ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๕ · หน้า 80a
ཡང་ཇི་ལྟར་བཅོམ་ལྡན་འདས་དེ་དགེ་བའི་ལས་ཀྱི་ལམ་མ་འདྲེས་པ་བཅུ་ལས་ངེས་པར་སྐྱེ་བ་ལྟར་བདག་ཀྱང་དེ་དང་འདྲ་བར་ཤོག་ཤིག་སྙམ་དུ་དེ་དག་ལ་ལན་གཉིས་སུ་མངོན་དུ་གྱུར་པས་སེམས་བརྒྱར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་རྣམས་ཀྱི་སྐུ་ནི་རྣམ་པ་གཉིས་
ཏེ། སྐྱེ་བའི་སྐུ་དང་ཆོས་ཀྱི་སྐུའོ། །དེ་ལ་སྐྱེ་བའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་དུ་གྱུར་པ་ལས་སེམས་པ་ལྔ་བཅུ་འབྱུང་ལ། བདག་ཀྱང་འདི་འདྲ་བར་
གྱུར་ཅིག་སྙམ་པའི་ལས་ཀྱང་གཞན་ལྔ་བཅུ་འབྱུང་སྟེ། དེ་ལྟར་ན་བསོད་ནམས་བརྒྱ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འདོད་པའི་ཁམས་གནས་ཉི་ཤུ་དང་། གཟུགས་ཀྱི་ཁམས་བཅུ་དྲུག་དང་། གཟུགས་མེད་པ་བཞི་དང་། གྲང་བའི་དམྱལ་བ་བརྒྱད་དེ། དེ་ལྟར་ན་ཁམས་གསུམ་པ་རིལ་ནི་
གནས་ཁྱད་པར་ཅན་བཞི་བཅུ་རྩ་བརྒྱད་ཡིན་ལ། དེ་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེའི་སེམས་སྐྱེ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་སེམས་པ་བཞི་བཅུ་རྩ་བརྒྱད་འབྱུང་ངོ་། །དེའི་རྗེས་ལ་ཇི་ལྟར་འདིས་ཁམས་གསུམ་པ་འདི་ལ་སེམས་ཅན་དག་བཀྲོལ་བ་ལྟར་སྙམ་པ་
དེ་ལྟ་བུའི་སེམས་པ་སངས་རྒྱས་ལ་དམིགས་པའི་སེམས་པ་འབྱུང་ངོ་། །དེའི་རྗེས་ལ་བདག་ཀྱང་དེ་དང་འདྲ་བར་འགྲོལ་བར་བྱེད་པར་གྱུར་ཅིག་སྙམ་པ་བདག་ལ་དམིགས་པའི་སེམས་པ་གཉིས་པ་འབྱུང་བས་སེམས་པ་ལྔ་བཅུ་འབྱུང་ངོ་། །ཡང་དེ་དག་ལན་གཉིས་མངོན་དུ་གྱུར་པས་སེམས་པ་བརྒྱར་
འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་བསོད་ནམས་བརྒྱ་ལས་སྐྱེས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཉེ་བ་ནི་འཕེན་པའི་མཚན་ཉིད་ཅན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་ཚེ་བསྐལ་པ་གྲངས་མེད་པ་གསུམ་པ་ཡོངས་སུ་རྫོགས་ན་ཅིའི་ཕྱིར་གཙུག་ཏོར་ཅན་དང་། ཐམས་ཅད་
སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་རྣམས་ཀྱིས་བར་དུ་བཅད་ཀྱི། དེ་མ་ཐག་ཁོ་ན་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། ཚོགས་ཡོངས་སུ་རྫོགས་པ་ནི་གཞེས་པར་མི་རིགས་སོ་ཞེ་ན། ཡོངས་སུ་རྫོགས་མོད་ཀྱི། རྣམ་པ་ཐམས་ཅད་དུ་ཚོགས་
เล่ม ๑๔๕ · หน้า 80b
ཡོངས་སུ་རྫོགས་པས་ནི་མ་ཡིན་ནོ། །གྲངས་མེད་པ་རྫོགས་ཀྱི་རྣམ་པ་ཐམས་ཅད་དུ་ཚོགས་ཡོངས་སུ་རྫོགས་པ་ནི་མ་ཡིན་ཏེ། དེ་ལྟར་ན་འོད་སྲུངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཚངས་པར་སྤྱོད་པ་ཤིན་ཏུ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སླར་འཁྲུངས་སོ་ཞེས་བྱ་བའི་མདོ་འདི་ཡང་ཚད་མར་གྱུར་
པ་ཡིན་ནོ། །གང་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྫ་མཁན་གྱི་བུ་སྣང་བྱེད་ཅེས་བྱ་བར་གྱུར་པས། ཆུ་འཇམ་པོ་དང་བསྐུ་མཉེ་དང་། ཞ་འབྲིང་ལ་སོགས་པ་དག་གིས་རིམ་གྲོ་བྱས་ནས་དང་པོར་སྨོན་ལམ་བཏབ་པའོ། །ཀུན་ལ་ཐམས་ཅད་ཅེས་བྱ་བ་ལ།
བྱང་ཆུབ་སེམས་དཔའ་ནི་ཐོག་མར་ཐམས་ཅད་སྦྱིན་པར་མི་ནུས་ལ། ཐམས་ཅད་ལ་ཡང་མ་ཡིན་ཞིང་། སྙིང་རྗེ་ཉིད་ཀྱིས་ཀྱང་མ་ཡིན་ནོ། །དེའི་འོག་ཏུ་ནི་གོམས་པའི་ཤུགས་དང་། སྙིང་རྗེ་ཆེ་བས་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། ཐམས་ཅད་ནི་མ་ཡིན་ནོ། །གང་གི་ཚེ་ཐམས་ཅད་ལ་ཐམས་ཅད་སྙིང་རྗེས་
སྦྱིན་པར་བྱེད་པའི་ཚེ་ནི། དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་ཚེ་འདིའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་འཁྲུག་པ་མ་སྐྱེས་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་
ཡིན་ལ། གཞན་ལ་གནོད་པར་བྱེད་པའི་ལུས་དང་ངག་གི་ལས་མི་འཇུག་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྐྱེས་བུ་ཁྱུ་མཆོག་ཅེས་བྱ་བ་ནི་སྐྱེས་བུའི་གཙོ་བོའོ། །དེ་ལྟ་བུའི་སངས་རྒྱས་གཉིས་པ་མེད་པས་ཁྱོད་འདྲ་བའི་དགེ་སྦྱོང་ཆེན་པོ་གཞན་དག་ཅེས་བྱ་བ་
འབྱུང་ངོ་། །ཉན་ཐོས་ལ་སོགས་པ་དག་ཀྱང་དགེ་སྦྱོང་ཡིན་པས་དེ་དགག་པའི་ཕྱིར་དགེ་སྦྱོང་ཆེན་པོ་ཞེས་བྱ་བ་སྨོས་སོ། །ལྷ་ཡུལ་ས་ལ་མེད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྷ་ཡུལ་ས་ཞེས་བྱ་བ་ནི་བསྟན་པའི་ཚིག་གི་ཚུལ་དུ་བཤད་པ་ཡིན་ནོ། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུའི་
གནས་ན་འང་ཡོད་མ་ཡིན། ལྷའི་ཕོ་བྲང་གནས་མཆོག་དག་ན་འང་ཡོད་མིན་ཞེས་བྱ་བ་ནི་དེ་གསལ་བར་བྱ་བའི་ཕྱིར་བསྟན་པའི་ཚིག་དག་ཡིན་ཏེ། འཇིག་རྟེན་འདི་ན་ཞེས་བྱ་བ་ནི་མིའི་འཇིག་རྟེན་ནའོ། །རྣམ་ཐོས་ཀྱི་བུའི་གནས་ན་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གནས་ནའོ། །ལྷའི་ཕོ་བྲང་ཞེས་བྱ་བ་ནི་ལྷའི་
เล่ม ๑๔๕ · หน้า 81a
གནས་ཏེ། སུམ་ཅུ་རྩ་གསུམ་པའི་གནས་ན་ཞེས་བྱ་བའི་དོན་ཏོ། །གནས་མཆོག་དག་ན་ཞེས་བྱ་བ་ནི་འཐབ་བྲལ་ལ་སོགས་པའི་གནས་དག་ནའོ། །འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་ཁྱོད་འདྲ་བ་མེད་པར་ཤེས་པར་བྱ་བའི་ཕྱིར། ཕྱོགས་དང་ཕྱོགས་མཚམས་དག་ན་
མེད། །ཅེས་བྱ་བ་སྨོས་སོ། །འོན་ཏེ་ཡིད་མི་ཆེས་ན་འགའ་ཞིག་གིས་རི་རྣམས་དང་ནགས་དག་ཏུ་བཅས་པའི་ས་སྟེངས་རྒྱས་པར་སེམས་ཅན་མང་པོ་གནས་པ་འདི་ཀུན་དུ་ཉུལ་ཅིག །བདག་ཉིད་ཚོལ་ཅིག་ཅེས་བྱ་བར་བསམས་པ་ཡིན་ནོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཉེ་བས་མིང་གི་ཚོགས་
ལ་སོགས་པ་སྣ་ཚོགས་པ་དག་གིས་བསྟོད་པ་བྱེད་པར་ནུས་མོད་ཀྱི། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་རྣམ་པར་གཡེང་བ་ལ་འཇིགས་པས་ཡིད་ཀྱི་རྒྱུན་གཡེངས་པར་མ་བྱས་སོ། །བསྐལ་པ་དགུ་ཡང་བསྡུམས་སོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་གཅིག་གིས་བསྐལ་པ་དགུ་བཅུ་རྩ་གཅིག་
གིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་ཅེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་སྟེ། དེ་མ་ཐག་པ་ནི་རྣམ་པ་གཉིས་ཏེ། དེའི་ཕྱིར་སྔོན་རོལ་སྨོས་པ་ནི་འོག་རོལ་གྱི་དེ་མ་ཐག་པ་ལས་ཁྱད་པར་དུ་བྱེད་པའོ། །ཅིའི་ཕྱིར་སྔོན་
རོལ་གྱི་དེ་མ་ཐག་པ་སྨོས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་བྱང་ཆུབ་པའི་ཕྱིར་རོ། །ཅི་རིགས་པར་ཞེས་བྱ་བ་ལ། ལ་ལ་ནི་བསོད་ནམས་ཀྱང་ཡིན་གཞི་ཡང་ཡིན། ལ་ལ་ནི་བསོད་ནམས་ཀྱང་ཡིན་བྱ་བ་ཡང་ཡིན། ལ་ལ་ནི་བསོད་ནམས་ཁོ་ན་ཡིན་པས་སོ། །ཇི་ལྟར་ཞེ་ན། དཔེར་
ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་བདུན་པོ་དེ་དག་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། དེ་དག་ལ་བརྟེན་ནས་དེ་དག་ཀུན་ནས་སློང་བར་བྱེད་པའི་སེམས་པ་འཇུག་པའི་ཕྱིར་ལས་ཀྱང་ཡིན་ལམ་ཡང་ཡིན། བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་
ལམ་ཁོ་ན་ཡིན་ནོ། །ལས་གང་ཞེ་ན། སེམས་པ་ཞེས་བྱ་བའི་སྟེ། དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་ནི། དེ་དག་གི་རྒྱུ་བས་རྒྱུ་ཞེས་བྱ་བ་ལ་སོགས་པར་ལས་ཀྱི་ལམ་བཤད་པ་དེ་བཞིན་ནོ། །ལུས་དང་ངག་གི་ལས་ནི་གསུམ་ཆར་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། རེ་ཞིག་སྦྱིན་པ་
เล่ม ๑๔๕ · หน้า 81b
ནི། ལུས་དང་ངག་ལས་ཀུན་སློང་དང་བཅས་ཞེས་འཆད་པར་འགྱུར་རོ། །དེ་ལ་ལུས་དང་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པ་གསུམ་ཆར་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ། ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་བྱ་བ་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པའི་
རྟེན་ཡིན་པའི་ཕྱིར་གཞི་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་པའི་ཕྱིར་དང་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་གཞན་ནི་དགེ་བ་ཡིན་པའི་ཕྱིར་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་
ཁྲིམས་ལས་བྱུང་བ་ནི་ལུས་དང་ངག་གི་ལས་ཁོ་ན་ཡིན་པས་རྣམ་པ་གསུམ་ཆར་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར་དང་། ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པའི་རྟེན་ཡིན་པའི་ཕྱིར་གཞི་ཡང་ཡིན་ནོ། །བསྒོམས་པ་ལས་
བྱུང་བའི་བྱམས་པ་ནི་བསོད་ནམས་ཀྱང་ཡིན་ལ། བསོད་ནམས་བྱ་བའི་གཞི་ཡང་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་པ་བྱམས་པའི་རྟེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བྱམས་པ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་། བསམ་གཏན་གྱི་སྡོམ་པ་ནི་བསོད་ནམས་ཀྱང་ཡིན་ལ།
བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཡང་ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བའོ། །དེ་ཡང་གང་ཞེ་ན། སྦྱོར་བའོ་ཞེས་བྱ་བ་སྨོས་སོ། །འདི་དག་དེའི་གཞི་ཡིན་ནོ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པ་གསུམ་པོ་འདི་དག་ནི་བསོད་ནམས་ཀྱི་བྱ་
བ་དེའི་གཞི་ཡིན་ནོ། །ཡང་ཅིའི་ཕྱིར་འདི་དག་གཞི་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་དག་བསྒྲུབ་པའི་ཆེད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ལ་སོགས་པ་འདི་དག་བསྐྱེད་པའི་དོན་དུ་བསོད་ནམས་ཀྱི་སྦྱོར་བ་རྩོམ་པའི་ཕྱིར་རོ། །འདི་ལྟར་གང་ལ་ལ་བསོད་ནམས་ཀྱི་ཆེད་དེ། ཆོས་ཀྱི་དོན་དུ་སྦྱོར་བ་
རྩོམ་པ་དེ་ནི་སྦྱིན་པ་སྦྱིན་པར་བྱེད་དེ། ཚུལ་ཁྲིམས་སྲུང་བར་བྱེད། སྒོམ་པ་ལ་ཡང་རབ་ཏུ་སྦྱོར་རོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཞིག །ཅི་གང་སྦྱིན་པར་བྱ་བ་ཡིན་ནམ། འོན་ཏེ་གང་གི་སྦྱིན་པར་བྱེད་པ་ཡིན་ཞེ་ན། དམིགས་པ་ཡིན་པའི་ཕྱིར་གང་སྦྱིན་པར་བྱ་བ་དེ་ཡང་སྦྱིན་པ་ཡིན་མོད་ཀྱི། ཁྱད་
เล่ม ๑๔๕ · หน้า 82a
པར་དུ་ནི་གང་གིས་སྦྱིན་པར་བྱེད་དེ་སྦྱིན་པ་ཡིན་གྱི་གང་སྦྱིན་པར་བྱ་བ་བགོས་ལ་སོགས་པ་ནི་མ་ཡིན་ཏེ། དེ་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དང་། སྦྱིན་པ་པོའི་རྒྱུད་ལས་ཐ་དད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པས་ཀྱང་སྦྱིན་པར་བྱེད་མོད་ཀྱི་ཞེས་བྱ་བ་ལ་
སོགས་པ་ཞེས་བྱ་བའི་སྒྲས་ནི་ཁྲོ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། འགྲན་པ་ལ་སོགས་པ་བསྡུའོ། །མཆོད་དང་ཕན་འདོགས་འདོད་པ་ཡིས། །ཞེས་བྱ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་དག་ལ་མཆོད་པར་འདོད་པས་སྦྱིན་པར་བྱེད་ལ། དེ་ལས་གཞན་པ་རྣམས་ལ་ནི་དབང་པོའི་
འབྱུང་བ་ཆེན་པོ་ལ་ཕན་གདགས་པར་འདོད་པས་སོ། །ཚོགས་གང་གིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱིས་སོ། །བྱུང་བ་འདི་རང་བཞིན་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི། དཔེར་ན་ངར་ཐགས་ལས་བྱུང་བའི་ཁུར་བ་ཞེས་བྱ་བ་ལྟ་བུར་རྣམ་པར་གྱུར་པ་ལ་སོགས་པ་
དག་མ་ཡིན་པའོ། །བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དོན་གཉིས་མཐོང་བས་སྦྱིན་པ་སྦྱིན་པར་བྱེད་དེ། བདག་ཉིད་ཀྱི་དགེ་བའི་ལས་བསགས་པའི་ཕྱིར་དང་། ལེན་པ་པོའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པར་བྱ་བའི་ཕྱིར་རོ། །སྦྱིན་པ་པོ་
རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་བཅས་པ་དང་། ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་དང་བཅས་པ་ཡང་གཉིས་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བའོ། །འདོད་ཆགས་དང་བྲལ་བ་ཡང་གཉིས་ཏེ། འཕགས་པ་དང་། སོ་སོའི་སྐྱེ་བོའོ། །
འདོད་ཆགས་དང་མ་བྲལ་བ་ཡང་དེ་དང་འདྲ་བར་རྣམ་པ་གཉིས་ཡིན་ནོ། །དེ་ལ་འཕགས་པ་འདོད་ཆགས་དང་བྲལ་བའམ། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བདག་ཉིད་ཁོ་ནའི་དོན་གྱི་ཕྱིར་ཡིན་ནོ། །དེ་ནི་དགེ་བའི་རྩ་བ་རྣམ་པ་གཉིས་བསགས་
པར་འགྱུར་ཏེ། འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་དང་། དོན་གྱི་མཆོག་ཆེན་པོ་ཐོབ་པའི་ཚོགས་སུ་གྱུར་པའོ། །འཕགས་པ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་དག་ལ་སྦྱིན་པར་བྱེད་པ་ཞེས་བྱ་བ་ལ། དེའི་རྣམ་པར་སྨིན་པའི་ས་ལས་འདས་པའི་ཕྱིར། འཕགས་པ་འདོད་ཆགས་དང་
เล่ม ๑๔๕ · หน้า 82b
བྲལ་བ་ལ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་མེད་ཀྱི། ལེན་པ་པོ་ལ་ནི་དེའི་སྒོ་ནས་འབྱུང་བ་ཆེན་པོ་རྒྱས་པ་ཡོད་པས་གཞན་གྱི་དོན་གྱི་ཕྱིར་ཡིན་གྱི། རང་གི་དོན་ནི་འགའ་ཡང་མེད་དོ། །འཕགས་པ་འདོད་ཆགས་དང་བྲལ་བ་འམ། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་
པོ་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་གཉི་གའི་དོན་གྱི་ཡིན་ཏེ། སྦྱིན་བདག་གི་དགེ་བའི་རྩ་བ་བསགས་པའི་དོན་དང་། ལེན་པ་པོའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོགས་པའི་དོན་ཏོ། །འཕགས་པ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་འབུལ་བར་བྱེད་པ་ཞེས་བྱ་ལ། སྦྱིན་
པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་གཉི་གའི་དོན་གྱི་ཕྱིར་ཡང་མ་ཡིན་ཏེ། མཆོད་རྟེན་ལ་སོགས་པ་རྣམས་ལ་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པ་མེད་པའི་ཕྱིར་དང་། དེའི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་ཡང་དག་པར་འདས་པའི་ཕྱིར་རོ། །སྦྱིན་པའི་རྣམ་
པར་སྨིན་པའི་ས་ནི། འདོད་པའི་ཁམས་ཡིན་ན། འཕགས་པའི་འདོད་ཆགས་དང་བྲལ་བ་ནི་འདོད་པའི་ཁམས་ལས་ཤིན་ཏུ་ཡང་དག་པར་འདས་པ་ཡིན་ན་དེའི་ཕྱིར་གཉི་གའི་དོན་གྱི་ཕྱིར་མ་ཡིན་ནོ། །ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་ཤེས་རབ་
དང་འདོད་ཆགས་ཆུང་བ་ལ་སོགས་པ་བསྡུའོ། །སྦྱིན་པ་པོ་ལ་ལ་ནི་རྒྱུ་དང་འབྲས་བུའི་འབྲེལ་པ་གཏན་ལ་མ་ཕེབས་པར་སྦྱིན་པར་བྱེད། ལ་ལ་ནི་ཚུལ་ཁྲིམས་དང་ལྡན་པར་འགྱུར་ཏེ་སྦྱིན་པར་བྱེད། ལ་ལ་ནི་ཚུལ་ཁྲིམས་འཆལ་བཞིན་དུ་སྦྱིན་པར་བྱེད། ལ་ལ་ནི་དེ་བཞིན་གཤེགས་པའི་གསུང་རབ་
མང་དུ་ཐོས་ནས་སྦྱིན་པར་བྱེད། ཁ་ཅིག་ནི་ཐོས་པ་ཆུང་བཞིན་དུ་སྦྱིན་པར་བྱེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། དེ་ལྟར་ན་སྦྱིན་བདག་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་ལ་སོགས་པས་ཁྱད་པར་དུ་འཕགས་པ་དེའི་སྦྱིན་པ་ནི་སྦྱིན་བདག་གི་ཁྱད་པར་གྱིས་འབྲས་བུ་སྦྱིན་པ་ལ་ཁྱད་པར་དུ་འཕགས་པར་
འགྱུར་རོ། །སྦྱིན་བདག་དེ་ལྟ་བུ་དེ་ནི། གུས་པ་ལ་སོགས་པས་སྦྱིན་པར་བྱེད་ཅེས་བྱ་བ་འདིས་ནི་སྦྱོར་བའི་ཁྱད་པར་ལས་ཀྱང་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་རོ། །ཁྱད་པར་བཞིར་འགྱུར་ཏེ་ཞེས་བྱ་བ་ལ། གུས་པར་སྦྱིན་པས་ནི་བཀུར་སྟི་རྙེད་པར་འགྱུར་རོ། །རང་གི་ལག་གིས་སྦྱིན་པས་ལོངས་
เล่ม ๑๔๕ · หน้า 83a
སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར་རོ། །དུས་སུ་སྦྱིན་པ་ནི་གང་གི་ཚེ་ལོངས་སྤྱོད་ལོངས་སྤྱད་པར་ནུས་ཤིང་དུས་ལས་མི་ཡོལ་བར་དུས་སུ་རྙེད་པར་འགྱུར་རོ། །གཞན་ལ་མི་གནོད་པར་སྦྱིན་པས་ནི་ལོངས་སྤྱོད་རྒྱལ་པོ་དང་། རྐུན་པོ་དང་ཤ་ཁོན་ཅན་དང་། མེ་དང་ཆུ་དག་གིས་བར་ཆད་
མེད་པ་རྙེད་པར་འགྱུར་རོ། །ཇི་ལྟར་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་སྦྱིན་བདག་དད་པ་ལ་སོགས་པ་དག་གིས་དད་པ་མེད་པ་དག་ལས་ཁྱད་པར་དུ་འཕགས་པ་དེ་བཞིན་དུ། གུས་པར་བྱས་ནས་སྦྱིན་པ་ལ་སོགས་པས་ཀྱང་མ་གུས་པ་ལ་སོགས་པ་
དག་ལ་སྦྱིན་བདག་ཁྱད་པར་དུ་འཕགས་སོ། །དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ་ཞེས་བྱ་བ་ནི་གྲང་བའི་ཚེ་ནི་དྲོ་ལ། དྲོ་བའི་ཚེ་ནི་གྲང་ཞིང་། ཐ་མལ་པའི་ཚེ་ནི་ཐ་མལ་པར་འདུག་པའོ། །འགྲོ་བས་ཞིང་ཁྱད་པར་དུ་འཕགས་པར་འགྱུར་ཏེ། ཡོན་ཏན་གྱིས་ནི་མ་ཡིན་ཏེ། ཚུལ་ཁྲིམས་
འཆལ་བར་གྱུར་པའི་མི་ལ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནི་གང་གིས་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་འགྱུར་བ་མ་གཏོགས་པ་ཁྱད་པར་གཞན་ཡོད་པ་མ་ཡིན་ནོ། །གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །འདི་ལྟར་རྫས་ལས་བྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་ལེན་པ་པོ་
སྡུག་བསྔལ་གྱིས་ཟིལ་གྱིས་མནན་པས་རྟག་ཏུ་སྐྱོ་བ་ཉིད་ཀྱིས་དགེ་བའི་ཆོས་ཀྱི་སྣོད་ཡིན་པའི་ཕྱིར། སྦྱིན་བདག་གི་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཞལ་དུ་མེད་དོ་ཞེས་བྱ་བ་དང་།
དེ་བཞིན་དུ་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆེས་གཞལ་དུ་མེད་དོ་ཞེས་བྱ་བ་ནས། དེ་བས་ཀྱང་དགྲ་བཅོམ་པ་ལ་བྱིན་ན་ཆེས་གཞལ་དུ་མེད་པ་ཡིན་ན། རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་བསྡུས་ཏེ། གཞལ་
དུ་མེད་པ་བས་ཀྱང་གཞལ་དུ་མེད་པར་འགྱུར་ཏེ། གང་གཱ་དང་རྒྱ་མཚོའི་ཆུ་བཞིན་ནོ། །ཡང་ཇི་ལྟར་འདི་རྣམ་པར་སྨིན་པ་བརྒྱ་འགྱུར་རམ་གཞལ་དུ་མེད་པར་འགྱུར་ཞེ་ན། བསོད་སྙོམས་ལ་སོགས་པས་ལེན་པ་པོའི་ཚེ་ལ་སོགས་པ་དག་ཇི་ཙམ་འཕེལ་བ་དེ་བརྒྱ་འགྱུར་རམ་སྟོང་འགྱུར་རམ། དཔག་ཏུ་མེད་
เล่ม ๑๔๕ · หน้า 83b
པར་ལྷ་དང་མི་དག་གི་ནང་དུ་སྦྱིན་བདག་གི་ཚེ་ལ་སོགས་པ་དག་མངོན་པར་གྲུབ་པ་ཡིན་ཏེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་སྦྱིན་བདག་སྦྱིན་པ་པོས། །ལེན་པ་པོ་དག་ལ་ཟས་སྦྱིན་པ་ན་གནས་ལྔ་སྦྱིན་པར་བྱེད་ཅེས་བྱ་བ་རྒྱས་པ་ནས་ཚེ་སྦྱིན་པས་ལྷ་དང་མིའི་ཚེ་ཐོབ་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་སོ། །
འདི་ལྟ་སྟེ། ཕ་མ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕན་འདོགས་པ་དག་ལ་གནོད་པ་བྱས་པའི་འབྲས་བུ་མཐོང་བས་ལམ་དུ་ཕན་འདོགས་པའི་འབྲས་བུ་རྗེས་སུ་དཔག་པར་བྱའོ། །དོམ་དང་རི་དགས་ལ་སོགས་པའི་སྐྱེས་རབས་ལ་སོགས་པ་དཔེར་བྱའོ་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་ཟང་ཟིང་གི་སྦྱིན་པ་
ཐམས་ཅད་པས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་བཤད་པ་དེ་བཞིན་དུ་ཟང་ཟིང་གི་སྦྱིན་པ་འདི་ཡང་མཆོག་སྟེ། གྲོལ་བས་གྲོལ་བ་ལ་ཞེས་བྱ་བའོ། །འདི་ནི་སྦྱིན་བདག་དང་ལན་པ་པོ་གཉི་ག་མཆོག་ཏུ་གྱུར་པའི་ཕྱིར་དང་། སྲེད་པས་བདག་གིར་མ་བྱས་པའི་ཕྱིར་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡིས་ཞེས་
བྱ་བ་ལས་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་པའི་ཕྱིར་དང་། སྙིང་རྗེས་རབ་ཏུ་བཅུག་པའི་ཕྱིར་དང་། སྲེད་པས་ཡོངས་སུ་མ་ཟིན་པའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ནོ། །སེམས་ཀྱི་རྒྱན་གྱི་དོན་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སེམས་ཀྱི་རྒྱན་གྱི་དོན་ཅན་ནི་དད་པ་ལ་སོགས་པའི་ནོར་འདྲེན་པའི་ཕྱིར་རོ། །
སེམས་ཀྱི་ཡོད་བྱད་ཀྱི་དོན་ཅན་ནི་སེར་སྣའི་དྲི་མ་དང་འགལ་བའི་ཕྱིར་རོ། །རྣལ་འབྱོར་གྱི་ཚོགས་ཀྱི་དོན་ཅན་ནི་སྙོམས་པར་འཇུག་པའི་བདེ་བ་འདོད་པ་རྣམས་ཀྱི་ཡིན་ཏེ། དེའི་རྒྱུ་ཕན་ཚུན་མཚམས་སྦྱོར་བའི་ཕྱིར་རོ། །དོན་གྱི་མཆོག་ཐོབ་པར་བྱེད་པ་ནི་མྱ་ངན་ལས་འདས་པ་འདྲེན་པའི་ཕྱིར་རོ། །ཞིང་གི་
ཁྱད་པར་རྣམ་པ་བཞི་པོ་ཞེས་བྱ་བ་ནི། འགྲོ་བ་དང་སྡུག་བསྔལ་བ་དང་། ཕན་འདོགས་པ་དང་། ཡོན་ཏན་གྱི་ཞིང་ངོ་། །མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་ལས་ཀྱི་ལམ་རབ་ཏུ་སྟོན་པར་བྱེད་པའོ། །ཆོས་ཀྱི་སྐུ་ཟག་པ་མེད་པ་ཞེས་བྱ་བ་ནི། ལམ་སྐྱེ་བའི་སྔོན་
དུ་ལུང་འབོགས་པ་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་ཞེས་བྱ་བ་སྨོས་སོ། །ཞིང་ཞེས་བྱ་བ་ནི་གང་དུ་ཕན་པ་དང་གནོད་པ་དག་བྱེད་པའོ་ཞེས་བྱ་བ་ནི། སེམས་ཅན་དུ་བགྲང་བའི་དངོས་པོ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནོ། །གཞི་ནི་
เล่ม ๑๔๕ · หน้า 84a
ལས་ཀྱི་ལམ་མོ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་དོ། །ཇི་ལྟར་ལྕི་བར་འགྱུར་ཞེ་ན། དེའི་ཕྱིར་རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མ་བྱིན་པར་བླངས་པ་ལ་སོགས་པས་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་
སྒྲས་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། ལ་ལ་ནི་སྦྱོར་བའི་ཁྱད་པར་ཁོ་ནས་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ། །ལ་ལའི་ནི་སེམས་པའི་ཁྱད་པར་གྱིས་སོ། །ལ་ལ་ནི་བསམ་པའི་ཁྱད་པར་
གྱིས་སོ། །བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ་ཞེས་བྱ་བ་ལ། བློ་སྔོན་དུ་མ་བཏང་བ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །བབ་ཅོལ་དུ་བྱས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་སྨྲ་བ་ལ་དྲག་ཏུ་བརྩད་པས་བརྫུན་དུ་སྨྲ་བ་ལྟ་བུ་མ་ཡིན་པའོ། །གཞན་དག་ན་རེ་འདི་ནི་བློ་སྔོན་དུ་མ་བཏང་བའི་རྣམ་གྲངས་ཁོ་ན་ཡིན་
ནོ་ཞེས་ཟེར་རོ། །ཁ་ཅིག་ནི་ཉེས་པར་སྤྱད་པ་གཅིག་གིས་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་རྣམས་ལས་གང་ཡང་རུང་བས་སོ། །ཁ་ཅིག་ནི་གསུམ་གྱི་བར་གྱིས་ཞེས་བྱ་བ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་ལ་སོགས་པ་མཐའ་དག་གིས་སོ། །གཉེན་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་བཤགས་
པ་ལ་སོགས་པའི་གཉེན་པོ་མེད་པའི་ཕྱིར་རོ། །མི་དགེ་བ་ལ་འཁོར་བ་ཡང་མི་དགེ་བ་ཡིན་ཞེས་བྱ་བ་ནི་དཔེར་ན་གང་ཞིག་མ་བྱིན་པར་བླངས་ནས་གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་པ་ལྟ་བུའོ། །རྣམ་པར་སྨིན་པ་ལས་ཇི་ལྟར་བུ་ཞེ་ན། གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པར་ངེས་པར་འགྱུར་རོ། །དེ་བཞིན་
དུ་དགེ་བ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་བྱ་བ་སྟེ། ཆེད་དུ་བསམས་ནས་བྱས་པ་ཡིན་གྱི། བློ་སྔོན་དུ་མ་བཏང་བ་ནི་མ་ཡིན་ཏེ།
དཔེར་ན་རྡོ་སྦྱིན་པར་བྱའོ་སྙམ་སྟེ་གསེར་གྱི་གར་བུ་སྦྱིན་པར་བྱེད་པ་ལྟ་བུ་མ་ཡིན་པའོ། །དེ་ནི་བློ་སྔོན་དུ་མ་བཏང་བས་ལུང་དུ་མ་བསྟན་པར་འགྱུར་ཏེ། དེ་ནི་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ནོ། །བློ་སྔོན་དུ་བཏང་དུ་ཟིན་ཀྱང་བབ་ཅོལ་དུ་ཡིན་ན་ནི་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ཏེ། དཔེར་ན་སྨྲས་
เล่ม ๑๔๕ · หน้า 84b
པ་ལ་དྲག་ཏུ་བརྩད་པས་བདེན་པར་སྨྲ་བ་བཞིན་ནོ། །རྫོགས་པ་ཇི་ལྟ་བུ་ཞེ་ན། ཁ་ཅིག་ནི་ལེགས་པར་སྤྱད་པ་གཅིག་གིས་བདེ་འགྲོར་འགྲོ་ལ་ཁ་ཅིག་ནི་གསུམ་གྱིས་བར་གྱི་འགྲོ་བ་དང་། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་བདེ་འགྲོར་འགྲོ་ལ། ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་ལ་གང་ཞིག་ཇི་
ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་མ་བྱས་ན་ལས་དེ་བྱས་ན། ལས་དེ་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ནོ། །རྫོགས་པ་ནི་བསགས་པ་ཡིན་ནོ། །ལས་དེ་ནི་ཡིད་ལ་གཅགས་པ་མེད་པ་ཡང་ཡིན་ཏེ། འགའ་ཞིག་དགེ་བ་བྱས་ནས་ཀྱང་འགྱོད་པར་འགྱུར་བ་དེ་ནི་བྱས་པ་ཡིན་གྱི་བསགས་པ་མ་
ཡིན་ནོ། །གཉེན་པོ་མེད་པ་ནི་སྦྱིན་པ་བྱིན་ནས་མི་སྨོད་པ་ནའོ། །དགེ་བ་ལ་ཡང་འཁོར་དགེ་བ་ཡིན་ཏེ། བྱིན་ནས་དེའི་རྗེས་སུ་ཡི་རང་བའི་ཕྱིར་རོ། །གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པ་ངེས་པ་ཡང་ཡིན་ཏེ། མ་ངེས་པ་ནི་བྱས་པ་ཡིན་གྱི་བསགས་པ་མ་ཡིན་ནོ། །འདོད་ཆགས་དང་བཅས་པས་
མཆོད་རྟེན་ལ་སྦྱིན་པ་བྱིན་པ་ནི་བདག་གི་དོན་དུའོ་ཞེས་བྱ་བ་ནི། བདག་གཞན་དོན་ཕྱིར་གཉིས་དོར་ཕྱིར། །ཞེས་བྱ་བ་དེར་རོ། །མི་བཟོད་ནས་སྨྲས་པ་ནི་ལོངས་སྤྱོད་པར་བྱེད་པ་མེད་ན་ཇི་ལྟར་བསོད་ནམས་སུ་འགྱུར་ཞེས་བྱ་བ་སྟེ། སུ་ཡང་ཕན་བཏགས་པ་མེད་པའི་ཕྱིར་རོ། །ལོངས་སྤྱོད་པར་བྱེད་པ་ཡོད་ན་
ནི་སྦྱིན་པར་བྱ་བའི་ཆོས་དེ་ལས་དེའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་བཏགས་པས་སྦྱིན་བདག་ལ་བསོད་ནམས་སུ་འགྱུར་བར་རིགས་སོ། །གལ་ཏེ་ཁོ་བོ་ཅག་ཡོངས་སུ་ལོངས་སྤྱོད་པ་ལས་འབྱུང་བ་ཁོ་ན་སྦྱིན་བདག་གི་བསོད་ནམས་སུ་ཁས་ལེན་ན་ནི་འདི་དེ་ལྟར་འགྱུར་བ་ཞིག་གོ། །འོ་ན་ཅི་ཞེ་ན། བསོད་ནམས་
ནི་རྣམ་པ་གཉིས་ཏེ། བཏང་བའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའོ། །བྱུང་བ་ནི་རྒྱུ་དང་བྱེད་རྒྱུ་དང་། རྒྱུ་མཚན་ཅན་གྱི་རྣམ་གྲངས་དང་། བཏང་བའི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དངོས་པོ་ཡོངས་སུ་ལོངས་སྤྱོད་པ་མེད་ཀྱང་། མཆོད་རྟེན་ལ་བཏང་བའི་རྒྱུ་ལས་
བྱུང་བའི་བསོད་ནམས་སུ་འགྱུར་རོ། །དངོས་པོ་ཡོངས་སུ་གཏོང་བ་ལ་ནི་དེའི་འོག་རོལ་དུ་དངོས་པོ་དེ་ལ་ཡོངས་སུ་ལོངས་སྤྱོད་པ་ཡོད་དམ་མེད་ཀྱང་བླ་སྟེ། མ་ཆགས་པ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། །ལྷན་ཅིག་པར་འགྱུར་བའི་སེམས་པ་གདོན་མི་ཟ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་གང་གིས་
เล่ม ๑๔๕ · หน้า 85a
དགེ་འདུན་གང་ཟག་ལ་སོགས་པ་དག་ལ་ཕུལ་བའི་དངོས་པོ་ཡོངས་སུ་ལོངས་མ་སྤྱད་པ་ཁོ་ནར་བརླག་པར་འགྱུར་བ་དེའི་གཏོང་བ་དོན་མེད་པར་འགྱུར་ཏེ། བསོད་ནམས་ཀྱི་འབྲས་བུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ལེན་པ་སུ་ཡང་མེད་ན་ཇི་ལྟར་བསོད་ནམས་ཡིན་ཞེ་
ན། རེ་ཞིག་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ཡོངས་སུ་གཟུང་ངོ་ཞེས་འདི་ནི་བཤད་ཟིན་ཏོ། །བྱམས་པ་ལ་སོགས་པ་ཚད་མེད་པ་དང་། ཡང་དག་པའི་ལྟ་བ་བསྒོམ་པ་ཞེས་བྱ་བ་འབྱུང་སྟེ། བྱམས་པ་ལ་གནས་པ་ནི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་དུ་བསམས་པ་དགེ་བའི་ཕྱིར་
དང་། ཞེ་སྡང་མེད་པའི་སྦྱོར་བའི་ཕྱིར། དེ་ཙམ་གྱིས་འགའ་ཞིག་ལ་བདེ་བས་ཕན་བཏགས་པ་ཡང་མ་ཡིན་ལ་དེ་ལ་ལན་པར་བྱེད་པ་འགའ་ཡང་མེད་མོད་ཀྱི་མོས་པའི་དབང་གིས་བསོད་ནམས་མཆོག་ཏུ་འབྱུང་བ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་སྙིང་རྗེ་ལ་གནས་པའི་ཡང་ཡིན་ཏེ། དེའི་ཕྱིར་བྱམས་པ་ལ་
སོགས་པ་བཞིན་དུ། ལེན་པ་མེད་པའི་མཆོད་རྟེན་ལ་ཡང་དེའི་ཡོན་ཏན་ལ་ལྷག་པར་མོས་པའི་རང་གི་སེམས་ཁོ་ན་ལས་བསོད་ནམས་སུ་མངོན་པར་འདོད་པར་བྱའོ། །སྦྱིན་པ་དང་། མཆོད་པར་བྱ་བ་དོན་མེད་པ་ཡང་མ་ཡིན་ཏེ། ལས་དེ་ཀུན་ནས་སློང་བར་བྱེད་པའི་དད་པ་ནི་ཆེས་མཆོག་ཡིན་པའི་ཕྱིར་རོ། །
སྦྱིན་པ་དང་མཆོད་པར་བྱ་བའི་བྱ་བ་སེམས་པའི་དད་པ་གང་ཡིན་པ་དེ་མཆོག་ཉིད་ཡིན་པ་ནི་ལུས་དང་ངག་རབ་ཏུ་འཇུག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ལ་ཕན་བཏགས་པ་དང་། གནོད་པ་ལ་ལྟོས་པ་འམ། ལེན་པར་བྱེད་པ་ལ་ལྟོས་པས་སེམས་དང་སེམས་ལས་བྱུང་བ་རྣམས་དགེ་བ་དང་མི་དགེ་
བ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དགེ་བ་དང་མི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ལ་ལྟོས་ནས་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་གནོད་པ་བྱ་བའི་ཕྱིར་གོས་དང་ཟས་དང་དུག་ལ་སོགས་པ་སྦྱིན་པར་བྱེད་པ་ཡང་བསོད་ནམས་སུ་འགྱུར་ཏེ། དེ་ན་ཡང་ལེན་པ་པོ་དང་གཞན་ལ་ཕན་
བཏགས་པ་ཡོད་པ་ཡིན་ནོ། །གལ་ཏེ་གཞི་བཟང་པོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཅེར་བུ་པ་དག་ཆོམ་རྐུན་ལ་སོགས་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་ཏེ། སྦྱིན་པའི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་ནི་ཞིང་གི་དབང་གིས་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཅེར་བུ་པ་རྣམས་ཀྱི་
เล่ม ๑๔๕ · หน้า 85b
ཆོས་འདི་ནི་ཉེས་པར་བཤད་པ་ཞིག་སྟེ། འདི་ལྟར་ངན་པའི་ཞིང་ལ་འབྲས་བུ་ཡིད་འང་། ཞེས་བྱ་བ་འབྱུང་ངོ་། །ཞིང་གི་དབང་གིས་འབྲས་བུ་ཡིད་དུ་འོང་བར་འགྱུར་རོ་ཞེས་ནི་མི་སྨྲ་འོ། །འོ་ན་ཅི་ཞེ་ན། འབྲས་བུ་མཆོག་ཡིན་པར་སྨྲ་སྟེ། ཇི་ལྟར་སྲོག་གཅོད་པ་ནི་ཞིང་བཟང་ངམ་ངན་ཡང་རུང་སྟེ། ཐམས་
ཅད་དུ་འབྲས་བུ་ཡིད་དུ་མི་འོང་བ་ཡིན་པ་དེ་བཞིན་དུ། སྦྱིན་པ་ཡང་ཞིང་བཟང་ངམ་ངན་ཡང་རུང་སྟེ། ཐམས་ཅད་དུ་འབྲས་བུ་ཡིད་དུ་འོང་བ་ཁོ་ན་ཡིན་ནོ། །ཞིང་གི་ཁྱད་པར་གྱིས་ནི་འབྲས་བུ་ཆེ་བའམ། ཆུང་བ་འམ། འབྲས་བུ་མེད་པར་འགྱུར་གྱི། འབྲས་བུ་ཡིད་དུ་མི་འོང་བར་ནི་མི་འགྱུར་རོ། །འཆལ་བའི་
ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་བྱ་བ་ནི་འཆལ་བའི་ཚུལ་ཁྲིམས་ལུས་དང་ངག་གི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་ནི་སྲོག་གཅོད་པ་སྦྱོར་བ་དང་མཇུག་དང་བཅས་པ་ནས་ཚིག་ཀྱལ་པའི་བར་ཡིན་ནོ། །དེའི་ཕྱིར་མི་དགེ་བའི་གཟུགས་སྤོང་བ་དེ་ནི་ཚུལ་ཁྲིམས་ཡིན་ནོ། །ཡང་ཅི་འཆལ་བའི་ཚུལ་
ཁྲིམས་སྤོང་བ་ཁོ་ན་ཚུལ་ཁྲིམས་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། སངས་རྒྱས་ཀྱིས་ནི་བཅས་པ་སྤོང་ངོ་། །དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ནོ། །བསླབ་པ་མནོས་པས་ཞེས་བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བ་ནི་རང་བཞིན་
གྱིས་འཆལ་པའི་ཚུལ་ཁྲིམས་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ནི་བསླབ་པ་མནོས་པ་གང་ཡིན་པ་དེ་ལ་འཆལ་པའི་ཚུལ་ཁྲིམས་སུ་འགྱུར་རོ། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །གང་ལ་ཡོན་ཏན་བཞི་ཡོད་པ། །དེ་ནི་ཡོན་ཏན་བཞི་ལྡན་ནོ། །རེ་ཞིག་འཆལ་བའི་ཚུལ་ཁྲིམས་ཀྱིས། །ཞེས་རྒྱས་པར་འབྱུང་བ་
ལ། འཆལ་བའི་ཚུལ་ཁྲིམས་ནི་ཆེད་དུ་བསམས་ནས་ལྟུང་བ་ཕྱུང་བའོ། །འདི་སྐད་དུ་བཤད་པས་ཞེས་བྱ་བ་ནི་འཆལ་བའི་ཚུལ་ཁྲིམས་མི་དགེ་བའི་གཟུགས་ཞེས་བྱ་བ་འདིས་སོ། །འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ནི་ཆགས་པ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ། །ཇི་ལྟར་
དེ་དག་འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་ཡིན་ཞེ་ན། ཇི་སྐད་དུ། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ཅེས་བྱ་བ་ལ་སོགས་པ་བཤད་པ་ཐམས་ཅད་དང་། ཇི་ལྟར་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་བརྟེན་ཞེ་ན། དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་རོ་
เล่ม ๑๔๕ · หน้า 86a
ཞེས་བྱ་བ་སྨོས་ཏེ། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་འབྱུང་བའི་ཕྱིར་རོ། །ཞི་བ་ལ་ཇི་ལྟར་བརྟེན་ཞེ་ན། དེའི་ཕྱིར་མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ལས་ཀྱི་ལམ་དངོས་ཀྱིས་
རྣམ་པར་དག་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་ལ་སྤྱད་པ་དག་གིས་ཉམས་པར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཉེར་བསྡོགས་དག་གིས་རྣམ་པར་དག་པ་ཞེས་བྱ་བ་ནི་ལས་ཀྱི་ལམ་གྱི་ཉེར་བསྡོགས་ཅུང་ཟད་ཀྱང་སྤྱད་པར་མ་གྱུར་པའོ། །རྣམ་པར་རྟོག་པ་རྣམས་ཀྱིས་འཕན་མ་བྱུང་
བ་ཞེས་བྱ་བ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བ་རྣམས་ཀྱིས་དྲི་མ་ཅན་དུ་མ་བྱས་ཞེས་བྱ་བའི་དོན་ཏོ། །དྲན་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི། ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བཞིས་བསྟན་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །འཚོ་བ་མེད་པ་དང་ཚིགས་སུ་བཅད་པ་མེད་པ་དང་
ཆད་པ་དང་། ངན་འགྲོས་འཇིགས་ནས་ཞེས་བྱ་བ་ལ། འཇིགས་པ་ཞེས་བྱ་བའི་སྒྲ་ནི་འཚོ་བ་མེད་པའི་འཇིགས་པ་དང་། ངན་འགྲོས་འཇིགས་པའི་བར་དུ་སྟེ། རེ་རེ་དང་སྦྱར་བར་བྱའོ། །སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་པ། །ཞེས་བྱ་བ་ལ། འདིར་ཆགས་པ་ཞེས་བྱ་བའི་སྒྲ་ནི། རེ་རེ་དང་སྦྱར་བར་བྱ་སྟེ།
སྲིད་པ་ལ་ཆགས་པ་དང་། དེ་བཞིན་དུ་ལོངས་སྤྱོད་ལ་ཆགས་པ་དང་། བཀུར་སྟི་ལ་ཆགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པ་ན་ཞི་གནས་དང་ལྷག་མཐོང་གི་རྟེན་གྱི་དོན་ཅན་ནོ། །ཡང་དག་པའི་ལྟ་བ་ཅན་རྣམ་པར་ཐར་པའི་དོན་དུ་ཞེས་བྱ་བ་ནི་མུ་སྟེགས་ཅན་དགག་པའི་ཕྱིར་ཏེ། དེ་དག་ནི་སྲིད་པ་ལ་
བརྟེན་པའི་ཕྱིར་རོ། །མཉམ་པར་གཞག་པའི་དགེ་བ་ནི། །ཞེས་བྱ་བ་ལ། མཉམ་པར་གཞག་པ་སྨོས་པ་ནི་མཉམ་པར་མ་བཞག་པ་བཟློག་པར་བྱ་བའི་ཕྱིར་རོ། །དགེ་བ་སྨོས་པ་ནི་མཉམ་པར་གཞག་པའི་བསམ་གཏན་ཉོན་མོངས་པ་ཅན་རོ་མྱང་བ་དང་བཅས་པ་བསལ་བའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་ཡང་
སེམས་ལ་བསྒོ་བར་བྱེད་པ་ཡིན་མོད་ཀྱི། མཉམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར་རྒྱུད་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །མེ་ཏོག་རྣམས་ཀྱིས་ཏིལ་ལ་བསྒོས་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་མེ་ཏོག་གི་དྲིའི་བདག་ཉིད་དུ་བྱེད་པའི་
เล่ม ๑๔๕ · หน้า 86b
ཕྱིར་མེ་ཏོག་རྣམས་ཀྱིས་ཏིལ་བསྒོས་པར་བྱེད་པ་དེ་བཞིན་ནོ། །ཡང་ཚུལ་ཁྲིམས་དང་བསྒོམས་པས་ཅིར་འགྱུར་ཞེས་བྱ་བ་ནི། ཚིག་གི་ལྷག་མའོ། །མཐོ་རིས་དོན་དུ་ཚུལ་ཁྲིམས་ཞེས་བྱ་བ་ལ། སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་འགྱུར་མོད་ཀྱི། ཚུལ་ཁྲིམས་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་མེད་
ན་མི་འབྱུང་བའི་ཕྱིར། ཚུལ་ཁྲིམས་ཀྱིས་ཀྱང་བྲལ་བར་ནི་འགྱུར་མོད་ཀྱི། བསྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །བསོད་ནམས་བྱ་བའི་དངོས་པོའི་ཞར་ལ་འདི་ཡང་བསམ་པར་བྱ་སྟེ། མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་གསུངས་པ་ཞེས་བྱ་བ་ནི། སྔོན་མ་
བཞེངས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བཞེངས་པ་ནི་ཚངས་པའི་བསོད་ནམས་བསྐྱེད་དོ། །ཕྱོགས་བཞིའི་དགེ་འདུན་གྱི་ཆེད་དུ་གཙུག་ལག་ཁང་རྩིག་པར་བྱེད་པ་ནི་ཚངས་པའི་བསོད་ནམས་བསྐྱེད་དོ། །དགེ་འདུན་བྱེ་བ་སྡུམས་བྱེད་པ་ནི་ཚངས་པའི་བསོད་ནམས་
བསྐྱེད་དེ། །བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་ནས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ནི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་བྱ་བའོ། །མཚན་རྣམ་པར་སྨིན་པ་ཅན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལས་ནི་
བྱང་ཆུབ་སེམས་དཔའ་ཉེ་བ་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ཞེས་འབྱུང་ངོ་། །བསྐལ་པ་མཐོ་རིས་དགའ་གནས་ཕྱིར། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷའི་སྐྱེ་བ་དག་ཏུ་ཞེས་བྱ་བར་དགོངས་ཏེ། ལས་དེ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །ཚངས་པའི་མདུན་ན་འདོན་
པ་རྣམས་ཀྱི་ཚེ་ནི་ཚངས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པས་བསྐལ་པ་གཅིག་ཡིན་ཏེ། དེ་དང་ཆོས་མཐུན་པར་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་གསུངས་སོ། །ཉོན་མོངས་ཅན་མིན་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སེམས་ཀྱིས་ཀུན་ནས་བསླང་བས་ཞེས་བྱ་བའི་ཐ་ཚིག་གོ། །
བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ནི་བསོད་ནམས་ཆེན་པོ་རླག་པར་བྱེད་པའོ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ཞེས་བྱ་བ་ལ། བསོད་ནམས་ཀྱི་ཆ་ནི་བསོད་ནམས་ཀྱི་ཆ་སྟེ། འབྲས་བུ་ཡིད་དུ་འོང་བ་ཐོབ། །ཅེས་བྱ་བའི་དོན་ཏོ། །དེ་དང་མཐུན་པའི་བསོད་ནམས་ཀྱི་ཆ་དང་མཐུན་པའོ། །དེ་ཉིད་ཀྱི་ཕྱིར་
เล่ม ๑๔๕ · หน้า 87a
རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །ཐར་པའི་ཆ་དང་མཐུན་པ་ནི་གང་སྐྱེ་ན་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དུ་འགྱུར་བ་སྟེ་ཞེས་བྱ་བ་འབྱུང་ངོ་། །དེ་ཡོད་དོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར། གང་ལ་འཁོར་བའི་ཉེས་དམིགས་
དང་། །ཞེས་བྱ་བ་སྨོས་ཏེ། ཐོས་པ་ཐམས་ཅད་ལ་དེ་མེད་པའི་ཕྱིར་འཁོར་བའི་ཉེས་དམིགས་ལ་སོགས་པ་བརྗོད་པ་ཙམ་ནི་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་དཀྲུག་ཅེས་བྱེད་པའི་རྒྱུ་མ་ཡིན་ཏེ། དཔེར་ན་ཐམས་ཅད་མྱུ་གུ་སྐྱེ་བ་མེད་པའི་ཕྱིར་དབྱར་ཙམ་མྱུ་གུ་སྐྱེས་པའི་རྒྱུ་མ་ཡིན་པ་བཞིན་ནོ། །ཐར་པ་
ལ་བརྟེན་པས་ན་ཐར་པའི་ཆ་སྟེ། དེ་དང་མཐུན་པ་ནི་ཐར་པའི་ཆ་དང་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དྲོ་བར་གྱུར་པ་ལ་སོགས་པ་རྣམ་པ་བཞི་ཞེས་བྱ་བ་ལ། ངེས་པར་འབྱེད་པ་ནི་འཕགས་པའི་ལམ་སྟེ། དེ་དང་མཐུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གོ། །འོག་ནས་
བཤད་པར་བྱའོ་ཞེས་བྱ་བ་ནི་མཛོད་ཀྱི་གནས་དྲུག་པ་ནས་ཏེ། དེ་ལ་དྲོ་བར་གྱུར་པ་སྟེ། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་དེར་རོ། །འཇིག་རྟེན་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལས་བསྟན་པའི་སྐབས་ཡིན་པའི་ཕྱིར་དང་འདི་དག་ཀྱང་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་འདི་དག་གི་རང་བཞིན་
གང་ཡིན་པ་ཞེས་བྱ་བ་དྲིས་སོ། །ཀུན་སློང་བཅས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་སློང་བ་དང་ལྷན་ཅིག་པ་ནི་ཀུན་སློང་དང་བཅས་པའོ། །དེ་ཡང་གང་ཞིག་ཅེ་ན། སེམས་དང་སེམས་ལས་བྱུང་བའི་ཚོགས་པའོ། །ཡི་གེ་དག་ནི་ཡིག་འབྲུ་མ་ཡིན་གྱི་ལས་གང་གིས་དེ་དག་འདྲི་བར་བྱེད་དེ་ཡིག་འབྲུ་ཡིན་ལ།
གང་ལ་རྐོ་བ་ནོར་བུ་དང་ར་ལ་སོགས་པ་དེ་ཡང་རྒྱ་མ་ཡིན་གྱི། ལུས་ཀྱི་ལས་གང་གིས་རྐོ་བ་དེ་རྒྱ་ཡིན་ཏེ། ཡིག་གེ་དག་དང་བརྐོས་པ་ནི་འབྲས་བུ་ལ་རྒྱུ་བཏགས་པས་ཡིག་འབྲུ་དང་རྒྱ་ཞེས་བྱ་བར་འགྱུར་རོ། །ཡིད་ཀྱི་ཆོས་རྣམས་སྡོམ་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཉིད་
དུ་གཅིག་གཉིས་གསུམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་བགྲང་བའོ། །གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་ཕུང་པོ་བཞིའི་རང་བཞིན་ནོ། །ལས་ཀྱི་སྐབས་ཡིན་པས་ད་ནི་ཆོས་རྣམས་ཀྱི་རྣམ་གྲངས་ཞེས་བྱ་བ་སྨོས་ཏེ། མ་རྨོངས་པར་བྱ་བའི་ཕྱིར་ཆོས་མངོན་པ་ལས་ཉོན་མོངས་པ་ཅན་གྱི་ཆོས་དང་། གྱ་ནོམ་པ་
เล่ม ๑๔๕ · หน้า 87b
དང་། བརྟེན་པར་བྱ་བའི་ཆོས་ཞེས་བྱ་བ་འབྱུང་བའི་རྣམ་གྲངས་དེ་དག་བསྟན་ཏོ། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ནི་སྨད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པས་སྒྲིབ་པའི་ཕྱིར་ཐར་པའི་ལམ་གྱི་བགེགས་ཡིན་པའི་ཕྱིར་བསྒྲིབས་པའོ། །འཕགས་པ་རྣམས་ཀྱིས་བོར་བའི་ཕྱིར་རམ་རྣམ་པར་སྨིན་པ་
ངན་པའི་ཕྱིར་ངན་པའོ། །གྱ་ནོམ་པ་ཞེས་བྱ་བ་ནི་དག་པ་རབ་ཏུ་གྱུར་པའི་ཕྱིར་རོ། །ངན་པ་དང་གྱ་ནོམ་པ་དག་ལས་གཞན་པ་ནི་བར་མ་ཞེས་བྱ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་ཀྱང་དགེ་བ་ཟག་པ་དང་བཅས་པ་དང་། མ་བསྒྲིབས་པ་ལ་ལུང་དུ་མ་བསྟན་པའོ། །འདུས་བྱས་དགེ་བསྟེན་བྱ་ཞེས་བྱ་བ་ལ།
ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ནི་ཁྱད་པར་མེད་པར་བསྟེན་པར་བྱ་བ་ཡིན་ཏེ། རྒྱུད་ལ་བྱེད་པའི་སྒོ་ནས་བསྟེན་པར་བྱ་བ་ཡིན་ནོ། །ལྷག་མ་རྣམས་ནི་བསྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ལ། དེ་དག་ནི་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། འདུས་མ་བྱས་སོ། །གོམས་
པར་བྱར་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་དུ་བྱར་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱ་བར་མི་ནུས་པས་གོམས་པར་བྱར་མི་རུང་བ་ཡིན་ནོ། །ཆོས་གང་ཞིག་རྒྱུད་ལ་ཡང་དང་ཡང་དུ་སྐྱེད་པར་བྱེད་པ་དེ་ནི་བསྟེན་པར་བྱ་བ་ཞེས་བརྗོད་དོ། །དཔེར་ན་ལམ་བཞིན་ནོ། །འབྲས་བུའི་
ཕྱིར་བསྟེན་པ་ཡིན་ན་འདུས་མ་བྱས་ནི་འབྲས་བུ་མེད་པས་བསྟན་པར་བྱ་བ་མ་ཡིན་ནོ། །ལུང་དུ་མ་བསྟན་པ་དག་ཀྱང་དེ་དང་འདྲ་བར་འབྲས་བུ་མེད་པའི་ཕྱིར་བསྟེན་པར་བྱ་བ་མ་ཡིན་ལ། ཉོན་མོངས་པ་ཅན་དག་ཀྱང་འབྲས་བུ་ཡིད་དུ་མི་འོང་བ་ཅན་ཡིན་པའི་ཕྱིར་རོ། །གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་གྱི་
ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་དང་བཅས་པ་ཡིན་ཏེ། དེ་དག་ཀྱང་འདུས་བྱས་ཐམས་ཅད་དང་། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །ཐར་པ་བླ་ན་མེད་པ་ཡིན། །ཞེས་བྱ་བ་ནི་ཕུལ་དུ་དབྱུང་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལས་བླ་ན་མེད་པས་བླ་ན་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་
འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་མེད་དོ་ཞེས་བྱ་བ་སྨོས་སྟེ། འདི་ལྟར་དགེ་སློང་འདུས་བྱས་སམ། འདུས་མ་བྱས་ཇི་སྙེད་པ་དེ་དག་གི་ནང་ན་མཆོག་ནི་འདོད་ཆགས་དང་བྲལ་བའི་ཆོས་ཡིན་པར་བརྗོད་དོ་ཞེས་བཤད་དོ། །དགེ་བ་རྟག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དགེ་བ་ཞེས་བྱ་བ་སྨོས་པ་ནི་ནམ་
เล่ม ๑๔๕ · หน้า 88a
མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བསལ་བར་བྱ་བའི་ཕྱིར་རོ། །རྟག་པ་སྨོས་པ་ནི་དགེ་བ་དང་འདུས་བྱས་བཟློག་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་དོ། །སློབ་དཔོན་གང་བ་སྤེལ་བས་
མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས། ལས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བཞི་པའི་འགྲེལ་བཤད་དོ། །ལས་རྣམས་རྒྱས་པར་རྣམ་པར་དབྱེ་བ་དཔྱད་པ་དང་བཅས་པ་བྱས་ཟིན་ཏོ།། །།དེའི་ཕྱིར་འགྲེལ་པ་འདིས་ཕྲ་རྒྱས་ཉེ་
བར་བཀོད་དོ། །ཞེས་འབྲེལ་པ་བསྟན་པའི་ཕྱིར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ་ཞེས་བྱ་བ་སྨོས་ཏེ། ཐལ་མ་ཐག་པའི་མཛོད་ཀྱི་གནས་ལས་གང་འཇིག་རྟེན་སྣ་ཚོགས་པ་འདི་ནི་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་བློ་སྔོན་དུ་བཏང་སྟེ་འདོད་རྒྱལ་དུ་བྱས་པ་མ་ཡིན་གྱི། འོ་ན་ཅི་
ཞེ་ན། ལས་རྣམས་སྲིད་པ་འཕེན་པ་དང་། མངོན་པར་འགྲུབ་པ་ལ་རྒྱུར་གྱུར་པས་ལས་ལས་སྐྱེས་པ་ཡིན་ནོ་ཞེས་བཤད་ཅིང་རྒྱས་པར་བསྟན་པ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་བྲལ་བ་རྣམས་ཀྱང་ལུས་དང་ངག་དང་ཡིད་དག་གི་སྒོ་ནས་དགེ་བའི་ལས་དག་བྱེད་པ་ཡིན་མོད་ཀྱི། དེ་རྣམས་ཀྱི་སྲིད་པ་འཕེན་པ་
ཡང་མ་ཡིན་ཞིང་མངོན་པར་འགྲུབ་པ་ཡང་མ་ཡིན་ནམ་ཞེ་ན། ལས་ཙམ་གྱི་འཕེན་པ་འམ་མངོན་པར་གྲུབ་པ་ནི་མི་འདོད་ཀྱི། འོ་ན་ཅི་ཞེ་ན། ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་ཏེ་ཇི་སྐད་བཤད་པའི་མཚན་ཉིད་དང་རབ་ཏུ་དབྱེ་བ་དང་ལྡན་པ་རྣམས་རྣམ་པར་སྨིན་པར་ངེས་པར་གནས་ཤིང་
རྣམ་པར་འཕེན་པར་ནུས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དག་ལས་ཕྲ་རྒྱས་རྣམས་ཁོ་ན་དང་པོར་བཀོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་མ་རིག་པ་སྨོས་པས་གཙོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་གཟུང་བ་གྲུབ་པའི་ཕྱིར་རོ། །
གལ་ཏེ་དེ་ལྟ་ན་ནི་འོ་ན་དགྲ་བཅོམ་པ་ལ་ཡང་ཅིའི་ཕྱིར་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་ཏེ། དེ་ལ་ཡང་ལས་དགེ་བ་དང་མི་དགེ་བ་ཡང་སྲིད་པར་འཕེན་པ་ཅན་རྣམ་པར་སྨིན་པ་དུ་མ་འཕངས་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་གྲུབ་པར་མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ། དགྲ་བཅོམ་
เล่ม ๑๔๕ · หน้า 88b
པ་ནི་ལས་ཡོད་དུ་ཟིན་ཀྱང་ཁམས་གསུམ་པའི་ཕྲ་རྒྱས་མེད་པ་དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་ཡང་སྲིད་པ་མངོན་པར་འགྲུབ་པར་མི་ནུས་པར་འགྱུར་རོ། །སྨྲས་པ། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཅིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་
པས། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །གང་གི་ཕྱིར་དེ་ལྟར་སྲིད་པར་འཕེན་པ་དང་། །སྲིད་པ་འགྲུབ་པ་ལས་ཕྲ་རྒྱས་གཙོ་བོའི་རྒྱུ་ཡིན་པ་དེའི་ཕྱིར་སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱ་སྟེ། དེ་ཡོད་ན་ཡོད་པའི་ཕྱིར་དང་། དེ་མེད་ན་མེད་པའི་ཕྱིར་དང་། དང་པོའི་རྒྱུ་ཡིན་པའི་ཕྱིར་
རོ། །བྱ་བ་བཅུ་བྱེད་དེ་ཞེས་བྱ་བ་འབྲས་བུ་བཅུ་བྱེད་པའོ། །རྩ་བ་བརྟན་པར་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་འཇུག་ན་དེའི་ཐོས་པ་རྣམས་གཅད་པར་དཀའ་བ་ཉིད་ཀྱིས་བརྟན་པར་འགྱུར་བའི་ཕྱིར་ཏེ། རྩ་བ་ནི་ཐོབ་པ་ཡིན་ནོ། །རྒྱུད་གནས་པར་བྱེད་དོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་གཞན་རྒྱུན་ཆགས་སུ་སྐྱེད་པར་
བྱེད་པ་ཡིན་པའི་ཕྱིར་རོ། །ཞིང་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རྟེན་དེ་སྐྱེས་པ་དང་མཐུན་པར་བྱེད་པ་སྟེ། རྩྭ་སྐམ་པོ་མེ་དང་མཐུན་པ་བཞིན་ནོ། །རྒྱུ་མཐུན་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་མི་གཙང་བའི་སྟོར་ཁུང་ཟག་པ་ལྟར་ཉེ་བའི་ཉོན་མོངས་པ་གང་ཞིག་ཉོན་མོངས་པ་གང་གི་རྒྱུ་མཐུན་པ་ཡིན་པ་དེ་སྐྱེད་
པར་བྱེད་པ་སྟེ། དཔེར་ན་འདོད་ཆགས་ཀྱིས་ངོ་ཚ་མེད་པ་དང་། རྒོད་པ་དང་། སེར་སྣ་དག་སྐྱེད་པར་བྱེད་པ་དང་། མ་རིག་པས་ནི་རྨུགས་པ་དང་། གཉིད་དང་ཁྲེལ་མེད་པ་ལ་སོགས་པ་བསྡུ་བའོ། །ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་ལས་ཉིད་སྲིད་པ་ཡིན་པ་ལས་ཀྱི་སྲིད་པ་སྟེ། ཡང་སྲིད་པའི་
ལས་ཏེ་སྐྱེད་པར་བྱེད་པའོ། །རང་གི་ཚོགས་འཛིན་པར་བྱེད་དོ་ཞེས་བྱ་བ་ལ། དེའི་ཚོགས་ནི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་སྟེ། དེ་ཡོངས་སུ་འཛིན་ཅིང་དེ་སྐྱེ་བ་དང་མཐུན་པར་གནས་ཞེས་བྱ་བའི་དོན་ཏོ། །དམིགས་པ་ལ་ཀུན་དུ་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི། བློ་ཉམས་པར་བྱེད་པའི་ཕྱིར་རམ། ཡང་
དག་པ་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །གཞན་དག་ན་རེ་ཕྱིན་ཅི་ལོག་བཞིའི་རབ་རིབ་ཀྱིས་ཤེས་རབ་ཀྱི་མིག་ཉམས་པར་བྱེད་པའི་ཕྱིར་རོ་ཞེའོ། །རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་དོ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་རྒྱུན་དམིགས་པ་འམ་ཡང་སྲིད་པར་འཁྲིད་པར་བྱེད་པའོ། །དགེ་བའི་ཆོས་ལ་གཡོ་
เล่ม ๑๔๕ · หน้า 89a
བར་བྱེད་པ་ནི། དེ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། གཞན་དག་ན་རེ། ཡོངས་སུ་ཉམས་པའི་ཕྱིར་རོ། །ཞེའོ། །འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའོ། །ཇི་ལྟར་ཞེ་ན། ཁམས་ལས་མི་འདའ་བའི་ཚུལ་གྱིས་སོ། །ཁམས་གང་བའི་ཉོན་མོངས་པ་
དེས་ཁམས་དེ་ལས་མི་འདའ་བར་བྱེད་དོ། །ཁམས་ཉོན་མོངས་པ་ཅན་གསོས་འདེབས་པའི་ཕྱིར་རོ། །འདིར་ཡང་སྲིད་པ་འཕེན་པར་བྱེད་པའི་ཤེས་པར་བྱེད་པ་ནི་ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་འདི་ཡིན་ཏེ། དེའི་ཕྱིར་སྲིད་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་རྩ་བ་སྟེ།
གཙོ་བོའི་རྒྱུན་ནི་ཕྲ་རྒྱས་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །གྲངས་ཀྱི་དབང་དུ་བྱས་ནས་བརྗོད་པ་ནི་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་ཞེས་བྱ་བའོ། །འདོད་ཆགས་ཀྱི་དབང་གིས་གཞན་དག་ཞེས་བྱ་བ་ནི། ཞེ་སྡང་ལ་སོགས་པ་དག་གོ། །འདི་སྐད་དུ།
མདོ་ལས་དགའ་བ་ལས་ཞེ་སྡང་སྐྱེའོ་ཞེས་གསུངས་ཏེ། ང་རྒྱལ་ལ་སོགས་པ་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདོད་ཆགས་མེད་པས་ཟག་པ་མེད་པ་དང་། སྐལ་བ་མི་མཉམ་པའི་ཁམས་དག་ལ་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་རོ། །དེ་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་
བ་ནི། དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིས་བྱས་པ་དེ་ལ་ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་བཟོད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །དང་ཞེས་བྱ་བའི་སྒྲ་གོང་མ་ནི་ཚིག་རྐང་རྫོགས་པར་བྱ་བའི་ཕྱིར་ཡིན་ལ། འོག་མ་ནི་བསྡུས་པར་བྱ་བའི་ཕྱིར་ཡིན་ནོ། །འོན་ཏེ་འདོད་
པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ཞེས་བྱ་བ་ནི། ཐོབ་པའི་མཚན་ཉིད་ཅན་ནམ་གཞན་གྱི་མཚན་ཉིད་ཅན་ནོ། །ཕྲ་རྒྱས་དང་བཅས་པར་ཡང་དག་པར་སྤྲོ་བར་བྱེད་དོ་ཞེས་བྱ་བ་འདིས་ནི་འདིར་མདོ་དང་འགལ་བའི་དཔེར་བརྗོད་པ་ཡིན་ཏེ། དེ་ཉིད་ནི་དེ་དང་བཅས་པར་མི་རུང་བའི་ཕྱིར་རོ། །གལ་ཏེ་འདོད་པའི་
འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བྱ་བ་ལ། ཕྲ་རྒྱས་ལྡན་པ་མ་ཡིན་པར་ཐལ་བར་འགྱུར་བས། དཔེར་ན་གཟུགས་ཀྱི་སྐྱེ་བ་ཞེས་བྱ་བ་ལྟར། ཆོས་མངོན་པ་དང་འགལ་ལོ། །འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི། དབང་པོ་གསུམ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ། དབང་པོ་གསུམ་ནི་བདེ་
เล่ม ๑๔๕ · หน้า 89b
བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཏེ། ལྡན་པ་མ་ཡིན་པ་ནི་སྐྱེ་བ་ལ་སོགས་པ་ལྟར་བདེ་བ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་མི་རུང་ངོ་། །དེའི་ཕྱིར་བདེ་བ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་གསུངས་པས། ཆོས་མངོན་པར་མཚུངས་པར་ལྡན་པ་ཁོ་ན་ཕྲ་རྒྱས་སུ་
བཞེད་ཀྱི། ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ། །དེ་ལྟར་ན་མདོ་དང་འགལ་ལོ་ཞེས་བཤད་པ་མ་ཡིན་ནམ་ཞེས་བྱ་བ་ནི། ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་བྱ་བ་དེ་དང་ངོ་། །འགལ་བ་མེད་དེ། དགོངས་པ་ཅན་ཡིན་པའི་ཕྱིར་རོ། །དགོངས་པ་གང་ཡིན་ཞེ་ན། ཕྲ་རྒྱས་དང་བཅས་པ་
ནི། རྗེས་སུ་འབྲེལ་བ་དང་བཅས་པ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། ཉོན་མོངས་པ་རྣམ་པ་དགུ་ལས་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་རྗེས་སུ་འབྲེལ་པ་ཡིན་ཏེ། འདི་ལྟར་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བརྒྱད་སྤངས་སུ་ཟིན་ཀྱང་། རྗེས་སུ་འབྲེལ་པ་རྣམ་པ་དགུ་
པ་ཡོད་པ་ཉིད་ཡིན་པས། དེའི་ཕྱིར་མ་ལུས་པར་སྤངས་པ་ལ་དགོངས་པ་ལས་ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་གསུངས་ཏེ། རྗེས་སུ་འབྲེལ་པ་དང་བཅས་པར་ཞེས་བྱ་བའི་དོན་ཏོ། །ཡང་ན་མདོ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཐོབ་པ་ལ་ཉེ་བར་བཏགས་པ་ཡིན་པས་མདོ་དང་འགལ་
བ་མེད་དོ། །དཔེར་ན་མེ་སྡུག་བསྔལ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ། སྡུག་བསྔལ་ཚོར་བའི་བྱེ་བྲག་ཡིན་ལ་དེ་རྒྱུ་ཡིན་པའི་ཕྱིར་མེ་ལ་ཡང་སྡུག་བསྔལ་ཞེས་བརྗོད་པ་དེ་བཞིན་དུ་འདི་ཡང་ཐོབ་པ་ཕྲ་རྒྱས་ཀྱི་རྒྱུ་ཡིན་པས་ཕྲ་རྒྱས་ཀྱི་སྒྲས་བརྗོད་དོ། །ཕྲ་རྒྱས་དང་བཅས་པར་སྤོང་
བར་བྱེད་དོ་ཞེས་བྱ་བ་ནི་ཐོབ་པ་དང་བཅས་པར་སྤོང་བར་བྱེད་པའོ། །མཚན་ཉིད་པ་ཡིན་ཏེ་ཞེས་བྱ་བ་ལ། ཕྲ་རྒྱས་ཀྱི་སྒྲ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཁོ་ན་ལ་འཇུག་སྟེ། དེ་དག་ཕྲ་བ་དང་། རྗེས་སུ་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་ཞེས་རྒྱས་པར་ཕྲ་རྒྱས་ཀྱི་མཚན་ཉིད་དང་། རྒྱུ་མཚན་ཅན་
ཡིན་པའི་ཕྱིར། མཚན་ཉིད་ཡོད་པ་ནི་མཚན་ཉིད་པའོ། །ཐོབ་པ་ལ་ནི་དེ་ལྟར་ཕྲ་རྒྱས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པས་དེའི་ཕྱིར་ཉེ་བར་བཏགས་པ་ལ་ཡོད་པ་ནི་ཉེ་བར་བཏགས་པ་པ་ཡིན་པས་ཐོབ་པ་དག་ལ་ཕྲ་རྒྱས་ཀྱི་སྒྲ་བརྗོད་དོ། འཕགས་པ་མང་པོས་བཀུར་པའི་སྡེ་དང་རྣམ་པར་ཕྱེ་སྟེ། སྨྲ་བ་རྣམས་
เล่ม ๑๔๕ · หน้า 90a
ཕྲ་རྒྱས་ལྡན་པ་མ་ཡིན་པར་འདོད་པས་དྲིས་པ་ནི་འདི་ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བའོ། །སྨྲས་པ། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །ཞེས་བྱ་བ་འདིའི་འགྲེལ་པ་ནི་གང་གི་ཕྱིར་ཕྲ་རྒྱས་རྣམས་ཀྱིས་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་ཞེས་བྱ་བ་སྟེ། ལྡན་པ་མ་ཡིན་པ་
རྣམས་ཀྱིས་ནི་སེམས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ། །སྒྲིབ་ཕྱིར་ཞེས་བྱ་བའི་ཚིག་འདིའི་འགྲེལ་པ་ནི་སྔོན་མེད་པའི་དགེ་བ་མི་སྐྱེ་བ་ཞེས་བྱའོ། །དགེ་དང་འགལ་ཕྱིར་ཞེས་བྱ་བའི་ཚིག་འདིའི་འགྲེལ་པ་ནི་སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཞེས་བྱ་བའོ། །དེའི་ཕྱིར་ལྡན་པ་མ་ཡིན་པ་མ་
ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་སེམས་ཉོན་མོངས་པར་བྱེད་པ་ཉིད་ལ་སོགས་པ་ཇི་སྐད་བཤད་པ་མི་སྲིད་ལ། མཚུངས་པར་ལྡན་པ་དག་གིས་ནི་འདི་དག་ཐམས་ཅད་རིག་པའི་ཕྱིར་རོ། །འོན་ཏེ་ལྡན་པ་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི་སེམས་ཉོན་མོངས་པར་བྱེད་པ་དང་།
སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་། སྐྱེས་པ་ལས་ཡོངས་སུ་ཉམས་པ་འགྱུར་ན་ནི་མི་ལྡན་པ་དེ་དག་རྟག་ཏུ་ཉེ་བའི་ཕྱིར་དགེ་བ་ནམ་ཡང་དམིགས་པར་མི་འགྱུར་ཏེ། འདི་ལྡན་པ་མ་ཡིན་པའི་ཕྲ་རྒྱས་དག་གིས་ནམ་ཡང་སེམས་ཅན་རྣམས་ཀྱི་རྒྱུད་མི་སྟོང་ལ། དེ་དག་ཀྱང་དགེ་བ་ལ་སྒྲིབ་པས་ནམ་
ཡང་དགེ་བ་སྐྱེ་བར་མི་འགྱུར་བ་ཞིག་གོ། །འདི་ནི་གཏན་ཚིགས་སུ་མི་རུང་སྟེ་ཞེས་བྱ་བ་ལ། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་འདི་ནི་ཕྲ་རྒྱས་ལྡན་པ་མ་ཡིན་པར་བསྟན་པ་ལ་གཏན་ཚིགས་སུ་མི་རུང་སྟེ། ཕྲ་རྒྱས་ལྡན་པ་མ་ཡིན་པར་སྨྲ་བ་རྣམས་ཀྱིས་ཁས་མ་བླངས་པའི་
ཕྱིར་རོ། །ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པས་བྱས་པ་ཁོ་ནར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་དཀྲིས་པ་ནི་རྟག་ཏུ་ཉེ་བ་མ་ཡིན་པས་དགེ་བ་དམིགས་པ་གྲུབ་སྟེ། འདི་ལྟར་ཉོན་མོངས་མངོན་དུ་མ་གྱུར་ན། །དགེ་བ་སྐྱེ་བ་མི་འགལ་བའི་ཕྱིར་རོ། །མདོ་སྡེ་
པ་རྣམས་ཀྱི་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་བྱ་བའི་མདོ་དང་ནི་འགལ་བ་མེད་མོད་ཀྱི། འོན་ཀྱང་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་པས་ཕྲ་རྒྱས་ལྡན་པ་མ་ཡིན་པར་ཐལ་བར་འགྱུར་
เล่ม ๑๔๕ · หน้า 90b
རོ་སྙམ་པ་དེ་སྤང་བའི་ཕྱིར། ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ་ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དེ་རྫས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མདོ་སྡེ་པ་རྣམས་ཀྱི་ལྟར་ན་ནི་ཕྲ་རྒྱས་རྫས་གཞན་མ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་
ས་བོན་གྱི་དངོས་པོ་ཙམ་ལ་དེར་ཉེ་བར་བསྙད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཉལ་བ་ལ་ནི་ཞེས་བྱ་བ་སྨོས་ཏེ། རང་གི་འབྲས་བུ་སེམས་ཀུན་ནས་ཉོན་མོངས་པར་མི་བྱེད་པའི་ཕྱིར་ཉལ་བ་ཞེས་བྱ་ལ། རྒྱུའི་དངོས་པོར་རྗེས་སུ་འབྲེལ་པའི་ཕྱིར་ཕྲ་རྒྱས་ཞེས་བྱའོ། །སད་པ་ཞེས་བྱ་བ་ནི་མངོན་དུ་གྱུར་
པ་སྟེ། རང་གི་འབྲས་བུ་སེམས་ཀུན་ནས་ཉོན་མོངས་པ་ལ་སོགས་པ་བྱེད་པར་ནུས་པའི་ཕྱིར་སད་པ་ཞེས་བྱ་ལ། སེམས་རང་དབང་མེད་པར་བྱེད་པའི་ཕྱིར་ཀུན་ནས་དཀྲིས་པ་ཞེས་བྱའོ་ཉལ་བ་དང་སད་པ་ཡང་མ་གྲུབ་པས་དེ་ལ་ཉལ་བ་གང་ཡིན་ཞེ་ན་ཞེས་བྱ་བ་རྒྱས་པར་དྲིས་སོ། །མངོན་སུམ་དུ་མ་གྱུར་
པ་ཞེས་བྱ་བ་ལ། མངོན་སུམ་དུ་མ་གྱུར་པ་ས་བོན་གྱི་དངོས་པོ་ཡིན་པས་མངོན་སུམ་དུ་མ་གྱུར་པ་ལ་ཁྱད་པར་དུ་བྱེད་དེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་གྱི་དངོས་པོ་ནི་དེའི་གཉེན་པོ་སྐྱེས་པ་མེད་པར་ནམ་ཡང་རྟེན་ལ་ཟློག་པ་མ་ཡིན་ནོ། །ས་བོན་གྱི་དངོས་པོའི་རང་གི་ངོ་བོ་མ་གྲུབ་
པར་ཕྱིར་འདྲི་བ་ནི་ས་བོན་གྱི་དངོས་པོ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བའོ། །ལུས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་འདིར་ལུས་ནི་རྟེན་ནོ། །ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྐྱེད་པའི་མཐུ་ཡིན་ཏེ་ཞེས་བྱ་བ་ལ། ཉོན་མོངས་པ་ནི་འཇུག་པ་ན་རྟེན་མ་འོངས་པའི་ཉོན་མོངས་པ་སྐྱེ་བ་དང་མཐུན་པར་བྱེད་ཅིང་།
དེ་དང་མཐུན་པའི་རྟེན་དེ་ལས་ཀྱང་རྐྱེན་ལྷག་མ་ཡོད་ན་སླར་ཉོན་མོངས་པ་སྐྱེའོ། །དེའི་ཕྱིར་རྟེན་གྱི་གནས་སྐབས་ཀྱི་ཁྱད་པར་གང་ཞིག་ཉོན་མོངས་པའི་ནུས་པ་ས་བོན་གྱི་ཉོན་མོངས་པ་སྐྱེ་བ་དང་། མཐུན་པ་དེ་ནི་ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་བསྐྱེད་པའི་མཐུ་ཞེས་བྱ་བ་ལ། དེ་ནི་མི་རྟག་པ་དང་
འབྲས་བུ་ཉིད་ལ་སོགས་པ་ལྟར་བརྟགས་པའི་ཆོས་ཡིན་པའི་ཕྱིར་རྟེན་དེ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ། དཔེར་ན་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དང་དྲན་པ་བསྐྱེད་པའི་མཐུ་རྫས་གཞན་དུ་གྱུར་པ་མ་ཡིན་པ་དེ་དང་འདྲ་བ་ཡིན་ནོ། །དྲན་པ་བསྐྱེད་པའི་རྒྱུ་ནི་མི་ལྡན་པའི་འདུ་བྱེད་
เล่ม ๑๔๕ · หน้า 91a
རྫས་གཞན་དུ་གྱུར་པ་འགའ་ཞིག་ཡིན་པར་དོགས་པ་བསུ་ནས། ཡང་དཔེར་ན་མྱུ་གུ་ལ་སོགས་པའི་ཞེས་བྱ་བ་རྒྱས་པར་དཔེ་གཞན་ཉེ་བར་བཀོད་དེ། དཔེར་ན་མྱུ་གུ་ལ་སོགས་པ་རྣམས་ཀྱི་སཱ་ལུའི་འབྲས་བུ་སྔར་བྱུང་བ་ལས་སྐྱེས་པ་སཱ་ལུའི་འབྲས་བུ་གཞན་སྐྱེད་པར་
བྱེད་པའི་མཐུ་རྫས་གཞན་དུ་གྱུར་པ་མ་ཡིན་པ་དེ་དང་འདྲའོ། །གང་ཞིག་ཅེས་བྱ་བ་ནི་གནས་མའི་བུའི་སྡེ་པའོ། །ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་དོན་དུ་ཞེས་བྱ་བ་ནི་ས་བོན་གྱི་ཆེད་དུའོ། །ཕྲ་རྒྱས་ལྡན་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། དོན་གཞན་དུ་ཞེས་བྱ་བ་ནི་རྫས་གཞན་དུའོ། །
དེས་ན་ཞེས་བྱ་བ་ནི་རྒྱུས་སོ། །མི་འདོད་པ་སྒྲུབ་པར་བྱེད་དེ། དྲན་པའི་ས་བོན་ཡང་ལྡན་པ་མ་ཡིན་པ་ཞེས་བྱ་བ་དོན་གཞན་ཞིག་བརྟག་པར་བྱ་བར་འགྱུར་རོ། །འོ་ན་མདོ་ལས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་སྟེ། གལ་ཏེ་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བྱ་བར་འདོད་ནའོ། །མདོ་ལས་ནི་ཉོན་
མོངས་པ་ཉིད་ཕྲ་རྒྱས་སུ་གསུངས་ཏེ། དྲུག་ཚན་དྲུག་པའི་མདོ་ལས་སོ། །དེ་ལས་ནི་གང་ཞིག་བདེ་བའི་ཚོར་བས་རེག་ཅིང་མངོན་པར་དགའ་མགུས་ལྷག་པར་ཞེན། ལྷག་པར་ཞེན་ནས་གནས་པ་འདིའི་འདོད་ཆགས་དེ་བདེ་བའི་ཚོར་བ་ལས་རྒྱས་པར་འགྱུར་རོ་ཞེས་གསུངས་སོ། །འདོད་པའི་འདོད་
ཆགས་ཉིད་ཕྲ་རྒྱས་ཡིན་པས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ཏེ། དེའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་གྱི། མཐུའི་བདག་ཉིད་ཅན་ནི་མ་ཡིན་ནོ། །འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ་དེ་ཁོ་ན་ནི་ཕྲ་རྒྱས་མ་ཡིན་ནོ་ཞེས་བྱ་བ་ནི། མངོན་སུམ་དུ་གྱུར་པའི་གནས་སྐབས་ན་མ་ཡིན་ནོ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མ་ཡིན་ན་འདོད་ཆགས་དེ་བདེ་བའི་ཚོར་བ་ལ་ཕྲ་རྒྱས་ཞེས་གསུངས་པར་འགྱུར་གྱི། འགྱུར་རོ་ཞེས་བྱ་བར་ནི་མ་ཡིན་ནོ། །གང་གི་ཚེ་ཉལ་བ་ན་ཞེས་བྱ་བ་ནི་ས་བོན་གྱི་དངོས་པོར་གནས་ན་ཞེས་བྱ་བའི་དོན་ཏོ། །མ་འོངས་པ་ལ་འགྱུར་རོ་ཞེས་བྱའི་ད་ལྟར་བྱུང་བ་ལ་ནི་མ་ཡིན་
ནོ། །ཡང་ན་འདི་ནི་རྒྱུ་ལ་དེ་ཉེ་བར་བཏགས་པ་ཡིན་པར་ཞེས་བྱ་བ་ལ། འདོད་ཆགས་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཀྱི་རྒྱུ་ཡིན་ལ། རྒྱུ་འདོད་ཆགས་དེ་ལ་འབྲས་བུ་ཉེ་བར་འདོགས་ཏེ། འདི་ལྟར་འདོད་ཆགས་ལས་སྐྱེས་པ་འདོད་ཆགས་བསྐྱེད་པའི་མཐུ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བཤད་
เล่ม ๑๔๕ · หน้า 91b
པར་འགྱུར་རོ། །སྲིད་པ་ཁམས་གསུམ་ཡིན་པའི་ཕྱིར་དང་། འདོད་པའི་འདོད་ཆགས་ལོགས་ཤིག་ཏུ་བཤད་པའི་ཕྱིར་སྲིད་པའི་འདོད་ཆགས་མི་ཤེས་པས་སྲིད་པའི་འདོད་ཆགས་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བ་རྒྱས་པར་དྲིས་སོ། །གལ་ཏེ་ཁམས་གཉིས་ལས་སྐྱེས་ན་ཅིའི་ཕྱིར་གཅིག་ཏུ་བྱས་ལ།
འདི་ཁོ་ན་གཅིག་ཏུ་བྱས་ཀྱི་ཕྲ་རྒྱས་གཞན་དག་མ་ཡིན་ཞེས་བྱ་བ་འདི་རྒྱུ་ཡང་ཅི་ཞིག་ཡོད་ཅེ་ན། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་བའི་འདུ་ཤེས་ཟློག་ཕྱིར་བཤད། །འདོད་པའི་ཁམས་ན་ནི་འདོད་ཆགས་ཕལ་ཆེར་ཡུལ་ལ་མངོན་དུ་ཁ་ཕྱིར་བལྟས་པས་འཇུག་པ་ཡིན་ལ། དེ་དག་ནི་སྙོམས་པར་
འཇུག་པའི་འདོད་ཆགས་ནི་ཕལ་ཆེར་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ལ་ཡིན་ནོ། །གཞལ་མེད་ཁང་ལ་སོགས་པ་དག་ལ་ཡང་འདོད་ཆགས་པར་བསྟན་པའི་ཕྱིར་ཕལ་ཆེར་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་སྙོམས་པར་འཇུག་
པའི་ཡུལ་ཅན་ཡིན་པའི་ཕྱིར་ཁ་ནང་དུ་བལྟས་པར་ཞུགས་པ་ཡིན་ཏེ། དེའི་ཕྱིར་སྲིད་པའི་འདོད་ཆགས་སུ་བཤད་དོ། །དེ་ལྟ་བས་ན་ཁ་ཅིག་ཁམས་དེ་གཉིས་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེར་ཁ་ཅིག་ཐར་པར་འདུ་ཤེས་པའི་འདུན་པ་བཟློག་པའི་ཕྱིར། དེར་སྐྱེས་པ་གང་ཡིན་པ་དེ་ནི་སྲིད་པ་
ཁོ་ན་ཡིན་ཏེ། དེའི་ཕྱིར་དེར་སྐྱེས་པ་གང་ཡིན་པ་དེ་ནི་སྲིད་པའི་འདོད་ཆགས་ཡིན་ནོ་ཞེས་བཤད་དེ། ཐར་པ་འདོད་པས་སྲེད་པ་ཐམས་ཅད་ལ་འདོད་པ་མེད་པར་འགྱུར་བར་བྱ་དགོས་སོ་ཞེས་བསྟན་ཏོ། །ལུས་ཁོ་ན་སྲིད་པ་ཡིན་གྱི། སྙོམས་པར་འཇུག་པ་ཙམ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་ལུས་ཁོ་ན་
ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་རྟེན་དང་བཅས་པ་ཞེས་བྱ་བ་སྨོས་སོ། །ལུས་ཉིད་ཀྱི་རྟེན་ཡིན་ཏེ། ཕུང་པོ་ལྔའམ་བཞིའོ། །འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བས་ནི་འདོད་པའི་རོ་མྱང་བར་མི་བྱེད་ཅེས་བྱ་བ་བསྟན་ནོ། །དེའི་ཕྱིར་འདོད་ཆགས་དེ་ནི་སྲིད་པའི་འདོད་ཆགས་ཞེས་བཤད་
དོ་ཞེས་བྱ་བ་ལ་ཁྱེད་ཅག་གི་འདི་ནི་སྲིད་པ་ལ་འདོད་ཆགས་པ་ཡིན་གྱི། ཐར་པ་ནི་མ་ཡིན་ནོ་ཞེས་ཐར་པའི་འདུ་ཤེས་བཟློག་པར་འགྱུར་རོ། །བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་བསྒོམས་པས་གསལ་བར་བྱ་བའི་ཕྱིར་ཏེ། ཉོན་མོངས་པ་གང་
เล่ม ๑๔๕ · หน้า 92a
ཞིག་བདེ་བ་གང་ལ་སྐུར་པ་འདེབས་པ་དེ་ནི་དེ་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་ཏེ། ཐག་པ་མཐོང་བས་སྦྲུལ་དུ་འཁྲུལ་བ་བཞིན་ནོ། །ཕྱིས་ལམ་གོམས་པར་བྱས་པས་ཞེས་བྱ་བ་ནི། བདེན་པ་གང་ཡང་རུང་བ་ལ་དམིགས་པའི་ལམ་གོམས་པར་བྱས་པ་སྟེ།
བདེན་པ་མཐོང་བ་མེད་པར་ནི་གོམས་པའི་ལམ་ཟག་པ་མེད་པ་སྲིད་པ་མ་ཡིན་ནོ། །དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཅིག་སྟེ་ཞེས་བྱ་བ་ནི་བདག་དང་བདག་གི་བའི་རྣམ་པར་སྡུག་བསྔལ་ལ་སོགས་པར་ཞུགས་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །མཐར་
འཛིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། དེ་ཡང་བདག་ཏུ་མངོན་པར་འདོད་པའི་དངོས་པོ་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་སྡུག་བསྔལ་ཁོ་ན་ལ་ལོག་པར་ཞུགས་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ལོག་པར་ལྟ་བ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། སྡུག་བསྔལ་
ལ་སོགས་པའི་བདེན་པའི་མཚན་ཉིད་ལ་སྐུར་པ་འདེབས་པར་ཞུགས་པའི་ཕྱིར་བདེན་པ་བཞི་ཆར་ལ་ཡང་ལོག་པར་ཞུགས་པས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལྟ་བ་མཆོག་ཏུ་འཛིན་པ་ཡང་རྣམ་པ་བཞི་ཁོ་ན་སྟེ། དེ་ནི་དམན་པ་ལ་མཆོག་ཏུ་ལྟ་བ་ཡིན་པའི་ཕྱིར་རོ། །
དེ་བཞིན་དུ་ཐེ་ཚོམ་ཡང་ཐམས་ཅད་ལ་ཐེ་ཚོམ་ཟ་བའི་རྣམ་པ་ཅན་ཡིན་པས་ཐམས་ཅད་ལ་ལོག་པར་ཞུགས་པའི་ཕྱིར་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ། དབང་ཕྱུག་ལ་སོགས་པ་རྒྱུ་མ་ཡིན་པ་དག་ལ་དེ་
ཉིད་དུ་འཛིན་པ་ནི་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ལས་འཇུག་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ། །ལམ་མ་ཡིན་པ་ལ་དེར་འཛིན་པ་ནི་ལམ་མཐོང་བས་སྤང་བར་བྱའོ། །དེ་དག་ནི་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལྔ་ཉིད་དུ་བསྟན་པ་དག་གོ། །གང་དག་གང་
ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་རྒྱས་པར་འབྱུང་ཏེ། འདོད་ཆགས་ལ་སོགས་པ་གང་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལ་དམིགས་པ་དེ་དག་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པ་ནས། དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ལ་
เล่ม ๑๔๕ · หน้า 92b
དམིགས་པ་དེ་དག་ནི་ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ཡིན་ནོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་སྡུག་བསྔལ་ལ་སོགས་པ་དག་ལ་དམིགས་པའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དེ་རྣམས་ནི་འདོད་ཆགས་ལ་སོགས་པ་དག་
དམིགས་སོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དེ་རྣམས་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པ་དེའི་ཕྱིར་དེ་རྣམས་ལ་དམིགས་པ་འདོད་ཆགས་ལ་སོགས་པ་དག་ཀྱང་མཐོང་བས་སྤང་བར་བྱ་བར་འགྱུར་ཏེ། དམིགས་པའི་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡང་དག་པ་ཟད་པ་
དང་ཞེས་འབྱུང་བའི་ཕྱིར་རོ། །ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་གང་དག་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་མི་དམིགས་པ་དག་སྟེ། དེ་དག་ནི་བསྒོམ་པས་སྤང་
བར་བྱ་བ་ཡིན་ནོ། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་ཞེས་བྱ་བ་ནི། རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་དང་། རྟེན་དང་བའི་ཕྱིར་དང་། དེ་རྒྱས་པའི་གཞི་མེད་པའི་ཕྱིར་ཏེ། ཚོར་བ་སྡུག་བསྔལ་ལ་ཁོང་ཁྲོ་རྒྱས་པར་གྱུར་ན། དེ་ནི་གོང་ན་མེད་པས་དེས་ན་ཁོང་ཁྲོ་བ་མི་སྲིད་དོ། །
དེ་ལྟར་ཆོས་མངོན་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག་རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་ཞེས་བྱ་བ་ལ། རྣམ་པའི་དབྱེ་བ་ནི་ལྟ་བ་རྣམས་ཁོ་ན་ལ་ཡོད་དེ། བདག་དང་བདག་གི་རྟག་ཆད་དང་། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་བཤད་པར་བྱའོ། །བྱེ་བྲག་གི་དབྱེ་བ་
ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་ཡིན་ཏེ། ཁམས་ཀྱི་དབྱེ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་། ཐེ་ཚོམ་རྣམས་རྣམ་པ་མཚུངས་པའི་ཕྱིར་རྣམ་པའི་དབྱེ་བ་
ནི་མེད་དེ། རིམ་པ་བཞིན་དུ་ཆགས་པ་དང་། ཁོང་ཁྲོ་དང་། ཁེངས་པ་དང་། མི་གསལ་བ་དང་། ཐེ་ཚོམ་ཟ་བའི་རྣམ་པ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །ཁོང་ཁྲོ་བ་ལ་ནི། ཁམས་ཀྱི་དབྱེ་བ་ཡང་མེད་དེ། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་དེ་མེད་པའི་ཕྱིར་རོ། །བྱེ་བྲག་གི་དབྱེ་
เล่ม ๑๔๕ · หน้า 93a
བ་ཁོ་ན་ཡོད་དེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་དག་ལ་ནི་ཁམས་དང་བྱེ་བྲག་གི་དབྱེ་བ་ཡོད་དོ། །ལྟ་བའི་ཕྲ་རྒྱས་ལ་ནི་གསུམ་ཆར་ལ་ཡང་ཡོད་དོ། །གལ་ཏེ་མདོ་ལས་ཕྲ་རྒྱས་བདུན་བཤད་པ་མ་ཡིན་ནམ།
ཅིའི་ཕྱིར་དགུ་བཅུ་རྩ་བརྒྱད་དུ་བཤད་ཅེ་ན། མདོ་གཞན་ལས་ཏེ། བཅོམ་ལྡན་འདས་ཀྱིས་ཟག་པ་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཡོད། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་ཡོད་ཅེས་རྒྱས་པར་གསུངས་པའི་ཕྱིར་རོ། །སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་ཞེས་བྱ་བ་
ལ། སྲིད་རྩེ་སྨོས་པ་ནི་དེ་ལས་གཞན་པའི་ས་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །བཟོད་པ་སྨོས་པ་ནི་བསྒོམ་པས་སྤང་བར་བསལ་བར་བྱ་བའི་ཕྱིར་རོ། །ཆོས་ཀྱི་བཟོད་པ་ལ་ཐལ་བར་འགྱུར་བ་སྤང་བའི་ཕྱིར། རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་ཞེས་བྱ་བ་སྨོས་སོ། །སྲིད་པའི་རྩེ་
མོའི་གཉེན་པོའི་འཇིག་རྟེན་པའི་ལམ་མེད་པའི་ཕྱིར་ཏེ། དེའི་ཕྱིར་སྲིད་པའི་རྩེ་མོ་ལས་སྐྱེས་པ་བཟོད་པས་གཞོམ་པར་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ཁམས་ཡིན་གྱི་བསྒོམ་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ས་ལྷག་མ་དག་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་སོགས་པ་དག་ནས་ཅི་ཡང་མེད་
པའི་སྐྱེ་མཆེད་ཀྱི་བར་དག་ནའོ། །ཅི་རིགས་པར་ནི་ཇི་ལྟར་སྲིད་པར་ཏེ། འདོད་པའི་ཁམས་ན་ནི་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་བ་ཡིན་ལ་བསམ་གཏན་དང་པོ་ཡན་ཆད་ན་ནི་རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་ཡིན་ནོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་བསྒོམ་པས་སྤང་བར་བྱ་བ་དག་
ཡིན་ནོ་ཞེས་བྱ་བ་ནི། ས་གོང་མ་པའི་བསྒོམ་པའི་ལམ་ནི་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་ལས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱིས་ནི་མཐོང་བས་སྤོང་ལ། སོ་སོའི་སྐྱེ་བོས་ནི་བསྒོམ་པས་སོ་ཞེས་འབྱུང་བའི་ཕྱིར་རོ། །ས་ཐམས་ཅད་ན་ཞེས་བྱ་བ་ལ། ཐམས་ཅད་
སྨོས་པ་ནི་སྲིད་པའི་རྩེ་མོ་བསྡུ་བར་བྱ་བའི་ཕྱིར་རོ། །གཉི་གའི་ཞེས་བྱ་བ་ནི་ཅི་རིགས་པར་འཕགས་པ་དང་སོ་སོའི་སྐྱེ་བོ་ནི་སྲིད་པའི་རྩེ་མོ་མ་གཏོགས་པའིའོ། །ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱིས། །ཞེས་བྱ་བ་འདི་མ་བཟོད་དེ། གཞན་དག་ན་རེ་ཕྱི་རོལ་པ་རྣམས་ཀྱི་ནི་ཞེས་བྱ་བ་
เล่ม ๑๔๕ · หน้า 93b
རྒྱས་པར་སྨོས་སོ། །དེ་ལྟར་ན་སྲིད་པའི་རྩེ་མོར་སྐྱེས་པ་བཟོད་པས་གཞོམ་པར་བྱ་བ་འབའ་ཞིག་མཐོང་བས་སྤང་བར་བྱ་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ས་ཐམས་ཅད་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལས་རྣམ་པར་འབྱེད་
པ་ཆེན་པོའི་མདོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་འདི་ན་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བ་སྤོང་བའི་བར་དུ་ཡིན་ལ་འདི་ལ་ཡང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་
འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། རྫུ་འཕྲུལ་དང་ལྡན་པའི་ལྷའི་མིག་དང་ལྡན་པ་གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ནས་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད་
ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་དུ་སེམས་སོ་ཞེས་འདོད་ཆགས་དང་བྲལ་བ་རྣམས་ལ། འདོད་པའི་ཁམས་ལ་དམིགས་པའི་
ལྟ་བ་ཀུན་དུ་འབྱུང་བར་གསུངས་སོ། །ལོག་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ། ལས་དེ་འདོད་པ་ན་སྤྱོད་པའི་ཕྱིར་དང་། དམྱལ་བ་ཡང་དེ་ཁོ་ན་སྲིད་པའི་ཕྱིར་རོ། །སྔོན་གྱི་མཐའ་ལ་རྟོག་པ་རྣམས་ལ་རྟག་པར་སྨྲ་བ་རྣམས་དང་། རྒྱུ་མེད་པ་ལས་ཀུན་དུ་འབྱུང་བར་
སྨྲ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་ནི་ཚངས་པའི་དྲ་བ་ལས་གསུངས་སོ། །དེ་ལ་སྔོན་གྱི་མཐའ་ལས་རྟོག་ལ་རྟག་པར་སྨྲ་བ་དག་ནི་མང་བ་ནི་དཔེར་བརྗོད་པ་ཙམ་ཞིག་བསྟན་པར་བྱ་སྟེ། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་དགོན་པ་ན་
འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། ཀུན་དུ་སྦྱངས་པའི་རྒྱུ་དང་། སྤོང་བའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ལེགས་པར་སྤྱད་པའི་རྒྱུས་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་འཇིག་པ་དང་ཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་
เล่ม ๑๔๕ · หน้า 94a
དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང་། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་ན་རྟག་པར་ལྟ་བ་དེས་བདག་དང་འཇིག་རྟེན་ལ་དམིགས་པ་ན་
འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ཏེ། དེ་བཞིན་དུ་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་སྨྲ་བ་གཞན་རྣམས་ཀྱིས་ཀྱང་འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ནོ། །ད་ནི་ལ་ལ་རྟག་པར་སྨྲ་བ་རྣམས་ལས་བརྩམས་ཏེ། དགེ་སློང་དག་འཇིག་རྟེན་འཇིག་ཅིང་ཞེས་བྱ་བ་ནས་
རྒྱས་པར་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ། ལས་ཟད་པས་གནས་དེ་ནས་ཤི་འཕོས་ཏེ། འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང་དེ་རིམ་གྱིས་ནར་སོན་ཏེ་དབང་པོ་རྣམས་ཡོངས་སུ་སྨིན་པས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ཁ་དོག་
བསྒྱུར་བ་གྱོན་ནས་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང་དགོན་པ་ན་འདུག་ཀྱང་རུང་ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་ཀུན་དུ་སྦྱངས་པའི་རྒྱུ་དང་ཞེས་བྱ་བའི་བར་དུ་འབྱུང་ཞིང་། རྒྱས་པར་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔོན་གྱི་ལུས་རྗེས་
སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང་། དེ་འདི་སྙམ་དུ་གང་གིས་བདག་ཅག་སྤྲུལ་པའི་ཚངས་པ་གང་ཡིན་པ་འདི་ནི་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཡིན་ནོ། །བདག་ཅག་གང་དག་ཚངས་པ་ཅེས་སྤྲུལ་པ་དེ་དག་ནི་མི་རྟག་པ་མི་
བརྟན་པ་ཐེར་ཟུག་མ་ཡིན་པ་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་དུས་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟར་ན་ལ་ལ་རྟག་ལ། ལ་ལ་མི་རྟག་པ་འདི་གཞི་དང་པོ་སྟེ། གང་ལ་བརྟེན་ཅིང་གང་ལ་གནས་ཏེ། གང་ལ་སོ་སོར་བརྟེན་ནས་
སྔོན་གྱི་མཐའ་ལ་རྟོག་པ་བདག་དང་འཇིག་རྟེན་ལ་ལ་རྟག་ལ། ལ་ལ་མི་རྟག་པར་སྨྲ་ཞིང་མངོན་པར་སྨྲ་བའོ། །མཐར་འཛིན་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཡིན་ཏེ། བདག་ཉིད་འདོད་པའི་ཁམས་སུ་སྐྱེས་པ་ལས་མི་རྟག་པ་ཉིད་དུ་ཞེན་པའི་ཕྱིར་རོ། །ད་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་
เล่ม ๑๔๕ · หน้า 94b
བའི་དབང་དུ་མཛད་ནས་གསུངས་ཏེ། ཇི་ལྟར་ཞེ་ན། རྒྱས་པར་གསུངས་ནས་གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པ་ཞེས་བྱ་བའི་ལྷ་དག་ཡོད་དེ། སེམས་ཅན་དེ་དག་འདུ་ཤེས་སྐྱེད་པས་གནས་དེ་ནས་ཤི་བར་འགྱུར་རོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་
ཟད་ལ་ལས་ཟད་པས་གནས་དེ་ནས་ཤི་འཕོས་ནས་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོང་བར་འགྱུར་ཞིང་། དེ་རིམ་གྱིས་ནར་སོན་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཁ་དོག་བསྒྱུར་བ་གྱོན་ནས་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་
ཏུ་འབྱུང་ཞིང་། དགོན་པ་ན་འདུག་ཀྱང་རུང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔར་འདུ་ཤེས་འབྱུང་བ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང་དེ་འདི་སྙམ་དུ། བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀྱང་ཀུན་དུ་འབྱུང་
ལ། བདག་སྔར་མ་བྱུང་ལ་ད་ལྟར་མ་བྱུང་ངོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །དེ་ལྟར་ན་རྒྱུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་འདོད་པའི་ཁམས་ལ་དམིགས་པ་ཡིན་ཏེ། འདིར་སྐྱེས་པའི་བདག་རྒྱུ་མེད་པ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་རོ། །ཡང་འདི་ཇི་ལྟར་ན་
ལོག་པར་ལྟ་བར་འགྱུར་ཞེ་ན། བདག་དང་འཇིག་རྟེན་གྱི་སྔར་གྱི་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་རྒྱུ་ལ་སྐུར་པ་བཏབ་པའི་ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དེ་རྣམས་ཀྱི་ལྟ་བ་དེ་དག་ནི་གཟུགས་ན་སྤྱོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་བསལ་བའི་ཕྱིར།
གཟུགས་ན་སྤྱོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་ཆགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ། ས་གོང་མ་པའི་ཉོན་མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འདི་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ལྟ་བ་འདོད་པ་ན་
སྤྱོད་པ་མཐོང་བས་སྤང་བར་བྱ་བ་དེ་དག་མ་སྤངས་པ་ཡིན་ནོ་ཞེས་སྟོན་ཏོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་ཡོད་པ་མ་ཡིན་ཏེ། ཕྱི་རོལ་པ་རྣམས་ནི་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་དམིགས་ནས། དེ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་དུ་འབྱུང་བར་འགྱུར་ན་མི་རིགས་ཏེ། རྒྱུན་དུ་ཞུགས་
เล่ม ๑๔๕ · หน้า 95a
པ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ལས་གང་ཡང་རུང་བ་ཞིག་གིས་ཀྱང་འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བའི་ཕྱིར་རོ། དེ་དག་བསྒོམ་པས་སྤང་བར་བྱ་བ་སྤངས་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ལ། མཐོང་བས་སྤང་བར་
བྱ་བ་མ་སྤངས་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་རིགས་པ་ཅི་ཞིག་ཡོད་ཅེའོ། །གལ་ཏེ་དེ་ལྟར་ན་འོ་ན་ནི་ཇི་ལྟར་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་ལྟ་བ་སྐྱེ་བ་དང་
དུས་མཉམ་དུ་ཉམས་པའི་ཕྱིར་ཏེ། ལྷ་སྦྱིན་བཞིན་ནོ། །དཔེར་ན་ལྷ་སྦྱིན་གྱིས་དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ནས་སྡིག་པའི་བསམ་པའི་རྣམ་པ་སྐྱེས་པས་རྫུ་འཕྲུལ་ལས་ཡོངས་སུ་ཉམས་པ་དེ་བཞིན་དུ་དེ་དག་
ཀྱང་ལྟ་བ་ཀུན་དུ་བྱུང་བས་ཡོངས་སུ་ཉམས་པ་ཡིན་ནོ་ཞེའོ། །བདག་དང་བདག་གི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འཇིག་ཚོགས་ཞེས་བཤད་ཅེ་ན། དེའི་ཕྱིར་རྟག་པར་འདུ་ཤེས་པ་དང་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་དག་
ལ་བདག་ཏུ་འཛིན་པ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི། རྟག་པ་དང་རིལ་པོར་འདུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །དེ་དག་དང་བྲལ་བས་བདག་ཏུ་འཛིན་པ་དང་བྲལ་བར་འགྱུར་ཏེ། རྒྱུ་མེད་པས་འབྲས་བུ་མེད་པར་འགྱུར་རོ། །འཇིག་པ་ཞེས་བྱ་བ་ནི་རྟག་པར་འདུ་ཤེས་པ་སྤང་བའི་
ཕྱིར་བཤད་ལ། ཚོགས་པ་ཞེས་བྱ་བ་ནི་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་ཏེ། འདི་ནི་མི་རྟག་པ་དང་ཚོགས་པ་ཡིན་ནོ་ཞེས་དེ་ལ་བདག་ཏུ་ལྟ་བ་འཛིན་པ་བཟློག་པར་བྱ་བའི་ཕྱིར་རོ། །ཟག་པ་དང་བཅས་པ་ལ་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི་ཞེས་བྱ་བ་ནི་རྣམ་པ་
ལྔ་ཆར་ཡང་ངོ་། །ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ལ་དམིགས་པ་ལས་ཁྱད་པར་དུ་བྱེད་པའོ། །འཇིག་ཚོགས་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལའོ། །ཐམས་ཅད་འཇིག་ཚོགས་ཀྱི་ཡུལ་ཅན་ཡིན་བཞིན་དུ་ཅིའི་ཕྱིར་བདག་དང་བདག་གི་ལ་བཤད་ཅེ་ན།
เล่ม ๑๔๕ · หน้า 95b
བདག་དང་བདག་གི་མེད་པར་བསྟན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་འདི་ནི་འཇིག་ཚོགས་ལ་ལྟ་བ་ཡིན་གྱི་བདག་དང་བདག་གི་ལ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་ཉིད་ལ་ཁུངས་ནི་ཇི་སྐད་དུ་དགེ་སློང་དག་ཅེས་རྒྱས་པར་འབྱུང་བའོ། །མཐར་འཛིན་པ་
ཉིད་ལྟ་བ་ཡིན་པས་ན་མཐར་འཛིན་པར་ལྟ་བ་སྟེ། དེ་ལས་ཐ་དད་པའི་ལྟ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ལོག་པར་ཞུགས་པའི་ལྟ་བ་ཐམས་ཅད་ལོག་པར་ལྟ་བ་ཡིན་པས་ཞེས་བྱ་བ་ནི་ལོག་པར་ངེས་པར་སེམས་པའི་ཕྱིར་རོ། །
ལོག་པར་ཞུགས་པ་ཞེས་བྱ་བ་ནི་ཡང་དག་པར་ལྟ་བ་བསལ་བའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །ཧ་ཅང་ཚབས་ཆེན་པོ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་དཔེར་ན་མར་རོ་ཅོག་དྲི་ང་བ་ཡིན་བཞིན་དུ་གང་ཞིག་ཁྱད་པར་དུ་དྲི་ང་བ་ལ་དེ་ལ་
མར་དྲི་ང་བ་ཞེས་བརྗོད་པ་ལྟ་བུའོ། །གཅིག་ཁོ་ན་བཤད་དེ་ཞེས་བྱ་བ་ནི་ལོག་པར་ལྟ་བ་ཁོ་ནའོ། །ཡང་ཇི་ལྟར་གཅིག་ཁོ་ན་ཚབས་ཆེར་ལོག་པར་ཞུགས་པ་ཡིན་ཞེ་ན། དེའི་ཕྱིར་འདི་ནི་སྐུར་པ་འདེབས་པར་བྱེད་པ་ཡིན་ལ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་སོགས་པ་བདེན་པ་ཡོད་བཞིན་དུ་མེད་
དོ་སྙམ་དུ་ལྟ་བའི་ཕྱིར་རོ། །གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྟེ། བདག་ལ་སོགས་པར་སྒྲོ་འདོགས་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ནི་དོར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སོགས་
པའི་སྒྲ་ནི་མི་མངོན་པར་བྱས་སོ་ཞེས་བྱ་བ་ལ། གང་གི་ཕྱིར་འདི་ནི་ལྟ་བ་ཙམ་ཞིག་ལ་མཆོག་ཉིད་དུ་འཛིན་པ་མ་ཡིན་ཏེ་འོ་ན་ཅི་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལའོ། །དེའི་ཕྱིར་འདིར་ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཞེས་བྱ་བའི་སོགས་པའི་སྒྲ་མི་མངོན་པར་བལྟ་བར་བྱའོ། །མེ་དང་ཆུར་
འཇུག་པའི་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ཟས་གཅོད་པ་དང་། འཇུག་ངོགས་དང་། གཡང་ལ་མཆོང་བ་དང་། གདུང་བ་དང་། སྐྲ་འབལ་བ་ལ་སོགས་པ་དག་བསྡུའོ། །གྲངས་ཅན་གྱི་རྣལ་འབྱོར་གྱི་ཤེས་པ་ལ་སོགས་པ་ཞེས་བྱ་བ་ནི་རང་བཞིན་དང་སྐྱེས་བུ་ཁྱད་པར་ཤེས་པ་སྟེ། འདིར་ཡང་
เล่ม ๑๔๕ · หน้า 96a
སོགས་པའི་སྒྲས་ཚིག་གི་དོན་དྲུག་ཡོངས་སུ་ཤེས་པ་ལ་སོགས་པ་དག་བསྡུའོ། །འདིར་ཡང་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་བྱ་བ་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདག་པ་
དང་། འགྲོལ་བ་ཞེས་བྱ་བ་ལ་སོགས་པར་འཛིན་ཏེ། དེའི་ཕྱིར་སོགས་པའི་སྒྲ་མི་མངོན་པར་བྱས་སོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་མདོ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ཞིག་ངེས་པར་བཟུང་བས་སོགས་པའི་སྒྲ་མི་འཐད་པར་བསྟན་པའི་ཕྱིར་རོ། །གལ་ཏེ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་
ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཀུན་འབྱུང་བ་ལ་ལོག་པར་ཞུགས་པའི་ཕྱིར་འདི་ནི་ཀུན་འབྱུང་མཐོང་བ་ཁོ་ནས་སྤང་བར་རིགས་ཀྱི། སྡུག་བསྔལ་མཐོང་བ་ནི་མ་ཡིན་སྙམ་དུ་བསམས་པ་ཡིན་ནོ། །གང་ལ་ལ་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་
གཅིག་པུ་དང་བདག་དང་བྱེད་པ་པོར་རྟོགས་ནས་དབང་ཕྱུག་ལ་སོགས་པ་དག་ལ་རྒྱུར་འདུ་བྱེད་པར་འགྱུར་རོ། །དེ་དག་ལ་རྟག་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་མཐོང་བ་མངོན་པར་རྟོགས་པའི་ཚེ་ཁོ་ནར་བདག་མེད་པའི་ཤེས་པ་ཐོབ་ཀྱི་ཕྱིས་ནི་མ་ཡིན་ཏེ། བདག་གི་
ཚེ་འདིས་སྡུག་བསྔལ་གྱི་བདེན་པ་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་དེའི་ཚེ་འདིའི་དབང་ཕྱུག་ལ་སོགས་པ་དག་ལ་རྒྱུར་མངོན་པར་ཞེན་པ་གང་ཡིན་པ་དེ་སྤོང་བར་བྱེད་དོ། །དེའི་ཕྱིར་འདི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ནར་བརྗོད་ཀྱི། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ། །
ཇི་སྐད་དུ། གང་ཕྱིར་འདི་ཡིས་སྡུག་བསྔལ་མི་མཐོང་ཞིང་། །དེ་མ་མཐོང་བས་བདག་ཅེས་བྱ་བར་ལྟ། །སྡུག་བསྔལ་ཡང་དག་ཇི་བཞིན་རིག་ནས་ནི། །འདི་ནི་བདག་ཅེས་བྱ་བར་ལྟ་མི་འགྱུར། །ཞེས་བཤད་དོ། །དེ་ཅིའི་ཕྱིར་ཆོས་ཙམ་མཐོང་བས་བདག་ཏུ་ལྟ་བ་ལྡོག་ལ། དེ་སྐྱེས་པ་ན་བདག་ཏུ་ལྟ་བ་
དང་བྲལ་བར་འགྱུར་རོ། །འོ་ན་གང་མེ་དང་ཆུར་འཇུག་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་ཀུན་འབྱུང་བ་ལ་ལོག་པར་ཞུགས་པའི་ཕྱིར་དང་། རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ལ་མི་ལྟོས་པའི་ཕྱིར་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་བསམས་པའོ། །ཚུལ་ཁྲིམས་
เล่ม ๑๔๕ · หน้า 96b
དང་བརྟུལ་ཞུགས་ཀྱིས་དག་པར་ལྟ་བ་དེ་ལྟ་བུ་ཡིན་ཞེས་བྱ་བ་ནི་འདི་ཡང་ལམ་ལ་ལོག་པར་ཞུགས་ཤིང་རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པས་དྲངས་པ་མ་ཡིན་པས་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ་ཞེས་བྱ་
བ་ནི་དབང་ཕྱུག་ལ་སོགས་པ་དག་ལ་རྒྱུར་མངོན་པར་ཞེན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའོ། །དོན་དེ་ལས་བསྟན་བཅོས་ཁུངས་སུ་སྨོས་པ་ནི། བསྟན་བཅོས་ལས་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་རམ་དྲང་བ་
ཡིན་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བར་བརྟག་གྲང་ན། དེ་གཉི་ག་ཡང་མེད་དོ་སྙམ་དུ་དཔྱད་ནས་འདྲི་བ་ནི། དེའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །རྒྱུ་ནི་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ཇི་ལྟར་སྡུག་བསྔལ་ལ་ལོག་པར་ཞུགས་ཤེ་ན། དེས་
ཡང་དག་པར་མི་རྟོགས་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ལ་དམིགས་པའི་ཐམས་ཅད་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཟག་པ་མེད་པ་ལ་དམིགས་པ་མ་གཏོགས་པའི་ཉོན་མོངས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཏེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་སྡུག་བསྔལ་བ་
ཡིན་ཞིང་དེ་ལ་ཡང་དག་པ་མ་ཡིན་པར་ཞུགས་པས་ལོག་པར་ཞུགས་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མེད་པར་ཐལ་བར་འགྱུར་རོ། །ཡང་ན་ཚུལ་ཁྲིམས་དང་བརྟུལ་
ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདི་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། གང་ཞིག་སྡུག་བསྔལ་ལ་ལོག་པར་མ་ཞུགས་པའི་གཞན་ཇི་ལྟ་བུ་ཞིག་སྙམ་དུ་དགོངས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་ལ་
དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ལ་གང་ཞིག་ལམ་མཐོང་བས་སྤང་བར་བྱ་བ་ཕྲ་རྒྱས་བདུན་ལ་དམིགས་པ་དེ་ནི་དེའི་དམིགས་པ་ཟག་པ་ལས་ལམ་མཐོང་བས་སྤོང་བར་འདོད་དོ། །དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པ་ལམ་མཐོང་བས་
เล่ม ๑๔๕ · หน้า 97a
སྤང་བར་བྱ་བ་དག་ཟག་པ་དང་བཅས་པ་ཉིད་ཀྱི་སྡུག་བསྔལ་གྱི་བདེན་པས་བསྡུས་པའི་ཕྱིར་རོ། །ད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཉིད་མ་བཟོད་ནས། ཡང་གང་ལ་ལམ་ལ་དམིགས་པ་ལོག་པར་ལྟ་
བའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཟག་གང་ཞིག་ལ་ལམ་མེད་དོ་སྙམ་དུ་ལམ་ལ་དམིགས་པ་ལོག་པར་ལྟ་བའམ་ཐེ་ཚོམ་ཡོད་པའི་གང་ཟག་དེ་ཐར་པའི་ལམ་མེད་དོ་ཞེས་ཐེ་ཚོམ་ཟ་བ་ན་སྟེ། ཅི་ལམ་འདི་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་བ་ན་ཇི་ལྟར་དེ་སྟེ། ལམ་གྱི་བདེན་པ་མེད་དེ་སྙམ་པའི་
ལོག་པར་ལྟ་བ་དེ་དང་། ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་བ་དེས་དག་གོ་སྙམ་དུ་ཡིད་ཆེས་པར་འགྱུར། དེས་ནི་ཐར་པའི་ལམ་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པའམ། ཐེ་ཚོམ་ཟ་བ་ན་ལོག་པར་ལྟ་བའམ་ཐེ་ཚོམ་དེས་དག་གོ་སྙམ་དུ་ཇི་ལྟར་རྟོག་པར་འགྱུར་འོན་ཏེ་ཐར་པའི་ལམ་གཞན་ཞེས་བྱ་བ་ནི་
གྲངས་ཅན་པ་དང་གཅེར་བུ་པ་འདོད་པས་སོ། །ཐར་པའི་ལམ་འདི་ནི་མེད་དོ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་འོ། །དེ་ཡང་གཞན་དེ་ཁོ་ནས་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པ་འདོད་པས་ཡིན་གྱི། ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བས་ནི་མ་ཡིན་ཏེ། དེའི་ཕྱིར་གྲངས་ཅན་ལ་སོགས་པའི་
ལམ་ལ་དམིགས་པ་ཉིད་དུ་འགྱུར་གྱི། ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པར་ནི་མི་འགྱུར་རོ། །ཡང་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ཡང་ཅིའི་ཕྱིར་དེ་དག་མཐོང་བས་སྤང་བར་བྱ་བ་སྟེ། ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་
བྱ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། གང་གི་ཕྱིར་ཟག་པ་དང་བཅས་པ་ལ་དམིགས་པའི་ཕྱིར་ཐམས་ཅད་སྡུག་བསྔལ་མཐོང་བས་སྤང་བར་
བྱ་བར་འགྱུར་བའམ། དེ་དག་གིས་སྤང་བར་བྱ་བའི་ལྟ་བ་ལ་དམིགས་པའི་ཕྱིར་རྣམ་པ་བཞི་ཡིན་པ་དེ་ལྟ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཁོ་ན་ཡིན་གྱི་རྣམ་པ་གཅིག་མ་ཡིན་ཞིང་རྣམ་པ་བཞི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ། །འདི་ལ་
เล่ม ๑๔๕ · หน้า 97b
ལན་གདབ་པའི་ཕྱིར་བཤད་པ། ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ་བརྗོད་པར་བྱའོ། །ཧ་ཅང་ཐལ་བར་ནི་མི་འགྱུར་ཏེ། འདི་ལྟར་ཁ་ཅིག་ནི་ཟག་པ་དང་བཅས་པའི་དངོས་པོ་ལ་སྡུག་བསྔལ་གྱི་སྒོ་ནས་
ལོག་པར་ཞུགས་པ་ལ། ཁ་ཅིག་ནི་ཀུན་འབྱུང་གི་སྒོ་ནས་སོ། །ཁ་ཅིག་ནི་འགོག་པ་ལ་ལོག་པར་ཞུགས་ལ། ཁ་ཅིག་ནི་ལམ་ལ་ལོག་པར་ཞུགས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྟག་པ་དང་བདག་ཏུ་འཛིན་པས་སྡུག་བསྔལ་ལ་ལོག་པར་ཞུགས་ཏེ། དེའི་སྡུག་བསྔལ་
མཐོང་བས་སྤང་བར་བྱ་བ་ཡིན་ནོ། །གང་ཞིག་ལམ་ལ་ལོག་པར་ཞུགས་པ་ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་དེ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་མཚན་ཞེས་བྱ་བ་འབྱུང་སྟེ། དེའི་ཕྱིར་དེ་ལྟར་ན་ཕྱིན་ཅི་ལོག་ལྟ་བའི་རང་བཞིན་ཅན་ནོ་ཞེས་བྱ་བར་གྲུབ་པོ། །འཇིག་
ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ་ཞེས་བྱ་བ་འབྱུང་ངོ་། །གཞན་དག་ན་རེ་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་ཐམས་ཅད་ནི་བདག་ཏུ་ལྟ་བ་བདག་གིར་ལྟ་བའོ། །ཇི་ལྟར་ན་བདག་གིར་ལྟ་བ་ཕྱིན་ཅི་ལོག་ཡིན་ཞེ་ན། ཇི་ལྟར་མ་ཡིན། གཞན་གྱི་ཕྱིན་
ཅི་ལོག་གི་མདོ་ལས་མི་འགྱུར་བའི་ཕྱིར་རོ་ཞེས་སྨྲས་ཏེ། འདི་ལྟར་འདི་སྐད་དུ་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པ་ཞེས་འབྱུང་གི་བདག་གི་མེད་པ་ལ་སྙམ་དུ་ཞེས་བྱ་བར་ནི་མི་འབྱུང་སྟེ། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་རིལ་ཕྱིན་ཅི་ལོག་མ་ཡིན་ནོ། །བདག་ཏུ་ལྟ་བ་འདི་ཉིད་སྒོ་གཉིས་ཅན་
ཡིན་ནོ་ཞེས་བྱ་བ་ནི་གཅིག་ཡིན་ཡང་ངོ་། །གལ་ཏེ་རྣམ་པར་དབྱེ་བ་ཐ་དད་པས་བདག་གི་ཞེས་དྲུག་པས་བསྟན་པ་ལྟ་བ་གཞན་དུ་རྟོག་ན་ནི། དེ་ལྟ་ན་ནི་བདག་གིས་ཞེས་བྱ་བ་བདག་གི་ཕྱིར་ཞེས་བྱ་བར་རྣམ་པར་དབྱེ་བ་ཐ་དད་པས་དེ་ཡང་ལྟ་བ་གཞན་དུ་འགྱུར་རོ། །འདི་ལྟར་བདག་གིས་ཞེས་བྱ་བ་ནི་གསུམ་
པའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བཞི་པའོ། །དེ་ཡང་ལྟ་བ་གཞན་དུ་འགྱུར་ན་དེ་ནི་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་ལོག་མ་ཡིན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམས་ཕྱིན་ཅི་ལོག་པར་མཚུངས་བཞིན་དུ་ཞེས་བྱ་
เล่ม ๑๔๕ · หน้า 98a
བའོ། །འདི་ལྟར་རྒྱུ་གསུམ་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གསུམ་པོ་འདི་དག་རིམ་གྱིས་ཉོན་མོངས་པ་གཞན་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཕྱིན་ཅི་ལོག་ཉིད་དུ་རྣམ་པར་གཞག་གོ། །ལོག་པར་ལྟ་བ་དང་ཆད་པར་ལྟ་བ་གཉིས་ངེས་པར་རྟོག་པ་དང་གཅིག་ཏུ་ཕྱིན་
ཅི་ལོག་པ་ཡིན་མོད་ཀྱི། སྒྲོ་འདོགས་པར་བྱེད་པ་ནི་མ་ཡིན་ཏེ། རྫས་འཇིག་པར་ཞུགས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྒྲོ་འདོགས་པར་བྱེད་ཅིང་ངེས་པར་རྟོགས་པའི་བདག་ཉིད་ཡིན་མོད་ཀྱི། གཅིག་ཏུ་ཕྱིན་ཅི་ལོག་པ་ནི་མ་ཡིན་ནོ། །དེ་ཙམ་གྱིས་འདག་
པར་དམིགས་པའི་ཕྱིར་ཞེས་བྱ་བ་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་དག་པའི་རྒྱུར་འགྱུར་ཏེ། གང་གི་ཕྱིར་ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་སྤང་བ་ཡིན་ལ། ཉི་ཚེ་བ་དང་དུས་གཞན་ན་འདག་པ་ཡིན་པའི་ཕྱིར་ཏེ། འབའ་ཞིག་པ་ནི་མ་ཡིན་ནོ། །ཇི་ལྟར་འདི་སྒྲོ་འདོགས་པར་བྱེད་པ་ཉིད་
ཡིན་ཞེ་ན། དེ་ཙམ་ཞིག་གིས་མཐའ་དག་འདག་པའི་རྒྱུའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་རོ། །ཉོན་མོངས་པ་གཞན་ནི་ངེས་པར་རྟོག་པར་བྱེད་པ་མ་ཡིན་པས་ཞེས་བྱ་བ་ནི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་སྟེ། སྒྲོ་འདོགས་པར་བྱེད་པ་དང་ལོག་པར་འཇུག་པ་ཡིན་མོད་ཀྱི།
ངེས་པར་རྟོག་པ་ནི་མ་ཡིན་ཏེ། ལྟ་བའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་ལྟ་བའི་བདག་ཉིད་ཅན་བཞི་ཁོ་ན་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བ་འདི་འགལ་བར་སྟོན་པའོ། །འདིར་ནི་ལྟ་བ་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི། འདུ་ཤེས་དང་སེམས་གཉིས་ནི་མ་ཡིན་ཏེ། འདོད་ཆགས་
ལ་སོགས་པ་བཞིན་དུ་ངེས་པར་རྟོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མདོ་དང་འགལ་བ་མ་ཡིན་ནམ་ཞེ་ན། འགལ་བ་མེད་དེ། སེམས་དང་འདུ་ཤེས་དེ་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་སེམས་དང་འདུ་ཤེས་གཉིས་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཡིན་ཡང་། ལྟ་
བ་དང་མཚུངས་པར་ལྡན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་བཤད་ན། ཚོར་བ་ལ་སོགས་པ་དག་ཀྱང་ལྟ་བ་དང་མཚུངས་པར་ལྡན་པར་མཚུངས་བཞིན་དུ་ཅིའི་ཕྱིར་མ་བཤད་ཅེ་ན། ཐལ་བ་འདི་ནི་མེད་དེ་འཇིག་རྟེན་དང་མཐུན་པར་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ན་གྲགས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་
เล่ม ๑๔๕ · หน้า 98b
སོ། །ཕྱིན་ཅི་ལོག་དེ་དག་ཐམས་ཅད་ཀྱང་རྒྱུན་དུ་ཞུགས་པས་སྤང་བ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་འདི་ལས་ཕྱི་རོལ་པའི་སྟོན་པ་གཞན་ཚོལ་བ་དང་། སྲོག་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་གསུངས་པའི་
ཕྱིར་རོ། །ཕྱིན་ཅི་ལོག་བཞི་པོ་གང་དག་ཡིན་པ་དེ་དག་ལས་སུ་དག་ཅིག་ནི་རྒྱུན་དུ་ཞུགས་པས་སྤང་དུ་དག་ཅིག་ནི་མ་སྤངས་ཤེ་ན། བཤད་པ་ཐམས་ཅད་སྤངས་སོ་ཞེས་གསུངས་སོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། ལྟ་བ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བ་ཡིན་པའི་
ཕྱིར་རོ་ཞེས་བྱ་བའོ། །མཚུངས་པར་ལྡན་པ་སྨོས་པས་ནི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་གཉིས་ཀྱང་མཐོང་བའི་ལམ་གྱིས་སྤོང་བ་ཡིན་ནོ་ཞེས་བསྟན་ཏོ། །ཕྱིན་ཅི་ལོག་ནི་བཅུ་གཉིས་ཡིན་ནོ་ཞེས་བྱ་བ་ལ་ལྟ་བ་ཕྱིན་ཅི་ལོག་དག་རེ་རེ་ལ་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཡོད་པས་གསུམ་ཚན་བཞི་སྟེ་
བཅུ་གཉིས་སུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མི་རྟག་པ་ལ་རྟག་གོ་སྙམ་དུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལ་བརྒྱད་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། མི་རྟག་པ་དང་བདག་མེད་པ་ཉིད་ལ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་རྣམས་དང་སྡུག་བསྔལ་བ་དང་མི་གཙང་བ་དག་ལ་ལྟ་བ་ཕྱིན་ཅི་
ལོག་པ་གཉིས་ཏེ། བརྒྱད་པོ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །བཞི་ནི་བསྡོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར་སྡུག་བསྔལ་དང་མི་གཙང་བ་ལ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་པ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་མ་བྲལ་བ་
ལ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། དེ་དག་གི་ཕྱིན་ཅི་ལོག་དག་ཏུ་འདོད་ན་ནི་ཞེས་བྱ་བ་ནི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་དག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་འདུ་ཤེས་དང་སེམས་ཀུན་དུ་འབྱུང་བས་ཞེས་བྱ་བ་ནི་སེམས་ཅན་གྱི་འདུ་ཤེས་ཀུན་དུ་འབྱུང་བ་དང་། སེམས་
ཅན་གྱི་སེམས་ཀུན་དུ་འབྱུང་བས་སོ། །དེ་དག་གི་ཕྱིན་ཅི་ལོག་དག་ཏུ་ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ནི་སེམས་ཅན་གྱི་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཅན་གྱི་སེམས་ཕྱིན་ཅི་ལོག་སྟེ། ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་ཅི་སྟེ་མི་འདོད། ཅིའི་ཕྱིར་ཞེ་ན། བུད་མེད་དང་བདག་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། །
เล่ม ๑๔๕ · หน้า 99a
བདག་ནི་ལོངས་སྤྱོད་པའོ། །འདི་ནི་ལོངས་སྤྱོད་པར་བྱ་བའོ་སྙམ་དུ་དེ་ལྟར་ཞུགས་པའི་ཕྱིར་རོ། །དེ་ལྟར་ན་བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་པ་དག་ཀྱང་བསྒོམ་པས་སྤང་བར་བྱ་བར་འགྱུར་རོ། །མདོ་ལས་ཀྱང་བདེན་པ་དག་མཐོང་བ་ཙམ་ཁོ་
ནས་ཕྱིན་ཅི་ལོག་བཅུ་གཉིས་པོ་ཐམས་ཅད་སྤོང་གི་བསྒོམ་པས་སྤང་བར་བྱ་བ་ནི་འགའ་ཡང་མེད་དོ་ཞེས་གསུངས་ཏེ། འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་
ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེའི་ཚེ་དེའི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་
ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་བྱེད་དོ་ཞེས་རྒྱས་པར་འབྱུང་ངོ་། །རྒྱས་པར་ཞེས་བྱ་བ་སྨོས་པས་ནི་སྡུག་བསྔལ་བ་ལ་བདེ་བའོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་པ་དང་། སེམས་དང་ལྟ་བ་ཕྱིན་ཅི་ལོག་སྤོང་བར་བྱེད་དོ་ཞེས་མདོའི་ཁྱད་པར་འཕེན་
པའོ། །དེ་ལྟ་བས་ན་ལྟ་བས་ཀུན་ནས་བསླང་བ་ཞེས་བྱ་བ་འབྱུང་ངོ་། །གཞན་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་སེམས་དག་ནི་ལོག་པར་ཞུགས་པ་ཡིན་ཡང་ལྟ་བ་དང་མཚུངས་པར་མི་ལྡན་པའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་པ་སྟེ། དེ་ལྟ་མ་ཡིན་ན་ཉོན་
མོངས་པ་ཐམས་ཅད་ལོག་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འགྱུར་ལ། དགྲ་བཅོམ་པ་ལམ་དུ་ཞུགས་པའི་ནོར་ནས་ལམ་གོལ་བར་ཞུགས་པ་དང་། ཐག་པ་ལ་སྦྲུལ་ལོ་ཞེས་མཐོང་བ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེའི་ཕྱིར་ཚབས་ཆེ་བར་ཕྱིན་ཅི་ལོག་པ་དག་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་གི་
གཞན་ལ་ནི་མ་ཡིན་ཏེ། ཚབས་ཆེ་བ་དེ་ཡང་། ཕྱིན་ཅི་ལོག་ཕྱིར་དང་། ངེས་རྟོག་ཕྱིར་དང་། སྒྲོ་འདོགས་ཕྱིར་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་སློབ་པའི་རྒྱུད་ལ་ཀུན་ཏུ་འབྱུང་བའི་འདུ་ཤེས་ཉོན་མོངས་པ་ཅན་གྱིས་ནི་ཕྱིན་ཅི་ལོག་གི་མིང་མི་ཐོབ་བོ། །དེའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་
เล่ม ๑๔๕ · หน้า 99b
མཐོང་བ་ལ་སོགས་པའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཏེ། འཕགས་པ་རྣམས་ལ་ནི་ཕྱིས་བུད་མེད་དང་། བདག་ཉིད་ལ་བདེ་བ་དང་གཙང་བའི་འདུ་ཤེས་དང་སེམས་ཀྱི་འཁྲུལ་པ་མི་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་མགལ་མེའི་འཁོར་ལོ་དང་རི་མོའི་གནོད་སྦྱིན་ལ་འཁྲུལ་པ་དཔེར་བརྗོད་དེ། དཔེར་
ན་ངེས་པར་མ་བརྟགས་པར་མཐོང་བ་ཙམ་གྱིས་མགལ་མེ་དང་རི་མོའི་གནོད་སྦྱིན་ལ་འཁྲུལ་པ་འབྱུང་བ་དེ་བཞིན་དུ་འཕགས་པ་ཡང་ངེས་པར་མ་བརྟགས་པ་ཡུད་ཙམ་ཞིག་སེམས་ཅན་དུ་འཁྲུལ་པ་འབྱུང་སྟེ། ཇི་ལྟར་འདི་ཕྱིན་ཅི་ལོག་མ་ཡིན་པ་དེ་བཞིན་དུ་འཕགས་པའི་འདུ་ཤེས་དང་སེམས་འཁྲུལ་པ་ཡང་ཕྱིན་ཅི་
ལོག་མ་ཡིན་ནོ། །གལ་ཏེ་འཕགས་པ་རྣམས་ཀྱི་འདུ་ཤེས་དང་སེམས་འཁྲུལ་པ་དུས་དེ་ཁོ་ནར་ཡིན་གྱི་རྒྱུན་ཆགས་མ་ཡིན་ནོ། །འོ་ན་གནས་བརྟན་ཀུན་དགའ་བོས་ཞེས་བྱ་བ་དེ་རྒྱས་པར་འབྱུང་བ་དེ་ཇི་ལྟར་དྲང་བར་བྱ། འཕགས་པ་ངག་གི་དབང་ཕྱུག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་
པས་ཟིལ་ནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏམ་ཁྱོད་ནི་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་གསོལ། །ཞེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོས་ཕྱིར། འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུང་། །དེ་ཕྱིར་འདོད་ཆགས་ལྡན་པ་ཡིས། །
རྒྱུ་མཚན་སྡུག་པ་སྤང་བར་གྱིས། །ཞེས་སྨྲས་ཏེ། འདིར་ནི་དེའི་དུས་སུ་འཁྲུལ་པ་ཙམ་དུ་མ་གསུངས་ལ། དེ་ནི་རྒྱུན་དུ་ཞུགས་པ་ཡིན་ཞིང་དེ་ལ་ཕྱིན་ཅི་ལོག་ཡོད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྡེ་པ་གཞན་དག་དང་འགལ་ལ། སྡེ་པ་གཞན་དག་གི་ལུགས་ཀྱང་བྱེ་བྲག་ཏུ་
སྨྲ་བ་དང་འགལ་བའི་ཕྱིར་རོ། །འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་ཐམས་ཅད་མ་སྤངས་པ་ཁོ་ནའོ་ཞེས་བྱ་བ་ནི་བཞི་ཁོ་ན་མ་སྤངས་པར་ཟད་དོ་ཞེས་བྱ་བ་སྟེ། ལྟ་བ་ཕྱིན་ཅི་ལོག་པ་འབའ་ཞིག་སྤངས་པར་ཟད་དོ། །ཕྱིན་ཅི་ལོག་བཅུ་གཉིས་པོ་ཐམས་ཅད་བདེན་པ་མཐོང་བས་སྤོང་བར་འགྱུར་རོ་ཞེས་
བྱེ་བྲག་ཏུ་སྨྲས་པས་མདོ་གང་ཞིག་ཁུངས་སུ་ཁྱེར་ཏེ། འོངས་པ་དེ་དང་འགལ་བ་སྤོང་བ་ནི་དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཕགས་པར་འགྱུར་བ་དང་། ཕྱིས་སྤོང་ངོ་། །
เล่ม ๑๔๕ · หน้า 100a
དེ་མེད་པར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དེ་མེད་པར་རོ། །ཐབས་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མདོ་དེ་ལས་སྤོང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་མདོ་དང་འགལ་བ་མེད་དེ། བསྒོམ་པའི་ལམ་ནི་མཐོང་བའི་ལམ་མེད་
པར་མི་འབྱུང་བ་ཉིད་དོ་སྙམ་དུ་བསམས་པའོ། །བྱེ་བྲག་མེད་པར་སེམས་ཁེངས་པ་ལ་ང་རྒྱལ་ཞེས་བཤད་དོ་ཞེས་བྱ་བ་ནི་བདག་དང་གཞན་ལ་བརྟེན་ནས་མཐོང་བ་ནི་ཁེངས་པ་སྟེ། འདིས་ཁེངས་པ་ན་ཞེས་བྱས་པའི་ཕྱིར་རོ། །དེ་འཇུག་པའི་བྱེ་བྲག་ལས་ནི་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་ལས་སོ། །རིགས་དང་
རིགས་པ་ལ་སོགས་པ་དག་གི་སྒོ་ནས། ཆུང་ངུ་བས་བདག་ཁྱད་དུ་འཕགས་པའམ། དེ་དག་ཉིད་ཀྱི་སྒོ་ནས་མཉམ་པ་དང་མཉམ་མོ་སྙམ་དུ་སེམས་པའི་ཁེངས་པ་ལ་ནི་ང་རྒྱལ་ཞེས་བཤད་དོ། །གལ་ཏེ་འདི་ནི་ཕྱིན་ཅི་ལོག་ཏུ་མ་ཞུགས་པའི་ཕྱིར་ང་རྒྱལ་ཡིན་པར་མི་འོས་ཏེ། ཕྱིན་ཅི་མ་ལོག་པ་ལ་དམིགས་པའི་
ཕྱིར་རོ་ཞེ་ན། འདི་ནི་དམིགས་པ་ལ་ལྟོས་ཏེ། མི་དགེ་བ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། མཚུངས་པར་ལྡན་པ་ལ་ལྟོས་ནས་ཏེ། གནས་ཀྱི་འཁྲུག་པ་བཞིན་ནོ། །རིགས་པ་ལ་སོགས་པའི་སྒོ་ནས་མཉམ་པ་བས་བདག་ཁྱད་པར་འཕགས་སོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །དེ་དག་དེ་ཁོ་ནའི་སྒོ་ནས་ཁྱད་
པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་ལ་བདག་ཏུ་ང་རྒྱལ་བ་བཞག་པས་ན་བདག་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ངའོ་སྙམ་དུ་ང་རྒྱལ་བ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །ཁྱད་
པར་གྱི་ཐོབ་པ་མ་ཐོབ་པར་ཞེས་བྱ་བ་ལ། གལ་ཏེ་ཐོབ་པ་མ་ཐོབ་པར་ཞེས་བྱ་བའི་དོན་ཅི་ཡིན། འདི་ལྟར་ཐོབ་པ་ནི་ཐོབ་པ་ཁོ་ན་ཡིན་ནོ་ཞེ་ན། དོན་ནི་ཡོན་ཏན་དེའི་ཐོབ་པ་མ་རྙེད་པར་ཞེས་བྱ་བ་འདི་ཡིན་ཏེ། ཐོབ་པ་ལ་ཡང་ཐོབ་པ་ཡོད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །ཁྱིམ་པ་དང་རབ་
ཏུ་བྱུང་བ་དང་བཟོ་དང་ཚུལ་ཁྲིམས་ལ་སོགས་པ་དག་གི་སྒོ་ནས་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ་ཞེས་བྱ་བ་ལ། ཡོན་ཏན་མ་ཡིན་པ་ནི་
เล่ม ๑๔๕ · หน้า 100b
ཡོན་ཏན་གྱི་འགལ་ཟླ་ཉེས་པར་སྤྱོད་པ་དག་སྟེ། དེའི་ཕྱིར་དེ་ལྟར་གྱུར་ཅིང་ཡོན་ཏན་མ་ཡིན་པ་དང་ལྡན་ཡང་བདག་ཡོན་ཏན་དང་ལྡན་པར་སེམས་ཤིང་ཉེས་པར་སྤྱད་པས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ། །མངོན་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་ལྟར་
བཅོས་པའི་ཡོན་ཏན་གྱིས་བསླུས་པའི་གཞི་དང་བཅས་པ་ནི་མངོན་པའི་ང་རྒྱལ་ཡིན་ལ་ལོག་པའི་ང་རྒྱལ་ཡོན་ཏན་མེད་བཞིན་པའི་བདག་ཡོན་ཏན་དང་ལྡན་ནོ་སྙམ་པའི་གཞི་མེད་པ་སྟེ། མངོན་པའི་ང་རྒྱལ་ནི་ས་བོན་དང་བཅས་པའོ། །ལོག་པའི་ང་རྒྱལ་ལ་ས་བོན་མེད་པའོ། །ང་རྒྱལ་རྣམ་པ་ཞེས་བྱ་
བ་ནི་ང་རྒྱལ་གྱི་རྣམ་པའི་བྱེ་བྲག་ཅེས་བྱ་བའི་དོན་ཡིན་ནོ། །བདག་དང་འདྲའོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང་། བདག་དམན་ནོ། །སྙམ་པ་ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་ནི་རེ་རེ་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། བདག་དང་འདྲའོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང་། བདག་ངན་ནོ་སྙམ་པ་ང་རྒྱལ་གྱི་རྣམ་པ་
ཞེས་བྱ་བར་རོ། །ཕྱི་མ་དག་ཐམས་ཅད་ལ་ཡང་རེ་རེ་ལ་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། བདག་པས་མཆོག་ཡོད་དོ་སྙམ་པ་ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པར་རོ། །དེ་ལ་དབང་པོ་གསུམ་ནི་ལྟ་བ་ལ་བརྟེན་པ་ཞེས་བྱ་བ་ནི་ལྟ་བས་རབ་ཏུ་བཅུག་པའོ་དེ་ལ་བདག་མཆོག་ཡིན་ནོ་སྙམ་པ་ནི་འཇིག་
ཚོགས་ལ་ལྟ་བ་བརྟེན་པ་ལྷག་པའི་ང་རྒྱལ་གྱི་རྣམ་པའོ། །བདག་དང་འདྲའོ་སྙམ་པ་ནི་ལྟ་བ་དེ་ལ་བརྟེན་པའི་ང་རྒྱལ་གྱི་རྣམ་པའོ། །བདག་དམན་ནོ་སྙམ་པ་ནི་ལྟ་བ་དེ་ལ་བརྟེན་པའི་ཅུང་ཟད་སྙམ་པའི་ང་རྒྱལ་གྱི་རྣམ་པའོ། །བདག་པས་མཆོག་ཡོད་དོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་གྱི་རྣམ་པའོ། །
བདག་དང་མཉམ་པ་ཡོད་དོ་སྙམ་པ་ནི་ང་རྒྱལ་གྱི་རྣམ་པའོ། །བདག་པས་དམན་པ་ཡོད་དོ་སྙམ་པ་ནི་ལྷག་པའི་ང་རྒྱལ་གྱི་རྣམ་པའོ། །བདག་པས་མཆོག་མེད་དོ་སྙམ་པ་ནི་ང་རྒྱལ་གྱི་རྣམ་པའོ། །བདག་དང་མཉམ་པ་མེད་དོ་སྙམ་པ་ནི་ལྷག་པའི་ང་རྒྱལ་གྱི་རྣམ་པའོ། །བདག་པས་དམན་པ་མེད་དོ་སྙམ་པ་ནི་
ཅུང་ཟད་སྙམ་པའི་ང་རྒྱལ་གྱི་རྣམ་པའོ། །དེ་དེ་ལྟར་ང་རྒྱལ་རྣམ་པ་དགུ་པོ་དེ་དག་ནི་ང་རྒྱལ་གསུམ་ལས་ཡིན་པར་རིག་པར་བྱའོ། །གསུམ་པ་གང་ཞེ་ན། ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་ལས་སོ། །གཞན་ཡང་འདི་ནི་ཡེ་ཤེས་ལས་འཇུག་པ་ལས་བཤད་པའི་ལུགས་
เล่ม ๑๔๕ · หน้า 101a
ཡིན་གྱི་ཞེས་བྱ་བ་ནི་བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པ་ཐལ་མ་ཐག་ཏུ་བཤད་པ་གང་ཡིན་པའོ། །དམན་པ་དང་མཉམ་པ་དང་ཁྱད་པར་དུ་འཕགས་པ་ལ་ལྟོས་ནས་ཞེས་བྱ་བ་ལ། དམན་པ་ལ་ལྟོས་ནས་ནི་བདག་མཆོག་ཡིན་ནོ་སྙམ་པ་ང་
རྒྱལ་ཡིན་ལ། མཉམ་པ་ལ་ལྟོས་ནས་ནི་བདག་མཆོག་ཡིན་ནོ་སྙམ་པ་ལྷག་པའི་ང་རྒྱལ་ཡིན་ཞིང་ཁྱད་པར་དུ་འཕགས་པ་ལ་ལྟོས་ན་བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ་ཡིན་ནོ། །ཁ་ཅིག་ན་རེ་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ་ལྷག་
མ་རྣམས་ནི་མཐོང་བ་དང་བསྒོམ་པ་དག་གིས་སྤང་བར་བྱ་བ་ཡིན་ནོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་ཐམས་ཅད་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཐམས་ཅད་སྨོས་པས་ནི་ལྷག་མ་རྣམས་ཁོ་ནར་མ་ཟད་ཀྱི་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་གཉིས་ཀྱང་མཐོང་
བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །ངེས་པ་མེད་དེ་ཞེས་བྱ་བ་ལ་འདིར་སྤངས་པ་ཀུན་དུ་མི་སྤྱོད་པ་འམ། མ་སྤངས་པ་ཀུན་དུ་མི་སྤྱོད་དོ་ཞེས་བྱ་བའི་གཅིག་ཏུ་ངེས་པ་ནི་མེད་དེ། འདི་ལྟར་དད་པ་ལ་སོགས་པ་དང་། གཉིད་དང་སྡུག་བསྔལ་གྱི་དབང་པོ་དང་མིག་ལ་
སོགས་པ་དག་སྤངས་ཀྱང་ཀུན་དུ་སྤྱོད་པ་ལ། ཅུང་ཟད་ཅིག་ནི་མ་སྤངས་ཀྱང་ཀུན་དུ་མི་སྤྱོད་དེ། དཔེར་ན་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ལྟ་བུའོ། །བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཅན་ལ་སོགས་པ་གསད་པར་བྱ་བ་ལ་སོགས་པ་གང་ཡིན་པ་
དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པའི་ཚོགས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ཁམས་གསུམ་པའི་མི་རྟག་པ་དེ་ལ་སྟེ། དོན་དུ་གཉེར་བ་ནི་མངོན་པར་འདོད་པའོ། །ཇི་ལྟར་དེ་ལ་དོན་དུ་གཉེར་བར་
འགྱུར་ཞེ་ན། འཇིག་རྟེན་པའི་ལྟ་བའི་དབང་དུ་མཛད་ནས་མདོ་ལས་ཇི་སྐད་དུ། བདག་འདི་ཇི་སྲིད་གསོན་ཞིང་འདུག་ལ། སྡོད་ཅིང་འཚོ་བ་དེ་སྲིད་དུ་ནད་དང་བཅས་པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་ནད་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་སྟེ། འདི་ལྟར་
เล่ม ๑๔๕ · หน้า 101b
བདག་འདི་ཆད་པར་གྱུར་ཅིང་ཞིག་པར་གྱུར་ལ། འབྱུང་བར་མི་འགྱུར་ན། དེ་ཙམ་གྱིས་བདག་འདི་ཡང་དག་པར་ཀུན་ནས་ཆད་པ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་གསུངས་པ་ལྟ་བུའོ། །ཁམས་གསུམ་པ་སྨོས་པ་ནི་ཟག་པ་མེད་པའི་ཆོས་མི་རྟག་པ་ཉིད་བསལ་བའི་ཕྱིར་ཏེ། འདི་ནི་སྲེད་པའི་གཞིའི་
གནས་སུ་གྱུར་པ་མ་ཡིན་པས་སེལ་བ་ཡིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་སྲིད་པའི་ཕྱོགས་བདག་ནི་གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་ངོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷ་མ་ཡིན་གྱི་དབང་པོ་དང་། བུད་མེད་རིན་པོ་
ཆེ་དང་། བྱང་གི་སྒྲ་མི་སྙན་ལ་སོགས་པ་བསྡུའོ། །ཕྱོགས་སྨོས་པས་ན་དབང་པོ་འམ་འཁོར་ལོས་སྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དེ་ལྟ་བུ་ནི་ཀུན་དུ་འབྱུང་བ་ཡིན་ནོ། །ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། མཐོང་དང་བསྒོམ་པས་ཟད་བྱ་བ། །ཞེས་འབྱུང་བའི་ཕྱིར་རོ། །འཕགས་པ་
ལ་ནི་ངའོ་སྙམ་པའི་ང་རྒྱལ་དང་། ང་རྒྱལ་གྱི་རྣམ་པ་བསྒོམ་པས་སྤང་བར་བྱ་བ་དག་མ་སྤངས་ཀྱང་ཀུན་དུ་མི་འབྱུང་ངོ་། །དེ་དག་མ་སྤངས་ཀྱང་ཞེས་བྱ་བ་ནི་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ལ་སོགས་པའི་ང་རྒྱལ་གྱི་མཐར་ཐུག་པ་དག་གོ། །འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་བ་ཡིན་
ནོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་སྒོ་ནས་འཇུག་པའི་ཕྱིར་རོ། །ལོག་པར་ལྟ་བས་རྒྱས་པར་འགྱུར་རོ་ཞེས་བྱ་བ་ལ་རྒྱུ་དང་འབྲས་བུའི་འབྲེལ་བ་ལ་ལོག་པར་ཞུགས་པ་ནི་སྡིག་པ་རྣམས་བྱེད་དོ། །རྒྱས་པར་ནི་སྤེལ་མ་དང་ཕན་བཏགས་ཞེས་བྱ་བའི་ཐ་ཚིག་གོ། །མི་དགེ་བའི་འགྱོད་པ་མ་ཡིན་ནོ་ཞེས་
བྱ་བ་ལ། ངན་པར་བྱས་པ་ནི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་བསྒོམ་པས་སྤོང་བར་བྱ་བ་ཡིན་ལ། ལེ་ལོ་ཡང་དེ་ལ་དམིགས་པའི་ཡིད་ལ་གདགས་པ་ཡིན་པས་དེ་ཡང་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །འཕགས་པ་ལ་ནི་དེ་འབྱུང་བ་ཡང་མ་ཡིན་ཏེ། ཐེ་ཚོམ་གྱི་ཀུན་ནས་བསླང་
བའི་ཕྱིར་ལ་དེ་ཡང་མཐོང་བའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་རོ། །རྐེད་པ་བཅག་པའི་ཕྱིར་ཞེས་བྱ་བ་ནི་རྟེན་བཅོམ་པའི་ཕྱིར་ཏེ། དེ་དག་གི་རྟེན་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་ཡིན་ཏེ། གསོས་འདེབས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནི་ཆགས་པ་ཡིན་ཏེ། འཕགས་པས་
เล่ม ๑๔๕ · หน้า 102a
འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་སྤངས་པའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། དེ་ལ་གསོས་འདེབས་པར་བྱེད་པའི་ཉོན་མོངས་པ་མེད་པའི་ཕྱིར་སླར་སྐྱེ་མི་ནུས་སོ། །སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དངོས་པོ་རྣམ་པ་ལྔའི་རྒྱུའི་
དངོས་པོར་ཉེ་བར་འགྲོ་བའི་ཕྱིར་ཀུན་དུ་འགྲོ་བ་ཞེས་བྱའོ། །ལྟ་བ་བདུན་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལྔ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་གཉིས་པོ་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ཀུན་འབྱུང་
མཐོང་བས་སྤང་བར་བྱ་བའོ། །མ་རིག་པ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་སྟེ། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དང་། མ་འདྲེས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཅིག་ཏུ་བྱས་ནས་སོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་
ཡང་དེ་ལྟར་བྱས་ནས་ཡིན་ནོ། །དེ་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་བདུན་ཡིན་ལ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི་ཡིན་ཏེ། དེ་ལྟར་ན་བཅུ་གཅིག་ཏུ་འགྱུར་ལ་ཡང་ཁམས་ཀྱི་དབྱེ་བས་ནི་སུམ་ཅུ་རྩ་གསུམ་དུ་འགྱུར་ཏེ། གསུམ་ལས་རེ་རེ་བཅུ་གཅིག་བཅུ་གཅིག་ཏུ་
བྱས་པའི་ཕྱིར་རོ། །མ་འདྲེས་པ་ཁོ་ན་སྟེ་ཞེས་བྱ་བ་ལ། འགྲོགས་པ་ནི་འདྲེས་ཞེས་བྱའོ། །འདྲེས་པ་མེད་པ་ནས་མ་འདྲེས་པ་སྟེ། ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བཅོམ་ལྡན་འདས་མ་འདྲེས་ལ། དགེ་སློང་གི་དགེ་འདུན་མ་འདྲེས་ཞེས་གསུངས་ཏེ། བཅོམ་ལྡན་འདས་
ཀྱང་ལོགས་ཤིག་དགེ་སློང་གི་དགེ་འདུན་ཡང་ལོགས་ཤིག་གོ་ཞེས་བྱ་བའོ། །འདྲེས་པ་མེད་པར་སྤྱོད་པས་ན་མ་འདྲེས་པ་སྟེ། ཉོན་མོངས་པ་གཞན་དང་ལྷན་ཅིག་མི་འབྱུང་བ་ཞེས་བྱ་བར་བསམས་པའོ། །ཅིའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་རིས་ཁོ་ན་ཀུན་དུ་འགྲོ་
བར་འདོད་ཅེ་ན། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དམིགས་པས་བསགས་པ་ཉེ་བར་བསྟན་པའི་ཕྱིར་དང་བློ་གཅིག་ཅིང་བྱ་བ་གཅིག་པའི་ཕྱིར་སྟོབས་དང་ལྡན་པར་བྱ་བ་གྲུབ་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ནི་ཟློག་པ་ཡིན་པས་སྟོབས་ཆུང་བའི་ཕྱིར་ཐམས་ཅད་དུ་
เล่ม ๑๔๕ · หน้า 102b
འགྲོ་བར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་རྣམས་ཀུན་དུ་འགྲོ་བར་མི་འདོད་ཅེ་ན། དེ་རྣམས་ནི་རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བ་མ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་
པ་ཅན་རྣམས་ཀྱི་རྒྱུ་ཡིན་པར་ཇི་སྐད་ལྟར་ཤེས་ཤེ་ན་བདག་ཏུ་ལྟ་བའི་དབང་གིས་ཡུལ་ལ་འདོད་ཆགས་ལ་སོགས་པ་འཕེལ་བའི་ཕྱིར་དང་། དེ་མེད་ན་ཡུལ་ལ་འདོད་ཆགས་ལ་སོགས་པ་སྲབ་པར་སྣང་བའི་ཕྱིར་རོ། །ལུང་ལས་ཀྱང་མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན།
ཆོས་ཉོན་མོངས་པ་ཅན་རྣམས་སོ་ཞེས་འབྱུང་ངོ་། །རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་ཞེས་བྱ་བས་ནི་ཀུན་དུ་འགྲོ་བ་ཡིན་པར་འགྱུར་རོ། །ལྟ་བ་གཞན་དག་ལ་རང་གི་ཁམས་མཐའ་དག་ལ་དམིགས་པ་སྲིད་པར་འགྱུར་གྱི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་ནི་
མ་ཡིན་ནོ་སྙམ་སྟེ་འདྲི་བ་ནི་སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མཐའ་དག་གིས་ཞེས་བྱ་བ་ནི་གནས་ཉི་ཤུ་དབྱེ་བས་ཐ་དད་པས་སོ། །མཐའ་དག་རྒྱུ་མ་ཡིན་པ་ལ་རྒྱུར་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི། འདོད་པའི་ཁམས་ཞེས་བྱ་བར་སྦྱར་རོ། །གང་ལ་ཚུལ་
ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཀུན་དུ་འགྲོ་བར་རྣམ་པར་གཞག་པར་འགྱུར་བ་ཞེས་བྱ་བ་བསམས་པའོ། །གནས་ཀྱི་དབྱེ་བས་ཐ་དད་པས་མཐའ་དག་ཅིག་ཅར་དུ་དམིགས་སོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་རྣམ་པ་ལྔ་ཆར་པོ་ཡང་མཐའ་དག་ཅིག་ཅར་དུ་དམིགས་པས་ཀུན་དུ་འགྲོ་བ་ཡིན་
པར་སྨྲ་བའོ། །གལ་ཏེ་རྣམ་པ་ལྔ་པོ་ཉིད་འདོད་པའི་ཁམས་པས་འདིར་ལན་ཅི་ཞིག་བཏབ་པར་འགྱུར་ཞེ་ན། ལན་ནི་རྣམ་པ་ལྔའི་ཆ་ལ་ཅིག་ཅར་དུ་དམིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟ་ན་ཡང་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ལ་སྲེད་པ་ཡོད་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་
ལ་བདག་ཏུ་ལྟ་བ་ཡོད་པ་དེ་དག་ཁོ་ན་ལ་བདག་ལ་སྲེད་པ་ཡོད་དེ། དེ་དག་ནི་བདག་ཏུ་མངོན་པར་ཞེན་པའི་གཞི་ཡིན་པའི་ཕྱིར་རོ། །གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་དེ་ལ་དེ་དོན་དུ་གཉེར་བ་ཡོད་ཅིང་དེས་ཀྱང་ང་རྒྱལ་དུ་འགྱུར་བས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་དངོས་
เล่ม ๑๔๕ · หน้า 103a
པོ་གང་ལའོ། །མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི་མཆོག་དང་དག་པར་ལྟ་བའི་གཞི་ལའོ། །མཆོག་དང་དག་པར་ལྟ་བའི་གཞི་དེ་དོན་དུ་གཉེར་བ་ནི་དེ་དོན་དུ་གཉེར་
བ་སྲེད་པ་སྟེ། གཞི་དེ་མཆོག་ཉིད་དང་དག་པའི་རྒྱུ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དེས་ཀྱང་ང་རྒྱལ་དུ་འགྱུར་ཞེས་བྱ་བ་ནི་གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྲེད་པ་དང་ང་རྒྱལ་དག་ནི་མི་འདོད་ཀྱང་ཀུན་དུ་འགྲོ་བ་ཉིད་དུ་འགྱུར་རོ། །
ད་ནི་སྲེད་པ་དང་ང་རྒྱལ་གཉིས་ཀུན་དུ་འགྲོ་བ་ཉིད་ཡིན་ན་སྤོང་བ་མི་སྲིད་པར་བཤད་པ་ནི་དེ་ལྟར་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ལ་སོགས་པ་གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྷག་མ་ནི་བསྒོམ་
པས་སྤང་བར་བྱ་བ་དག་ཡིན་ཞིང་། འདི་གཉིས་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་ན། མཚན་ཉིད་འདིའི་སྒོ་ནས་མཐོང་བས་སྤང་བར་བྱ་བ་ཉིད་དུ་མི་འགྲུབ་ཅིང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་གཉི་ག་གང་གིས་སྤང་བར་བྱ་བ་ཡིན་པ་དེ་
བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ལ་རྒྱུ་ནི་འདྲེས་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་སྟེ། གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་དེར་ནི་མཐོང་བས་སྤང་བར་བྱ་བ་འབའ་ཞིག་གིས་དམིགས་པ་ཅན་
མཐོང་བས་སྤང་བར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ཞེས་བྱ་བ་ནི་གང་དག་བསྒོམ་པ་འབའ་ཞིག་གིས་སྤང་བར་བྱ་བ་དང་། གཉི་ག་ལ་དམིགས་པ་རྣམས་སོ། །དེའི་ཕྱིར་འདྲེས་པ་ལ་དམིགས་པའི་ཕྱིར་འདི་གཉིས་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་མི་འགལ་
ལོ། །ཡང་ན་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ལྟ་བའི་སྟོབས་བསྐྱེད་པ་ནི་ལྟ་བའི་སྟོབས་བསྐྱེད་པ་སྟེ་ནུས་པའོ། །གཉིས་པོ་དེ་ལ་དེས་བཅུག་པའི་ངང་ཚུལ་ཡོད་ཅིང་། དེའི་དངོས་པོ་ཡོད་པ་ནི་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཉིད་དེ་དེའི་ཕྱིར་རོ། །དེ་བཞིན་
เล่ม ๑๔๕ · หน้า 103b
དུ་དག་པ་དང་མཆོག་གི་སྟོབས་ཀྱིས་དེ་དག་འཇུག་གི་དེ་དག་ལ་མ་ལྟོས་པ་དག་ནི་མ་ཡིན་ཏེ། འདིའི་ཕྱིར་ཡང་དག་པ་དང་མཆོག་ཏུ་ལྟ་བ་ལྟར་དེ་ཉིད་ཀྱང་མཐོང་བས་སྤང་བར་བྱ་བ་ཉིད་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཉོན་མོངས་པ་འདི་གཉིས་རང་གི་མཚན་ཉིད་པ་ཡིན་གྱི་ཞེས་བྱ་བ་རྒྱས་པར་
འབྱུང་སྟེ། གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ལ་སྲེད་པ་ཡོད་མོད་ཀྱི། རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ཡིན་པའི་ཕྱིར། ཐམས་ཅད་དུ་ཅིག་ཅར་ནི་མ་ཡིན་པས་ལྟ་བ་ཇི་ལྟ་བ་བཞིན་དུ་མཐའ་དག་ལ་དམིགས་པ་ནི་མ་ཡིན་ནོ། །འདི་ལྟར་འདོད་ཆགས་ནི་ཆགས་པར་བྱ་བའི་དངོས་པོ་ལ་འབྱུང་
གི། ཁོང་ཁྲོ་བའི་དངོས་པོ་ལ་ནི་མ་ཡིན་ནོ། །ང་རྒྱལ་ཡང་ཁེངས་པའི་དངོས་པོ་ཁོ་ན་ལ་འབྱུང་གི །གཞན་དུ་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདིར་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཞེས་ཁྱད་པར་དུ་བྱས་པས་སྐལ་བ་མི་
མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ཀྱང་ཡོད་དོ་ཞེས་ཁས་བླངས་པ་ཡིན་ལ། དེ་དག་ཀྱང་ཅི་འདི་དག་ལས་འགའ་ཞིག་ཡིན་ནམ་འོན་ཏེ་གཞན་ཡིན་ཞེས་མི་ཤེས་པས་དེའི་ཕྱིར། དེ་དག་ལས་དགུ་གོང་དུ་དམིགས་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཡང་དགུ་པོ་གང་ཡིན་པ་མི་ཤེས་པས་དེའི་ཕྱིར་ལྟ་བ་
གཉིས་པོ་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །རེས་འགའ་ནི་གཟུགས་ཀྱི་ཁམས་སམ་གཟུགས་མེད་པའི་ཁམས་ཀྱང་རུང་སྟེ། སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གསུམ་གྱི་བར་ལ་སྟེ། མཐའ་དག་ལ་དམིགས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་འདོད་
པ་ན་སྤྱོད་པའི་ལོག་པར་ལྟ་བ་ནི་དོན་གྱིས། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སྐུར་པ་འདེབས་ལ་ལྟ་བ་མཆོག་ཏུ་འཛིན་པས་ཀྱང་མཆོག་ཏུ་འཛིན་ཏོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ཀྱང་རྒྱུ་མ་ཡིན་པ་སྟེ་རྒྱུར་འཛིན་ཏོ། །ཐེ་ཚོམ་གྱིས་ནི་སོམ་ཉི་ཟ་ལ།
མ་རིག་པས་རྨོངས་ཏེ། དེ་བཞིན་དུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཅི་རིགས་པར་རིག་པར་བྱའོ། །འདི་ནི་ངེས་པ་ཡིན་ཏེ། འདོད་པའི་ཁམས་དང་བསམ་གཏན་བཞི་པ་ན་ནི་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཡོད་དོ། །བསམ་གཏན་གསུམ་པ་ན་ནི་གཉི་གའོ། །སྲིད་པའི་
เล่ม ๑๔๕ · หน้า 104a
རྩེ་མོ་མ་གཏོགས་པའི་ས་ལྷག་མ་རྣམས་ན་ནི་སྐལ་བ་མི་མཉམ་པའི་ས་ཀུན་དུ་འགྲོ་བ་རྣམས་ཡོད་དོ། །སྲིད་པའི་རྩེ་མོ་ན་ནི་གཉི་ག་ཡང་མེད་དེ་ཁམས་དང་ས་གཞན་མེད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་རེ་རེ་དང་། བསྡོམས་པ་དེ་དག་གིས་
དམིགས་པ་ཡིན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་བསྟན་བཅོས་ཁུངས་སུ་སྨྲས་པ་ནི་འདོད་པ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཉིད་ཡིན་པ་མི་བཟོད་ནས་གང་གི་ཚེ་འདོད་པའི་ཁམས་ན་གནས་
པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདག་དང་བདག་གིར་མི་འཛིན་པའི་ཕྱིར་དང་ཞེས་བྱ་བ་ལ། ས་དང་ཁམས་གཞན་དུ་སྐྱེས་པ་ལ་ནི་ས་དང་ཁམས་གཞན་གྱི་ཕུང་པོ་དག་ལ་བདག་གོ་སྙམ་པའི་ལྟ་བ་མི་འཐད་དེ། ལུས་གཉིས་ཁས་བླངས་པ་མི་སྲིད་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ཡོད་ན་བདག་
གིར་འཛིན་པར་འགྱུར་བའི་ཕྱིར་བདག་གིར་ལྟ་བ་ཡང་མི་འཐད་དེ། འཇིག་ཚོགས་ལ་ལྟ་བའི་རྗེས་སུ་འབྲང་བའི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་དེའི་ཡུལ་ཅན་དུ་མི་རུང་སྟེ། ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་ཞེས་འཆད་པར་འགྱུར་རོ། །འོ་ན་འདི་ལྟ་བ་གང་ཞིག་ཡིན་ཞེས་བྱ་བ་ལ།
གལ་ཏེ་ཕུང་པོ་དག་ལ་བདག་གི་རྣམ་པ་དང་། རྟག་པའི་རྣམ་པར་ཞུགས་ཀྱང་། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་ཡིན་ན་འོ་ན་གང་ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། རྟག་པར་ལྟ་བ་འདི་ནི་ལྟ་བ་གང་ཡིན་ཞེ་ན། འདི་ནི་ལྟ་བ་མ་ཡིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ནི་
འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་པའི་ལོག་པའི་ཤེས་པ་ཡིན་གྱི་ལྟ་བ་ནི་མ་ཡིན་ཏེ། ལོག་པར་དམིགས་པའི་ཤེས་རབ་ཐམས་ཅད་ནི་ལྟ་བར་མི་འདོད་དོ། །འདི་ལྟར་འདོད་པའི་ཁམས་ན་གནས་པ་ནི་འདི་སྙམ་དུ་བདག་ཚངས་པའོ། །བདག་གི་ཚངས་པའོ་སྙམ་དུ་མི་སེམས་ཏེ། དེའི་ཕྱིར་འཇིག་
ཚོགས་ལ་ལྟ་བ་ནི་གོང་མ་ལ་དམིགས་པ་མ་ཡིན་ནོ། །མཐར་འཛིན་པའི་ལྟ་བར་ཡང་མི་རིགས་ཏེ། དེ་ནི་འཇིག་ཚོགས་ལ་ལྟ་བས་ཀུན་ནས་བསླང་བའི་ཕྱིར་རོ། །དེའི་རྣམ་པ་ཅན་གྱི་ལྟ་བ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་དག་དང་ནི་ལྷན་ཅིག་གང་། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྲ་རྒྱས་ཀུན་
เล่ม ๑๔๕ · หน้า 104b
དུ་འགྲོ་བ་དག་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་དང་། སྐྱེ་བ་ལ་སོགས་པ་གང་དག་ཡིན་པའི་ཆོས་དེ་དག་ཀྱང་ཀུན་དུ་འགྲོ་བ་ཡིན་ཏེ། དེ་དག་དང་འབྲས་བུ་གཅིག་པའི་ཕྱིར་རོ། །ཕྲ་རྒྱས་དག་དང་ལྷན་ཅིག་འབྱུང་ཡང་འཐོབ་པ་དག་ནི་མ་ཡིན་ཏེ། དེ་དག་དང་འབྲས་བུ་གཅིག་པ་མ་ཡིན་པའི་
ཕྱིར་རོ། །སྔར་མཛོད་ཀྱི་གནས་གཉིས་པར་འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་གཅིག་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལྷན་ཅིག་འབྱུང་བ་དག་ཀྱང་ཀུན་དུ་འགྲོ་བར་བཞག་པ་སྟེ། དེའི་ཕྱིར་མུ་བཞིར་བྱའོ། །མུ་དང་པོ་ནི་མ་འོངས་པའི་ཕྲ་རྒྱས་ཀུན་
དུ་འགྲོ་བ་རྣམས་ཏེ། འདི་དག་ནི་དེའི་རང་བཞིན་ཡིན་པའི་ཕྱིར་ཀུན་དུ་འགྲོ་བ་ཡིན་གྱི། ཀུན་དུ་འགྲོ་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །གཉིས་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ལྷན་ཅིག་འབྱུང་བ་རྣམས་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་དང་། སྐྱེ་བ་ལ་སོགས་པ་དག་སྟེ། དེ་དག་
ནི་ཀུན་དུ་འགྲོ་བའི་རྒྱུས་རྒྱུ་ཡིན་གྱི་ཀུན་དུ་འགྲོ་བའི་ཕྲ་རྒྱས་ནི་མ་ཡིན་ཏེ། ཕྲ་རྒྱས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་དག་ནི་སྦྱར་བར་བྱའོ་ཞེས་བྱ་བ་ལ། མུ་གསུམ་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་ཏེ། དེ་དག་ནི་ཀུན་དུ་འགྲོ་བའི་ཕྲ་རྒྱས་ཀྱང་ཡིན་
ལ། ཀུན་དུ་འགྲོ་བའི་རྒྱུས་རྒྱུ་ཡང་ཡིན་ནོ། །མུ་བཞི་པ་ནི་དེ་དག་དང་ལྷན་ཅིག་འབྱུང་བ་མ་འོངས་པ་རྣམས་དང་། ཆོས་གཞན་རྣམས་ཏེ་ཀུན་དུ་འགྲོ་བའི་ཕྲ་རྒྱས་ཀྱང་མ་ཡིན་ལ། ཀུན་དུ་འགྲོ་བའི་རྒྱུས་རྒྱུ་ཡང་མ་ཡིན་ནོ། །འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ཞེས་
བྱ་བ་འབྱུང་ངོ་། །དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་བྱ་བ་ལ། །དེ་དག་དང་སྟེ་ལོག་པར་ལྟ་བ་དང་ཐེ་ཚོམ་གཉིས་དང་མཚུངས་པར་ལྡན་པ་གང་ཡིན་པ་དང་། མ་འདྲེས་པའི་མ་རིག་པ་གང་ཡིན་པ་དེ་ནི་མ་རིག་པའི་ཕྲ་རྒྱས་ཏེ་གཅིག་གོ། །དེ་ལྟར་ན་དེ་དག་ནི་ཁམས་དང་ཁམས་ན་ཟག་
པ་མེད་པ་ལ་དམིགས་པ་དྲུག་ཡིན་པས་བཅོ་བརྒྱད་དུ་འགྱུར་རོ། །ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ་ཞེས་བཤད་ཀྱི། ཇི་ལྟར་ཟག་པ་མེད་པ་གང་ལ་དམིགས་པ་མ་བཤད་པས་དེའི་ཕྱིར། རང་གི་ས་པའི་འགོག་པ་དང་ཞེས་བྱ་བ་ལ་སོགས་པ་འདི་བརྗོད་དེ། རང་གི་ས་པའི་ཉོན་མོངས་པ་ལ་
เล่ม ๑๔๕ · หน้า 105a
སོགས་པའི་ཆོས་ཀྱི་འགོག་པ་ཡིན་གྱི། རང་གི་ས་པའི་འགོག་པ་ནི་འགའ་ཡང་མེད་དེ། དེའི་ཕྱིར་དགག་པར་བྱ་བའི་དབང་གིས་དེ་སྐད་དུ་བརྗོད་དོ། །དེའི་སྤྱོད་ཡུལ་ཅན་གྱི་ཞེས་བྱ་བ་ལ། ལོག་པར་ལྟ་བ་ལ་སོགས་པ་དེ་དག་ལ་འགོག་པ་དང་ལམ་དེ་གཉིས་སྤྱོད་
ཡུལ་ཏེ། དམིགས་པར་ཡོད་པས་ན་དེ་དག་ནི་དེའི་སྤྱོད་ཡུལ་ཅན་ནོ། །དེ་ལས་གོ་རིམས་བཞིན་དུ་གསུམ་གྱི་སྤྱོད་ཡུལ་ཏེ། དམིགས་པ་ནི་རང་སའི་འགོག་པ་སྟེ་བདག་གི་ས་པའི་འགོག་པ་ཡིན་ལ་གསུམ་གྱི་ཡུལ་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་དང་། ས་དགུའི་རྗེས་སུ་
ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཡིན་ཏེ། ལོག་པར་ལྟ་བ་ལ་སོགས་པའི་ཞེས་བྱ་བར་སྦྱར་རོ། །ས་དྲུག་གི་ཞེས་བྱ་བ་ལ། ས་དྲུག་ནི་བསམ་གཏན་བཞི་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ནོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ལ། འདོད་པའི་སྡུག་
བསྔལ་ལ་སོགས་པའི་ལམ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བའོ། །ཐམས་ཅད་ཡིན་ཏེ་ཞེས་བྱ་བ་ལ། ཐམས་ཅད་སྨོས་པ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་ཡང་བསྡུ་བར་བྱ་བའི་ཕྱིར་ཏེ། ས་དྲུག་པ་ཡང་ཞེས་བྱ་བར་རྟགས་སོ། །
དེ་ཉིད་ཀྱི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་ཡང་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་ཡིན་ཞེ་ན། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་བཤད་
པར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ས་བརྒྱད་པོ་རྣམས་ཀྱི་སྟེ། ལོག་པར་ལྟ་བ་ལ་སོགས་པ་རྣམས་ཀྱིའོ། །ས་བརྒྱད་ནི་བསམ་གཏན་བཞི་དང་གཟུགས་མེད་པ་བཞིའོ། །ས་དགུའི་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་ས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སའི་བར་གྱིའོ། །ཐམས་
ཅད་ཅེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོའི་ལམ་མོ། །ཡང་ཅིའི་ཕྱིར་དེ་དག་གི་སྤྱོད་ཡུལ་ཅན་རྣམས་ཀྱི་དམིགས་པ་འགག་པ་ནི་རང་གི་ཁམས་ཁོ་ན་ཡིན་ལ། ལམ་ནི་ས་དྲུག་པའམ། ས་དགུ་པ་ཡང་དེ་དག་གི་དམིགས་པ་ཡིན་ཞེ་ན། དེ་ལ་གཏན་ཚིགས་བསྟན་པ་ནི་ལམ་
เล่ม ๑๔๕ · หน้า 105b
ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །མི་ལྕོགས་པ་མེད་པའི་ལམ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སའི་བར་གྱི་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ཏེ། ཇི་སྐད་དུ། ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བཤད་པ་ལྟ་བུའོ། །འདི་ལྟར་ས་དྲུག་པའམ། དགུ་པ་
ཡིན་པ་གང་རུང་ཅིག་ལ་སྐུར་པ་བཏབ་ན་ཐམས་ཅད་ལ་སྐུར་པ་བཏབ་པ་བྱས་པར་འགྱུར་ལ། གཅིག་ལ་ཐེ་ཚོམ་མི་ཟ་འམ་རྨོངས་ན་ཐམས་ཅད་ལ་ཐེ་ཚོམ་ཟ་འམ་རྨོངས་པར་འགྱུར་རོ། །དེ་ལྟར་ན་འོ་ན་ནི་རྗེས་སུ་དྲན་པའི་ཕྱོགས་དང་མཐུན་པའི་ལམ་ཡང་། འདོད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ལ་
སོགས་པ་ལམ་ལ་དམིགས་པ་རྣམས་ཀྱི་དམིགས་པར་འགྱུར་ལ། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱད་པ་རྣམས་ཀྱི་དམིགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གལ་ཏེ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ཀྱང་ཕན་ཚུན་རྒྱུ་ཡིན་མོད་ཀྱི་རྗེས་སུ་ཤེས་པ་འདོད་
པའི་ཁམས་ཀྱི་གཉེན་པོ་ནི་མ་ཡིན་པས་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ལམ་ཕན་ཚུན་དུ་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་། ལོག་པར་ལྟ་བ་ལ་སོགས་པ་རྣམས་ནི་རང་གི་ཁམས་ཀྱི་གཉེན་པོ་ཁོ་ན་ལ་དམིགས་པ་ཡིན་ནོ། །འོ་ན་ནི་ཆོས་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རང་གི་
ཁམས་ཀྱི་གཉེན་པོས་ངེས་པར་བྱས་པ་ཡིན་ན་ནི་སྙམ་དུ་བསམས་པའོ། །མཐའ་དག་ཀྱང་གཉེན་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་བྱེ་བྲག་འདི་ནི་མཐའ་དག་དང་མཐའ་དག་མ་ཡིན་པ་ཉིད་ཀྱི་གཉེན་པོ་བྱས་པ་ཡིན་ཏེ། ཆོས་ཤེས་པ་དེ་མཐའ་དག་ནི་གཉེན་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་ཀུན་
འབྱུང་ལ་ཆོས་ཤེས་པ་དག་དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ས་པ་སྡུག་བསྔལ་ལ་ཆོས་ཤེས་པའམ། ཀུན་འབྱུང་ལ་ཆོས་ཤེས་པ་ནི་ཁམས་གསུམ་པའི་གཉེན་པོར་གྱུར་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ལ་སོགས་པ་རྣམས་ནི་ཆོས་
ཤེས་པ་ལ་དམིགས་པ་མ་ཡིན་ནོ། །གཞན་ཡང་མཐའ་དག་གི་ཡང་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆོས་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པ་མཐའ་དག་གི་གཉེན་པོ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རོ། མཐོང་བའི་ལམ་ལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด