ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๔ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ། འཕགས་
པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་རང་ཉིད་ཐུགས་ཀྱི་མུན་པ་ཞེས་བྱ་མ་ལུས་ཡུལ་ཅན་རྒྱུད་ཀུན་ཞི། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་མཐའ་ཡས་
མཁྱེན་རབ་གཟེང་མཐོས་མཐར་བསྐྱལ་ཞིང་། །ཐུགས་རྗེས་ཡོངས་སུ་ཁྱབ་པའི་ཐུགས་མངའ་ཆོས་འཆད་པ་ཡི་ཕྱག་བརྐྱང་ཚུལ་དག་གིས། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་དེ་ལ་
དང་པོར་རབ་ཏུ་ཕྱག་འཚལ་ཏེ། །ཉིད་ཀྱི་དོན་ལེགས་ཐུགས་ཆུད་ཅིང་། །གྲོལ་བའི་ཐུགས་མངའ་ཐུབ་པ་ཡིས། །ཆོས་མངོན་གང་ཞིག་བཤད་གྱུར་པ། །དེ་ཉིད་རབ་ཏུ་སྤྲོ་བར་བྱ། །བསྟན་
བཅོས་མཛད་པར་བཞེད་པས་བསྟན་བཅོས་རྩོམ་པའི་དགོས་པའི་དབང་དུ་མཛད་ནས་བཤད་དེ། དེ་ཡང་སྟོན་པ་དང་བསྟན་བཅོས་ལ་གུས་པ་བསྐྱེད་པའོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་
เล่ม ๑๔๔ · หน้า 2a
པ་བརྗོད་པས་བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཤེས་པ་ལས་ནི་གུས་པ་སྐྱེ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། འཁོར་བའི་འདམ་དུ་བྱིང་བའི་སེམས་ཅན་དག་
དྲངས་པས་འབྲས་བུ་མཐར་ཐུག་པ་ལ་རབ་ཏུ་སྦྱོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །གུས་པ་སྐྱེས་ནས་ཡང་འཁོར་བའི་འདམ་དུ་བྱིང་བ་རྣམས་ཀློག་པ་དང་། ཁ་ཏོན་དང་། ཐོས་པ་དང་། བསམ་པ་ལ་སོགས་པའི་བྱ་བ་དག་
ལ་འབད་པས་འཇུག་པས་ན་དེ་ལས་བརྒལ་བར་འགྱུར་རོ། །དེ་ནས་ཉན་པ་པོ་དྲན་པ་དང་ཤེས་རབ་ཞན་པ་རྣམས་མི་རྨོངས་པར་བྱ་བའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་སྦྱར་བ་ཆོས་མངོན་པའི་མཛོད་ཀྱི་བཤད་པའི་དོན་རྣམ་པར་དབྱེ་
བར་བྱའོ། །བྱེད་ན་ཡང་རེ་ཞིག་གནས་བརྒྱད་པོ་དག་ཁོ་ནའི་གོ་རིམས་ཀྱི་དགོས་པ་བརྗོད་པར་བྱ་སྟེ། འདི་ནི་ཆོས་རྣམས་བསྡུ་བ་བསྟན་པ་འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་གཞན་ཡོད་དུ་ཟིན་ཀྱང་། ཟག་བཅས་ཟག་པ་
མེད་ཆོས་རྣམས། །ཞེས་བྱ་བའི་ཚུལ་འདི་ལས་མི་འཚོལ་བར་བསྟན་པ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ་བསྟན་བཅོས་འདི་མཛད་དོ་ཞེས་བྱ་བར་ངེས་ཏེ། དེའི་ཕྱིར་ཀུན་
เล่ม ๑๔๔ · หน้า 2b
ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་དག་ཅི་རིགས་པར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་དང་པོར་ཕུང་པོ་ལ་སོགས་པའི་རྣམ་པར་གཞག་པ་མཛད་དེ། ཁམས་བསྟན་པ་ནི་ཕལ་ཆེ་བའི་ཕྱིར་ཁམས་ཀྱི་མཛོད་ཀྱི་གནས་ཞེས་སྒྲོགས་སོ། །ཀུན་ནས་
ཉོན་མོངས་པ་དང་རྣམ་པར་བྱང་བ་དག་འཇུག་པ་དང་དམིགས་པ་ནི་དབང་པོའི་སྒོ་ནས་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་དབང་པོ་ཉེ་བར་བཀོད་དོ། །དེ་ནས་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པའི་དབྱེ་བས་ཁམས་དང་དབང་པོའི་བདག་ཉིད་ཅན་གྱི་ཀུན་ནས་ཉོན་
མོངས་པ་སེམས་ཅན་ཞེས་བྱ་བ་དང་། སྣོད་ཅེས་བྱ་བ་འདི་མ་རིག་པ་ལ་སོགས་པ་དང་། རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་རྟེན་དང་བརྟེན་པའི་ཁྱད་པར་དུ་ཇི་ལྟར་སྐྱེ་བ་དེ་ལྟར་བསྙད་དོ། །དེ་ལྟར་ཁྱད་པར་མཐའ་ཡས་པ་འབྱུང་བ་དེ་ཡང་དབང་ཕྱུག་ལ་སོགས་
པ་དག་ལས་ནི་མ་ཡིན་གྱི། འོན་ཀྱང་ལས་དག་ལས་ཡིན་པས་དེའི་མཇུག་ཐོགས་སུ་ལས་རྣམས་བཤད་དོ། །ལས་དེ་དག་ཀྱང་ཉོན་མོངས་པ་དང་ལྷན་ཅིག་ཏུ་གྱུར་པ་རྣམས་ཡང་སྐྱེ་བ་ལ་ནུས་པ་དང་ལྡན་པ་ཡིན་གྱི། འདོད་ཆགས་དང་བྲལ་བ་ལ་སྐྱེ་བ་མ་མཐོང་བའི་ཕྱིར་འབའ་
ཞིག་པ་དག་ནི་མ་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་དེ་ཉོན་མོངས་པ་བསྟན་ཏོ། །དེ་ལྟར་རབ་ཏུ་ཞུགས་པའི་ཀུན་ནས་ཉོན་མོངས་པའི་རྣམ་པར་བྱང་བའི་གོ་རིམས་ནི། དེ་ལ་འཇུག་པ་མི་སྡུག་དང་། །ཞེས་བྱ་བ་འདི་ཡིན་ལ། གནས་སྐབས་དེར་དེའི་སྒྲུབ་པ་པོ་གང་ཟག་རྣམས་
རྣམ་པར་གཞག་པ་ཡང་བསྟན་ཏོ། །རྣམ་པར་བྱང་བ་ཡང་ཉོན་མོངས་པ་དག་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་འབྱུང་བ་ལས་ནི་ཤེས་པ་ལས་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་ཤེས་པ་རྣམས་དང་། དེས་ཐོབ་པར་བྱ་བའི་ཡོན་ཏན་རྣམས་བཤད་དོ། །སེམས་
མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་མདོ་ལས་ནི་ཤེས་པ་རྣམས་ཀྱང་བསམ་གཏན་དག་མེད་པ་མ་ཡིན་ཏེ། དེའི་ཕྱིར་བསམ་གཏན་དག་དང་བསམ་གཏན་གྱི་རང་བཞིན་གྱི་ཡོན་ཏན་རྣམས་བསྟན་ཏོ། །གང་ཟག་རྣམ་པར་གཏན་ལ་དབབ་པ་ནི་
เล่ม ๑๔๔ · หน้า 3a
མཛོད་ཀྱི་གནས་བརྒྱད་པའི་ཞར་ལ་འོངས་པར་འབྲེལ་པ་ཁོ་ནའོ། །གལ་ཏེ་དེ་དག་ཡོད་བཞིན་དུ་བྱེ་བྲག་ཏུ་བཤད་པ་ལ་སོགས་པ་དང་དགོས་པ་མཚུངས་པ་འདི་རྩོམ་པ་དགོས་པ་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། བྱེ་བྲག་ཏུ་བཤད་པ་ལ་སོགས་པ་རྣམས་ལ་རྒྱས་
པ་དང་། བསྡུས་པ་དང་། སིལ་བུ་ལ་སོགས་པའི་ཉེས་པ་མཐོང་བས་ཡོངས་སུ་དགའ་བ་མ་སྐྱེས་པས་བྱ་བ་མང་པོའི་སྤྲོས་པས་བློ་དཀྲུགས་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་ཆོས་མངོན་པ་མཛོད་ཅེས་བྱ་བའི་བསྟན་བཅོས་རྒྱས་པ་དང་བསྡུས་པ་སྤངས་པ། དོན་མ་དཀྲུགས་
པ་ཉེ་བར་སྟོན་པ། ཆོས་མངོན་པ་བསྡུས་པ་གཞན་ཞིག་བརྩམས་པ་ཡིན་ཏེ། དེའི་ཕྱིར་འདི་རྩོམ་པ་དགོས་པ་མེད་པ་མ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་ཉེ་བར་བཀོད་དོ། །འབྲེལ་པ་ནི་གང་ཞིག །དགོས་པ་ནི་ཅི། བརྗོད་བྱ་ནི་གང་ཞེ་ན། བསྟན་བཅོས་བྱེད་པར་འདོད་པས་ཞེས་བྱ་བ་
འདི་ནི་འབྲེལ་པའོ། །རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདི་ནི་དགོས་པའོ། །དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་རྩོམ་པ་ཞེས་བྱ་བ་འདི་ནི་བརྗོད་པར་བྱ་བའོ། །འདྲིས་པར་བྱ་བས་ན་ཡོན་ཏན་རྣམས་ཏེ། ལེགས་པ་དོན་དུ་གཉེར་བ་རྣམས་ཀྱིས་
གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཀུན་ལ་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །གཏན་ཞེས་བྱ་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་བྱ་བ་ནི་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའོ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་བྱ་བ་ནི་
ཁམས་གསུམ་གྱི་སྟོན་པ་གཅིག་པུ་འདི་ཕུན་སུམ་ཚོགས་པའོ། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་བྱ་བ་ལ། འཁོར་བས་ན་འཁོར་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའམ། འགྲོ་བ་ལྔ་སྟེ། འགྲོ་བ་དང་འོང་བའི་དངོས་པོ་ཡིན་ཞིང་སྐྱེ་བ་དང་འགག་པའི་དངོས་པོ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །འཁོར་བ་ཉིད་འདམ་ཡིན་པས་འདམ་མོ། །འདམ་དང་འདྲ་བས་ན་འདམ་སྟེ་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་། བརྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུའོ། །སྐྱེ་བ་དང་། འཆི་བ་དང་ལྡན་པའི་ཕྱིར་ན་འགྲོ་བའོ། །དྲངས་མཛད་པ་ཞེས་བྱ་བ་ནི་དྲངས་པས་
เล่ม ๑๔๔ · หน้า 3b
མཛད་པར་གྱུར་པའོ། །དོན་བཞིན་སྟོན་པ་ཞེས་བྱ་བ་ལ། གང་ཞིག་གང་གི་དོན་ཡིན་པ་ནི་དོན་བཞིན་ནོ། །དོན་ཇི་ལྟ་བ་བཞིན་དུ་སྟོན་པས་དོན་བཞིན་སྟོན་པ་སྟེ། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ཏེ། །ཞེས་བྱ་བར་སྦྱར་རོ། དེ་ལ་ནི་རང་དང་གཞན་ཕན་དང་ལྡན་པ་ལའོ། །ཕྱག་འཚལ་
ཏེ་ཞེས་བྱ་བས་ནི། ལུས་དང་། ངག་དང་། ཡིད་དག་བཏུད་ནས་བསྟན་པར་འགྱུར་རོ། །བསྟན་བཅོས་རབ་བཤད་བྱ་ཞེས་བྱ་བ་ལ། ཕན་པ་ཐོབ་པ་དང་མི་ཕན་པ་བཏང་བའི་རྒྱུར་གྱུར་པ་སྟོན་པའི་ཕྱིར་དང་། ཉེས་པ་དང་སྡུག་བསྔལ་དག་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཏེ། དེ་ལས་
གཞན་དུ་ནི་མཚོན་ཆ་ཡིན་ནོ། །དེའི་མཆོག་ཏུ་བྱུང་བའམ། རྣམ་པར་ཕྱེ་སྟེ་འཆད་པ་ནི་རབ་ཏུ་བཤད་པར་བྱ་བའོ། །བསྟན་བཅོས་མང་བའི་ཕྱིར་བསྟན་བཅོས་གང་ཞེས་འདྲི་ན། ཆོས་མངོན་མཛོད་ཅེས་བྱ་བ་སྨོས་ཏེ། ཆོས་མངོན་སྨོས་པ་ནི་རྟོག་གེ་ལ་སོགས་པའི་བསྟན་བཅོས་གཅད་
པར་བྱ་བའི་ཕྱིར་རོ། །མཛོད་ཅེས་སྨོས་པ་ནི་ཆོས་མངོན་པ་ལས་བསྡུས་པ་གཞན་ཤེས་པར་བྱ་བའི་ཕྱིར་ཏེ། དེ་སྐད་དུ་ཡང་། འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །བསྟན་བཅོས་
བྱེད་པར་འདོད་པས་ཞེས་བྱ་བ་ལ། སློབ་མ་འཆོས་པས་ན་བསྟན་བཅོས་སོ། །འཆོས་པ་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་རབ་ཏུ་འཇོག་པ་དང་། ངན་འགྲོ་དང་འཁོར་བའི་རྒྱུ་སྤོང་བའོ། །བྱེད་པར་འདོད་པས་ཞེས་བྱ་བ་ནི་དགོད་པར་འདོད་པ་དང་། བསྟན་པར་འདོད་པ་དང་། རྣམ་པར་
བཤད་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །དོན་བསྟན་པས་ནི་བསྟན་བཅོས་བསྟན་པར་འགྱུར་རོ། །རང་གི་སྟོན་པའི་ཞེས་བྱ་བ་ལ། སྟོན་པའི་སྒྲས་སྟོན་པ་སྤྱིར་བཟུང་བས་རང་གི་ཞེས་སྨོས་ལ། རང་གི་རྟ་ལ་སོགས་པ་གཞན་ཡང་ཡོད་པས་སྟོན་པའི་ཞེས་བྱ་བ་སྨོས་ཏེ། འདི་སྐད་
དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བསྟན་པར་འགྱུར་རོ། །དེའི་སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཕྱིར་དང་། དེའི་བསྟན་པ་རྗེས་སུ་བསྒྲུབ་པའི་ཕྱིར་དེའི་རང་གི་སྟོན་པར་འགྱུར་རོ། །ཡང་ན་བདག་གིས་དེ་དག་ལམ་དང་ལམ་གྱི་འབྲས་བུ་ལ་རྗེས་སུ་བསྟན་པ་ཡིན་ཞེས་བྱང་
เล่ม ๑๔๔ · หน้า 4a
ཆུབ་ཏུ་སེམས་བསྐྱེད་པའི་དུས་ཉིད་ནས་སེམས་ཅན་ཐམས་ཅད་སློབ་མའི་དངོས་པོར་ཉེ་བར་བླངས་པའི་ཕྱིར་དང་། དེའི་དོན་ཁོ་ནའི་ཚོགས་དག་ལ་རབ་ཏུ་ཞུགས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་རང་ཉིད་
ཀྱི་སྟོན་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ལྟར་སེམས་ཅན་མ་ལུས་པ་ཉེ་བར་གཟུང་བའི་ཕྱིར་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་གི་སྟོན་པའི་ཞེས་སྨོས་ཏེ། འགྲོ་བ་བཀྲེན་པས་གཏི་མུག་གིས། །དཔའ་བོ་ཐུགས་རྗེ་རོ་གཅིག་
ཅིང་། །ཡུན་རིངས་ཕན་པར་བཞེད་པ་ཡི། །རང་ཉིད་མགོན་པོ་ཁྱོད་མི་འཚལ། །ཞེས་ཇི་སྐད་དུ་བཤད་པ་ལྟ་བུའོ། །ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཆེ་བའི་བདག་ཉིད་ཀྱི་དངོས་པོ་ནི་ཆེ་བའི་བདག་ཉིད་དེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དང་།
སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འོས་པ་ཉིད་དོ། །དེ་ལ་ལས་དང་། སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་བརྗོད་པས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་ཤེས་པར་བྱ་སྟེ། དེ་ལས་གཞན་པ་རྣམས་བླ་ན་མེད་པའི་སྤངས་པ་དང་ཡེ་ཤེས་མེད་པའི་ཕྱིར་རོ། །
འཁོར་བའི་འདམ་ལས་འགྲོ་བ་དྲངས་པས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འོས་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་ཆེ་བའི་བདག་ཉིད་ནི་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་རྩོམ་
མོ་ཞེས་བྱ་བའམ། འདི་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཞེས་ཚིག་བསྡུ་སྟེ། དེ་ནི་ཚིགས་སུ་བཅད་པའི་ཕྱེད་གོང་མའོ། །རྐང་པ་གསུམ་པར་ནི། དེ་ལ་ཕྱག་འཚལ་ཏེ་ཞེས་ཕྱག་འཚལ་བ་བརྩམས་ཏེ། དེའི་ཕྱིར་ཕྱག་འཚལ་བ་ནི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཡིན་
ནོ། །ཡོན་ཏན་བརྗོད་པ་ནི་ཡོན་ཏན་རྣམས་གསལ་བར་བྱེད་པའོ། །དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས་བྱ་བ་ནི་རང་གི་སྟོན་པ་དེ་ལ་སྟེ། ཕྱག་འཚལ་བ་དང་འབྲེལ་པས་བཞི་པའོ། །རྣམ་པར་དབྱེ་བ་བསྒྱུར་བ་ནི་དོན་གྱི་དབང་གིས་སོ། །ཕྱག་འཚལ་བ་རྩོམ་མོ་ཞེས་བྱ་བ་ནི་
เล่ม ๑๔๔ · หน้า 4b
བསྟན་བཅོས་བྱེད་པར་འདོད་པས་ཞེས་བྱ་བ་འདི་དང་སྦྱར་ན། ཕྱག་འཚལ་བ་ནི་ཡོན་ཏན་ཐུན་མོང་མ་ཡིན་པ་མངའ་སྙམ་པ་སྔོན་དུ་འགྲོ་བའི་མགོ་བོས་འདུད་པའོ། །ཡང་ན་རང་དང་གཞན་དག་ལ་བསོད་ནམས་ཉེ་བར་བསག་པར་འདོད་པས་སྟོན་པ་ལ་མཆོད་པ་བསྒྲུབ་པར་བྱ་
བའི་ཕྱིར་ལུས་དང་། ངག་དང་། ཡིད་དག་གི་སྒོ་ནས་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་རྩོམ་སྟེ། དེ་ལྟ་ན་ནི་ཆེ་བའི་བདག་ཉིད་ཀྱང་ཤེས་པར་བྱས་ལ། རང་དང་གཞན་དག་ལ་བསོད་ནམས་ཉེ་བར་བསགས་པ་རྗེས་སུ་བསྒྲུབ་པ་བྱས་པར་ཡང་འགྱུར་རོ། །
ངག་གི་དོན་རྟོགས་པ་ནི་ཚིག་གི་དོན་རྟོགས་པ་སྔོན་དུ་འགྲོ་བ་ཡིན་པས་ད་ནི་ཚིག་གི་དོན་བསམ་པར་བྱ་བ་ནི། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བྱ་བ་ལ། གང་ཞིག་ཅེས་བྱ་བ་ནི་མིང་ཐམས་ཅད་པ་ཞེས་བྱ་བ་ཐུན་མོང་བ་
རྗོད་པར་བྱེད་པའི་སྒྲ་ཡིན་ལ། ཐུན་མོང་བའི་སྒྲ་ཡང་དོན་དང་། སྐབས་དང་། རྟགས་ལ་སོགས་པ་ལ་ལྟོས་པ་མེད་པར་ཁྱད་པར་ལ་གནས་པར་བྱ་བར་མི་ནུས་སོ། །དེའི་ཕྱིར་འདི་ནི་ཆོས་མངོན་པ་འཆད་པའི་སྐབས་ཀྱིས་གཞན་ལས་རྣམ་པར་བཅད་དེ་སངས་རྒྱས་
བཅོམ་ལྡན་འདས་ཉིད་ལ་འཇུག་སྟེ། ཆོས་མངོན་པ་འཆད་པར་རྩོམ་པ་ན་སངས་རྒྱས་ལས་གཞན་སྟོན་པ་མ་ཡིན་ཏེ། དེའི་ཕྱིར་གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བཤད་དོ། །གང་ཞིག་ཅེས་བྱ་བ་ལ། ལྡན་པ་
ཡང་ཐུན་མོང་གི་སྒྲ་ཁྱད་པར་ལ་གནས་པའི་རྒྱུར་མཐོང་སྟེ། དཔེར་ན་བེའུ་དང་བཅས་པ་དང་། རྔེའུ་དང་བཅས་པ་དང་། ལུ་གུ་དང་བཅས་པའི་དྲུས་མ་འོན་ཅིག་ཅེས་བྱ་བ་བཞིན་ནོ། །ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་ནུས་པ་རྒྱས་པས་ན་རང་ཉིད་སངས་
རྒྱས་ཏེ། པདྨ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པའི་གཉིད་གཏན་དུ་ཟད་པས་ན་སངས་རྒྱས་ཏེ། སྐྱེས་བུ་གཉིད་སད་པ་བཞིན་ནོ། །དཔེར་ན་སད་པའི་སྐྱེས་བུ་ནི་གཉིད་ཟད་པས་རང་ཉིད་སད་པ་ཞེས་བྱའོ། །གཞན་དག་
เล่ม ๑๔๔ · หน้า 5a
གིས་སད་པར་བྱས་པ་ཞེས་བྱ་བ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །བདུད་བཞི་བཅོམ་པར་གྱུར་པས་ན་བཅོམ་ལྡན་འདས་ཏེ། དེ་དག་ཀྱང་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུ་ཞེས་བྱ་བ་རྣམས་སོ། །ཡང་ན་འདི་
སྐལ་བ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ། ལྡན་པ་ཡང་ཇི་སྐད་དུ། དཔལ་དང་གྲགས་དང་དབང་ཕྱུག་དང་། །ཡེ་ཤེས་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དག་ལ་ལྡན་ཞེས་བྱ། །ཞེས་བཤད་པ་ལྟ་བུའོ། །སངས་རྒྱས་
ལས་གཞན་དབང་ཕྱུག་དང་། །གྲགས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དག་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཉིད་བཅོམ་ལྡན་འདས་སོ། །འོ་ན་ཅིའི་ཕྱིར་སངས་རྒྱས་དང་བཅོམ་ལྡན་འདས་ཞེས་གཉིས་ཀ་བརྗོད་པ་ནི་སངས་རྒྱས་ཀྱི་སྒྲ་ཉེ་བའི་ཚིག་དང་བྲལ་བ་ན་ཉན་
ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་འཇུག་སྟེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱ་བ་ནས་སྨྲས་ལ། བཅོམ་ལྡན་འདས་ཀྱི་སྒྲ་ཡང་བདག་ཉིད་མ་སྦྱངས་པ་ཁ་ཅིག་གིས་གཞན་དུ་ཡང་ཐལ་བར་བྱས་པས་
སངས་རྒྱས་བཅོམ་ལྡན་འདས་ཞེས་སྨྲས་སོ། །ཡང་ན་ཉེ་བའི་ཚིག་མེད་པར་བཅོམ་ལྡན་འདས་ཀྱི་མཚན་ནས་སྨོས་པ་མི་རིགས་པས་གཉིས་ཆར་སྨོས་སོ། །ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་བྱ་བ་ལ། འདི་ནི་ཀུན་ལ་མུན་པ་བཅོམ་པས་ན་ཀུན་ལ་མུན་བཅོམ་མོ་
ཞེས་བདུན་པའི་དེའི་སྐྱེས་བུ་ཚིག་གཉིས་པོའི་འབྲུ་མང་པོ་པའི་སྙིང་པོ་ཅན་ནོ། །གལ་ཏེ་འབྲུ་མང་པོ་པ་ལ་ནིཥྛའོ་ཞེས་བྱ་བས་བཅོམ་མོ། །དགྲ་བོ་ཐམས་ཅད་ཅེས་བྱ་བ་ལྟར་ནིཥྛའི་མཐའ་ཅན་གོང་དུ་འདོན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བརྒལ་བ་འདིའི་ལན་གདབ་པའི་ཕྱིར།
འདིའི་འམ་འདིས་མུན་པ་བཅོམ་པས་ཞེས་བྱ་བ་སྨོས་ཏེ། ཨ་ཏི་ཏ་ཨག་ནི་ལ་སོགས་པར་གཏོགས་པའི་ཕྱིར་ཥྛའི་མཐའ་ཅན་གོང་དུ་འདོན་པའི་ངེས་པ་མེད་དོ། །གལ་ཏེ་གང་གི་ཚེ་འདིའི་མུན་པ་བཅོམ་མོ་ཞེས་དྲུག་པར་ཚིག་རྣམ་པར་སྦྱར་བ་དེའི་ཚེ་ནི། བཅོམ་ལྡན་འདས་མུན་པ་
เล่ม ๑๔๔ · หน้า 5b
འཇོམས་པའི་འབྲེལ་པ་ཅན་ཉིད་དུ་ཉེ་བར་བཟུང་བས་མུན་པའི་འཇོམས་པ་པོ་དང་བྱེད་པ་མ་བསྟན་ལ། གང་གི་ཚེ་འདིས་མུན་པ་བཅོམ་མོ་ཞེས་བྱེད་པ་པོའི་མཚན་ཉིད་ཀྱིས་གསུམ་པ་ཡིན་པ་དེའི་ཚེ་ཡང་བཅོམ་ལྡན་འདས་མུན་པ་འཇོམས་པའི་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར།
གང་གིའམ་བྱེད་པ་གང་གིས་བཅོམ་ཞེས་མུན་པ་བཅོམ་པའི་འབྲེལ་པ་ཅན་དང་བྱེད་པ་མི་ཤེས་སོ་ཞེ་ན། ཉེས་པ་འདི་ནི་མེད་དེ། གཞན་འཇོམས་པ་པོ་དང་འབྲེལ་པ་ཅན་དུ་མ་བསྟན་པའི་ཕྱིར། དེ་ཉིད་བདག་ཉིད་ཀྱི་མུན་པའི་འཇོམས་པ་པོ་དང་། འདིས་བདག་ཉིད་ཀྱི་མུན་པ་བཅོམ་མོ་
ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་དེ་ཉིད་མུན་པ་འཇོམས་པ་པོ་ལ་བྱེད་པ་པོ་ཉིད་དང་འབྲལ་པ་ཅན་ཉིད་ཤེས་པར་བྱ་བའི་ཕྱིར་གཉིས་ཀ་ལྟར་ཡང་ཚིག་རྣམ་པར་སྦྱར་རོ། །བྱེད་པ་ནི་གཉེན་པོ་བརྙེས་པ་སྟེ། དེ་ཡོད་ན་མུན་པ་སྤོང་བའི་ཕྱིར་རོ། །གཏན་ཞེས་
བྱ་བ་ནི་ཉེ་བའི་ཚིག་ཡིན་གྱི། དེ་དང་ཚིག་བསྡུ་བ་ནི་མ་ཡིན་ཏེ། མི་ཟད་པ་ཡིན་པའི་ཕྱིར་རོ། །གཏན་ཞེས་བྱ་བ་འདི་ནི་དོན་ཉེ་བར་སྟོན་པ་ལྷུར་བྱེད་པ་ཡིན་གྱི། ཚིག་རྣམ་པར་སྦྱར་བ་ལྷུར་བྱེད་པ་ནི་མ་ཡིན་ལ། ཀུན་ལ་མུན་པ་བཅོམ་ཞེས་བྱ་བ་འདི་ནི་ཚིག་རྣམ་པར་སྦྱར་བ་ལྷུར་བྱེད་
པ་ཡིན་ནོ། །ཐམས་ཅད་ལ་ནི་ཤེས་བྱ་ལ་སྟེ། སྐྱེ་མཆེད་བཅུ་གཉིས་དང་། གཞི་ལྔ་དང་། འདུས་བྱས་དང་འདུས་མ་བྱས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལའོ། །དེ་ལ་མུན་པའི་རྣམ་པ་ཐམས་ཅད་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་
མ་ཡིན་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་དབྱེ་བ་དང་། དུས་ཀྱི་དབྱེ་བས་རྣམ་པ་གསུམ་མམ། སྤངས་པའི་བྱེ་བྲག་གིས་རྣམ་པ་ལྔའོ། །འཇིག་རྟེན་ན་ཕྱི་རོལ་གྱི་མུན་པ་གཟུགས་མཐོང་བ་ལ་གེགས་སུ་གྱུར་པས་ལོང་བ་ལྟར་བྱེད་པའི་ཕྱིར་མུན་པ་
ཞེས་བྱ་བར་གྲགས་ཏེ། འདིར་ཡང་ཡང་དག་པའི་དོན་མཐོང་བའི་གེགས་སུ་འདྲ་བས་མི་ཤེས་པ་ཉིད་མུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་མུན་པ་སྟེ་ཞེས་སྨོས་སོ། །མཐོང་བ་ནི་རྣམ་པ་གཉིས་ཏེ། ཡང་དག་
เล่ม ๑๔๔ · หน้า 6a
པའི་དོན་མཐོང་བ་དང་། ཡང་དག་པ་མ་ཡིན་པའི་དོན་མཐོང་བའོ། །དེ་ལ་ཡང་དག་པའི་དོན་མཐོང་བ་ནི་ཐོས་པ་དང་། བསམ་པ་དང་། བསྒོམ་པས་བསྡུས་པ་སྟེ། ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་ལ་སྐྱེ་བའི་གེགས་
བྱེད་པར་གྱུར་པ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་དོན་མཐོང་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྟེ། དེ་ལ་ནི་གེགས་སུ་གྱུར་པ་མ་ཡིན་ཏེ། མ་རིག་པས་ཕན་བཏགས་པ་ཁོ་ན་ལས་དེ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་དོན་མཐོང་བ་སྨོས་པ་ནི་ཁྱད་པར་
ཡིན་ནོ། །མུན་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅོམ་པ་སྟེ་ཞེས་བྱ་བར་སྦྱར་རོ། །གཉེན་པོ་བརྙེས་ནས་ཞེས་བྱ་བ་ནི་ལམ་མངོན་དུ་གྱུར་པའི་ངོ་བོས་སོ། །གཉེན་པོ་ནི་སྤོང་བར་བྱེད་པའི་ཕྱོགས་ཏེ། དེ་ཡང་ཁ་ཅིག་ན་རེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། འདི་ལྟར་རྡོ་རྗེ་
ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་བཅོམ་ལྡན་འདས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང་། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ནུས་པ་མངའ་བར་འགྱུར་རོ་ཞེའོ། །དེ་བརྙེས་པ་ནི་མངོན་དུ་གྱུར་པའི་ངོ་བོས་སོ། །གཞན་དག་ནི་རྡོ་རྗེ་ལྟ་བུ་ཁོ་ན་ནི་མ་ཡིན་གྱི།
འོ་ན་ཅི་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྤོང་བའི་ལམ་ཐམས་ཅད་ཁོ་ན་དེའི་གཉེན་པོར་འདོད་དེ། གཉེན་པོ་བརྙེས་ནས་བཅོམ་གྱི། ངོ་བོ་ཉིད་དང་། འདོད་རྒྱལ་དང་། དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ་
ཞེས་སྟོན་པར་བྱེད་དོ། །གཉེན་པོ་བརྙེས་ནས་བཅོམ་སྟེ་ཞེས་བྱ་བས་ནི་དེའི་སོ་སོར་བརྟགས་པའི་འགོག་པ་བརྙེས་པར་སྟོན་པར་བྱེད་ལ། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་འདིས་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བརྙེས་པར་སྟོན་པར་བྱེད་དེ།
དེ་ལྟ་ཡིན་དང་བཅོམ་ལྡན་འདས་མུན་པ་སྤངས་པ་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་ཉིད་དུ་གསལ་བར་བྱས་པར་འགྱུར་ཏེ། སོ་སོར་བཏགས་པའི་འགོག་པ་བརྙེས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བས་ནི་སངས་རྒྱས་བཅོམ་ལྡན་འདས་དེ་ཡིན་གྱི་གཞན་ནི་འགའ་
เล่ม ๑๔๔ · หน้า 6b
ཡང་མ་ཡིན་ནོ་ཞེས་སྟོན་ཏོ། །གལ་ཏེ་འདོད་ཆགས་ལ་སོགས་པ་དག་ཀྱང་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར། གཏན་རྣམ་པ་ཐམས་ཅད་དུ་བཅོམ་པ་ཡིན་ན། ཅིའི་ཕྱིར་མི་ཤེས་པ་བཅོམ་པ་ཁོ་ནའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་
བརྗོད་ཅེ་ན། མི་ཤེས་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་སྟོན་པ་ཉིད་ཕུན་སུམ་ཚོགས་པར་བསྟན་པར་བྱ་བའི་ཕྱིར་རོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། འགྲོ་བ་འཁོར་བའི་འདམ་ནས་འདྲེན་པར་མཛད་པའི་སྦྱོར་
བ་སྟེ། གཞན་གྱི་དོན་ལ་རབ་ཏུ་མི་སྦྱོར་བའམ། ཕྱིན་ཅི་ལོག་ཏུ་སྦྱོར་བ་ནི་སྟོན་པ་མ་ཡིན་ནོ། །དེའི་ཕྱིར་མི་ཤེས་པ་བཅོམ་པ་ཁོ་ནའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པར་རིགས་སོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་ཞེས་བྱ་བ་ལ། ཡང་དག་པའི་གདམས་
ངག་གིས་འབྲས་བུ་སྒྲོགས་པར་བྱེད་པས་ན་ཉན་ཐོས་སོ། །བདག་ཉིད་གཅིག་པུ་སོ་སོར་སངས་རྒྱས་པའམ་རང་སངས་རྒྱས་རྣམས་ཏེ། དེ་དག་ནི་བདག་ཉིད་གཅིག་པུ་འདུལ་བར་བྱེད་ཀྱི། གཞན་ནི་མ་ཡིན་ནོ། །འདོད་མོད་ཀྱི་ཞེས་བྱ་བ་ནི་ཁས་བླངས་ནས་ལན་བརྗོད་
པར་འདོད་པས་ཡིན་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཅན་གྱི་རྨོངས་པ་དང་གཏན་ནས་བྲལ་བའི་ཕྱིར་ཞེས་བྱ་བས་ནི་ཀུན་ལ་མུན་པ་བཅོམ་པ་སྟོན་པར་བྱེད་དོ། །གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ཐམས་ཅད་ལ་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་གཏན་
ནས་བྲལ་བར་མི་འགྱུར་ན་ནི་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་མི་འགྱུར་ཏེ། ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་རྨོངས་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཡང་
ཇི་ལྟར་ན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཀུན་ནས་ཉོན་མོངས་པ་གསུམ་ལྡོག་པར་འགྱུར་ཞེ་ན། ཉོན་མོངས་པ་ཅན་ཉིད་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པ་ཅན་མ་ཡིན་པ་ན་མ་ཡིན་ནོ། །
เล่ม ๑๔๔ · หน้า 7a
གཏན་ནས་ནི་མ་ཡིན་ཏེ་ཞེས་བྱ་བ་ལས། ཅི་ཞེ་ན། མུན་པ་བཅོམ་པ་ཞེས་བྱ་བ་དང་སྦྱར་ཏེ། སྐབས་སུ་བབ་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ན་གང་གི་ཕྱིར་གྱི་དོན་ཏོ། །སངས་རྒྱས་ཀྱི་ཆོས་དང་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་
འཇིགས་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཤེས་པའི་ཡུལ་ལས་འདས་པས་དེ་ལ་ཐམས་ཅད་མཁྱེན་པ་ལས་གཞན་པ་རྣམས་ཀྱི་ཤེས་པ་མི་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་རྣམ་པ་བཅུ་ནི་སངས་རྒྱས་ཁོ་ནའི་སྟོབས་ཡིན་གྱི། གཞན་
གྱི་སྟོབས་སུ་ནི་མི་བརྗོད་དེ། འདི་སྟོབས་གང་ཕྱིར་ཐོགས་མི་མངའ། །ཞེས་འབྱུང་བའི་ཕྱིར་རོ། །རྣམ་པ་གཞན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་ཡང་མི་འགྱུར་རོ། །མདོ་ལས་ཀྱང་། ཤཱ་རིའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་
ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཤེས་སམ་ཞེས་དྲིས་པ་དང་། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ་ཞེས་གསུངས་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་
རྣམས་ལས་སངས་རྒྱས་ལས་གཞན་པའི་ཤེས་པ་མི་འཇུག་གོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་ཡུལ་ཅན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་དོ་ཞེས་བྱ་བར་ཤེས་སོ། །ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་། དོན་དང་ཞེས་བྱ་བ་དེ་ལ་ཡུལ་
ཤིན་ཏུ་བསྐལ་པ་ནི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་དུ་མས་མཆོད་པའི་རྟེན་གྱི་ཡུལ་རྣམས་སོ། །དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་ཉིད་གསུམ་དང་གྲངས་མེད་མཐོང་། །ཞེས་འབྱུང་བ་ལས་ན་ཡུལ་ཤིན་ཏུ་བསྐལ་པ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་
ཀྱི་ཤེས་པ་མི་འཇུག་སྟེ། གནས་བརྟན་མཽད་གལ་གྱི་བུས་ལས་ཀྱི་རླུང་གི་འཕགས་པའི་ཡི་དགས་མ་མཐོང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་རྫུ་འཕྲུལ་གྱིས་བཀུག་ནས་རྒན་པོའི་གན་དུ་བཞག་གོ་ཞེས་བྱ་བ་དཔེར་བརྗོད་པར་བྱའོ། །དུས་ཤིན་ཏུ་བསྐལ་པ་ནི་འདས་པ་དང་མ་
เล่ม ๑๔๔ · หน้า 7b
འོངས་པའི་བསྐལ་པ་དུ་མས་མཆོད་པ་རྣམས་ཏེ། དེ་ལ་ཡང་དེ་རྣམས་ཀྱི་ཤེས་པ་ཐོགས་པ་ཁོ་ན་སྟེ། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། ང་ཡིས་འདི་ཡི་ཐར་པའི་ཆའི། །ས་བོན་ཤིན་ཏུ་ཕྲ་བ་ཡང་། །མཚོན་དང་རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བ་ལྟ་
བུར་གཟིགས། །ཞེས་གསུངས་ཏེ། གནས་བརྟན་ཤཱ་རིའི་བུས་རབ་ཏུ་བྱུང་བར་ལྟོས་པའི་སྐྱེས་བུ་བཏང་བ་དེ་ཉིད་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བར་འོས་པ་ཉིད་དུ་གཞག་པར་མཛད་པ་ཡིན་ནོ། །དོན་དང་ཞེས་བྱ་བ་ནི་ཤེས་བྱ་རིང་བ་ཉིད་དེ། དེ་ཉིད་ཀྱི་ཕྱིར། རྨ་བྱའི་
མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་རྣམ་པ་ཐམས་ཅད་དག །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་གསུངས་སོ། །ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། ས་དག་ལ་རང་བཞིན་ལ་སོགས་པ་ཐ་དད་པས་རབ་ཏུ་དབྱེ་བ་
རྣམས་ལ་ཡང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །དེ་ལྟར་ན་འདིར་ཉན་ཐོས་ལ་སོགས་པ་རྣམས་ཀྱི་མི་ཤེས་པའི་རྒྱུ་རྣམ་པ་བཞི་བཤད་པར་འགྱུར་ཏེ། ཤེས་བྱ་རིང་བ་ཉིད་དང་། ཡུལ་རིང་བ་ཉིད་དང་། དུས་
རིང་བ་ཉིད་དང་། རབ་ཏུ་དབྱེ་བ་རིང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། ཤེས་བྱ་ཡུལ་དང་རབ་དབྱེ་དང་། །དུས་ནི་རིང་བ་ཉིད་ཀྱིས་ན། །རིང་བ་ཉིད་བཞིན་རབ་བཤད་པ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་མཁྱེན། །ཞེས་བཤད་དོ། །གང་གི་ཕྱིར་དེ་ལྟར་ཉན་ཐོས་ལ་སོགས་པ་
དག་ལ། སངས་རྒྱས་ཀྱི་ཆོས་ལ་སོགས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་ཡིན་པ་དེའི་ཕྱིར་དེ་དག་ཀུན་ལ་མུན་པ་གཏན་བཅོམ་པ་མ་ཡིན་ནོ། །དེ་ལྟར་བདག་ལ་ཕན་པ་ཕུན་སུམ་ཚོགས་པས་ཡང་དག་པར་བསྟོད་ནས་ཞེས་བྱ་བ་ལ། དེ་ལྟར་གྱི་སྒྲ་
ནི་ཇི་སྐད་དུ་བཤད་པའི་བསྟོད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ། །བདག་ལ་ཕན་པའི་ཕྱིར་བསྒྲུབ་པ་ནི་བདག་ལ་ཕན་པ་བསྒྲུབ་པ་སྟེ། གང་ལས་བདག་ལ་ཕན་པ་འཐོབ་པའི་བདག་ལ་ཕན་པ་ཡང་འདི་ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་འདོད་ལ། དེ་ཡང་མུན་པ་བཅོམ་པ་
เล่ม ๑๔๔ · หน้า 8a
ལས་འཐོབ་པའི་ཕྱིར་མུན་པ་བཅོམ་པ་ནི་འདིར་བདག་ལ་ཕན་པ་བསྒྲུབས་པས་མུན་པ་བཅོམ་པའོ། །དེའི་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་སྤང་བའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་དང་དེའི་འབྲས་བུ་ཐམས་
ཅད་ཀྱང་གཞན་གྱི་དོན་ཉིད་ཡིན་ཏེ། ཇི་སྐད་དུ། གདམས་པ་ཁྱོད་ཀྱི་བསོད་ནམས་འབྲས་བུ་གང་། །ཐམས་ཅད་གཞན་གྱི་དོན་ཏེ་བདག་ཕྱིར་མིན། །དེས་ན་ཁྱོད་གྲགས་ཟླ་སྣང་དང་འདྲ་བས། །ཕྱོགས་ཡུལ་མ་ལུས་བརྒྱན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་མ་ཡིན་ནམ།
དེའི་ཕྱིར་ཇི་ལྟར་བདག་ལ་ཕན་པ་སྒྲུབ་པ་ཞེས་བརྗོད་ཅེ་ན། ཉེས་པ་འདི་ནི་མེད་དེ། ཇི་ལྟར་མ་མ་བདག་ལ་མ་མའི་ཚུལ་གྱིས་ཕན་འདོགས་པ། །བྱིས་པ་ནད་མེད་ཕྱིར་ཡིན་དགའ་བ་སྤྱད་དང་ལུས་ཕྱིར་མིན། །དེ་ཕྱིར་ཁྱོད་དག་ལྷོད་མེད་འབད་པས་ཡོན་ཏན་སྐྱེད་མཛད་པ། །འགྲོས་
ལོངས་སྤྱད་བྱའི་ཕྱིར་ཏེ་གཞན་ཟིལ་མནན་དང་གྲགས་ཕྱིར་མིན། །དེའི་ཕྱིར་ཇི་ལྟར་བཀོད་པ་ཉིད་ལ་རག་གོ། །ཡང་བཅོམ་ལྡན་འདས་དེ་ཉིད་ལ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་བཅོམ་ལྡན་འདས་དེ་ཉིད་ལ་རྣམ་པ་གཞན་གྱི་སྒོ་ནས་བསྟོད་པ་བརྗོད་པ་མཚོན་པར་བྱེད་པའོ། །གཞན་
ལ་ཕན་པ་ཕུན་སུམ་ཚོགས་པ་བསྟོད་པ་ནི་ཞེས་བྱ་བ་ལ། གཞན་ལ་ཕན་པའི་ཕྱིར་སྒྲུབ་པ་ནི་གཞན་ལ་ཕན་པ་སྒྲུབ་པ་སྟེ། གཞན་ལ་ཕན་པའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཕན་པ་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་ས་ལ་བཀོད་པ་སྟེ། འཁོར་བའི་འདམ་ལས་
འགྲོ་བ་དྲངས་མཛད་པ། །ཞེས་གང་གསུངས་པའོ། །གཞན་ལ་ཕན་པ་སྒྲུབ་པ་ཞེས་བྱ་བ་ལ། དེའི་ཕུན་སུམ་ཚོགས་པ་ནི་འགྲོ་བ་ལ་བླ་ན་མེད་པའི་དོན་སྒྲུབ་པར་མཛད་པའོ། །འཁོར་བ་ནི་འགྲོ་བའི་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་། བརྒལ་བར་དཀའ་བའི་ཕྱིར་
འདམ་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ལ། འདི་དག་གིས་སམ། འདིར་འགྲོ་བ་འཁོར་བ་ནས་འཁོར་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་འམ། འགྲོ་བ་ལྔའོ། །ཀུན་ནས་ཆགས་པས་ན་ཀུན་ཏུ་ཆགས་པའམ། འདིས་ཆགས་པར་བྱེད་པས་ན་ཀུན་ཏུ་ཆགས་པ་སྟེ། བདག་དང་བདག་
เล่ม ๑๔๔ · หน้า 8b
གི་བའི་སྲིད་པའི་གཞིའི་ངོ་བོའི་ཕྱིར་ན་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་ལ། བདག་དང་བདག་གིར་ལྟ་བའི་གནས་ཡིན་པས་ན་བརྒལ་བར་དཀའ་བ་སྟེ་འཇིག་ཚོགས་ལ་ལྟ་བའི་དབང་གིས་འགོག་པ་ལ་སྐྲག་པས་དེ་ལས་མི་བརྒལ་བའི་ཕྱིར་རོ། །ཀུན་དུ་ཆགས་པའི་གནས་
དང་བརྒལ་བར་དཀའ་བ་དག་གིས་ན་འཁོར་བ་འདམ་ལྟ་བུ་སྟེ་འདམ་དང་འདྲའོ། །ཡང་ན་འཁོར་བས་ན་འཁོར་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་སྐད་ཅིག་མི་གནས་པ་སྟེ། རིགས་མཐུན་པ་དང་སྐལ་བ་མཉམ་པ་རྣམས་ལས་སྔར་སྐྱེས་པ་ཞིག་ནས་བར་ཆད་མེད་པར་གཞན་དག་
གིས་བདག་ཉིད་ཐོབ་པའོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ནི་འདམ་དང་ཆོས་མཚུངས་པ་ལས་འདམ་དང་འདྲ་བས་ན་འདམ་ཞེས་བྱ་སྟེ། དཔེར་ན་འདམ་ཆུས་བརླན་པའི་དབང་གིས་ཀུན་དུ་ཆགས་པའི་གནས་ཏེ། འབྱིང་བར་བྱེད་པའི་བདག་ཉིད་ཡིན་ལ། དེར་བྱིང་བ་བ་ལང་རྒན་
པོ་ལ་སོགས་པ་རྣམས་ཀྱིས་རང་གིས་གཡོ་འགུལ་དག་གིས་བརྒལ་བར་དཀའ་བ་དེ་བཞིན་དུ། འཁོར་བ་ཡང་སྲིད་པའི་སྲེད་པའི་བརླན་གྱི་དབང་གིས་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་ལ། ལྟ་བ་ངན་པའི་གཡོ་བག་དག་གིས་བརྒལ་བར་དཀའ་བའོ། །རྣམ་པ་གཅིག་
ཏུ་ན་འཇིག་ཚོགས་ལ་ལྟ་བས་དེའི་འགོག་པ་ལ་སྐྲག་པས་འཇིག་ཚོགས་ལ་ལྟ་བའི་དབང་གིས་ཀུན་དུ་ཆགས་པའི་གནས་ཡིན་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱིས་བརྒལ་བར་དཀའ་བ་སྟེ། ལམ་གཞན་ལ་བརྟེན་པ་དང་། ལམ་ལ་ཐེ་ཚོམ་ཟ་བའི་ཕྱིར་
ཏེ། འདི་ལྟར། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་བཤད་དོ། །ཡང་ན་ཇི་ལྟར་འདམ་མི་འབྲལ་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་དུ་ཆགས་པའི་གནས་ཡིན་ལ། གཞན་ལ་
བསྟན་ནས་བརྒལ་བ་ཡིན་པའི་ཕྱིར་བརྒལ་བར་དཀའ་བ་ཡིན་པ་དེ་བཞིན་དུ་འཁོར་བ་ཡང་རྗེས་སུ་ཆགས་པའི་ཀུན་དུ་ཆགས་པའི་གནས་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བརྒལ་བའི་ཕྱིར་བརྒལ་བར་དཀའ་བ་སྟེ། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་སངས་
เล่ม ๑๔๔ · หน้า 9a
རྒྱས་འབྱུང་བ་དཀོན་པའི་ཕྱིར་རོ། །འགྲོ་བ་དེར་བྱིང་བ་སྐྱབས་མེད་པ་ལ་ཞེས་བྱ་བ་ལ། ཆེས་འགྲོ་བས་ན་འགྲོ་བ་སྟེ། ཏེ་པོར་འགྲོ་བའི་ཕྱིར་རོ། །བྱིང་བ་མི་ནུས་པ་སྟེ། དེའི་བདག་ཉིད་དུ་གནས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱབས་མེད་པ་ནི་དཔུང་གཉེན་མེད་
ཅིང་ཆོ་ངེས་བརྡུང་བ་མེད་པའོ། །ཐུགས་བརྩེ་བ་དང་ལྡན་པ་ནི་སྙིང་བརྩེ་བ་དང་ལྡན་པ་སྟེ། ཐུགས་རྗེ་བ་དང་ལྡན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་སོ་ཞེས་བྱ་བའོ། །སྐྱབས་མེད་པ་སྨོས་པ་ནི་རྗེས་སུ་བརྩེ་བར་འོས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །དམ་པའི་ཆོས་
སྟོན་པའི་ཕྱག་བརྐྱང་བ་དག་གིས་ཞེས་བྱ་བ་ལ། དམ་པ་བཀྲ་ཤིས་པ་མཆོད་པར་འོས་པ་རྣམས་ཀྱི་མདོ་ལ་སོགས་པའི་ཆོས་རྣམས་སྟོན་པ་ནི་གསལ་བར་བྱེད་པའོ། །དམ་པའི་ཆོས་སྟོན་པ་ཉིད་ཕྱག་བརྐྱང་བ་ཡིན་པས་ན་དམ་པའི་ཆོས་སྟོན་པའི་ཕྱག་རྐྱོང་བ་དག་སྟེ། འཁོར་བའི་
འདམ་དུ་བྱིང་བ་དྲངས་པ་དང་འབྲེལ་པས་ཕྱག་དང་ཆོས་མཐུན་པས་ཕྱག་བརྐྱང་བ་དང་འདྲ་བས་ན་ཕྱག་བརྐྱང་བ་ཡིན་པའི་ཕྱིར་རོ། །མང་པོའི་ཚིག་ནི་གདུལ་བའི་དབྱེ་བ་ལྟར་བསྟན་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་ཏེ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་
གསུངས། །ཞེས་ཇི་སྐད་དུ་བཤད་པ་ལྟ་བུའོ། །གལ་ཏེ་འཁོར་བ་ཡང་ཕུང་པོ་ལྔ་ཡིན་ལ། འགྲོ་བ་ཡང་ཕུང་པོ་ལྔ་ཡིན་ན། དེའི་ཕྱིར་ཇི་ལྟར་དེ་ཉིད་དེ། འདྲེན་པ་ལས་འབྱུང་ཁུངས་ཀྱི་དོན་ཡིན་ཞེ་ན། ཉེས་པ་འདི་ནི་མེད་དེ། འཁོར་བ་ནི་འགྲོ་བ་ལྔ་དང་། ཁམས་གསུམ་ཞེས་བྱ་བ་ཡིན་
ལ། དྲངས་པ་ནི་གདུལ་བྱ་སྐལ་བ་དང་ལྡན་པའི་ངོ་བོའི་འགྲོ་བ་སྟེ། ངན་འགྲོ་གསུམ་དང་། སྐྱེ་བ་ཉམ་ང་བ་ཐམས་ཅད་ལས་འདྲེན་པས་འབྱུང་ཁུངས་ཀྱི་དོན་འཐད་དོ། །གལ་ཏེ་བདག་ཅག་ལ་སོགས་པ་རྣམས་འཁོར་བ་ན་གནས་ན་ཇི་ལྟར་འགྲོ་བ་འཁོར་བའི་འདམ་ལས་དྲངས་ཞེས་
བྱ་བའི་འགལ་བ་འདི་བསལ་བའི་ཕྱིར། སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་སོ་ཞེས་བྱ་བ་སྨོས་སོ། །ཕྱོགས་ཅན་བཞིན་དུ་ཕྱོགས་ལ་ཡང་འདོགས་པའི་ཕྱིར་རམ། འགྲོ་བ་མ་ལུས་པ་ལ་དམན་པའི་དོགས་པ་འཇུག་པའི་ཕྱིར་འགྲོ་བ་མཐའ་དག་འདྲེན་པར་སྤྱོད་པའི་དབང་དུ་བྱས་
เล่ม ๑๔๔ · หน้า 9b
ནས་དེ་སྐད་བརྗོད་དེ། ཉི་མ་བཞིན་ནོ། །འདི་ལྟར་ཉི་མ་ནི་པདྨ་ཁ་འབྱེད་པར་ནུས་པ་ཡིན་ཡང་གང་ཡོངས་སུ་སྨིན་པ་དེ་ཉིད་ཁ་འབྱེད་པར་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་འགྲོ་བ་འདྲེན་པར་སྤྱོད་པ་ན། གང་དག་རྒྱུད་ཡོངས་སུ་སྨིན་པ་དེ་དག་ཁོ་ན་དྲངས་ཏེ། གཞན་
དག་ན་མ་ཡིན་ནོ། །སྨྲས་པ། ཇི་ལྟར་ཉི་མ་ཤར་བ་ན། །ཡོངས་སྨིན་པདྨ་ཁ་འབྱེད་ལྟར། །དེ་བཞིན་དེ་བཞིན་གཤེགས་བྱུང་ཡང་། །བསམ་པ་ཡོངས་སྨིན་ཁོ་ན་སྦྱོང་། །འདིར་བསྣན་པ་ཡང་སྟེ། གང་དང་གང་སྐལ་བ་དང་ལྡན་པ་དེ་དང་དེ་དྲངས་སོ་ཞེས་བྱ་བའི་དོན་ཏོ། །
ཡང་སྐལ་བ་དང་ལྡན་པ་གང་ཞིག་ཅེ་ན། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའོ། །སྐལ་བ་དང་མི་ལྡན་པ་རྣམས་ནི་རང་གིས་ཉེས་པས་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་འདུལ་བའི་ཐབས་མཁས་པའི་མཐར་ཐུག་པ་བརྙེས་པ་རྣམས་ཀྱིས་འཁོར་བའི་
འདམ་ནས་དྲང་བར་མི་སྤྱོད་དེ། ཇི་སྐད་དུ། ཁྱོད་ཀྱིས་ཕྱི་རོལ་ཡན་ལག་སྟོབས། །མཐའ་དག་ཡང་དག་བསྒྲུབས་མོད་ཀྱི། །གང་གི་བདག་ཉིད་སྟོབས་བྲལ་བ། །བྱིས་པ་རྣམས་ནི་ཉོན་མོངས་བསྟེན། །ཞེས་བཤད་དོ། །གཞན་ཡང་། བརྩེ་བས་བསྟན་པའི་ཕྱག་བརྐྱང་ནས། །
ཐར་པའི་ས་བོན་བསྐྲུན་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོ་དང་། །སྲིད་པ་དག་ལས་འདྲེན་པར་མཛད། །ཅེས་གསུངས་སོ། །སྐལ་བ་དང་མི་ལྡན་པ་ནི་ལོག་པ་ཉིད་དུ་ངེས་པ་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང་། མ་བསྟན་པ་དང་།
གཟུགས་དང་གཟུགས་མེད་པར་སྐྱེ་བ་རྣམས་ཏེ། དེར་མཐོང་བའི་ལམ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར། སྐལ་བ་དང་ལྡན་པ་རྣམས་ཁོ་ན་ཕྱི་དང་ནང་གི་ཕུན་སུམ་ཚོགས་པ་དང་ལྡན་པས་དྲངས་པ་ཡིན་ནོ། །བཤད་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་
འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་འབྲས་མི་མྱོང་། །ཞེའོ། །ཡང་ན་གང་ཞིག་རྣམ་པ་གང་གི་སྐལ་བ་དང་ལྡན་པ་དེ་དེ་ཁོ་ནས་དྲངས་ཏེ། ཕུང་པོ་བསྟན་པའམ། ཁམས་དང་སྐྱེ་མཆེད་དམ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་སོ། །
เล่ม ๑๔๔ · หน้า 10a
དེ་ལྟ་ན་འདིས་ནི་བཅོམ་ལྡན་འདས་ཀྱིས་ཆོས་གསུང་བ་དོན་དང་བཅས་པར་སྟོན་པར་བྱེད་དོ། །རྣམ་པ་གཅིག་ཏུ་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་རིགས་ཅན་ཡིན་པས་སེམས་ཅན་རྣམ་པ་གསུམ་ཡིན་ལ། དེ་དག་ལས་གང་ཞིག་
ཐེག་པ་གང་གིས་དྲང་བར་སྐལ་བ་དང་ལྡན་པ་དེ་ཉིད་ཀྱིས་དྲངས་ཏེ། འདིས་ནི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་། བླ་ན་མེད་པའི་དགེ་བའི་བཤེས་གཉེན་ཉིད་དུ་བསྟན་ཏོ། །དོན་བཞིན་སྟོན་པའོ་ཞེས་བྱ་བ་ལ། དོན་གང་ཞིག་ཇི་ལྟར་གནས་པ་དེ་དེ་
ཁོ་ན་ལྟར་སྟོན་གྱི་གཞན་དུ་མ་ཡིན་པས་ན་དོན་བཞིན་སྟོན་པའོ། །ཡང་ན་དོན་ཇི་ལྟ་བ་དང་། དགོས་པ་ཇི་ལྟ་བ་བཞིན་དུ་འདུལ་བར་བྱེད་པས་ན་དོན་བཞིན་སྟོན་པ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་འདོད་པ་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་འདུལ་བར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་
གཞན་ལ་ཡང་བརྗོད་པར་བྱའོ། །ཡང་ཇི་ལྟར་དོན་བཞིན་སྟོན་པ་ཉིད་ཀྱི་སྒོ་ནས་འདིའི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་གསལ་བར་བྱེད་ཅེ་ན། དེའི་ཕྱིར། དེ་ནི་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུའི་སྒྲ་ནུས་མཐུའི་རྗོད་པར་བྱེད་པ་ནི་རྫུ་
འཕྲུལ་གྱི་མཐུ་མ་ཡིན་ལ། དམ་པ་སྦྱིན་པའི་མཐུས་ཀྱང་མ་ཡིན་ནོ་ཞེས་རེ་རེ་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཡང་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་སེམས་ཅན་རྣམས་སྐད་ཅིག་ཙམ་སེམས་ཞེ་སྡང་དང་བྲལ་བ་ལ་སོགས་པར་ནི་འགྱུར་ལ། གཞན་གྱི་སེམས་ཀྱང་
ཤེས་མོད་ཀྱི། བཅོམ་ལྡན་འདས་ཀྱི་མཐུས་དེ་དག་གི་ཉོན་མོངས་པ་སྤངས་པར་མི་འགྱུར་ཏེ། འོ་ན་ཅི་ཞེ་ན། དམ་པའི་ཆོས་བསྟན་པ་ལས་དོན་རྟོགས་པའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་རོ། །དེ་སྐད་དུ་ཡང་། ཡང་དག་པའི་ལྟ་བ་བསྐྱེད་པ་ལ་རྒྱུ་གཉིས་དང་། རྐྱེན་
གཉིས་ཏེ། གཞན་གྱི་སྒྲ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་བཤད་དོ། །ཉོན་མོངས་པ་སྤངས་པ་མེད་པར་འཁོར་བའི་འདམ་དང་བྲལ་བ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་སོ། །
เล่ม ๑๔๔ · หน้า 10b
རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དམ་པ་སྦྱིན་པ་ནི་དཔེར་ན་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས། སྒྲ་སྒྲོགས་ལ་སོགས་པ་དག་ལྷ་ལ་སོགས་པ་རྣམས་ཀྱིས་བསད་པར་བྱ་བ་མ་ཡིན་པ་ཉིད་ལྟ་བུའོ། །གཞན་དག་ནི་ཇི་ལྟར་ནོར་བུ་དང་སྨན་གྱི་མཐུས་
རིམས་ལ་སོགས་པ་དང་བྲལ་བར་འགྱུར་བ་ལྟར། མཐུ་རྫུ་འཕྲུལ་དང་། དམ་པ་སྦྱིན་པ་ལ་སོགས་སུ་འདོད་དོ། །དེ་ལྟ་ན་ཇི་ལྟར་གྲོང་ཁྱེར་དུ་ཞུགས་པས་ལོང་བ་རྣམས་ཀྱིས་གཟུགས་མཐོང་། འོན་པ་རྣམས་ཀྱིས་སྒྲ་ཐོས་ཞེས་བྱ་བ་ལ་སོགས་པ་ལྟར་རྒྱལ་པོའི་མཐུས་ཉོན་
མོངས་པ་སྤངས་པར་མི་འགྱུར་རོ། །གཉེན་པོ་སྐྱེས་པ་མེད་པ་ནི་རྫུ་འཕྲུལ་མཐོང་བ་རྣམས་ལས་འགགས་ཀྱང་ཉོན་མོངས་པ་མེད་པར་མ་མཐོང་ལ། དམ་པ་སྦྱིན་པའི་མཐུས་ཀྱང་མ་ཡིན་ནོ། །རྫུ་འཕྲུལ་དང་། ཀུན་བརྗོད་པ་དག་གིས་ནི་སེམས་ཅན་རྣམས་རངས་པ་ཙམ་ཞིག་
ཏུ་འགྱུར་ན། རངས་པ་ཙམ་གྱིས་ནི་ཉོན་མོངས་པ་སྤོང་བ་ཡང་མ་ཡིན་ནོ། །ཉོན་མོངས་པ་རྣམས་ནི་འཁོར་བའི་རྩ་བ་ཡིན་པའི་ཕྱིར་ཉོན་མོངས་པ་སྤངས་པ་མེད་པར་འཁོར་བའི་འདམ་ལས་བརྒལ་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྫུ་འཕྲུལ་དང་། དམ་པ་སྦྱིན་པའི་མཐུས་འཁོར་
བའི་འདམ་ལས་དྲངས་པ་མེད་དོ། །ཚིགས་སུ་བཅད་པ་འདིར་ནི་གཞན་གྱིས་སྟོན་པ་དང་། བསྟན་པ་དང་། སློབ་མ་དག་ལས་བཅོམ་ལྡན་འདས་བདག་དང་། དེའི་བསྟན་པ་དང་། དེའི་སློབ་མ་རྣམས་ཁྱད་པར་དུ་འཕགས་པར་བརྗོད་དེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་
པའི་ཕྱིར་དང་། འཁོར་བའི་འདམ་ལས་བརྒལ་བའི་ཐབས་ཡིན་པའི་ཕྱིར་དང་། འཁོར་བའི་འདམ་ལས་བརྒལ་བའི་ཕྱིར་རོ། །གཞན་དག་ནི་སྟོན་པར་ཁས་བླངས་པར་ཟད་ཀྱི། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་མ་ཡིན་ལ། དེ་དག་གི་བསྟན་པ་ནི་འཁོར་བའི་འདམ་ལས་
བརྒལ་བའི་ཐབས་མ་ཡིན་ཞིང་དེ་དག་གི་སློབ་མ་རྣམས་ཀྱང་འཁོར་བའི་འདམ་ལས་བརྒལ་བ་མ་ཡིན་ནོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །ཡང་ན་གོ་རིམས་བཞིན་དུ་སྤངས་པའི་མཐར་ཕྱིན་པ་དང་། ཡེ་ཤེས་ཀྱི་མཐར་ཕྱིན་པ་དང་། གཞན་ལ་ཕན་པའི་མཐར་ཕྱིན་པ་དང་། གཞན་
เล่ม ๑๔๔ · หน้า 11a
ལ་ཕན་པའི་ཐབས་ཀྱི་མཐར་ཕྱིན་པའོ། །དེ་ལྟར་བདག་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ལ། དེ་ལྟར་གྱི་སྒྲ་ནི་ཇི་སྐད་བཤད་པའི་བསྟོད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ། །སྤངས་པ་དང་ཡེ་ཤེས་ཕུན་
སུམ་ཚོགས་པ་དང་ལྡན་པས་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ལ། དམ་པའི་ཆོས་སྟོན་པ་འབྲས་བུ་དང་བཅས་པའི་སྟོན་པ་པོ་ཡིན་པའི་ཕྱིར། གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཚོགས་བསྙད་ནས་ཞེས་བྱ་བས་གུས་པའི་
ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཕྱག་འཚལ་ནས་ཞེས་བྱ་བ་ནི་མགོས་བཏུད་ནས་སོ་ཞེས་བཤད་དོ། །གལ་ཏེ་ན་མའི་སྒྲ་དང་ལྡན་ན་བཞི་པར་འགྱུར་ན། འདི་ན་ནི་ན་མའི་སྒྲ་མེད་པ་མ་ཡིན་ནམ་ཞེ་ན། ཉེས་པ་འདི་ནི་མེད་དེ། ཡང་དག་པར་བྱེད་པའི་མཚན་ཉིད་ཀྱི་དོན་ཅན་གྱི་
བཞི་པའོ། །འདི་ལྟར་བྱ་བ་སྨོས་པ་བརྗོད་དེ། ཁྱིམ་ཐབ་ལ་ཉལ་འགྱེད་པ་ལ་གོ་བགོས་ཞེས་ཉལ་བ་དང་བགོ་བའི་བྱ་བས་ཁྱིམ་ཐབ་དང་གཡུལ་འགྱེད་པ་མངོན་པར་འདོད་པས་ཡང་དག་པར་སྦྱིན་པའི་བཞི་པ་གྲུབ་པ་དེ་བཞིན་དུ་འདིར་ཡང་ཕྱག་འཚལ་བས་སྟོན་པ་མངོན་པར་འདོད་
པར་བྱེད་པ་པོའི་མཚན་ཉིད་ཁོ་ནའི་བཞི་པ་ཡིན་ནོ། །བཏུད་ནས་ཀྱི་སྒྲ་ནི་ན་མའི་སྒྲ་དང་དོན་འདྲ་བས་ཉེས་པ་མེད་དོ། །དེ་ལ་ཕྱག་འཚལ་ནས་ཞེས་གསུངས་པ་ལ། བྱེད་པ་པོ་མཚུངས་པའི་བྱ་བ་གཉིས་ཀྱིས་སྔར་གྱི་དུས་ཀྱི་བྱ་བ་ལ་གནས་བསྒྲུབ་པར་བྱ་སྟེ། དཔེར་ན་ཁྲུས་བྱས་
ནས་བཟའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་བྱ་བ་གཞན་ལ་བལྟས་པས་ཅི་ཞིག་བྱ་ཞེས་བྱ་བ་སྨྲས་སོ། །སློབ་དཔོན་གྱིས་ཀྱང་། བསྟན་བཅོས་རབ་བཤད་བྱ། ཞེས་བྱ་བ་གསུངས་ཏེ། སློབ་མ་འཆོས་པས་ན་བསྟན་བཅོས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་
དང་། ཉེ་བའི་ཉོན་མོངས་པ་ཀུན་ཏུ་རྒྱུའི་དབང་གིས་ལམ་གོལ་བར་རྒྱུ་བའི་སློབ་མ་བསྟན་བཅོས་ཀྱི་རྗེས་སུ་མཐུན་པའི་ལམ་ལ་འཇོག་པའོ། །འཆོས་པས་ན་བསྟན་བཅོས་སམ། འདིས་འཆོས་པས་ན་བསྟན་བཅོས་སོ། །རྣམ་པ་གཅིག་ཏུ་ནི་ཉོན་མོངས་པའི་སྒྲ་འཆོས་པ་དང་།
เล่ม ๑๔๔ · หน้า 11b
ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་ན་བསྟན་བཅོས་ཏེ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་དེ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །
བསྟན་བཅོས་གང་ཞེ་ན་ཞེས་བྱ་བ་ནི་མིང་ཅི་ཞིག་ཅེས་བྱ་བའི་དོན་ཏེ། དེའི་ཕྱིར། ཆོས་མངོན་མཛོད་ཅེས་གསུངས་སོ། །ཆོས་མངོན་པ་སྨོས་པ་ནི་བསྟན་བཅོས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །མཛོད་སྨོས་པ་ནི་ཆོས་མངོན་པའི་བསྡུས་པའི་ངོ་བོར་ཤེས་པར་བྱ་བའི་ཕྱིར་རོ། །འདིའི་
མཛོད་ཆོས་མངོན་པ་ཡིན་པའམ། ཆོས་མངོན་པའི་མཛོད་ཡིན་པས་ཆོས་མངོན་པ་མཛོད་དོ། །ཅིའི་ཕྱིར་འདི་བརྩམས་ཤེ་ན། ཆོས་མངོན་པ་རྒྱས་པ་བསྡུ་བར་བྱ་བའི་ཕྱིར་རོ། །དེ་ལྟ་ཡིན་དང་བྱ་བ་དུ་མས་སེམས་གཡེང་བ་དང་བློ་ཞན་པ་རྣམས་རྗེས་སུ་གཟུང་བར་བྱས་པར་
འགྱུར་རོ། །དེ་ལ་གང་ལ་བསྟོད་པ་དང་། ཇི་ལྟར་དང་། གང་གི་དོན་དུ་བསྟོད་པ་དེ་ཚིགས་སུ་བཅད་པ་འདི་ངོ་བསྟན་ཏོ། །ཆོས་མངོན་མཛོད་ཅེས་སྨྲས་པ་ན་ཚིག་བསྡུ་བའི་ཡན་ལག་ཡིན་པའི་ཕྱིར་གཉིས་དམ་བཅས་པར་འགྱུར་ཏེ། ཆོས་མངོན་པ་མཛོད་དོ། །ཆོས་མངོན་པ་
དམིགས་ཀྱིས་དགར་བའི་ཕྱིར། ཆོས་མངོན་པ་ཞེས་བྱ་བ་འདི་གང་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཡན་ལག་གི་དོན་དམིགས་ཀྱིས་དགར་ན་ཚིག་བསྡུ་བའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་རོ། །ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་བྱ་བ་ལ། ཤེས་རབ་སྨོས་
པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཆོས་མངོན་པ་ནི་ཕུང་པོ་ལྔའི་ཞེས་འབྱུང་བས་ཤེས་རབ་ཁོ་ན་ཆོས་མངོན་པ་ནི་མ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ནི་ཆོས་རྣམས་རྣམ་པར་ཕྱེ་སྟེ། རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པའོ། །དྲི་མེད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་
བསལ་བར་བྱ་བའི་ཕྱིར་ཏེ། དོན་དམ་པ་བརྗོད་པར་འདོད་པའི་ཕྱིར་རོ། །དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་ཟག་པ་མེད་པའོ་ཞེས་སྨོས་ཏེ། དེ་ལ་འདོད་ཆགས་ལ་སོགས་པ་ཟག་པ་རྣམས་ཀུན་ཏུ་རྒྱས་པར་མི་འགྱུར་བས་ན་ཟག་པ་མེད་པའོ། །ཡང་ཅི་ཤེས་རབ་དྲི་མ་
เล่ม ๑๔๔ · หน้า 12a
མེད་པ་ཁོ་ན་ཆོས་མངོན་པ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྗེས་འབྲང་བཅས་སོ། །རྗེས་སུ་འབྲང་བ་ནི་ཤེས་རབ་ཀྱི་འཁོར་ཏེ། དུས་དང་འབྲས་བུ་ལ་སོགས་པ་དག་དང་། དགེ་བ་ཉིད་ཀྱིས་ཤེས་རབ་ཀྱི་རྗེས་སུ་འཇུག་པའི་གཟུགས་
དང་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་དང་། སེམས་དང་། དེ་དག་གི་ཐོབ་པ་དང་། སྐྱེ་བ་ལ་སོགས་པ་དག་གོ། །དེ་ལ་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་། བསམ་གཏན་ཁྱད་པར་ཅན་ལ་བརྟེན་པའི་ཤེས་རབ་ལ་ནི་གང་གིས་གང་དེ་སྐད་དུ་བཤད་པ་
ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བས་བསྡུས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་རྗེས་སུ་འཇུག་པར་ཡོད་དོ། །དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔ་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་རོ། །གཟུགས་མེད་པ་གསུམ་ལ་བརྟེན་པའི་ཆོས་མངོན་པ་ནི་
ཕུང་པོ་བཞི་པའོ། །གལ་ཏེ་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་སེམས་ཉིད་གཙོ་བོ་ཡིན་ཏེ། དེའི་ཕྱིར་དེ་ཉིད་དྲི་མ་མེད་པ་རྗེས་སུ་འབྲང་བ་དང་བཅས་པ་ཆོས་མངོན་པ་ཡིན་ལ་རག་མོད་ཅེ་ན། བྱ་བ་དང་། མཐོང་བ་དང་། དམིགས་པ་མངོན་པར་རྟོགས་པ་ལ་ནུས་པ་དང་ལྡན་པའི་
ཕྱིར། སེམས་དང་སེམས་ལས་བྱུང་བ་གཞན་དག་པས་གཙོ་བོ་ཡིན་པ་དེའི་ཕྱིར་ཤེས་རབ་ཁོ་ན་རྗེས་སུ་འབྲང་བ་དང་བཅས་པ་ལ་ཆོས་མངོན་པར་བརྗོད་ཀྱི། སེམས་ནི་མ་ཡིན་ཏེ། དེའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ཀྱི་དབང་པོ་རྗེས་སུ་འབྲང་བ་དང་བཅས་པ་ནི་དོན་དམ་པའི་ཆོས་མངོན་པའི་
ཞེས་ལེགས་པར་བཤད་པར་འགྱུར་རོ། །རེ་ཞིག་འདི་ནི་དོན་དམ་པའི་དགོས་པ་ཅན་ཏེ། མྱ་ངན་ལས་འདས་པའི་དགོས་པ་ཅན་ཡིན་པས་དོན་དམ་པ་ཡིན་པའི་རྣམ་པར་འགྱུར་བ་བཞིན་དུ་རང་གི་དོན་ལ་འཕེལ་བ་བསྒྲུབས་པས་དོན་དམ་པ་ཉིད་དོན་དམ་པ་པའོ། །དོན་དམ་པ་པ་ཞེས་ཁྱད་
པར་དུ་བྱས་པས་བརྡར་བཏགས་པ་ཡང་ཡོད་དོ་ཞེས་ཤེས་པར་བྱས་པ་ཡིན་ནོ། །བརྡར་བཏགས་པ་པ་ཞེས་བྱ་བ་ནི་བཏགས་པ་དང་ཀུན་ཏུ་ཐ་སྙད་པ་ཞེས་བྱ་བའི་དོན་ཏོ། །གང་དང་ཞེས་བྱ་བ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའོ། །ཟག་པ་དང་བཅས་པ་ཞེས་བྱའོ། །
เล่ม ๑๔๔ · หน้า 12b
ཟག་པ་མེད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར། ཟག་པ་དང་བཅས་པ་ཞེས་ཁྱད་པར་དུ་བྱས་པ་ནི་བསྒོམས་པ་ལས་བྱུང་བ་ཁོ་ན་རྣམ་པ་གཉིས་པ་ཡིན་པའི་ཕྱིར་ཏེ། ཐམས་ཅད་ལ་ནི་ཁྱད་པར་མ་ཡིན་ནོ། །འདིར་ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱི་གོ་རིམས་ནི་སྐྱེ་བའི་དབང་
གིས་སོ། །ཤེས་རབ་ཀྱི་ཁྱད་པར་འདི་དག་མ་ཐོབ་པའི་ཟག་པ་མེད་པ་མི་སྐྱེའོ། །འདི་དག་གི་མཚན་ཉིད་ནི། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་འཆད་པར་འགྱུར་རོ། །སྐྱེ་གནས་ཐོབ་པ་ཞེས་བྱ་བ་ནི་སྐྱེས་པས་ཐོབ་ཅིང་ལྡན་པ་གང་ལ་
ཡོད་པ་ཡིན་གྱི། སྦྱོར་བ་ལས་བྱུང་བ་ནི་མ་ཡིན་ཏེ། གོང་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་འདྲ་བར་ཐོབ་པའོ། །རྗེས་སུ་འབྲང་བ་དང་བཅས་པའོ་ཞེས་ཁ་མར་བསྟན་པ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་དག་ལ་ཡང་སྦྱར་རོ། །དེ་ལ་ཇི་
ལྟར་སྐྱེས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་ཕུང་པོ་བཞིའི་རང་བཞིན་ཡིན་པ་དེ་བཞིན་དུ་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་ཡང་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་ཕུང་པོ་ལྔ་པ་སྟེ། ཉེ་བར་བསྡོགས་པ་དང་། བསམ་གཏན་དང་། བསམ་གཏན་ཁྱད་པར་ཅན་དག་ན་བསམ་
གཏན་གྱི་སྡོམ་པ་ཡོད་པའི་ཕྱིར་རོ། །ཉེ་བར་བསྡོགས་པ་རྣམས་དང་། གཟུགས་མེད་པ་རྣམས་ན་ནི་ཕུང་པོ་བཞི་པའོ། །བསྟན་བཅོས་གང་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་སྟེ། དེ་ཡང་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་མི་ལྡན་པའི་འདུ་བྱེད་ཀྱི་རང་བཞིན་ཡིན་
ལ། ཚིག་གི་རང་བཞིན་ཡིན་པའི་ཕྱིར་སྒྲའི་རང་བཞིན་ཏེ། དེ་སྐད་དུ་ཡང་། ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་སོ། །གཞན་དག་ན་རེ་འདིར་ཡང་འཁོར་དང་བཅས་པ་སྨོས་པའི་རྗེས་བསྙགས་པ་ལས་ན་བསྟན་བཅོས་ཀྱང་ཕུང་པོ་གཉིས་
པའམ། ཕུང་པོ་གཅིག་པ་ཞེས་དེ་ལ་ཡང་དེའི་ཕྱོགས་སུ་འགྱུར་བས་ཆོས་མངོན་པ་ཞེས་བྱ་སྟེ། དེའི་ཕྱིར་འདིས་ནི་དེ་བརྡར་བཏགས་པ་ཉིད་དུ་གསལ་བར་བྱེད་དོ། །ཆོས་མངོན་པའི་རྒྱུ་ནི་ཆོས་མངོན་པ་ཡིན་ཏེ། དཔེར་ན་ཞོ་དང་ག་གོན་ནི་མངོན་ག་པའོ། །ལྟེང་ཀའི་ཆུ་ལ་རྐང་ནད་དོ་ཞེས་རིམས་ཀྱི་རྒྱུ་
เล่ม ๑๔๔ · หน้า 13a
ལ་རིམས་ཞེས་བརྗོད་པ་བཞིན་ནོ། །སྒྲ་རྣམས་ཀྱི་འཇུག་པ་གཉིས་ཏེ། གཙོ་བོ་དང་། ཕལ་པའོ། །ཚོགས་སུ་གྱུར་པ་ནི་རྒྱུར་གྱུར་པ་སྟེ། ཅི་རིགས་པར་དངོས་དང་བརྒྱུད་པའི་སྒོ་ནས་རིག་པར་བྱའོ། །ཇི་ལྟར་སྐྱེས་ནས་ཐོབ་པའི་ཤེས་རབ་མེད་པར་ཡེ་ཤེས་ལ་འཇུག་པ་ལ་
སོགས་པའི་ཚིག་གི་རྣམ་པར་འདོན་པར་མི་ནུས་པས་དངོས་དང་བརྒྱུད་པའི་སྒོ་ནས་ཤེས་རབ་ཟག་པ་མེད་པའི་ཚོགས་སུ་འགྱུར་བས་སྐྱེ་བས་ཐོབ་པ་ཆོས་མངོན་པར་འདོད་པ་དེ་བཞིན་དུ། བསྟན་བཅོས་ཀྱང་དོན་གསལ་བར་བྱེད་པ་ཡིན་པའི་ཕྱིར་དངོས་སམ་བརྒྱུད་པའི་སྒོ་ནས་ཐོས་པ་ལ་སོགས་པ་ལས་
བྱུང་བའི་ཤེས་རབ་རྣམས་ཀྱི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བྱའོ། །དེ་ལྟར་ན་འོ་ན་མདོ་སྡེ་ལ་སོགས་པ་དེ་བཞིན་གཤེགས་པའི་གསུང་གི་རྣམ་པ་ཐམས་ཅད་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མདོ་སྡེ་
ནི་ཕལ་ཆེར་གདུལ་བྱའི་བསམ་པ་ལ་མངོན་དུ་ཕྱོགས་པ་ཡིན་ཞིང་། འདུལ་བ་ནི་བྱུང་བས་རབ་ཏུ་ཕྱེ་བ་ཡིན་ལ། ཆོས་མངོན་པ་ནི་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པ་ཁོ་ན་ཡིན་པས་དེ་ཁོ་ན་ལ་ཆོས་མངོན་པ་ཞེས་མིང་དུ་གྲགས་སོ། །དེའི་ཕྱིར་གཞན་ལ་ཐོབ་པར་འགྱུར་བ་མེད་དོ། །
ངེས་པའི་ཚིག་ཏུ་ན་ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་ཕྱེ་སྟེ་གཏན་ལ་ཕབ་པའི་ཚིག་སྟེ། མིང་འགོད་པའི་རྒྱུ་མཚན་སྟོན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ན་ཆོས་སོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། འདོད་པའི་ཕྱིར་ཉེས་པ་མེད་དོ། །ཁོ་བོ་ཅག་གི་ལྟར་
ན་ནི་ཐམས་ཅད་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཀྱི་རང་བཞིན་ལས་མི་འདའོ་ཞེས་བྱ་བའི་དོན་ནོ། །དེ་ལྟ་བས་ན་འདི་ནི་དོན་དམ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ། དམ་པའི་སྒྲ་ནི་མཆོག་གི་རྣམ་གྲངས་སོ། །དོན་གྱི་སྒྲ་ནི་ཤེས་བྱའི་རྣམ་གྲངས་སོ། །ཆོས་ཀྱི་སྒྲ་ནི་དངོས་པོའི་
རྣམ་གྲངས་ཏེ། དོན་དམ་པའི་ཆོས་ཞེས་བྱ་བས་མཆོག་ཏུ་བྱུང་བའི་ཤེས་བྱའི་དངོས་པོ་ཞེས་བྱ་བ་འདི་བསྟན་པར་འགྱུར་རོ། །ཡང་དེ་ཅི་ཞིག་ཅེ་ན། དེའི་ཕྱིར། མྱ་ངན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། འམ་གྱི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏོ། །མྱ་ངན་ལས་འདས་པ་ནི་དགེ་བ་
เล่ม ๑๔๔ · หน้า 13b
དང་དག་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་དོན་ནི་དོན་དམ་པའོ། །སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་རྣམས་ཀྱང་དེའི་དོན་ཡིན་པས་དེའི་ཕྱིར་མྱ་ངན་ལས་འདས་
པ་ཞེས་བྱ་བ་སྨོས་སོ། །ཡང་ན་དོན་གྱི་སྒྲ་ནི་དགོས་པ་བརྗོད་པའོ། །དགོས་པ་དམ་པ་ནི་དོན་དམ་པ་སྟེ། དེ་ལས་གཞན་པའི་དགོས་པ་ཁྱད་པར་དུ་འཕགས་པ་ཡོད་པ་མ་ཡིན་ནོ། །དེ་ཡང་ཅི་ཞིག་ཅེ་ན། དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་སྣམ་བུ་ཐག་པ་ལས་ངེས་
པར་བྱུང་བས་མྱ་ངན་ལས་འདས་པའོ། །ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། འདིས་མཚོན་པར་བྱེད་པས་ན་མཚན་ཉིད་དེ། ཟག་པ་དང་བཅས་པ་རྣམས་མི་རྟག་པ་ལ་སོགས་པའི་རྣམ་པ་དང་། རྒྱུ་ལ་སོགས་པའི་རྣམ་པ་དང་། ཟག་པ་མེད་པ་རྣམས་ཞི་བ་ལ་སོགས་པའི་
རྣམ་པ་དང་། ལམ་ལ་སོགས་པའི་རྣམ་པར་རོ། །མངོན་པ་ཞེས་བྱ་བ་འདི་ཉེ་བར་བསྒྱུར་བ་སྟེ། མངོན་དུ་ཕྱོགས་པའོ། །དེ་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ན་མངོན་དུ་ཕྱོགས་པ་ཡིན་ལ། ཆོས་ཀྱི་མཚན་ཉིད་མངོན་པར་རྟོགས་པས་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའོ། །
ཡང་གཞན་དག་ན་རེ་དོན་དམ་པ་པ་དང་བརྡར་བཏགས་པ་པ་གཉིས་ཆར་ཡང་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་ལ། ཉེ་བ་དང་རིང་བའི་བྱེ་བྲག་ནི་ཁྱད་པར་རོ་ཞེས་འཆད་དོ། །ཆོས་མངོན་པ་བཤད་ཟིན་ཏོ་ཞེས་བྱ་བ་ནི་རང་བཞིན་དང་། རབ་ཏུ་དབྱེ་བ་དང་། ངེས་པའི་
ཚིག་གི་སྒོ་ནས་སོ། །དེ་ལ་རང་བཞིན་ནི་ཅི་རིགས་པར་ཤེས་རབ་གཙོ་བོར་གྱུར་པ་ཕུང་པོ་ལྔའམ་བཞིའི་རང་བཞིན་ནོ། །རབ་ཏུ་དབྱེ་བ་ནི་དོན་དམ་པ་པ་དང་བརྡར་བཏགས་པ་པའོ། །ངེས་ཚིག་ནི་མྱ་ངན་ལས་འདས་པ་དང་། ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའོ། །ཚིག་བསྡུ་བ་དུ་མ་
འཐད་པས་ཚིག་བསྡུ་བ་ཁོང་དུ་ཆུད་པར་འདོད་ནས། བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དོན་གང་གིས་ཞེས་བྱ་བའོ། །དེའི་ཕྱིར། འདིར་དེ་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་དེ་མ་ཐག་པ་ཡིན་པའི་ཕྱིར་བསྟན་བཅོས་ཀྱི་མིང་ཅན་ཏེ།
เล่ม ๑๔๔ · หน้า 14a
ཤེས་རབ་ཀྱི་བདག་ཉིད་ཅན་ལ་མི་སྲིད་པའི་ཕྱིར་རོ། །མང་བའི་ཕྱིར་དེ་འདིར་ཆུད་པར་མི་འཐད་དོ་ཞེ་ན། དེའི་ཕྱིར། དོན་དུ་ཞེས་བྱ་བ་སྨོས་ཏེ། ཡི་གེའི་སྒོ་ནས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དོན་དུ་ཡང་ཇི་ལྟར་གཅེས་གཅེས་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ། །དོན་རྣམས་ཀྱི་
གཅེས་པ་ནི་གང་ཞིག་བསྟན་ན་དོན་དུ་མ་བསྟན་པར་འགྱུར་བའོ། །དེ་ལས་འདི་ཕྱུང་བ་ནི་དོན་གཅེས་གཅེས་རྣམས་ཀྱི་མིང་དང་། ཚིག་དང་། ཡི་གེ་བླངས་པ་ལས་སོ། །མཛོད་དང་འདྲ་བས་ན་མཛོད་དེ། རལ་གྲིའི་ཤུབས་དང་མཚུངས་པའི་ཕྱིར་ཏེ། དཔེར་ན་རལ་གྲི་གང་ལས་བྱུང་བ་དང་། གང་དུ་
འཇུག་པ་དེ་ལ་དེའི་ཤུབས་ཞེས་བརྗོད་པ་བཞིན་ནོ། །གོང་མ་ནི་དྲུག་པའི་དེའི་སྐྱེས་བུའོ། །འོག་མ་ནི་འབྲུ་མང་པོ་པའོ། །དེའི་ཕྱིར་དེ་ལྟར་ན་ཆོས་མངོན་པ་རྣམ་པ་གཉིས་བསྟན་ཏེ། དོན་དམ་པ་པ་དང་། བརྡར་བཏགས་པ་པའོ། །བརྡར་བཏགས་པ་པ་ཡང་རྣམ་པ་གཉིས་ཏེ། ཤེས་རབ་དང་།
བསྟན་བཅོས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཚིག་བསྡུ་བ་གཉིས་ཀྱིས་དོན་ངེས་པར་གཟུང་བ་བྱས་ཟིན་ཏོ། །ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན་ཞེས་བྱ་བ་ནི་དགོས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དགོས་པ་དང་བཅས་པའི་བསྟན་བཅོས་མདོར་བསྡུས་པ་བྱེད་པ་ནི་ལེགས་པར་འགྱུར་གྱི། དགོས་
པ་མེད་པ་ནི་མ་ཡིན་ནོ། །བསྟན་བཅོས་དགོས་པ་ཆུང་བ་དག་ཡོད་དེ། དཔེར་ན་ས་མི་ཀྵག་ལ་སོགས་པ་ལྟ་བུའོ། །དོན་མ་ཡིན་པའི་དགོས་པ་ཅན་ཡང་ཡོད་དེ། འཇིག་རྟེན་རྒྱང་འཕེན་པའི་བསྟན་བཅོས་དག་ལྟ་བུའོ། །དེའི་ཕྱིར་དགོས་པ་དྲིས་པ་ཡིན་ནོ། །འདི་དང་པོ་ཉིད་དུ་སུས་བསྟན་ཞེས་བྱ་བ་ནི།
ནངས་ཀྱི་སྔོན་དུ་སུས་བསྟན་ཞེས་བྱ་བའོ། །ཡིད་ཆེས་པས་བསྟན་པའི་རྟེན་ཅན་གྱི་བསྟན་བཅོས་ནི་མངོན་པར་བརྗོད་པར་རིགས་ཀྱི། ཡིད་ཆེས་པ་མ་ཡིན་པས་བསྟན་པ་མ་ཡིན་པ་ནི་ཉེ་བར་སྟོན་པ་པོ་ཚོལ་བ་ཡིན་ནོ། །ཆོས་ལ་རྟེན་གྱི་གང་ཟག་ལ་ནི་མ་ཡིན་ནོ་ཞེས་འབྱུང་བས་འདི་བརྩམ་པར་མི་བྱའོ་ཞེ་ན།
གང་ཟག་ཚད་མར་བྱེད་པའི་དབང་དུ་བྱས་ནས་འདི་དང་པོ་ཉིད་དུ་སུས་བསྟན་ན་ཞེས་དེ་སྐད་བསྙད་དེ། ཆོས་མངོན་པ་འདི་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུ་ལ་སོགས་པ་རྣམས་ཀྱིས་བྱས་སོ་ཞེས་ཐས་ནས་ཚོལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། འདི་ལྟར་སློབ་དཔོན་ཆོས་མངོན་པ་འཆད་པར་གུས་ཞེས་སྨོས་ཏེ།
เล่ม ๑๔๔ · หน้า 14b
འཆད་པར་གུས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གང་གི་དོན་དུ་བསྟན་པ་དང་། གང་གིས་བསྟན་པ་དེ་གཉིས་ཆར་རབ་ཏུ་བསྟན་པའི་ཕྱིར། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཞེས་རྒྱ་ཆེར་སྨོས་སོ། །གང་གི་ཕྱིར་རབ་ཏུ་རྣམ་པར་འབྱེད་པ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་
ཅི་ལྟར་ལམ་མེད་པར་མྱ་ངན་ལས་འདས་པ་མི་ཐོབ་པོ་ཞེས་བྱ་བ་ལ། ལམ་ཡང་གཞན་ཡིན་ལ། མྱ་ངན་ལས་འདས་པ་ཡང་གཞན་ཡོད་པ་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་གཞན་ཡིན་ལ། ཉོན་མོངས་པའི་ཞི་བའི་ཐབས་ཀྱང་གཞན་དུ་འགྱུར་རོ་ཞེ་ན། འདི་ནི་ངེས་པ་མེད་དེ། འགའ་ཞིག་ཏུ་ཐ་
དད་མེད་པར་ཡང་འདི་འདྲ་བའི་སྟོན་པ་ཡོད་དེ། དཔེར་ན་ཟས་མེད་པར་སྲོག་འཛིན་པའི་ཐབས་མེད་དོ་ཞེས་བྱ་བར་ཟས་ཉིད་སྲོག་འཛིན་པའི་ཐབས་ཡིན་པ་དང་། བརྡ་སྤྲོད་པ་མེད་པར་ཐབས་སླ་བས་སྒྲ་དག་ཤེས་པར་མི་ནུས་སོ་ཞེས་བྱ་བར་བརྡ་སྤྲོད་པ་ཁོ་ན་སྒྲ་ཤེས་པའི་ཐབས་སླ་བ་ཡིན་པ་བཞིན་ནོ། །གལ་ཏེ་
ཉོན་མོངས་པ་སྤངས་པར་མ་གྱུར་ན་དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཉོན་མོངས་པས་ཀྱང་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏིང་ཐུབ་པར་དཀའ་བ་དང་། བརྒལ་བར་དཀའ་བའི་ཕྱིར་འཁོར་བ་ནི་མཚོ་སྟེ། མཚོ་དང་འདྲ་བས་ན་མཚོའོ། །འཁོར་བ་ཞེས་བྱ་བ་ཁམས་གསུམ་
པའམ། འགྲོ་བ་ལྔར་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུ་མཚན་ཅན་གྱི་སྐྱེ་བ་ཡང་དང་ཡང་དུ་གནས་པས་ན་ཉོན་མོངས་པས་འཇིག་རྟེན་འཁྱམ་པར་བྱེད་དོ། །དེ་བས་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་འཇིག་རྟེན་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམ་པར་བྱེད་པས་
སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་དེའི་དོན་དུ་སྟེ། དེའི་རྒྱུ་མཚན་དུ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གསུངས་སོ་ཞེས་བྱ་བ་ནི་བསྟན་པ་སྟེ། ཤཱ་རིའི་བུ་ལ་སོགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་མཚན་ཉིད་བསྟན་པ་དང་། རབ་
ཏུ་རྣམ་པར་འབྱེད་པར་མི་ནུས་པས་སྟོན་པ་སངས་རྒྱས་ཀྱིས་བསྟན་བཅོས་མཛད་པར་འོས་པའི་ཕྱིར་ཆོས་མངོན་པ་འདི་ཉེ་བར་བསྟན་ཏོ། །ཡང་ཅི་ལྟར་ཆོས་རབ་ཏུ་འབྱེད་པ་ལས་གཞན་ཉོན་མོངས་པ་སྤངས་པའི་ཐབས་མེད་དོ་ཞེས་བྱ་བ་འདི་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་གཏི་
เล่ม ๑๔๔ · หน้า 15a
མུག་གི་གཉེན་པོ་ཡིན་པའི་ཕྱིར་ལ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འབྱུང་བ་ཡང་བླུན་པོ་ལ་སྲིད་ཀྱི། བླུན་པོ་མ་ཡིན་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལས་ཉོན་མོངས་པ་སྤངས་པའི་ཐབས་གཞན་མེད་དོ། །འདིར་ཅིའི་ཕྱིར་ཆོས་
མངོན་པ་བསྟན་ཞེས་གང་སྨྲ་བ་དེའི་ལན་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་དུ་ཞེས་བྱ་བའོ། །འདི་དང་པོ་ཉིད་དུ་སུས་བསྟན་ཞེས་བྱ་བ་དེའི་ལན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བའོ། །ལོའི་སྒྲ་ནི་གཞན་གྱི་བསམ་པ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་
ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པར་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་མེད་ན། ཆོས་རབ་ཏུ་འབྱེད་པ་དེ་ཉིད་བྱ་བ་ཡིན་གྱི། ཆོས་མངོན་པ་བསྟན་པ་ཅི་དགོས་ཤེ་ན། དེའི་ཕྱིར། ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་ཆོས་རབ་ཏུ་འབྱེད་པར་མི་ནུས་སོ་ཞེས་བྱ་བ་སྨོས་སོ། །ཀུན་ནས་
ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རབ་ཏུ་འབྱེད་པ་ཕྱིན་ཅི་མ་ལོག་པ་རྟོགས་པ་ནི་བསྟན་པ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་ཆོས་མངོན་པའི་བྱེད་པ་པོ་དག་ན་ཅི་ལྟར་ཡེ་ཤེས་ལ་འཇུག་པ་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུའོ། །རྣམ་པར་ཤེས་པའི་ཚོགས་ཀྱིས་
ནི་གནས་བརྟན་ལྷ་སྐྱིད་དོ། །རབ་ཏུ་འབྱེད་པའི་རྐང་པ་ནི་འཕགས་པ་དབྱིག་བཤེས་སོ། །ཡང་དག་པར་འགྲོ་བའི་རྣམ་གྲངས་ནི་གནས་བརྟན་ཤཱ་རིའི་བུའོ། །བཏགས་པ་རྣམས་ཀྱིས་ནི་གནས་བརྟན་མཽད་གལ་གྱི་བུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐོས་པ་མ་ཡིན་ནམ། ཅི་ལྟར་ཆོས་
མངོན་པ་བཅོམ་ལྡན་འདས་ཀྱིས་བསྟན་ཞེས་བྱ་བའི་དོགས་པ་བསལ་བར་བྱ་བའི་ཕྱིར། དེ་ནི་སིལ་བུར་བཤད་པ་ཞེས་བྱ་བ་སྨོས་ཏེ། ཆོས་མངོན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རང་བཞིན་གྱི་དྲི་བ་ལ་ལྟོས་ནས་སིལ་བུར་བཤད་ལ། སྟོན་པ་མྱ་ངན་ལས་འདས་པའི་གསུང་
རབ་ཏུ་གྱུར་པ་ན། གནས་བརྟན་ཀཱ་ཏྱཱའི་བུ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམས་ཀྱིས་སྨོན་ནས་ཤེས་པས། ཆོས་ཀྱི་རྗེའི་དགོས་པ་དང་། ཆོས་ཉིད་ལ་ལྟོས་ཏེ་བསྡུས་ཤིང་ཚོམས་སུ་བྱས་ནས་སིལ་བུ་ལ་སོགས་པ་ཕུང་པོར་བཅད་དེ་གཞག་སྟེ། བཙུན་པ་ཆོས་སྐྱོབ་ཀྱིས་
เล่ม ๑๔๔ · หน้า 15b
ཆེད་དུ་བརྗོད་པའི་སྡེ་སྡེ་ཚན་བྱས་པ་བཞིན་ནོ། །ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་དག་ནི་ལུང་དག་དང་འདུལ་བ་ལས་ལ་ལར་བཤད་ལ། དེ་དག་ཀྱང་བཙུན་པ་ཆོས་སྐྱོབ་ཀྱིས་སྡེ་ཚན་དུ་བྱས་ནས་གཞག་པ་བཞིན་དུ་ཆོས་མངོན་པ་ཡིན་ནོ། །ཆོས་མངོན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་
ཡིན་ཏེ། དགྲ་བཅོམ་པ་དག་གིས་བསྡུས་པའི་ཕྱིར་མདོ་སྡེ་དང་འདུལ་བ་བཞིན་ནོ། །གལ་ཏེ་མ་གྲུབ་བོ་ཞེ་ན། འཕགས་པ་འོད་སྲུངས་ཀྱིས་བསྡུས་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་རྗེས་སུ་བཞེད་པའི་ཕྱིར། ཡང་དག་པའི་འགྲོ་བའི་རྣམ་གྲངས་བཞིན་ནོ། །དེའི་ཕྱིར་འདིར་ཆོས་རྣམས་ནི་རྣམ་པ་
དྲུག་གི་སྒོ་ནས་བསྟན་ཏེ། གྲངས་དང་། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བསྡུ་བ་དང་། མཚུངས་པར་ལྡན་པ་དང་། སྒྲུབ་བྱེད་ཀྱི་ཁྱད་པར་གྱིས་སོ། །དེ་ལ་གྲངས་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་
བྱའོ། །མཚན་ཉིད་ནི། ཚོར་བ་མྱོང་བ་འདུ་ཤེས་པ། །མཚན་མར་འཛིན་པའི་བདག་ཉིད་དོ། །ཞེས་བྱའོ། །རབ་ཏུ་དབྱེ་བ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་ཏུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལའོ། །བསྡུས་པ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་
གིས་ནི་ཐམས་ཅད་བསྡུས། །ཞེས་བྱ་བ་ལ་སོགས་པའོ། །མཚུངས་པར་ལྡན་པ་ནི། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན་ཞེས་བྱ་བ་ལ་སོགས་པའོ། སྒྲུབ་བྱེད་ནི། དབང་ཕྱུག་སོགས་མིན་རིམས་སོགས་ཕྱིར། །ཞེས་བྱ་བ་དང་། དུས་རྣམས་ཀུན་དུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་
ཡུལ་ཡོད་ཕྱིར་འབྲས་ཕྱིར། །ཞེས་བྱའོ། །འདིར་སྨྲས་པ། གྲངས་དང་མཚན་ཉིད་བསྟན་པ་དང་། །དེ་བཞིན་རབ་དབྱེ་བསྡུ་བ་དང་། །སྒྲུབ་བྱེད་མཚུངས་པར་ལྡན་པ་སྟེ། །ཆོས་ནི་དྲུག་ཏུ་རབ་ཏུ་བསྒྲགས། །སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་
ཕྱིར་ཆོས་མངོན་པ་བསྟན་ཏོ་ཞེས་སྨྲས་ན། ཆོས་དག་ནི་སྨྲས་པས་དེ་ངེས་པར་བྱ་བའི་ཕྱིར། ཆོས་དེ་དག་ཀྱང་གང་ཞེ་ན་སྨྲས་སོ། །ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་། ཟག་པ་མེད་ཅེས་དང་གི་དོན་བཟླས་པ་ལ་ཟླས་དབྱེ་བའོ། །ཆོས་སྨོས་
เล่ม ๑๔๔ · หน้า 16a
པས་ནི་འདི་ནི་ཆོས་ཙམ་ཁོ་ན་སྟེ། འདི་ནི་བདག་གམ་བདག་གི་བག་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་ཏོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པ་གཉིས་ཁོ་ན་སྟེ། རྣམ་པར་ལྡོག་པ་གཞན་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཕུང་པོ་ལྔའོ་
ཞེས་ཕུང་པོ་བསྟན་པ་མ་སྨྲས་ཤེ་ན། ཆོས་ཐམས་ཅད་དེ་རྣམས་སུ་མ་འདུས་པའི་ཕྱིར་རོ། །དེ་ལྟར་ན་འོ་ན་ཁམས་བསྟན་པ་དང་། སྐྱེ་མཆེད་བསྟན་པ་ཡིན་ལ་རག་གོ་ཞེ་ན། དེ་ཡང་ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བ་འཆོལ་བའི་ཕྱིར་ལ། འདིར་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་
བའི་ཕྱོགས་གཉིས་མ་འཆོལ་བར་བསྟན་པར་བརྗོད་པའི་ཕྱིར་རོ། །རྣམ་པར་བྱང་བ་ནི་ཀུན་ནས་ཉོན་མོངས་པ་པོ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་སྔར་སྨོས་སོ། །འདི་ནི་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་རབ་ཏུ་དབྱེ་བ་ལས་ཐ་དད་པའི་
ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་རྣམས་རྒྱས་པར་སྟོན་པ་ཁམས་དང་། སྐྱེ་མཆེད་ཀྱང་ཡོད་པས་མདོར་བསྡུས་ཏེ་བསྟན་པའོ་ཞེས་ཁྱད་པར་དུ་བྱས་སོ། །གལ་ཏེ་ངག་ཐམས་ཅད་ནི་ངེས་པར་གཟུང་བ་དང་བཅས་པ་ཡིན་ལ། ངེས་པར་གཟུང་བ་མེད་པའི་ངག་ནི་འབྲས་བུ་མེད་པ་ཡིན་
པས། འདིར་གདོན་མི་ཟ་བར་ངེས་པར་གཟུང་བར་འགྱུར་དགོས་སོ། །དེ་ལ་གལ་ཏེ་འདི་ནི་མདོར་བསྡུས་ཏེ་བསྟན་པ་ཁོ་ན་ཡིན་ན། རྒྱས་པར་ནི་མི་འགྱུར་རོ་ཞེས་དེ་ལྟར་ངེས་པར་བཟུང་ནས་ནི་ངེས་པར་གཟུང་བ་འདི་མི་རིགས་ཏེ། འདི་ལྟར་ཁམས་ལ་སོགས་པ་བསྟན་པ་ལ་ལྟོས་ནས་འདི་བསྡུས་པའི་ཚིག་
ཡིན་པ་དེ་བཞིན་དུ། ཆོས་བསྟན་པ་ལ་ལྟོས་ནས་རྒྱས་པའི་ཚིག་ཀྱང་ཡིན་ནོ། །ཅི་སྟེ་འདི་ཁོ་ན་མདོར་བསྡུས་ཏེ་བསྟན་པ་ཡིན་གྱི་མདོར་བསྡུས་ཏེ་བསྟན་པ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་འཛིན་ན་འདིར་ཡང་མི་རིགས་སོ། །མདོར་བསྡུས་ཏེ་བསྟན་པ་ནི་གཞན་ཡང་ཡོད་དོ། །དཔེར་ན་འདུས་བྱས་
དང་། འདུས་མ་བྱས་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། བརྟན་པ་དང་། མི་བརྟན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེ་ན། གཉིས་ཀ་ལྟར་ཡང་ངེས་པ་མེད་དེ། ཆོས་རྣམས་ཀྱི་རང་བཞིན་ཁོང་དུ་མ་ཆུད་པར་གྱུར་ན་དེའི་རང་བཞིན་རྣམ་པར་ཕྱེ་སྟེ་གསལ་བའི་དོན་དུ། ཟག་བཅས་
เล่ม ๑๔๔ · หน้า 16b
ཟག་མེད་ཅེས་བཤད་ན། ཆོས་ཀྱི་སྒྲ་ནི་དེའི་རང་བཞིན་རྣམ་པར་ཕྱེ་སྟེ་སྟོན་པར་བྱེད་པ་མ་ཡིན་པས་འདིར་ཆོས་ཀྱི་སྒྲ་ལ་ཐལ་བར་འགྱུར་བ་མེད་དེ། དེའི་ཕྱིར་འདི་ནི་མདོར་བསྡུས་ཏེ་བསྟན་པ་ཁོ་ན་ཡིན་གྱི་རྒྱས་པ་ཡང་མ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ལ་སོགས་པར་བསྟན་པ་ལ་ཡང་ཀུན་ནས་ཉོན་མོངས་
པ་དང་རྣམ་པར་བྱང་བ་བསྟན་པ་དག་འཆོལ་ལ། འདིར་ནི་འཆོལ་བ་མེད་པར་མདོར་བསྡུས་ཏེ་བསྟན་པར་བརྗོད་པར་འདོད་པ་ལ་ཡིན་པས་འདི་ཁོ་ན་མདོར་བསྡུས་པ་ཡིན་གྱི། གཞན་མ་ཡིན་ནོ། །གལ་ཏེ་འཐབ་པ་དང་བཅས་པ་དང་། འཐབ་པ་མེད་པ་ལ་སོགས་པ་ཡང་འཆོལ་པ་མེད་པར་སྟོན་པ་ཡོད་
པ་མ་ཡིན་ནམ་ཞེ་ན། ཡོད་མོད་ཀྱི། དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་རྣམ་གྲངས་ཉིད་ཡིན་པས་གཞན་དུ་བརྗོད་པར་མི་འདོད་དེ། དེའི་ཕྱིར་འདི་ཁོ་ན་མདོར་བསྡུས་ཏེ་བསྟན་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཅི་ལྟར་ཆོས་རྣམས་མི་ཤེས་པ་འདི་ཁོ་ན་ལྟར་ཟག་
པ་དང་བཅས་པ་མ་ཡིན་ཏེ། དེའི་ཕྱིར་དེ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་གཟུང་ངོ་། །ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་བྱ་བ་ལ། འདུས་མ་བྱས་ནི་ཟག་པ་མེད་
པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་སྨོས་པས་རྣམ་པར་བཅད་དོ། །ལམ་ནི་འདུས་བྱས་ཉིད་ཡིན་བཞིན་དུ་ཟག་པ་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར། ལམ་མ་གཏོགས་པ་ཞེས་སྨོས་སོ། །དེ་དག་ཀྱང་གང་ཞེ་ན། གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །བདེན་པ་སྨོས་པ་མེད་ཀྱང་
འགྲེལ་པ་ལས། ལམ་གྱི་བདེན་པ་མ་གཏོགས་པ། །ཞེས་བཤད་པ་ནི་དེ་མ་ཐག་ཏུ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་དོར་བར་གྱུར་པ་ཡོངས་སུ་བཟུང་བས་སོ། །ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་རྣམས་ཉིད་ལ་ཟག་པ་དང་བཅས་པ་ཉིད་མི་སྲིད་པར་འདྲི་བ་ནི། ཅིའི་ཕྱིར་ཞེ་ན་
ཞེས་བྱའོ། །འདི་ལྟར་ནོར་དང་བཅས་པ་བཞིན་དུ་ཟག་པ་རྣམས་ཀྱང་གདོན་མི་ཟ་བར་ཡོད་པ་ནི་ཟག་པ་དང་བཅས་པའོ་ཞེས་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་སོ། །དེ་ལ་གལ་ཏེ་ཟག་པ་རྣམས་ཀྱིས་དམིགས་པས་ཟག་པ་ཡོད་པ་ཡིན་ན་ནི་འགོག་པ་དང་། ལམ་གྱི་བདེན་པ་དག་ཀྱང་དེ་དག་ལ་དམིགས་
เล่ม ๑๔๔ · หน้า 17a
པའི་ཉོན་མོངས་པ་ཡོད་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་བརྟེན་པས་ཡིན་ན་དེ་ལྟར་ན་ཡང་མིག་ལ་སོགས་པ་ཁོ་ན་ཟག་པ་དང་བཅས་པ་ཡིན་གྱི། གཟུགས་ལ་སོགས་པ་རྣམས་མ་ཡིན་ལ། མིག་ལ་སོགས་པ་རྣམས་ཀྱང་ཐམས་ཅད་མ་
ཡིན་ཏེ། ཐམས་ཅད་ཉོན་མོངས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མཚུངས་པར་ལྡན་པས་ཡིན་ན་ནི་དེ་ལྟར་ན་ཡང་སེམས་དང་སེམས་ལས་བྱུང་བའི་ཕྱོགས་གཅིག་ཟག་པ་དང་བཅས་པ་ཉིད་དུ་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་
ཕྱིར་རོ། །དེ་སྟེ་ཟག་པ་རྣམས་དང་ལྷན་ཅིག་འབྱུང་བས་ཟག་པ་ཡོད་པ་པ་ཡིན་ན་དེ་དེ་ལྟར་ན་ཡང་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟག་པ་དང་བཅས་པར་འགྱུར་གྱི། སེམས་གཞན་གྱི་ནི་མ་ཡིན་ནོ་ཞེ་ན། ཟག་པ་རྣམས་རྒྱས་པར་འགྱུར་བས་ཟག་པ་ཡོད་པ་ནི་ཟག་པ་དང་
བཅས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་དུ་རྒྱས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་དེ་དག་ཟག་པ་དང་བཅས་པ་ཡིན་ནོ་ཞེས་སྦྱར་རོ། མདོ་སྡེ་པ་སྔ་རབས་རྣམས་གང་དུ་ཉོན་མོངས་པ་སྐྱེ་བར་འགྱུར་བ་དེ་ནི་ཟག་པ་དང་
བཅས་པའོ་ཞེའོ། །དེ་དགག་པའི་ཕྱིར། འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་མོད་ཀྱི་ཞེས་བྱ་བ་ལ་ནི་ཡིན་མོད་ཀྱི་ཞེས་བྱ་བའི་དོན་ཏེ། འགོག་དང་ལམ་མཐོང་སྤང་བྱ་བ། །ལྟ་དང་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་མ་རིག་པ། །
དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་བའི་བར་ནི་འདོད་མོད་ཀྱི། །དེ་གཉིས་ལ་རྒྱས་པར་ནི་མི་འགྱུར་ཞེས་བྱ་བ་ནི་གནས་མི་ཐོད་དོ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ལ་ཞེས་བྱ་བ་ནི་འགོག་པ་དང་། ལམ་གྱི་བདེན་པ་དེ་དག་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྒྱས་པར་མི་འགྱུར་བ། །ཞེས་
བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། ཟག་མེད་གོང་མའི་ཡུལ་ཅན་མིན། །ཞེས་བྱ་བ་ལ་སོགས་པས་སོ། །དངོས་པོ་གང་ཞིག་ཏུ་ལྟ་བ་དང་སྲིད་པ་དག་གིས་བདག་གིས་བྱས་པ་དེ་ལ་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་ནུས་ཏེ། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ནོ། །ཟག་པ་མེད་པ་ཡང་དེ་
เล่ม ๑๔๔ · หน้า 17b
ལྟ་མ་ཡིན་ལ། ས་གོང་མ་ཡང་མ་ཡིན་པས་དེའི་ཕྱིར་དེ་དག་ལ་དམིགས་པ་རྣམས་དེ་དག་ལ་རྒྱས་པར་མི་འགྱུར་རོ། །ཟག་པ་དང་བཅས་པ་དག་གང་དག་ཡིན་པ་དང་། ཅི་ལྟར་ཡིན་པ་བཤད་ཟིན་ཏོ། །ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཟག་པ་དང་བཅས་པ་
ཉིད་བཀག་པ་ཁོ་ན་ལས་འདི་ཟག་པ་མེད་པ་ཉིད་དུ་ཤེས་པ་མ་ཡིན་ནམ། ཡང་ཅིའི་ཕྱིར་འདི་ཟག་པ་མེད་པ་ཉིད་ཀྱི་ནང་དུ་སྨོས་ཤེ་ན། མདོ་སྡེ་པའི་ལུགས་བཞིན་དུ་རྣམ་གྲངས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཉིད་ཡིན་པ་དགག་པར་བྱ་བའི་དོན་ཏེ། ཟག་པ་དང་བཅས་པ་དག་ལས་
བཀོལ་བ་ཡིན་ཡང་ཟག་པ་མེད་པར་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །འདི་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་གཉིས་ལ་བཀོད་པ་ལས་ཟག་པ་དང་བཅས་པ་དག་ཏུ་བཀག་པས་དོན་གྱིས་ཟག་མེད་དུ་ཤེས་པར་འགྱུར་རོ་ཞེ་ན། གལ་ཏེ་མ་བསྟན་པར་ཡང་དོན་གྱིས་ཤེས་ན་ནི། འདུས་བྱས་རྣམས་ཟག་བཅས་ཞེས་
བྱ་བས་འདུས་མ་བྱས་ཀྱང་མ་བསྟན་པ་ཁོ་ནར་ཟག་པ་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །རྣམ་པ་གཉིས་ཉེ་བར་བཀོད་པ་ལས་མ་གཏོགས་པར་གནས་པ་མི་སྲིད་དོ་ཞེས་བྱ་བ་འམ། གཞན་དུ་འདུས་མ་བྱས་ལ་ཡང་ཟག་པ་མེད་པ་སྨོས་པར་མི་བྱ་སྟེ། འདི་ནི་ལན་མ་ཡིན་ནོ། །ལམ་གྱི་སྒྲ་ནི་འཇིག་རྟེན་
པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ཡང་འགྲོ་བ་ཡིན་མོད་ཀྱི། འདིར་ནི་འཇིག་རྟེན་པ་ལས་རྣམ་པར་གཅད་པར་བྱ་བའི་ཕྱིར། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་ཞེས་སྨོས་པར་མཛད་དོ། །འཇིག་རྟེན་པ་ནི་ལམ་ཁོ་ན་ཡིན་གྱི། ལམ་གྱི་བདེན་
པ་ནི་མ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པའི་ཕྱིར་རོ། །འགྲེལ་པ་ལས་ཀྱང་འཆད་པར་འགྱུར་བ་ལ་ལྟོས་པ་ཉིད་ཀྱིས་ལམ་གྱི་བདེན་པ་མ་གཏོགས་པ་ཞེས་བཤད་དོ། །ཡང་ན་གྲུབ་བཞིན་དུ་བརྩམ་པ་ནི་ངེས་པའི་ཕྱིར་ཡིན་ཏེ། ལམ་གྱི་བདེན་པ་འདུས་བྱས་དག་ལས་བཀོལ་བས་
ཟག་པ་མེད་པ་ཉིད་དུ་གྲུབ་བཞིན་དུ་སླར་ཡང་ཟག་པ་མེད་པ་དག་གི་ནང་དུ་སྨོས་པ་ནི་ངེས་པར་བྱ་བའི་དོན་དུའོ། །ཁ་ཅིག་དགྲ་བཅོམ་པའི་གཟུགས་དང་། མ་ཟིན་པའི་གཟུགས་ཟག་པ་མེད་པར་འདོད་དེ། དེའི་ཕྱིར་འདུས་བྱས་དག་ལས་ལམ་གྱི་བདེན་པ་ཁོ་ན་ཟག་པ་མེད་པ་ཡིན་གྱི་འདུས་བྱས་ཀྱི་ཆོས་གཞན་ནི་མ་ཡིན་ནོ་
เล่ม ๑๔๔ · หน้า 18a
ཞེས་འདི་ངེས་པ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་ནི་སོ་སོར་བརྟགས་པའི་འགོག་པ་ཁོ་ན་འདུས་མ་བྱས་དང་། ཟག་པ་མེད་པར་ཁས་ལེན་གྱི། ནམ་མཁའ་ནི་མ་ཡིན་ནོ། །དེ་ནི་འདུས་བྱས་ཏེ། སྒྲ་དེ་ཙམ་ལས་བྱུང་བའི་ཕྱིར་རོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི་ཁས་
མི་ལེན་པ་ཉིད་དོ། །གཞན་དག་ནི་འདུས་མ་བྱས་རྣམ་པ་གསུམ་བརྟགས་པར་ཁས་ལེན་གྱི། རྫས་སུ་ནི་མ་ཡིན་ནོ། །དེའི་ཕྱིར་འདུས་མ་བྱས་ཟག་པ་དང་བཅས་པ་ཉིད་ཡིན་པ་བསལ་དུ་ཟིན་ཀྱང་། འདུས་མ་བྱས་ཉིད་དང་། ཟག་པ་མེད་པ་ཉིད་དང་། དངོས་པོ་ཉིད་དུ་ཁས་བླང་བར་ཤེས་པར་བྱ་བའི་
ཕྱིར། འདུས་མ་བྱས་རྣམ་གསུམ་ཡང་སྟེ་ཞེས་བྱ་བ་སྨོས་སོ། །རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་མདོར་བསྡུ་ན་རྣམ་པ་གཉིས་སུ་བསྟན་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་རྣམས་ནི་རང་གི་ངོ་བོ་དང་། མཚན་ཉིད་ཀྱི་སྒོ་ནས་བཤད་པར་བྱས་ཟིན་ཏེ།
ལམ་མ་གཏོགས་པ་འདུས་བྱས་རྣམས་ཞེས་བྱ་བའི་རང་གི་ངོ་བོའོ། །གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་དུ་རྒྱས་པར་འགྱུར། །ཞེས་བྱ་བ་ནི་མཚན་ཉིད་དོ། །དེ་བཞིན་དུ་ཟག་པ་མེད་པ་རྣམས་ཀྱང་རང་གི་ངོ་བོ་དང་། མཚན་ཉིད་ཀྱི་སྒོ་ནས་བཤད་པར་བྱ་དགོས་པས་དེའི་ཕྱིར། ཟག་མེད་ལམ་གྱི་བདེན་པ་
དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རང་གི་ངོ་བོའི་སྒོ་ནས་སྨོས་ལ། མཚན་ཉིད་ནི། གང་ཕྱིར་དེ་དག་ལ། ཟག་རྣམས་རྒྱས་པར་མི་འགྱུར་རོ། །ཞེས་སྨྲས་ཟིན་པ་བཟློག་པའི་སྒོ་ནས་རྟོགས་པ་ཉིད་དོ། །དེའི་ཕྱིར་འདི་ནི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་སྨྲས་ཟིན་པའི་དོན་རྗེས་སུ་བརྗོད་པ་
ཡིན་པས་འདུས་མ་བྱས་ནི་རྟེན་གྱི་ཕྱིར་དང་། རབ་ཏུ་མ་གྲགས་པའི་ཕྱིར་སྨོས་སོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ལུགས་གཞན་དགག་པར་བྱ་བའི་ཕྱིར། རྣམ་པ་གསུམ་ཁོ་ནའོ་ཞེས་སྟོན་པར་བྱེད་དེ། ཇི་ལྟར་འགའ་ཞིག་གིས་རྟེན་ཅིང་འབྲེལ་པར་འབྱུང་
བ་ཡང་འདུས་བྱས་སུ་འདོད་པ་བཞིན་ནོ། །གལ་ཏེ་ཆོས་གང་གི་རབ་ཏུ་རྣམ་པར་ཕྱེ་བས་ཉོན་མོངས་པ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཆོས་དེ་དག་ཁོ་ན་བསྟན་པར་བྱ་བ་མ་ཡིན་ནམ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ནི་མ་ཡིན་ནོ་ཞེ་ན། དེ་གཉིས་བདེན་པའི་ཁོངས་སུ་མ་གཏོགས་
เล่ม ๑๔๔ · หน้า 18b
པའི་ཕྱིར། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམ་པར་ཕྱེ་བ་ནི་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་མ་ཡིན་མོད་ཀྱི། དེ་ལྟ་ཡིན་ཡང་ཟག་པ་མེད་པའི་ཆོས་ཀྱི་ཞར་ལ་ཟག་པ་མེད་པ་ཐམས་ཅད་ཉེ་བར་བསྟན་ཏོ། །དེ་དག་ལ་ཟག་པ་མེད་པར་འགྱུར་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་མི་
ཐོད་དོ་ཞེས་བྱ་བའོ། །འདུས་མ་བྱས་ནི་བརྗོད་བྱ་ཉུང་བས་དེ་བསྟན་པའི་མཇུག་ཐོགས་སུ་བཤད་པར་རྩོམ་སྟེ། བརྗོད་བྱ་མང་པོའི་ཕྱིར་འདུས་བྱས་ནི་མ་ཡིན་པ་ཉིད་དོ་ཞེས་མ་གྲགས་པའི་ཕྱིར། རྣམ་པ་གསུམ་གང་ཞེ་ན། དྲིས་པ་དང་། ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་འབྱུང་ངོ་། །ནམ་
མཁའ་ནི་འཇིག་རྟེན་ན་ཡང་རབ་ཏུ་གྲགས་པས་སྔར་སྨོས་སོ། །འགོག་པ་ཉིད་ནི་འགར་ཡང་མ་གྲགས་ཏེ། དེ་ཉིད་ཀྱི་ཕྱིར། དེ་གཉིས་གང་ཞེ་ན་ཞེས་སྨོས་སོ། །དེ་དག་ལ་ཟག་པ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་མི་ཐོད་དོ་ཞེས་བྱ་བའོ། །དེ་ལ་ནམ་མཁའ་མི་སྒྲིབ་པ་ཞེས་བྱ་བ་ལ། དེ་
ལ་ནི་འདུས་མ་བྱས་རྣམ་པ་གསུམ་མོ། །དེ་ལ་མི་སྒྲིབ་པ་ལ་དངོས་པོ་དང་ཐོགས་པ་མེད་པ་ཐམས་ཅད་ཀྱང་ནམ་མཁའ་ཉིད་དུ་ཐལ་བའི་ཕྱིར། མི་སྒྲིབ་པ་ནི་སྒྲིབ་པ་མེད་པ་ཙམ་མ་ཡིན་ལ། སྒྲིབ་པ་ལས་གཞན་པ་དག་ཀྱང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་བཞིན་གྱི་ཁྱད་པར་ཏེ། དེ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་
པའི་རང་བཞིན་ཏེ་ཞེས་སྨོས་སོ། །སྒྲིབ་པ་ནི་སྒྲིབ་པ་ཡིན་ལ། འདི་ནི་སྒྲིབ་པ་མེད་པའི་རང་བཞིན་ཡིན་པས་སྒྲིབ་པ་མེད་པ་སྟེ། སྒྲིབ་པའི་འགལ་ཟླའི་ཆོས་ཏེ། དོན་མ་ཡིན་པ་བཞིན་ནོ། །དགག་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དོན་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་འདི་ལ་སྒྲིབ་པ་མེད་པའི་རང་བཞིན་ཡོད་
པས་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཚོར་བ་ལ་སོགས་པ་ནམ་མཁའ་ཉིད་དུ་ཐལ་བར་མི་འགྱུར་ཏེ། ཚོར་བ་ལ་སོགས་པ་དག་ནི་སྒྲིབ་པ་མེད་པའི་རང་བཞིན་ཅན་མ་ཡིན་ཏེ། ཉམས་སུ་མྱོང་བ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ན་གཟུགས་ཀྱི་གོ་ཡོད་པའོ་ཞེས་བྱ་བས་ནི་བྱ་བའི་སྒོ་ནས་
ཀྱང་འདི་ཡོད་པ་ཉིད་དུ་སྟོན་པར་བྱེད་དོ། །གཟུགས་ཀྱི་ནི་ཡུལ་ལ་གནས་པའི་ཕྱིར་ཡུལ་གཞན་དག་ཏུ་སྐྱེ་བ་གོ་མི་འབྱེད་པ་མི་རྙེད་པར་འགྱུར་གྱི། གཞན་དག་གིས་ནི་མ་ཡིན་ཏེ། ཡུལ་ལ་མི་གནས་པའི་ཕྱིར་རོ། །དེའི་གཟུགས་ཉིད་ལ་དེ་སྐད་དུ་བཤད་དོ། །འདི་ནི་ཕུང་པོའི་གཟུགས་ཡོངས་སུ་
เล่ม ๑๔๔ · หน้า 19a
བཟུང་གི་སྐྱེ་མཆེད་ཀྱི་གཟུགས་ནི་མ་ཡིན་ནོ། །དེ་ལྟར་ན་འདིར་ནམ་མཁའ་ནི་རང་གི་ངོ་བོ་དང་བྱ་བའི་སྒོ་ནས་བཤད་པར་འགྱུར་རོ། །སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བ་ནི་མཚན་གཞི་སྟོན་པའོ། །གང་བྲལ་བའོ། །སོ་སོ་སོ་སོ་ཡིན་ཞེས་བྱ་བ་ནི་སྐྱེ་བ་དང་། སྙོམས་པར་འཇུག་
པ་དང་། མི་རྟག་པ་ཉིད་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་གཅད་པའི་སྒོ་ནས་བཤད་དེ། དེ་རྣམས་བྲལ་བ་མ་ཡིན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་ཞེས་བྱ་བ་ལ། འདི་ཅི་ཞིག་ཉོན་མོངས་པ་རྒྱས་པར་འགྱུར་བའོ། །དེ་ཐོབ་ན་
བྲལ་བར་འགྱུར་བ་ཡིན་གྱི། འདིས་བྲལ་བར་བྱེད་པ་དང་བྲལ་བས་ན་བྲལ་བ་མ་ཡིན་ནོ། །དེ་ལྟར་བྱེད་ན་ནི་ལམ་དང་། ཟག་པ་དང་བཅས་པའི་ཆོས་ཀྱི་བྲལ་བ་ཙམ་ལ་ཡང་ཐལ་བར་འགྱུར་རོ། །བརྟགས་པ་ནི་བྲལ་བ་དང་། རྣམ་པར་འབྱེད་པ་སྟེ། ཟག་པ་མེད་པའི་ཤེས་རབ་བོ། །སོ་སོར་ནི་
བསྣན་པའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་ཏེ། སོ་སོ་ནི་སོ་སོར་བརྟགས་པའོ། །འཕགས་པའི་བདེན་པ་སྨོས་པ་ནི། ཚོར་བ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །བསྟན་པ་ནི་ཕལ་ཆེ་འམ་གཙོ་བོ་ཡིན་ཏེ། གཞན་དུ་ན་
འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པའི་འགོག་པར་མི་འགྱུར་རོ། །ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་མོ། །དེས་ཐོབ་པར་བྱ་བའི་འགོག་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་བྱེ་བྲག་དེས་སོ། །བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་
ཐོབ་པར་བྱ་བའི་འགོག་པ་ཞེས་བྱ་བ་སྟེ། ཐོབ་པ་ཞེས་བྱ་བར་བར་གྱི་ཚིག་གང་ཡིན་པ་དེ་མི་མངོན་པར་བྱས་པའི་ཕྱིར་རོ། །དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་ལྡན་པའི་སྒྲ་མི་མངོན་པར་བྱས་པ་སྟེ། སྟོན་པར་བྱེད་དོ། །ལ་ལར་ནི་དང་པོ་ལ་མི་མངོན་པ་
ཡིན་ཏེ། དཔེར་ན་བདེན་སྨྲ་ལ་སྨྲ་བ་པ་ཞེས་བྱ་བ་ལྟ་བུའོ། །ལ་ལར་མཐའ་ཚིག་མི་མངོན་པ་སྟེ། འཇིགས་སྡེ་ལ་འཇིགས་པ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འདིར་བར་གྱི་ཚིག་མི་མངོན་པར་བྱས་པས་སོ་སོར་བརྟགས་པས་འགོག་པ་ཞེས་བྱ་སྟེ། འདི་སྒྲའི་སྒོ་ནས་གྲགས་པ་ཁོ་ནས་སྟོན་པ་
เล่ม ๑๔๔ · หน้า 19b
ཡིན་ནོ། །ཡང་ཅི་ནམ་མཁའ་ལྟར་གཅིག་ཁོ་ན་འམ། གལ་ཏེ་བྲལ་བའི་རྫས་ལྟར་དུ་མ་ཡིན། དེའི་ཕྱིར། སོ་སོ་སོ་སོ་ཡིན་ཞེས་བྱ་བ་སྨོས་ཏེ། གཞན་དང་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་རྣམ་པར་འཆད་པ་ནི། ལྡན་པའི་རྫས་རྣམས་ཇི་སྙེད་པ་ཞེས་རྒྱས་པར་འབྱུང་བ་
སྟེ། ལྡན་པའི་ཆེད་ཀྱི་རྫས་ནི་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་དམིགས་པ་དང་ལྡན་པར་མཚུངས་པར་ལྡན་པའི་སྒོ་ནས་སྐྱེས་པར་འགྱུར་བའི་ཕྱིར་ཏེ། དེ་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཡང་ན་ལྡན་པར་གྱུར་པའི་རྫས་ནི་ལྡན་པའི་རྫས་རྣམས་ཏེ། འཆིང་བར་གྱུར་པའི་ཕྱིར་རོ། །བྲལ་བ་
ཉིད་རྫས་ཡིན་པ་ནི་བྲལ་བའི་རྫས་རྣམས་སོ། །དེ་ལྟ་མ་ཡིན་ན་ཞེས་རྒྱ་ཆེར་འབྱུང་སྟེ། གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སོ་སོར་བརྟགས་པས་འགོག་པ་གཅིག་ཡིན་ནའོ། །ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་དུ་བྱེད་པར་ཞེས་བྱ་བ་ནི་ཀུན་འབྱུང་དང་། འགོག་པ་དང་། ལམ་
མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་འགོག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འགོག་པའི་ཉོན་མོངས་པ་ཉིད་ཀྱི་འགོག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལམ་གྱི་སྐད་ཅིག་གཉིས་ཀྱིས་ཕྲ་རྒྱས་མ་ལུས་པའི་བྲལ་བ་
ཐོབ་པའི་ཕྱིར་ལྷག་མ་གཉེན་པོ་སྒོམ་པ་དོན་མེད་པར་འགྱུར་རོ། །ཕྲག་གཅིག་ལ་ཅུང་ཟད་གཅིག་ནི་མངོན་སུམ་དུ་བྱས་ལ། ཅུང་ཟད་གཅིག་ནི་མངོན་སུམ་དུ་མ་བྱས་སོ་ཞེས་བྱ་བར་བརྗོད་པར་ཡང་མི་ནུས་སོ། །བདེན་པ་མ་མཐོང་བ་མཐོང་བར་བྱ་བའི་དོན་ཡིན་པའི་ཕྱིར་ལྷག་མའི་གཉེན་པོ་བསྒོམ་པ་འབྲས་བུ་དང་
བཅས་པར་ཡང་མི་རུང་སྟེ། བདེན་པ་ལྷག་མ་མཐོང་བ་ནི་དེ་དག་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བྲལ་བ་ཐོབ་པའི་དོན་ཁོ་ནར་ཡིན་པའི་ཕྱིར་རོ། །གལ་ཏེ་བདེན་པ་དང་པོ་མཐོང་བ་ཉིད་ཀྱིས་ཉོན་མོངས་པ་མ་ལུས་པའི་བྲལ་བ་ཐོབ་ན་ནི་དེ་ལྟ་ན་བདེན་པ་ལྷག་མ་མཐོང་བ་དོན་བྱས་ཟིན་པ་ཡིན་པས། དེ་དག་
མཐོང་བ་དོན་མེད་པ་ཁོ་ནར་འབྱུང་བར་འགྱུར་རོ། །ཉོན་མོངས་པ་སྤངས་པ་ཐག་བསྲིང་བར་བྱ་བ་དང་། ཡོངས་སུ་མི་མཉམ་པར་བྱ་བའི་ཕྱིར་ལྷག་མཐོང་གི་གཉེན་པོ་བསྒོམ་མོ་ཞེ་ན། མི་གཡོ་བའི་ཆོས་ཅན་ལ་དོན་མེད་པར་ཐལ་བར་འགྱུར་ཏེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་
เล่ม ๑๔๔ · หน้า 20a
ཡིན་ན་ཉོན་མོངས་པའི་བྱེ་བྲག་རྣམ་པར་གཞག་པ་དང་། གང་ཟག་གི་བྱེ་བྲག་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། ཁམས་གསུམ་མ་ལུས་པ་ཡང་འདོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འོ་ན་ཞེས་རྒྱས་པར་འབྱུང་བ་ལ། གང་
ལས་བཤད་ཅེ་ན། མདོ་ལས་ཏེ། དགེ་སློང་མ་ཆོས་སྦྱིན་མ་ལ། ཁྱིམ་བདག་ས་གས། ཅི་འཕགས་མ་འགོག་པ་འདྲ་བ་ཡིན་ནམ། འོན་ཏེ་མི་འདྲ་བ་ཡིན་ཞེས་དྲིས་པ་དང་། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ་ཞེས་བཤད་དོ། །འདྲ་བ་ནི་སྐལ་བ་དང་བཅས་པ་འམ། སྐལ་བ་དང་མཉམ་
པ་སྟེ། འདྲ་ཞིང་མཚུངས་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ན་ནི་གཉིས་པ་དང་བཅས་པ་ཉིད་དམ་འདྲ་བ་ཉིད་མི་འགལ་བས་འདྲ་བ་མ་ཡིན་ནོ་ཞེས་དེ་དགག་པར་མི་བྱའོ། །འདི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ནི་རྒྱུའི་སྒྲ་མི་མངོན་པར་བྱས་པས་འདྲ་བའི་
རྒྱུ་ཉིད་ལ་འདྲ་བ་མ་ཡིན་ནོ་ཞེས་བརྗོད་དེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་འདི་ལས་འདྲ་བའི་རྒྱུ་བཀག་གི། འདྲ་བ་ནི་མ་བཀག་གོ། །འདི་སྐད་དུ་འདི་ནི་འདུས་མ་བྱས་ཡིན་པའི་ཕྱིར་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་ཞེས་བཤད་པར་འགྱུར་ཏེ།
དེའི་ཕྱིར་འདྲ་བ་མ་ཡིན་ནོ་ཞེས་བྱའོ། །ཡང་གཞན་དག་ནི་འགོག་པ་མཐའ་དག་གི་དབང་དུ་བྱས་ནས་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་དེ། འགོག་པ་དང་འདྲ་བ་ཆོས་གཞན་དང་། དགེ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །སྐྱེ་ལ་གཏན་དུ་ཞེས་བྱ་བ་འབྱུང་སྟེ། འདས་པ་དང་ད་ལྟར་བྱུང་བ་
རྣམས་འབྱུང་བ་ལ་གེགས་བྱེད་པ་མ་ཡིན་པས་མ་འོངས་པ་རྣམས་ཁོ་ནའི་འཐོབ་པའོ། །འགོག་པ་ནི་རྣམ་པ་ལྔ་བསམ་པར་བྱ་སྟེ། མི་རྟག་པ་དང་། སྙོམས་པར་འཇུག་པ་དང་། སྐྱེ་བ་དང་། སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་བྱེ་བྲག་གིས་སོ། །དེ་
ལ་སྐྱེ་ལ་སྨོས་པ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དེ་ནི་ད་ལྟར་བྱུང་བ་རྣམས་ལ་གནས་པ་ལ་གེགས་སུ་གྱུར་པ་ཡིན་གྱི། སྐྱེ་བ་ལ་ནི་མ་ཡིན་ནོ། །གཏན་དུ་གེགས་བྱེད་པ་སྨོས་པ་ནི། སྐྱེ་བ་དང་། སྙོམས་པར་འཇུག་པའི་བསམ་གཏན་བཟློག་པར་བྱ་བའི་
เล่ม ๑๔๔ · หน้า 20b
ཕྱིར་ཏེ། དེ་གཉིས་ནི་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་ལ་དུས་ཅུང་ཟད་ཅིག་གེགས་སུ་གྱུར་པའི་ཕྱིར་རོ། །གཞན་སྨོས་པ་ནི་ཐལ་མ་ཐག་ཏུ་སྨོས་པ་བྲལ་བའི་མཚན་ཉིད་ཅན་སོ་སོར་བརྟགས་པས་འགོག་པ་ལས་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །སོ་སོར་བརྟགས་པ་ནི་
རིགས་པ་དང་དཔྱད་པས་བསྒྲུབས་པའི་ཤེས་རབ་སྟེ། དེ་ནི་དེས་ཐོབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་མེད་པར་རྐྱེན་དང་བྲལ་བ་ལས་འཐོབ་སྟེ། དེའི་ཕྱིར་འདི་བརྗོད་དོ། །གང་ཞིག་རྒྱུ་དང་མཚུངས་པ་དེ་མ་ཐག་དང་། དམིགས་པ་དང་། བདག་པོ་སྟེ། རྐྱེན་བཞི་པོ་དག་ལས་བཞི་འམ།
གསུམ་མམ། གཉིས་ཀྱང་རུང་། གེགས་ཀུན་རྙེད་པ་སྟེ། ཅི་སྙེད་ཅིག་གིས་བསྐྱེད་པ་དེ་སྐྱེ་བ་ལ་དེ་དག་མ་ཚང་བས་གཏན་དུ་གེགས་སུ་གྱུར་པ་སོ་སོར་བརྟགས་པ་མ་ཡིན་པ་ཞེས་བྱ་བ་རྫས་ཅིག་འཐོབ་བོ། །དཔེར་ན་མིག་དང་ཡིད་ལུས་གཅིག་ལ་ཡེངས་པའི་ཞེས་བྱ་བ་ལ། མིག་དང་ཡིད་ལས་
གཞན་རྣམས་སོ། །སྒྲ་དང་། དྲི་དང་། རོ་དང་། རེག་པ་དག་ཀྱང་སྟེ། དེ་དག་ཐམས་ཅད་ལ་མ་དམིགས་པའི་ཕྱིར་རོ། །འདས་པར་གྱུར་ལ་ཞེས་བྱ་བ་ནི་ཞིག་པར་གྱུར་པའོ། །ད་ལྟར་བདག་ལ་རྒྱུ་དང་། དམིགས་པ་དང་། བདག་པོའི་རྐྱེན་ཡོད་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་
ཚང་བས་དེ་དག་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་མ་སྐྱེས་པ་དག་ཡང་སྐྱེ་བར་མི་ནུས་ཏེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་
མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་པར་འགྱུར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་འདས་པ་རྣམས་ལ་མི་སྐྱེ་སྟེ། དམིགས་པའི་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་བྱའོ། །ཡིད་དང་སྐྱེ་མཆེད་ཀྱི་ཕྱོགས་
འགའ་ཞིག་ཀྱང་བརྗོད་པར་བྱ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་དཔེ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །འདིར་མུ་བཞིར་འགྱུར་ཏེ་ཞེས་བྱ་བ་འབྱུང་སྟེ། ཅིའི་དོན་དུ་ཞེ་ན། སྦྱང་བར་བྱ་བའི་ཕྱིར་ཏེ། གཞན་དུ་ན་གང་དག་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེ་
เล่ม ๑๔๔ · หน้า 21a
དག་ཁོ་ན་སོ་སོར་བརྟགས་པས་འགོག་པ་འམ། གང་དག་སོ་སོར་བརྟགས་པས་འགོག་པ་དེ་དག་སོ་སོར་བརྟགས་པ་ཡིན་པས་འགོག་པར་གྱུར་ན། འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར་འདིར་ཟག་པ་དང་བཅས་པ་རྣམས་ཁོ་ན་སོ་སོར་བརྟགས་པས་འགོག་
པ་ཐོབ་ལ། འདུས་བྱས་མི་སྐྱེ་བའི་ཆོས་རྣམས་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །ཟག་པ་དང་བཅས་པ་འདས་པ་དང་། ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཅན་རྣམས་བརྟགས་པའི་འགོག་པ་ཁོ་ན་ཡིན་གྱི། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་མ་
ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་རྣམས་ཁོ་ནའི་ཡིན་ནོ། །ཟག་པ་དང་བཅས་པ་སྨོས་པ་ནི་ཟག་པ་མེད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། ཉེས་པ་མེད་པའི་ཕྱིར་ཟག་པ་རྣམས་ནི་སོ་སོར་བརྟགས་པས་འགོག་པ་མ་ཡིན་ནོ། །ཟག་པ་མེད་པའི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ནི་སོ་སོར་བརྟགས་
པ་མ་ཡིན་པས་འགོག་པ་ཁོ་ན་ཐོབ་སྟེ། དེ་དག་ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མེད་ཀྱི། རྐྱེན་མ་ཚང་བ་ཉིད་ཀྱི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་བོ། །མི་སྐྱེ་བའི་ཆོས་ཅན་སྨོས་པས་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཅན་རྣམ་པར་
གཅད་པར་བྱ་བའི་ཕྱིར་རོ། །ཟག་པ་མེད་པ་སྨོས་པ་ནི་ཟག་པ་དང་བཅས་པ་བསལ་བར་བྱ་བའི་ཕྱིར་རོ། །འདུས་བྱས་སྨོས་པ་ནི་འདུས་མ་བྱས་བསལ་བར་བྱ་བའི་ཕྱིར་ཏེ། དེ་ཡང་མི་སྐྱེ་བའི་ཆོས་ཅན་དང་ཟག་པ་མེད་པ་ཡིན་ནོ། །དཔེར་ན་དད་པས་རྗེས་སུ་འབྲང་བའི་ལམ་མངོན་དུ་གྱུར་པ་ན་ཆོས་ཀྱི་རྗེས་སུ་
འབྲང་བའི་ལམ་རྐྱེན་མ་ཚང་བས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་རྣམ་པ་བཞི་ཆར་ཡང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པ་ལྟ་བུ་སྟེ། དེ་བཞིན་དུ་བདེན་པ་རེ་རེ་ལ་
ཡང་བརྗོད་པར་བྱ་ལ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །གཉིས་ཀ་ནི་ཟག་པ་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཏེ། དེ་རྣམས་ནི་ཟག་པ་དང་བཅས་པའི་ཕྱིར་སོ་སོར་བརྟགས་པའི་འགོག་པ་ཡིན་ལ། མི་སྐྱེ་བའི་ཆོས་ཅན་ཡིན་པས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །
เล่ม ๑๔๔ · หน้า 21b
གཉིས་ཀ་མ་ཡིན་པ་ནི་ཟག་པ་མེད་པ་འདས་པ་དང་། ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཅན་རྣམས་ཏེ། དེ་རྣམས་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མི་འཐོབ་ལ། བྱུང་བ་དང་འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མི་ཐོབ་བོ། །
འབྱུང་བའི་ཆོས་ཅན་རྣམས་ཀྱི་མི་སྐྱེ་བ་ནི་གཏན་དུ་བ་མ་ཡིན་པའི་ཕྱིར་ཏེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་སྐྱེ་བ་ལ་གཏན་དུ་གེགས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟག་པ་དང་བཅས་པ་རྣམས་ཀྱིས་མི་ཤེས་པ་དེ་བཞིན་དུ་འདུས་བྱས་རྣམས་ཀྱང་ཡིན་པས། འདུས་བྱས་དེ་དག་
གང་ཞེ་ན་ཞེས་དྲིས་ཏེ། ཡོངས་སུ་སྤངས་པའི་ལམ་གྱི་བདེན་པ་བསྡུ་བར་བྱ་བའི་ཕྱིར་འདུས་བྱས་རྣམས་ཞེས་ཕྱིར་དྲིས་སོ། །དེའི་ཕྱིར། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སྔར་བཤད་པ་འཛིན་ཏོ། །ཀྱང་ཞེས་བྱ་བ་ལ། ཟག་བཅས་
ཟག་པ་མེད་ཅེས་དེ་དག་གི་རབ་ཏུ་དབྱེ་བ་གཞན་ཡང་བཤད་ཟིན་ཏོ། །འདུས་བྱས་སྨོས་པ་ནི་འདུས་མ་བྱས་བསལ་བར་བྱ་བའི་ཕྱིར་རོ། །བྱས་པ་སྨོས་པ་ན་མངོན་པར་གསལ་བར་དགག་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་སྒྲ་ནི་བདག་མེད་པ་གསལ་བར་བྱེད་པའི་ཕྱིར་རོ། །གཟུགས་ལ་སོགས་
པ་སྨོས་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དེ་དག་གིས་ནི་འདུས་བྱས་ཐམས་ཅད་མ་བསྡུས་སོ། །ཕུང་པོ་སྨོས་པ་ནི་གཟུགས་ལ་སོགས་པ་ཡུལ་དགག་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པ་རྣམས་བྱས་པའི་ཕྱིར་ན་བྱས་ཞེས་བརྗོད་པར་བྱ་བ་
མ་ཡིན་ནམ། བྱེད་པའི་ཁྱད་པར་འདུས་པ་དོན་མེད་དོ་ཞེ་ན། དོན་མེད་པ་མ་ཡིན་ཏེ། དེ་ནི་རྐྱེན་གཅིག་གིས་བསྐྱེད་པ་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་ཏེ། བྱས་ཞེས་བརྗོད་ན་ནི་གཟུགས་ལ་སོགས་པ་རྐྱེན་གཅིག་གིས་བསྐྱེད་པ་ཉིད་མ་བཀག་པར་འགྱུར་རོ། །རྒ་བ་དང་ན་བ་དང་འཆི་བ་
ལ་སོགས་པ་ཉེ་བར་འཚོ་བའི་ཁྱད་པར་རྣམས་ཀྱིས་གནོད་པས་ན་ཕུང་པོའོ། །འདུས་བྱས་ཀྱི་སྒྲའི་དོན་བསྟན་པའི་ཕྱིར། རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་རྣམས་ཏེ་ཞེས་བྱ་བ་སྨོས་སོ། །འདུས་ཤིང་ཞེས་བྱ་བ་ནི་ཚོགས་ཤིང་སྟེ། འབྲས་བུ་སྐྱེ་བ་ལ་ཕན་ཚུན་རྗེས་སུ་
เล่ม ๑๔๔ · หน้า 22a
མཐུན་པར་གྱུར་ནས་ཞེས་བྱ་བའི་དོན་ཏོ། །ཕྲད་ནས་ཞེས་བྱ་བ་ནི་དུས་གཅིག་ཏུ་གྱུར་ནས་སོ། །འདུས་ཤིང་ཞེས་བྱ་བ་འདིས་ནི་དུས་ཐ་དད་པ་རྣམས་འབྲས་བུ་ལ་རྗེས་སུ་མཐུན་པའི་ཕྱིར་འདུས་པར་སྟོན་ཏོ། །དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པ་
དང་། མ་འོངས་པའི་ཆོས་རྣམས་ལྟ་བུའོ། །ཕྲད་ནས་ཞེས་བྱ་བ་འདིས་ནི་དུས་ཐ་དད་པ་རྣམས་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་མིག་དང་གཟུགས་གཉིས་གཞན་ནོ། །གཞན་དག་ན་རེ་སྔ་མས་ནི་ཕན་ཚུན་ཕྲད་ནས་ཞེས་བྱ་བ་ཡིན་ལ། ཕྱི་མས་ནི་རྐྱེན་ཐམས་ཅད་ཀྱི་བྱེད་པ་སྟོན་ཏོ། །
སྔ་མའི་སྒོ་ནས་ནི་རེས་འགའ་རྐྱེན་གཅིག་གིས་ཀྱང་བྱས་སོ་སྙམ་དུ་དོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ་ཞེས་སྨོས་ཏེ། ཇི་སྐད་དུ། གཞི་ཡི་སེམས་དང་སེམས་བྱུང་རྣམས། །ཞེས་བྱ་བ་ལ་སོགས་པ་བཤད་དོ་ཞེས་ཟེར་རོ། །གཞན་དག་
ན་རེ་སྔ་མ་ནི་བསྟན་པའི་ཚིག་ཡིན་ལ། ཕྱི་མ་ནི་བཤད་པའི་ཚིག་ཡིན་ཏེ། སྔ་མ་ཁོ་ནའི་རྣམ་གྲངས་ཡིན་པའི་ཕྱིར་རོ་ཞེའོ། །གལ་ཏེ་འདུག་པའི་དུས་ལ་ཀཱ་བྱས་པས་མ་བྱས་པ་བྱེད་པར་གྱུར་པ་དང་། མི་སྐྱེ་བའི་ཆོས་ཅན་རྣམས་ཇི་ལྟར་འདུས་བྱས་ཉིད་དུ་བརྗོད་ཅེ་ན། དེའི་ཕྱིར། དེ་དང་
རིགས་མཐུན་པའི་ཕྱིར་མ་འོངས་པ་དག་ལ་ཡང་མི་འགལ་ཏེ། འོ་མ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་དེ་དང་རིགས་མཐུན་པའི་ཕྱིར་འཇོག་པར་འགྱུར་བ་དང་། འཇོ་བར་འགྱུར་བ་མ་ཡིན་པ་ལ་འོ་མ་ཞེས་བརྗོད་པ་དེ་བཞིན་དུ་མ་འོངས་པ་སྐྱེ་བའི་ཆོས་ཅན་དང་། མི་སྐྱེ་བའི་ཆོས་ལ་ཡང་
འདུས་བྱས་ཞེས་བྱ་སྟེ། སྐྱེ་བ་ལ་སོགས་པ་མཚན་ཉིད་དང་ལྡན་པས་འདུས་བྱས་རྣམ་པར་གཅད་པའི་སྒོ་ནས་དེ་དང་རིགས་མཐུན་པའི་ཕྱིར་རོ། །ཡང་ན་རང་གི་མཚན་ཉིད་འདྲ་བའི་ཕྱིར་ཏེ། དེ་དང་རིགས་མཐུན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དུས་ལ་སོགས་པ་རྣམས་ཀྱང་བསྟན་ལ།
འདུས་བྱས་དང་འདུས་མ་བྱས་ལ་གཏོགས་པའི་ཆོས་གཞན་དག་ཀྱང་མེད་ན་དེའི་ཕྱིར་ཅི། དུས་ལ་སོགས་པ་རྣམས་འདུས་བྱས་ཡིན་ནམ། འོན་ཏེ་འདུས་མ་བྱས་ཡིན་ཞེ་ན། དེའི་ཕྱིར། དེ་དག་ཉིད་དུས་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །ཡང་ན་དེ་དག་ཉིད་དུས་ཞེས་བྱ་བ་ལ་སོགས་པས་ཆོས་
เล่ม ๑๔๔ · หน้า 22b
འདུས་བྱས་རྣམས་ཀྱི་མིང་གསུང་རབ་ལས་གྲགས་པ་སྟན་པར་བྱེད་དོ། །གཟུགས་ལ་སོགས་པ་དེ་དག་ཉིད་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པས་སོང་བ་དང་། འགྲོ་བ་དང་། འགྲོ་བར་འགྱུར་བའི་ཕྱིར་དུས་རྣམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལས་ཐ་དད་པར་དུས་གཞན་ན་
ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །འགྱུར་བའི་སྒྲ་ནི་རེ་རེ་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་འཇིག་རྟེན་ན་བགྲོད་པར་བྱ་བ་ལ་ལམ་གྱི་སྒྲ་གྲག་པ་མ་ཡིན་ནམ། ཇི་ལྟར་བྱེད་པ་པོ་ལ་ལམ་གྱི་སྒྲ་ནི་བྱེ་བྲག་ཏུ་བཤད་ཅེ་ན། ལམ་འདི་ནི་གྲོང་ངམ་ལྷས་ག་གེ་མོ་ཞིག་ཏུ་སོང་བ་དང་། འགྲོ་བ་དང་། འགྲོ་བར་
འགྱུར་རོ་ཞེས་འཇིག་རྟེན་ན་བྱེད་པ་པོ་ལ་ལམ་གྱི་སྒྲ་མཐོང་སྟེ། དེའི་ཕྱིར་བྱེད་པ་པོ་ལམ་གྱི་སྒྲ་བསྟན་དུ་རུང་ངོ་། །མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་བྱ་ཞེས་པ་ལ་ཅི་ཞེ་ན། ངེས་ཚིག་གི་ཚུལ་གྱིས། དུས་རྣམས་སོ་ཞེས་བྱ་སྟེ། ཟ་ཞིང་འཆའ་ལ་འཇིག་ཅེས་བྱ་བའི་དོན་ཏོ། །གཏམ་ནི་ངག་གོ་ཞེས་བྱ་
བ་ལ་སོགས་པ་འབྱུང་ངོ་། །དེའི་གཏམ་གྱིའོ། །གཞི་ནི་ཡུལ་ལམ་རྟེན་ཏེ། ངག་ནི་མིང་ལ་འཇུག་ལ། མིང་ནི་དོན་རྗོད་པར་བྱེད་དོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་མིང་གཏམ་གྱི་གཞི་ཡིན་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་གཏམ་གྱི་གཞི་མ་ཡིན་ཏེ། མིང་ནི་འདུ་
བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། དོན་དང་བཅས་པའི་གཞི་སྨོས་པའི་ཕྱིར་ན་ཞེས་བྱ་བ་སྨོས་སོ། ཡང་ཇི་ལྟར་མིང་དང་བཅས་པའི་གཞི་སྨོས་པ་ཞེས་བྱ་བ་འདི་ཤེས་པར་བྱ་ཞེ་ན། དེའི་ཕྱིར་བཤད་པ་དེ་ལྟ་མ་ཡིན་ན་རབ་ཏུ་བྱེད་པའི་གཞུང་གཏམ་གྱི་གཞི་
རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །ཇི་ལྟར་ན་གཞན་དུ་མ་ཡིན་ཞེ་ན། གལ་ཏེ་དོན་དང་བཅས་པའི་གཞི་མ་སྨོས་ན་ཅི་ལྟར་དེ་དང་འགལ་ཞེ་ན། གལ་ཏེ་མིང་གི་གཞི་དོན་དང་བཅས་པ་མ་སྨོས་ན་ནི་མིང་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་ཀྱིས་བསྡུས་
པའི་ཕྱིར། ཇི་ལྟར་གཏམ་གྱི་གཞི་རྣམས་ཁམས་བཅོ་བརྒྱད་ཀྱིས་བསྡུས་པར་འགྱུར། ཇི་ལྟར་མི་ལྡན་པའི་འདུ་བྱེད་མིང་ལ་དོན་ཡོད་པར་འགྱུར་ཞེ་ན། ངག་ནི་མིང་ལ་འཇུག་པའི་ཕྱིར་ལ། མིང་ནི་དོན་རྗོད་པར་བྱེད་པའི་ཕྱིར་རོ། །གཞན་དག་ནི་འདི་བརྗོད་པར་བྱ་བས་ནི་གཏམ་སྟེ། ངག་
เล่ม ๑๔๔ · หน้า 23a
ཏུ་བྱེད་པའི་གཞུང་དང་མི་འགལ་ལོ་ཞེས་ཟེར་རོ། །གལ་ཏེ་གཏམ་གྱི་གཞི་དོན་དང་བཅས་པ་སྨོས་ན་འདུས་མ་བྱས་ཀྱང་ཅི་སྟེ་མི་གཟུང་སྟེ། དེ་ལ་ཡང་གཏམ་གྱི་གཞི་མིང་ཡོད་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ་མདོ་དང་རིགས་པས་སོ། །རེ་ཞིག་མདོ་ནི་དགེ་སློང་
དག་གསུམ་པོ་འདི་དག་ནི་གཏམ་གྱི་གཞི་ཡིན་ཏེ། བཞི་པ་དང་། ལྔ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནས། གསུམ་པོ་གང་དག་ཅིག་ཅེ་ན། འདས་པ་གཏམ་གྱི་གཞི་དང་། མ་འོངས་པ་གཏམ་གྱི་གཞི་དང་། ད་ལྟར་བྱུང་བ་གཏམ་གྱི་གཞིའོ་ཞེས་བྱ་བའི་བར་རོ། །རིགས་པས་ཀྱང་མིང་དོན་དང་ལྷན་
ཅིག་པའི་དོན་རིགས་པས་གཏམ་གྱི་གཞི་ནི་དོན་དང་བཅས་པའི་མིང་ངོ་ཞེས་བཤད་དེ། དེའི་ཕྱིར་མིང་གང་ཞིག་དོན་དང་ལྷན་ཅིག་པར་བརྗོད་པར་ནུས་པ་དེ་གཏམ་གྱི་གཞི་ཡིན་ན། མིང་དུས་སུ་གཏོགས་པ་དང་། འདུས་མ་བྱས་སུ་མ་གཏོགས་པ་ནི་ལྷན་ཅིག་གོ་ཞེས་བྱ་བར་མི་རུང་ངོ་། །
དེའི་ཕྱིར་འདུས་མ་བྱས་ནི་གཏམ་གྱི་གཞི་མ་ཡིན་ནོ། །གཞན་དག་ན་རེ་གང་ན་ངག་དང་། མིག་དང་། དོན་གསུམ་ཡོད་པ་དེ་ནི་གཏམ་གྱི་གཞི་ཡིན་ན། འདུས་མ་བྱས་ནི་དོན་ཁོ་ན་ཡིན་གྱི། ངག་དང་མིང་མ་ཡིན་པས་གཏམ་གྱི་གཞི་མ་ཡིན་ནོ་ཞེའོ། །གདོན་མི་ཟ་བར་འབྱུང་བ་ནི་ངེས་པར་
འབྱུང་བ་སྟེ་ཞེས་བྱ་བ་ལ། འབྱུང་བ་ནི་འབྱུང་བ་སྟེ། འགྲོ་ཞེས་བྱ་བའི་དོན་ཏོ། །གོར་མ་ཆག་པར་འབྱུང་བ་ནི་ངེས་པར་འབྱུང་བའོ། །དེ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེར་སོང་བ་ལ་སླར་འོང་བ་མེད་པའི་ཕྱིར་རོ། དེ་ཉིད་ཀྱི་ཕྱིར། འདུས་བྱས་
ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་སྨོས་ཏེ། ལམ་ཡང་གཟིངས་དང་འདྲ་བ་ཉིད་ཀྱིས་སྤང་བར་བྱ་བར་བཤད་དེ། དེའི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་ཞེས་བྱ་བ་སྨོས་སོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་འདུས་བྱས་ཐམས་ཅད་ཀྱི་མ་ཡིན་པས་དེ་འདིར་
མི་འདོད་དོ། །འདིར་མུ་བཞི་དང་འགལ་བ་ཡོད་པ་མ་ཡིན་ཏེ། ཐོབ་པ་ལ་མུ་བཞི་བརྗོད་པའི་ཕྱིར་དང་། ཕུང་པོ་ལྷག་མ་མེད་པ་ལ་ཐོབ་པ་མེད་པའི་ཕྱིར་རོ། །དེ་འདི་དག་ལ་ཡོད་པས་ངེས་པར་འབྱུང་བ་དང་བཅས་པ་དག་སྟེ། ནོར་དང་བཅས་པ་བཞིན་ནོ། །རྒྱུ་དང་བཅས་པའི་ཕྱིར་གཞི་
เล่ม ๑๔๔ · หน้า 23b
དང་བཅས་པ་དག་སྟེ་ཞེས་བྱ་བ་ལ། འདི་ལ་དངོས་པོ་གནས་པས་ན་གཞི་སྟེ། དེ་ལས་སྐྱེས་པའི་ཕྱིར་གནས་པ་ལྟ་བུར་གནས་ཀྱི། སེར་སྐྱ་བ་རྣམས་ཀྱི་ལྟར་དེ་ལ་གནས་པ་ཁོ་ན་ནི་མ་ཡིན་ནོ་སྙམ་དུ་དགོངས་སོ། །རྒྱུ་དེ་གང་དག་ལ་ཡོད་པ་དེ་ནི་རྒྱུ་དང་བཅས་པ་དག་གོ། །གསུང་རབ་ལས་དོན་
མང་པོ་ལ་གཞིའི་སྒྲ་མཐོང་བའི་ཕྱིར་རྒྱུ་དང་བཅས་པའི་ཕྱིར་ཞེས་ཁྱད་པར་དུ་བྱས་སོ། །འདི་ནི་རྒྱུའི་ཚིག་ཡིན་ནོ་ལོ་ཞེས་བྱ་བ་ལ། ལོའི་སྒྲ་ནི་འདིར་གཞིའི་སྒྲ་རང་བཞིན་གྱི་ཚིག་ཡིན་གྱི། རྒྱུའི་ཚིག་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དུ་ཡང་མཚུངས་པ་མ་ཡིན་ནམ། གསུང་རབ་
ལས་ནི་དོན་ལྔ་ལ་གཞིའི་སྒྲ་མཐོང་སྟེ། རང་བཞིན་དང་། ཡུལ་དང་། ལྡན་པ་དང་། རྒྱུ་དང་། ཡོངས་སུ་འཛིན་པ་ལའོ། །དེ་ལ་རང་བཞིན་ལ་ནི་ཇི་སྐད་དུ། གནས་བརྟན་ཀུན་དགའ་བོས། བཙུན་པ་བདག་གིས་དགེ་སློང་གསར་བུ་གསར་བུ་འདི་དག་ལ་ཇི་ལྟར་གདམས་པར་བགྱི། ཇི་ལྟར་
རྗེས་སུ་བསྟན་པར་བགྱི། ཇི་ལྟར་འདི་དག་ལ་ཆོས་བསྟན་པར་བགྱི་ཞེས་གསོལ་པ་དང་། ཀུན་དགའ་བོ་ཁྱོད་ཀྱིས་འདིར་དགེ་སློང་གསར་བུ་གསར་བུ་དག་གཞི་འཛིན་དུ་ཆུག་ཤིག །གཞི་ཀློག་ཏུ་ཆུག་ཤིག་ཅེས་བྱ་བ་ལྟ་བུ་སྟེ། འདི་ནི་རང་བཞིན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །ཤེས་བྱའི་
ཆོས་གང་དག་ཅེ་ན། བཤད་པ། ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་པས་ཤེས་པར་བྱ་བ་ཡིན་ནོ་ཞེས་པ་ནི་ཡུལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་རྟོགས་སོ། །གཞི་གང་ལ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་གཞི་དེ་ལ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ཡང་ལྡན་ནོ་ཞེས་བྱ་
བ་ནི་ལྡན་པའོ་ཞེས་པར་ཁོང་དུ་ཆུད་དོ། །གཞི་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ནི་རྒྱུ་དང་བཅས་པའོ་ཞེས་བྱ་བར་རྟོགས་སོ། །ཞང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཟོང་གི་གཞི་ཞེས་བྱ་བ་ནི་ཡོངས་སུ་འཛིན་པའོ་ཞེས་བྱ་བར་ཁོང་དུ་
ཆུད་དེ། དེའི་ཕྱིར་དེ་ལྟར་གཞིའི་སྒྲ་དོན་དུ་མ་ཅན་ཡིན་པ་དང་། འདིར་རང་བཞིན་གྱི་དོན་ནོ་ཞེས་ཇི་ལྟར་རྟོགས་ཏེ། དེ་ཡང་ཕྱིན་ནས་དཔྱད་པར་བྱའོ། །དེ་ལྟར་དེ་དག་ནི་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་དག་ཡིན་ཏེ། བརྗོད་པར་བྱ་བའི་དངོས་པོ་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །
เล่ม ๑๔๔ · หน้า 24a
འདུས་བྱས་དེ་དག་ཁོ་ན་ལས། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་ཡང་ནི་དེ་དག་གོ། །གལ་ཏེ་ལམ་མ་གཏོགས་པ་འདུས་བྱས་རྣམས། ཟག་བཅས་ཞེས་ཟག་པ་དང་བཅས་པ་རྣམས་ཀྱི་བཤད་པ་གང་ཁོ་ནར་བྱས་ཟིན་མ་ཡིན་ནམ་ཞེ་ན། འདི་ནི་བདེན་
མོད་ཀྱི། འདི་ནི་དེ་དག་ཁོ་ནའི་མིང་གཞན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། རྩོམ་པ་འདི་ནི་འདུས་བྱས་ཐམས་ཅད་ཕུང་པོ་ཞེས་བྱ་བར་བཤད་ནས། གང་ཟག་པ་དང་བཅས་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་ཡང་ཡིན་ནོ་ཞེས་བྱ་བ་དང་། ཟག་པ་མེད་པའི་ཕུང་པོ་ཞེས་བྱ་བ་ཁོ་
ན་ཡིན་ཞེས་མིང་ངེས་པར་བྱ་བའི་དོན་དུའོ། །འདིས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་གང་དག་ཡིན་པ་དེ་དག་ནི་ཕུང་པོ་ཡང་ཡིན་ཏེ། གཟུགས་ལ་སོགས་པའི་དངོས་པོ་ལ་སྤུངས་པའི་དོན་བྱེ་བྲག་མེད་པའི་ཕྱིར་རོ། །ཕུང་པོ་དག་ཁོ་ན་ཡིན་ལ། ཉེ་བར་ལེན་
པའི་ཕུང་པོ་ཡང་མ་ཡིན་པ་དག་ཀྱང་ཡོད་དེ། འདུ་བྱེད་ཟག་པ་མེད་པ་རྣམས་སོ། །དེ་དག་ནི་ཉེ་བར་ལེན་པ་དག་ལས་བྱུང་བ་ཡང་མ་ཡིན་ལ་ཉེ་བར་ལེན་པ་དག་ལ་རག་ལུས་པ་ཡང་མ་ཡིན་ཞིང་། དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བ་ཡང་མ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་
ཉོན་མོངས་པ་རྣམས་ཁོ་ན་ལ་ཉེ་བར་ལེན་པའི་མིང་གིས་བཏགས་ཏེ། དེ་དག་གིས་སྲིད་པ་གསུམ་དུ་སྐྱེ་བ་དང་འཛིན་པར་བྱེད་པའི་ཕྱིར་རོ། །ཡང་སྲིད་པ་འཕེན་པར་བྱེད་པའི་ལས་ཉེ་བར་ལེན་པའི་ཕྱིར་རོ། །དེ་དག་ལས་བྱུང་བའི་ཕྱིར་ན་ཉེ་བར་ལེན་པའི་ཕུང་པོ་དག་གོ། །རྩྭ་དང་སོག་མའི་མེ་བཞིན་
ཞེས་བྱ་བ་ནི་དཔེར་ན་རྩྭ་ལས་བྱུང་བའི་མེ་རྩྭའི་མེ་ཡིན་ལ། སོག་མ་ལས་བྱུང་བའི་མེ་སོག་མའི་མེ་ཡིན་པ་དེ་བཞིན་དུ་ཉེ་བར་ལེན་པ་ལས་བྱུང་བའི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་དག་སྟེ། སྐྱེ་བའི་ལས་དང་ཉོན་མོངས་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་དེ་དག་གི་རྒྱུ་མཐུན་པ་དང་། རྣམ་
པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར། གང་དག་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་ཁ་ཅིག་དག་ནི་ཉེ་བར་ལེན་པ་ལས་བྱུང་བར་རིག་མོད་ཀྱི། འོན་ཀྱང་དགེ་བ་ཟག་པ་དང་བཅས་པ་རྣམས་དང་། ལུང་དུ་མ་བསྟན་པ་ཁ་ཅིག་ཉེ་བར་ལེན་པ་ལས་བྱུང་བར་ཇི་ལྟར་བརྗོད་ཅེ་ན། བསོད་ནམས་
เล่ม ๑๔๔ · หน้า 24b
དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ནི་མ་རིག་པའི་རྐྱེན་ཅན་ཉིད་ཡིན་པའི་ཕྱིར་དང་། ཟག་པ་དང་བཅས་པ་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་ཉེ་བར་ལེན་པ་རྣམས་
ཀྱི་ཕུང་པོ་ནི་ཉེ་བར་ལེན་པ་དག་གོ། །ཇི་ལྟར་ཉེ་བར་ལེན་པའི་ཕུང་པོ་དག་ཡིན་ཞེ་ན། ཉེ་བར་ལེན་པ་ལ་རག་ལས་པའི་ཕྱིར་རྒྱལ་པོའི་མི་བཞིན་ནོ། །ཇི་ལྟར་རྒྱལ་པོ་ལ་རག་ལས་པའི་སྐྱེས་བུ་རྒྱལ་པོའི་མི་ཡིན་པ་དེ་བཞིན་དུ་ཉེ་བར་ལེན་པ་ལ་རག་ལས་པའི་ཕུང་པོ་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་
ཡིན་ཏེ། ཉེ་བར་ལེན་པའི་དབང་གིས་དམིགས་པ་དང་། འགྲོ་བ་གཞན་དག་ཏུ་གཞོལ་བའི་ཕྱིར་ཏེ། འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དགྲ་བཅོམ་པ་དག་གི་ཕུང་པོ་རྣམས་ཀྱང་ཉོན་མོངས་པས་ཟིན་པའི་གནོད་པའི་དབང་གིས་གཟུགས་ཀྱི་ཕུང་པོ་རྣམ་པར་འགྱུར་བའི་ཕྱིར་དང་། དེ་
དག་དང་རྗེས་སུ་མཐུན་པའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་ཕྱིར་ཉེ་བར་ལེན་པ་ལ་རག་ལས་པ་ཡིན་ནོ། །ཡང་ན་དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་བཞིན་ནོ་ཞེས་བྱ་བ་ལ། འདི་ལས་མེ་ཏོག་གམ་འབྲས་བུ་
འབྱུང་བས་མེ་ཏོག་དང་འབྲས་བུའི་ལྗོན་ཤིང་ཡིན་པ་དེ་བཞིན་དུ་ཕུང་པོ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བ་ཡིན་ནོ། །དགྲ་བཅོམ་པའི་རྒྱུད་ཀྱི་ཟག་པ་དང་བཅས་པ་དག་ལས་ཀྱང་། རྒྱུད་གཞན་གྱི་ཉེ་བར་ལེན་པ་རྣམས་འབྱུང་སྟེ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་དག་ཉིད་
མཐའ་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། འཐབ་པ་ནི་ཉོན་མོངས་པ་རྣམས་ཏེ། ཕལ་པའི་བརྟགས་པས་འཐབ་པ་དང་འདྲ་བ་ནི་འཐབ་པ་དག་གོ། །དེ་ཉིད་ཀྱི་ཕྱིར་བརྟགས་པའི་རྒྱུ་མཚན་བསྟན་པའི་ཕྱིར། བདག་དང་གཞན་ལ་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་ན་ཡང་གང་དུ་
བདག་དང་གཞན་ལ་གནོད་པ་མེད་པ་དེ་ལ་འཐབ་པ་སྟེ། གཡུལ་ཞེས་བརྗོད་ལ། ཉོན་མོངས་པ་ཡང་འབྱུང་བ་ན་བདག་དང་གཞན་ལ་གནོད་པ་བྱེད་དེ། དེའི་འདོད་པའི་འདོད་ཆགས་སྐྱེས་པ་ནི་བདག་ལ་གནོད་པའི་ཕྱིར་གནས་སོ། །གཞན་ལ་གནོད་པ་དང་། །གཉིས་ཀ་ལ་གནོད་པའི་ཕྱིར་གནས་
เล่ม ๑๔๔ · หน้า 25a
སོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འཐབ་པའི་སྒྲ་ནི་ཕུང་པོ་ལ་རྩོད་པ་དང་། རྟོགས་པ་དང་། ཀུན་ནས་ཉོན་མོངས་པ་དག་ལ་ངེས་པར་བཟུང་བ་ཡིན་ནོ། །དེ་དག་གིས་རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། འཐབ་པ་དེ་དག་གིས་རྒྱས་པར་བྱས་
པ་ནི་དེ་དག་གིས་རྒྱས་པར་བྱས་པ་ཡིན་ལ་དེ་དག་གིས་རྒྱས་པར་བྱས་པའི་དངོས་པོ་ཉིད་དེ། དེའི་ཕྱིར། དེ་དག་གིས་རྒྱས་པར་བྱས་པ་ཉིད་ཀྱི་ཕྱིར་ཏེ། དམིགས་པ་དང་ལྡན་པར་མཚུངས་པའི་སྒོ་ནས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཟག་པ་རྣམས་རྒྱས་པས་ཟག་པ་དང་བཅས་པ་ཡིན་པ་དེ་
བཞིན་དུ་དེ་དག་གིས་རྒྱས་པར་འགྱུར་བའི་འཐབ་པ་དག་གིས་འཐབ་པ་དང་བཅས་པ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ནི་གསུང་རབ་ལས་མིང་གཞན་དག་གིས་ཀྱང་ཐ་སྙད་འདོགས་ཏེ། སྡུག་བསྔལ་ཀུན་འབྱུང་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །འཕགས་པ་རྣམས་དང་མི་མཐུན་པའི་
ཕྱིར་ཞེས་བྱ་བ་ལ། སྡུག་བསྔལ་ནི་མི་མཐུན་པའི་མཚན་ཉིད་ཅན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་འཕགས་པ་རྣམས་དང་མི་མཐུན་ཞིང་། མངོན་པར་མི་འདོད་པར་འགྱུར་ཏེ། དེའི་ཕྱིར། སྡུག་བསྔལ་ཞེས་བརྗོད་དོ། །འཕགས་པ་སྨོས་པ་ནི་
བདེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོགས་དང་བཅས་པ་དག་ནི་འཕགས་པ་མ་ཡིན་པ་རྣམས་དང་མི་མཐུན་པ་མ་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཟག་པ་དང་བཅས་པ་ཐམས་ཅད་ཡིད་འབྱུང་བའི་གནས་ཡིན་པའི་ཕྱིར་འཕགས་པ་རྣམས་དང་མི་མཐུན་
པར་འགྱུར་རོ། །འདི་ལ་སྡུག་བསྔལ་ཀུན་འབྱུང་བས་ཞེས་བྱ་བ་ནི་འདི་ལས་སྡུག་བསྔལ་སྐྱེ་ཞེས་བྱ་བའི་དོན་གང་ཡིན་པ་དེ། དངོས་པོ་རིགས་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་ལ་ཡང་ཀུན་འབྱུང་བ་ཉིད་ཐལ་བར་འགྱུར་རོ་ཞེ་ན་ཐལ་བ་མེད་དེ། སྡུག་བསྔལ་ལ་སྐྱེ་བ་རྣམས་འདིའི་ཀུན་འབྱུང་བ་ཞེས་
དེའི་རྒྱུ་ཡོངས་སུ་རྟོགས་པ་ལ་འཇུག་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཁོ་ན་ཀུན་འབྱུང་ཡིན་གྱི། ལམ་གྱི་རྒྱུ་ནི་མ་ཡིན་ནོ། །འདི་ལྟར་འགའ་ཡང་ལམ་ལ་སྐྱོ་བས་དེའི་རྒྱུ་ཡོངས་སུ་རྟོགས་པར་མི་བྱེད་དོ། །རུ་ཛ་ན་འཇིག་པ་ལའོ་ཞེས་བྱ་བའི་སྐད་ཀྱི་བྱིངས་ལ་འདི་འཇིག་པས་ན་འཇིག་རྟེན་ནོ། །འཇིག་
เล่ม ๑๔๔ · หน้า 25b
པ་དེ་ཡང་རྣམ་པ་གཉིས་ཏེ། མི་རྟག་པས་འཇིག་པ་དང་། གཉེན་པོས་འཇིག་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་ཅིང་རབ་ཏུ་འཇིག་པས་ཞེས་ཚིག་གཉིས་ཀྱིས་གསུངས་སོ། །དེ་ལྟ་ན་ལམ་ལ་ཐལ་བར་འགྱུར་བ་མེད་དོ། །འཇིག་ཅིང་མི་རྟག་པ་ཉིད་ཀྱིས་འཇིག་གི །གཉེན་པོས་
འཇིག་པས་ནི་མ་ཡིན་ཏེ། སྐྱོན་མེད་པའི་ཕྱིར་རོ། །གང་དུ་འཇིག་རྟེན་གྱི་སྒྲ་འདི་གཏིང་ཚུགས་པ་དེ་ཉིད་དུ་འདིའི་ངེས་པའི་ཚིག་བྱེད་པས་ལམ་ལ་ཐལ་བ་མེད་དོ། །འདི་ལ་ལྟ་བ་ཞེས་བྱ་བ་འབྱུང་ངོ་། །གལ་ཏེ་དེ་ལ་དམིགས་པ་ལས་ཡིན་ན་ནི་ཟག་པ་མེད་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། དེའི་
ཕྱིར་རྒྱས་པར་འབྱུང་བའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། གང་ཞིག་གང་དུ་དམིགས་པའམ། མཚུངས་པར་ལྡན་པའི་རྒྱས་པར་འགྱུར་བ་དེ་ནི་དེ་ན་གནས་པར་འགྱུར་རོ། །གལ་ཏེ་ཟག་པ་དང་བཅས་པའི་དངོས་པོ་ལ་ཉོན་མོངས་པ་ཐམས་ཅད་རྒྱས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་བདེན་
མོད་ཀྱི། དེ་ལྟ་ན་ཡང་། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་ནི་ལྟ་བ་རྣམས་ཀྱི་གནས་གཡོ་བ་མེད་པ་ཡིན་ཏེ། བརྟན་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ནི་དེ་ཁོ་ན་ཉིད་ཡིན་གྱི། དེ་ལྟར་འདོད་ཆགས་ལ་སོགས་པ་དང་།
མ་རིག་པ་དང་། ཐེ་ཚོམ་རྣམས་ཀྱི་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་མ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ནི་ཐམས་ཅད་མ་ཡིན་ལ། ཐམས་ཅད་ཀྱི་ཚེ་ལ་ཡང་མ་ཡིན་ཏེ། གང་ལ་དེ་སྐྱེས་མ་སྤངས་པ། །ཞེས་བྱ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །མ་རིག་པ་ནི་
ཐམས་ཅད་ཀྱི་ཚེ་ཡིན་གྱི། རྣམ་གྲངས་མེད་པར་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཐམས་ཅད་འདོད་ཆགས་ལ་སོགས་པ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ལ་ནི་ཐམས་ཅད་ཡོད་མོད་ཀྱི་བརྟན་པར་འཛིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ནི་དེ་དག་གི་གནས་སུ་མི་བརྗོད་
དོ། །འདིར་འགྱུར་ཏེ། དུས་ཀུན་པ་དང་ཐམས་ཅད་ལ། །རྣམ་གྲངས་མེད་དང་མི་གཡོ་བ། །ལྟ་ཡིན་དེ་ལྟར་ཆགས་སོགས་དང་། །མ་རིག་པ་དང་ཐེ་ཚོམ་མིན། །འབྱུང་བས་ན་སྲིད་པས་ཏེ་ཞེས་བྱ་བ་ནི་འབྱུང་ངོ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། གང་ཞིག་ཀུན་འབྱུང་བ་ལས་འབྱུང་བ་དེ་ལ་མངོན་
เล่ม ๑๔๔ · หน้า 26a
པར་འདོད་དོ། །དེ་ལྟ་ན་ལམ་ལ་ཐལ་བ་མེད་དོ། །ཡང་ན་སྲིད་པའི་སྒྲ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མཚམས་བཅད་པས་དེ་དག་ཉིད་ལ་ངེས་པར་བརྗོད་དེ། །མདོ་ལས། སྲིད་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ནི་
འདི་ལས་འདི་ཡོད་ན་འབྱུང་བ་སྲིད་པའོ་ཞེའོ། །གང་གི་སྒྲ་ནི་ཟང་ཟིང་དང་བཅས་པ་ལ་སོགས་པའི་རྣམ་གྲངས་བསྡུ་བར་བྱ་བའི་ཕྱིར་རོ། །དེ་ལྟར་འདི་དག་ནི་ཟག་པ་དང་བཅས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་ནས་སྲིད་པ་ཞེས་བྱ་བའི་བར་འདི་དག་ནི་རྣམ་
གྲངས་དོན་དང་མཐུན་པ་དག་གོ། །འདྲ་བའི་སྒོ་ནས་དོན་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་དོན་དང་མཐུན་པ་དག་གོ། །རྣམ་གྲངས་དེ་དག་ཡིན་ལ། དོན་དང་མཐུན་པ་དག་ཀྱང་ཡིན་པས་ན་རྣམ་གྲངས་དོན་དང་མཐུན་པ་དག་གོ། །ཡང་ན་རྣམ་གྲངས་དོན་དང་རྗེས་སུ་འབྲེལ་བ་དག་ན་རྣམ་གྲངས་དོན་དང་རྗེས་
སུ་མཐུན་པ་དག་གོ། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་སྨྲས་པ་ཞེས་བྱ་བ་ལ། སྨྲས་པའི་ཚིག་ནི་དབང་དུ་བྱ་བ་ལ་རབ་ཏུ་བསྟན་པར་བྱ་བའི་དོན་ཏེ། ཟག་པ་དང་བཅས་པའི་རྣམ་གྲངས་བཤད་པས་བར་དུ་ཆོད་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དབང་དུ་བྱ་བའི་ཕྱིར་རོ། །
གཟུགས་ནི་དབང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་བསྡུས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ད་ནི་སོ་སོའི་རབ་ཏུ་དབྱེ་བ་བཤད་པར་བྱའོ། །གཟུགས་སྨོས་པས་ནི་སྐབས་ཀྱི་ཕུང་པོའི་གཟུགས་བཟུང་བར་རིག་པར་བྱའི། སྐྱེ་མཆེད་ཀྱི་གཟུགས་ནི་མ་ཡིན་ནོ། །གཉིས་
གར་གྲངས་བསྟན་པ་ནི་དབང་པོ་རྣམས་དང་ཡུལ་རྣམས་མང་བའི་ཕྱིར་རོ། །ཐམས་ཅད་ཀྱང་གཟུགས་ཀྱི་བདག་ཉིད་དུ་ཁས་བླངས་པའི་ཕྱིར་དང་། ཡུལ་ཅན་དང་། ཡུལ་གྱི་སྒོ་ནས་གཟུགས་ཀྱི་ཕུང་པོ་བསྟན་པའི་ཕྱིར་མིག་ལ་སོགས་པ་དག་དང་། གཟུགས་ལ་སོགས་པ་དག་ལ་མངོན་
པར་འདོད་དོ་ཞེས་ཤེས་པར་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་དོན་ལྔའི་ཁོངས་སུ་མ་འདུས་པས་དབང་པོ་ལྔའི་ཡུལ་མ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་
เล่ม ๑๔๔ · หน้า 26b
ནའོ་ཞེས་དེ་ལས་གཞན་པ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་གཟུགས་མདོ་སྡེ་པ་ལ་སོགས་པས་ཀུན་བརྟགས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །མིག་ལ་སོགས་པ་དག་གམ། དེ་དག་གི་རྣམ་པར་ཤེས་པ་དག་གིས་རྟོགས་པས་ན་དོན་ཏེ། ཁོང་དུ་
ཆུད་ཅེས་བྱ་བའི་དོན་ཏོ། །འདིར་སྐྱེ་མཆེད་བཅུ་དང་། གཅིག་གི་ཕྱོགས་གཅིག་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཅི་སྟེ་འདི་དག་གི་མཚན་ཉིད་ཅི་ཞིག་ཅེ་ན། དེའི་ཕྱིར། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་སྨོས་ཏེ། བར་དུ་ཆོད་པ་མེད་
པའི་ཕྱིར། དེའི་སྒྲ་ནི་འཇིག་རྟེན་ལ་གྲགས་པ་ཁས་བླངས་ཏེ། གཟུགས་ལ་སོགས་པ་དོན་རྣམས་དང་སྦྱར་བར་བྱའོ། །འཇིག་རྟེན་ན་ནི་གཟུགས་ཀྱི་བློ་སྒྲའི་བློ་ཞེས་ཡུལ་གྱི་སྒོ་ནས་རྣམ་པར་ཤེས་པ་སྟོན་གྱི། རྣམ་པར་ཤེས་པའི་སྒོ་ནས་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་
ལས་ཀྱང་། དེ་ནི་གཟུགས་ཀྱི་རྣམ་པར་ཤེས་པ་ཡིན་གྱི། གང་ཟག་གི་རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །དེ་དག་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་རྣམས་ནི་དེ་དག་རྣམས་ཀྱི་རྣམ་ཤེས་རྟེན་ཏེ། ཇི་སྐད་དུ། དེ་དག་གྱུར་པས་གྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་
ཡིན། །ཞེས་བཤད་པ་ལྟ་བུའོ། །གཟུགས་དང་བའི་བདག་ཉིད་ལྔ་པོ་ཞེས་བྱ་བ་ནི་གཟུགས་ཀྱི་རང་བཞིན་ཅན་ནོ། །དབང་པོ་ལས་འདས་པའི་དོན་རྟོགས་པ་ནི་ལུང་ངམ་རིགས་པ་ལས་འགྱུར་ལ། ཡིད་ཆེས་པ་མ་ཡིན་པ་རྣམས་ཀྱི་ཚིག་གིས་ནི་གུས་པར་བྱེད་པ་ཡང་མ་ཡིན་པས། མིག་ལ་
སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་འདི་ལ་ལུང་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ་དང་བའི་དོན་ནི་འདི་ཡིན་ཏེ། དཔེར་ན་མེ་ལོང་དང་བའམ་ཆུའི་སྣོད་དུ་གཟུགས་ལ་བརྟེན་ནས་དེའི་སྣང་བ་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་གཟུགས་
ཀྱི་བདག་ཉིད་ཅན་དང་བ་ལྔ་པོ་ལ་ཡང་གཟུགས་ལ་སོགས་པ་དག་ལ་བརྟེན་ནས་དེའི་སྣང་བའི་གཟུགས་བརྙན་འབྱུང་ངོ་། །འདིར་གཟུགས་དང་བའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དང་། རྟེན་གྱི་དངོས་པོ་ཁྱད་པར་མེད་པའི་ཕྱིར་ན་མིག་ལ་སོགས་པ་རྣམས་ཕན་ཚུན་དང་། ཡིད་
เล่ม ๑๔๔ · หน้า 27a
ལས་རྣམ་པར་གཅད་པར་བྱ་དགོས་ཏེ། དེའི་ཕྱིར་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་དང་། གཟུགས་དང་བས་ཞེས་བྱ་བ་གཉིས་ཀ་བརྗོད་དོ། །དེ་ལ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་ཉིད་ཀྱིས་ནི་མིག་ལ་སོགས་པ་རྣམས་ཕན་ཚུན་ལས་རྣམ་པར་
གཅོད་དེ། གཟུགས་ཀྱི་རྣམ་པར་ཤེས་པའི་རྟེན་མིག་ཁོ་ན་ཡིན་གྱི། རྣ་བ་ལ་སོགས་པ་རྣམས་མ་ཡིན་ནོ། །རེག་བྱའི་རྣམ་པར་ཤེས་པའི་རྟེན་ནི་ལུས་ཁོ་ན་ཡིན་གྱི། མིག་ལ་སོགས་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཡང་དེ་བཞིན་ནོ། །གལ་ཏེ་དེ་ལྟར་ལྔ་རྣམས་ཀྱི། །དེ་དང་ལྷན་
ཅིག་སྐྱེས་པའང་ཡིན། །ཞེས་འབྱུང་བས་ཡིད་ཀྱང་མིག་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ཡང་དེའི་རྟེན་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གཟུགས་དང་བ་ཞེས་བརྗོད་དོ། །དེ་དག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའི་བདག་ཉིད་ཅན་གང་དག་ཡིན་པ་དེ་དག་ནི་
མིག་ལ་སོགས་པ་རྣམས་ཁོ་ན་ཡིན་གྱི། ཡིད་མ་ཡིན་ནོ་ཞེས་ཤེས་པར་བྱ་བར་འགྱུར་རོ། །ཡང་ན་མིག་ལ་སོགས་པ་འདི་དག་སྨོས་པ་གང་དག་ཡིན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དེ་དག་གི་སྒྲ་ནི་དང་པོ་རྣམས་ཁོ་ན་དང་འབྲེལ་གྱི། དོན་དག་དང་ནི་མ་ཡིན་ཏེ། ཇི་ལྟར་མིག་ལ་སོགས་
པ་རྣམས་ཆོད་པ་ཡིན། ཡང་ཤུགས་ཀྱིས་དེ་དག་གི་སྒྲ་དང་འབྲེལ་པ་ལྟར། ཁྱོད་བཞིན་ཨུཏྤལ་སྔོ་འདབ་ལྟའི་མིག་ཅན། །དེ་ཡི་ཟེའུ་འབྲུ་དང་མཚུངས་དྲི་ལྡན་འདིའི། །ཞེས་ཆོད་པ་དང་ཡང་འབྲེལ་པར་མཐོང་བའི་ཕྱིར་རོ། །ཤུགས་ནི་འདིར་གསུང་རབ་ལས་མིག་གི་རྣམ་པར་ཤེས་པ།
རྣ་བའི་རྣམ་པར་ཤེས་པ་ཞེས་དབང་པོ་དག་གིས་རྣམ་པར་ཤེས་པ་སྟོན་པའི་ཕྱིར་རོ། །དེ་ལྟ་ན་ནི་རྣམ་པར་ཤེས་པ་རྣམས་མ་འདྲེས་པར་བསྟན་པར་འགྱུར་རོ། །ཡུལ་དག་གིས་ནི་མ་ཡིན་ཏེ། དེར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དབྱེར་མེད་
པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ལྟར་བཤད་ན་རབ་ཏུ་བྱེད་པ་ཞེས་བྱ་བ་སྨོས་སོ། །གཟུགས་ཀྱི་ཕུང་པོ་རྫས་བཅུ་གཅིག་པ་བསྟན་པ་ལས་དབང་པོ་རྣམས་བཤད་པར་བྱས་ཟིན་ཏོ། །དེའི་མཇུག་ཐོགས་སུ་དེ་དག་གི་དོན་རྣམས་བཤད་པར་བྱ་དགོས་ཏེ། དེའི་ཕྱིར། དབང་པོ་རྣམས་
เล่ม ๑๔๔ · หน้า 27b
བཤད་ཟིན་ཏོ། །དོན་ལྔ་བཤད་པར་བྱ་སྟེ་ཞེས་བྱ་བ་སྨོས་སོ། །དེ་ལ་ཇེ་གཟུགས་བཤད་པར་བྱ་དགོས་པས་རེ་ཞིག་གི་སྒྲ་ནི་གོ་རིམས་ཀྱི་དོན་ཏོ། །གཟུགས་རྣམ་གཉིས་དང་ཞེས་བྱ་བ་ནི་རྣམ་པ་གཉིས་དང་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་དག་ནི་མིག་ལ་སོགས་པ་དབང་པོའི་
ཡུལ་དག་གོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པས། དེ་དག་གི་མཚན་ཉིད་མ་བརྗོད་པར་དེ་དག་གི་དབྱེ་བ་ཁོ་ན་སྟོན་ཏོ། །དེ་ནི་འཇིག་རྟེན་ན་གྲགས་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་སེར་པོ་དང་། དམར་པོ་དང་། དཀར་པོ་སྡུད་དོ། །གཞན་དག་ནི་དེའི་བྱེ་བྲག་
གོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་གི་བྱེ་བྲག་ཅེས་བྱ་བའི་དོན་ཏོ། །དེ་དག་ཀྱང་གང་དག་ཅེ་ན། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པའོ། །དེ་ལྟར་བྱས་ནས་ཁ་དོག་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། རྩ་བའི་ཁ་དོག་
བཞི་དང་། དེ་དག་ཤས་ཆེ་བ་དང་། ཤས་ཆུང་བ་དང་འབྲེལ་པའི་བྱེ་བྲག་གིས་སྤྲིན་ལ་སོགས་པ་བརྒྱད་དོ། །ཁ་ཅིག་ན་རེ་ནམ་མཁའི་ཁམས་ཀྱི་བྱེ་བྲག་ཁོ་ན་ཡིན་གྱི། ཁ་དོག་གཞན་མ་ཡིན་ནོ་ཞེའོ། །གྲིབ་མ་དང་མུན་པའི་འོད་ལ་གནོད་པ་བྱས་པས་སྐྱེད་པའོ། །འདིར་ཁྱད་པར་ནི་འདི་
ཡིན་ཏེ། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །བཟློག་པ་ནི་མུན་པ་སྟེ། གང་ན་གཟུགས་རྣམས་མི་སྣང་བའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མ་ཕྱེ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མ་བྱས་པའོ། །གཟུགས་ཀྱི་སྐྱེ་མཆེད་ཁ་དོག་ཏུ་ཡོད་ལ་དབྱིབས་སྤུ་མེད་པ་ཡང་ཡོད་དོ་ཞེས་བྱ་བ་ནི་
སྔོན་པོ་དང་སེར་པོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དབྱིབས་སུ་ཡོད་ལ་ཁ་དོག་ཏུ་མེད་པ་ཡང་ཡོད་དེ། རིང་པོ་ལ་སོགས་པའི་ཕྱོགས་ཞེས་བྱ་བ་ནི་རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོན་པོ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་རྣམས་
ཀྱི་ཕྱོགས་གཅིག་གོ། །དེ་གང་ཞེ་ན། དེའི་ཕྱིར་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་སྨོས་སོ། །ཁ་དོག་དང་དབྱིབས་གཉིས་ཀར་ཡོད་པ་ཡང་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ། །ཡང་དེ་ནི་ལུས་ཀྱི་རྣམ་པར་རིག་བྱེད་མ་གཏོགས་པ་རིང་པོ་ལ་སོགས་པའི་
เล่ม ๑๔๔ · หน้า 28a
དབྱིབས་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣའོ། །གཞན་དག་ན་རེ་ཉི་མ་དང་སྣང་བ་ཁོ་ན་ཁ་དོག་ཏུ་ཡོད་ཀྱི། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། གྲིབ་མ་དང་། མུན་པ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རིང་པོ་
ལ་སོགས་པའི་དབྱིབས་མ་གཏོགས་པར་སྔོན་པོ་ལ་སོགས་པ་རྣམས་འཛིན་པ་མེད་ཀྱི། སྔོན་པོ་ལ་སོགས་པ་རྣམས་རིང་པོ་ལ་སོགས་པར་ཡོངས་སུ་ཆད་པར་སྣང་བའི་ཕྱིར་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གྲིབ་མ་དང་། མུན་པ་རྣམས་གཉིས་ཀར་
སྨོས་པའི་ཕྱིར་རོ། །གཉིས་ཀར་ཡོད་པ་ཡང་ཡོད་དོ། །གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ་ཞེས་གང་སྨྲས་པ་ལ། ཇི་ལྟར་ན་རྫས་གཅིག་ལ་གཉིས་ཀར་ཡོད་ཅེ་ན་ཞེས་བྱ་བ་ནི་ཡོད་པ་བདོག་པའི་དོན་དུ་ཁས་བླངས་ནས་བརྒལ་བའོ། །གཉིས་ཀར་ནི་རྣམ་པ་གཉིས་ཀར་རོ། །འདི་ལྟར་རང་
གི་ངོ་བོ་ཐ་དད་པས་ནི་རྫས་ཐ་དད་པ་ཡིན་ཏེ། དེའི་ཕྱིར་དེ་ལ་གཅིག་ཉིད་འགལ་ལོ། །སྣང་བ་ལ་སོགས་པ་བཞིན་དུ་ཁ་དོག་ཁོ་ནར་འགྱུར་བའམ། ལུས་ཀྱི་རྣམ་པར་རིག་བྱེད་ལྟར་དབྱིབས་ཁོ་ནར་འགྱུར་རོ། །དེ་ལ་གཉིས་ཀ་མངོན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རྫས་གཅིག་
ལ་སྟེ། ཁ་དོག་ལ་ཡང་དབྱིབས་དང་དབྱིབས་ལ་ཡང་ཁ་དོག་མངོན་པའི་ཕྱིར་རོ། །ཡོད་པ་འདི་ནི་ཤེས་པའི་དོན་ཡིན་གྱི་ཡོད་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདི་སྐད་དུ་གཉིས་ཀ་ཡང་མངོན་པའི་ཕྱིར་རོ་ཞེས་བཤད་པར་འགྱུར་རོ། །གང་ཁ་དོག་ཁོ་ནར་ཡོད་ལ་དབྱིབས་སུ་
མ་ཡིན་པ་དང་། དབྱིབས་ཁོ་ནར་ཡོད་ཀྱི་ཁ་དོག་ཏུ་མ་ཡིན་ནོ་ཞེས་བཤད་པ་དེར་ནི་ཡོད་པའི་དོན་ཁོ་ན་ཡིན་ནོ། །འོ་ན་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལ་ཡང་ཁ་དོག་དང་དབྱིབས་སུ་ཡོད་པ་ཞེས་ཐལ་བར་འགྱུར་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཐལ་མོ་སྦྱར་བ་ལ་སོགས་
པ་དག་ལ་ཡང་དམར་པོ་ལ་སོགས་པའི་ཁ་དོག་མངོན་པའི་ཕྱིར་རོ། །དེའི་ཕྱིར་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཁོ་ནར་ཞེས་བྱ་བ་དེ་དང་འགལ་བར་འགྱུར་རོ། །འདི་ནི་མི་མཐུན་པ་ཉེ་བར་བཀོད་པ་སྟེ། དེར་ནི་ཐལ་མོ་ལ་སོགས་པའི་དབྱིབས་དགེ་བའམ། མི་དགེ་བ་འམ།
เล่ม ๑๔๔ · หน้า 28b
ལུང་དུ་མ་བསྟན་པ་ལའང་རུང་སྟེ་རྒྱུ་མཐུན་པ་སྐྱེ་བ་ཡིན་ལ། དེ་ཡང་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །ཁ་དོག་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེར་ཁ་དོག་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་མཆེད་ལྷག་མས་བསྡུས་པ་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་བཤད་ཟིན་ཏོ་ཞེས་
བྱ་བ་ནི་མཇུག་བསྡུས་པའི་གཞུང་སྟེ་སྒྲ་དང་སྦྲེལ་བར་བྱ་བའི་ཕྱིར་རོ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ་ཞེས་བྱ་བ་ལ། འདིས་དངོས་པོ་རྣམས་སྒྲོགས་པར་བྱེད་པ་སྟེ། གཅོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་སྒྲོགས་པས་ན་སྒྲའོ། །བདེ་བར་གཤེགས་པ་དག་ན་རེ་རྣ་བའི་ཡུལ་
གཟུགས་འབྱུང་བ་བཞི་ལས་གྲུབ་པོ་ཞེའོ། །དེ་ལ་ཟིན་པ་དག་ནི་ལུས་སུ་གཏོགས་པ་རྣམས་ཏེ། ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་གི་རྟེན་གྱི་དངོས་པོར་ཉེ་བར་གཟུང་བའི་ཕྱིར་རོ། །དེ་ནི་མིག་ལ་སོགས་པ་ད་ལྟར་བྱུང་བ་དང་ཐ་དད་པ་རྣམ་པར་སྨིན་པ་ལས་སྐྱེས་པ་
དང་རྒྱས་པ་ལས་བྱུང་བ་དག་སྟེ། བཟློག་པ་ནི་མ་ཟིན་པ་དག་གོ། །དེ་དག་གང་ལས་རྒྱུ་ཡོད་པས་ན་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ལག་པ་དང་ངག་གི་སྒྲ་ལྟ་བུའོ་ཞེས་བྱ་བ་ལ། གལ་ཏེ་ངག་གི་སྒྲ་མ་ཟིན་པའི་འབྱུང་
བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡང་ཡོད་པ་མ་ཡིན་ནམ། དཔེར་ན་ཚངས་པར་འདོད་པར་གཏོགས་པའི་སྤྲུལ་པས་སྨྲ་བ་དང་། བསམ་གཏན་གཉིས་པར་སྐྱེས་པ་རྣམས་ཀྱི་ངག་གི་རྣམ་པར་རིག་བྱེད་ལྟ་བུ་སྟེ། རྣམ་རིག་སྤྱོད་དང་བཅས་དག་ན། །ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། ཡོད་མོད་ཀྱི། འདི་
ནི་ཉེས་པ་མེད་དེ། དཔེ་ཉིད་དུ་ཉེ་བར་བླངས་པའི་ཕྱིར་ཏེ། འདིར་ལག་པ་དང་ངག་གི་སྒྲ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཁོ་ན་ལས་བྱུང་བ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་མ་ཡིན་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་
སྟོན་པ་མ་ཡིན་པའོ་ཞེས་བྱ་བ་ནི་གང་ཞིག་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ལས་གཞན་པ་ཟིན་པ་མ་ཡིན་པའི་འབྱུང་བའི་རྒྱུ་ཅན་རྣམ་པ་གཉིས་ཆར་ཡང་ངོ་། །དེ་ལྟར་ཟིན་པ་དང་མ་ཟིན་པའི་འབྱུང་བའི་རྒྱུ་ཅན་གཉིས་རེ་རེ་ཞིང་སེམས་ཅན་དུ་སྟོན་པ་དང་། སེམས་ཅན་མ་ཡིན་པར་སྟོན་པ་ཡིན་
เล่ม ๑๔๔ · หน้า 29a
པའི་ཕྱིར་རྣམ་པ་བཞི་ཡིན་ལ། རྣམ་པ་བཞི་པོ་ཡང་རེ་རེ་ཞིང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་དབྱེ་བས་རྣམ་པ་བརྒྱད་ཡིན་ནོ། །ཡིད་དུ་འོང་བ་ནི་ཡིད་དང་མཐུན་པ་སྟེ། མར་འཛིན་པ་དང་། ཕར་འཛིན་པ་བཞིན་ནོ། །འདིར་རྒྱུའི་དབྱེ་བ་དང་། རང་གི་ངོ་བོའི་
དབྱེ་བས་སྒྲའི་རབ་ཏུ་དབྱེ་བའི་མཚན་ཉིད་བསྟན་ཏོ། །གཞན་དག་ན་རེ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་ཡང་ཡོད་དེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལག་པའི་འབྱུང་བ་ཆེན་པོ་དག་ནི་ཟིན་པའོ། །རྫ་རྔའི་འབྱུང་བ་ཆེན་པོ་དག་ནི་མ་ཟིན་པའོ། །ལག་པ་དང་རྫ་རྔ་ཕྲད་པ་
ལས་འབྱུང་བ་གཉིས་ཀ་ལ་བརྟེན་ནས་སྐྱེས་པའི་ཕྱིར་ཟིན་པ་དང་། མ་ཟིན་པའི་རྒྱུ་ལས་བྱུང་བའོ། །དེ་ནི་ཇི་ལྟར་ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལག་པ་དང་རྫ་རྔ་ཕྲད་པ་ལས་སྐྱེས་པའི་སྒྲའི་རྡུལ་ཕྲ་རབ་ནི་འབྱུང་བ་བཞི་ཚན་གཉིས་རྒྱུར་བྱས་པ་མ་ཡིན་ཏེ།
རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར་ཁ་དོག་གི་རྡུལ་ཕྲ་རབ་བཞིན་ནོ། །རྒྱུར་བྱས་པའི་གཟུགས་ཀྱི་རྡུལ་ཕྲ་རབ་རྣམས་ནི་རེ་རེ་ཞིང་འབྱུང་བ་བཞི་ཚན་ལ་བརྟེན་པའི་ཕྱིར་ཏེ། དེའི་ཕྱིར་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞིག་གམ་ཡང་ན་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་
ལས་བྱུང་བ་ཞིག་ཏུ་འགྱུར་རོ། །སྒྲའི་རྡུལ་ཕྲ་རབ་ཀྱི་ཚོགས་སྤྱིར་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལྟ་བུར་མངོན་ནོ། །རོ་ནི་རྣམ་དྲུག་ཅེས་བྱ་བ་ལ། མྱང་བར་བྱ་བས་ན་རོ་སྟེ། རོ་མྱང་བར་བྱ་བའི་དོན་ཏོ། །རང་བཞིན་གྱི་བྱེ་བྲག་ཁས་བླངས་ནས་བྱེ་བྲག་དྲུག་བསྟན་
གྱི། དེ་དག་སྦྱར་བའི་བྱེ་བྲག་ལས་ནི་མཐའ་ཡས་སོ། །གོ་རིམས་ཐ་དད་པ་ནི་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པའི་སྐྱེ་བ་ངེས་པ་མེད་པར་བསྟན་པར་བྱ་བའི་ཕྱིར་རོ། །དྲི་རྣམ་བཞི་ཞེས་བྱ་བ་རྣམ་པ་བཞིའོ། །བསྣམ་པར་བྱ་བས་ན་དྲི་སྟེ། བརྔུབ་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དྲི་ཞིམ་པ་
དང་དྲི་ང་བ་གཉིས་དྲི་མཉམ་པ་དང་མི་མཉམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་ལས་ནི་དྲི་ཞིམ་པ་དང་། དྲི་ང་བ་ཞེས་བྱ་བ་རྣམ་པ་གཉིས་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་པའོ། །ཡང་བསྟན་བཅོས་ལས་གསུམ་པ་དྲི་མཉམ་པ་བཤད་པ། དེ་ནི་ཁ་ཅིག་དྲི་ཞིམ་པའི་ཕྱོགས་སུ་བརླན་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด