་པ་ཉིད་དུ་འགྱུར་བ་དང་། ཡོངས་སུ་ཉམས་པ་

དང་། འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བ་དང་། གནས་པ་ལས་མི་བསྐྱོད་པ་ནི་རྣམ་པ་དྲུག་ཡིན་ཏེ། ལྔ་པོ་དེ་དག་ཉིད་དང་། དྲུག་པ་རྗེས་སུ་སྲུང་བའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །རྟོགས་པའི་སྐལ་བ་ཅན་ནི་རྣམ་པ་བདུན་ཡིན་ཏེ། དྲུག་པོ་དེ་དག་ཉིད་དང་།

བདུན་པ་གནས་པ་ལས་མི་བསྐྱོད་པའི་རིགས་ཅན་དུ་སླར་འོང་བའོ། །དེ་སློབ་པར་གྱུར་ན་ཕྱིས་ཞེས་བྱ་བའི་ཚིག་གཅིག་ཁོང་ནས་དབྱུང་ངོ་། །གང་གི་རིགས་དང་པོ་གང་ཡིན་པ་སློབ་པའི་གནས་སྐབས་ན་ཡོད་པ་དེ་ཁོ་ན་ལ་གནས་ཀྱི་གཞན་ལ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རིགས་ཁྱད་

เล่ม ๑๔๓ · หน้า 217a

པར་ཅན་རྙེད་པའི་ཕྱིར་ཏེ། སློབ་པའི་གནས་སྐབས་ཀྱི་རིགས་ལས་ཁྱད་པར་ཅན་རྙེད་པའི་ཕྱིར་གང་ཟག་དེ་འཕེལ་བ་ཁོ་ནར་འགྱུར་གྱི་ཡོངས་སུ་ཉམས་པར་ནི་མི་འགྱུར་རོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་དཔེར་ན་ཡོངས་སུ་ཉམས་པའི་ཆོས་ཅན་དགྲ་བཅོམ་པ་ཉིད་ཀྱི་གནས་

ན་དབང་པོ་སྦྱངས་པས་རྟོགས་པའི་སྐལ་བ་ཅན་ཉིད་དུ་གྱུར་པ་དེ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ཏེ། སློབ་པར་གྱུར་པ་དེའི་རིགས་པས་ཀྱང་ཡོངས་སུ་ཉམས་ན་ལུགས་ལས་བཟློག་པ་གནས་པ་ལས་མི་བསྐྱོད་པའི་རིགས་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཀྱི་བར་ལ་མི་

གནས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རིགས་གཞན་ལ་གནས་པར་གྱུར་ནའོ། །རིགས་ཁྱད་པར་ཅན་རྙེད་པའི་ཕྱིར་ཞེས་བྱ་བ་ནི་རིགས་དེ་ནི་ཡོངས་སུ་ཉམས་པའི་རིགས་ལས་ཁྱད་ཞུགས་པ་ཡིན་པས་སོ། །དེ་ལྟ་བས་ན་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་དབང་པོ་སྦྱངས་

པས་ཐོབ་པ་ལས་ཀྱང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་རོ། །ཅིའི་ཕྱིར་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པ་མེད་ཅེས་བྱ་བ་ནི་གང་གི་འབྲས་བུ་དང་པོ་གང་ཡིན་པ་དེ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་

འབྲས་བུའོ། །མཐོང་བས་སྤང་བར་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ། རྟེན་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི། བདག་གི་གཞི་ལ་འཇུག་པ་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཐོང་བས་སྤང་བར་བྱ་བ་དེ་དག་ལ་བརྟེན་ནས་ཞུགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།

འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་མཐོང་བས་སྤང་བར་བྱ་བ་རྣམས་ནི་བདག་ཏུ་ལྟ་བའི་དབང་གིས་ཀུན་དུ་འབྱུང་སྟེ། མདོ་ལས་ཀྱང་། འཇིག་རྟེན་ན་ལྟ་བ་ཐ་དད་པར་གྱུར་པ་གང་ཡིན་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་གཞི་ཅན་ཡིན་ཏེ། འཇིག་ཚོགས་ལ་

ལྟ་བ་ལས་ཀུན་དུ་འབྱུང་བ། འཇིག་ཚོགས་ལ་ལྟ་བའི་རིགས་ཅན། འཇིག་ཚོགས་ལ་ལྟ་བ་ལས་རབ་ཏུ་སྐྱེ་བ་ཡིན་ནོ་ཞེས་གསུངས་སོ། །བདག་དེ་ཡང་མེད་དོ་ཞེས་བྱ་བ་ནི་གཞི་མེད་པའི་ཕྱིར་ཡོངས་སུ་ཉམས་པ་མེད་དོ། །བདེན་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་

เล่ม ๑๔๓ · หน้า 217b

སོགས་པའི་བདེན་པ་དག་ལ་རྟག་པ་ལ་སོགས་པར་འཛིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པའི་ཉོན་མོངས་པ་གང་ཞིག་ཡིན་ཏེ། འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བར་བྱ་བ་ཡང་མི་གཙང་བ་ལ་སོགས་པའི་དངོས་པོ་ལ་གཙང་བ་དང་། བདེ་བ་དང་། རྟག་པ་དང་བདག་གི་རྣམ་པ་དག་ཏུ་

དམིགས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ། །བདག་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་ལ་ཞེས་བྱ་བ་ནི་ཇི་སྐད་དུ་དགེ་སློང་དག་གང་ལ་ལ་བདག་གོ་ཞེས་ཡང་དག་པ་རྗེས་སུ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བར་ཟད་

དོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མཐར་འཛིན་པ་ལ་སོགས་པ་ཡང་དེའི་གཞི་ལ་ཞུགས་པ་ཡིན་པས་ཞེས་བྱ་བ་ནི་དེ་ལས་གཞན་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་བདག་གི་གཞིའི་རྗེས་སུ་ཞུགས་པ་ཡིན་ཏེ། བདག་རྟག་གོ། །ཆད་དོ་ཞེས་བྱ་བའམ། བདག་མེད་དོ་ཞེས་བྱ་

བའམ། འདི་ཁོ་ན་མཆོག་ཡིན་ནོ། །འདི་ནི་དག་པ་ཡིན་ནོ། །ཅི་འདི་ཡོད་དམ་མེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་ཞུགས་པས་གཞི་མེད་པ་དག་ཅེས་བྱ་སྟེ། རྟེན་དག་མེད་ཅེས་བྱ་བའི་དོན་ཏོ། །བདག་ལ་སོགས་པ་ནི་བདག་ཀྱང་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོར་བརྗོད་

པ་ཞེས་བྱ་བའི་ཐ་ཚིག་སྟེ། སྩོགས་པ་སྨོས་པ་ནི་བདག་གི་བསྡུ་བ་འམ། དབང་ཕྱུག་ལ་སོགས་པ་བསྡུ་བ་ཡིན་ནོ། །གཞི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་མཚན་ཉིད་སོ་སོར་ངེས་པ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་ཀྱི་གཞི་ནི་སྐྲ་དང་སོ་སྡུག་པ་ལ་སོགས་པའི་མཚན་

ཉིད་ཡིད་དུ་འོང་བ་ཡིན་ནོ། །ཁོང་ཁྲོ་བའི་ནི་དེ་དག་མི་སྡུག་པ་ཡིད་དུ་མི་འོང་བ་ཡིན་ཏེ། ང་རྒྱལ་གྱི་ཡང་ཡིད་དུ་འོང་བ་ཡིན་ནོ། །མ་རིག་པའི་ཡང་གཉིས་པོ་དེ་ཉིད་ཆུང་ཟད་ཀུན་དུ་རྨོངས་པར་འགྱུར་བ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་རྣམས་ལ་ནི། བདག་ལ་སོགས་པའི་མཚན་ཉིད་

མེད། ཅེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་ལ་མ་གཏོགས་པ་རྣམས་ལ་ནི་བཞི་པོ་བདག་གི་མཚན་ཉིད་སོ་སོར་ངེས་པ་ཅུང་ཟད་ཀྱང་མེད་པས། དེ་ལྟ་བས་ན་གཞི་མེད་པ་དག་ཅེས་བྱ་བ་སྟེ། དེ་ལྟ་བས་ན་གཞི་སོ་སོར་ངེས་པ་མེད་པ་དག་

เล่ม ๑๔๓ · หน้า 218a

ཅེས་བྱ་བའོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་གཞན་ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཕགས་པ་སློབ་པ་ངེས་པར་མི་རྟོག་ཅིང་མི་སེམས་པ་ལ་དྲན་པ་ཉམས་པས་ཏེ། དྲན་པ་ཉོན་མོངས་པ་ཅན་དང་ལྡན་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་སྐྱེ་

བར་འགྱུར་གྱི་ངེས་པར་རྟོག་པ་ལ་ནི་མ་ཡིན་ཏེ། ངེས་པར་མི་རྟོག་པ་འགའ་ཞིག་ལ་དྲན་པ་ཉམས་པས་ཐག་པ་ལ་སྦྲུལ་གྱི་འདུ་ཤེས་སྐྱེའི་ངེས་པར་རྟོག་པ་ལ་ནི་མ་ཡིན་པ་དེ་དང་འདྲའོ། །བདག་ཏུ་ལྟ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་བྱ་བའི་སྒྲས་ནི་མཐར་འཛིན་པར་ལྟ་བ་ལ་

སོགས་པ་བསྡུའོ། །ཡང་ཅིའི་ཕྱིར་ངེས་པར་མི་རྟོག་པ་ལ་བདག་ཏུ་ལྟ་བ་ལ་སོགས་པ་འབྱུང་བར་མི་རུང་ཞེ་ན། ཀུན་དུ་རྟོག་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གང་དག་ཅེ་ན་བདག་ཏུ་ལྟ་བ་ལ་སོགས་པ་ཉོན་མོངས་པ་རྣམས་སོ། །དེ་བས་ན་འཕགས་པ་ལ་ངེས་པར་མི་རྟོག་པའི་སྒོ་ནས་བདག་ཏུ་ལྟ་བ་

ལ་སོགས་པ་འབྱུང་བར་མི་རུང་བས་ཡོངས་སུ་ཉམས་པའི་རྒྱུ་མེད་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་སྤངས་པས་ཡོངས་སུ་ཉམས་པ་མེད་དོ། །དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་མཐོང་བས་སྤང་བར་བྱ་བ་སྤངས་པས་ཡོངས་སུ་

ཉམས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ་ཞེས་སྟོན་པར་བྱེད་དོ། །དང་པོ་མ་ཡིན་པ་ལ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དག་ལས་ནི་ཡོངས་སུ་ཉམས་པ་སྲིད་དེ། དེ་ནི་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་

སྲིད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གཞུང་འཛུགས་པ་ཡིན་ནོ། །དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་

ཡིན་པ་དེ་ཁོ་ན་སྤངས་པ་ཡིན་ཏེ། ད་ནི་ཡང་མི་སྐྱེའི་འཇིག་རྟེན་པས་སྤངས་པ་གང་ཡིན་པ་དེ་ནི་ཡང་སྐྱེའོ་སྙམ་དུ་དགོངས་པ་ཡིན་ནོ། །སློབ་པ་ལ་བག་ཡོད་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བའི་ཁུངས་མདོའི་ཚིག་

เล่ม ๑๔๓ · หน้า 218b

གཉིས་པ་ཡིན་ཏེ། འདིའི་དོན་ནི་སློབ་པ་ལ་བག་ཡོད་པར་བྱ་བའི་ཕྱིར་སློབ་པས་བག་ཡོད་པར་བྱའོ་ཞེས་བག་ཡོད་པའི་ལས་སྟོན་པར་མཛད་པ་འདི་ཡིན་ནོ། །སློབ་པ་ལ་ཡང་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་དེ་ལ་བག་ཡོད་པ་ལ་བག་ཡོད་པར་བྱར་

ཡོད་ཅེ་ན། འདི་ལྟར་འདིས་ནི་འབྲས་བུའི་ཁྱད་པར་བ་ཡང་ཐོབ་པར་བྱ་དགོས་ལ། དེ་ལ་སྤངས་པ་འཇིག་རྟེན་པའི་ལམ་གྱིས་བྱས་པ་ཡང་ཡོད་པས་སོ། །འདིར་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་མདོ་ལས། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་

སྨྲའོ་ཞེས་འབྱུང་བའི་ཕྱིར་དགྲ་བཅོམ་པ་ལ་ཡང་ཡོངས་སུ་ཉམས་པ་ཡོད་དོ་ཞེས་ཟེར་ན་དེའི་ཕྱིར། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་ཞེས་བྱ་བ་རྒྱས་པར་མདོ་འདི་ལས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཙམ་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་བར་གསུངས་པར་ཟད་དེ། ཞེས་

འབྱུང་བའི་བར་འདི་སྨོས་སོ།། །།བམ་པོ་ལྔ་བཅུ་གཅིག་པ། ཇི་ལྟ་ཞེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ། །ཚེ་དང་ལྡན་པ་

ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འདི་སྐད་ཅེས་ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་

པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་བར་ཆད་བྱེད་པ་ནི་མ་ཡིན་པ་ཉིད་དོ། །འོན་ཀྱང་འདིས་ལྷག་པའི་སེམས་ལས་བྱུང་བ་མཐོང་བའི་ཆོས་ལ་བདེ་བར་གནས་པ་བཞི་པོ་ཐོབ་པ་གང་དག་ཡིན་པ་དེ་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་

པར་འགྱུར་བར་ང་སྨྲ་སྟེ། དེ་ཡང་འདྲེས་པར་གནས་པ་ཡིན་ནོ། །གཅིག་པུ་མ་འདྲེས་པ་བག་ཡོད་པ་བརྟུན་པར་གནས་པ་འདིས་སེམས་ཀྱི་རྣམ་པར་གྲོལ་བ་ལུས་ཀྱིས་མངོན་དུ་བྱས་པ་གང་ཡིན་པ་དེ་ལས་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ། །

เล่ม ๑๔๓ · หน้า 219a

ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་སློབ་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་གང་ཡིན་པ་དེ་ཟིལ་གྱིས་གནོན་པར་བྱའི། རྙེད་པ་དང་བཀུར་སྟི་བྱུང་བ་ལ་སེམས་ཀུན་ནས་དཀྲིས་ཏེ་མི་འདུག་པ་དེ་ལྟར་ཀུན་དགའ་བོ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་

ཏེ་བྱེ་བྲག་ཏུ་སྨྲ་བ་ན་རེ་མི་གཡོ་བ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ལ་ཡོངས་སུ་ཉམས་པ་ཡོད་དོ་ཞེས་ཟེར་ན་དེའི་ཕྱིར་སྨྲས་པ། གལ་ཏེ་དུས་དང་སྦྱོར་བ་ལ་ཡོད་དོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་སྐད་དུ་དུས་དང་སྦྱོར་བ་ལ་ཡོངས་སུ་ཉམས་པ་ཡོད་དོ་ཞེས་ཟེར་རོ། །དེ་དཔྱད་པར་བྱ་

སྟེ། རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དེ་ནི་དཔྱད་པར་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། སྨྲས་པ་ཅི་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དགྲ་བཅོམ་པ་ཉིད་ཡིན་ནམ། འོན་ཏེ་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་འཇིག་རྟེན་པའི་བསམ་གཏན་དག་ཁོ་ན་ཡིན་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་དོགས་པར་བྱེད་ཅེ་ན།

བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་ཉིད་ཏིང་ངེ་འཛིན་ཡིན་པས་བསམ་གཏན་གྱི་ཏིང་ངེ་འཛིན་ནོ། །དངོས་གཞི་སྨོས་པ་ནི་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དུས་སུ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་མེད་པ་

ལ་སོགས་པའི་དུས་ལ་ལར་མངོན་སུམ་དུ་འགྱུར་བའི་ཕྱིར་ཏེ། དུས་ལས་བྱུང་བས་ན་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ཞེས་ཀྱང་བྱའོ། །ཡང་དང་ཡང་དུ་བཙལ་བར་བྱ་བ་ཡིན་པའི་ཕྱིར་ཕངས་པ་ཞེས་བྱ་བ་ནི་ཉམས་ཤིང་ཉམས་ན་འདོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དོན་དུ་གཉེར་བར་བྱ་བ་ཡིན་

པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་རོ་མྱང་བར་བྱ་བ་ཡིན་པའི་ཕྱིར་ཞེས་ཟེར་རོ་ཞེས་བྱ་བ་ནི་བཙུན་པ་དགའ་ལྡན་ཡིན་ཏེ། ཟག་པ་དང་བཅས་པ་ཉིད་ཀྱིས་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་དང་ལྡན་པའི་ཕྱིར་ཕངས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །

དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགྲ་བཅོམ་པ་ཉིད་རྣམ་པར་གྲོལ་བ་ཡིན་པས་ན་དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་སྟེ། ཐོབ་པའི་ཚུལ་གྱིས་རྟག་ཏུ་རྗེས་སུ་འབྲེལ་པའི་ཕྱིར་རོ། །དུས་དང་སྦྱོར་བ་ཡིན་པར་ཡང་མི་རུང་ཞེས་བྱ་བ་འདིས་ནི་རྣམ་

เล่ม ๑๔๓ · หน้า 219b

པར་གྲོལ་བ་དུས་དང་སྦྱོར་བ་ལས་དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་བཟློག་སྟེ་སྟོན་ཏོ། །ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི་ཕྱིར་ཕངས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ཕངས་པ་ལས་བཟློག་སྟེ། དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་ཕངས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རྟག་ཏུ་རྗེས་སུ་

འབྲེལ་པ་ཉིད་དུ་ཡོད་པས་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི་ཕྱིར་ཕངས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་པའི་སེམས་ལས་བྱུང་བ་དག་ཁོ་ན་ལས་ཞེས་བྱ་བ་ནི་ལྷག་པའི་སེམས་ལ་ཡོད་པས་ན་ལྷག་པའི་སེམས་ལས་བྱུང་བ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ཡིན་ནོ། །ཅིའི་ཕྱིར་དེ་

དག་ཁོ་ན་ལས་ཡོངས་སུ་ཉམས་པར་གསུངས་ཤེ་ན། ལྷག་པའི་སེམས་ལས་བྱུང་བ་མཐོང་བའི་ཆོས་ལ་བདེ་བར་གནས་པ་བཞི་པོ་ཐོབ་པ་གང་དག་ཡིན་པ་དེ་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བར་ང་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་རྣམ་པར་གྲོལ་བ་

དུས་དང་སྦྱོར་བའི་མཚན་ཉིད་ཀྱི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཞིག་སྲིད་པར་གྱུར་ན། དེ་ཅིའི་ཕྱིར་དེ་དག་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་གསུངས་པར་འགྱུར་ཏེ། དེ་དག་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་གསུངས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་

ཚིག་གོ། །དབང་ཉམས་པའི་ཕྱིར་ཞེས་བྱ་བ་ནི་ཏིང་ངེ་འཛིན་མངོན་དུ་འགྱུར་བའི་དབང་ཉམས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ཡིན་ཞེས་བྱ་བ་ནི་མདོ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ལས་གཞན་ཡིན་པར་འབྱུང་སྟེ།

སློབ་པ་བཅོ་བརྒྱད་ཆེར་བཤད་ནས། བཀའ་སྩལ་པ། མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་

དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། འདི་དག་ནི་མི་སློབ་པ་དགུ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་གང་ཞིག་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་

เล่ม ๑๔๓ · หน้า 220a

ཉམས་པར་འགྱུར་བ་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ནོ། །གང་ཞིག་དེ་དག་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ཡིན་ནོ། །དེ་བཞིན་དུ་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཇི་ལྟ་

ཞེ་ན། གང་ཞིག་ཏིང་ངེ་འཛིན་ཉམས་པའི་འཇིགས་པས་བདག་ཉིད་འཆི་བར་སེམས་པ་དེ་ནི་འཆི་བར་སེམས་པའི་ཆོས་ཅན་ནོ། །གང་ཞིག་ཡོན་ཏན་གྱི་ཁྱད་པར་ཅུང་ཟད་ཅིག་རྗེས་སུ་བསྲུང་བ་དེ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །གང་ཞིག་ཡོན་ཏན་གང་ཁོ་ན་ལ་གནས་པ་དེ་ལས་རྗེས་སུ་

མ་བསྲུངས་ཀྱང་མི་གཡོ་བ་དེ་ནི་གནས་པ་ལས་མི་བསྐྱོད་པ་ཡིན་ནོ། །གང་ཞིག་གང་དུ་རྟོགས་པར་བྱེད་ཅིང་ཡོན་ཏན་གྱི་ཁྱད་པར་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རྟོགས་པའི་སྐལ་བ་ཅན་ནོ། །གང་ཞིག་བྱུང་བ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ནི་མི་གཡོ་

བའི་ཆོས་ཅན་ནོ། །ཁྱད་པར་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ལ་སོགས་པ་གསུམ་ཆར་ཡང་ཡོངས་སུ་མི་ཉམས་པ་དང་ལྡན་པའི་ཕྱིར་ཁྱད་པར་མ་མཐོང་ནས་འདྲི་བ་ཡིན་ནོ། །སྦྱངས་པ་ལས་གྱུར་པ་མ་ཡིན་ཞེས་བྱ་བ་ནི་རང་བཞིན་གྱིས་དབང་

པོ་རྣོན་པོ་ཡིན་གྱི། དབང་པོ་སྦྱངས་པས་ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཡོ་བར་འགྱུར་བ་ཡིན་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་དེ་ལས་ཞེས་བྱ་བའི་དོན་ཏོ། །འདི་ནི་ཁྱད་པར་ཡིན་པར་མངོན་ནོ་ཞེས་བྱ་བ་ནི་སློབ་དཔོན་རང་གི་གཞུང་ལུགས་སྟོན་པ་ཡིན་ནོ། །གལ་

ཏེ་བྱེ་བྲག་ཏུ་སྨྲ་བ་ན་རེ་ཚེ་དང་ལྡན་པ་གནག་ཚོགས་ཅན་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མ་ཡིན་ནམ་ཞེས་དེ་སྐད་དུ་སྨྲ་བར་འགྱུར་བས་དེའི་ལན་བརྩམ་པར་བྱ་སྟེ། ཚེ་དང་ལྡན་པ་གནག་ཚོགས་ཅན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སློབ་པར་གྱུར་པ་ཞེས་བྱ་བ་ནི་རེ་ཞིག་དགྲ་

བཅོམ་པ་མ་ཡིན་པའོ། །ལུས་དང་སྲོག་ལ་མི་ལྟ་བའི་རྒྱུས་མཚོན་གྱིས་འདེབས་པར་བྱེད་ཅེས་བྱ་བ་ནི་མཚོན་གྱིས་སྣུན་པར་བྱེད་པའོ། །འཆི་བའི་དུས་ཁོ་ནར་དགྲ་བཅོམ་པ་ཉིད་ཐོབ་པ་ནི་མཚོན་གྱིས་བཏབ་པའི་འོག་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། མཚོན་གྱིས་བཏབ་པ་དེ་ཉིད་ཀྱིས་

เล่ม ๑๔๓ · หน้า 220b

ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །བཅུ་ལས་འཕྲོས་པ་ལས་ཀྱང་ཞེས་བྱ་བ་ནི་བཅུ་ལས་འཕྲོས་པ་ཞེས་བྱ་བའི་མདོ་ལས་སོ། །ཅི་ཞིག་གསུངས་ཤེ་ན། བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ་ཞེས་བྱ་བ་སྨོས་སོ། །གང་ཡིན་ཞེ་ན། སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བས་ཡིད་དུ་

འོང་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པའོ་སྙམ་དུ་དགོངས་པ་ཡིན་ནོ། །མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། གང་ཞེ་ན། སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དགྲ་བཅོམ་པ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །རྣམ་པར་

བ་མི་གཡོ་བའི་མཚན་ཉིད་ཀྱི་དགྲ་བཅོམ་པ་ཉིད་ལོགས་ཤིག་ཏུ་སྨོས་པའི་ཕྱིར་སེམས་རྣམ་པར་གྲོལ་བ་ཡིད་དུ་འོང་བ་ནི་དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པར་གསུངས་སོ་སྙམ་དུ་བསམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་དགྲ་བཅོམ་པ་རྣམ་པ་གཉིས་ཡོད་པའི་ཕྱིར་ལོགས་ཤིག་ཏུ་

སྨོས་པར་ཟད་དོ་ཞེས་སྨྲ་བར་འགྱུར་བའི་གོ་སྐབས་མཐོང་ནས་ཡང་། གལ་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ཡིད་དུ་འོང་བ་དགྲ་བཅོམ་པ་ཉིད་ཁོ་ན་ཡིན་པར་གྱུར་ན་ཅིའི་ཕྱིར་མདོ་གཞན་ལས་མ་ཡིན་གྱི། བཅུ་ཚན་དེ་ཁོ་ན་ལས་མངོན་

སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་ནི་མི་གཡོ་བའོ་ཞེས་དགྲ་བཅོམ་པ་ཉིད་ལས་གཉིས་སུ་སྨོས་པར་འགྱུར། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་སྐད་དུ་མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བཤད་

པར་འགྱུར་རོ། །གལ་ཏེ་ཁྱོད་དགྲ་བཅོམ་པ་ཉིད་རྣམ་པ་གཉིས་ཡོད་པས་དེའི་ཕྱིར་གཅིག་ནི་བསྐྱེད་པར་བྱ་བ་ཡིན་ནོ། །གཉིས་པ་ནི་མངོན་སུམ་དུ་བྱ་བ་ཡིན་ནོ་ཞེས་ཚིག་གི་བྱེ་བྲག་ཏུ་བཤད་པ་ཡིན་ནོ་ཞེས་ཟེར་ན། འདིར་སྨྲས་པ། དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་པར་ནི་

གང་དུ་ཡང་མ་གསུངས་སོ། །འོ་ན་ཅི་ཞེ་ན་མདོ་དེ་དང་དེ་ལས་མངོན་སུམ་དུ་བྱ་བ་ཡིན་པར་གསུངས་སོ། །ཁས་བླངས་ཏེ་ཡང་བརྗོད་པར་བྱ་སྟེ། དབང་པོ་རྟུལ་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་ནོ་ཞེ་ན། ཡང་འདིས་ཅི་ཞིག་ཤེས་པར་བྱས་ཤིང་བསྟན་པ་ཡིན།

เล่ม ๑๔๓ · หน้า 221a

རེ་ཞིག་གལ་ཏེ་བསྐྱེད་པར་བྱ་བར་ནུས་པ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱས་པ་ཡིན་ནོ་ཞེ་ན་ནི་གཞན་དབང་པོ་རྣོན་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་ཀྱང་ནུས་སོ། །དེ་ལྟ་ཡིན་ན་ནི་མདོ་ལས་འདི་སྐད་དུ། བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་

གྲོལ་བའོ་ཞེས་བརྗོད་དགོས་པར་འགྱུར་རོ། །འོན་ཏེ་བསྐྱེད་པར་འོས་པ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱས་པ་ཡིན་ནོ་ཞེ་ན་ནི་གཞན་དབང་པོ་རྣོན་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་ཆེས་ཤིན་ཏུ་འོས་པ་ཡིན་ཏེ། དེ་ནི་མི་གཡོ་བའི་ཕྱིར་ཤིན་ཏུ་བསྐྱེད་པར་བྱ་བར་འོས་སོ་སྙམ་དུ་བསམས་

པ་ཡིན་ནོ། །འོ་ན་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དགྲ་བཅོམ་པ་ཉིད་ཡིན་ན་ནི་དེ་ལྟ་ན་དེ་དང་ལྡན་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་བྱར་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །ཏིང་ངེ་འཛིན་མངོན་སུམ་དུ་

འགྱུར་བ་དུས་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་འདིའི་ཏིང་ངེ་འཛིན་ནི་ཟག་པ་དང་བཅས་པའམ་ཟག་པ་མེད་པ་ཡང་རུང་ནད་མེད་པ་དང་། ཡུལ་གྱི་ཁྱད་པར་ལ་སོགས་པའི་མཚན་ཉིད་ཀྱི་དུས་ལ་ལྟོས་སོ། །ཆོས་མངོན་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ལ། འདིར་དཔེར་

བརྗོད་པ་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་འདི་ཡང་དཔེར་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུ་ནི་ཡོངས་སུ་ཚང་བ་ལས་སྐྱེས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བུ་ནི་ཉོན་མོངས་པའི་

རྒྱུ་ཡོངས་སུ་ཚང་བ་ལས་སྐྱེ་བ་ཡིན་ནོ། །ཡུལ་གྱི་སྟོབས་ཁོ་ན་ལས་སྐྱེ་བ་ནི་ཉོན་མོངས་པའི་རྒྱུ་ཡོངས་སུ་མ་ཚང་བ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཡོངས་སུ་མ་ཚང་བར་གོ་གང་ཞིག་སྐྱེ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་ལྡན་པ་གང་ཞིག་རྒྱུ་ཡོངས་སུ་

མ་ཚང་བར་སྐྱེ། རྒྱུ་དང་རྐྱེན་ཚོགས་པ་ཇི་སྙེད་ཅིག་གིས་འབྲས་བུ་སྐྱེད་པར་གྲགས་པ་དེ་ནི་དེའི་ཕྱོགས་གཅིག་མ་ཚང་ན་དེ་སྐྱེད་པར་མི་འགྱུར་ཏེ། དཔེར་ན་མིག་དང་གཟུགས་ལ་སོགས་པ་དང་ཡིད་ལ་བྱེད་པ་ཚོགས་པས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་གྲགས་པ་དེ་ནི་དེ་ལས་གང་

เล่ม ๑๔๓ · หน้า 221b

ཡང་རུང་བ་ཞིག་མ་ཚང་ན་དེ་སྐྱེད་པར་མི་འགྱུར་བ་ལྟ་བུའོ། །དེ་ལྟ་བས་ན་དེ་ནི་གྱི་ནའོ། །དེ་ལྟ་བུ་ཞེས་བྱ་བ་ནི་དེའི་རྣམ་པ་འམ་དེའི་ངོ་བོ་ཉིད་དོ། །འོན་ཏེ་མ་སྐྱེས་ཞེས་བྱ་བ་ནི་གཉེན་པོའོ། །དེའི་ས་བོན་གྱི་ཆོས་ཉིད་ཅེས་བྱ་བ་ནི་ས་བོན་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་རྩ་ནས་

མ་བཏོན་ཅིང་དྲུངས་མ་ཕྱུང་ན་ཇི་ལྟར་ཟག་པ་ཟད་པ་ཡིན། ཁྱོད་དེ་ལྟ་ཡིན་དུ་ཟད་མོད་ཅེས་ཟེར་ན། དེའི་ཕྱིར་ཟག་པ་མ་ཟད་ན་ཡང་ཇི་ལྟར་དགྲ་བཅོམ་པ་ཉིད་ཡིན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་དཔྱོད་པ་ཞེས་བྱ་བ་ནི་དྲན་པ་དང་ལྡན་པར་དཔྱོད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་མ་ཐག་ཏུ་དྲན་པ་

སྨོས་པའི་ཕྱིར་རོ། །དེ་ནི་སློབ་པ་ཡིན་ནོ་ཞེས་ཟེར་བ་འདི་ཡོངས་སུ་སྤང་བའི་ཕྱིར་ཡོངས་སུ་ཉམས་པར་སྨྲ་བ་དེ་ཉིད་ཀྱིས་དེ་ནི་དེ་ལས་དགྲ་བཅོམ་པ་ཁོ་ན་ཡིན་པར་བསྟན་ཞེས་བྱ་བ་སྨོས་སོ། །ཇི་ལྟར་བསྟན་པ་ཡིན་ཞེ་ན། ཡུན་རིང་པོ་ནས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཡོངས་སུ་མི་ཉམས་

པར་སྨྲ་བ་དག་འདི་སྐད་དུ། སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས་མྱ་ངན་ལས་འདའ་བ་ལ་བབ་པ་ཞེས་བྱ་བའི་བར་འདི་ནི་སློབ་པ་ཡིན་ནོ་ཞེས་སྨྲ་བར་འགྱུར་བའི་གོ་སྐབས་འདི་ཡོངས་སུ་སྤངས་པའི་ཕྱིར་ཡང་ཡོངས་སུ་ཉམས་པར་སྨ་བས་མདོ་གཞན་ལས་དེ་ནི་དགྲ་

བཅོམ་པའི་སྟོབས་ཡིན་པར་ཡང་གསུངས་ཞེས་བྱ་བ་སྨྲས་སོ། །ཇི་སྐད་དུ་ཞེ་ན། བཙུན་པ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་སྟོབས་དུ་ཞིག་མཆིས། ཤཱ་རིའི་བུ་དགེ་སློང་དགྲ་བཅོམ་པའི་སྟོབས་ནི་བརྒྱད་དེ། ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས། མྱ་ངན་

ལས་འདས་པ་ལ་བབ་པ་ཡིན་ཞེས་བྱ་བའི་བར་དང་། འདིས་ནི་འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བ་ཡིན་ཏེ། ཇི་ལྟར་འདོད་པ་རྣམས་ཤེས་ཤིང་འདོད་པ་རྣམས་མཐོང་བ་འདིས་འདོད་པ་ལ་འདོད་པའི་འདུན་པ་དང་། འདོད་པའི་ཆགས་པ་ནས་རྒྱས་པར་འདོད་པ་ལ་ལྷག་པར་ཞེན་

པའི་བར་གང་ཡིན་པ་དེ་ལ་འདིའི་སེམས་ཡོངས་སུ་གཏུགས་ཏེ་མི་གནས་པ་དེ་ལྟར་ཡང་འདིས་འདོད་པ་རྣམས་མཐོང་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་ངོ་། །གཞན་ཡང་སོལ་བའི་ཕུང་པོ་ལྟ་བུའི་མདོ་དེ་ཉིད་ལས་བསིལ་བར་གྱུར་ཅིང་གསལ་བར་གྱུར་པ་ཞེས་གསུངས་པའི་ཕྱིར་དགྲ་

เล่ม ๑๔๓ · หน้า 222a

བཅོམ་པ་ཁོ་ན་ཡིན་པར་བསྟན་ཏོ། །དེ་སྐད་དུ་འབྱུང་བ་ཡང་ཡོད་མོད་ཀྱི་ཞེས་བྱ་བ་ནི་སོལ་བའི་ཕུང་པོ་ལྟ་བུའི་མདོ་ལས་དགྲ་བཅོམ་པ་ཡིན་པར་བསྟན་ཏོ་ཞེས་གང་སྨྲས་པའོ། །ཇི་སྲིད་དུ་སྤྱོད་པ་ལེགས་པར་མ་རྟོགས་པ་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པ་སྤྱོད་

པའོ། །སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་དེ་སྐད་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་སློབ་པའི་གནས་སྐབས་ཀྱི་དབང་དུ་

མཛད་ནས་གསུངས་ཀྱི་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཞེས་གསུངས་པ་གང་ཡིན་པ་དེ་ནི་སློབ་པ་ལ་ཡང་སྲིད་ལ་དགྲ་བཅོམ་པ་ནི་ཕུལ་དུ་ཕྱིན་པ་ཡིན་པས་ཁྱད་པར་ཡོད་དོ། །ཟག་པའི་གནས་ལྟ་བུའི་ཆོས་ཐམས་

ཅད་ལས་བསིལ་བར་གྱུར་ཅིང་བསལ་བར་གྱུར་པ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་པ་ཡིན་ཏེ། ཟག་པའི་གནས་ལྟ་བུའི་ཆོས་འདོད་པ་ན་སྤྱོད་པ་ལས་བསིལ་བར་གྱུར་པ་ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ནི་དགྲ་བཅོམ་པ་ཉིད་

ཀྱི་གནས་སྐབས་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་ཀྱང་ཉེས་པ་མེད་དོ་སྙམ་དུ་དགོངས་སོ། །སྦྱོར་བ་མི་སྲིད་པའི་ཕྱིར་མཐོང་བའི་ལམ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ནི་སྐད་ཅིག་བཅོ་ལྔ་ཡིན་ཏེ། དེ་ལ་དབང་པོ་འཕོ་བར་སྦྱོར་བའི་གོ་སྐབས་མེད་དོ། །ལ་ལ་ནི་སོ་སོའི་

སྐྱེ་བོའི་གནས་སྐབས་ན་དབང་པོ་རྣམས་འཕོའོ་ཞེས་བྱ་བ་ཅི་རིགས་པའི་རྣམ་པ་དང་ལྡན་པའི་ལམ་གྱིས་དབང་པོ་རྣམས་འཕོའམ། འོན་ཏེ་ཞི་བ་ལ་སོགས་པའི་རྣམ་པ་དང་ལྡན་པས་ཡིན་ཞེ་ན། ཁྱད་པར་དུ་མ་བྱས་པའི་ཕྱིར་གཉི་གར་ཡང་སྲིད་དོ་སྙམ་བྱེད་དེ། འདི་ལྟར་དོན་འདི་ནི་སློབ་

དཔོན་གྱིས་འཕགས་པ་རྣམས་ཀྱི་དབང་པོ་ནི་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ་ཞེས་འཆད་པར་འགྱུར་བས་འབགས་པ་རྣམས་ཀྱི་ཞེས་ཁྱད་པར་དུ་མཛད་པའི་ཕྱིར་རོ། །ཅི་ནས་ཀྱང་བདག་གི་དབང་པོ་དག་རྣོན་པོར་འགྱུར་བར་བྱའོ་ཞེས་སྦྱོར་བར་བསམས་ནས། འཇིག་

เล่ม ๑๔๓ · หน้า 222b

རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་གོམས་པར་བྱེད་པ་ན་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་རིམ་གྱིས་དབང་པོ་དག་འཕོའོ་ཞེས་བྱ་བར་རིག་པར་བྱའོ། །ལ་ལ་ནི་དད་པས་མོས་པའི་གནས་སྐབས་ནའོ་ཞེས་བྱ་བ་འདིར་མི་སློབ་པ་མ་སྨོས་པ་ནི་སློབ་པ་དང་སོ་སོའི་

སྐྱེ་བོའི་གནས་སྐབས་ཡིན་པའི་ཕྱིར་ཏེ། མི་སློབ་པ་ཡང་དབང་པོ་དག་འཕོའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ནི་འདི་དབང་པོ་རྣོ་བའི་ཕྱིར་མཐོང་བའི་ཆོས་

ལ་བདེ་བར་གནས་པ་དག་ལས་ཀྱང་ཡོངས་སུ་ཉམས་པ་མི་སྲིད་ན་རྣམ་པར་གྲོལ་བ་མི་གཡོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་སྲིད་དོ་སྙམ་ནས་འདྲི་བ་ཡིན་ནོ། །སངས་རྒྱས་ལ་ནི་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ཁོ་ན་མངའ་ཞེས་བྱ་བ་ནི་གདུལ་བའི་དོན་ལ་ཞུགས་པའི་

ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ཉེ་བར་མི་སྤྱོད་དེ་མངོན་དུ་མི་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་ཅེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་ལ་ནི་ཇི་ཞིག་གིས་བརྩལ་བས་ཉེ་བར་སྤྱད་པ་ལ་ཡོངས་སུ་ཉམས་པ་དེ་དང་། གང་ཟག་

ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དེ། འདི་ལྟར་མི་གཡོ་བའི་ཆོས་ཅན་ལ་ཡང་ལ་ལས་ཉན་ཐོས་ཆེན་པོ་འཕགས་པ་ཤཱ་རིའི་བུ་དང་མཽད་གལ་ལ་སོགས་པའི་རབ་ཀྱི་མཐའ་པ་ལ་སོགས་པའི་ཆོས་དང་། རང་བྱུང་གི་ཆོས་ཀྱང་

ཁ་ཅིག་མ་ཐོབ་ལ་ཉན་ཐོས་ཆེན་པོས་ཀྱང་རང་བྱུང་གི་ཆོས་ཁྱད་པར་ཅན་ཁ་ཅིག་ཐོབ་པ་དང་མི་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགྲ་བཅོམ་པ་གཞན་ལ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་དབང་པོ་རྟུལ་པོ་ལའོ། །ཐོབ་པ་ལས་ཡོངས་སུ་ཉམས་

པ་ཡང་ཡོད་དོ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་སྔར་བཤད་པའི་ཡོངས་སུ་ཉམས་པ་ཡང་ཡོད་དོ། །མི་གཡོ་བའི་ཆོས་ཅན་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པར་འབྱུང་བའི་ཕྱིར་མདོ་དང་མི་འགལ་ལོ་ཞེས་བྱ་བ་ནི། འདིས་མཐོང་བའི་ཆོས་ལ་ཞེས་བྱ་བ་ནས་གང་

เล่ม ๑๔๓ · หน้า 223a

ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བར་ནི་ང་སྨྲ་ཞེས་བྱ་བའི་བར་འབྱུང་བ་གང་ཡིན་པའི་མདོ་དེ་དང་མི་འགལ་ལོ། །དགྲ་བཅོམ་པ་དྲུག་ཅར་གྱི་རྣམ་པར་གྲོལ་བ་ཡང་མི་གཡོ་བ་ཡིན་ནོ་ཞེས་བཤད་པ་དང་བྱེ་བྲག་ཏུ་སྨྲ་བ་ན་རེ་གལ་ཏེ་དགྲ་བཅོམ་པ་ཐམས་

ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་མི་གཡོ་བ་ཉིད་ཡིན་ན། ཅིའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཁོ་ན་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་འཇོག་ལ་གཞན་དག་ནི་མ་ཡིན་ཞེས་སྨྲ་བར་འགྱུར་ཏེ། དེའི་ཕྱིར་ཡོངས་སུ་མི་ཉམས་པར་སྨྲ་བ་ན་རེ་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་

མེད་པ་མི་གཡོ་བ་ཡིན་ལ་ཞེས་བྱ་བ་འདི་སྨོས་ཏེ། དེ་ཡང་བདེན་ན། མི་གཡོ་བའི་ཆོས་ཅན་དུ་ཇི་ལྟར་རྣམ་པར་བཞག་པ་ནི་དེ་བཞིན་དུ་བཤད་ཟིན་ཅེས་བྱ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ནི་ལ་ལ་རྙེད་པ་དང་བཀུར་སྟིས་གཡེན་སྤྱོ་བའི་ཉེས་པས་དབང་ཉམས་པའི་ཕྱིར་

ཡོངས་སུ་ཉམས་པར་འགྱུར་ཏེ། དབང་པོ་རྟུལ་པོ་གང་ཡིན་པའོ། །ལ་ལ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དབང་པོ་རྣོན་པོ་གང་ཡིན་པ་སྟེ། དེ་ཉིད་མི་གཡོ་བའི་ཆོས་ཅན་དུ་གཞག་གོ་ཞེས་བྱ་བ་ཡིན་ནོ། །གང་གི་ཕྱིར་དབང་པོ་རྟུལ་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་

ལས་རྙེད་པ་དང་བཀུར་སྟིས་གཡེན་སྤྱོ་བའི་ཉེས་པས་ཡོངས་སུ་ཉམས་པར་འགྱུར་གྱི་དབང་པོ་རྣོན་པོ་ནི་མ་ཡིན་པ་དེའི་ཕྱིར་ཇི་ལྟར་ན་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་འདི་ནི་ཀླན་ཀར་མི་རུང་ངོ་ཞེས་ཟེར་རོ། །ཡང་

ན་འདི་ནི་སྦྱར་བ་གཞན་ཡིན་ཏེ། གོང་དུ་ནི་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་བཤད་དོ། །མདོ་ལས་ནི་ཁྱད་པར་དུ་མ་སྨོས་པས་གང་ལ་རྣམ་པར་གྲོལ་བ་མི་གཡོ་བ་ཡོད་པ་དེ་ཡང་མཐོང་བའི་ཆོས་ལ་བདེ་བར་གནས་

པ་དག་ལས་ཡོངས་སུ་ཉམས་པ་སྐད་དུ་འབྱུང་བས་དེའི་ཕྱིར། ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བ་ཡིན་ཞེས་བྱ་བ་འདི་བརྗོད་དེ། དེ་ཁོ་ནས་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་གཡོ་བའི་ཆོས་

เล่ม ๑๔๓ · หน้า 223b

ཅན་དུ་ཇི་ལྟར་རྣམ་པར་གཞག་པ་ནི་དེ་བཞིན་དུ་བཤད་ཟིན་པས་དེའི་ཕྱིར་མདོ་སྡེ་ལ་བརྟེན་ནས་ཇི་ལྟར་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་སྨྲས་པ་གང་ཡིན་པ་འདི་ནི་ཀླན་ཀར་མི་རུང་ངོ་ཞེས་ཟེར་རོ། །ཆུང་ངུ་ཞེས་བྱ་བ་ནི་

ཞན་པའོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཡང་སྐྱེ་བར་འགྱུར་ན། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །རྣམ་ལ་འང་ལེགས་པར་བསྒོམས་པ་ནི། །ཇི་ལྟར་ནད་དང་བྲལ་བ་བཞིན། །

ཆེ་ཟད་པ་ལས་དགའ་བར་འགྱུར། །ཞེས་བྱ་བ་ཡིད་བརྟན་དུ་རུང་བ་དེ་ལྟ་བུར་མི་འགྱུར་རོ། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པའི་མཚན་ཉིད་དོ། །རྩལ་པོ་ཆེ་འགྲེད་པ་རྡེག་མི་འཆའ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྩལ་པོ་ཆེ་འགྲེད་ན་མཐུས་བདག་

ཉིད་གཟུང་བའི་ཕྱིར་རྡེག་འཆའ་བར་མི་འགྱུར་བ་དེ་བཞིན་དུ་འཕགས་པ་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡང་འབྲས་བུ་དེ་མ་ཐོབ་པར་མི་འཆི་འོ། །རྩལ་པོ་ཆེ་ཞེས་སྨོས་པ་ནི་རྩལ་ཞན་པ་མ་ཡིན་ནོ། །གཞན་དག་ན་རེ་རྩལ་པོ་ཆེ་ནི་སྟོབས་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་

གོམས་པར་བྱས་པ་ཡིན་ཞེ་ན། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟེན་པོར་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྦྱོར་བའི་ལམ་ནི་ཐམས་ཅད་དུ་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མི་གཡོ་བ་རྟོགས་པར་བྱ་བ་དང་། མཐོང་བས་ཐོབ་པར་བྱེད་པ་ལའོ། །འཕགས་པ་རྣམས་

ཀྱི་དབང་པོ་ནི་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ་ཞེས་བྱ་བ་ནི་འཕགས་པའི་དབང་པོ་འཕོ་བར་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། ལ་ལ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་དབང་པོ་རྣམས་འཕོའོ་ཞེས་བྱ་བ་དེ་འགལ་བར་འགྱུར་རོ། །གཞན་དུ་ནི་མ་

ཡིན་ཏེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པས་འཇིགས་པའི་ཕྱིར་དབང་པོ་འཕོ་བར་འདོད་ན་གཞན་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་དང་། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཡོངས་སུ་ཉམས་པ་མེད་དོ། །འཕགས་པ་ནི།

เล่ม ๑๔๓ · หน้า 224a

ཁམས་གོང་མར་སྐྱེས་པ་ནི་དབང་པོ་དག་ཀྱང་མི་འཕོ་ལ། ཇི་ལྟར་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བཤད་པ་ཡིན་ཏེ། འདི་ལ་གཏན་ཚིགས་ནི་དུས་གཞན་གྱི་བར་དུ་ཡོངས་སུ་བསྒོམས་པས་དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་།

རྟེན་ཁྱད་པར་ཅན་རྙེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་འདོད་པ་ན་སྤྱོད་པའི་ལྷ་དག་གི་ནང་ན་ཡོངས་སུ་ཉམས་པ་མེད་ཅེ་ན། སྔོན་ཡུལ་ཤིན་ཏུ་རྒྱ་ཆེན་པོ་དག་ལས་ཡིད་བྱུང་སྟེ། དེས་ན་བདེན་པ་རྣམས་མཐོང་བར་གྱུར་པ་གང་ཡིན་པ་དེ་དག་ཇི་ལྟར་དེ་དག་ཉིད་ལ་དམིགས་

ནས་ཡོངས་སུ་ཉམས་པར་འགྱུར་ཏེ། གདོན་མི་ཟ་བར་དབང་པོ་རྣོན་པོ་དག་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མི་སློབ་པ་དགུ་དག་ལ་བརྟེན་ཏེ་ཞེས་བྱ་བ་ནི་དེའི་འབྲས་བུ་ས་དགུས་བསྡུས་པ་ཉིད་སྲིད་པའི་ཕྱིར་རོ། །འབྲས་བུ་དང་འབྲས་བུ་ཁྱད་པར་ཅན་ཞེས་བྱ་བ་ལ། འབྲས་

བུ་ནི་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུའོ། །འབྲས་བུ་ཁྱད་པར་ཅན་ནི་སྤོང་བའི་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་གྱི་མཚན་ཉིད་བསམ་གཏན་དང་པོ་ལ་སོགས་པའོ། །ལམ་གྱི་འབྲས་བུ་ཁོ་ན་འཐོབ་པར་འགྱུར་ཞེས་བྱ་བ་ནི་འདོད་པའི་

ཁམས་ལས་འདོད་ཆགས་དང་བྲལ་བ་ཙམ་གྱིས་བསྡུས་པའོ། །ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པས་བསྡུས་པ་ནི་མེད་དོ་ཞེས་བྱ་བ་ནི། མདོ་ལས། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར་ཕྱིར་མི་འོང་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དང་། དེ་ན་ཡང་མཐོང་བའི་ལམ་

མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་རོ་ཞེས་དེ་ནི་བཤད་ཟིན་ཏོ། །མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་མདོ་ལས་འབྱུང་བའི་ཕྱིར་རོ། །སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་

དབང་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་དུ་དབྱེ་སྟེ། ཉན་ཐོས་ཀྱིས་མི་གཡོ་བའི་ཆོས་ཅན་ནི་དབང་པོ་ཆེན་པོའི་ཆུང་ངུ་ཡིན་ནོ། །རང་སངས་རྒྱས་ནི་དབང་པོ་ཆེན་པོའི་འབྲིང་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆེན་པོའི་ཆེན་པོ་ཡིན་ནོ། །

เล่ม ๑๔๓ · หน้า 224b

ཆུང་ངུའི་ཆུང་ངུ་ལ་སོགས་པོ་དབང་པོ་རྣམ་པ་དགུའི་བྱེ་བྲག་གིས་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དབང་པོ་ཆུང་ངུའི་ཆུང་ངུ་ཡིན་པ་ནས་བཅོམ་ལྡན་འདས་དབང་པོ་ཆེན་པོའི་ཆེན་པོ་ཡིན་པའི་བར་རོ། །བདུན་ཡིན་ཏེ་ཞེས་བྱ་བ་ནི། རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་

སངས་རྒྱས་དག་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཁོ་ནས་བསྡུས་པའི་ཕྱིར་རོ། །དང་པོ་ཉིད་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དང་པོ་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་གཞན་གྱི་དྲིང་འཇོག་པས་གཞན་ལས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་ཐོས་ནས་ཕྱིས་དོན་རྣམས་ལ་སྦྱོར་

བའི་ཕྱིར་ཏེ། བསམ་པ་དང་བསྒོམ་པ་སྟོན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཤེས་རབ་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་རྗེས་སུ་འབྲང་བས་བདག་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་ཆོས་ཀྱི་

རྗེས་སུ་འབྲང་ཞིང་དོན་རྣམས་ལ་སྦྱོར་བའི་ཕྱིར་ཏེ། བསམ་པ་དང་བསྒོམ་པ་བསྟེན་པའི་ཕྱིར་རོ། །དེ་ལྟར་ན་སྦྱོར་བ་ལས་ནི་དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དག་ཡིན་ནོ། །དད་པས་མོས་པ་དང་ཤེས་རབ་ལྷག་པའི་སྒོ་ནས་ཞེས་བྱ་བ་ནི་དད་པས་མོས་པ་ལྷག་པ་དང་། ཤེས་རབ་ལྷག་པའི་སྒོ་

ནས་སོ། །དད་པས་མོས་པ་ནི་དད་པས་མོས་པ་སྟེ། དེ་ལྷག་པའི་ཕྱིར། དབང་པོ་རྟུལ་པོ་ཉིད་ཡིན་ལ། ཤེས་རབ་ལྷག་པའི་ཕྱིར་དབང་པོ་རྣོན་པོ་ཉིད་ཡིན་ནོ། །རྣམ་པར་གྲོལ་བ་ལས་ནི་ཞེས་བྱ་བ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ལས་སོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་

བ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །སྙོམས་པར་འཇུག་པ་དང་རྣམ་པར་གྲོལ་བ་ལས་ནི་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་དང་རྣམ་པར་གྲོལ་བ་ལས་སོ། །དེ་ལ་དད་པའི་རྗེས་སུ་འབྲང་བ་ལ་དབང་པོའི་སྒོ་ནས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དད་པས་

རྗེས་སུ་འབྲང་བ་འདི་དག་ཇི་ལྟར་བགྲང་བ་དེ་བཞིན་དུ་གཞུང་ཇི་ལྟ་བ་རབ་ཏུ་བསྟན་པར་བྱ་སྟེ། དབང་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཕྱིར་དབང་པོའི་སྒོ་ནས་ནི་གསུམ་མོ། །འདིར་ཡང་འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ། དད་པས་རྗེས་སུ་འབྲང་བ་ཐམས་ཅད་དབང་པོ་རྟུལ་པོ་ཁོ་

เล่ม ๑๔๓ · หน้า 225a

ན་ཡིན་མོད་ཀྱི། འོན་ཀྱང་ཤིན་ཏུ་རྟུལ་བ་དང་ཆེས་ཤིན་ཏུ་རྟུལ་བར་གནས་པའི་ཕྱིར་འདི་དག་ལ་དབང་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཞེས་བྱ་བ་ཁྱད་པར་རྣམ་པ་གསུམ་ཡོད་དོ། །རིགས་ཀྱི་སྒོ་ནས་ནི་ལྔའོ། །ཇི་ལྟ་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་

རིགས་ནས་རྟོགས་པའི་སྐལ་བ་ཅན་གྱི་རིགས་ཞེས་བྱ་བའི་བར་ལྔ་ཡིན་ནོ། །ཡང་རིགས་དང་དབང་པོའི་བྱེ་བྲག་གིས་བརྒྱད་དུ་གྱུར་པ་དེ་དག་རེ་རེ་ཞིང་ལམ་གྱི་སྒོ་ནས་ནི་བཅོ་ལྔ་ཡིན་ནོ། །ཇི་ལྟ་ཞེ་ན་བཟོད་པ་བརྒྱད་དང་ཤེས་པ་བདུན་ལ་གནས་པའོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་

ལ་སྐད་ཅིག་བཅོ་ལྔ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་བཟོད་པ་བརྒྱད་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ནས་འགོག་པ་ལ་རྗེས་སུ་ཤེས་པའི་ཕྱིར་ཤེས་པ་བདུན་ནོ། །ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་གྱིས་བསྡུས་

པའི་ཕྱིར་རོ། །བརྒྱད་དང་བདུན་ནི་བཅོ་ལྔར་འགྱུར་ཏེ། དེ་ལྟ་བུ་དེ་ལ་གནས་པ་བཅོ་ལྔ་ཡིན་ནོ། །དེ་ལྟར་ལམ་གྱི་སྒོ་ནས་རྣམ་པ་བཅོ་ལྔར་ཐ་དད་པ་འདི་དག་ཡང་རེ་རེ་བཞིན་འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་སྟེ། ཇི་ལྟ་ཞེ་ན། རེ་ཞིག་འདོད་པའི་ཁམས་ལ་འཆིང་བ་

མཐའ་དག་དང་ལྡན་པ་གཅིག་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བའི་བར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་དགུའི་བར་ཡིན་ནོ། །གོང་ན་ནི་མི་སྲིད་

དེ། འཇིག་རྟེན་པའི་ལམ་སྲིད་པའི་རྩེ་མོའི་གཉེན་པོ་མེད་པའི་ཕྱིར་རོ། །དེ་དག་ནི་དགུ་བརྒྱད་ནི་བདུན་ཅུ་གཉིས་ཡིན་ཏེ། སྔར་བཤད་པ་འཆིང་བ་མཐའ་དག་དང་ལྡན་པས་བསྣན་ན་བདུན་ཅུ་རྩ་གསུམ་དུ་འགྱུར་རོ། །ཡང་འདོད་ཆགས་དང་བྲལ་བའི་སྒོ་ནས་བདུན་ཅུ་རྩ་གསུམ་དུ་སོ་སོར་ཐ་དད་

པ་འདི་དག་རེ་རེ་ཞིང་རྟེན་གྱི་སྒོ་ནས་ནི་དགུའོ། །ཇི་ལྟ་ཞེ་ན། གླིང་གསུམ་དང་། ལྷའི་རིས་དྲུག་ཏུ་སྐྱེས་པའོ་ཞེས་བྱ་བ་སྨོས་ཏེ། གླིང་གསུམ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པ་དག་སྟེ། བྱང་གི་སྒྲ་མི་སྙན་ན་ནི་ལམ་མེད་པའི་ཕྱིར་རོ། །ལྷའི་རིས་དྲུག་ནི་འདོད་པ་ན་སྤྱོད་པ་དག་སྟེ།

เล่ม ๑๔๓ · หน้า 225b

དེའི་གོང་ན་མཐོང་བའི་ལམ་མེད་པའི་ཕྱིར་རོ། །དེ་རྣམས་སུ་སྐྱེས་པས་ན་འདི་དག་རེ་རེ་ཞིང་དགུ་འགྱུར་དུ་འགྱུར་རོ། །དབང་པོ་དང་རིགས་དང་། ལམ་དང་། འདོད་ཆགས་དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་ནི་ཞེས་བྱ་བ་ནི་མཇུག་སྡུད་པར་སྨོས་པ་སྟེ། འདི་ཉིད་གཅིག་གོ་ཞེས་བྱ་བ་ནི་འགྲེལ་

པའི་ནང་དུ་བྲིས་པར་ཟད་དོ། །གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་དུ་བརྩི་བར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་སྟེ། ཇི་ལྟར་དད་པས་རྗེས་སུ་འབྲང་བ་དབང་པོ་དང་། རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་བརྩིས་པ་དེ་ཁོ་ན་བཞིན་དུ་བརྩི་བར་

བྱའོ། །ཅི་རིགས་པར་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དང་། མཐོང་བས་ཐོབ་པ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་རྣམས་ལ་ནི་རིགས་ཀྱི་ཁྱད་པར་མེད་ལ། དད་པས་མོས་པ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དག་ལ་ནི། རིགས་ཀྱི་ཁྱད་པར་ཡང་ཡོད་པས་ཅི་རིགས་པར་ཞེས་སྨོས་སོ། །

དེ་ལ་ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོའི་སྒོ་ནས་ནི་གསུམ་མོ། །རིགས་ཀྱི་སྒོ་ནས་ནི་གཅིག་ཁོ་ན་སྟེ་ཁྱད་པར་མེད་དོ། །ལམ་གྱི་སྒོ་ནས་ནི་བཅོ་ལྔ་སྟེ། བཟོད་པ་བརྒྱད་དང་ཤེས་པ་བདུན་ལ་གནས་པའོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་སྟེ། འཆིང་བ་མཐའ་དག་དང་

ལྡན་པ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དགུ་ནས་དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་གྱི་བར་དུའོ། །རྟེན་གྱི་སྒོ་ནས་ནི་དགུ་སྟེ། གླིང་གསུམ་དང་། ལྷའི་རིས་དྲུག་ཏུ་སྐྱེས་པའོ། །དེ་བཞིན་དུ་དབང་པོ་དང་། རིགས་དང་། ལམ་

དང་། འདོད་ཆགས་དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་ནི་ཉི་ཁྲི་དགུ་སྟོང་ལྔ་བརྒྱ་དྲུག་ཅུ་རྩ་ལྔར་འགྱུར་རོ། །དེ་བཞིན་དུ་དད་པས་མོས་པ་དབང་པོའི་སྒོ་ནས་ནི་གསུམ་མོ། །རིགས་ཀྱི་སྒོ་ནས་ནི་སོ་སོར་ལྔའོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་སོ་སོར་བདུན་ཅུ་རྩ་གསུམ་ཁོ་ན་སྟེ་

སྔ་མ་བཞིན་ནོ། །རྟེན་གྱི་སྒོ་ནས་ནི་དགུ་སྟེ། གླིང་གསུམ་དང་། ལྷའི་རིས་དྲུག་ཏུ་སྐྱེས་པའོ། །དེ་བཞིན་དུ་དབང་པོ་དང་། རིགས་དང་། འདོད་ཆགས་དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་ནི་དགུ་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔར་འགྱུར་རོ། །འདིར་ནི་འབྲས་བུ་ལ་གནས་པ་སེམས་

เล่ม ๑๔๓ · หน้า 226a

བཅུ་དྲུག་ཐོབ་པ་འབའ་ཞིག་གི་དབང་དུ་བྱས་པ་ཡིན་ཏེ། དེའི་ཚེ་དབང་པོ་རྟུལ་པོ་དང་། རྣོན་པོ་དག་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དག་ཡིན་པས་འདིར་དེ་གཉིས་བརྗོད་པར་འདོད་པའི་ཕྱིར་རོ། །སྐལ་ལྡན་ཁྱད་པར་ཅན་ན་རེ་ལམ་གྱི་སྒོ་ནས་ནི་དགུ་ཡིན་ཏེ།

བསྒོམ་པའི་ལམ་ལ་གནས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བསམ་པ་གང་གིས་དེ་སྐད་དུ་སྨྲས་པ་ཁོང་དུ་མ་ཆུད་དོ། །གལ་ཏེ་འདི་སྐད་དུ་ལམ་གྱི་སྒོ་ནས་ནི་ས་དང་ས་ན་དགུར་འགྱུར་རོ་སྙམ་དུ་སེམས་པར་འགྱུར་ན་ནི་འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་སྟེ་ཞེས་བྱ་བ་དེ་དང་ཐ་མི་

དད་པའི་ཕྱིར་དེ་ཁོ་ན་བསྟན་པར་གྱུར་པས་རིགས་པ་ཡིན་ཏེ། ཚད་ཀྱང་དེ་ཁོ་ནར་ཟད་དོ། །འོན་ཏེ་བསྒོམ་པའི་ལམ་ཟག་པ་མེད་པ་ས་དགུ་པ་ལ་གནས་པའི་ཕྱིར་འདི་དག་དགུ་ཉིད་དུ་རྣམ་པར་འཇོག་ན་ནི། དེ་ལྟ་ཡིན་ན་ཚད་དེ་ཡང་དགུར་བསྒྱུར་བ་བྱས་ན་དེ་དག་འདི་སྙེད་དུ་འགྱུར་ཏེ། བརྒྱད་ཁྲི་

བརྒྱད་སྟོང་དྲུག་བརྒྱ་དགུ་བཅུ་རྩ་ལྔར་འགྱུར་ཏེ། དེ་བཞིན་དུ་འོག་མ་ཡང་བཤད་པར་བྱའོ། །གལ་ཏེ་དད་པས་མོས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་བཟུང་ན་ནི་དེའི་ཕྱིར་དེ་ལྟ་བུ་མ་ཡིན་པར་བརྩི་དགོས་ཏེ། དད་པས་མོས་པ་དབང་པོའི་སྒོ་ནས་ནི་གསུམ་མོ། །རིགས་ཀྱི་སྒོ་ནས་ནི་སོ་སོར་ལྔའོ། །

འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་གྱི་ཐོག་ཏུ་སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་བརྒྱད་ཀྱིས་བསྣན་ཏེ་བརྒྱད་ཅུ་རྩ་གཅིག་གོ། །རྟེན་གྱི་སྒོ་ནས་ནི་ཉི་ཤུ་རྩ་དགུའོ། །ཇི་ལྟ་ཞེ་ན། འདོད་པའི་ཁམས་ནི་སྐྱེ་བའི་གནས་དགུ་དང་། གཟུགས་

ཀྱི་ཁམས་ན་གནས་བཅུ་དྲུག་དང་། གཟུགས་མེད་པ་བཞིའོ། །དེ་བཞིན་དུ་དབང་པོ་དང་། རིགས་དང་། འདོད་ཆགས་དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་ནི་སུམ་ཁྲི་ལྔ་སྟོང་ཉིས་བརྒྱ་སུམ་ཅུ་རྩ་ལྔའོ། །མཐོང་བས་ཐོབ་པ་ལ་རིགས་ཀྱི་བྱེ་བྲག་ནི་མེད་དོ། །དབང་པོ་དང་། འདོད་ཆགས་

དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་ནི་སྟོང་དགུ་བརྒྱ་བདུན་ཅུ་རྩ་གཅིག་ཏུ་འགྱུར་རོ། །གལ་ཏེ་མཐོང་བས་ཐོབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གཟུང་ན་ནི་འདི་ལྟར་བརྩི་བར་བྱ་སྟེ། དབང་པོ་དང་། འདོད་ཆགས་དང་བྲལ་བ་དང་། རྟེན་གྱི་སྒོ་ནས་བསྡོམས་ན་བདུན་སྟོང་བཞི་བཅུ་

เล่ม ๑๔๓ · หน้า 226b

རྩ་བདུན་དུ་འགྱུར་རོ། །ལུས་ཀྱིས་མངོན་དུ་བྱེད་པ་ནི་དད་པས་མོས་པ་དང་། མཐོང་བས་ཐོབ་པའི་ནང་དུ་འདུས་པས་མི་རྩིའོ། །གལ་ཏེ་རྩི་ན་དབང་པོའི་སྒོ་ནས་ནི་གསུམ་མོ། །རིགས་ཀྱི་སྒོ་ནས་ནི་གལ་ཏེ་ལུས་ཀྱིས་མངོན་དུ་བྱེད་པ་དེ་དད་པས་མོས་པ་ཡིན་ན་ལྔའོ། །གལ་ཏེ་མཐོང་བས་ཐོབ་པ་

ཡིན་ན་ནི་རིགས་ཀྱི་ཁྱད་པར་མེད་དོ། །ལམ་ནི་གཉི་གའི་ཡང་དབྱེ་བ་མེད་དོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་སྒོ་ནས་ཀྱང་ཁྱད་པར་མེད་དོ། །གལ་ཏེ་སྲིད་པའི་རྩེ་མོ་པའི་འཆིང་བ་མཐའ་དག་དང་ལྡན་པ་དང་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་

ནས་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་ཞིག་ཡིན་ན་ནི་ལམ་དང་འདོད་ཆགས་དང་བྲལ་བའི་སྒོ་ནས་ཁྱད་པར་ཡོད་མོད་ཀྱི་ལུས་ཀྱིས་མངོན་དུ་བྱེད་པ་ཉིད་ནི་ལམ་དང་འདོད་ཆགས་དང་བྲལ་བས་བྱས་པ་མ་ཡིན་པས་འདི་དེས་བྱས་པ་དེའི་ཁྱད་པར་དུ་ནི་རྣམ་པར་མི་གཞགའོ །སྐལ་ལྡན་ཁྱད་

པར་ཅན་ན་རེ་རྟེན་གྱི་སྒོ་ནས་ནི་ཁྱད་པར་རྣམ་པ་མང་སྟེ། འདོད་པ་ན་སྤྱོད་པའི་རྟེན་ཅན་ཡིན་པ་ནས་སྲིད་པའི་རྩེ་མོའི་བར་གྱི་རྟེན་ཅན་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། ཇི་ལྟར་ན་ལུས་ཀྱིས་མངོན་དུ་བྱེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་རྟེན་ཅན་ཡིན། འདི་ལྟར་རིགས་པ་སྙམ་བྱེད་དེ།

རྟེན་གྱི་སྒོ་ནས་ནི་འདོད་པའི་ཁམས་ན་སྐྱེ་བའི་གནས་དགུ་དང་། གཟུགས་ཀྱི་ཁམས་ན་གནས་བཅུ་དྲུག་སྟེ་ཉི་ཤུ་རྩ་ལྔའོ། །འཕགས་པ་ནི་དེ་དག་ཏུ་འགོག་པའི་སྙོམས་པར་འཇུག་པ་སྐྱེད་དོ། །གལ་ཏེ་འདོད་པ་དང་གཟུགས་ཀྱི་རྟེན་ཅན་གྱི་འགོག་པའི་སྙོམས་པར་འཇུག་པའི་སྐྱེད་པ་དང་ལྡན་

པའི་ཕྱིར་མི་འོང་བ་ལུས་ཀྱིས་མངོན་དུ་བྱེད་པར་གྱུར་པ་དེའི་ལྡན་པ་ཙམ་དང་འབྲེལ་པའི་ཕྱིར་ཕྱིས་ཀྱང་ལུས་ཀྱིས་མངོན་དུ་བྱེད་པ་སྲིད་པའི་རྩེ་མོའི་རྟེན་ཅན་ཉིད་དུ་འདོད་ན་ནི་སྲིད་པའི་རྩེ་མོའི་རྟེན་ཅན་དང་ཉི་ཤུ་རྩ་དྲུག་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་དབང་པོ་དང་། རིགས་དང་རྟེན་གྱི་སྒོ་ནས་

བགྲངས་ཏེ་བརྩི་བར་བྱ་སྟེ། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་བྱེ་བྲག་ཀྱང་དབང་པོའི་སྒོ་ནས་ནི་གསུམ་མོ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རིགས་ཀྱི་སྒོ་ནས་ནི་གལ་ཏེ་དུས་ཀྱིས་རྣམ་པར་གྲོལ་བ་ཞིག་ཡིན་ན་ལྔའོ། །འོན་ཏེ་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བ་ཞིག་ཡིན་ན་ནི་ཁྱད་པར་མེད་དོ། །

เล่ม ๑๔๓ · หน้า 227a

གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་དག་གིས་ཉོན་མོངས་པ་དང་རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་

གྲོལ་བའི་ཕྱིར་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །རྣམ་པར་ཐར་པ་དག་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་བརྒྱད་འཆད་པར་འགྱུར་རོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཉིད་སྒྲིབ་པ་

ཡིན་ནོ། །རྣམ་པར་ཐར་པའི་སྒྲིབ་པ་ཞེས་བྱ་བ་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྒྲིབ་པ་ཡིན་ཏེ། དེ་ཡང་གང་གིས་རྣམ་པར་ཐར་པ་དག་སྐྱེད་པར་མི་ནུས་པ་སྟེ། ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །འདི་ལ་གང་ཞིག་ཉོན་མོངས་པ་ལྔ་སྤངས་ཏེ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་

སོགས་པ་ཐ་མའི་ཆ་དང་མཐུན་པ་ལྔ་བཤད་པ་ཡིན་ནོ། །མི་འཕྲོགས་ཆོས་ལྡན་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་ཁོ་ན་ལས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དད་པས་མོས་པ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ནོ། །

ལུས་ཀྱིས་མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ཀྱང་མ་ཡིན་ནོ། །ཕྱིར་མི་འོང་བ་ཡིན་པའི་ཕྱིར་འབྲས་བུའི་སྒོ་ནས་ནི་ཡོངས་སུ་རྫོགས་པ་ཉིད་ཡོད་དོ། །དབང་པོ་ཁོ་ན་ལས་སོ་ཞེས་བྱ་བ་ནི་མཐོང་བས་ཐོབ་པ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་ཡིན་

ལ། འདོད་ཆགས་དང་མ་བྲལ་བའི་ཕྱིར་འབྲས་བུའི་སྒོ་ནས་ཀྱང་མ་ཡིན་ལ། སྙོམས་པར་འཇུག་པའི་སྒོ་ནས་ཀྱང་མ་ཡིན་ཏེ། ཕྱིར་མི་འོང་བའི་འབྲས་བུ་དང་། སྙོམས་པར་འཇུག་པ་དག་མ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །སྙོམས་པར་འཇུག་པ་ཁོ་

ན་དང་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ཁོ་ནའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་ཡིན་གྱི། དབང་པོ་དང་འབྲས་བུ་དག་གི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱིར་མི་འོང་བའི་འབྲས་བུ་མ་ཐོབ་པར་འགོག་པའི་སྙོམས་པར་འཇུག་པ་མེད་པས་སོ། །འབྲས་བུ་མེད་པར་སྙོམས་པར་

เล่ม ๑๔๓ · หน้า 227b

འཇུག་པ་དང་། དབང་པོ་ལས་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་དང་དབང་པོ་ཁོ་ན་ལས་ཡོངས་སུ་རྫོགས་པ་ཉིད་ཡིན་གྱི་འབྲས་བུའི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མེད་དེ། འདི་ལྟར་ཕྱིར་མི་འོང་བའི་འབྲས་བུ་མ་ཐོབ་པ་ལ་འགོག་པའི་སྙོམས་པར་འཇུག་པ་མེད་པས་སོ། །དབང་

པོ་དང་སྙོམས་པར་འཇུག་པ་ལས་སོ་ཞེས་བྱ་བ་ནི་དབང་པོ་རྣོ་བའི་ཕྱིར་དང་། འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ཁོ་ན་ལས་སོ་ཞེས་བྱ་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར། འདི་དབང་པོའི་སྒོ་ནས་ནི་ཡོངས་སུ་རྫོགས་པ་ཉིད་

ཡིན་ལ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར་འདི་སྙོམས་པར་འཇུག་པའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་ནི་མ་ཡིན་ཏེ། འགོག་པའི་སྙོམས་པར་འཇུག་པ་མ་ཐོབ་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བཤད་དོ། །སྙོམས་པར་འཇུག་པ་ཁོ་ན་ལས་སོ་ཞེས་བྱ་བ་ནི་དུས་

ཀྱིས་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར་འདི་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར་འདི་སྙོམས་པར་འཇུག་པའི་སྒོ་ནས་ཡོངས་སུ་རྫོགས་པ་ཉིད་ནི་ཡིན་ཏེ། འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་གཉི་གའི་ཆ་

ལས་རྣམ་པར་གྲོལ་བ་ཞེས་བཤད་དོ། །དབང་པོ་དང་སྙོམས་པར་འཇུག་པ་དག་ལས་སོ་ཞེས་བྱ་བ་ཅི་ཞེ་ན། ཡོངས་སུ་རྫོགས་པ་ཉིད་ཡིན་ཏེ། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ཕྱིར་དབང་པོའི་སྒོ་ནས་སོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་སྙོམས་པར་འཇུག་པ་ལས་སོ་

ཞེས་སྟོན་པར་བྱེད་དོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་སྤོང་བའོ་ཞེས་བྱ་བ་ནི་མི་སྤོང་བའི་ལམ་སྲིད་པའི་ཕྱིར་ཏེ། བར་ཆད་མེད་པའི་ལམ་གང་ཞིག་གིས་དབང་པོ་འཕོ་བ་ལ་སོགས་པར་སྒྲིབ་པ་རབ་ཏུ་མི་སྤོང་བར་བྱེད་པ་དེ་ཡོད་དོ། །དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་

གྲོལ་བ་དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་གང་ཡིན་པའོ། །དང་པོ་ཉིད་དུ་ཞེས་བྱ་བ་ཁྱད་པར་སྨོས་པ་ནི། འདི་ལྟར་སྐད་ཅིག་མ་གསུམ་པ་ལ་སོགས་པ་ལ་དེ་དང་རིགས་མཐུན་པའི་ལམ་ནི་ཁྱད་པར་ཅན་གྱི་ལམ་

เล่ม ๑๔๓ · หน้า 228a

ཡིན་པར་འདོད་དེ། དེ་ཉིད་ཀྱི་ཕྱིར་ཁྱད་པར་ཅན་གྱི་ལམ་ནི་དེ་དག་ལས་གཞན་པའི་ལམ་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །གཞན་ཡང་གལ་ཏེ་དང་པོ་ཉིད་དུ་ཞེས་བྱ་བ་མ་བརྗོད་ཀྱི་རྣམ་པར་གྲོལ་བའི་ལམ་ནི་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་གང་ཡིན་པའོ་ཞེས་བྱ་བ་

དེ་ཙམ་ཞིག་སྨོས་པར་འགྱུར་ན། དེ་ལྟ་ན་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཕན་ཆད་བར་ཆད་མེད་པའི་ལམ་ལ་སོགས་པ་ཐམས་ཅད་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བར་སྐྱེ་བ་ཡིན་པས་ཐམས་ཅད་རྣམ་པར་གྲོལ་བའི་ལམ་དུ་འགྱུར་བ་ཞིག་ན་བར་ཆད་མེད་པའི་ལམ་ལ་སོགས་པ་ཡང་རྣམ་པར་གྲོལ་

བའི་ལམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་བར་ཆད་མེད་པའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་བའི་སྒྲིབ་པ་མཐོང་བས་སྤང་བར་བྱ་བའི་རིས་ནས། བསྒོམ་པས་སྤང་བར་བྱ་བའི་རིས་ཀྱི་བར་གང་ཡིན་པ་སྤང་བར་བྱ་བའི་སྒྲིབ་པ་དེ་ལས་ངེས་པར་གྲོལ་

བས་དང་པོ་ཉིད་དུ་སྐྱེས་པ་གང་ཡིན་པ་དེས་རྣམ་པར་གྲོལ་བའི་ལམ་ཡིན་གྱི་གཞན་ནི་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་ཉིད་ཡིན་ཡང་མ་ཡིན་ནོ། །སྦྱོར་བའི་ལམ་ལ་སོགས་པ་གསུམ་པོ་དེ་དག་ལས་གཞན་པ་གང་ཡིན་པ་དེ་ནི་ཁྱད་པར་ཅན་གྱི་ལམ་ཡིན་ཏེ། སྐད་ཅིག་མ་བཅུ་དྲུག་

པ་ལམ་ལ་རྗེས་སུ་ཤེས་པའི་མཚན་ཉིད་ཕན་ཆད་དེ་དང་རིས་མཐུན་པ་སྐད་ཅིག་མ་བཅུ་བདུན་པ་ལ་སོགས་པ་ཟག་པ་མེད་པའི་སྐད་ཅིག་མ་གང་ཡིན་པ་དེ་དག་ནི་ཁྱད་པར་ཅན་གྱི་ལམ་གྱི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཞན་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་རབ་ཀྱི་མཐའ་པ་ཟད་པ་ཤེས་པ་ལ་སོགས་

པ་གང་ཡིན་པ་དེ་ཡང་དེ་དང་འདྲ་བར་བརྗོད་པར་བྱ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའམ། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པར་བྱེད་པའི་ལམ་གང་ཡིན་པ་དེ་ཡང་ཁྱད་པར་ཅན་གྱི་ལམ་ཁོ་ན་ཡིན་ནོ། །སྦྱོར་བའི་ལམ་ནི་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་

བའོ་ཞེས་བཤད་པས་དེའི་ཕྱིར་སྦྱོར་བའི་ལམ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བར་མངོན་ནོ། །ལུགས་ལས་བཟློག་པར་བཟོད་པ་ལ་སོགས་པའི་ལམ་གང་ཡིན་པ་དེ་གང་གི་ནང་དུ་འདུས་པར་བརྗོད་པར་བྱ་ཞེ་ན་སྨྲས་པ། སྦྱོར་བའི་ལམ་ཁོ་ནའི་ནང་དུ་འདུས་ན་འདི་ནི་སྦྱོར་བའི་ལམ་ཐག་རིང་

เล่ม ๑๔๓ · หน้า 228b

པོ་ཡིན་པས་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་དག་དང་ཁྱད་པར་དེ་ཡོད་དོ། །ཡང་ན་དཔེར་བརྗོད་པའི་ཕྱིར་བར་ཆད་མེད་པ་དང་། ཉེ་བ་ཁོ་ན་སྦྱོར་བའི་ལམ་དུ་བཤད་དོ།། །།བམ་པོ་ལྔ་བཅུ་གཉིས་པ། དེ་ནས་དེར་འགྲོ་བའི་ཕྱིར་འདི་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ་ཞེས་བྱ་བ་ནི་

འཇིག་རྟེན་ན་གང་ནས་འགྲོ་བ་དེ་ལམ་ཡིན་ནོ་ཞེས་གྲགས་ལ་འདི་ནས་ཀྱང་མྱ་ངན་ལས་འདས་པར་འགྲོ་ཞིང་ཕྱིན་པར་བྱེད་དེ། དེ་ལྟ་བས་ན་ལམ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །འདིས་མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ལས་ལམ་ཚོལ་བར་བྱེད་པ་ཡིན་ནོ་ཞེས་འབྱུང་བས་གང་

གིས་མྱ་ངན་ལས་འདས་པ་ཚོལ་ཞིང་ཐོབ་པར་བྱེད་པ་དེ་ནི་ལམ་ཡིན་ནོ། །རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་དག་ཇི་ལྟར་ན་ལམ་ཉིད་ཡིན་ཞེས་བྱ་བ་ནི་དེ་གཉིས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་མ་ཡིན་ཏེ། དེ་ཐོབ་པ་ལ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ཁོ་ན་ནུས་པ་ཡོད་ཀྱི་དེ་གཉིས་ནི་མ་

ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དང་འདྲ་བ་དང་ཆེས་ཆེ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་དང་ཟག་པ་མེད་པ་ཉིད་དུ་ཆོས་མཐུན་པའི་ཕྱིར་སྤང་བའི་ལམ་དང་འདྲ་བ་ཡིན་ལ། རྒྱུ་བསགས་པའི་སྒོ་ནས་ཆེས་ཆེ་བ་དག་ཀྱང་ཡིན་ཏེ། ཇི་ལྟར་བར་ཆད་མེད་པའི་ལམ་བདེན་པ་བཞི་

ལ་དམིགས་ཤིང་རྣམ་པ་བཅུ་དྲུག་དང་ཟག་པ་མེད་པ་ཡིན་པ་ལྟར་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་དག་ཀྱང་དེ་དང་འདྲ་ལ་ཆེས་ཆེ་བ་ཉིད་ཀྱིས་དེ་གཉིས་ཁྱད་ཞུགས་པ་ཡང་ཡིན་ནོ། །གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་རམ་ཕུང་པོའི་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་

གང་གི་ཕྱིར་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་ཅན་གྱི་ལམ་གྱིས་ལམ་གོང་ནས་གོང་དུ་ཕྱིན་པར་བྱེད་པའམ། གང་གི་ཕྱིར་དེ་གཉིས་ཀྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་འཇུག་སྟེ། དེ་དག་སྐྱེས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་འཇུག་པ་དེའི་ཕྱིར་འདི་གཉིས་ལམ་

ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་སྐད་དུ་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་ཕུང་པོའི་ལྷག་མ་མ་ལུས་པར་འཇུག་པ་ཡིན་ཏེ། དེ་ལྟ་བས་ན་འདི་གཉིས་ལམ་ཉིད་ཡིན་ནོ་ཞེས་ཟེར་རོ། །མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་འདིས་མྱ་ངན་ལས་

เล่ม ๑๔๓ · หน้า 229a

འདས་པ་སྒྲུབ་པར་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་ཅེས་བྱ་བ་ཡིན་ནོ། །ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་

དང་ལྷག་མཐོང་མཉམ་པ་དག་གིས་འབད་མི་དགོས་པར་ངང་གིས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡན་ལག་དག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་དག་མཉམ་པ་ཉིད་ནི་ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་མཉམ་པ་ཉིད་དེ། དེ་དག་གིས་ན་འབད་མི་དགོས་པར་

ངང་གིས་འབྱུང་བ་ཡིན་པས་དེའི་ཕྱིར་ལམ་སླ་བ་ཡིན་ནོ། །གང་གི་ཕྱིར་བསམ་གཏན་དག་ནི་ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་དག་མཉམ་པ་ཡིན་པ་དེའི་ཕྱིར་འབད་པ་མི་དགོས་པར་ངང་གིས་འབྱུང་བ་ཡིན་པས་དེའི་ཕྱིར་ལམ་དེ་ནི་སླ་བ་ཞེས་བྱའོ། །ཡན་ལག་

གིས་ཡོངས་སུ་མ་ཟིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། གཟུགས་མེད་པ་དག་ནི་ཡན་ལག་གིས་ཡོངས་སུ་མ་ཟིན་པའི་ཕྱིར་འབད་ནས་འབྱུང་བ་ཡིན་ནོ། །དེ་དག་ཅི་རིགས་པར་ཞི་གནས་དང་ལྷག་མཐོང་ཆུང་བའི་ཕྱིར་འབད་

ནས་འབྱུང་བ་ཡང་ཡིན་ཏེ། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དག་ནི་ཞི་གནས་ཆུང་བའི་ཕྱིར་འབད་ནས་འབྱུང་བ་ཡིན་ནོ། །གཟུགས་མེད་པ་དག་ནི་ལྷག་མཐོང་ཆུང་བའི་ཕྱིར་འབད་ནས་འབྱུང་བ་ཡིན་ནོ། །དེའི་ཕྱིར་མི་ལྕོགས་པ་མེད་པ་ལ་སོགས་པ་དེ་དག་ནི་ལམ་

དཀའ་བ་ཡིན་ནོ། །མངོན་པར་ཤེས་པ་བུལ་བ་ཞེས་བྱ་བ་ནི་འདི་ལ་མངོན་པར་ཤེས་པ་བུལ་བ་ཡོད་པས་མངོན་པར་ཤེས་པ་བུལ་བ་སྟེ། ཤེས་རབ་ཆུང་བ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་ཤེས་པ་མྱུར་བ་ཞེས་བྱ་བ་ནི་ཤེས་རབ་རྣོ་བའོ། །ཡང་ན་མངོན་པར་ཤེས་པ་འདི་གང་

ཟག་མོང་རྟུལ་ཞིང་བླུན་པའི་ཡིན་པས་མངོན་པར་ཤེས་པ་བུལ་བ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས་པ་གང་ཟག་ཡིད་རྣོན་པོའི་ཡིན་པས་མངོན་པར་ཤེས་པ་མྱུར་བའོ་ཞེས་བྱ་བར་སྦྱར་བར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་

เล่ม ๑๔๓ · หน้า 229b

གཞག་པ་ཇི་སྐད་དུ་བཤད་པ་དག་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་དོ། །རྩོལ་བ་བྱེད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་མི་

སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཕྱིར་ཞིང་གོམས་པ་དང་། འཕེལ་ཞིང་རྒྱས་པ་

དང་། ཡེ་ཤེས་ཀྱིས་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ། རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་

པ་རྫུ་འཕྲུལ་གྱི་རྐང་པ་དག་སྟེ། རྫུ་འཕྲུལ་གྱི་རྐང་པ་ནི་རྫུ་འཕྲུལ་གྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ལྔ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དག་གོ། །སྟོབས་ལྔ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་

ཀྱི་སྟོབས་དག་གོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དག་སྟེ། དྲན་པ་ཉིད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་

དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བཏང་སྙོམས་ཉིད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་ན་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུ་ཡང་དེ་དང་འདྲའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་

པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་གཉིས་ཀྱིས་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཁམས་གསུམ་པའི་མ་རིག་པ་མ་

เล่ม ๑๔๓ · หน้า 230a

ལུས་པར་སྤངས་པ་དེའི་ཕྱིར་དེ་གཉི་ག་བྱང་ཆུབ་ཡིན་ཏེ། འདིས་ནི་སློབ་པ་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་རབ་ནི་བྱང་ཆུབ་ཏུ་རྣམ་པར་མི་བཞག་གོ་ཞེས་སྟོན་པར་བྱེད་དོ། །གཞན་ཡང་གོ་རིམས་བཞིན་དུ། རང་གི་དོན་བྱས་པ་དང་ཡང་བྱར་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་

རྟོགས་པའི་ཕྱིར་ཏེ། ཟད་པ་ཤེས་པས་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བདག་གིས་ཀུན་འབྱུང་བ་སྤངས་སོ་ཞེས་བྱ་བ་དང་། བདག་གིས་འགོག་པ་མངོན་དུ་བྱས་སོ་ཞེས་བྱ་བ་དང་། བདག་གིས་ལམ་བསྒོམས་སོ་ཞེས་བྱ་བར་

ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་ཟད་པ་ཤེས་པ་དེ་བྱང་ཆུབ་ཡིན་ནོ། །མི་སྐྱེ་བ་ཤེས་པས་ཀྱང་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

བདག་གིས་ཀུན་འབྱུང་བ་སྤངས་ཏེ། ཡང་སྤང་དུ་མེད་དོ་ཞེས་བྱ་བ་དང་། བདག་གིས་འགོག་པ་མངོན་དུ་བྱས་ཏེ། ཡང་མངོན་དུ་བྱར་མེད་དོ་ཞེས་བྱ་བ་དང་། བདག་གིས་ལམ་བསྒོམས་ཏེ། ཡང་བསྒོམ་དུ་མེད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བར་ཡང་བྱར་

མེད་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་མི་སྐྱེ་བ་ཤེས་པ་དེ་ཡང་བྱང་ཆུབ་ཡིན་ནོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་འདིས་ནི་ཟད་པ་ཤེས་པ་བསྟན་ལ། ཡང་ཤེས་པར་བྱར་མེད་དོ་ཞེས་བྱ་བ་འདིས་ནི་མི་སྐྱེ་བ་ཤེས་པ་བསྟན་པས་གཉི་ག་ཡང་གང་ཟག་དབང་པོ་རྣོན་པོའི་ཡིན་པར་

སྟོན་ཏོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ལྟར་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་བྱང་ཆུབ་ཡིན་ནོ་ཞེས་ཡན་ལག་གི་དོན་རབ་ཏུ་བསྒྲུབས་ནས་སྤྱིའི་དོན་རབ་ཏུ་བསྒྲུབ་པའི་ཕྱིར། དེ་དང་མཐུན་པ་ཉིད་ཕྱིར། སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་དེ་དང་མཐུན་

པ་ནི་དེ་དང་མཐུན་པའོ། །དེའི་ངོ་བོ་ནི་དེ་དང་མཐུན་པ་ཉིད་དེ། དེ་དང་མཐུན་པ་ཉིད་དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའོ། །བྱང་ཆུབ་ཀྱི་ཕྱོགས་ལ་བཟང་ཞིང་མཐུན་པས་ན་གསུང་རབ་ལས། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡིན་པར་

เล่ม ๑๔๓ · หน้า 230b

འབྱུང་ངོ་། །རྫས་སུམ་ཅུ་ཞེས་བྱ་བ་ནི་ཁ་ཅིག་གི་གཞུང་ལུགས་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ལུས་དང་ངག་དག་ཐ་དད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་རྫས་གཉིས་ཡིན་པས་བཅུ་གཅིག་ཡིན་ནོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །དྲན་པ་ཉེར་གཞག་ཤེས་རབ་སྟེ། །ཞེས་

བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་དྲན་པ་ཉེ་བར་འཇོག་པའི་ཕྱིར་ཏེ། འདི་ལྟར་མདོ་ལས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །ཞེས་བྱ་བ་ནི་འདི་ལྟར་སྡིག་པ་མི་དགེ་

བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་སྐྱེད་དོ། །རྩོལ་བར་བྱེད་དོ། །བརྩོན་འགྲུས་རྩོམ་མོ་ཞེས་འབྱུང་བ་ཐམས་ཅད་སྦྱར་རོ། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ཏོ། །ཞེས་བྱ་བ་ནི་འདི་ལྟར་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ་ཞེས་འབྱུང་བ་ཐམས་ཅད་

སྦྱར་རོ། །འདིར་སྤོང་བའི་འདུ་བྱེད་ཅེས་སྨོས་པའི་མདོ་ལས་བརྒྱད་འབྱུང་བ་ཡིན་ནོ། །ཇི་ལྟ་ཞེ་ན་དེ་ལྟ་བུའི་འདུན་པ་གང་ཡིན་པ་དང་། རྩོལ་བ་གང་ཡིན་པ་དང་། ཤིན་ཏུ་སྦྱངས་པ་གང་ཡིན་པ་དང་། དྲན་པ་གང་ཡིན་པ་དང་། ཤེས་བཞིན་གང་ཡིན་པ་དང་། སེམས་འདུ་བྱེད་པ་གང་ཡིན་པ་དང་།

སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། བཏང་སྙོམས་གང་ཡིན་པ་དེ་དག་ནི་སྤོང་བའི་འདུ་བྱེད་ཅེས་བྱའོ་ཞེས་འབྱུང་ངོ་། །དེའི་ཕྱིར་རེ་ཞིག་དབང་པོ་དང་ཞེས་རྒྱས་པར་འབྱུང་བ་ནི་རང་གི་མིང་གིས་སྨོས་པའི་དབང་པོ་དང་སྟོབས་ཀྱི་ངོ་བོ་ཉིད་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་།

ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རྫས་ལྔ་གང་དག་ཡིན་པ་དེ་དག་ལས་དྲན་པ་ཉེ་བར་གཞག་པ་བཞི་པོ་གང་དག་ཡིན་པ་དེ་ནི་ཤེས་རབ་ཁོ་ན་ཡིན་ལ། བྱང་ཆུབ་ཀྱི་ཡན་ལག་དག་གི་ནང་ན་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། ལམ་དག་གི་ནང་ན་ཡང་དག་པའི་

ལྟ་བ་གང་ཡིན་པ་ཡང་རྫས་གཞན་མ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་པོ་གང་དག་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་དག་གི་ནང་ན་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། ལམ་དག་གི་ནང་ན་ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཁོ་ན་ཡིན་ནོ། །

เล่ม ๑๔๓ · หน้า 231a

རྫུ་འཕྲུལ་གྱི་རྐང་པ་བཞི་པོ་གང་དག་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་དག་གི་ནང་ན་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། ལམ་གྱི་ནང་ན་ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ། །གང་ཤེས་རབ་ཀྱི་དབང་པོ་ལ་སོགས་པའི་ངོ་བོ་ཉིད་མ་

ཡིན་པ་ཅི་ཞིག་ལུས་ཤེ་ན། བྱང་ཆུབ་ཀྱི་ཡན་ལག་དག་གི་ནང་ན་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱི་ཡན་ལག་དག་གི་ནང་ན་ཡང་དག་པའི་རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་པོ་ཡང་དག་པའི་ངག་དང་། ཡང་དག་

པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་རྣམས་ཞེས་བྱ་བ་དག་ལུས་སོ། །རྫས་བཅུ་པོ་ཡིན་ནོ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་ལྔ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་

ཕྱིར་རྫས་གཅིག་ཏུ་རྣམ་པར་གཞག་གོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ལུས་དང་ངག་གི་ལས་དག་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་རྫས་གཉིས་ཡིན་པས་རྫས་བཅུ་གཅིག་ཡིན་ནོ། །བསམ་པའི་དབང་གིས་ནི་ཕྱོགས་གཉི་ག་ལྟར་ན་ཡང་ཉེས་པ་མེད་དོ། །གལ་ཏེ་དངོས་སུ་ཚོགས་པ་དེ་ལ་

རྫས་ཇི་སྙེད་ཅིག་ཡོད་པ་རིལ་གྱིས་བགྲང་ན་ནི་དེ་དག་རྫས་བཅུ་མ་ཡིན་པ་དེ་ཉིད་དེ། མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་རྫས་བདུན་ཡིན་པའི་ཕྱིར་རྫས་བཅུ་དྲུག་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །གཙོ་བོ་སྨོས་པས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཤེས་

རབ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་དེ་སྐད་བཤད་ཀྱི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་རབ་ཏུ་འཇོག་པ་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཅི་རིགས་པར་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཐམས་ཅད་ཀྱང་

ཡིན་ནོ། །གཙོ་བོ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་གཞན་དག་འཇུག་པ་ལ་བྱའི་དེ་དག་མེད་པ་ནི་མ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་གཙོ་བོ་ནི་ཤེས་རབ་ཡིན་པས་དེའི་ཕྱིར་ཤེས་རབ་སྨོས་ཀྱི། དྲན་པ་ཉེ་བར་གཞག་པ་ཤེས་རབ་ཁོ་ན་ཡིན་པར་ནི་མ་ཟད་དོ། །འོ་ན་ཅི་ཞེ་ན། ཤེས་རབ་དང་།

เล่ม ๑๔๓ · หน้า 231b

བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། ཡང་དག་པའི་རྟོག་པ་ལ་སོགས་པ་ཡང་ཡིན་ནོ། །སྦྱོར་བ་ལས་བྱུང་བ་ཞེས་སྨོས་པ་ནི་སྐྱེས་ནས་ཐོབ་པའི་དད་པ་ལ་སོགས་པ་གསལ་བའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་

ཀྱི་གཙོ་བོ་ནི་བརྩོན་འགྲུས་ཡིན་ལ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་གཙོ་བོ་ནི་ཏིང་ངེ་འཛིན་ཡིན་པས་ཞེས་བྱ་བ་རྒྱས་པར་བརྗོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་དག་ནི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་བྱུང་ཞེ་ན། མདོ་ལས་ཏེ། དགེ་སློང་དག་དགེ་སློང་གི་འདུན་པའི་དབང་དུ་བྱས་ནས་ཏིང་ངེ་

འཛིན་ཐོབ་སྟེ། དེ་ནི་འདིའི་འདུན་པའི་ཏིང་ངེ་འཛིན་ཡིན་ནོ། །དགེ་སློང་དག་དགེ་སློང་གི་སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་དབང་དུ་བྱས་ནས་ཀྱང་ཏིང་ངེ་འཛིན་ཐོབ་སྟེ། དེ་ནི་འདིའི་དཔྱོད་པའི་ཏིང་ངེ་འཛིན་གྱི་བར་ཡིན་ནོ་ཞེས་གསུངས་སོ། །དེས་ལུས་དང་ངག་དང་ཡིད་ཡང་དག་པར་

རབ་ཏུ་འཇོག་པས་སོ་ཞེས་བྱ་བ་ནི་རབ་ཏུ་འཇོག་པ་དང་། འཛིན་པ་དང་། ངེས་པར་བྱེད་པའམ། རེས་འགའ་འདིས་འཇུག་པར་བྱེད་པས་ན་རབ་ཏུ་འཇོག་པའོ། །དེ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཡོན་ཏན་ཐམས་ཅད་འབྱོར་པའི་མཚན་ཉིད་རྫུ་འཕྲུལ་ནི་ཏིང་

ངེ་འཛིན་དེ་ལ་བརྟེན་ཏེ། རྫུ་འཕྲུལ་གྱི་རྐང་པ་དང་། རྟེན་ཡིན་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ་འདུན་པ་ལ་སོགས་པ་འདུན་པ་དང་། སེམས་དང་བརྩོན་འགྲུས་དང་། དཔྱོད་པ་ཞེས་བྱ་བ་དག་ནི་རྐང་པ་ཡིན་ནོ་ཞེས་དེ་སྐད་དུ་ཟེར་བ་བྱེ་བྲག་ཏུ་སྨྲ་བ་དེ་

དག་གི་ལྟར་ན་འདུན་པ་དང་སེམས་པ་དག་ལྷག་པའི་ཕྱིར་བཅུ་གཅིག་གི་ནང་དུ་བསྣན་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བཅུ་གསུམ་དུ་འགྱུར་རོ། །བརྩོན་འགྲུས་དང་ཤེས་རབ་དག་ནི་ལྷག་མ་ཡིན་ཏེ། ཡང་དག་པར་སྤོང་བ་དང་། དྲན་པ་ཉེ་བར་གཞག་པ་དག་གི་ནང་དུ་འདུས་པའི་ཕྱིར་རོ། །མང་པོར་

འགྱུར་བ་ཞེས་བྱ་བའི་བར་རྒྱས་པར་གསུངས་ཞེས་བྱ་བ་ནི་མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་བ་དང་། སྣང་བར་འགྱུར་བ་དང་མི་སྣང་བར་འགྱུར་བ་ཤེས་པ་དང་མཐོང་བས་ཉམས་སུ་མྱོང་བར་བྱེད་དེ། ལུས་ཀྱིས་ཐོགས་པ་མེད་པར་རྩིག་པ་ལ་ཡང་ཐལ་བྱུང་དུ་འགྲོའོ། །ས་ལ་ཡང་བྱེའུ་ཟུལ་བྱེད་དེ། དཔེར་

เล่ม ๑๔๓ · หน้า 232a

ན་ཆུ་ལ་བྱ་བ་བཞིན་ནོ། །ཆུའི་རྒྱུན་ལ་ཡང་མི་འབྱིང་བར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་བཅས་ནས་འདུག་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འདི་དག་ལ་ཡང་ལག་པས་ཉུག་པར་

བྱེད་ཡོངས་སུ་ཉུག་པར་བྱེད་ཅིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དེ། འདི་ནི་རྫུ་འཕྲུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་དག་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏེ། འདི་

དག་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ལྟ་བས་ན་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་མ་ཡིན་ནོ། །འདིར་སློབ་དཔོན་འདུས་བཟང་ན་རེ་དེ་དག་ལ་ཉེས་པ་འདིར་མི་འགྱུར་ཏེ། དེ་དག་ནི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང་རྫུ་འཕྲུལ་

ཡང་ཡིན་ནོ་ཞེས་བྱ་བར་འདོད་དོ། །འདུན་པ་ལ་སོགས་པ་སྨོས་པ་ནི་ཏིང་ངེ་འཛིན་བཞི་ཚན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཏིང་ངེ་འཛིན་ལ་ལ་ནི་དགེ་བའི་རྩ་བ་སྦྱོར་བའི་གནས་སྐབས་ན་གཙོ་བོ་ཡིན་ལ། ལ་ལ་ནི་དགེ་བའི་རྩ་བ་གྲུབ་པའི་གནས་སྐབས་ན་གཙོ་བོ་ཡིན་ཏེ། འདི་ལ་སྔ་མ་ནི་རྫུ་

འཕྲུལ་གྱི་རྐང་པ་ཡིན་ནོ། །ཕྱི་མ་ནི་རྫུ་འཕྲུལ་ཞེས་བྱའོ། །འདི་ལས་རྫུ་འཕྲུལ་གྱི་རྐང་པའི་འབྲས་བུ་རྫུ་འཕྲུལ་གྱི་སྒྲར་བཤད་པས་འདི་དག་ལ་མདོ་སྡེ་དང་འགལ་བ་ཡང་མེད་དེ། ཡོངས་སུ་ཤེས་པའི་འབྲས་བུ་ལ་དེའི་སྒྲར་བརྗོད་པ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །ཆུང་ངུ་དང་། ཆེན་པོ་དག་

གིས་ཞེས་བྱ་བ་ནི། དབང་པོ་རྣམས་ནི་ཆུང་ངུ་ཡིན་ནོ། །སྟོབས་རྣམས་ནི་ཆེན་པོ་ཡིན་ནོ། །འདི་དག་གི་ཆུང་ངུ་དང་། ཆེན་པོའི་བྱེ་བྲག་ཇི་ལྟ་བུ་ཞེ་ན། གཏན་ཚིགས་སུ་རྫི་བ་དང་རྫི་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མ་དད་པ་དང་། ལེ་ལོ་དང་།

བརྗེད་ངས་པ་དང་། གཡེང་བ་དང་། ཤེས་བཞིན་མ་ཡིན་པ་རྣམས་པར་བར་དུ་ཀུན་དུ་འབྱུང་བའི་ཕྱིར་དབང་པོ་རྣམས་ནི་རྫི་བ་ཡིན་ནོ། །སྟོབས་རྣམས་ནི་དེ་ལྟ་མ་ཡིན་པས་ཡང་དེ་དག་ལ་སྟོབས་ཞེས་བཤད་དོ། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །ཞེས་བྱ་བ་ནི་འདི་

เล่ม ๑๔๓ · หน้า 232b

དག་གནས་སྐབས་སྔར་བཤད་པ་ཡིན་ནོ། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་བྱ་བ་ནི་གནས་སྐབས་གཉིས་ཡིན་པས་གནས་སྐབས་བདུན་དག་ཏུ་སྡེ་ཚན་བདུན་གོ་རིམས་བཞིན་རབ་ཏུ་འབྱེད་ཅིང་རབ་ཏུ་རྣམ་པར་འཇོག་པའམ། གཙོ་བོར་བྱེད་པ་ཡིན་ཏེ། ལས་དང་པོ་པའི་གནས་སྐབས་སུ་ནི་དྲན་པ་

ཉེ་བར་གཞག་པ་རྣམས་སོ། །དྲོ་བར་གྱུར་པའི་གནས་སྐབས་སུ་ནི་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །རྩེ་མོའི་གནས་སྐབས་སུ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བཟོད་པའི་གནས་སྐབས་སུ་ནི་དབང་པོ་རྣམས་སོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནི་སྟོབས་རྣམས་སོ། །བསྒོམ་

པའི་ལམ་གྱི་གནས་སྐབས་སུ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །མཐོང་བའི་ལམ་གྱི་གནས་སྐབས་སུ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །ཁྱད་པར་ཐོབ་པའི་རྒྱུས་བརྩོན་འགྲུས་སྤེལ་ཏེ། དེའི་ཕྱིར་དྲོ་བར་གྱུར་པ་དག་ལ་ནི་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །ཡོངས་སུ་ཉམས་

པར་མི་འགྱུར་བའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ལ་ཞེས་བྱ་བ་ནི། རྩེ་མོ་ཐོབ་པ་རྩ་མི་འཆད། །ཅེས་འབྱུང་བས་རྩེ་མོ་རྣམས་ནི་ཡོངས་སུ་མི་ཉམས་པ་དང་། མཐུན་པ་དག་ལ་འཇུག་པ་ཡིན་ཏེ། འདི་རྣམས་ཀྱིས་འཇུག་པའི་ཕྱིར་འཇུག་པའོ། །ཡོངས་སུ་མི་ཉམས་པ་ནི་བཟོད་

པ་དག་གི་ཚེ་ཡིན་ཏེ། དེའི་གནས་སྐབས་ཀྱི་ཏིང་ངེ་འཛིན་རྣམས་འབྱོར་པའི་རྟེན་ཡིན་པས་རྩེ་མོ་དག་ལ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་གཞག་གོ། །ཡང་ཡོངས་སུ་ཉམས་པར་མི་འགྱུར་བའི་སྒོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་སྔ་མ་གཉིས་ཁོ་ན་ལས་ཡོངས་སུ་ཉམས་

པ་སྲིད་ཀྱི་བཟོད་པ་དག་ལ་ནི་ཡང་ཡོངས་སུ་ཉམས་པ་མེད་པ་དེའི་ཕྱིར་དད་པ་ལ་སོགས་པ་དབང་པོ་ཐོབ་པ་ཡིན་ནོ། །དེ་བས་ན་བཟོད་པ་དག་ལ་ནི་དབང་པོ་རྣམས་རྣམ་པར་གཞག་གོ། །ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བའི་ཕྱིར་རམ་ཞེས་བྱ་བ་ནི་འདི་ལྟར་གནས་སྐབས་དེ་ན་ཉོན་མོངས་པ་ཀུན་དུ་མི་

འབྱུང་བའི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བ་ཡིན་ནོ། །འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བའི་ཕྱིར་ཞེས་བྱ་བ་ནི་ཡང་ན་འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནི་དད་པ་ལ་སོགས་པ་སྟོབས་རྣམས་ཞེས་བྱ་བར་

เล่ม ๑๔๓ · หน้า 233a

རབ་ཏུ་འབྱེད་དོ། །བྱང་ཆུབ་དང་ཉེ་བའི་ཕྱིར་ཞེས་བྱ་བ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་ཉེ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བསྒོམ་པའི་ལམ་ལ་ཡིན་གྱི་མཐོང་བའི་ལམ་ལ་ནི་མ་ཡིན་ཏེ། མཐོང་བའི་ལམ་ནི་དེ་དག་དང་ཐག་རིང་སྟེ།

དེའི་བར་དུ་བསྒོམ་པའི་ལམ་གྱིས་ཆོད་པའི་ཕྱིར་རོ། །འགྲོ་བས་རབ་ཏུ་ཕྱེ་བའི་ཕྱིར། །ཞེས་བྱ་བ་ནི་ལམ་ལ་ནི་འཇིག་རྟེན་ན་འདིས་འགྲོའོ་ཞེས་འགྲོ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡང་ན་ལམ་འགྲོ་བས་ན་ལམ་ཡིན་ཏེ། འཇིག་རྟེན་ན་ལམ་འདི་དམར་བུ་ཅན་དུ་འགྲོ་ཞེས་ཟེར་བའི་ཕྱིར་རོ། །

མཐོང་བའི་ལམ་ནི་ཤིན་ཏུ་འགྲོ་བས་རབ་ཏུ་ཕྱེ་བ་ཡིན་གྱི་བསྒོམ་པའི་ལམ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ནི་མྱུར་བར་འགྲོ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་དང་ལྡན་པ་ཡང་དེས་མྱུར་དུ་འགྲོའི་བསྒོམ་པའི་ལམ་ལ་ནི་སའི་དབྱེ་བ་བརྩལ་བའི་ཕྱིར་ཡུན་རིང་མོ་ཞིག་ཏུ་འགྲོའོ། །གཞན་

དག་ཅེས་བྱ་བ་ནི་སློབ་དཔོན་ཡིན་ཏེ། བདག་ལ་སོགས་པ་ཞེས་བསམ་པའི་ཕྱིར་རོ། །གོ་རིམས་མ་ཉམས་པ་ཁོ་ནར་ཞེས་བྱ་བ་ནི་ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རིམ་པ་གཞན་དུ་སྦྱར་བ་དེ་ལྟར་དེ་བཞིན་དུ་མ་སྦྱར་བར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་གོ་རིམས་བཞིན་དུ་བརྗོད་དེ། བྱང་

ཆུབ་ཀྱི་ཡན་ལག་རྣམས་མཐོང་བའི་ལམ་ལ་འཇོག་པའི་ཕྱིར་རོ། །ཡུལ་རྣམ་པ་མང་པོ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་ནི་གཟུགས་ལ་སོགས་པའི་བྱེ་བྲག་དང་སྔོན་པོ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་པོ་ཡིན་ཏེ། དེ་ལ་གཡེང་བ་ནི་རྣམ་པར་གཡེང་བའོ། །འདི་དག་ལ་ཡུལ་རྣམ་པ་

མང་པོ་ལ་གཡེང་བར་འཕྲོ་བའི་ངང་ཚུལ་ཡོད་པས་ན་ཡུལ་རྣམ་པ་མང་པོ་ལ་གཡེང་བར་འཕྲོ་བའི་བློ་རྣམས་ཏེ། དེ་དག་ཚར་གཅད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཞེན་པ་ལ་བརྟེན་པ་ཞེས་བྱ་བ་ནི་སྲེད་པ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པའི་ཀུན་དུ་རྟོག་པ་རྣམས་ཞེས་བྱ་བ་ནི་

ཡུལ་ཉམས་སུ་མྱོང་བ་དྲན་པའི་ཀུན་དུ་རྟོག་པ་རྣམས་ཞེས་བྱ་བའམ། འདོད་པའི་ཀུན་དུ་རྟོག་པ་རྣམས་ཞེས་བྱ་བའི་དོན་ཏོ། །དེའི་སྟོབས་ཀྱིས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དགོས་པ་རྣམ་པ་བཞི་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ལ། དགོས་པ་རྣམ་པ་

เล่ม ๑๔๓ · หน้า 233b

བཞི་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། དེ་བཞིན་དུ་དགེ་བ་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་གནས་པར་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་འོག་ཏུ་ཏིང་ངེ་འཛིན་རྣམ་པར་སྦྱོང་བའི་ཕྱིར་ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་དག་པར་རབ་ཏུ་

འཇོག་པ་དག་གི་རྗེས་ལ་ཏིང་ངེ་འཛིན་རྣམ་པར་སྦྱོང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་རབ་ཏུ་འབྱེད་དོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་བདག་པོར་གྱུར་པ་ཞེས་བྱ་བ་ནི་དེ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་དེ་དག་གི་བདག་པོར་གྱུར་པར་རིག་པར་བྱའོ། །དབང་པོ་དེ་དག་ཉིད་གང་གི་ཚེ་

མི་མཐུན་པའི་ཕྱོགས་ཀུན་དུ་སྤྱོད་པ་ལས་ངེས་པར་རྒྱལ་བ་སྟེ། མ་དང་ཕ་ལ་སོགས་པ་ཀུན་དུ་སྤྱོད་པ་ལས་ངེས་པར་རྒྱལ་བར་གྱུར་པ་དེའི་ཚེ་སྟོབས་རྣམས་སོ། །དབང་པོའི་གནས་སྐབས་ན་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་སྲིད་དེ། བཟོད་པའི་གནས་སྐབས་ན་ནི་ཐག་རིང་བའི་ཕྱིར་རོ། །མཐོང་བའི་

ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ནི་ཟག་པ་མེད་པའི་ཤེས་རབ་ཡིན་པའི་ཕྱིར་རོ། །གཉི་ག་ལ་ནི་ལམ་གྱི་ཡན་ལག་རྣམས་ཞེས་བྱ་བ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་ལའོ། །ཇི་ལྟ་ཞེ་ན། འདི་ལྟར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསྒོམ་པའི་ལམ་ཡོངས་སུ་

རྫོགས་པ་ནི་བསྒོམ་པ་ཡོངས་སུ་རྫོགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གནས་སྐབས་དེར་གྱུར་པ་ན་སྟེ་དེར་གྱུར་ན་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་བ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྒོམ་པ་

ཡོངས་སུ་རྫོགས་ན་ཞེས་གསུངས་པའི་ཕྱིར་བསྒོམ་པའི་ལམ་ལ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡོད་དོ་ཞེས་བྱ་བར་མངོན་ནོ། །མཐོང་བའི་ལམ་ལ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །འོ་ན་ཇི་ལྟ་ཞེ་ན། བསྒོམ་པའི་ལམ་ལ་རྫོགས་པར་འགྱུར་རོ། །ཡང་

གསུངས་སོ་ཞེས་བྱ་བ་ནི་གཉི་ག་ལ་ལམ་གྱི་ཡན་ལག་དག་རྣམ་པར་གཞག་པ་ཞེས་བྱ་བ་ཡིན་ནོ། །འདི་ནི་འཕགས་པའི་བདེན་པའི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཡིན་པར་སྟོན་ཏོ། །ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་ནས་རྒྱས་པར་འདི་ནི་འཕགས་པའི་

เล่ม ๑๔๓ · หน้า 234a

ལམ་ཡན་ལག་བརྒྱད་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བའི་བར་འབྱུང་བ་ནི་བསྒོམ་པའི་ལམ་ཡིན་པར་སྟོན་ཏེ། ཇི་ལྟར་ཐོབ་པའི་ལམ་གྱིས་བྱང་ཆུབ་ཀྱི་བར་དུ་འཇུག་ཅིང་ངེས་པར་འབྱུང་བས་སོ། །དེ་ལྟར་མཐོང་བའི་ལམ་ལ་ཡང་ལམ་གྱི་ཡན་ལག་རྣམས་རྣམ་པར་འཇོག་

པས་དེའི་ཕྱིར། གཉི་ག་ལ་འཕགས་པའི་ལམ་ཡན་ལག་བརྒྱད་འདོད་པར་བྱ་དགོས་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྔ་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕྱིའོ་ཞེས་བྱ་བའི་གོ་རིམས་གྲུབ་པ་ཡིན་ནོ། །བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད་ཅེས་བྱ་བ་ནི་ཟག་པ་

མེད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །གཞན་རྣམས་གཉིས་པོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟོབས་ལ་ཐུགས་པ་རྣམས་སོ། །སྟོབས་ཀྱིས་དྲང་དགོས་པའི་ཕྱིར་ཞེས་བྱ་བ་ནི་སྟོབས་ཀྱིས་ཏེ། བརྩོན་འགྲུས་ཀྱིས་མངོན་དུ་བྱ་བ་ཡིན་པའི་ཕྱིར་མི་ལྕོགས་པ་མེད་པ་ན་

དགའ་བ་མེད་དེ། བདེ་བླག་ཏུ་ཐོབ་པ་ནི་སེམས་དགའ་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །གཞན་ཡང་ས་འོག་མའི་དོགས་པ་དང་བཅས་པའི་ཕྱིར་ཏེ། ཡོངས་སུ་ཉམས་པར་དོགས་པ་དང་བཅས་པ་དེའི་ཕྱིར་དེ་ན་དགའ་བ་མེད་དེ། དོགས་པ་དང་བཅས་ན་སེམས་དགའ་བར་མི་འགྱུར་རོ། །ཡང་

དག་པའི་རྟོག་པ་མ་གཏོགས་པ་ཞེས་བྱ་བ་ལ། ཡང་དག་པའི་རྟོག་པ་ནི་རྣམ་པར་རྟོག་པ་ཡིན་པས་སོ། །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་བྱ་བ་ཇི་ལྟར་ན་སྲིད་པའི་རྩེ་མོ་ན་ལུས་དྲན་པ་ཉེ་བར་གཞག་པ་ཡོད་དེ་དེ་ན་ལུས་ནི་མེད་དོ། །ལུས་དྲན་

པ་ཉེ་བར་གཞག་པ་ནི་ལུས་ལ་དམིགས་པའི་ཤེས་རབ་ཡིན་ན་གྲུབ་པའི་མཐའ་ལས། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་འབྱུང་བས་སྲིད་པའི་རྩེ་མོ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ལ་དམིགས་པ་ཡང་མ་ཡིན་ནོ་ཞེ་ན། འདི་

ནི་རྣམ་པར་བཤད་པ་བྱེད་པ་གང་གིས་ཀྱང་མ་བྲིས་ཏེ། དེའི་ཕྱིར་འདིར་ནི་རྣམ་པར་གཞག་པར་བྱའོ། །ལུས་ཀྱི་ངོ་བོ་ཉིད་གང་ཡིན་ཞེ་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་ཡིན་པར་བཤད་དེ། ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གལ་ཏེ་ཤེས་

เล่ม ๑๔๓ · หน้า 234b

རབ་འབྱུང་བ་འབའ་ཞིག་ལ་དམིགས་པ་འམ། འབྱུང་བ་ལས་གྱུར་པ་འབའ་ཞིག་ལ་དམིགས་པར་གྱུར་ན་ཡང་དེ་ལུས་དྲན་པ་ཉེ་བར་གཞག་པ་ཁོ་ན་ཡིན་པར་འགྱུར་ལ། སྲིད་པའི་རྩེ་མོ་ན་ཡང་ཤེས་རབ་དགེ་བ་ཟག་པ་དང་བཅས་པས་ཟག་པ་མེད་པའི་སྡོམ་པ་ལ་ལམ་ཞེས་བྱ་བ་འམ། ཅི་

ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བར་དམིགས་སོ། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ནི་ཟག་པ་དང་བཅས་པ་འོག་མ་ལ་དམིགས་པར་མི་འདོད་ཀྱི། ཟག་པ་མེད་པ་འོག་མ་ལ་དམིགས་པར་མི་འདོད་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ན་ལུས་དྲན་པ་ཉེ་བར་གཞག་པ་ཡོད་པར་རིག་པར་བྱའོ། །

ཤེས་ནས་དད་པ་ནི་བཞི་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་གོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ནི་ཆོས་ཡིན་པའི་ཕྱིར་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ངོ་བོ་ཉིད་མ་ཡིན་པའི་

ཕྱིར་གོ་རིམས་བཞིན་དུ། ཆོས་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཟག་པ་མེད་པ་རྣམས་འཐོབ་ཀྱི་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ནི་མ་ཡིན་ནོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན། །སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་ལ་ཤེས་ནས་

དད་པ་འཐོབ་སྟེ། ལམ་ནི་སངས་རྒྱས་དང་། དགེ་འདུན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེས་བྱ་བ་ནི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་མང་བ་ཞིག་ཡོད་ན། ཆོས་ལ་ཤེས་ནས་དད་པ་འཐོབ་པོ་ཞེས་བཤད་པ་གང་ཡིན་པ་དེ་འདིར་གང་ལ་ཆོས་སུ་དགོངས་

པ་ཡིན་ཞེས་བྱ་བ་ཡིན་ནོ། །ཡང་ན་འདི་ནི་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་ཅེས་བྱ་བ་ཡིན་ཏེ། དེ་ལྟ་བས་ན་འདི་ཡང་འདིར་ཆོས་དཀོན་མཆོག་ཡིན་པར་དགོངས་པར་འགྱུར་ཏེ། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་

དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉི་ག་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་བཤད་པ་འདི་ཡིན་པས། དེ་ཅི་འདི་མྱ་ངན་ལས་འདས་པའི་ཆོས་ཡིན་པར་དགོངས་སམ་སྙམ་ནས། དེའི་ཕྱིར་འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེས་འདྲིའོ། །ཆོས་བདེན་གསུམ་

เล่ม ๑๔๓ · หน้า 235a

དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པའི་བདེན་པ་དང་། བྱང་ཆུབ་སེམས་དཔའ་སློབ་པའི་གནས་སྐབས་ཀྱི་ལམ་ཟག་པ་མེད་པ་དང་། རང་སངས་རྒྱས་ཀྱི་ལམ་སློབ་པ་དང་མི་སློབ་པའི་མཚན་ཉིད་ནི་འདིར་ཆོས་ཡིན་པར་དགོངས་སོ། །དེའི་

ཕྱིར་བདེན་པ་བཞི་ཆར་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལམ་གྱི་བདེན་པ་མངོན་པར་རྟོགས་ན་ཡང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་ཀྱི་ལམ་གྱི་མཚན་ཉིད་ཀྱི་ཆོས་མངོན་པར་རྟོགས་པར་འགྱུར་ཏེ། དེ་ལྟ་བས་ན་བདེན་པ་བཞི་ཆར་ཡང་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་ཐོབ་པོ་ཞེས་

བཤད་དོ། །སངས་རྒྱས་དང་དགེ་འདུན་དག་གི་ལམ་ལ་ནི་ཆོས་ཞེས་མི་བརྗོད་དེ་འདི་ལྟར་དེ་མངོན་པར་རྟོགས་ན་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པས་སོ། །ཡང་ཇི་ལྟར་ལམ་མངོན་པར་རྟོགས་ན་དད་པའི་མཚན་ཉིད་གསུམ་པོ་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་

དད་པ་རྣམས་ཅིག་ཅར་དུ་མངོན་དུ་འགྱུར་ཞེ་ན། དེ་ཉིད་དད་པའི་གཞིའི་བྱེ་བྲག་ལ་ལྟོས་ནས་མིང་གསུམ་འཐོབ་པས་ཉེས་པ་མེད་དོ། །ཡང་ན་ཆོས་ལ་ཤེས་ནས་དད་པ་ནི་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་ནི་གསུམ་ཆར་འཐོབ་པས་དེའི་ཕྱིར། ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་

དགེ་འདུན་དག་ལ་ཡང་། །ཞེས་བཤད་དོ། །གལ་ཏེ་གཞི་ལ་ལྟོས་ཏེ་ཤེས་ནས་དད་པ་རྣམ་པར་གཞག་ན་ནི་ཆོས་ལ་ཤེས་ནས་དད་པ་སྔར་གདོན་དགོས་སོ་ཞེ་ན། དེའི་ཕྱིར་འདི་དག་གི་རིམ་པ་ནི་ལངས་ནས་ཇི་ལྟར་མངོན་དུ་བྱེད་པ་དེ་བཞིན་དུ་བཀོད་དོ་ཞེས་བྱ་བ་སྨོས་སོ། །སྨན་པ་དང་། སྨན་དང་ནད་

གཡོག་ལྟ་བུར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ནི་མདོ་ལས་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་འབྱུང་བས་སྨན་པ་ལྟ་བུ་ཡིན་ཏེ། ཆོས་ཀྱི་སྨན་སྟོན་པའི་ཕྱིར་རོ། །ཆོས་ནི་སྨན་ལྟ་བུ་ཡིན་ཏེ། ཉོན་མོངས་པའི་ནད་གསོ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་

ནད་མེད་པ་འཐོབ་པར་བྱེད་པའི་ཕྱིར་རོ། །དགེ་འདུན་ནི་ནད་གཡོག་ལྟ་བུ་ཡིན་ཏེ། མྱ་ངན་ལས་འདས་པ་ནད་མེད་པ་ཐོབ་པར་བྱ་བའི་ཕྱིར། ཕན་ཚུན་གྲོགས་བྱེད་པའི་ཕྱིར་རོ། །སེམས་རབ་ཏུ་དང་བས་བྱས་པའི་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཡིན་པས་ཞེས་བྱ་བ་ནི་སེམས་རབ་ཏུ་དང་

เล่ม ๑๔๓ · หน้า 235b

བ་རྣམ་པ་གསུམ་པོ་ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་དེས་བྱས་པའི་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཡིན་ནོ། །ཚུལ་ཁྲིམས་

ཉིད་རབ་ཏུ་དང་བ་ཡིན་པ་འམ་ཚུལ་ཁྲིམས་ཀྱི་རབ་ཏུ་དང་བ་ཟག་པ་མེད་པ་ཉིད་ཡིན་པས་ཚུལ་ཁྲིམས་རབ་ཏུ་དང་བ་སྟེ་ཚུལ་ཁྲིམས་རབ་ཏུ་དང་བ་ནི་རབ་ཏུ་དང་བ་གསུམ་གྱི་ཐ་མར་བཞི་པ་བཤད་དོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ནི་ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་

ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ལྟར་རབ་ཏུ་དང་བར་གྱུར་པའི་སྒྲུབ་པ་ཡིན་ཏེ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ནད་མེད་པར་གྱུར་པ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། སྨན་པ་དང་། སྨན་དང་། ནད་གཡོག་དང་། ནད་མེད་པའི་

གོ་རིམས་དང་མཐུན་པར་ཚུལ་ཁྲིམས་རབ་ཏུ་དང་བ་ཐ་མར་བཤད་པ་ཡིན་ནོ། །ཡང་ན་སྟོན་པར་བྱེད་པ་དང་། ལམ་དང་། ལམ་གྲོགས་དང་། བཞོན་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། ཐ་མར་བཞི་པ་བཤད་དོ་ཞེས་བྱ་བའི་སྐབས་ཡིན་ནོ། །བཅོམ་ལྡན་འདས་ནི་སྟོན་པར་བྱེད་པ་ལྟ་བུ་ཡིན་ནོ། །

ཆོས་ནི་ལམ་ལྟ་བུ་ཡིན་ནོ། །དགེ་འདུན་ནི་ལམ་གྲོགས་ལྟ་བུ་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ནི་བཞོན་པ་ལྟ་བུ་ཡིན་ནོ། །འཕགས་པ་རྣམས་དགྱེས་ཤིང་མཉེས་པར་འགྱུར་བས་ན་འཕགས་པ་དགྱེས་པ་དག་གོ། །ཡན་ལག་བརྒྱད་དང་ལྡན་ནོ་ཞེས་བྱ་བ་ནི་སློབ་པ་ནི་ཡན་

ལག་བརྒྱད་དང་ལྡན་ནོ། །བརྒྱད་གང་ཞེ་ན་སློབ་པའི་ཡང་དག་པའི་ལྟ་བ་ནས། སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་རོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ། །བཅུ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང་། མི་སློབ་པའི་

ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པའོ། །རྣམ་པར་གྲོལ་བ་དང་དེ་སོ་སོ་རང་གི་ཤེས་པ་དག་གི་རབ་ཏུ་ཕྱེ་བ་ཡིན་པས་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟེ་སོ་སོ་རང་གི་ཤེས་པས་དེའི་སོ་སོ་རང་གི་ཤེས་པའོ། །རྣམ་པར་གྲོལ་བ་དང་དེའི་སོ་སོ་རང་གི་ཤེས་པ་ནི་རྣམ་པར་

เล่ม ๑๔๓ · หน้า 236a

གྲོལ་བ་དང་དེའི་སོ་སོ་རང་གི་ཤེས་པ་དག་གོ། །དེ་དག་གིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་སོ་སོ་རང་གི་ཤེས་པས་བདག་ནི་ཉོན་མོངས་པ་དག་ལས་རྣམ་པར་གྲོལ་ལོ་ཞེས་བྱ་བར་རབ་ཏུ་ཕྱེ་ཞིང་རབ་ཏུ་བསྟན་

པས་ཞེས་བྱ་བའི་ཐ་ཚིག་གོ། །མི་སློབ་པ་དེ་ཁོ་ན་ལ་དེ་སྨོས་པ་སྟེ་རྣམ་པར་གྲོལ་བ་སྨོས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྨོས་པ་རིགས་པ་དང་ལྡན་པ་ཡིན་གྱི་སློབ་པ་ལ་ནི་མ་ཡིན་ནོ། །མོས་པ་ནི་རྣམ་པར་གྲོལ་བ་འདུས་བྱས་ཡིན་ནོ་ཞེས་བྱ་བ་ནི་མོས་པ་དང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་

སྐད་ཀྱི་དབྱིངས་གཅིག་པའི་ཕྱིར་རོ། །ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ཡང་དག་པའི་ལྟ་བ་ལ་སོགས་པའི་དུས་བྱས་ཡིན་པ་དེ་བཞིན་དུ་མོས་པ་ཡང་འདུས་མ་བྱས་ནི་མ་ཡིན་ཏེ། སྐལ་བ་མི་མཉམ་པའི་ཕྱིར་རོ། །མདོ་ལས། རྣམ་པར་གྲོལ་བ་གཉིས་སུ་

གསུངས། །ཞེས་བྱ་བ་ནི་འདོད་ཆགས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་ལ། མ་རིག་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བས་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་

རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་ལྟའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱ་བ་འདིར་བལྟ་བར་བྱའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་

སློབ་དཔོན་ནོ། །འོ་ན་མདོ་ལས་ཞེས་བྱ་བ་ནི་སྟག་གི་བྱང་ཆུབ་ཀྱི་བུ་དག་བཞི་པོ་འདི་དག་ནི་ཡོངས་སུ་དག་པའི་གཙོ་བོ་ཡིན་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཡོངས་སུ་དག་པ་གཙོ་བོ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་གཙོ་བོ་དང་། ལྟ་བ་ཡོངས་སུ་དག་པ་གཙོ་བོ་དང་། རྣམ་པར་

གྲོལ་བ་ཡོངས་སུ་དག་པ་གཙོ་བོ་ཞེས་བྱ་བ་རྒྱས་པར་བཤད་ནས། སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོ་གང་ཡིན་ཞེ་ན་ཞེས་བྱ་བ་ནས་འདུན་པ་དང་བརྩོན་འགྲུས་ཞེས་བྱ་བའི་བར་རྒྱས་པར་གསུངས་སོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་ཅེས་མང་པོའི་ཚིག་སྨོས་

เล่ม ๑๔๓ · หน้า 236b

པ་ནི་དེ་དག་མང་བའི་ཕྱིར་རོ། །རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ཡོངས་སུ་དག་པའི་གཙོ་བོ་ནི་རྣམ་པར་གྲོལ་བ་ཡོངས་སུ་དག་པ་སྟེ་དེའི་ཆེད་ཀྱི་གཙོ་བོ་ནི་བརྩོན་འགྲུས་ཡིན་པས་རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོའོ། །དེ་ལྟར་ན་འདིར་རྣམ་པར་

གྲོལ་བ་དང་། ཡོངས་སུ་དག་པ་དང་། གཙོ་བོ་ཞེས་བྱ་བ་དྲི་བ་གསུམ་སྟེ། དེ་ལ་འདི་ལ་དགེ་སློང་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཞེ་སྡང་དང་གཏི་མུག་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་

བཤད་དོ། །འདི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱེད་པའམ། ཡོངས་སུ་རྫོགས་པ་རྗེས་སུ་འཛིན་པར་བྱེད་པ་ཞེས་བྱ་བས་ནི་རྣམ་པར་གྲོལ་བ་ཡོངས་སུ་དག་པ་ཡོངས་སུ་རྫོགས་པ་དང་རྗེས་སུ་འཛིན་པའི་མཚན་ཉིད་བཤད་དོ། །འདུན་པ་དང་བརྩོན་

འགྲུས་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་གཙོ་བོ་བཤད་དེ། གང་གི་ཕྱིར་དེ་ལྟར་འདོད་ཆགས་ལ་སོགས་པ་ལས་རྣམ་པར་གྲོལ་ཞིང་སྤངས་པ་ཡིན་ནོ་ཞེས་མདོ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུ་ཡིན་པར་བཤད་ཀྱི་མོས་པ་ནི་མ་ཡིན་པར་བཤད་པ་དེའི་ཕྱིར་རྣམ་པར་གྲོལ་བ་ནི་

མོས་པ་ཁོ་ན་ཡིན་པར་མ་ཟད་དོ། །འོ་ན་ཅི་ཞེ་ན། དེ་ཁོ་ན་ཤེས་པས་འདོད་ཆགས་ལ་སོགས་པ་སྤངས་ན། སེམས་དྲི་མ་མེད་པ་ཉིད་དེ་ཟག་པ་མེད་པའི་ངོ་བོ་ཉིད་དང་དོན་གཞན་མ་ཡིན་པར་གྱུར་པ་མར་གྱི་ཉིང་ཁུ་དང་བ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་

སློབ་པའི་སེམས་དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ཉོན་མོངས་པའི་ཐོབ་པ་ནི་གེགས་ཡིན་ནོ། །འོ་ན་སྐྱེ་བར་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་མི་སློབ་པ་མ་འོངས་པ་ཉིད་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་མི་འབྱུང་བ་གང་ཡིན་པའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་མི་སློབ་པ་ཁོ་ནའི་རྒྱུད་ལ་འཇིག་རྟེན་པ་ཡོད་

པ་གང་ཡིན་པའོ། །སྐྱེ་བར་ངེས་པ་གང་ཡིན་པ་དེ་ཁོ་ན་བཤད་དོ་ཞེས་བྱ་བ་ནི་བསྟན་བཅོས་ལས། མ་འོངས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གང་ཡིན་པ་དེ་ཁོ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བཤད་དེ། དེ་རྣམ་པར་གྲོལ་བ་ནི་བརྟག་སླ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྐྱེ་བའི་སྒྲིབ་

เล่ม ๑๔๓ · หน้า 237a

པ་དེ་ཉིད་ལས་སོ་ཞེས་བྱ་བ་ནི་དེའི་ཉོན་མོངས་པའི་ཐོབ་པ་དེ་ཉིད་ལས་ཏེ། འདིར་གཏན་ཚིགས་ཀྱང་དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཁོ་ན་བརྗོད་པར་བྱའོ། །གལ་ཏེ་མི་སློབ་པའི་རྒྱུད་ལ་ཡོད་པའི་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཁས་ལེན་ན་སློབ་པ་ལ་ཡང་

འཇིག་རྟེན་པ་སྐྱེ་ན་ཅིའི་ཕྱིར་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བར་ཁས་མི་ལེན་ཅེ་ན། དེའི་ཕྱིར་དེ་ནི་དེ་དང་མི་འདྲའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་པའི་འཇིག་རྟེན་པ་དེ་ནི་ཉོན་མོངས་པའི་ཐོབ་པ་དང་། ལྷན་ཅིག་པ་ཡིན་གྱི་མི་སློབ་པའི་འཇིག་རྟེན་པ་དེ་ནི་དེ་ལྟ་མ་ཡིན་པས་མི་འདྲའོ། །འགག་

པར་འགྱུར་བ་ཞེས་བྱ་བ་ནི་འགག་པ་ལ་མངོན་དུ་ཕྱོགས་པའོ། །དེའི་སྒྲིབ་པ་ཞེས་བྱ་བ་ནི་མི་སློབ་པའི་སེམས་ཀྱི་སྒྲིབ་པའོ། །བསྟན་བཅོས་སམ། འདི་ཉིད་ལས། ཉོན་མོངས་བཅོམ་པ་འདུས་མ་བྱས། །ཞེས་རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་དང་། ཁམས་གསུམ་

པོ་འབྱུང་བ་གང་དག་ཡིན་པ་སྟེ། གང་ལས་འབྱུང་ཞེ་ན། མདོ་འམ། བསྟན་བཅོས་ལས་སོ། །འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །ཞེས་བྱ་བ་ནི་ཁྱད་པར་བརྗོད་པར་བཞེད་ནས་འདི་སྐད་ཅེས་བཤད་དོ། །ཁྱད་པར་བརྗོད་པར་མི་བཞེད་ན་ནི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་སྤངས་པ་

ཞེས་ཀྱང་བྱ་ལ། འགོག་པ་ཞེས་ཀྱང་བྱ་བ་ལ་སོགས་པ་ཡིན་ནོ། །གཞི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཟག་པ་དང་བཅས་པའོ། །མུ་བཞིའོ་ཞེས་བྱ་བ་ནི་ཡིད་འབྱུང་བར་འགྱུར་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་བ་ཡང་ཡོད། འདོད་ཆགས་དང་བྲལ་བར་འགྱུར་ལ་ཡིད་འབྱུང་བར་

མི་འགྱུར་བ་ཡང་ཡོད། གཉི་གར་འགྱུར་བ་ཡང་ཡོད། གཉི་གར་མི་འགྱུར་བ་ཡང་ཡོད་ཅེས་བྱ་བ་ཡིན་ནོ། །སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་ཞེས་བྱ་བ་འདིས་ནི་དངོས་པོའི་རྒྱུ་ལས་བྱུང་བའི་ཡིད་འབྱུང་བ་སྟོན་ཏོ། །གང་གིས་སྤོང་འགྱུར་བ། ཀུན་གྱི་འདོད་ཆགས་བྲལ་

བར་འགྱུར། །ཞེས་བྱ་བ་འདིས་ནི་སྤོང་བར་བྱེད་པའི་རྒྱུ་ལས་བྱུང་བའི་འདོད་ཆགས་དང་བྲལ་བར་སྟོན་ཏོ། །དེ་ལྟ་ན་མུ་བཞི་གྲུབ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བའི་རྒྱུ་ཡོངས་སུ་བཅད་དེ། སྦྱར་ན་མུ་བཞི་འགྲུབ་པོ་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཡིད་འབྱུང་

เล่ม ๑๔๓ · หน้า 237b

བ་ཁོ་ན་ཡིན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་བཟོད་པ་རྣམས་དང་། སྡུག་བསྔལ་བ་དང་ཀུན་འབྱུང་བ་ལ་ཤེས་པ་རྣམས་ཀྱིས་ནི་ཡིད་འབྱུང་བ་ཁོ་ན་ཡིན་ཏེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་བ་དག་ནི་ཡིད་འབྱུང་

བའི་དངོས་པོའི་དམིགས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ། ཉོན་མོངས་པ་དག་མི་སྤོང་ན་ཞེས་བྱ་བའི་ཚིག་གིས་སྤོང་བར་བྱེད་པ་མེད་པའི་ཕྱིར་རོ། །མཐོང་བའི་ལམ་ལ་འགོག་པ་དང་། ལམ་ལ་བཟོད་པ་རྣམས་དང་བསྒོམ་པའི་ལམ་ལ་འགོག་པ་དང་ལམ་ཤེས་པ་རྣམས་ཀྱི་ནི་འདོད་

ཆགས་དང་བྲལ་བ་ཁོ་ན་ཡིན་ཏེ། ཉོན་མོངས་པ་དག་སྤོང་ན་ཞེས་འབྱུང་བས་སྤོང་བར་བྱེད་པ་ཡོད་པའི་ཕྱིར་རོ། །ཡིད་འབྱུང་བར་མི་འགྱུར་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་དང་ལམ་དག་ནི་མཆོག་ཏུ་དགའ་བའི་དངོས་པོའི་དམིགས་པ་ཡིན་ནོ། །

སྔ་མ་རྣམས་ཀྱི་ཉོན་མོངས་པ་དག་སྤོང་ན་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་ཡིད་འབྱུང་བར་ཡང་འགྱུར་ལ། འདོད་ཆགས་དང་བྲལ་བར་ཡང་འགྱུར་ཏེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་ཡིད་འབྱུང་བར་འགྱུར་རོ། །

ཉོན་མོངས་པ་དག་སྤོང་ན་ཞེས་བྱ་བའི་ཚིག་གིས་དེ་སྤོང་བར་བྱེད་པ་ཡོད་པའི་ཕྱིར་འདོད་ཆགས་དང་བྲལ་བར་འགྱུར་རོ། །ཕྱི་མ་རྣམས་ཀྱི་ཉོན་མོངས་པ་དག་མི་སྤོང་བ་གཉི་ག་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱི་མ་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་ཡིད་འབྱུང་བར་ཡང་མི་འགྱུར་ལ།

འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་ཡིད་འབྱུང་བར་མི་འགྱུར་རོ། །ཉོན་མོངས་པ་དག་མི་སྤོང་ན་ཞེས་བྱ་བའི་ཚིག་གིས་སྤོང་བར་བྱེད་པ་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །སྨྲས་པ་མུ་དང་པོ་དང་། བཞི་པ་ལ་

ཉོན་མོངས་པ་དག་མི་སྤོང་ན་ཞེས་བསྟན་པ་གང་ཞིག་གང་དག་ཉོན་མོངས་པ་མི་སྤོང་ཞེ་ན། དེ་ལ་འདོད་ཆགས་དང་བྲལ་བ་ཞིག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་དོན་ཉེ་བར་དགོད་པའི་ཕྱིར་རོ། །འདོད་པའི་ཁམས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་ཀྱང་རུང་འདོད་ཆགས་དང་

เล่ม ๑๔๓ · หน้า 238a

བྲལ་བ་ཞིག་བདེན་པ་རྣམས་ལྟ་ཞིང་མངོན་པར་རྟོགས་པར་བྱེད་ན་ཆོས་ཤེས་པ་དང་བཟོད་པ་རྣམས་ཀྱིས་ཆོས་ཤེས་པ་རྣམས་དང་། ཆོས་ལ་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་སྟེ། འཇིག་རྟེན་པའི་བསྒོམ་པའི་ལམ་གྱིས་སྔར་སྤངས་ཟིན་པའི་ཕྱིར་བྲལ་བའི་ཐོབ་

པ་ཟག་པ་མེད་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །རྗེས་སུ་ཤེས་པ་དང་བཟོད་པ་དག་གིས་ནི་གདོན་མི་ཟ་བར་ཉོན་མོངས་པ་དག་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མེད་དོ། །ཤེས་པ་རྣམས་ཀྱིས་ནི་བསྒོམ་པའི་ལམ་ལ་སྦྱོར་བ་དང་། རྣམ་པར་གྲོལ་

བ་དང་། ཁྱད་པར་ཅན་གྱི་ལམ་རྣམས་དང་། བར་ཆད་མེད་པའི་ལམ་ཡང་ཁ་ཅིག་གིས་དབང་པོ་འཕོ་བ་ལ་སོགས་པའི་གནས་སྐབས་ན་ཉོན་མོངས་པ་དག་མི་སྤོང་ངོ་། །གང་དག་ཅིག་ལུས་ཤེ་ན། དེ་དག་ལས་གཞན་པའི་བར་ཆད་མེད་པའི་ལམ་རྣམས་ཏེ། དེ་རྣམས་ཀྱིས་ཉོན་མོངས་པ་

སྤོང་ངོ་ཞེས་བྱ་བར་གྲུབ་པོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་དོན་གསལ་བ་ཞེས་བྱ་བ་ལས་གང་ཟག་དང་ལམ་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་དྲུག་པའོ།། །།བམ་པོ་ལྔ་བཅུ་གསུམ་པ། མཛོད་

ཀྱི་གནས་དྲུག་པའི་འོག་ཏུ་བདུན་པ་ཉེ་བར་དགོད་པ་འབྲེལ་པ་བསྟན་པའི་ཕྱིར། བཟོད་པ་རྣམས་ཞེས་ཀྱང་འབྱུང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཇིག་རྟེན་པའི་ཆོས་མཆོག་ལས། ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་བྱ་བ་ནས་བཟུང་སྟེ། བཟོད་པ་བརྒྱད་བཤད་དོ། །འདོད་སྡུག་བསྔལ་ལ་

དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །ཞེས་བྱ་བ་དེར་ཤེས་པ་བཤད་དོ། །གལ་ཏེ་མིན། ཟད་པ་ཤེས་སམ་མི་སློབ་ལྟ། །ཞེས་བྱ་བ་དེར་ཡང་དག་པའི་ལྟ་བ་བཤད་དོ། །དེ་ཉིད་རྣམ་གྲོལ་གཉིས་བྱང་ཆུབ། །ཇི་སྐད་བཤད་ཤེས་པ་ཞེས་བྱ་བར་ཡང་དག་པའི་ཤེས་པ་བཤད་དོ། །ཡང་

ན་དྲུག་པའི་མཇུག་འདི་ཉིད་ནས། །སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་གང་གིས་སྤོང་འགྱུར་བ། །ཀུན་གྱི་འདོད་ཆགས་བྲལ་བར་འགྱུར། །ཞེས་འབྱུང་བས་འདི་ཐམས་ཅད་བཤད་དོ། །ཡང་ན་བསྟན་བཅོས་དང་འབྲེལ་བའི་ཕྱིར་འདི་ཉེ་བར་འགོད་དེ། བསྟན་བཅོས་

เล่ม ๑๔๓ · หน้า 238b

ལས་ནི་བཟོད་པ་རྣམས་ཞེས་ཀྱང་འབྱུང་། ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ལ། འདི་ནི་དེར་མདོར་བསྡུ་བ་ཙམ་ཡིན་པས་དེའི་ཕྱིར། ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འདྲིའོ། །དྲི་མེད་

བཟོད་རྣམས་ཤེས་པ་མིན། །ཞེས་བྱ་བ་བཟོད་པ་དྲི་མ་མེད་པ་དག་ཁོ་ན་ཤེས་པ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་བཟོད་པ་ཟག་པ་དང་བཅས་པ་རྣམས་ནི་ཤེས་པ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། དེ་ནི་ཀུན་རྫོབ་ཤེས་པ་ཡིན་པར་འདོད་དོ། །དེས་སྤང་བར་བྱ་བ་ཞེས་བྱ་བ་ནི་བཟོད་པས་སྤང་བར་

བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་ཏེ། སྐབས་ལ་བབ་པའི་ཕྱིར་གནས་སྐབས་དེ་དག་ཏུ་ཕྲ་རྒྱས་རྣམས་སྤོང་གི་སྤངས་པ་ནི་མ་ཡིན་ནོ། །ཤེས་པ་ནི་ངེས་པ་ཡིན་པར་འདོད་ཀྱི་མ་ངེས་པ་ནི་མ་ཡིན་པས་བཟོད་པ་རྣམས་ཤེས་པ་མ་ཡིན་ཏེ། བཟོད་པ་རྣམས་ནི་བཟོད་པའི་ངོ་བོར་སྐྱེའི་ངེས་

པའི་ངོ་བོ་མ་ཡིན་པས་ཤེས་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་བྱ་བ་ཡིན་ན། ཅིའི་ཕྱིར་དེས་སྤང་བར་བྱ་བའི་ཞེས་ཁྱད་པར་སྨོས་ཤེ་ན། སྐད་ཅིག་མ་གཉིས་པ་ལ་བཟོད་པ་དང་པོ་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་སྤང་བར་འགྱུར་

བས་བཟོད་པ་དང་པོ་ཁོ་ན་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་གོ་བར་འགྱུར་གྱི་བཟོད་པ་གཞན་དག་ནི་མ་ཡིན་པས་དེའི་ཕྱིར་དེ་སྤང་བར་བྱ་བའི་ཞེས་ཁྱད་པར་སྨོས་སོ། །ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཉེ་བར་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །

ཡང་དག་པར་རྟོག་པ་མེད་པ་དང་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལ་ཡང་དག་པར་རྟོག་པ་མེད་པས་ན་ཡང་དག་པར་རྟོག་པ་མེད་པའོ། །ཡོངས་སུ་ཚོལ་བར་སེམས་ཤིང་འདོད་པ་ནི་ཡོངས་སུ་ཚོལ་བའི་བསམ་པ་མེད་པའོ། །འདི་ལ་ཡོངས་སུ་ཚོལ་བའི་

བསམ་པ་མེད་པས་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་ནོ། །དེ་ནི་ཡང་དག་པར་རྟོག་པ་མེད་པ་ཡང་ཡིན་ལ། ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པ་ཡང་ཡིན་པས་ཡང་དག་པར་རྟོག་པ་མེད་པ་དང་། ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པ་སྟེ། དེའི་ཕྱིར་ཟད་པ་ཤེས་

เล่ม ๑๔๓ · หน้า 239a

པ་དང་མི་སྐྱེ་བ་ཤེས་པ་ལྟ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཇི་སྲིད་དུ་བྱ་བ་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་ཉེ་བར་རྟོག་ཅིང་བསམ་པ་དག་པ་ནས་མི་རྟག་པ་ལ་སོགས་པའི་རྣམ་པ་ཇི་སྐད་བཤད་པ་དག་གིས་ཡོངས་སུ་ཚོལ་བར་

བྱེད་དོ། །བྱ་བ་བྱས་ནས་ནི་དེ་དག་གིས་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་ཇི་ལྟར་མཐོང་བ་དག་ཁོ་ན་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པར་སོ་སོར་རྟོག་པ་ཙམ་དུ་ཟད་དེ། དེ་ལྟ་བས་ན་དེ་དག་ནི་ལྟ་བའི་ངོ་བོ་ཉིད་མ་ཡིན་ནོ། །

དེ་ལས་གཞན་འཕགས་བློ་གཉི་ག །ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཤེས་རབ་དེ་ནི་ཉེ་བར་རྟོག་པར་ཞུགས་པ་ཡང་ཡིན་ལ། དེའི་ཡུལ་ཅན་གྱི་ཐེ་ཚོམ་སྤངས་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་འཇིག་རྟེན་པ་སྟེ། དེ་ནི་ཐམས་ཅད་ཤེས་པ་ཡིན་

ནོ་ཞེས་ངེས་པར་གཟུང་བས་ཤེས་པ་མ་ཡིན་པའི་ཤེས་རབ་གང་ཡིན་པ་དེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་དེ་ཡང་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་ལས་བྱུང་བ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཡིད་ལས་བྱུང་བ་ལྟ་བའི་ངོ་བོ་ཉིད་མ་ཡིན་པ་

ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ལྟ་བའི་ངོ་བོ་ཉིད་གང་ཡིན་པ་དང་། ཡིད་ལས་བྱུང་བ་དགེ་བ་གང་ཡིན་པ་དེ་ཅི་ཞིག་ཡིན་ཞེ་ན། དྲུག་ནི་ལྟ་བའང་ཡིན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ཤེས་རབ་རྣམ་པ་དེ་དྲུག་ནི་ལྟ་བ་ཡིན་གྱི་དྲུག་

ཁོ་ན་ཞེས་ངེས་པར་གཟུང་བའི་ཕྱིར་གཞན་ནི་ལྟ་བ་མ་ཡིན་ནོ། །གཞན་ཡང་གང་ཞེ་ན། སྔར་བཤད་པ་འཇིག་རྟེན་པ་གང་ཡིན་པའོ། །འདི་དང་གཞན་དག་ཀྱང་ཤེས་པ་ནི་ཡིན་ནོ་ཞེས་བྱ་བ་ནི་ལྟ་བའི་ངོ་བོ་ཉིད་ཀྱི་ཤེས་རབ་རྣམ་པ་དྲུག་པོ་འདི་དང་། དེ་ལས་གཞན་པ་སྔར་བཤད་པ་རྣམས་ཀྱང་

ཤེས་པ་ཞེས་ནི་བྱའོ། །གང་གི་ཕྱིར་དྲུག་པོ་འདི་དག་ཤེས་པ་ཞེས་ཀྱང་བྱ་ལ། ལྟ་བ་ཞེས་ཀྱང་བྱ་བ་དེ་ཉིད་ཀྱི་ཕྱིར་དྲུག་ནི་ལྟ་བའང་ཡིན་ཞེས་ཡང་ཞེས་བྱ་བའི་སྒྲ་འདོན་ཏོ། །ཤེས་པ་བཅུས་ཞེས་བྱ་བ་གང་དག་གིས་ཤེ་ན། ཆོས་དང་རྗེས་དང་ཀུན་རྫོབ་དང་། །གཞན་གྱི་སེམས་དང་

เล่ม ๑๔๓ · หน้า 239b

སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་། ལམ་དང་ཟད་དང་མི་སྐྱེ་ཤེས་པ་དག་གིས་སོ། །ཤེས་པ་བཅུ་ཁོ་ནར་བཤད་པ་འདི་ནི་ངེས་པར་གཟུང་བར་བྱ་བའི་དོན་ཡིན་ཏེ། འཆི་འཕོ་བ་དང་སྐྱེ་བ་དང་། གང་ཟག་དང་འཁོར་ཤེས་པ་ལ་སོགས་པ་ནི་འདི་དག་ཁོ་ནའི་ནང་དུ་

འདུས་པའི་ཕྱིར་རོ། །མདོར་བསྡུ་ན་ནི་གཉིས་ཏེ། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་བྱ་བ་ཡིན་ནོ། །ཕལ་ཆེར་ཞེས་བྱ་བ་ཁྱད་པར་སྨོས་པ་ནི་ཀུན་རྫོབ་ཀྱི་ཤེས་པ་ཕལ་ཆེར་བུམ་པ་དང་སྣམ་བུ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ལ་དམིགས་ཀྱི་རེས་འགའ་ནི་རང་དང་སྤྱིའི་

མཚན་ཉིད་ཀྱང་འཛིན་ཏོ། །ཀུན་རྫོབ་ཀྱི་ཞེས་བྱ་བ་ནི་ཀུན་རྫོབ་ལ་འབྱུང་བའོ། །ཟག་པ་མེད་པ་ཡང་མདོར་བསྡུ་ན་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་ཞེས་བྱ་བ་གཉིས་ཏེ། སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་འདི་དག་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །དམིགས་པ་ནི་ཅི་རིགས་པར་

ཞེས་བྱ་བ་ནི་གང་གིས་དམིགས་པ་གང་ཡིན་པ་དེ་ནི་དེའི་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་དམིགས་པ་ནི་སྒྲ་མ་ཡིན་ནོ། །དེ་དག་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་བཞི་དེ་དག་ནི་ཞེས་བྱ་བ་ནི་ཆོས་

དང་རྗེས་སུ་ཤེས་པ་གཉིས་པོ་ལྟ་བའི་རང་བཞིན་མ་ཡིན་པ་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་བྱེ་བྲག་གིས་རྣམ་པ་བཞི་པོ་དེ་དག་ཁོ་ན་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་གཉིས་དང་པོ་སྐྱེས་པ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་དང་པོ་སྐྱེས་པ་ནི་

སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན་ཏེ། གདོན་མི་ཟ་བར་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པ་དག་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཅིའི་ཕྱིར་ཞེ་ན། སྲིད་པའི་རྩེ་མོ་པའི་ཕུང་པོ་ལ་སྡུག་བསྔལ་ལམ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བ་

སྨོས་ཏེ། འདི་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་པོ་སྐྱེས་པ་དེ་དག་ནི་གདོན་མི་ཟ་བར་སྲིད་པའི་རྩེ་མོ་པའི་ཕུང་པོ་རྣམས་ལ་མི་རྟག་པ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་པ་དང་། རྒྱུ་ལ་སོགས་པའི་ཀུན་འབྱུང་བའི་རྣམ་པར་དམིགས་སོ། །དང་པོར་སྐྱེས་པ་མ་ཡིན་པ་དེ་དག་ནི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด