ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๕ · หน้า 158a

ཡིད་ལ་བྱེད་པར་རྫོགས་པ་ནི་དེ་ཁོ་ན་ལྟར་སྨིན་མའི་བར་དུ་སེམས་འཛིན་པར་བྱེད་པའི་བར་དུ་ཡིན་ནོ། །དེ་ལྟར་བྱས་ན་མུ་བཞིའི་དྲི་བ་འབྱུང་ངོ་། །ཡིད་ལ་བྱེད་པ་སྦྱང་བ་བྱས་པ་དང་། སྦྱང་བ་མ་བྱས་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་མི་སྡུག་པ་

རང་གི་ལུས་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཆུང་བ་ཡིན་གྱི། དབང་ཆུང་བས་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རྒྱ་མཚོའི་མཐས་ཀླས་པའི་བར་ལ་དམིགས་པ་ནི་དབང་ཆུང་བས་ཆུང་བ་ཡིན་གྱི། དམིགས་པ་ཆུང་བས་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རང་གི་ལུས་

ལ་དམིགས་པ་ནི་དམིགས་པ་ཆུང་བས་ཀྱང་ཆུང་ལ་དབང་ཆུང་བས་ཀྱང་ཆུང་བ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་རྒྱ་མཚོའི་མཐས་ཀླས་པའི་བར་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཆུང་བ་ཡང་མ་ཡིན་ནོ། །ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་ཞེས་བྱ་བ་ནི་ཉེར་བསྡོགས་

དང་བསམ་གཏན་ཁྱད་པར་ཅན་དང་ལྷན་ཅིག་གནས་པ་ནི་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་དག་སྟེ། བསམ་གཏན་བཞིའོ། །དེ་ལྟར་ན་ཉེར་བསྡོགས་བཞི་དང་། བསམ་གཏན་བཞི་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་ཏེ་ས་བཅུར་འགྱུར་རོ། །གཟུགས་

མེད་པ་ན་སྤྱོད་པའི་སེམས་ལ་ཡོད་པ་ནི་མ་ཡིན་ཏེ། འདོད་པའི་སྣང་བ་དམིགས་པ་ཡིན་པའི་ཕྱིར་ཏེ། གཟུགས་མེད་པ་དག་ནི་འདོད་པའི་ཁམས་ལ་དམིགས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །དེ་ལྟ་ཡིན་དང་དེ་ནི་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །

དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པ་ཞེས་བྱ་བ་ལ་གང་ལ་ཞེ་ན། འདོད་པ་ན་སྤྱོད་པའི་སྣང་བ་ལ་དམིགས་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་འགྲོ་བ་གཞན་དུ་ཡང་མ་ཡིན་ན། ཁམས་གཞན་དུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཕགས་པའི་ལམ་གྱི་རྒྱུ་ཡིན་པའི་ཕྱིར་འདི་ཁོ་ན་ངེས་པ་ལ་འཇུག་པ་ཡོད་

པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་ཞེས་སྤྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བའོ། །བྱང་གི་སྒྲ་མི་སྙན་དུ་མ་ཡིན་པ་ནི་དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང་། དེ་ཡང་འདོད་ཆགས་དང་བྲལ་བའི་ཐབས་ཡིན་པའི་ཕྱིར་རོ། །ཐོག་མ་མི་

เล่ม ๑๔๕ · หน้า 158b

རྣམས་ཀྱི་ནང་ཁོ་ནར་སྐྱེད་ལ། སྔར་བསྐྱེད་པ་ནི་ལྷ་རྣམས་ཀྱི་ནང་དུ་མངོན་དུ་བྱེད་པ་ཡིན་ནོ། །དུས་གང་ཡིན་པའི་དེའི་དུས་ལ་དམིགས་སོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་འདས་པའི་དམིགས་པ་ནི་འདས་པ་ཡིན་པ་ནས་དེ་བཞིན་དུ་ད་ལྟར་བྱུང་བའི་དམིགས་པ་ད་ལྟར་བྱུང་བའི་བར་དུ་ཡིན་ནོ། །

མ་སྐྱེ་བའི་ཆོས་ཅན་གྱི་ཡུལ་ནི་དུས་གསུམ་ཡིན་ནོ། །མ་འོངས་པ་ནི་གདོན་མི་ཟ་བར་འབྱུང་བ་མ་ཡིན་ལ། ངེས་པར་ཡོད་པ་ཡང་མ་ཡིན་ནོ། །དེ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་དམིགས་པ་ལ་ངེས་པ་ཡིན་གྱི། རྫས་དང་དུས་ཀྱི་སྐད་ཅིག་ལ་ངེས་པ་མ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཟག་

པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི། ཟག་པ་མེད་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་ནོ། །འདྲིས་པ་དང་མ་འདྲིས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་འདྲིས་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །མ་འདྲིས་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་

བ་ན་འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་འཐོབ་པའོ། །འཕགས་པའི་རྒྱུད་ལ་ཡོད་པ་ནི་མ་འདྲིས་པའི་ཕྱིར་སྦྱོར་བ་ལས་བྱུང་བའོ། །དབུགས་རྔུབ་དབུགས་འབྱུང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་གཉིས་ཞེས་བྱ་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གཉིས་སོ། །དེ་དག་ལ་དམིགས་པའི་

དྲན་པ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པའོ། །དྲན་པ་ཉེ་བར་གཞག་པ་བཞིན་ཏེ་ཞེས་བྱ་བ་ལ་ཇི་ལྟར་ཤེས་རབ་ཀྱི་རང་བཞིན་ཡིན་བཞིན་དུ་དྲན་པའི་སྟོབས་སྐྱེད་པར་འཇུག་པའི་ཕྱིར་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་དག་ཏུ་བརྗོད་པ་དེ་བཞིན་དུ་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཤེས་རབ་ཀྱི་རང་

བཞིན་ཡིན་བཞིན་དུ་དྲན་པའི་སྟོབས་སྐྱེད་པས་འཇུག་པའི་ཕྱིར་དབུགས་རྔུབ་དང་འབྱུང་བ་དྲན་པ་ཞེས་བྱའོ། །ཤེས་རབ་ཀྱིས་ནི་ཆོས་རྣམས་སྡོམ་པར་བྱེད་པ་ཡིན་ནོ། །ཉེར་བསྡོགས་གསུམ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ཉེར་བསྡོགས་དག་གོ། །ཅིའི་ཕྱིར་དངོས་གཞི་

དག་ན་མ་ཡིན་ཞེ་ན། བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་ལྟར་བསམ་གཏན་དང་པོའི་ཉེར་བསྡོགས་ལ་སོགས་པ་དག་ན་ཚོར་བ་བཏང་སྙོམས་ཡོད་ལ། བསམ་གཏན་བཞི་པའི་ཉེར་བསྡོགས་ན་དབུགས་རྔུབ་པ་དང་། འབྱུང་བ་ཡོད་པ་མ་ཡིན་པ་ཉིད་དོ། །ཡང་ཅིའི་ཕྱིར་

เล่ม ๑๔๕ · หน้า 159a

འདི་ལྟར་བཏང་སྙོམས་དང་མཚུངས་པར་ལྡན་པ་ཉིད་ཁོ་ནར་ངེས་པར་གཟུང་ཞེ་ན་དེའི་ཕྱིར། རྣམ་པར་རྟོག་པ་དང་མཐུན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་གཉེན་པོ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་དབུགས་རྔུབ་པ་འབྱུང་བ་དྲན་པའི་མཚན་ཉིད་དོ། །

དེ་དག་དང་མཚུངས་པར་མི་ལྡན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དག་དང་ངོ་། །བསམ་གཏན་གཉིས་པའི་ཡིད་བདེ་བ་དང་། བསམ་གཏན་གསུམ་པའི་བདེ་བ་རྟོགས་པ་མེད་པ་དང་མཚུངས་པར་ལྡན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བདེ་བ་དང་ཡིད་བདེ་བ་དག་ཀྱང་གཏོད་པ་ལ་བར་ཆད་བྱེད་པའི་

ཕྱིར་ཞེས་བྱ་བ་སྨོས་ཏེ། །གཟོ་བའི་དགྲ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་དང་། དབུགས་རྔུབ་པ་དང་འབྱུང་བ་དེ་ཡང་གཏོད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། གཟོ་བས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ནི་གཟོ་བས་བསྒྲུབ་པར་

བྱ་བ་ཡིན་ལ། དབུགས་རྔུབ་པ་དང་འབྱུང་བ་བསྡོམས་པ་དང་། གཏོད་པ་དང་། གཟོ་བ་དང་། ལྷུར་ལེན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་དག་གི་ལྟར་ན་ས་བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་གསུམ་གྱི་ས་པ་གཟུང་སྟེ། ཡན་ཆད་ནི་དབུགས་རྔུབ་པ་དང་། འབྱུང་བའི་ས་མ་ཡིན་པའི་

ཕྱིར་རོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེ་ན་རྟོག་པ་མང་བའི་ཕྱིར་རོ། །སྦྱོར་བ་ལས་འབྱུང་བ་ནི་སྦྱོར་བས་ཐོབ་པ་ཡིན་ལ། འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་

ཁོ་ནའི་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ལ་ཆོས་འདི་ཡོད་པ་དེ་དག་ནི་ཆོས་འདི་པ་ཡིན་ནོ། །ཕྱི་པའི་ནི་མ་ཡིན་ཏེ། བདག་ཏུ་འཛིན་པ་དང་འགལ་བའི་ཕྱིར་དང་། ཟབ་པའི་ཕྱིར་རོ། །བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་ཞེས་བྱ་བ་ལ་ཟབ་པ་ཉིད་ནི་རྒྱུ་དྲུག་དང་ལྡན་པའི་ཕྱིར་

རོ། །ལུང་མེད་པར་ནི་བགྲང་བ་ཙམ་ཡང་མི་ཤེས་ན། རྗེས་སུ་འགྲོ་བ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། ལུས་དང་སེམས་རྣལ་དུ་བཞག་སྟེ་ཞེས་བྱ་བ་ནི་ལུས་དང་སེམས་མངོན་པར་འདུ་མི་བྱེད་པ་སྟེ། ལུས་གློད་པ་དང་སེམས་གློད་པ་ཡིན་ནོ། །སྔར་འཇུག་པ་བགྲང་བར་བྱ་ལ། ཕྱིས་འབྱུང་

เล่ม ๑๔๕ · หน้า 159b

བ་བགྲང་བར་བྱ་སྟེ། སྐྱེ་བ་ལ་སྔར་འཇུག་ལ། འཆི་བ་ལ་ཕྱིས་འབྱུང་ངོ་ཞེས་དེ་ལྟར་སྐྱེ་བ་དང་། འཆི་བ་རྟོགས་པ་ལས་མི་རྟག་པ་ལ་འདྲིས་པར་བྱས་པར་འགྱུར་རོ། །རླུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི་འོག་ཏུ་རྗེས་སུ་འགྲོ་བའོ། །འཐོར་བྱེད་ཀྱི་རླུང་གི་བར་ཞེས་བྱ་བ་ནི་གྱེན་དུ་རྗེས་སུ་འགྲོ་བའོ། །དེ་ཁོ་

ན་ཡིད་ལ་བྱེད་པའི་ཕྱིར་མི་རིགས་སོ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་བྱ་བ་སྟེ། དབུགས་རྔུབ་པ་དང་འབྱུང་བ་ནི་དེ་ལྟར་རིང་བར་མི་རྒྱུ་བའི་ཕྱིར་རོ། །ཅི་ཕན་འདོགས་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་དག་ཅིག་ཅེས་བྱ་བ་

འབྱུང་ངོ་། །དེ་དག་ལ་བརྟེན་ལ་སེམས་དང་སེམས་ལས་བྱུང་བ་དག་ཅེས་བྱ་བ་ནི་དེ་ལ་རག་སྟེ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་མཆོག་གི་བར་དུ་ཞེས་བྱ་བས་ནི་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ་ཞེས་སྟོན་ཏོ། །མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ་ཞེས་བྱ་བ་ལ་སོགས་པ་ཞེས་

བྱ་བ་སྨོས་པ་ནི་བསྒོམ་པ་དང་མི་སློབ་པའི་ལམ་གཟུང་བར་བྱ་བའི་ཕྱིར་རོ། །རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ལ་འདིར་ཡང་སོགས་པ་ཞེས་བྱ་བ་སྨོས་པས་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་གཟུང་སྟེ། གོས་དྲི་མ་དང་འབྲེལ་པ་ལྟར་དག་པ་མེད་པས་ལྷག་མ་

དང་བཅས་པ་ནི་དག་པ་ཡིན་པར་མི་འོས་པའི་ཕྱིར་རོ། །ལུས་ས་གང་བ་ཡིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་གསུམ་པའི་ས་པའི་བར་ཏེ། དབུགས་རྔུབ་པ་དང་འབྱུང་བ་ནི་དེ་དག་གི་ས་པ་ཁོ་ན་ཡིན་ཏེ། གཞན་གྱི་ས་པ་ནི་སྙོམས་པར་ཞུགས་པའི་དམིགས་པ་མ་ཡིན་ནོ། །ལུས་ཀྱི་

ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པ་སྟེ། འདི་ལྟར་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ནི་རང་གི་ལུས་ཀྱི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་དམིགས་པ་ཡིན་གྱི། གཞན་གྱི་ལུས་ཀྱི་དབུགས་རྔུབ་པ་དང་དབུགས་འབྱུང་

བ་ལ་དམིགས་པ་ནི་མ་ཡིན་ནོ། །ལུས་དང་སེམས་ཁྱད་པར་ཅན་ལ་བརྟེན་ནས་ཞེས་བྱ་བ་འབྱུང་ངོ་། །གཟུགས་མེད་པ་ན་ནུར་ནུར་པོ་ལ་སོགས་པར་གྱུར་པ་རྣམས་ལ་མེད་པའི་ཕྱིར་ཞེས་བྱ་བ་ལ་གཟུགས་མེད་པ་རྣམས་ལ་ནི་རེ་ཞིག་གཟུགས་ཉིད་ཡོད་པ་མ་ཡིན་པས་ལུས་ལ་བརྟེན་པ་སྨོས་སོ། །ནུར་ནུར་པོ་ལ་སོགས་

เล่ม ๑๔๕ · หน้า 160a

པར་གྱུར་པ་རྣམས་ལ་ལུས་ཡོད་མོད་ཀྱི། སྦུབས་ཅན་མ་ཡིན་པས་ལུས་ཁྱད་པར་ཅན་ལ་བརྟེན་པ་སྨོས་སོ། །སེམས་མེད་པའི་སྙོམས་པར་འཇུག་པའི་ས་ལ་སྙོམས་པར་ཞུགས་པ་རྣམས་ལ། སེམས་ཉིད་ཡོད་པ་མ་ཡིན་པ་སེམས་ལ་བརྟེན་པ་སྨོས་སོ། །བསམ་གཏན་

བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་སེམས་ཡོད་མོད་ཀྱི། དབུགས་རྔུབ་པ་དང་འབྱུང་བའི་རྟེན་མ་ཡིན་པས་སེམས་ཁྱད་པར་ཅན་ལ་བརྟེན་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་གལ་ཏེ་ལུས་ཀྱང་སྦུབས་ཡོད་པ་ཡིན་ལ། དབུགས་རྔུབ་པ་དང་དབུགས་འབྱུང་བའི་ས་པའི་སེམས་ཀྱང་མངོན་སུམ་དུ་གྱུར་ན།

དེ་ལྟར་ན་འཇུག་གོ་ཞེས་བྱ་བ་སྨོས་སོ། །སྐྱེ་བ་ཞེས་བྱ་བ་ནི་མངལ་ནས་འབྱུང་བའོ། །སེམས་ཅན་ཞེས་བྱ་བ་ནི་ཐོབ་པ་དང་མ་ཐོབ་པ་དང་ལྡན་པའི་ཕྱིར་དང་། རྒྱུད་དུ་སྒྲོ་བཏགས་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུས་བསྐྱེད་ཅེས་བྱ་བའི་དོན་ཏོ། །ལུས་རྒྱས་པར་

འགྲིབ་པར་འགྱུར་བའི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་ལ། ཆད་ནས་ཉིང་མཚམས་སྦྱོར་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་གཟུགས་ལ་ནི་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི་བཅད་ནས་ཡང་ཉིང་མཚམས་འབྱོར་པའོ། །འོག་མའི་ཡིད་ཀྱིས་དེ་ཉིད་མི་རྟོགས་སོ་ཞེས་བྱ་

བ་ལ་འདོད་པའི་ཁམས་སུ་སྐྱེས་པ་ནི་སེམས་བཞིས་རྟོགས་ལ། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པ་རྣམས་ནི་གོ་རིམས་བཞིན་དུ་སེམས་གསུམ་དང་གཉིས་དང་གཅིག་གིས་རྟོགས་སོ། །ས་འོག་མའི་སྤྲུལ་པའི་སེམས་ནི་བསམ་གཏན་དང་པོར་སྐྱེས་པ་ལ་སོགས་པས་མངོན་དུ་བྱེད་ལ་སྤྱོད་

ལམ་པའི་སེམས་ནི་བསམ་གཏན་གཉིས་པར་སྐྱེས་པས་མངོན་དུ་བྱེད་པས་དེའི་ཕྱིར་འོག་མའི་སྤྱོད་ལམ་པ་དང་། སྤྲུལ་པའི་སེམས་ཀྱིས་མི་རྟོགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡིན་དང་རེ་ཞིག་སྤྲུལ་པ་དང་སྤྱོད་ལམ་པའི་སེམས་འོག་མ་པས་གོང་མར་སྐྱེས་པས་མངོན་དུ་བྱེད་པ་གང་ཡིན་པ་དེས་ཀྱང་མི་རྟོགས་ན་

དགེ་བ་དང་ཉོན་མོངས་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །ཞེས་བྱ་བའོ། །དེ་གཉིས་ཀྱི་ཏིང་ངེ་འཛིན་ཐོབ་ནས་ཞེས་བྱ་བ་ནི། མི་སྡུག་པ་དང་། དབུགས་རྔུབ་པ་དང་འབྱུང་

เล่ม ๑๔๕ · หน้า 160b

བས་ཏིང་ངེ་འཛིན་ཐོབ་ནས་སོ། །ཞི་གནས་གྲུབ་པར་གྱུར་པ་ཡིས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྲུབ་པའོ། །ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི། ཤེས་རབ་བསྒྲུབ་པར་བྱ་བའི་ཕྱིར། །ཞེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་སྐྱེས་ཀྱང་ཤེས་རབ་མེད་པར་ཉོན་མོངས་པ་སྤོང་བ་མ་ཡིན་ཏེ། ཉོན་

མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་ལྷག་མཐོང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མདོ་ལས་ཏེ། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་

སོ། །དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞིའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ་ཞེས་བྱ་བ་ལ་དེ་དག་གི་རང་གི་མཚན་ཉིད་ནི་ཞེས་བྱ་བ་ནི་ལུས་ལ་སོགས་པ་དེ་དག་གི་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དང་།

ཉམས་སུ་མྱོང་བ་ཉིད་ལ་སོགས་པའོ། །ལུས་ཀྱི་སྒྲ་ནི་དབང་པོ་ལ་སོགས་པ་དག་པ་ལ་ཡང་འཇུག་པས་དེའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །གསུམ་ལས་གཞན་པ་དག་ནི་ཆོས་སོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་རྣམས་ལས་གཞན་པའི་འདུ་བྱེད་དང་འདུ་ཤེས་ལ་སོགས་

པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །རྡུལ་ཕྲ་རབ་དང་ཞེས་བྱ་བ་ལ། ཐམས་ཅད་ལ་དེར་མཐོང་བ་ཡོད་པ་མ་ཡིན་པས་གྲག་གོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཤེས་རབ་ཀྱི་འགྲེལ་པ་དང་དམིགས་པའི་དངོས་པོ་ལ་མི་ལྟོས་པར་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་

ཡིན་པར་བརྗོད་དོ། །ཐོས་སོགས་ལས་བྱུང་བའོ་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་རྣམས་སྦྱོར་བ་ལས་བྱུང་བ་ཡིན་པའི་ཕྱིར། སྐྱེ་བས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་ཤེས་རབ་རྣམ་པ་གསུམ་དྲན་པ་ཉེ་བར་གཞག་པ་ཡིན་ཞེ་ན། དྲན་པ་ཉེ་བར་གཞག་པ་ཡང་གསུམ་སྟེ་ཞེས་བྱ་བ་སྨོས་སོ། །གཞན་ནི་འབྲེལ་

དང་དམིགས་པ་ལས། །ཞེས་བྱ་བ་ལ་ཅི་ཞེ་ན། དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། འབྲེལ་པ་ལས་དང་། དམིགས་པ་ལས་སོ། །ཇི་ལྟ་ཞེ་ན། གཞན་དེ་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་སྨོས་ཏེ། ཤེས་རབ་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་པ་རྣམས་སོ། །སེམས་དང་ཚོར་བ་ལ་སོགས་པ་

เล่ม ๑๔๕ · หน้า 161a

རྣམས་སོ་ཞེས་ཅི་སྟེ་མ་སྨྲས་ཤེ་ན། སེམས་དང་ཚོར་བ་གཉིས་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཕྱིར་རོ། །ཇི་ལྟར་གཞན་དག་ལ་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་བརྗོད་ཅེ་ན། མདོ་ལས་ཏེ། དགེ་སློང་དག་ཆོས་ཐམས་ཅད་ཅེས་བྱ་བ་འདི་ནི་དྲན་པ་

ཉེ་བར་གཞག་པ་བཞིའི་ཚིག་བླ་དགས་སོ་ཞེས་འབྱུང་བའི་ཕྱིར་རོ། །འབྲེལ་པས་དྲན་པ་ཉེ་བར་གཞག་པ་ནི་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་སྟེ། རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་པའི་ཕྱིར་རོ། །དེ་དག་གི་དམིགས་པ་ནི་ཞེས་བྱ་བ་ལ། ཤེས་རབ་དང་དེ་དང་ལྷན་ཅིག་འབྱུང་བ་དེ་དག་གི་

དམིགས་པ་ལུས་ལ་སོགས་པ་དག་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའོ་ཞེས་གྲག་གོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་ལྟ་བ་ཉིད་དྲན་པ་ཉེ་བར་གཞག་པ་ཡིན་པས། རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པའོ། །དེས་དེ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་དོ་ཞེས་བྱ་

བ་ནི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་རྗེས་སུ་ལྟ་བར་བྱེད་པ་ན་རྗེས་སུ་ལྟ་བ་ཞེས་བྱ་བའོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་རྗེས་སུ་ལྟ་བ་སྟེ། ལྟ་བ་ཤེས་རབ་ཡོད་པས་ན་རྗེས་སུ་ལྟ་བ་ལ་སོགས་པ་སྟེ། འདི་ནི་མདོ་ལས་འདོན་པ་

གཞན་བསྟན་པའོ། །དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། སྟོབས་བསྐྱེད་པ་ནི་སྟོབས་བསྐྱེད་པའོ། །དྲན་པའི་སྟོབས་བསྐྱེད་པ་ནི་དྲན་པའི་སྟོབས་བསྐྱེད་པའོ། །ཤེས་རབ་འདི་ལ་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཡོད་པས་ན། དེ་དྲན་པའི་སྟོབས་བསྐྱེད་པས་འཇུག་པའོ། །

དེའི་དངོས་པོ་ནི་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཉིད་དེ་དེའི་ཕྱིར་རོ། །ཤིང་གཤེགས་པ་ཁྱེའུས་འཛིན་པ་ལྟར་ཞེས་བྱ་བ་ནི། དཔེར་ན་ཤིང་གཤེགས་པའི་ཁྱེའུས་འཛིན་པ་བཞིན་ནོ་ཞེས་བྱ་བའོ། །གལ་ཏེ་དྲན་པས་དམིགས་པ་བཟུང་ན་དེ་ལྟ་ན་ཤེས་རབ་ཀྱིས་རབ་ཏུ་ཤེས་ཏེ། དེའི་དེ་ལྟ་ན་དྲན་པ་

ཉེ་བར་གནས་པས་ཤེས་རབ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །འདི་ལྟར་ན་རུང་སྟེ་ཞེས་བྱ་བ་ནི་བྱེད་པར་བསྒྲུབ་པའི་དབང་དུ་བྱས་པ་སྟེ་དེ་ཉིད་ཀྱི་ཕྱིར་འདིས་དྲན་པ་ཉེ་བར་འཇོག་པས་ན་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཤེས་རབ་ཀྱིས་དྲན་པ་ཉེ་བར་འཇོག་ཅེ་ན། དེའི་ཕྱིར་ཇི་ལྟར་མཐོང་བ་མངོན་པར་བརྗོད་པའི་ཕྱིར་རོ་ཞེས་

เล่ม ๑๔๕ · หน้า 161b

བྱ་བ་སྨོས་ཏེ་བསམ་པ་ནི་དྲན་པ་ཉིད་ཤེས་རབ་ཀྱི་སྟོབས་བསྐྱེད་པས་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །མངོན་པར་བརྗོད་པ་ནི་དེ་ལྟར་དྲན་པའོ། །ཡང་གང་དུ་ཉེ་བར་གནས་ཤེ་ན། ལུས་ནས་ཆོས་ཀྱི་བར་དག་ལའོ། །དེ་ཉིད་ཀྱི་ཕྱིར་ཚིག་རྣམ་པར་སྦྱར་བ་ནི་ལུས་ལ་དྲན་པ་ཉེ་བར་གཞག་པ་ནི་ལུས་དྲན་

པ་ཉེ་བར་གཞག་པའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱེད་པ་བྱེད་པ་པོར་བྱས་ནས་དྲན་པ་ཉེ་བར་གཞག་པའི་དོན་མདོའི་ནང་ནས་འབྱུང་བ་བཤད་ཟིན་ཏོ། །གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཟས་ཀུན་འབྱུང་བས་ནི་ལུས་དྲན་པ་ཉེ་བར་གཞག་པ་ཀུན་འབྱུང་བ་ཡིན་ལ། ཟས་འགགས་པས་ནི་ལུས་དྲན་པ་ཉེ་

བར་གཞག་པ་ནུབ་པ་ཡིན་ནོ། །རེག་པ་ཀུན་འབྱུང་བས་ནི་ཚོར་བ་ཀུན་འབྱུང་བ་ཡིན་ལ། རེག་པ་འགགས་པས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ནུབ་པ་ཡིན་ནོ། །མིང་དང་གཟུགས་ཀུན་འབྱུང་བས་ནི་སེམས་དྲན་པ་ཉེ་བར་གཞག་པ་ཀུན་འབྱུང་བ་ཡིན་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡིད་ལ་བྱེད་པ་ཀུན་འབྱུང་བས་ནི་ཆོས་དྲན་པ་ཉེ་བར་

གཞག་པ་ཀུན་འབྱུང་བ་ཡིན་ལ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཡང་ཇི་ལྟར་འདི་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་ཞེ་ན། འདི་ལ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཉེ་བར་གནས་པས་ན་ཉེ་བར་གཞག་པའོ། །གལ་ཏེ་མདོ་དེ་ལས་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་པར་བཞེད་པར་

མ་གྱུར་ན་ནི། དགེ་སློང་དག་ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ནས་རྒྱས་པར་ཟས་ཀུན་འབྱུང་བས་ནི་ཞེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་གསུང་བར་འགྱུར་ཏེ། ལུས་ལ་སོགས་པ་ནི་ཤེས་རབ་ཀྱི་རང་བཞིན་མ་ཡིན་ལ། འདུ་ཤེས་ལ་སོགས་པའི་རང་བཞིན་ཡང་མ་ཡིན་ནོ། །འདི་དག་གི་མིང་ནི་དམིགས་

པ་ཇི་ལྟ་བ་བཞིན་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་དེ་དག་གི་དམིགས་པ་ནི་ལུས་ལ་སོགས་པ་ཡིན་ཏེ། །དེའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཞེས་བྱའོ། །འདི་དག་རང་དང་གཞན་གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་རེ་རེ་ཞིང་རྣམ་པ་གསུམ་གསུམ་ཡིན་ནོ་ཞེས་བྱ་བ་ནི། རང་གི་རྒྱུད་ལ་

དམིགས་པའི་ཕྱིར་དང་གཞན་གྱི་རྒྱུད་ལ་དམིགས་པའི་ཕྱིར་དང་། གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། བརྟུན་པ་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམས་སྤངས་ཏེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་

เล่ม ๑๔๕ · หน้า 162a

དང་། དེ་བཞིན་དུ་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་སྔ་མ་བཞིན་ཏེ། དེ་ལྟར་ན་ཚུལ་འདིས་རྣམ་པ་གསུམ་ཡིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ལ་ཡང་

དེ་བཞིན་དུ་སྦྱར་བར་བྱའོ། །སྔར་རགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རགས་པས་དེ་སྔར་མཐོང་ངོ་། །དེ་ནས་ཚོར་བ་སྟེ་རྒྱུ་བ་རགས་པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་ནི་སེམས་ཡིན་ཏེ། ཆོས་རྣམ་པས་སོ་སོ་རྣམ་པར་རིག་པའི་རྣམ་པར་མཚོན་སླ་

བའི་ཕྱིར་རོ། །ཆོས་ནི་འདུས་བྱས་དང་འདུས་མ་བྱས་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཕྲ་བ་ཡིན་ནོ། །ཡང་ན་འདི་ལྟར་འདོད་པ་ལ་འདོད་ཆགས་པའི་རྟེན་ནི་ལུས་ཡིན་ལ་ཞེས་བྱ་བ་ནི་དམིགས་པ་ལུས་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། དགེ་སློང་དག་བུད་མེད་ཀྱི་

གཟུགས་ལ་ཆགས་ཤིང་འདོད་ཆགས་ལ་བཅིངས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཡང་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་པའོ། །དེ་ཡང་སེམས་ཞེས་བྱ་བ་ནི་ཚོར་བ་མངོན་པར་འདོད་པ་དེའོ། །སེམས་མ་ཞི་བ་ནི་ཉོན་མོངས་པ་མ་སྤངས་པའི་ཕྱིར་ཏེ། ཉོན་མོངས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་

སུ་འདུ་བའི་ཕྱིར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ནི་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏེ། ལུས་ནི་ཕྱི་ས་དང་འདྲ་བར་མི་གཙང་བའི་བདག་ཉིད་ཡིན་ནོ། །ཆོས་ལྷག་མ་རྣམས་ནི་དེ་འབྲེལ་པས་མི་གཙང་བ་ཡིན་ཏེ། ཕྱི་ས་དང་འབྱར་བའི་ཕྱག་དར་བཞིན་ནོ། །ཚོར་བ་དྲན་པ་

ཉེ་བར་གཞག་པ་ནི་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་འབྱུང་བས་སོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། སེམས་ནི་མྱུར་དུ་འགྱུར་བའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བདག་ཏུ་ཕྱིན་ཅི་ལོག་པའི་

གཉེན་པོར་བསྟན་ཏོ། །ཆོས་རྣམས་རིལ་པོར་རྣམ་པར་དབྱེ་བའི་སྒོ་ནས་འདི་ནི་ཆོས་ཙམ་དུ་ཟད་ཀྱི། འདི་ནི་བདག་མ་ཡིན་ནོ་ཞེས་བདག་ཏུ་འདུ་ཤེས་པ་ཕྱིན་ཅི་ལོག་གི་གཉེན་པོ་ཡིན་ནོ། །གསུམ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ལུས་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ནི་ལུས་ཁོ་ན་ལ་དམིགས་

เล่ม ๑๔๕ · หน้า 162b

པ་ནས། སེམས་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ནི་སེམས་ཁོ་ན་ལ་དམིགས་པའི་བར་ཡིན་ཏེ། སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་རོ། །བཞི་པ་ནི་གཉི་ག་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་སྟེ་འདྲེས་པ་ལ་དམིགས་པ་ནི་སྤྱི་ལ་དམིགས་པ་སྟེ། འདྲེས་མ་ལ་དམིགས་ཞེས་བྱ་བའི་དོན་

ཏོ། །མ་འདྲེས་པ་ལ་དམིགས་པ་ནི་འདྲེས་པ་མ་ཡིན་པ་ལ་དམིགས་པའོ། །སྤྱི་ལ་དམིགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་ལུས་ལ་སོགས་པ་ཐམས་ཅད་སྤྱིར་བསྡུས་ཏེ། མི་རྟག་པ་ལ་དམིགས་པའི་རྣམ་པར་ལྟ་བའོ། །དེ་ལས་དྲོ་བར་གྱུར་པ་འབྱུང་། །ཞེས་བྱ་བ་ལ་ཆོས་རྗེས་སུ་དྲན་པའི་མཇུག་ཐོགས་སུ་འདུ་

བྱེད་སྐད་ཅིག་མར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྐྱེ་བ་དང་འཇིག་པ་ལ་དཔྱོད་དོ། །འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ན་ཇི་ལྟར་འདུ་བྱེད་རྗེས་སུ་འཇུག །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དཔྱོད་དོ། །གང་གི་ཚེ་ཟག་པ་དང་བཅས་པའི་ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་དེའི་ཚེ། དེའི་

མཇུག་ཐོགས་སུ་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་བདག་མེད་པའི་རྣམ་པའོ། །དེའི་མཇུག་ཐོགས་སུ་ཕུང་པོ་དང་ཁམས་དང་སྐྱེད་མཆེད་དེ། དོན་རྣམ་པ་གསུམ་ལ་དཔྱོད་ཅིང་གནས་བདུན་ལ་མཁས་པ་སྟེ། དེ་ལྟར་ན་ཆོས་དྲན་པ་ཉེ་བར་གཞག་པ་སྤྱི་ལ་དམིགས་པ་ལས་དྲོ་བར་གྱུར་པའི་དགེ་བའི་

རྩ་བ་འབྱུང་ངོ་ཞེས་བྱ་བ་འདི་ནི་གོ་རིམས་སོམོ། །སློབ་དཔོན་གྱིས་ནི་ཅུང་ཟད་དཔེར་བརྗོད་པ་ཙམ་ཞིག་བཤད་དོ། །དྲོ་བར་གྱུར་པ་ཞེས་བྱ་བ་ནི་དྲོ་བའི་རྣམ་པའི་དགེ་བའི་རྩ་བའོ། །དྲོ་བར་གྱུར་པ་དང་འདྲ་བས་ན་དྲོ་བར་གྱུར་པ་སྟེ། འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་གཙུབ་

ཤིང་སྟེང་འོག་གཙུབས་པ་ལས་མེའི་སྔ་ལྟས་འབྱུང་བ་དེ་བཞིན་དུ་ཤེས་པ་དང་ཤེས་བྱའི་གཙུབ་ཤིང་གཙུབས་པ་ལས་འཕགས་པའི་ལམ་གྱི་མེའི་དྲོད་འབྱུང་ལ་དྲོད་ལ་ནི་བརྩོན་འགྲུས་ཀྱིས་ཡང་དང་ཡང་དུ་མངོན་པར་གཙུབས་པའི་རིམ་གྱིས་སྲིད་པའི་བུད་ཤིང་སྐམ་པོ་སྲེག་པ་ལས་འཇེབས་པ་ཟག་པ་མེད་པའི་ཡེ་

ཤེས་ཀྱི་མེ་འབྱུང་སྟེ། དེའི་ཕྱིར་དྲོ་བར་འགྱུར་བའི་དགེ་བའི་རྩ་བ་ཞེས་བྱའོ། །རྒྱུན་ཆགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱུན་འབྲེལ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་དམིགས་པ་རྣམ་པར་ཆད་པའི་དབང་དུ་བྱས་ཏེ་སྐད་ཅིག་མ་ཉིད་ཡིན་ན་ནི་བདེན་པ་བཞི་ལ་དམིགས་པར་ཡང་མི་འགྱུར་ན་

เล่ม ๑๔๕ · หน้า 163a

རྣམ་པ་བཅུ་དྲུག་ལྟ་སྨོས་ཀྱང་ཅི་དགོས་འདི་དག་གི་བྱེ་བྲག་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་མཛོད་ཀྱི་གནས་བདུན་པ་ནས་རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་འདི་ནས་སོ། །གལ་ཏེ་དེ་དག་ཀྱང་དེ་དང་འདྲ་བ་ཡིན་ན། འོ་ན་ཅིའི་ཕྱིར་ལོགས་ཤིག་ཏུ་བསྟན་ཅེ་ན། དེའི་ཕྱིར་ཆོས་

མཆོག་ཏུ་གྱུར་པའི་ཕྱིར་མིང་གཞན་དུ་བཏགས་སོ་ཞེས་བྱ་བ་སྨོས་སོ། །མིང་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྩེ་མོ་ཞེས་བྱ་བའི་སྒྲ་འདི་ནི་མཆོག་གི་ཚིག་ཡིན་ཏེ། འདི་ལྟར་སྨྲ་བ་པོ་དག་འདིའི་དཔལ་རྩེ་མོར་ཕྱིན་ཏོ་ཞེས་ཟེར་རོ། །དྲོད་དང་རྩེ་

མོ་ནི་དགེ་བའི་རྩ་བ་གཡོ་བ་གཉིས་ཡིན་ཏེ། ཡོངས་སུ་ཉམས་པའི་ཕྱིར་རོ། །དེ་དག་ལས་ལྟུང་བ་དང་འདའ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྩེ་མོ་དག་ལས་སོ། །ལྟུང་བ་ནི་ཡོངས་སུ་ཉམས་པ་ལས་སོ། །འདའ་བ་ནི་བཟོད་པ་མངོན་དུ་བྱས་པ་ལས་སོ། །དེ་ལྟར་ན་འདི་ནི་ཆེས་མཆོག་ཏུ་བྱུང་བའི་ཕྱིར་རྩེ་མོ་ཡིན་ནོ་

ཞེས་བསྟན་ཏེ། དྲོད་དག་ལས་ནི་འདའ་བ་མེད་དོ། །དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་དག་འགོད་པའོ་ཞེས་བྱ་བ་འདི་ཅི་ཞིག་བདེན་པ་རྣམས་ལ་རྣམ་པ་དག་འཇོག་པར་བྱེད་པ་སྟེ། དེ་དག་ལ་དམིགས་པ་རྣམས་འཇུག་པར་བྱེད་པའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །གཞན་དག་གིས་ཀྱང་འཕེལ་བར་བྱེད་ཅེས་བྱ་

བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཆོས་དྲན་པ་ཉེ་བར་གཞག་པས་ཀྱང་ཡིན་པ་སྟེ། འཕེལ་བར་བྱེད་པ་ནི་བྱང་བར་བྱེད་པའོ། །སྔོན་ཐོབ་པ་རྣམས་མངོན་དུ་མི་བྱེད་དོ། །སྔར་ཐོབ་པར་དམན་པ་རྣམས་ལ་དགའ་བ་མེད་པའི་ཕྱིར་རོ། །རྣམ་པ་ལྔར་ཐོབ་པ་རྣམས་ནི་དམན་པའི་ཕྱིར་དེ་རྣམས་དགའ་བ་ཆེན་པོ་མེད་དེ། དེའི་

ཕྱིར་དེའི་རིགས་ཅན་ཁྱད་དུ་འཕགས་པ་གཞན་དག་མངོན་དུ་བྱེད་དོ། །རྩེ་མོ་དེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་མངོན་པར་འཕེལ་བ་དག་ལས་ཡང་བཟོད་པ་སྐྱེའོ། །མིང་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་བདེན་པ་ལ་ཆེར་བཟོད་ཅེ་ན།

དེའི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། བཟོད་པ་དག་ལས་ནི་ཡོངས་སུ་ཉམས་པ་མེད་དོ། །དྲོ་བར་འགྱུར་བའི་གནས་སྐབས་ན་ནི་བདེན་པ་དག་ལ་ཆུང་ངུ་བཟོད་པ་ཡིན་ནོ། །རྩེ་མོའི་གནས་སྐབས་ན་ནི་འབྲིང་དུ་བཟོད་ལ། བཟོད་པའི་གནས་སྐབས་ན་ནི་ཆེར་བཟོད་དོ་ཞེས་བཤད་པར་

เล่ม ๑๔๕ · หน้า 163b

འགྱུར་རོ། །རྣམ་གཉིས་དེ་བཞིན་ཞེས་བྱ་བ་ནི་བཟོད་པ་ཆུང་ངུ་དང་འབྲིང་སྟེ། རྩེ་མོ་རྣམས་ཇི་སྐད་བཤད་པ་བཞིན་ནོ། །དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པས་བདེན་པ་རྣམས་ལ་རྣམ་པ་གཏོད་པའི་ཕྱིར་ཏེ། དེ་ཁོ་ན་བཞིན་དུ་རྣམ་པ་འགོད་པའི་ཕྱིར་རོ་ཞེས་བྱ་བའི་

ཐ་ཚིག་གོ། །བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཅེས་བྱ་བ་ནི་རང་བཞིན་གྱིས་དྲན་པ་ཉེ་བར་གཞག་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཆོས་ཀྱི་མཆོག་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཉིད་ནི་དེའི་

མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བའི་ཕྱིར་རོ། །ཆོས་ཀྱི་མཆོག་དང་ཉེ་བ་ནི་དེ་དང་འདྲ་བའོ། །ངེས་པ་མ་སྨོས་པའི་ཕྱིར་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་ལྟར་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ཀྱི་དམིགས་པ་ངེས་པ་མ་སྨོས་པའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པ་འདི་དག་ཁམས་གསུམ་གྱི་སྡུག་བསྔལ་ལ་སོགས་

པ་ལ་དམིགས་པ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཇི་ལྟར་བཟོད་པ་ཆེན་པོ་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ཞེ་ན། གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་རྣམ་པ་དང་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་

གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་འགོག་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུ་ཞིང་། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་དང་། འགོག་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུའོ། །དེ་དག་གི་བདེན་པའི་རྣམ་

པ་རེ་རེ་ཕྲི་བ་དང་། དམིགས་པ་རེ་རེ་ཕྲི་ནས་སོ། །ཇི་ལྟར་ཞེ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་དེ་ལ་ནི་རྣམ་བཞིར་རྣམ་པ་གཏོད་པར་བྱེད་དོ། །དེ་ནས་གསུམ་དུའོ། །དེ་ནས་གཉིས་སུའོ། །དེ་ནས་གཅིག་ཏུ་སྟེ། རེ་ཞིག་བདེན་པའི་རྣམ་པ་རེ་རེ་ཕྲི་བ་ནི་དེ་ལྟའོ། །དེ་ནས་གཅིག་ཏུ་ཡང་རྣམ་པ་གཏོད་

པར་མི་བྱེད་དེ། དམིགས་པ་ཕྲི་བ་ནི་དེ་ལྟ་བུའོ། །རིམ་པ་འདིས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ཅན་སྐད་ཅིག་མ་གཉིས་ཁོ་ནར་ཡིད་ལ་བྱེད་པའི་བར་དེར་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ཡང་རྣམ་པ་གཉིས་ཏེ། ལྟ་བ་སྤྱད་པ་དང་། སྲེད་

เล่ม ๑๔๕ · หน้า 164a

པ་སྤྱད་པའོ། །ལྟ་བ་སྤྱད་པ་ཡང་རྣམ་པ་གཉིས་ཏེ། བདག་ཏུ་ལྟ་བ་སྤྱད་པ་དང་། བདག་གིར་ལྟ་བ་སྤྱད་པའོ། །བདག་ཏུ་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་བདག་མེད་པའི་རྣམ་པས་ངེས་པ་ལ་འཇུག་གོ། །བདག་གིར་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་སྟོང་པའི་རྣམ་པས་སོ། །སྲེད་པ་སྤྱད་པ་

ཡང་རྣམ་པ་གཉིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་དང་། ལེ་ལོ་ལྷག་པ་ཅན་ནོ། །དེ་ལ་ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་གང་ཡིན་པ་དེ་ནི་མི་རྟག་པའི་རྣམ་པས་ངེས་པ་ལ་འཇུག་གོ། །ལེ་ལོ་ལྷག་པ་ཅན་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་རྣམ་པས་སོ། །གང་ཞིག་སྐད་ཅིག་མ་ཁོ་ན་ཡིན་པ་དེ་

ནི་ཆེན་པོ་ཡིན་ཏེ། དེ་ནི་གང་ཟག་གི་སྤྱད་པ་ཇི་ལྟ་བ་བཞིན་དུ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པའམ། སྟོང་པའི་རྣམ་པ་དང་། བདག་མེད་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །བཟོད་པ་ཆེན་པོ་དེ་ནི་སྐད་ཅིག་གཅིག་སྟེ། རྒྱུན་འབྲེལ་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་པའི་

ཆོས་ཀྱི་མཆོག་རྣམས་ཏེ་ཞེས་བྱ་བ་འབྱུང་ངོ་། །སྐལ་བ་མཉམ་པའི་རྒྱུ་མེད་པར་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཉིད་ཡིན་ནོ་ཞེས་སྟོན་ཏོ། །སྔོན་ཟག་པ་མེད་པ་མེད་པའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྩལ་གྱིས་ལམ་གྱི་བདེན་པ་འདྲེན་པར་བྱེད་པའི་

ཕྱིར་ཆོས་ཀྱི་མཆོག་རྣམས་ནི་འཇིག་རྟེན་པ་ཀུན་གྱི་མཆོག་ཉིད་ཡིན་པར་ཤེས་སོ། །ཐམས་ཅད་ཕུང་པོ་ལྔ་འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ནི་མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར། གཟུགས་ཀྱི་ཕུང་པོ་ཡང་ཡོད་དོ། །ཐོབ་པ་མ་གཏོགས་ཞེས་

བྱ་བ་ལ་དེའི་ཐོབ་པ་རྣམས་ནི་ངེས་པར་འབྱེད་པའི་དུས་ན་ཡང་མངོན་དུ་འགྱུར་བ་ཞིག་ན་ངེས་པར་འབྱེད་པ་སྐྱེས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །འབྲས་བུ་ཐོབ་པ་ནི་སྦྱོར་བའི་ལམ་མངོན་དུ་གྱུར་པར་བྱེད་པར་མི་རིགས་ཏེ། དོན་བྱས་ཟིན་པའི་

ཕྱིར་རོ། །དེའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ཐོབ་པ་རྣམས་ནི་དྲོ་བར་གྱུར་པས་མ་བསྡུས་པ་ཡིན་ནོ། །རྣམ་པ་གཞན་བརྗོད་པར་འདོད་པས་དེ་ལ་བདེན་པ་གསུམ་ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ནི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་ལམ་ལ་དམིགས་པའི་རྣམ་པ་ལའོ། །

เล่ม ๑๔๕ · หน้า 164b

འགོག་པ་དམིགས་པ་ནི་འོག་ནས་འཆད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ལ་ཞེས་བྱ་བ་འབྱུང་སྟེ་སྡུག་བསྔལ་ལ་སོགས་པ་རྣམས་ཕུང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་བཞི་ཆར་ཐོབ་བོ་

ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་གོ། །ལུས་དང་ཚོར་བ་ལ་སོགས་པ་རྣམས་སྡུག་བསྔལ་ལ་སོགས་པའི་ཁོངས་སུ་འདུ་བའི་ཕྱིར་དེ་དག་ལ་དམིགས་པ་མ་འོངས་པ་བཞི་ཆར་འཐོབ་སྟེ། ཆེར་སྦྱངས་པ་རྣམས་ཀྱི་ཐོབ་པ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །ད་ལྟར་བྱུང་བ་ནི་ཐོབ་པ་དང་

བཅས་ཏེ་རྟེན་པས་ཐོབ་པའི་སྒོ་ནས་མངོན་དུ་གྱུར་པ་ཉིད་དུ་ཐོབ་པོ། །དེ་ཁོ་ན་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བ་དང་མ་འོངས་པ་དེ་ཁོ་ན་ཐོབ་བོ། །དེ་ལ་ནི་ཚོར་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། འགོག་པ་ཕུང་པོ་ལྔའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་པ་དག་ནི་ཐམས་

ཅད་དུ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་གསུམ་ལ་དམིགས་པ་དང་། འགོག་པ་ལ་དམིགས་པའི་དྲོ་བར་གྱུར་པའི་རྣམ་པ་གཏོད་པ་སྟེ། འདྲ་བ་ནི་མཚུངས་པ་ཡིན་ཞེས་བྱ་བའི་དོན་ཏེ། བདེན་པ་གང་དང་གང་ལ་རྣམ་པ་གང་དང་གང་མངོན་དུ་བྱེད་པ་དེ་དང་རིགས་མཐུན་པ་མ་འོངས་པ་ཁོ་ན་དེས་འཐོབ་ཀྱི། གཞན་

ནི་མ་ཡིན་ཏེ། རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །རྣམ་པར་འཕེལ་བ་ལ་ནི་ཞེས་བྱ་བ་ནི་བྱང་བར་བྱ་བ་ལའོ། །བཞི་ལས་གང་ཡང་རུང་བ་ཞིག་ཅེས་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ཏེ། གང་ཞིག་གང་ལ་དམིགས་པ་དེ་ནི་དམིགས་པར་བྱ་

བའི་སྒོ་ནས་ད་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་བཞི་ཆར་རྙེད་པ་ཐོབ་པ་ཉིད་ཀྱི་སྒོ་ནས་འཐོབ་བོ། །འགོག་པ་ལ་དམིགས་པ་དྲོ་བར་གྱུར་པ་འཕེལ་བ་དེ་ཁོ་ན་ཉིད་ལ་ནི་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཏེ། དེ་ལ་ལུས་ལ་སོགས་པ་མེད་པའི་ཕྱིར་རོ། །མ་འོངས་པ་ནི་བཞི་ཆར་ཐོབ་སྟེ། འདིས་

སྔར་འཐོབ་པ་གང་དག་ཡིན་པའོ། །རྣམ་པ་ནི་ཐམས་ཅད་དེ་ཞེས་བྱ་བ་ནི་བཅུ་དྲུག་གོ། །རིགས་རྣམས་ཐོབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔར་རྣམ་པ་གཏོད་པའི་གནས་སྐབས་ཀྱི་རིམ་པས་རིགས་རྣམས་ཐོབ་ཟིན་པ་ཡིན་ཏེ། འདིར་རྣམ་པ་རྣམས་ཀྱིས་ནི་སྐལ་བ་མཉམ་པའི་རྒྱུ་ལ་མངོན་པར་འདོད་ལ། དེ་དག་

เล่ม ๑๔๕ · หน้า 165a

ཀྱང་རྣམ་པ་གཏོད་པའི་དུས་ཁོ་ནར་ཐོབ་ཟིན་ཏོ། །རྩེ་མོ་བདེན་པ་བཞི་ལ་དམིགས་པ་རྣམ་པར་གཏོད་པ་ལ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་ནི་བཞི་ཆར་འཐོབ་བོ། །འགོག་པ་ལ་དམིགས་པ་འཕེལ་བ་ལ་ནི་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་

ཡིན་ལ། མ་འོངས་པ་ལ་ནི་བཞི་ཆར་འཐོབ་སྟེ། དེ་དག་འཐོབ་པ་སྐྱེས་ཟིན་པའི་ཕྱིར་རོ། །རྣམ་པ་ནི་ཐམས་ཅད་དོ་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་རྣམ་པ་གཏོད་པའི་ཚེ་དེའི་རིགས་རྣམས་ཐོབ་པའི་ཕྱིར་རོ། །བདེན་པ་གསུམ་ལ་དམིགས་པ་རྣམ་པར་འཕེལ་བ་ལ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་དང་ལམ་ལ་དམིགས་

པ་ལ་སྟེ། བཞི་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་ནི་བཞི་ཆར་རོ། །རིགས་ཐོབ་ཟིན་པའི་ཕྱིར་རྣམ་པ་ཡང་ཐམས་ཅད་དོ། །བཟོད་པ་རྣམས་ལ་ནི་ཐམས་ཅད་དུ་ཐ་མ་ཡིན་ལ་ཞེས་བྱ་བ་ནི་བཟོད་པ་རྣམས་ལ་ནི་རྣམ་པ་གཏོད་པ་དང་རྣམ་པར་འཕེལ་བ་ལ་ཡང་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་

ཁོ་ན་ད་ལྟར་བྱུང་བ་ཡིན་ཏེ། འདི་ལྟར་བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཅེས་བྱ་བས་སོ། །ཆོས་ཀྱི་མཆོག་དག་ལ་ནི་ཐ་མ་ཡིན་ལ་ཞེས་བྱ་བ་ནི། ཆོས་ཀྱི་མཆོག་མངོན་དུ་བྱེད་པ་ལ་ནི་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་

ནི་བཞི་ཁོ་ན་སྟེ་ཞེས་བྱ་བ་འདི་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་དག་གོ། །གཞན་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་ཆོས་ཀྱི་མཆོག་ལ་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་གཞན་ནི་མེད་དེ། སྡུག་བསྔལ་ཙམ་ལ་དམིགས་པའི་ཕྱིར་རོ། །མཐོང་བའི་ལམ་དང་འདྲ་བའི་

ཕྱིར་རོ་ཞེས་བྱ་བ་ལ་འདྲ་བ་ནི་མཐོང་བའི་ལམ་དང་ཉེ་བ་ཉིད་དང་། དེ་དང་ས་གཅིག་པ་ཉིད་དོ། །མཐོང་བའི་ལམ་ལ་ནི་བདེན་པ་གང་ཞིག་མཐོང་བར་འགྱུར་བ་དེའི་རྣམ་པ་དག་ཁོ་ན་འཐོབ་ལ། མཐོང་བའི་ལམ་དང་པོར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཡིན་ཏེ། ཇི་ལྟར་དེར་བཞི་ཁོ་ན་ཐོབ་

པ་དེ་བཞིན་དུ་ཆོས་མཆོག་དག་ཏུ་ཡང་ཡིན་ནོ། །འབྱེད་པ་ནི་རྣམ་པར་འབྱེད་པ་སྟེ། ངེས་པ་སྔོན་དུ་འགྲོ་བ་དེ་ལ་གནས་པ་དང་། ངེས་པར་འབྱེད་པས་ན་ངེས་པར་འབྱེད་པ་འམ། ཡང་ན་གང་གིས་ངེས་པར་འབྱེད་པ་དེ་ནི་ངེས་པར་འབྱེད་པ་ཡིན་ནོ། །དེ་ཡང་གང་ཞིག་ཅེ་ན། འཕགས་པའི་ལམ་མོ་ཞེས་བྱ་

เล่ม ๑๔๕ · หน้า 165b

བ་སྨོས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའོ། །དེས་ཐེ་ཚོམ་སྤོང་བའི་ཕྱིར་དང་ཞེས་བྱ་བ་འདིས་ནི་དེ་ཉིད་ཁོ་ན་ངེས་པར་འབྱེད་པ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་འབྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་ཞེ་ན། འདི་ནི་ངེས་པར་འབྱེད་པ་ཡིན་ནོ་ཞེས་བྱ་བའོ། །ཇི་ལྟར་རྣམ་པར་འབྱེད་པའི་ཕྱིར་

ཡིན་ཞེ་ན། དེའི་ཕྱིར་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་འདྲེན་པར་བྱེད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ་ཞེས་བྱ་བ་ལ་གསུམ་ནི་བརྒྱུད་པའི་སྒོ་ནས་དེ་འདྲེན་པར་བྱེད་པ་ཉིད་ཡིན་ལ། ཆོས་ཀྱི་མཆོག་རྣམས་ནི་དངོས་སུའོ། །བསྒོམ་

བྱུང་ཞེས་བྱ་བ་ནི་དེ་དག་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །མི་ལྕོགས་པ་མེད་པ་དང་ཁྱད་པར་བསམ་གཏན་ས་པའོ་ཞེས་བྱ་བ་ལ་མི་ལྕོགས་པ་མེད་པ་དང་། ཁྱད་པར་ཅན་དང་བསམ་གཏན་དག་གི་ས་པ་ཡིན་པས་ན། མི་ལྕོགས་པ་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །དེ་དག་

གིས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་གོང་ན་ནི་མེད་དོ་ཞེས་བྱ་བ་ནི་མཐོང་བའི་ལམ་ནི་ས་དྲུག་པ་ཡིན་ལ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ཀྱང་མཐོང་བའི་ལམ་གྱི་འཁོར་དུ་གྱུར་པ་ཡིན་ཏེ། དེའི་ཕྱིར་

གོང་ན་སྟེ། གཟུགས་མེད་པའི་ཁམས་ན་མེད་དོ། །དེ་མེད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་མེད་པའོ། །ཡང་ཅིའི་ཕྱིར་གོང་ན་མཐོང་བའི་ལམ་མེད་ཅེ་ན། དེའི་ཕྱིར་དེ་མེད་པ་ནི་འདོད་པའི་ཁམས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་ནི་འདོད་པའི་ཁམས་ལ་དམིགས་པ་

ཡིན་ནོ། །གཟུགས་མེད་པ་དག་ནི་འདོད་པའི་ཁམས་ལ་དམིགས་པ་མ་ཡིན་ཏེ། དེ་དག་ནི་རྟེན་རིང་བ་ལ་སོགས་པ་དག་གིས་རིང་བའི་ཕྱིར་རོ། །མཐོང་བའི་ལམ་འདོད་པའི་ཁམས་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བ་ཡིན་པའི་ཕྱིར་རོ་

ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ནི་རགས་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་ཡིན་ནོ། །རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་དག་ཁོ་ན་

เล่ม ๑๔๕ · หน้า 166a

ཡིན་གྱི་ཞེས་བྱ་བ་ལ་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་དག་ནི་འཕེན་པར་བྱེད་པ་ཉིད་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་སྲིད་པ་སུན་འབྱིན་པར་བྱེད་པ་དེའི་ཕྱིར་འཕེན་པར་

བྱེད་པ་མ་ཡིན་ནོ། །གཉིས་ནི་འོག་ནའང་ཡོད་པའམ་ཞེས་བྱ་བ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་མི་འདོད་དེ། ཐོས་པ་དང་བསམས་པ་ལས་བྱུང་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྟེན་གྱི་སྒོ་ནས་ནི་བཞི་ཆར་ཡང་འདོད་པའི་རྟེན་ཅན་ཡིན་ཏེ། དེ་ཁོ་ན་ངེས་པ་ལ་འཇུག་

པ་ཡོད་པའི་ཕྱིར་རོ། །གསུམ་ནི་མི་དག་གི་ནང་ཁོ་ན་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་དང་ཆོས་མཆོག་མ་གཏོགས་པའོ། །འདི་དག་ནི་དང་པོ་མི་དེ་དག་གི་ནང་ཁོ་ནར་སྐྱེད་པར་བྱེད་དོ། །གླིང་གསུམ་དུ་ཞེས་བྱ་བ་ནི་སྒྲ་མི་སྙན་མ་གཏོགས་པ་སྟེ། དེ་ན་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །བཞི་པ་ནི་ལྷ་དག་

གི་ནང་དུ་ཡང་སྐྱེ་བར་བྱེད་དོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་དག་གི་ནང་དུ་སྐྱེད་པར་བྱེད་དོ་ཞེས་སྐབས་དང་སྦྱར་རོ། །བཟོད་པ་ཆེན་པོ་དང་ཆོས་ཀྱི་མཆོག་ནི་དང་པོ་ལྷ་དག་གི་ནང་དུ་ཡང་སྐྱེད་པར་བྱེད་དོ། །གསུམ་ནི་སྐྱེས་པ་དང་བུད་མེད་ཀྱིས་གཉི་གའི་རྟེན་ཅན་དག་འཐོབ་བོ་ཞེས་བྱ་བ་ནི་རེ་རེས་ཀྱང་སྐྱེས་པ་དང་བུད་མེད་

ཀྱི་རྟེན་དེ་དག་འཐོབ་བོ། །ཆོས་ཀྱི་མཆོག་ཐོབ་པས་བུད་མེད་ཀྱི་དངོས་པོར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པ་ནི་ཚེ་གཞན་དུ་མཚན་འགྱུར་བའི་དབང་དུ་བྱས་ནས་བཤད་པའོ། །བུད་མེད་ཀྱིས་གཉི་གའི་རྟེན་ཅན་འཐོབ་པར་འགྱུར་ཞེས་བྱ་བ་ནི་བུད་མེད་ཁོ་ནས་ཆོས་མཆོག་གི་གཉི་གའི་རྟེན་

ཅན་འཐོབ་ཀྱི་སྐྱེས་པས་ནི་མ་ཡིན་ཏེ། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་ཁོ་ན་འཐོབ་བོ། །ཅིའི་ཕྱིར་ཞེ་ན། བུད་མེད་ཉིད་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་ཆོས་ཀྱི་མཆོག་སྐྱེད་པར་བྱེད་པ་དེ་ནི་གདོན་མི་ཟ་བར་མཐོང་བའི་ལམ་སྐྱེད་པར་བྱེད་ལ་

བདེན་པ་མཐོང་བ་ནི་ཡང་བུད་མེད་ཉིད་དུ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ས་བོར་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཕགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསམ་གཏན་དང་པོའི་ས་པ་ནས་བསམ་གཏན་བཞི་པའི་བར་ས་གང་བ་དག་ཐོབ་པར་འགྱུར་བའི་བསམ་གཏན་དང་པོ་ལ་

เล่ม ๑๔๕ · หน้า 166b

སོགས་པའི་ས་དེ་དག་འདོར་བ་ན་བདག་ཉིད་ཇི་ལྟ་བ་བཞིན་བསམ་གཏན་དང་པོའི་ས་པ་ནས་བསམ་གཏན་བཞི་པའི་ས་པའི་བར་དག་གཏོང་གི །གཞན་དུ་ནི་མ་ཡིན་ཏེ། སོ་སོའི་སྐྱེ་བོའི་ས་ལྟར་འཆི་བའམ། ཡོངས་སུ་ཉམས་པས་ནི་མ་ཡིན་ནོ། །ས་འདོར་བ་ནི་ས་འཕོས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤི་སྟེ་གོང་དུ་

འཕོས་པའི་ཕྱིར་ཡིན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ། །ཇི་ལྟར་བསམ་གཏན་དང་པོ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པ་དག་ཏུ་སྐྱེ་བ་དེའི་ཚེ་ས་འདོར་བ་ཁོ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གཏོང་ངོ་། །སོ་སོའི་སྐྱེ་བོ་ནི་རིས་མཐུན་པ་བཏང་བ་ཁོ་ནས་གཏོང་གི་

ས་འཕོས་པས་ནི་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ས་གང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པར་འགྱུར་བ་ཡང་དེའི་འོག་ཏུ་སྐྱེ་བ་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གཏོང་བ་མ་ཡིན་ནམ་ཞེ་ན། འདི་ནི་འདོད་པ་མ་ཡིན་ཏེ། རིས་མཐུན་པ་བཏང་བ་ཁོ་ནས་བཏང་བའི་ཕྱིར་རོ། །འཕགས་པའི་

གང་ཟག་ནི་དེའི་དགེ་བའི་རྩ་བའི་རྒྱུན་མཐོང་བའི་ལམ་གྱིས་ཉེ་བར་སྤེལ་བའི་ཕྱིར་འཆི་བ་ཙམ་དང་། ཡོངས་སུ་ཉམས་པས་བཏོང་བ་མ་ཡིན་ནོ། །དངོས་གཞིས་དེ་ཉིད་ལ་བདེན་པ་མཐོང་ཞེས་བྱ་བ་འབྱུང་ངོ་། །དེས་ནི་ཚེ་དེ་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བར་འགྱུར་ཏེ། མི་ལྕོགས་པ་མེད་པ་

དང་། བསམ་གཏན་ཁྱད་པར་ཅན་གྱི་ས་པ་དག་སྐྱེད་པས་ནི་ཚེ་དེ་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བ་མ་ཡིན་ནོ། །ཡིད་བྱུང་བ་ཤས་ཆེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་བྱུང་བ་མང་བའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་སོ་སོར་ཐར་པའི་སྡོམ་པ་བཏང་བ་ཕྱིས་ལེན་པ་ན་སྔོན་གྱི་

མ་ཡིན་པ་ཐོབ་པ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་རྣམ་པར་ཉམས་པ་ལས་སྔོན་གྱི་མ་ཡིན་པ་ཐོབ་པ་ཡང་དེ་དང་འདྲའོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི། མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གི་ཕྱིར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་འདྲིས་པ་མ་ཡིན་པ་དེའི་ཕྱིར་

འདོད་ཆགས་དང་བྲལ་བས་འཐོབ་པ་མ་ཡིན་ཏེ། སྔར་འཕགས་པའི་ལམ་གྱི་སྦྱོར་བ་མ་བསྐྱེད་པའི་ཕྱིར་རོ། །གང་གི་ཕྱིར་འབད་པས་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་སྔོན་བཏང་བ་མི་འཐོབ་བོ། །མཚམས་སྟོན་པར་བྱེད་པ་ཞིག་ཡོད་ན་ནི་ཞེས་བྱ་བ་ལ་མཚམས་ནི་བར་མཚམས་སོ། །དེ་སྟོན་པར་བྱེད་པ་ནི་

เล่ม ๑๔๕ · หน้า 167a

སྨོན་ནས་ཤེས་པ་ཐོབ་པའོ། །དེ་ན་དེའི་གོང་ནས་སྐྱེད་པར་བྱེད་དེ། ཐོབ་ནས་ཉམས་པ་གང་ན་གནས་པ་དེའི་གོང་ནས་སོ། །མེད་ན་ནི་བཞི་ཁོ་ན་ནས་སྐྱེད་པར་བྱེད་དེ། དྲོ་བར་གྱུར་པ་ལ་སོགས་པ་དག་ཁོ་ན་ནས་སྐྱེད་པར་བྱེད་དོ། །ཉམས་པ་གཉིས་ནི་མི་ལྡན་པ་ཞེས་བྱ་བ་ལ།

རྣམ་པར་ཉམས་པ་ཞེས་བྱ་བ་ཁྱད་པར་དུ་འགྲོ་བས་བཏང་བ་ལ་བྱ་སྟེ། དཔེར་ན་སེམས་བཅུ་དྲུག་སྐྱེས་ནས། འབྲས་བུ་ཐོབ་པས་མཐོང་བའི་ལམ་བཏང་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཉམས་པ་ནི་གདོན་མི་ཟ་བར་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ནི་ཉེས་པ་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི།

ཡོན་ཏན་གྱིས་བྱས་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་རྣམ་པར་ཉམས་པ་ཡང་ཡིན་ལ། རྣམ་པར་ཉམས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཡོངས་སུ་ཉམས་པ་མ་ཡིན་ཏེ། ཡོན་ཏན་གྱིས་བྱས་པ་གང་ཡིན་པའོ། །ཐར་པའི་ཆ་དང་མཐུན་པ་དང་ཁྱད་པར་ཅི་ཡོད་ཅེ་

ན་ཞེས་བྱ་བ་ནི་དེ་ཐོབ་པ་ཡང་ངེས་པར་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ནོ་སྙམ་སྟེ་དྲིས་པའོ། །འདིའི་ཕན་ཡོན་ནི་སྐྱོན་མེད་ན་བདེན་པ་མཐོང་བ་ལ་ཆེས་ཉེ་བ་ཉིད་འདི་ཡིན་ནོ། །རྩེ་མོ་ཐོབ་པ་རྩ་མི་ཆད། །ཅེས་བྱ་བ་ནི་དགེ་བའི་རྟེན་ལྷག་པའི་ཕྱིར་ཏེ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམ་པར་དཔྱད་པའི་

སྒོ་ནས་དེ་དག་ལ་དང་བ་ཐོབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་ལྷ་སྦྱིན་ལས་བརྩམས་ནས་ཡོངས་སུ་ཉམས་པ་བཤད་ཅེ་ན། དེ་དག་ལ་དགེ་བའི་རྩ་བ་དེ་སྐྱེ་བ་ཉེ་བར་གྱུར་པས་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་བྱ་བ་ལ། བཟོད་པ་ལས་ནི་

རྣམ་པར་ཉམས་ཀྱང་ཞེས་བྱ་བ་འདིས་ནི་བཟོད་པ་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་སྟོན་པར་བྱེད་དོ། །དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་བསྲིངས་པའི་ཕྱིར་རོ་ཞེས་བྱ་བ་ནི། ངན་སོང་དུ་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་འབྱུང་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་སྐྱེ་བའི་ཆོས་ཉིད་ཐོབ་

སྟེ་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེ་དག་ནི་ཅི་རིགས་པར་ཏེ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ཉིད་དེ་དག་གོ། །ཅི་རིགས་པར་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་གིས་སོ། །ཇི་ལྟར་ཞེ་ན། བཟོད་པ་ཆུང་ངུའི་ཚེ་ནི་ངན་སོང་གི་འགྲོ་བ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ཉིད་ཐོབ་བོ། །ཆེན་པོའི་ཚེ་ནི་

เล่ม ๑๔๕ · หน้า 167b

སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དག་གིའོ། །ཆུང་ངུའི་ཚེ་ནི་འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་པ་དང་། ཚངས་པ་ཆེན་པོར་སྐྱེ་བ་རྣམས་ཀྱིའོ། །ཆེན་པོའི་ཚེ་ནི་ཟ་མ་དང་མ་ནིང་དང་། མཚན་གཉིས་པའི་ལུས་རྣམས་ཀྱིའོ། །བཟོད་པ་ཆེན་

པོ་ཉིད་ཀྱི་ཚེ་ནི་སྲིད་པ་བརྒྱད་པ་ལ་སོགས་པ་དང་། མཐོང་བས་སྤང་བར་བྱ་བ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ཉིད་འཐོབ་བོ། །ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཐ་དད་པའི་ཕྱིར་རོ། །སྲིད་ཀྱི་ཞེས་

བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་སངས་རྒྱས་ཉིད་དུ་བསྐྲུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔར་སྐྱེད་པ་གཉིས་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་བ་སྟེ། ཡང་སངས་རྒྱས་ཀྱི་རིགས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ངན་སོང་བཟློག་པའི་ཕྱིར་ཏེ་ཞེས་བྱ་བ་ལ། གྲག་གོ་ཞེས་

བྱ་བའི་སྒྲ་ནི་སྐྱེ་བ་ལ་དབང་བའི་ཕྱིར་དང་། སེམས་ཅན་གྱི་དོན་བྱེད་པར་སྲིད་པའི་ཕྱིར་རྒྱུ་འདི་རྒྱས་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་རིགས་དེ་ཉིད་ཅེས་བྱ་བ་སྨོས་ཏེ། ཉན་ཐོས་ཀྱི་རིགས་བཟོད་པ་ཐོབ་པ་ཞེས་བྱ་བའོ། །ཉན་ཐོས་ཀྱི་རིགས་བཟོད་པ་ཆོས་ཉིད་ཀྱིས་ཐོབ་པ་ནི་བཟློག་པར་མི་ནུས་

པའི་ཕྱིར་རོ། །གཞན་གསུམ་ཡང་ཞེས་བྱ་བ་ལ་རང་སངས་རྒྱས་ནི་བཟློག་ནས་འགྱུར་ཏེ་ཞེས་བྱ་བར་སྦྱར་ཏེ། དེ་དག་ནི་རང་དོན་གཙོ་བོ་ཅན་ཡིན་པའི་ཕྱིར་གཞན་གྱི་དོན་དུ་ངན་འགྲོ་མི་འཇུག་པས་དེའི་ཕྱིར་བཟོད་པ་ལས་ཀྱང་བཟློག་ནས། རང་སངས་རྒྱས་སུ་འགྱུར་རོ། །སྟོན་དང་བསེ་རུ་བྱང་ཆུབ་བར། །ཞེས་བྱ་བ་ལ།

ཁུངས་ནི་འདི་དང་གཞན། དངོས་གཞིས་དེ་ཉིད་ལ་བདེན་མཐོང་། །ཞེས་བྱ་བ་འདི་ཡིན་ནོ། །ཏིང་ངེ་འཛིན་མི་གཡོ་བ་དང་གསལ་བའི་ཕྱིར་ཞེས་བྱ་བ་འདི་སྐྱོན་བརྒྱད་ལས་འགྲོལ་བའི་ཕྱིར་མི་གཡོ་བའོ། །གསལ་བ་ནི་དབང་པོ་སྦྱངས་པ་དང་རྣོ་བའི་ཕྱིར་རོ། །གང་དག་གི་ལྟར་ན་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་

ཡོད་པར་འདོད་པ་ཞེས་བྱ་བ་ནི་ཉན་ཐོས་སྔོན་དུ་འགྲོ་བ་སྔར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེད་པའོ། །དེའི་རིགས་རྣམས་བཟློག་པ་བཀག་པ་མེད་དོ་ཞེས་བྱ་བ་ནི། དེ་དག་གི་ལུགས་ལྟར་ན་དྲོ་བར་འགྱུར་བ་དང་རྩེ་མོ་བཟློག་པ་བཀག་པ་མེད་དེ། དེའི་ཕྱིར་རང་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་བཟློག་ནས་རང་སངས་རྒྱས་

เล่ม ๑๔๕ · หน้า 168a

སུ་འགྱུར་རོ། །ས་བོན་འདེབས་པ་ལྟ་བུ་ནི་ཐར་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲུ་སྐྱེ་བ་ལྟ་བུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲུ་ཆགས་པ་ལྟ་བུ་ནི་འཕགས་པའི་ལམ་ཡིན་ནོ། །འཇུག་པ་དང་ཞེས་བྱ་བ་ལ། འཇུག་པ་ནི་ཐར་པའི་ཆ་དང་མཐུན་པས་སོ། །

ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱིས་སོ། །རྣམ་པར་གྲོལ་བ་ནི་འཕགས་པའི་ལམ་གྱིས་སོ། །དེའི་སྨོན་ལམ་གྱིས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ཡིད་ཀྱི་སྨོན་ལམ་ཡོངས་སུ་གཟུང་བའི་ཕྱིར་ཏེ། སྨོན་ལམ་ནི་སེམས་པའི་ཁྱད་པར་ཡིན་ནོ། །ལ་ལ་ཞིག་གིས་ཟས་

འགའ་ཙམ་བྱིན་ནས་ཞེས་བྱ་བ་ནི་ལུས་དང་ངག་ཀུན་ནས་སློང་བ་དང་བཅས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཟས་བྱིན་པ་ལས་གསུམ་ཆར་ཡང་སྲིད་པ་ཡིན་ནོ། །བསླབ་པ་འགའ་ཙམ་ཡང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཡིན་ནོ། །ཐར་པ་འདོད་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ལ་སྟོབས་བསྐྱེད་པ་ནི་

སྟོབས་དང་ལྡན་པའོ། །ཐར་པ་འདོད་པའི་སྟོབས་བསྐྱེད་པ་ནི་ཐར་པ་འདོད་པའི་སྟོབས་བསྐྱེད་པ་སྟེ། གང་ཞིག་ལ་བསམ་པ་ཐག་པ་ནས་འཁོར་བ་འདོར་བའི་བློ་གནས་པར་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་མོས་པར་འཇུག་པ་དེ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་བསམས་པ་ལས་བྱུང་བ་ཉུང་ཟད་ཀྱིས་

ཀྱང་ཐར་པའི་ཆ་དང་མཐུན་པ་འཕེན་གྱི། དེ་ལས་བཟློག་པས་མང་པོ་དག་གིས་ཀྱང་འཕེན་པར་མི་ནུས་སོ། །ཐར་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ཐར་པའི་ཆ་ནི་ཐར་པའི་ཆ་སྟེ། ཐར་པའི་ཆ་ནི་ཐོབ་པ་ཡིན་ལ། དེའམ་དེའི་ཕྱིར་ཕན་པ་ནི་ཐར་པའི་ཆ་དང་མཐུན་པའོ། །མིའི་ནང་ནས་འཕེན་པར་བྱེད་དེ། སངས་

རྒྱས་འབྱུང་བ་ཡོད་དམ་མེད་ཀྱང་ངོ་། །ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། རེ་ཞིག་སྒྲ་མི་སྙན་ན་ནི་གཉི་ག་མེད་དོ། །ངན་སོང་དག་ན་ནི་སྐྱོ་བ་ཡོད་ཀྱི་ཤེས་རབ་མེད་དོ། །ལྷའི་ནང་དག་ན་ནི་ཤེས་རབ་ཡོད་ཀྱི་སྐྱོ་བ་མེད་དོ། །མངོན་པར་རྟོགས་པའི་རིམ་པ་བཤད་པར་བརྩམས་པ་ཞེས་བྱ་བ་

ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བ་ནས་བརྩམས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གོ་རིམས་ཀྱི་བར་བཤད་ཟིན་ཏོ། །ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གིས་ཀྱང་ཆོས་ལ་བཟོད་པ་ཡིན་པས་

เล่ม ๑๔๕ · หน้า 168b

དེའི་ཕྱིར་ཟག་པ་མེད་པ་སྨོས་སོ། །རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་ཏེ་ཞེས་བྱ་བ་ནི་ཆོས་ཤེས་པ་དེའི་རྒྱུ་མཐུན་པ་ཡིན་ཏེ། དེས་ན་ཟག་པ་མེད་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ལས་བྱེ་བྲག་ཏུ་བྱས་ཏེ། གོ་བར་བྱེད་པ་ཡིན་པའི་ཕྱིར་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་

བཤད་དོ། །མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་མེ་ཏོག་གི་ཆེད་ཀྱི་ཤིང་ལ་མེ་ཏོག་གི་ཤིང་ཞེས་བྱ་བ་དང་། དེ་བཞིན་དུ་འབྲས་བུའི་ཆེད་ཀྱི་ཤིང་ལ་འབྲས་བུའི་ཤིང་ཞེས་བྱ་བ་ལྟར། ཆོས་ཤེས་པའི་བཟོད་པ་ཡིན་པ་ཡང་དེ་དང་འདྲའོ། །དེ་ཉིད་ཅེས་བྱ་བ་ནི་བཟོད་པའོ། །དེ་ཅིའི་ཕྱིར་ཞེ་ན།

ཡང་དག་པ་ཉིད་དུ་ངེས་པར་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཇི་ལྟར་ཞེ་ན། ལུང་གིས་སྒྲུབ་པར་བྱེད་པ་ནི་ཡང་དག་པ་ཉིད་ནི་མདོ་ལས་ཞེས་བྱ་བའོ། །ཇི་ལྟར་ཞེ་ན། ཡང་དག་པ་གང་ཞིག །འདོད་ཆགས་ཡོངས་སུ་གཏུགས་ཏེ་སྤངས་པ་དེ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེར་ཞེས་བྱ་བ་ནི་ཡང་

དག་པ་ཉིད་དུའོ། །གཅིག་ཏུ་གྱུར་པའོ་ཞེས་བྱ་བ་ནི་སྲིད་པ་བདུན་གོར་མ་ཆག་པར་མྱ་ངན་ལས་འདས་པར་འགྱུར་བའོ། །དེར་འཇུག་པ་ནི་མངོན་པར་འགྲོ་བ་སྟེ་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པའི་མཚན་ཉིད་ཅན་ངེས་པར་དེར་ཞེས་བསྟན་ཏོ། །ཡང་དེར་མངོན་པར་འགྲོ་བ་ཅི་ཞིག་ཅེ་ན། གནས་སྐབས་དེ་ཐོབ་པ་སྟེ། དེ་

སྐྱེ་གནས་ཡང་དག་པ་ཉིད་དུ་ངེས་པ་འཐོབ་པས་ངེས་པ་ལ་འཇུག་པ་ཞེས་བྱའོ། །མར་མེ་དང་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ལ་མ་འོངས་པ་བྱེད་པ་དང་ལྡན་པ་ནི་གསུམ་སྟེ། སྐྱེ་བ་དང་། མར་མེ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །སྐྱེ་བཞིན་པའི་མར་མེས་མུན་པ་སེལ་ཅིང་འགག་བཞིན་པས་

སྡོང་བུ་དང་མར་བསྲེགས་པ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེ་བཞིན་པས་སོ་སོའི་སྐྱེ་བོ་ཉིད་སྤོང་ལ། འགག་བཞིན་པས་ཕྲ་རྒྱས་བཅུ་སྤོང་ངོ་། །གཞན་དག་ན་རེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་ཞེས་བྱ་བ་ལ། ཅི་ཞེ་ན། སོ་སོའི་སྐྱེ་བོ་ཉིད་བཟློག་གོ་ཞེས་བྱ་བ་སྐབས་དང་སྦྱར་རོ། །

མ་ཡིན་ཏེ་དེའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ་སོ་སོའི་སྐྱེ་བོའི་ཆོས་དེ་ཉིད་བཟློག་པ་མི་སྲིད་དོ། །དེ་དང་འགལ་བའི་ཕྱིར་ཉེས་པ་མེད་དེ་ཞེས་བྱ་བ་ནི་དེ་དག་སོ་སོའི་ཆོས་ཡིན་མོད་ཀྱི། འོན་ཀྱང་སོ་སོའི་སྐྱེ་བོ་ཉིད་དང་འགལ་བ་ཡིན་ནོ། །དགྲ་བོའི་ཕྲག་པ་ལ་

เล่ม ๑๔๕ · หน้า 169a

ཞོན་ནས་དེ་འཚོག་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་དགྲ་བོའི་ཕྲག་པ་ལ་ཞོན་ཏེ། དགྲ་འཚོག་པ་དེ་བཞིན་དུ་སོ་སོའི་སྐྱེ་བོ་ཉིད་ཀྱི་དགྲ་ལ་ཞོན་ཏེ། སོ་སོའི་སྐྱེ་བོ་དེ་ཉིད་འཇོམས་པར་བྱེད་པ་ཡིན་ནོ། །གཞན་དག་ན་རེ་གཉི་གས་ཞེས་བྱ་བ་ནི། འཇིག་རྟེན་པའི་ཆོས་ཀྱི་མཆོག་

རྣམས་དང་བཟོད་པས་སོ་སོའི་སྐྱེ་བོ་ཉིད་བཟློག་པའོ། །ཇི་ལྟར་ཞེ་ན། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དང་ཆོས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ནི་བར་ཆད་མེད་པའི་ལམ་དང་འདྲ་བ་ཡིན་ཏེ། དེ་ཐོབ་པ་དང་འགལ་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་

པའི་བཟོད་པ་ནི་རྣམ་པར་གྲོལ་བའི་ལམ་དང་འདྲ་བ་ཡིན་ཏེ། དེ་མི་ལྡན་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རོ། །དེ་ནས་ནི་དེ་ཉིད་ལ་ཆོས་ཤེས་ཞེས་བྱ་བ་ལ་ཆོས་ཤེས་པ་ནི་ཆོས་ཙམ་ངེས་པར་འཛིན་པར་བྱེད་པའོ། །དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཞེས་བྱ་བ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་

ནི་ཕྱིན་ཅི་མ་ལོག་པའི་ཕྱིར་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ཡིན་ལ། དེ་རྟོགས་པའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་སྒྲ་མི་མངོན་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །རྗེས་སུ་ཤེས་པ་ཡང་ཆོས་ཀྱི་དེ་ཁོ་ན་

ཉིད་ཤེས་པ་ཡིན་མོད་ཀྱི། དང་པོ་ཉིད་དུ་ནི་མ་ཡིན་པས་ཆོས་ཤེས་པ་ཞེས་མི་བྱའོ། །དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི། དེའི་རྒྱུ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་ཆོས་ཤེས་པས་འདོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་ཏུ་རྟོགས་ཤིང་

ཡོངས་སུ་ཤེས་པ་དེ་ཁོ་ན་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་རྟོགས་པའི་ཕྱིར་རྗེས་སུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མཇུག་ཐོགས་སུ་སྐྱེ་བའི་རིམ་གྱིས་ཞེས་བྱ་བ་ནི་མཇུག་ཐོགས་སུ་སྐྱེ་བའི་རིམ་པ་སྟེ། དེ་ནས་སོ། །ལྷག་མ་ལ་ཞེས་བྱ་བ་ནི་གཟུགས་

དང་གཟུགས་མེད་པ་ན་སྤྱོད་པའི་ཀུན་འབྱུང་བ་ལའོ། །སྡེ་པ་གཞན་དག་ཅེས་བྱ་བ་ནི་འཕགས་པ་ཆོས་སྲུང་བའི་སྡེ་པ་ལ་སོགས་པ་དག་བདེན་པ་རྣམས་མངོན་པར་རྟོགས་པ་གཅིག་ཏུ་བརྗོད་དོ། །ཇི་ལྟར་ཞེ་ན། ཁ་ཅིག་གི་ལྟར་ན་སྡུག་བསྔལ་ཤེས་པ་ཁོ་ནས་འཕགས་པའི་བདེན་པ་བཞི་རྟོགས་པས་མངོན་པར་རྟོགས་

เล่ม ๑๔๕ · หน้า 169b

པ་གཅིག་པ་ནི་སྐད་ཅིག་མ་གཅིག་མངོན་པར་རྟོགས་པ་ཡིན་ནོ། །ཁ་ཅིག་གི་ནི་སྐད་ཅིག་མ་བཞི་སྟེ། དེ་དག་ལ་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་དབྱེ་བ་མ་བྱས་པར་བདེན་པ་བཞི་ལ་ཤེས་པའི་སྐད་ཅིག་མ་བཞིའོ། །ཁ་ཅིག་གི་བརྒྱད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་བདེན་པའི་

དབྱེ་བ་དང་། ཆོས་རྗེས་སུ་ཤེས་པའི་དབྱེ་བས་བརྒྱད་ཡིན་ནོ། །ཁ་ཅིག་གི་ནི་སྐད་ཅིག་མ་བཅུ་གཉིས་ཏེ། སྐད་ཅིག་མ་བརྒྱད་པོ་དེ་དག་ཁོ་ན་ལ་གཞན་འཇིག་རྟེན་པའི་ཤེས་པ་བཞི་འབྱུང་ངོ་། །དེ་ལྟར་སྡེ་པ་གཞན་དག་གི་བློ་ཐ་དད་པར་གྱུར་ཏོ། །བྱེ་བྲག་མེད་པར་མངོན་པར་རྟོགས་པ་ཞེས་བྱ་བའོ། །དེ་ནི་རྣམ་པ་

གསུམ་སྟེ་ཞེས་བྱ་བ་ནི། མཐོང་བའི་མངོན་པར་རྟོགས་པ་དང་། དམིགས་པའི་མངོན་པར་རྟོགས་པ་དང་། བྱ་བའི་མངོན་པར་རྟོགས་པའོ། །མཐོང་བའི་མངོན་པར་རྟོགས་པ་ནི་ཞེས་བྱ་བ་ནི། མཐོང་བ་ཉིད་མངོན་པར་རྟོགས་པ་ཡིན་པ་ནི། བདེན་པ་མངོན་པར་རྟོགས་པ་སྟེ། འདི་ལྟར་ཤེས་རབ་མེད་པར་བདེན་པ་

རྣམས་མཐོང་བ་མེད་པས་དེའི་ཕྱིར་མཐོང་བའི་མངོན་པར་རྟོགས་པ་ཡིན་ནོ། །ཟག་པ་མེད་པའི་ཤེས་རབ་ཀྱིས་བདེན་པ་རྣམས་ཞེས་བྱ་བ་ནི་དགེ་སློང་དག་ཟག་པ་མེད་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་མཐོང་བའོ་ཞེས་འབྱུང་བའི་ཕྱིར་རོ། །དམིགས་པའི་མངོན་པར་རྟོགས་པ་ནི་དམིགས་པའི་མངོན་པར་རྟོགས་

པ་སྟེ། འདིར་དམིགས་པ་ནི་འཛིན་པ་ལ་འདོད་དོ། །གལ་ཏེ་དམིགས་པ་འཛིན་པ་ཡིན་ན། མཐོང་བ་དང་དམིགས་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཤེས་རབ་ཁོ་ནས་མཐོང་བ་ཡིན་ལ། ཤེས་རབ་དང་མཚུངས་པར་ལྡན་པ་དག་གིས་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་དང་།

དམིགས་པའི་མངོན་པར་རྟོགས་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་སྨོས་ཏེ། ཀྱང་ཞེས་བྱ་བའི་སྒྲས་ནི་ཤེས་རབ་ཀྱང་གཟུང་ངོ་། །དེའི་ཕྱིར་དེ་ལྟར་ན་རེ་ཞིག་མཐོང་བ་གང་ཡིན་པ་དེ་ནི་དམིགས་པ་ཡང་ཡིན་ལ། ཚོར་བ་ལ་སོགས་པའི་དམིགས་པ་ནི་མཐོང་བ་མ་ཡིན་ནོ། །བྱ་བ་ཉིད་མངོན་པར་རྟོགས་

པ་ཡིན་པ་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་པའམ། ཡང་ན་བདེན་པ་གསུམ་གྱི་བྱ་བ་གང་ཡིན་པ་བྱ་བ་ཡིན་ཏེ། དེ་ཡང་མཇུག་ཐོགས་སུ་འཆད་པར་འགྱུར་རོ། །ལྡན་པ་མ་ཡིན་པ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲ་ནི་མཚུངས་པར་ལྡན་པ་དང་། ཤེས་རབ་ཀྱིས་ཀྱང་ཡིན་པའོ། །ཚུལ་ཁྲིམས་དང་སྐྱེ་

เล่ม ๑๔๕ · หน้า 170a

བ་ལ་སོགས་པ་ཞེས་བྱ་བའི་སོགས་པ་ཞེས་བྱ་བའི་སྒྲས་ནི་ཐོབ་པ་དང་གནས་པ་ལ་སོགས་པ་དག་བསྡུའོ། །ལྷན་ཅིག་འབྱུང་བ་ཐམས་ཅད་ཕན་ཚུན་བྱ་བ་ཡིན་པའི་ཕྱིར་ཏེ། ཐོབ་པ་མ་གཏོགས་པའི་ལྷན་ཅིག་འབྱུང་བ་ཚུལ་ཁྲིམས་ལ་སོགས་པ་དག་ནི་ལྷན་ཅིག་འབྱུང་བའི་རྒྱུ་

ཡིན་པའི་ཕྱིར་རོ། །སྡུག་བསྔལ་མཐོང་ན་དེའི་ཞེས་བྱ་བ་ནི་མངོན་པར་རྟོགས་པ་པོ་འམ་སྡུག་བསྔལ་གྱིའོ། །མངོན་པར་རྟོགས་པ་རྣམ་པ་གསུམ་ནི་ཇི་སྐད་དུ་བཤད་པའོ། །དེ་ལ་བྱ་བའི་མངོན་པར་རྟོགས་པ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །ཀུན་འབྱུང་བ་ལ་སོགས་པ་གསུམ་གྱི་མངོན་པར་རྟོགས་པ་ཇི་ལྟར་ཞེ་

ན། དེའི་ཕྱིར་སྤོང་བ་དང་མངོན་སུམ་དུ་བྱེད་པ་དང་། བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་མཐོང་བའི་དུས་ན་ཀུན་འབྱུང་སྤོང་ཞིང་འགོག་པ་ནི་དེ་ཐོབ་པའི་སྒོ་ནས་མངོན་སུམ་དུ་བྱེད་ལ། མངོན་དུ་གྱུར་པའི་སྒོ་ནས་ལམ་བསྒོམ་པ་ཡིན་ནོ། །རྣམ་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་འདི་དག་རེ་རེ་ཞིང་རྣམ་

པ་བཞི་པ་ཡིན་པའི་ཕྱིར་དང་། རྣམ་པ་དག་ཀྱང་ཕན་ཚུན་དོན་ཐ་དད་པའི་ཕྱིར་དང་། ཤེས་པ་གཅིག་ལ་རྣམ་པ་མང་པོ་མི་འཐད་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་བདག་མེད་པའི་རྣམ་པར་ཞེས་བྱ་བ་ནི་བདག་མེད་པའི་རྣམ་པ་ནི་བདེན་པ་བཞི་ཆར་ལ་མཚུངས་པ་ཉིད་ཀྱི་ཕྱིར་དེ་མཐོང་བའི་སྒོ་ནས་མངོན་པར་རྟོགས་

པ་གཅིག་པར་མི་འགལ་ལོ་ཞེ་ན། འོ་ན་ནི་བདེན་པ་རྣམས་སྡུག་བསྔལ་ལ་སོགས་པར་མཐོང་བར་མི་འགྱུར་ཞེས་བྱ་བ་ནི། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་འམ། ཡང་ན་སྡུག་བསྔལ་ལ་སོགས་པ་དག་ཏུ་སྟེ། བདེན་པ་རྣམས་སྡུག་བསྔལ་ལ་སྡུག་བསྔལ་ལ་སོགས་

པ་རྣམ་པ་བཅོ་ལྔར་མཐོང་བར་མི་འགྱུར་རོ། །དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་སྡུག་བསྔལ་ལ་སོགས་པའི་བདེན་པ་རེ་རེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱིས་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་ཏུ་མཐོང་བར་མི་འདོད་ན་ནི་དེའི་ཕྱིར་འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་དུ་ཡིད་ལ་བྱེད་པ་འམ་ཞེས་བྱ་བ་

རྒྱས་པར་འབྱུང་བའི་མདོ་དང་འགལ་ལོ། །རྣམ་པ་དེ་ལྟ་བུ་ནི་སྦྱོར་བའི་གནས་སྐབས་ན་ཡང་ཡོད་དོ་ཞེ་ན། དེའི་ཕྱིར་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་ཞེས་བྱ་བ་སྨོས་ཏེ། སྦྱོར་བའི་གནས་སྐབས་ན་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པ་མི་སྲིད་དོ། །གལ་ཏེ་དེ་ལྟ་བུ་ནི་བསྒོམ་པའི་ལམ་ལ་ཡིན་ནོ་ཞེས་བྱ་བ་ནི་འཕགས་པ་

เล่ม ๑๔๕ · หน้า 170b

ཉན་ཐོས་སྡུག་བསྔལ་ལ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །བརྗོད་པ་མ་ཡིན་ཏེ། ཇི་ལྟར་མཐོང་བ་བཞིན་བསྒོམ་པའི་ཕྱིར་རོ། །འདི་ལྟར་བདེན་པ་རྣམས་སྔར་ཇི་ལྟར་མཐོང་བ་དེ་ཁོ་ན་ལྟར་ཕྱིས་དེ་དག་བསྒོམ་པའི་ལམ་དུ་འགྱུར་རོ། །ལྷག་མ་རྣམས་ལ་དབང་ཐོབ་པའི་ཕྱིར་ཞེས་བྱ་བ་ལ། དབང་ཐོབ་པ་ནི་སྦྱོར་

བ་མེད་པར་ཀུན་འབྱུང་ལ་སོགས་པ་མཐོང་བ་མངོན་དུ་བྱེད་པའི་ནུས་པ་ཐོབ་པ་ཡིན་ནོ། །བར་སྐབས་སུ་ལྡང་བ་ཡོད་མེད་ཅེས་དཔྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། འདི་ལྟར་མདོ་ལས་གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཅིག་ལ་ཟས་སྟེར་ཞེས་བྱ་བ་ལ་སོགས་པ་གསུངས་ན།

མ་ལངས་པ་དེས་ནི་ཟས་ཟ་བ་སྲིད་པར་ཡིན་ནོ། །ཁ་ཅིག་ན་རེ་རྐྱེན་མ་ཚང་བས་བར་སྐབས་སུ་ལྡང་བ་ཡོད་དོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མེད་དེ། སྲིད་པའི་དབང་དུ་མཛད་ནས་ཤིང་སཱ་ལ་དང་། གསོ་སྦྱོང་བསྟན་པ་ལྟར་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་གསུངས་སོ་ཞེས་ཟེར་རོ། །གཅིག་མཐོང་ན་ལྷག་

མ་རྣམས་ཀྱི་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདི་སྐད་དུ་སྡུག་བསྔལ་མཐོང་ན་དེའི་མངོན་པར་རྟོགས་པ་ནི་གསུམ་མོ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན། སྡུག་བསྔལ་མཐོང་བའི་ཉོན་མོངས་པ་ཟད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་སྤངས་པའོ། །འགོག་པ་ཐོབ་པ་གང་ཡིན་པ་དེ་ནི་

འགོག་པ་མངོན་སུམ་དུ་བྱས་པའོ། །དེའི་ཚེ་གཉེན་པོ་མངོན་དུ་བྱས་པ་གང་ཡིན་པ་དེ་ནི་ལམ་བསྒོམ་པའོ། །དེ་ལྟར་ཀུན་འབྱུང་བ་ལ་སོགས་པ་རྣམས་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤངས་པ་དང་མངོན་སུམ་དུ་བྱེད་དང་། སྒོམ་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་གིས་ཀྱང་དེ་ལྟར་ཁས་བླངས་པའི་ཕྱིར་ཉེས་

པ་མེད་དོ། །མདོ་ལས་རིམ་གྱིས་མངོན་པར་རྟོགས་པ་གསུངས་པའི་ཕྱིར་ཉེས་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་མདོ་ལས་མཐོང་བའི་མངོན་པར་རྟོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བདེན་པ་རེ་རེ་ཡང་མཐོང་བར་འདོད་པར་བྱ་སྟེ། དེ་ལྟ་མ་ཡིན་ན་དེ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་རྣམས་སྤངས་པར་མི་

འགྱུར་རོ། །དཔེ་དང་བཅས་པའི་མདོ་གསུམ་ཁུངས་སུ་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་ཞེ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་ལགས་འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་

เล่ม ๑๔๕ · หน้า 171a

རྟོགས་པ་འམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ལགས། ཁྱིམ་བདག་འཕགས་པའི་བདེན་པ་བཞི་ནི་མཐར་གྱིས་མངོན་པར་རྟོགས་ཀྱིས། མངོན་པར་རྟོགས་པ་གཅིག་པ་ནི་མེད་དོ། །ཁྱིམ་བདག་གང་ཞིག་འདི་སྐད་དུ། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་

པར་ཀུན་འབྱུང་བ་འཕགས་པའི་བདེན་པ་རྟོགས་པར་བྱའོ། །ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་འགོག་པ་འཕགས་པའི་བདེན་པ་རྟོགས་པར་བྱའོ། །འགོག་པ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ལམ་འཕགས་པའི་བདེན་པ་རྟོགས་པར་བྱའོ་ཞེས་སྨྲ་ན། དེ་སྐད་དུ་ནི་མ་སྨྲ་

ཞིག་ཅེས་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་བྱ་བ་ནས་འདི་ནི་གནས་མེད་ཅིང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་ནི་གནས་ཡོད་དོ་ཞེས་

བྱ་བའི་བར་ཡང་སྔ་མ་བཞིན་ནོ། །ཁྱིམ་བདག་དཔེར་ན་གང་ཞིག་འདི་སྐད་དུ་བདག་གིས་ཁང་པ་རྩེག་མ་འམ་ཁང་པ་རྩེག་མ་ཆེན་པོའི་རྨང་ལ་རྐང་པ་མ་གཞག་པར་རྩིག་པ་ལ་གཞག་པར་བྱའོ། །རྩིག་པ་ལ་མ་གཞག་པར་ཕྱམ་སོ་ལ་གཞག་པར་བྱའོ། །ཕྱམ་སོ་ལ་མ་གཞག་པར་གཡོགས་མ་ལ་གཞག་པར་

བྱའོ་ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁང་པ་རྩེག་མ་འམ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཇི་སྐད་ཞུས་པ་དེ་སྐད་དུ་དགེ་སློང་གཅིག་ཅིག་གིས་ཀྱང་ཞུས་ཏེ། དཔེའི་ཁྱད་པར་ནི་དགེ་སློང་གང་ཞིག་འདི་སྐད་དུ་བདག་གིས་བང་རིམ་

བཞི་ཡོད་པའི་ཐེམ་སྐས་ཐ་མ་ལ་མ་གཟེགས་པར་གཉིས་པ་ལ་གཟེགས་པར་བྱའོ། །གཉིས་པ་ལ་མ་གཟེགས་པར་གསུམ་པ་ནས་བཞི་པ་ལ་གཟེགས་པར་བྱའོ་ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ་ཞེས་འབྱུང་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་དེ་སྐད་དུ་ཞུས་ཏེ། དཔེའི་ཁྱད་

པར་ནི་ཀུན་དགའ་བོ་དཔེར་ན་གང་ཞིག་འདི་སྐད་དུ་བདག་གིས་གདང་བུ་བཞི་པའི་སྐས་ལ། གདང་བུ་ཐ་མ་ལ་རྐང་པས་མ་གཟེགས་པར་གདང་བུ་གཉིས་པ་ལ་གཟག་གོ་ཞེས་བྱ་བ་ནས་ཁང་བཟངས་ཀྱི་ཐོག་ཏུ་གཟེག་གོ་ཞེས་སྨྲ་ན་དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱ་བའི་བར་རྒྱས་པར་འབྱུང་བའོ། །དེ་བཞིན་དུ་ཀུན་

เล่ม ๑๔๕ · หน้า 171b

དགའ་བོ་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཞེས་བྱ་བ་ནས་འདི་ནི་གནས་མེད་ཅིང་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་ངོ་། །མདོ་གསུམ་ནི་འདི་དག་ཡིན་ནོ། །གང་ཞིག་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བདེན་པ་མངོན་

པར་རྟོགས་པ་གཅིག་ཏུ་མི་འདོད་ན། མདོ་ཇི་ལྟར་དྲང་ཞེས་བྱ་བའོ། །སངས་རྒྱས་ཞེས་བྱ་བ་ནི་མི་སློབ་པའི་ཆོས་རྣམས་ཡིན་ལ། དེ་དག་ཀྱང་ལམ་ཡིན་ཏེ། ལམ་གྱི་བདེན་པ་མངོན་པར་མ་རྟོགས་པར་ནི་དེ་ལ་ཐེ་ཚོམ་མེད་པར་མི་རིགས་སོ། །རྣམ་པ་གཅིག་ཏུ་ན་སྡུག་བསྔལ་སྨོས་པས་ཀུན་འབྱུང་ཡང་བཟུང་བ་

ལས་སངས་རྒྱས་ཞེས་བྱ་བ་སྨོས་པས་འགོག་པ་དང་ལམ་གཉིས་ཀྱང་བཟུང་སྟེ། སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཀྱི་རབ་ཏུ་ཕྱེད་པའི་ཕྱིར་རོ། །དེ་ལ་ཐེ་ཚོམ་དང་ནེམ་ནུར་ནི་རྣམ་གྲངས་ཀྱི་ཚིག་སྟེ། དཔེར་ན་ཚེ་རིང་བ་དང་། ཡུན་རིང་དུ་གནས་པར་འགྱུར་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་སྡུག་བསྔལ་གྱི་

བདེན་པ་ངེས་པ་ཁོ་ན་ན་བདེན་པ་གཞན་ཡང་ངེས་པ་ཡིན་ནོ། །མ་ཡིན་ཏེ་ཀུན་ཏུ་མི་འབྱུང་བ་དང་གདོན་མི་ཟ་བར་སྤོང་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་ནི་ཀུན་དུ་མི་འབྱུང་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་དང་། གདོན་མི་ཟ་བར་སྤོང་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཏེ། སྡུག་བསྔལ་ཡོངས་སུ་ཤེས་

ན་ཐེ་ཚོམ་ཀུན་དུ་འབྱུང་བ་ཡོད་པ་མ་ཡིན་ཏེ། བཟོད་པ་ཆེན་པོའི་གནས་སྐབས་ན་སྟེ་མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེའི་ཚེ་གདོན་མི་ཟ་བར་སྤངས་པ་ཡང་ཡིན་ཏེ། དེའི་ཕྱིར་མདོ་དང་འགལ་བ་མེད་དོ། །དེ་དག་ནི་ས་དྲུག་གོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་དང་། ཁྱད་པར་བསམ་

གཏན་ས་པའོ་ཞེས་བཤད་པའི་ཕྱིར་རོ། །གཉིས་ཀྱི་རྐུན་པོ་འབྱིན་པ་དང་སྒོ་གཅོད་པ་བཞིན་ནོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་ཉོན་མོངས་པའི་ཆོམ་རྐུན་དེའི་ཐོབ་པ་གཅོད་པའི་སྒོ་ནས་འབྱིན་པར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་དེ་ལྟར་དུ་བྱེད་པའི་སྒོ་ནས་བྲལ་བའི་ཐོབ་པའི་སྒོ་གཅོད་པར་བྱེད་དོ། །

གལ་ཏེ་བར་ཆད་མེད་པའི་ལམ་གཉིས་པ་ཞེས་བྱ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བར་ཆད་མེད་པའི་ལམ་གཉིས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ལ་དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་ཆད་མེད་པའི་ལམ་གཉིས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་

เล่ม ๑๔๕ · หน้า 172a

ཡིན་ཏེ། ལྷག་མ་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དམིགས་པ་དེ་ཁོ་ན་ལ་ཐེ་ཚོམ་སྤངས་པའི་ཤེས་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གང་ཞིག་བར་ཆད་མེད་པའི་ལམ་གྱི་ཡུལ་འདོད་པའི་སྡུག་བསྔལ་ལ་སོགས་པ་ལའོ། །དེ་ལས་ཅིར་འགྱུར་ཞེ་ན། ཕྱིས་སྡུག་བསྔལ་ཡོངས་

སུ་ཤེས་སོ་ཞེས་བྱ་བར་ངེས་པར་མི་འགྱུར་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་སྔར་མ་སྐྱེས་པའི་ཕྱིར་རོ། །དེ་ཉེ་བར་བསྟན་པ་དོན་མེད་པ་ཡང་ཐལ་བར་འགྱུར་ཏེ། རེ་ཞིག་འདི་ནི་རིགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་གསུངས་ཏེ།

དེའི་ཕྱིར་གདོན་མི་ཟ་བར་གཉི་ག་ཡང་ཡོད་དགོས་སོ། །གལ་ཏེ་བཟོད་པ་རྣམས་ཀྱིས་ཉོན་མོངས་སྤོང་བའི་ཕྱིར་ཞེས་བྱ་བ་ནི། གལ་ཏེ་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་སྤོང་ལ། ཤེས་པ་རྣམས་ཀྱིས་མ་ཡིན་ཞིང་ཤེས་པ་རྣམས་ཀྱིས་དེའི་བྲལ་བའི་ཐོབ་པ་འཛིན་པ་འབའ་ཞིག་ཡིན་ན། དེ་ལྟ་ན་བསྟན་བཅོས་ལས་ཀུན་དུ་

སྦྱོར་བའི་རིས་དགུ་ཞེས་འབྱུང་བ་དང་འགལ་ཏེ། འདི་སྐད་དུ་བསྟན་བཅོས་ལས་ཀུན་དུ་སྦྱོར་བའི་རིས་དགུ་སྟེ། ཆོས་ཤེས་པ་སྤང་བར་བྱ་བ་བཞི་དང་། རྗེས་སུ་ཤེས་པས་སྤང་བར་བྱ་བ་བཞི་དང་། བསྒོམ་པས་སྤང་བར་བྱ་བའོ་ཞེས་འདོན་ཏོ། །མ་ཡིན་ཏེ་བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཞེས་བྱ་

བ་ནི་འགལ་བ་ཡོད་པ་མ་ཡིན་པའོ། །བཟོད་པ་རྣམས་ནི་ཤེས་པའི་འཁོར་དུ་གྱུར་པས་དེའི་ཕྱིར་བཟོད་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་ལ་ཤེས་པས་སྤང་བར་བྱ་བ་ཞེས་བྱ་བ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་ནི་གཙོར་ཤེས་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ཉིད་ལ་དཔེར་བརྗོད་

པ་ནི། རྒྱལ་པོའི་འཁོར་གྱིས་བྱས་པ་ལས་རྒྱལ་པོས་བྱས་སོ་ཞེས་ཐ་སྙད་འདོགས་པ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་མ་མཐོང་བ་རྣམས་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱ་སྟེ། ལམ་ལ་རྗེས་སུ་ཤེས་པ་མ་གཏོགས་པ་

སྐད་ཅིག་མ་ལྷག་མ་བཅོ་ལྔ་ནི་མཐོང་བའི་ལམ་མོ། །ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་མཐོང་བའི་ལམ་ལ་རྗེས་སུ་ཤེས་པས་མཐོང་བས་ཇི་ལྟར་མཐོང་བ་གོམས་པར་བྱེད་པའོ། །མཐོང་བ་མཐོང་བ་མ་ཡིན་ནམ་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་དྲུག་པ་དེས་སོ། །

เล่ม ๑๔๕ · หน้า 172b

མ་མཐོང་བ་དེ་གང་ཞིག་ཅེ་ན། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་བ་སྨོས་ཏེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བདག་ཉིད་མ་གཏོགས་པ་ལྷག་མ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་པར་བྱེད་དོ། བདག་ཉིད་ལ་བྱེད་པ་ནི་འགལ་བའི་ཕྱིར་རོ། །ཕྱིས་རྗེས་སུ་མཐུན་པའི་

ཤེས་པས་བཟོད་པ་མ་མཐོང་བ་དེ་དག་མཐོང་བ་ཡིན་ནོ་ཞེ་ན། བདེན་པའི་ཕྱིར་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་བདེན་པ་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཀྱི། མ་མཐོང་བ་མཐོང་བའི་ཕྱིར་རོ་ཞེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཅིག་མ་མཐོང་ནས་ནི་བདེན་པ་མཐོང་བ་མ་

ཡིན་ཏེ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་པའི་དཔེར་བཤད་པ་ནི་དཔེར་ན་ཉག་མ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡིན་

པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་བཞིན་དུ་བསྒོམ་པའི་ལམ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་ཚེ་ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་འཐོབ་པའི་ཕྱིར་ཏེ། ཆོས་ཤེས་པ་བཞི་དང་རྗེས་སུ་ཤེས་པ་བཞི་དང་། རྣམ་

པ་བཅུ་དྲུག་ཞེས་བྱ་བ། སྡུག་བསྔལ་གྱི་རྣམ་པ་བཞི་ནས་ལམ་གྱི་རྣམ་པ་བཞིའི་བར་ཏེ་དེ་ལས་གཞན་པའི་བསྒོམ་པའི་ལམ་བཞིན་ནོ། །མཐོང་བའི་ལམ་ལ་ནི་ཤེས་པ་དང་རྣམ་པ་སྐལ་བ་མཉམ་པ་ཁོ་ན་འཐོབ་པོ། །དེའི་ཕྱིར་ཡང་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཁོ་ན་ཡིན་ནོ། །ལམ་སྔ་མ་རྣམ་པར་

ཉམས་པའི་ཕྱིར་ཞེས་བྱ་བ་ནི་ཞུགས་པའི་ལམ་རྣམ་པར་ཉམས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུའི་ལམ་ལྟར་བསྒོམ་པའི་ལམ་ཁོ་ནར་ཞུགས་པའི་ལམ་ཡོངས་སུ་གཏོང་གི་མཐོང་བའི་ལམ་དུ་ནི་མ་ཡིན་ལ། ལམ་ལ་རྗེས་སུ་ཤེས་པ་ལ་ནི་ཞུགས་པའི་

ཡོངས་སུ་གཏོང་བ་ཡིན་ཏེ། དེའི་ཕྱིར་ཡང་བསྒོམ་པའི་ལམ་ཁོ་ན་ཡིན་ནོ། །རྒྱུན་ཆགས་པ་ཡིན་པའི་ཕྱིར་ཞེས་བྱ་ནི་ལམ་ལ་རྗེས་སུ་ཤེས་པ་འདི་ནི་དེ་ལས་གཞན་པའི་བསྒོམ་པའི་ལམ་བཞིན་དུ། རྒྱུན་ཆགས་པ་ཡིན་ན་མཐོང་བའི་ལམ་ལ་ནི་བཟོད་པ་འམ་ཤེས་པ་འང་རུང་རྒྱུན་ཆགས་པ་ཡོད་པ་མ་ཡིན་

เล่ม ๑๔๕ · หน้า 173a

ཏེ། འདིའི་ཕྱིར་ཡང་ལམ་ལ་རྗེས་སུ་ཤེས་པ་བསྒོམ་པའི་ལམ་ཡིན་ནོ། །གལ་ཏེ་ལམ་ལ་རྗེས་སུ་ཤེས་པ་བསྒོམ་པའི་ལམ་ཡིན་ན། ཇི་ལྟར་དེ་ལས་ཡོངས་སུ་མི་ཉམས་ཤེ་ན། དེའི་ཕྱིར་ཡོངས་སུ་མི་ཉམས་པ་ནི་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་

རོ་ཞེས་བྱ་བ་སྨོས་ཏེ། མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་མོ་ཞེས་སྔར་མཛོད་ཀྱི་གནས་ལྔ་པར་བཤད་ཟིན་ཏོ། །ལམ་ལ་རྗེས་སུ་ཤེས་པ་ཁོ་ནས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་སྤངས་པ་ཡང་

དག་པར་འཛིན་པ་དེའི་དེ་ལས་ཡོངས་སུ་ཉམས་པ་མེད་དོ། །གལ་ཏེ་འབྲས་བུའི་ལམ་དེ་ལས་ཡོངས་སུ་ཉམས་ན་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཞིག་ན་དེ་ལས་ནི་ཡོངས་སུ་ཉམས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེས་

མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་རོ། །མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ཕན་ཆད་ཀྱི་བསྒོམ་པའི་ལམ་ཡང་མཐོང་བའི་ལམ་དུ་འགྱུར་ཏེ། དེས་ཀྱང་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་རོ། །དེ་

ལྟར་ཡིན་ན་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་ཡང་མཐོང་བའི་ལམ་དུ་འགྱུར་རོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན་ཞེས་བྱ་བ་ནི། བརྒྱད་པ་ལམ་ལ་རྗེས་སུ་ཤེས་པ་མ་ཡིན་སྙམ་དུ་བསམས་པ་སྟེ། བདུན་པོ་དེ་དག་ནི་ཆོས་ཤེས་པ་བཞི་དང་། རྗེས་སུ་ཤེས་པ་གསུམ་མོ། །

མཐོང་བ་མ་རྫོགས་པའི་ཕྱིར་ཏེ། བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་ཤེས་པ་རྣམས་མཐོང་བའི་ལམ་ཉིད་དོ་ཞེས་མི་བྱའི། འོ་ན་ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱི་བར་མར་གྱུར་པའི་ཕྱིར་ཏེ། བཟོད་པ་གཉིས་གཉིས་ཀྱི་བར་མར་གྱུར་པ་ཡིན་པའི་ཕྱིར་ཤེས་པ་བདུན་པོ་དེ་དག་ཀྱང་མཐོང་བའི་ལམ་ཡིན་

ནོ། །ད་ནི་ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལམ་ནི་རྣམ་པ་གསུམ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་སྟེ། ད་ནི་གསུམ་པོ་དེ་དག་ཏུ་ཇི་ལྟར་གང་ཟག་རྣམ་པར་གཞག་པར་དེ་ལྟར་རྒྱས་པར་བརྗོད་པར་བྱའོ། །

เล่ม ๑๔๕ · หน้า 173b

དེ་ལ་རེ་ཞིག་མཐོང་བའི་ལམ་གྱི་རང་བཞིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དབང་པོ་རྟུལ་པོ་ནི་དད་པས་ནུས་པ་ཀུན་དུ་འབྱུང་བའི་ཕྱིར་སྐད་ཅིག་མ་བཅོ་ལྔ་པོ་དེ་དག་ལ་གནས་པ་ན་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་ནི་དཔྱོད་པ་དག་གིས་མངོན་པར་དགའ་བ་ཀུན་དུ་འབྱུང་བའི་ཕྱིར་ཆོས་

ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །རྗེས་སུ་འབྲང་བས་ན། རྗེས་སུ་འབྲང་བ་སྟེ། དངོས་པོའི་བྱེད་པ་པོའོ། །དད་པའི་རྗེས་སུ་འབྲང་བས་ན་དད་པའི་རྗེས་སུ་འབྲང་བའོ། །དེ་ལ་འདི་ཡོད་པས་ན་དད་པའི་རྗེས་སུ་འབྲང་བའོ། །སྔོན་གཞན་ལས་ཡིད་ཆེས་པས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེན་པ་

མཐོང་བའི་སྔོན་རོལ་དུ་སྟེ། བདེན་པ་མཐོང་ན་ནི་བདག་ཉིད་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་ནོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བས་ན་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་སམ། ཆོས་ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ཡིན་པས་ན་ཆོས་ཀྱི་རྗེས་

སུ་འབྲང་བ་སྟེ། སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བའི་སྒྲས་ནི་གཅིག་དང་གཉིས་དང་གསུམ་དང་བཞི་རྣམ་པ་ལྔ་སྤངས་པ་ཞིག་ཡིན་ན།

དེ་བཞིན་དུ་དང་པོའི་འབྲས་བུ་པ་ལ་ཞུགས་པ་དག་ཅེས་བྱ་སྟེ། དཔེར་ན་འཆིང་བ་མཐའ་དག་དང་ལྡན་པ་དག་བཞིན་ནོ། །གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། གཉིས་པ་ལ་ཞེས་བྱ་བ་ནི་གཉིས་པའི་ཆེད་དུ་སྟེ། དཔེར་ན་པགས་པའི་ཕྱིར་གུང་གསོད་དོ་ཞེས་བྱ་བ་ལྟ་བུའོ། །དགྲ་བཅོམ་པ་ཉིད་ནི་དང་

པོ་ཉིད་དུ་ཐོབ་པར་མི་ནུས་ཏེ་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའི་གོང་རོལ་དུ་དགྲ་བཅོམ་པ་ཉིད་ཐོབ་པར་མི་ནུས་སོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་ཞེས་བྱ་བ་སྨོས་ཏེ། སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་སྤངས་པས་དགྲ་

བཅོམ་པ་ཉིད་ཡིན་ན། མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བ་སྲིད་པ་ཡང་མ་ཡིན་ཏེ། བཟོད་པས་གཞོམ་མིན་སྒོམ་ཁོ་ནས། །ཞེས་འབྱུང་བའི་ཕྱིར་རོ། །སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ན་

เล่ม ๑๔๕ · หน้า 174a

འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའོ། །སྲིད་པའི་རྩེ་མོའི་གཉེན་པོར་གྱུར་པའི་འཇིག་རྟེན་པའི་ལམ་ནི་ཡོད་པ་མ་ཡིན་ཏེ། འཇིག་རྟེན་པའི་ལམ་ནི་གོང་མའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཕྱིར་ལ། དེ་ཡན་ཆད་ནས་གཞན་

མེད་པའི་ཕྱིར་རོ། །དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་། མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི། དད་པ་ལྷག་པས་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་པས་མོས་པ་ཡིན་གྱི་དེ་ལ་ཤེས་རབ་མེད་པ་ཉིད་ནི་མ་ཡིན་ལ་ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བས་ཐོབ་པ་ཡིན་གྱི།

དེ་ལ་དད་པ་མེད་པ་ནི་མ་ཡིན་ནོ། །རྣམ་པ་ལྔའི་བར་བཅོམ་ཞེས་བཤད་པའི་ཕྱིར། ཅིའི་ཕྱིར་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཁྱད་པར་དུ་བྱ་བའི་ཕྱིར་བརྩོན་པ་གང་ཞེ་ན། འབྲས་བུ་ཐོབ་

པར་བྱ་བ་ལ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་འབྲས་བུ་གཞན་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་སྟེ། ཅིའི་ཕྱིར་སྔར་འཇིག་རྟེན་པའི་ལམ་གྱིས་རྣམ་པ་བདུན་དང་བརྒྱད་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཞེས་བྱ་ལ། ཕྱིར་མི་

འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་ཞེས་བྱ་བ་དང་། དེ་བཞིན་དུ་འདོད་པའི་ཁམས་ན་འདོད་ཆགས་དང་བྲལ་ཞིང་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ཡང་སེམས་བཅུ་དྲུག་པ་ལ་ཕྱིར་མི་འོང་

བ་ཁོ་ན་ཞེས་བྱ་ལ། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར་འབྲས་བུ་ཐོབ་འབྲས་བུའི་ཁྱད་པར་གྱི་ཞེས་བྱ་བ་རྒྱས་པར་སྦྱར་རོ། །གང་ཞིག་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ། ས་འོག་མ་ལ་བརྟེན་ཏེ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་རྣམས་

ལས་བསམ་གཏན་གཉིས་པ་ལ་ཐུག་པ་གང་ཡང་རུང་བ་ཞིག་ལ་སྟེ། དེ་དག་ལ་བདེ་བའི་དབང་པོ་མེད་པའི་ཕྱིར་རོ། །དེ་ནི་འདོད་པའི་ཁམས་སུ་སྐྱེས་པ་ཁོ་ན་ཞིག་སྟེ། གོང་ན་མཐོང་བའི་ལམ་མེད་པའི་ཕྱིར་རོ། །དེ་ནི་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་བསམ་གཏན་གསུམ་པའི་ས་པ་ཟག་

เล่ม ๑๔๕ · หน้า 174b

པ་མེད་པ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་པ་དེ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དེའི་གོང་བསམ་གཏན་བཞི་པའམ། གཟུགས་མེད་པ་དག་ཏུ་སྐྱེས་པའི་འཕགས་པ་དེ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །དེས་ནི་ས་འཕོས་པས་བསམ་གཏན་གསུམ་པ་ཟག་པ་དང་

བཅས་པ་བཏང་ལ། དེས་ཟག་པ་མེད་པ་ཡང་མངོན་དུ་མ་བྱས་པས་བདེ་བའི་དབང་པོ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉི་ག་དང་ལྡན་པར་འགྱུར་ན། འཕགས་པ་གོང་དུ་སྐྱེས་པ་ནི་གདོན་མི་ཟ་བར་བདེ་བའི་དབང་པོ་དང་ལྡན་པར་གསུངས་ཏེ། བདེ་བའི་དབང་པོ་དང་ནི་བསམ་གཏན་བཞི་པ་དང་།

གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོ་མི་ལྡན་གྱི་འཕགས་པ་ནི་ལྡན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་འདི་ནི་རྣམ་པར་བཤད་པའི་ནང་དུ་བྲིས་པ་ཡོད་མོད་ཀྱི། དེ་ནི་གཞག་པའི་ཕྱོགས་མ་ཡིན་པར་མངོན་ཏེ། གཞན་དག་ན་རེ་ནི་ཞེས་འབྱུང་བའི་ཕྱིར་རོ། །འཕགས་པ་བདེན་པའི་དབང་

པོ་དང་ལྡན་ནོ་ཞེས་བྱ་བ་ནི་སྲིད་པའི་དབང་དུ་བྱས་ནས་བཤད་པར་ཟད་དོ་ཞེས་ཟེར་རོ། །དེ་ལྟར་རེ་ཞིག་ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ཞེས་བྱ་བ་ལ་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་རྣམས་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ངེས་པ་ལ་འཇུག་པའི་གང་

ཟག་རྣམ་པར་གཞག་པ་ནི་བཤད་ཟིན་ཏོ། །དང་པོ་ཁོ་ནར་ལམ་ཆེན་པོར་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་ལས་དང་པོ་པའི་རྒྱུད་ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་ཏེ་དེ་ཉིད་ཀྱི་ཕྱིར་ལམ་ཆེན་པོ་སྐྱེས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དཔེའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་དཔེའི་རྣམ་པའི་

རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ལྟར་ན། རྣམ་པ་འདིས་དཔེ་གཞན་ཡང་བརྗོད་པར་བྱའོ་ཞེས་སྟོན་པར་བྱེད་དེ། དེ་ལྟ་མ་ཡིན་ན་འདི་ནི་དཔེ་ཡིན་ནོ་ཞེས་དེ་སྐད་དུ་རྗོད་པར་བྱེད་དོ། །འཁོར་བ་ཐོག་མ་མེད་པ་བརྒྱུད་པས་སྤེལ་བ་ཞེས་བྱ་བ་ནི། འཁོར་བ་ཐོག་མ་མེད་པ་བརྒྱུད་པས་སྤེལ་

ཞིང་ཕན་བཏགས་པས་དེས་ན་ཆེན་པོ་རྣམས་ཞེས་བྱ་སྟེ། འདི་དག་ལ་ཚད་དེ་བུངས་གླགས་པ་ཡོད་པའི་ཕྱིར་རོ། །ཉོན་མོངས་པ་དེ་རྣམས་རྩ་ནས་མེད་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཐོབ་པ་གཅོད་པར་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པ་རྣམས་དེ་ལ་རག་ལས་པའི་ཕྱིར་ཐོབ་པ་ནི་རྩ་བ་དང་

เล่ม ๑๔๕ · หน้า 175a

ཆོས་མཐུན་པ་ཡིན་ནོ། །ཆུང་བའི་དུར་བྱིད་ཐུན་གཅིག་གིས་སྐྱོན་མང་པོ་འབྱིན་པ་དང་འདྲ་ཞིང་མར་མེ་སྐད་ཅིག་མས་མུན་པ་ཆེན་པོ་འཇོམས་པ་དང་འདྲའོ། །དེ་ལ་མཆོག་ཏུ་ཐོགས་ནས་སྐྱེ་བ་བདུན་ཡོད་པས་ན་མཆོག་ཏུ་ཐོགས་ན་ལན་བདུན་པ་སྟེ། མཆོག་ཏུ་ཞེས་བྱ་བའི་སྒྲ་

ནི་རབ་ཏུའོ། །དེ་ལྟར་མ་ཐོགས་ན་ཞེས་འབྱུང་བས་ཐམས་ཅད་ནི་གདོན་མི་ཟ་བར་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར། ཐམས་ཅད་ཀྱི་ཐ་ཤལ་བའོ་ཞེས་འབྱུང་ངོ་། །དེ་ནས་དེར་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དེ་ནས་མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །

ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ། ལམ་དང་པོ་ནི་མཐོང་བའི་ལམ་མོ། །བརྒྱད་པ་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ནས་བཟུང་སྟེ། ལུགས་ལས་བཟློག་སྟེ་བགྲངས་ན་སྐྱེས་བུ་གང་ཟག་བརྒྱད་ཀྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་འཇུག་པ་ཐ་དད་པའི་

རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ནི་བརྒྱད་པ་ཡིན་ནོ། །གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་ལམ་གྱིས་རྣམ་པ་དྲུག་པ་ཟད་པར་བྱས་པ་ཡང་། གལ་ཏེ་ཕྱིས་འཕགས་

པའི་ལམ་མངོན་དུ་བྱེད་ན་དེའི་ཚེ་དེ་ལན་ཅིག་ཕྱིར་འོང་བ་ཡིན་ན། དེ་ཡང་རྒྱུན་དུ་ཞུགས་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་སེམས་བཅུ་དྲུག་པ་ལ་ཕྱིར་མི་འོང་བ་ཉིད་ཡིན་གྱི་རྒྱུན་དུ་ཞུགས་པ་མ་ཡིན་ན། དེ་ཡང་འབྲས་བུ་དང་པོ་

ཡིན་པས་དེའི་ཕྱིར་རྒྱུན་དུ་ཞུགས་པར་འགྱུར་བ་ཞིག་ན་འདི་ནི་འདོད་པ་ཡང་མ་ཡིན་ནོ། །འབྲས་བུ་ཐམས་ཅད་ཐོབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐམས་ཅད་ཐོབ་པའི་ངང་ཚུལ་ཡོད་པས་ན་འབྲས་བུ་ཐམས་ཅད་ཐོབ་པ་སྟེ། དེ་ནས་བཟུང་

སྟེ་འབྲས་བུ་ཐོབ་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་ཞེས་བྱ་བ་ལ་ཞུགས་པའི་ལམ་ནི་སྐད་ཅིག་མ་བཅོ་ལྔའི་མཚན་ཉིད་ཅན་ནོ། །འབྲས་བུའི་ལམ་ནི་ལམ་ལ་རྗེས་སུ་ཤེས་པའོ། །བརྒྱད་པས་ནི་རྒྱུན་དུ་ཞུགས་པའི་ལམ་ཁོ་ན་ཐོབ་ཀྱི། འབྲས་བུའི་

เล่ม ๑๔๕ · หน้า 175b

ལམ་ནི་མ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་ཐོབ་པའི་ཕྱིར་ཞེས་བྱ་བ་ལ། མཐོང་བའི་ལམ་ནི་སྐད་ཅིག་མ་བཅོ་ལྔའོ། །བསྒོམ་པའི་ལམ་ནི་ལམ་ལ་རྗེས་སུ་ཤེས་པ་སྟེ། དེ་ཡང་རྒྱུན་དུ་ཞུགས་པ་ཁོ་ནས་ཐོབ་ཀྱི། དད་པའི་རྗེས་སུ་འབྲང་བ་འམ། ཆོས་ཀྱི་རྗེས་སུ་འབྲང་བ་བརྒྱད་པས་ནི་

མ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཐམས་ཅད་མངོན་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་ཀྱང་མཐོང་བའི་ཕྱིར་ཏེ། རྒྱུ་འདིའི་ཕྱིར་ཡང་དེ་ཁོ་ན་རྒྱུན་དུ་ཞུགས་པ་ཡིན་གྱི། བརྒྱད་པ་ནི་མ་ཡིན་ནོ། །གནས་བདུན་ལ་མཁས་པ་ཞེས་བྱ་བ་དང་། འདབ་མ་བདུན་པ་

ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ལྟ་བུའོ། །ཇི་ལྟར་ཞེ་ན། དགེ་སློང་དག་ཇི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པ་ཡིན་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་

དང་། གཟུགས་འགོག་པར་འགྲོ་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འབྱུང་སྟེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་ལ་ཡང་བརྗོད་

པར་བྱའོ། །ཚུལ་འདིས་ནི་གནས་སུམ་ཅུ་རྩ་ལྔ་ལ་མཁས་པར་འགྱུར་རོ། །འདབ་མ་བརྒྱ་ཕྲག་དུ་མ་ཞིག་ཡོད་ཀྱང་། བདུན་ཚན་དུ་མཐུན་པའི་ཕྱིར་ཤིང་དེ་ལ་ལོ་མ་བདུན་པ་ཞེས་བྱའོ། །དཔེ་དང་པོ་ནི་གསུང་རབ་ལས་གྲུབ་པ་ཡིན་ལ། གཉིས་པ་ནི་འཇིག་རྟེན་པ་ལ་གྲགས་པའོ་ཞེས་བྱ་བ་ནི་ཁྱད་

པར་རོ། །གལ་ཏེ་ལྷ་དང་མི་དག་གི་ནང་རེ་རེ་སྲིད་པ་བདུན་ཉིང་མཚམས་སྦྱོར་ན། འོ་ན་གང་མདོ་ལས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དང་ཇི་ལྟར་མི་འགལ། འགྲོ་བ་གཅིག་ཏུ་ཞེས་བྱ་བ་ནི་ལྷའི་འགྲོ་བའམ་མིའི་འགྲོ་བར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་

པའོ། །འོན་ཏེ་སྒྲ་ཇི་བཞིན་དུ་བརྟག་ན་ནི་སྲིད་པ་བར་མ་ནི་འདོད་པ་ཡང་ཡིན་ཏེ་དེའི་ཕྱིར་འགྲོ་བ་གཅིག་ཏུ་ཞེས་བྱ་བ་འདི་དགོངས་པ་ཡིན་པར་ངེས་སོ། །དེ་ལྟར་ན་ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གོང་དུ་འཕོ་བ་གནས་ཐམས་ཅད་དུ་འཆི་འཕོ་བ་ནི་འགྲོ་བ་

เล่ม ๑๔๕ · หน้า 176a

གཅིག་ཏུ་བརྒྱུད་པས་ལྷག་པའི་སྐྱེ་བ་གཞན་མངོན་པར་འགྲུབ་སྟེ། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་འདོད་པའི་ཁམས་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འགྲོ་

བ་གཅིག་པོ་འདོད་པའི་ཁམས་ཀྱི་ལྷའི་འགྲོ་བའམ། མིའི་འགྲོ་བ་གང་ཡིན་པ་དེར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི། གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མ་ཡིན་ནོ། །འདི་ལ་ཤེས་པར་བྱེད་པ་མདོ་འམ་རིགས་པ་ཅི་ཞིག་ཡོད། གང་ལས་འདོད་པའི་ཁམས་ཀྱི་དབང་དུ་

བྱས་ནས་ཡིན་གྱི་ཞེས་བྱ་བ་རྟོགས་པར་འགྱུར་བ་འདོད་པའི་ཁམས་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་བྱ་བ་ནི་མདོ་ལས་གསུངས་པ་ཡོད་པ་མ་ཡིན་ནོ། །གང་གིས་དེ་མ་ཐག་ཏུ་གླེངས་པ་དེ་ཉིད་ཀྱིས་ལྷ་དང་མི་དག་གི་ནང་དུ་སོ་སོར་ལན་བདུན་ཞེས་བྱ་བ་སྨྲས་སོ། །འདི་སྐད་དུ་ལྷ་རྣམས་དང་

ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟར་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་དང་འགལ་བར་འགྱུར་བ་དང་། སློབ་དཔོན་གྱིས་གཞུང་གཟུགས་པའི་ཕྱིར་འོད་སྲུངས་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལྟར་ན་ཡང་སོ་སོ་ཡིན་ནོ་ཞེས་བྱ་བ་རྟོགས་ཏེ། དེ་ལྷ་མ་ཡིན་ན་ལྷ་དང་མི་དག་ཏུ་ལན་

བདུན་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་གྱི། ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་གསུང་བར་མི་འགྱུར་རོ། །འདོད་པའི་ལས་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་འདི་ལ་ཤེས་པར་བྱེད་པ་མདོ་འམ་རིགས་པ་ཅི་ཞིག་ཡོད་ཅེས་སྨྲས་པ་གང་ཡིན་པ་ཡང་མདོའི་དོན་ཁོང་དུ་མ་

ཆུད་ནས་དེ་སྐད་དུ་སྨྲ་བ་ཡིན་ཏེ། གང་དུ་འཕགས་པ་ལ་རེ་ལྟར་ཐོགས་ན་ལན་བདུན་པ་ཞེས་གསུངས་པ་དེ་ཁོ་ནར་སྲིད་པ་བརྒྱད་པ་བཀག་པར་འཐད་ན། གཟུགས་དང་གཟུགས་མེད་པ་དག་ཏུ་ནི་རེ་ལྟར་ཐོགས་ན་ལན་བདུན་པ་གསུངས་པ་ཡང་མ་ཡིན་པས་རྒྱུན་དུ་ཞུགས་པའི་དབང་དུ་

མཛད་ནས་གསུངས་པའི་ཕྱིར། དེ་ལས་ཕྱིར་མི་འོང་བ་ལ་སྲིད་པ་བརྒྱད་པ་བཀག་པར་མི་རིགས་སོ། །ལམ་དེ་ནི་དེ་འདྲ་སྟེ་ཞེས་བྱ་བ་ལ་གང་གིས་ན་དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པ་ལས་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་མི་འགྱུར་བ་དེ་འདྲ་ཞིང་དེ་ལྟ་བུ་ཡིན་ནོ། །སྦྲུལ་

เล่ม ๑๔๕ · หน้า 176b

གོམ་པ་བདུན་པས་ཟིན་པ་ལྟ་བུ་ཞེས་བྱ་བ་ལ། དཔེར་ན་སྦྲུལ་གོམ་པ་བདུན་པས་ཟིན་པ་ནི་གོམ་པ་བདུན་བོར་ནས་གདོན་མི་ཟ་བར་འཆིའི་ཕན་ཆད་དུ་ཡང་མ་ཡིན་ཚུན་ཆད་དུ་ཡང་མ་ཡིན་ཏེ། དུག་གི་རིགས་དེ་ནི་དེ་ལྟ་བུ་ཡིན་ནོ། །རིམས་ཉིན་བཞི་པ་བཞིན་ཞེས་བྱ་བ་ནི་གང་ཞིག་ཉི་མ་བཞི་ཞིག་

རིམས་ཀྱིས་འདེབས་ཀྱི། སྔར་ཡང་མ་ཡིན་ལ་ཕྱིས་ཀྱང་མ་ཡིན་ཏེ། རིམས་ཀྱི་རིགས་དེ་ལྟ་བུ་ཡིན་པ་དེ་བཞིན་དུ། གང་གིས་ན་འཕགས་པའི་ལམ་སྐྱེས་པ་ལ་སྲིད་པ་བརྒྱད་པ་འགྲུབ་པར་མི་བྱེད་པ་ལམ་གྱི་རིགས་དེ་ནི་དེ་ལྟ་བུ་ཡིན་ནོ། །ལུས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཅི་ཞེ་ན། སྲིད་པ་བརྒྱད་པ་

མངོན་པ་མི་འགྲུབ་ཅིང་ཚུ་རོལ་དུ་མྱ་ངན་ལས་འདས་པ་ཐོབ་པ་མ་ཡིན་ནོ། །འོག་མའི་ཆ་དང་མཐུན་པ་གཉིས་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ། འདོད་པའི་ཁམས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་ལ་དེ་གཉིས་ཡོད་དོ། །གོང་མའི་ཆ་དང་མཐུན་པ་ལྔ་ནི་འདོད་ཆགས་

གཉིས་པོ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། གཏི་མུག་གོ། །བར་སྐབས་སུ་འཕགས་པའི་ལམ་མངོན་དུ་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ་ཞེས་བྱ་བ་ལ་བར་སྐབས་སུ་ཞེས་བྱ་བ་ནི་བར་དང་ཚུ་རོལ་དུ་ཞེས་བྱ་བའི་ཐ་ཚིག་གོ། །

ཡང་ཅིའི་ཕྱིར་བར་སྐབས་སུ་ལམ་མངོན་དུ་བྱས་ནས་ཡོངས་སུ་མྱ་ངན་ལས་མི་འདའ་ཞེ་ན། དེའི་ཕྱིར་དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་ལས་འདིས་དེ་སྲིད་དུ་སྲིད་པ་མྱོང་བར་བྱེད་པས་ན་དེ་ནི་དེ་སྲིད་དུ་སྲིད་པ་མྱོང་བར་བྱེད་པའི་ལས་ཏེ། སྲིད་པ་

བདུན་མྱོང་བར་འགྱུར་བའི་ལས་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་འབྱུང་བ་མེད་པ་ན། །ཞེས་བྱ་བ་ནི་གལ་ཏེ་བསྟན་པ་ནུབ་ནའོ། །དགྲ་བཅོམ་པ་ཉིད་ཐོབ་པ་ནི་ཁྱིམ་ན་གནས་པར་མི་རུང་སྟེ། འོ་ན་འདི་ཅི་ཡིན་ཞེ་ན། དགེ་སློང་ངོ་། །ཇི་ལྟར་ཞེ་ན། ཆོས་ཉིད་ཀྱིས་འཐོབ་པའི་དགེ་སློང་གི་

མཚན་མ་ཡང་འཐོབ་བོ་ཞེས་བྱ་བ་སྨོས་སོ། །ཆོས་ཉིད་ཅེས་བྱ་བ་ནི་མི་སློབ་པའི་ལམ་དེའི་རང་བཞིན་དང་མཐུན་ཏེ། དགེ་སློང་གི་རྟགས་དང་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་ནོ། །གཞན་དག་ན་རེ་གནས་གཞན་གྱི་མཚན་མས་སོ་ཞེས་ཟེར་རོ་ཞེས་བྱ་བ་ལ་དེ་ནི་མི་འདོད་དེ། དེ་དག་ནི་

เล่ม ๑๔๕ · หน้า 177a

ལོག་པར་ལྟ་བའི་དབང་གིས་དམ་པ་མ་ཡིན་པའི་ལས་དག་ལ་འཇུག་པའི་ཕྱིར་རོ། །ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ཞེས་བྱ་བ་ནི་མདོ་ལས་རྒྱུན་དུ་ཞུགས་པ་ཡིན་ཏེ། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ་ཡིན་ཏེ།

རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེར་འགྲོ་བའི་ལས་མི་སོགས་པའི་ཕྱིར་ཞེས་བྱ་བ་ནི། ངན་སོང་དུ་འགྲོ་བའི་ལས་མི་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །

བསགས་པ་རྣམ་པར་སྨིན་པ་འབྱིན་པ་དང་མི་མཐུན་པར་བྱས་པའི་ཕྱིར་རོ། །གང་ཞེ་ན། རྒྱུད་དོ། །བསགས་པ་ནི་སྔོན་བྱས་པ་སྟེ། ཕུང་པོའི་རྒྱུད་དེའི་རྣམ་པར་སྨིན་པ་འགྲུབ་པ་དང་མི་མཐུན་པར་བྱས་པས་དེ་ཡང་མ་སྨིན་ཏེ། དེའི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ནོ། །ཡང་ཅིའི་ཕྱིར་རྒྱུད་

ངན་སོང་དུ་འགྲོ་བའི་ལས་བསགས་པའི་རྣམ་པར་སྨིན་པ་འབྱིན་པ་དང་མི་མཐུན་པར་འགྱུར་ཞེ་ན། བཤད་པ་དགེ་བའི་རྩ་བ་སྟོབས་དང་ལྡན་པ་ནི་ཟག་པ་མེད་པ་དག་སྟེ། དེ་དག་གིས་ཕུང་པོའི་རྒྱུད་བསྒོས་པའི་ཕྱིར་མི་མཐུན་པ་ཡིན་ནོ། །དེ་དག་གིས་ཇི་ལྟར་བསྒོས་ཤེ་ན། དེའི་ཕྱིར་སྦྱོར་བ་དང་བསམ་པ་དག་

པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །དེ་ལ་སྦྱོར་བ་དག་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་གོ། །བསམ་པ་དག་པ་ནི་སངས་རྒྱས་ལ་སོགས་པ་ལམ་ཤེས་ནས་དད་པའོ། །ངན་འགྲོར་ངེས་ན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་མཚན་ཉིད་ཅན་བཟོད་པ་ཡང་སྐྱེད་པར་མི་འགྱུར་ན།

ཟག་པ་མེད་པའི་ལམ་ལྟ་སྨོས་ཀྱང་ཅི་དགོས་ཇི་ལྟར་དགེ་བའི་རྩ་བ་སྟོབས་དང་ལྡན་པ་བསྒོས་པ་མི་དགེ་བ་བསགས་པ་རྣམ་པར་སྨིན་པ་དང་མི་མཐུན་པར་འགྱུར་བ་དེ་བསྟན་པའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་སྨོས་ཏེ། ཕྱེད་འོག་མས་ནི་གོ་རིམས་བཞིན་དུ་ཕྱེད་གོང་མས་དམ་བཅས་པའི་དོན་གཉིས་ཀྱི་དཔེ་

གཉིས་བསྟན་ཏོ། །སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་བྱ་བ་ནི་མདོ་ལས་རྒྱུན་དུ་ཞུགས་པ་ཡིན་ཏེ། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་གཞོལ་ངེས་པ་ཡིན་ཏེ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་

เล่ม ๑๔๕ · หน้า 177b

བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་གསུངས་པ་གང་ཞིག་བྱེད་པར་འགྱུར་བ་སྡུག་བསྔལ་གྱི་མཐའ་གང་ཡིན་པ་ཞེས་བྱ་བའོ། །གང་ཕན་ཆད་སྡུག་བསྔལ་མེད་པ་སྟེ་ཞེས་བྱ་བ་ནི་སྲིད་པ་གཞན་གྱིས་བསྡུས་པའོ། །དེའི་ཕྱིར་དེ་ལྟར་ཕུང་པོ་ལྷག་མ་དང་བཅས་པའི་སྡུག་བསྔལ་

དང་སྦྱར་རོ། །དེ་ཕན་ཆད་སྡུག་བསྔལ་མེད་དེ། ཐ་མའི་སྐད་ཅིག་ལས་སྐྱེ་བའི་སྡུག་བསྔལ་གཞན་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཉིང་མཚམས་མི་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྐྱེ་བ་གཞན་མཚམས་མི་སྦྱོར་བའི་ཕྱིར་རོ། །ཡང་ན་སྡུག་བསྔལ་གྱི་

མཐའ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མྱ་ངན་ལས་འདས་པ་རྟག་པ་ཇི་ལྟར་བྱེད་ཅེ་ན། དེའི་ཕྱིར་དེ་ཐོབ་པའི་གགས་བསལ་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །མྱ་ངན་ལས་འདས་པ་ཐོབ་པའི་གགས་ནི་ཉོན་མོངས་པའི་ཐོབ་པ་ཡིན་ཏེ། དེ་ཡོད་ན་མྱ་ངན་ལས་འདས་པའི་ཐོབ་པ་མི་སྐྱེ་བའི་ཕྱིར་རོ། །དེ་བསལ་

བ་ནི་གཉེན་པོའི་སྒོ་ནས་དེའི་གགས་རྣམ་པར་གཅོད་པ་སྟེ། སེལ་བའི་རྟོག་པས་མྱ་ངན་ལས་འདས་པ་བྱེད་དོ་ཞེས་བརྗོད་དོ། །དེ་ཉིད་ལ་དཔེ་ནི་དཔེར་ན། མདུན་ཁང་གཏིབས་ལ་ནམ་མཁའ་གྱིས། །ཞེས་བྱ་བ་སྟེ། ནམ་མཁའ་བྱེད་པ་ནི་གགས་སེལ་བ་ཡིན་གྱི་བསྐྱེད་པ་ནི་མ་ཡིན་ཏེ། མདུན་

ཁང་ནམ་མཁའི་གགས་ཡིན་པའི་ཕྱིར་རོ། །འདིར་ཡང་དེ་དང་འདྲའོ། །གཞན་ཡང་ཡོད་མོད་ཀྱི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྒྱུད་སྨིན་པ་སྟེ། སོ་སོའི་སྐྱེ་བོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པའམ། དེ་ལས་གཞན་ཐར་པའི་ཆ་དང་མཐུན་པ་སྐྱེས་པའོ། །མ་ངེས་པས་ཞེས་བྱ་བ་ནི་

དེའི་བྱ་བ་མ་ཤེས་པའི་ཕྱིར་ཏེ། རྐྱེན་ལ་ལྟོས་པའི་ཕྱིར་རེས་འགའ་ནི་འདི་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་པ། རེས་འགའ་ནི་སྲིད་པ་བརྒྱད་པ་དག་ཏུ་ཡིན་པས་མི་བརྗོད་དོ། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུན་དུ་ཞུགས་པ་དེ་ཉིད་བསྒོམ་པས་

སྤང་བར་བྱ་བ་རྣམས་ལ་ཉོན་མོངས་པའི་ཆ་གསུམ་སྤངས་པ་ནི་ཚེ་གསུམ་དུ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་རྣམ་པར་གཞག་པ་ལ་ཉོན་མོངས་པའི་ཆ་བཞི་སྤངས་པ་ནི་གཉིས་སུ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་རྣམ་པར་གཞག་སྟེ། འདི་ནི་འདིར་ཅི་རིགས་པར་སྦྱར་རོ། །

เล่ม ๑๔๕ · หน้า 178a

ཚིགས་སུ་བཅད་པའི་ནང་དུ་གཉིས་ཤིག་སྨོས་པ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་སྐྱེ་བའོ། །ཅིའི་ཕྱིར་ཞེ་ན། རྒྱུན་དུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་ན་ཞེས་བྱ་བ་སྨོས་ཏེ། དེའི་གཉེན་པོ་དབང་པོ་ཐོབ་པ་མེད་པར་ནི་དེ་སྤངས་པ་མེད་པའི་ཕྱིར་རོ། །ཉོན་

མོངས་པ་སྤངས་པ་སྨོས་པ་ཁོ་ནས་དེའི་གཉེན་པོ་དབང་པོ་ཐོབ་པར་བཤད་པ་ཡིན་ཏེ། དེའི་ཕྱིར་ཡང་ཚིགས་སུ་བཅད་པའི་ནང་དུ་མ་སྨོས་སོ། །དེ་ལྟ་ན་ནི་འོ་ན་ཚི་གཉིས་དང་གསུམ་སྨོས་པར་ཡང་མི་བྱ་སྟེ། ཉོན་མོངས་པ་སྤངས་པ་ཁོ་ནས་དེ་ཡང་བཤད་པའི་ཕྱིར་རོ། །གང་ཞིག་ཉོན་མོངས་པའི་

ཆ་གསུམ་མམ་བཞི་སྤངས་པ་དེ་ནི་གདོན་མི་ཟ་བར་སྐྱེ་བ་གཉིས་སམ་གསུམ་ལྷག་མ་དང་བཅས་པར་རྟོགས་པ་ཉིད་དོ་ཞེ་ན། དེའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བ་ཞེས་བྱ་བ་སྨོས་ཏེ། འདིའམ་བར་མ་དོ་འམ། སྐྱེ་ནས་མྱ་ངན་ལས་འདས་པར་འགྱུར་རོ། །སྐྱེ་བ་ཉུང་བ་ཉིད་ལ་རྒྱུ་སྨྲས་པ་ནི་གོང་མའི་སྐལ་

བ་དང་ལྡན་པའི་ཕྱིར་བྱ་བ་སྟེ། རྒྱུན་དུ་ཞུགས་པའི་གོང་མ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སྐལ་བ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཚེ་གཉིས་གསུམ་དུ་རིགས་ནས་རིགས་ཞེས་ངེས་པར་བྱ་བའི་ཕྱིར་དེའི་སྐྱེ་བ་སྨོས་ཏེ། དེ་ནི་རྒྱུ་གང་ཡང་རུང་བ་ཞིག་མ་ཚང་བས་

རིགས་ནས་རིགས་སུ་སྐྱེ་བ་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན་ཞེས་བྱ་བ་ནི་སྐབས་སུ་བབ་པའི་ཕྱིར་རིགས་ནས་རིགས་སྐྱེ་བ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དེ་སྤངས་ནས་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེ་ཡི་རྣམ་པ་གཅིག་གིས་ནི། །ཞེས་བྱ་བ་སྨོས་

ཏེ། བར་ཆད་གཅིག་པ་བཞིན་དུ་ཁམས་ལས་མི་འདའ་བའི་ཕྱིར་རོ། །བར་ཆད་གཅིག་པ་ནི་འདོད་པའི་ཁམས་ལས་འདའ་སྟེ། དེའི་ཕྱིར་དེའི་ཉོན་མོངས་པ་རྣམ་པ་གཅིག་གིས་ཀྱང་འབྲས་བུ་ལ་གེགས་བྱ་བར་ནུས་ན། ལན་ཅིག་ཕྱིར་འོང་བ་ན་འདོད་པའི་ཁམས་ལས་མི་འདའ་བས་དེའི་

ཉོན་མོངས་པ་རྣམ་པ་དྲུག་པ་གཅིག་པུས་གེགས་བྱ་བར་མི་ནུས་ཏེ། དེའི་ཕྱིར་རྣམ་པ་ལྔ་སྤངས་པས་མཇུག་ཐོགས་སུ་གདོན་མི་ཟ་བར་ལན་ཅིག་ཕྱིར་འོང་བར་འགྱུར་བས་དེ་ལ་རིགས་ནས་རིགས་སུ་སྐྱེས་པ་ཞེས་མི་བྱའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ཞེས་འབྱུང་བ་

เล่ม ๑๔๕ · หน้า 178b

ཞེས་བྱ་བ་ལ་གང་ལས་ཤེ་ན་མདོ་ལས་སོ། །ཇི་སྐད་དུ་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་འབྱུང་ངོ་། །ཆུང་ངུའི་རྣམ་པ་ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆུང་ངུའི་རྣམ་པ་གསུམ་

ལུས་པའོ། །དེའི་ཆེན་པོ་དང་འབྲིང་གི་རྣམ་པ་སྤོངས་ཟིན་པའི་ཕྱིར་ཆུང་ངུའི་རྣམ་པ་ལུས་པ་ཡིན་ཏེ། མ་སྤངས་པའི་ཕྱིར་རོ། །ཉེས་པ་ཆ་བདུན་དང་བརྒྱད་ཟད་པ་ཞེས་བྱ་བ་ལ་ཉེས་ཆ་ནི་ཉེས་པའི་ཆ་ཤས་ཏེ། རྣམ་པ་བདུན་དང་བརྒྱད་ཀྱི་མཚན་ཉིད་ཡིན་ནོ། །ཇི་ལྟར་ན་འདིའི་རྣམ་པ་གཅིག་

གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་འདིའི་རྣམ་པ་དགུ་པ་གཅིག་གིས་འབྲས་བུ་ལ་གེགས་བྱ་བར་ནུས་ལ། རིགས་ནས་རིགས་སུ་སྐྱེ་བའི་རྣམ་པ་གཅིག་གིས་ནི་དེ་ལྟར་གེགས་བྱེད་པར་མི་ནུས་ཞེས་བརྗོད་ཅེ་ན། ཁམས་ལས་འདའ་བའི་ཕྱིར་ཏེ། གང་གི་ཕྱིར་དེ་ནི་རྣམ་པ་དགུ་པ་སྤངས་ནས་

འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་འགྱུར་གྱི། ཡང་དེར་མི་སྐྱེ་ལ། རྣམ་པ་དགུ་པ་དེ་ཡང་ལས་དང་ལྷན་ཅིག་ཏུ་དེར་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་ལས་འདའ་བས་འབྲས་བུ་ལ་གེགས་བྱེད་པར་ནུས་པ་ཡིན་ནོ། །

གོང་དུ་ལས་རྣམས་ནི་གནས་སྐབས་གསུམ་དུ་གེགས་བྱ་བའི་ཕྱིར་ཉེ་བར་གནས་སོ་ཞེས་བྱ་བར་བཤད་ཟིན་ཏོ་ཞེས་བྱ་བ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་པ་ལས་གེགས་ཤིན་ཏུ་བྱེད། །ཅེས་བྱ་བ་ཡིན་ནོ། །འདིར་ནི་ཉོན་མོངས་པ་དག་དང་སྦྱར་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ལས་རྣམས་

ཇི་ལྟ་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་མྱ་ངན་ལས་འདས་པ་ལ། ཚེ་གཅིག་གིས་ཆོད་པའི་ཕྱིར་རམ་ཞེས་བྱ་བ་ནི་རྣམ་པ་བདུན་དང་བརྒྱད་ཟད་པའི་ལན་ཅིག་ཕྱིར་འོང་བའི་མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རོ། །ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར་

ཞེས་བྱ་ནི་གལ་ཏེ་རྣམ་པ་བརྒྱད་སྤངས་ན་ཡིན་ཏེ། མ་སྤངས་ན་ནི་མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེས་པའམ། བར་ཆད་གཅིག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་རྣམ་པ་

เล่ม ๑๔๕ · หน้า 179a

གསུམ་མམ་བཞི་ལས་གྲོལ་ཡང་། དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ལ། རྣམ་པ་བདུན་དང་བརྒྱད་ཟད་ཀྱང་དེ་སྲིད་དུ་བར་ཆད་གཅིག་པ་མ་ཡིན་ཏེ། དེ་དག་གི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཇི་སྲིད་དུ་འབྲས་

བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་ཞེས་བྱ་བ་སྨོས་སོ། །ཐ་མའི་ཆ་དང་མཐུན་པ་རྣམ་པ་ལྔ། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གདོན་མི་ཟ་བར་སྔོན་གཉིས་སམ་གསུམ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་དང་མཐར་གྱིས་པ་དག་དང་གོ་རིམས་བཞིན་ཏེ།

འདོད་ཆགས་དང་བྲལ་བས་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་སྤངས་པ་ཡིན་ལ། མཐར་གྱིས་པ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་དང་གསུམ་སྤངས་ཏེ་རྣམ་པ་ལྔར་འགྱུར་རོ། །དེའི་ཕྱིར་སྤངས་པ་བསྡོམས་པ་

ལས་མདོ་ལས་དེ་སྐད་དུ་འབྱུང་སྟེ། སྔོན་སྤངས་པའི་བྲལ་བ་ཐོབ་པ་རྙེད་པས་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་ཞེས་བརྗོད་དོ། །དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །དེ་ནི་ཞེས་བྱ་བ་ནི་ཕྱིར་མི་འོང་བའོ། །འདི་ལ་བར་མ་དོ་དང་སྐྱེས་ནས་དང་། འདུ་བྱེད་དང་འདུ་

བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་པས་ན། བར་སྐྱེས་འདུ་བྱེད་དང་། འདུ་བྱེད་མེད་ཡོངས་མྱ་ངན་འདའ། །དེ་བཞིན་དུ་སྐྱེས་པ་དང་འདུ་བྱེད་པ་དང་འདུ་བྱེད་པ་མེད་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ལ་ཅི་ཞེ་ན། ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱ་བའི་སྒྲ་དང་ཚིག་རྣམ་པར་སྦྱར་བ་

གཞན་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན། འདི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བས་ན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །འདུ་བྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བས་ན། འདུ་བྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །འདི་འདུ་བྱེད་པ་མེད་པར་

ཡོངས་སུ་མྱ་ངན་ལས་འདའ་བས་ན། འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བ་ཡིན་ནོ། །མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་རྣལ་འབྱོར་པ་མངོན་པར་བརྩོན་པ་ཉིད་ཀྱི་ཕྱིར་དང་། ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །རྣལ་

เล่ม ๑๔๕ · หน้า 179b

འབྱོར་པ་མངོན་པར་བརྩོན་པ་གང་ཞིག་ཡིན་ཞེ་ན། གང་བརྩོན་འགྲུས་བརྩམས་པའོ། །ཇི་ལྟར་ན་ལམ་ངང་གིས་འབྱུང་བ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་མེད་པར་མངོན་དུ་གྱུར་པའི་ཕྱིར་རོ། །རྣལ་འབྱོར་པ་འདི་ལ་ལམ་ངང་གིས་འབྱུང་བའི་ཕྱིར་ཡོད་པས་ན། དེ་ལམ་ངང་གིས་

འབྱུང་བའོ། །མངོན་པར་བརྩོན་ཞིང་བརྩོན་པ་ཡང་དེ་ཡིན་ལ། ལམ་ངང་གིས་འབྱུང་བ་ཡང་ཡིན་པས་མངོན་པ་བརྩོན་པ་དང་། ལམ་ངང་གིས་འབྱུང་བའོ། །ལམ་ངང་གིས་འབྱུང་བ་ནི་ལམ་ངང་གིས་འབྱུང་བ་སྟེ། མྱ་ངན་ལས་འདས་པ་རྣམ་པ་གཉིས་ཡོད་པས་ཕུང་པོ་ལྷག་མ་

དང་བཅས་པའི་མྱ་ངན་ལས་འདའ་བ་ཞེས་སྨོས་སོ། །དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བས་མྱ་ངན་ལས་འདའ་བའོ། །ཡང་གི་སྒྲས་ནི། དཔེར་ན་བར་མ་དོར་མྱ་ངན་ལས་འདའ་བ་བཞིན་ནོ་

ཞེས་སྟོན་ཏོ། །མ་ཡིན་ཏེ་དེ་ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ཡང་ཕུང་པོ་ལྷག་མ་མེད་པས་སོ་ཞེས་གང་སྨྲས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེའི་ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ། །ཅི་སྟེ་མེད་ཅེ་ན། འདི་ལྟར་རབ་ཀྱི་མཐའ་པའི་བསམ་

གཏན་བཞི་པ་ཐོབ་པ་ནི་ཚེ་འདོར་བ་ལ་དབང་ལ། དེ་ཡང་མི་རྣམས་ཀྱི་ནང་དུ་སྐྱེད་པར་བྱེད་ཀྱི། གཞན་དུ་ནི་མ་ཡིན་ན་དེ་ནི་གཟུགས་ཀྱི་ཁམས་ན་ནི་བདག་དང་གཞན་དུ་སེམས་པར་མི་འགྱུར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་འབད་པ་དང་བཅས་པར་

ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེའི་ཕྱིར་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །ཇི་ལྟར་མངོན་པར་འདུ་བྱེད་པ་དང་བཅས་ཤེ་ན། མངོན་པར་བརྩོན་པ་དང་། ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་

པ་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་མངོན་པར་བརྩོན་པའི་ཕྱིར་རོ། །ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་ཕྱིར་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་གྲུབ་བོ། །མངོན་པར་འདུ་བྱེད་པ་མེད་པར་ཞེས་བྱ་བ་ནི་གོང་མ་ལས་

เล่ม ๑๔๕ · หน้า 180a

བཟློག་པའོ། །མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་མངོན་པར་བརྩོན་པ་མེད་པ་དང་ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ན་རེ་མངོན་པར་བརྩོན་པ་ལམ་ངང་གིས་འབྱུང་བ་མེད་

པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་པར་མི་བརྩོན་པར་ལམ་ངང་གིས་འབྱུང་བའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ་ཟེར་རོ། །གཞན་དག་ན་རེ་འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་ཕྱིར་རོ་ཞེས་བྱ་བ་ནི་གོ་རིམས་

བཞིན་དུ་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བདེན་པ་གསུམ་ལ་དམིགས་པའི་ལམ་ནི་འདུས་བྱས་ལ་དམིགས་པའོ། །དེས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་

ངན་ལས་འདའ་བའོ། །འགོག་པའི་བདེན་པ་ལ་དམིགས་པ་ནི་འདུས་མ་བྱས་ལ་དམིགས་པ་སྟེ། དེས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེའོ། །དེ་ནི་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་འཕགས་

པའི་གང་ཟག་ཐམས་ཅད་འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གང་ཟག་གཉིས་ཁོ་ནར་འགྱུར་ཏེ། མཚན་ཉིད་འདི་ནི་ཐུན་མོང་མ་ཡིན་ནོ་སྙམ་དུ་བསམས་པའོ། །མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་

ལས་འདའ་བ་སྔར་འབྱུང་ཞེས་བྱ་བ་ལ། གང་ལས་ཤེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བས་སོ། །དེ་ཁོ་ན་བཞིན་དུ་རུང་སྟེ་ཞེས་བྱ་བས་ནི་ཇི་སྐད་དུ་མདོ་ལས་འབྱུང་བ་བཞིན་དུའོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་གཙོ་བོ་བཞིན་སྔར་བསྟན་པའི་ཕྱིར་

ཏེ། བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་བཞིན་ནོ། །ཡང་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་བས་མངོན་པར་འདུ་བྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གཙོ་བོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ལམ་ངང་གིས་འབྱུང་བ་དང་

เล่ม ๑๔๕ · หน้า 180b

ལམ་ངང་གིས་འབྱུང་བ་མ་ཡིན་པ་དག་ནི་ཞེས་བྱ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ངང་གིས་འབྱུང་བས་ན་ངང་གིས་འབྱུང་བ་སྟེ། ལམ་གང་ཞིག་སྔོན་གོམས་པའི་ཁྱད་པར་ལས་འབད་པ་མེད་པར་འབྱུང་བའོ། །བཟློག་པ་ནི་ངང་གིས་འབྱུང་བ་མ་ཡིན་པའོ། །འབད་པ་མེད་པ་དང་འབད་པ་ཐོབ་

པའི་སྒོ་ནས་ཞེས་བྱ་བ་ལ། འབད་པ་མེད་པར་ཞེས་འབྱུང་བ་ནི་འབད་པ་མེད་པར་ཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་རོ། །ལམ་ངང་གིས་འབྱུང་བ་མ་ཡིན་པ་ནི་འབད་པས་ཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་

ལྟར་ན་མངོན་པར་འདུ་བྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྔར་ཡིན་པར་རིགས་སོ། །དེ་ལྟར་ཡིན་ན་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གཉིས་ལ་གོ་ཁྱད་པར་ཅི་ཞིག་ཡོད་དེ། དེ་གཉི་ག་ཡང་ལམ་ངང་གིས་འབྱུང་བ་ཡིན་པས་སོ་ཞེ་ན། དེའི་ཕྱིར་

སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། ལམ་ཆེས་ངང་གིས་འབྱུང་བ་དང་། ཆེས་ཆེ་བ་དང་ཕྲ་རྒྱས་ཆེས་ཆུང་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ་དེ་གཉིས་ཀྱི་ཁྱད་པར་ནི་དེ་ལྟ་བུའོ། །གོང་དུ་འཕོ་བ་ནི་ཞེས་བྱ་བ་ནི་གོང་དུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །གང་དུ་སྐྱེ་བ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་

པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པ་སྟེ། འོ་ན་ཅི་ཞེ་ན། དེའི་གོང་རོལ་དུ་མྱ་ངན་ལས་འདའ་བའོ། །རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་ཏེ་ཞེས་བྱ་བ་འབྱུང་ངོ་། །བསམ་གཏན་སྤེལ་བ་དང་ཞེས་བྱ་བ་ནི་བསམ་གཏན་བསྲེས་པ་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་གཏན་སྤེལ་

བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་བསྲེ་བས་བསམ་གཏན་བསྲེས་པའོ། །གནས་གཙང་མར་སྐྱེས་པ་ནི་བསམ་གཏན་སྤེལ་བའི་འབྲས་བུ་ཡིན་པའི་ཕྱིར་མིར་གྱུར་པ་གང་གིས་བསམ་གཏན་སྤེལ་བ་དེ་ནི་འོག་མིན་དུ་སོང་ནས་མྱ་ངན་ལས་འདས་ཏེ། དེའི་གོང་དུ་སྐྱེ་བ་མེད་པའི་ཕྱིར་

རོ། །གང་ཞིག་གནས་གཙང་མར་མ་ཞུགས་པར་མྱ་ངན་ལས་འདའ་བ་དེ་ནི་སྲིད་པའི་རྩེ་མོར་མཐར་ཐུག་པ་ཡིན་ཏེ། དེའི་གོང་དུ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་འཕར་ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱི་གནས་དང་པོ་དང་ཐ་མར་སྐྱེ་བས་བར་དུ་མི་འགྲོ་བའི་ཕྱིར་འཕར་བ་ཞེས་བྱའོ། །གནས་

เล่ม ๑๔๕ · หน้า 181a

འགའ་ཙམ་ཡང་རྒལ་ཏེ། འོག་མིན་དུ་འཇུག་པ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་མང་པོ་ཡང་ངོ་། །ལྟ་བའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་འདི་སྙམ་དུ་བདག་ནི་སེམས་ཅན་འདི་རྣམས་ཀྱི་སྤྲུལ་པ་པོ་ཡིན་ལ། བདག་གིས་སེམས་ཅན་འདི་དག་སྤྲུལ་ལོ་སྙམ་དུ་སེམས་

ཤིང་། དང་པོ་སྐྱེས་པ་དེ་དག་ཀྱང་འདི་སྙམ་དུ་འདི་ནི་བདག་གི་སྤྲུལ་པའོ་སྙམ་དུ་སེམས་སོ། །འཕགས་པ་དག་ནི་རང་དབང་བ་ཡིན་པས་སུ་ལ་ཡང་རག་མི་ལས་ཏེ། དེ་དག་ནི་གཙོ་བོ་གཅིག་པའི་གནས་སུ་མི་སྐྱེ་འོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་འབྱུང་སྟེ། དེ་ནི་དབང་པོ་རྟུལ་པོ་ཡིན་པའི་

ཕྱིར་རོ། །བསམ་གཏན་དང་པོ་ལ་སོགས་པའི་རོ་མྱངས་པས་ཚངས་རིས་ནས་བཟུང་སྟེ། བར་མེད་པར་གནས་གཞན་ཐམས་ཅད་དུ་ལན་རེ་རེ་སྐྱེས་ཤིང་འོག་མིན་གྱི་བར་དུ་ཞུགས་ནས་མྱ་ངན་ལས་འདའ་བའོ། །དེའི་འོག་དང་དེར་གཏན་དུ་མི་འོང་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་དེའི་འོག་གི་

སྐྱེ་བའི་གནས་སུ་མི་འོང་ལ་འཕོས་ནས་གོང་དུ་སྐྱེས་ནས་འཆི་འཕོས་པའི་སྐྱེ་བའི་གནས་དེ་ཉིད་དུ་ཡང་མི་འོང་བའོ། །གལ་ཏེ་དེ་ཉིད་དུ་སྐྱེ་བ་གཉིས་པ་མངོན་པར་འགྲུབ་ན་ནི་འདིའི་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ཏེ། སྐྱེ་བའི་གནས་འོག་མ་འབའ་ཞིག་ཏུ་འགྲོ་བའི་ཕྱིར་མི་འགྱུར་བ་འབའ་

ཞིག་ཏུ་མ་ཟད་ཀྱི། མཉམ་པར་འགྲོ་བས་ཀྱང་ཁྱད་པར་དུ་འགྲོ་བར་མི་འགྱུར་རོ། །གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་ཞེས་བྱ་བ་ནི་བསམ་གཏན་བཞི་པ་སྤེལ་བ་མ་བསྒོམས་པའི་ཕྱིར་གཙང་མ་རྣམས་སུ་མི་འཇུག་པའོ། །འདི་ནི་ཞི་གནས་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཕྱིར་ན།

གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་མེད་པར་རིམ་གྱིས་སྐྱེའོ། །སྔ་མ་ནི་ལྷག་མཐོང་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་འོག་མིན་གྱི་མཐར་ཐུག་པར་བཤད་པ་གང་ཡིན་པའོ། །བར་སྐབས་སུ་ཞེས་བྱ་བ་ལ། ཇི་ལྟར་རུང་ཞེ་ན། རིགས་པ་དང་འགལ་བ་མེད་པས་སོ། །ཡིད་ཆེས་

པའི་ལུང་དང་འགལ་བ་སྤང་བར་འདོད་ནས་འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་ཕྱིར་མི་འོང་བ་ལྔ་ཡིན་ནོ། །གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་བྱ་བ་ནི་ཕྱིར་མི་

เล่ม ๑๔๕ · หน้า 181b

འོང་བ་ལྔ་ལས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ཡང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། གཟུགས་མེད་པ་དག་ན་ནི་སྲིད་པ་བར་མ་མེད་པས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ། །དེ་དག་

ནི་ཕྱིར་མི་འོང་བ་དྲུག་ཡིན་ནོ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་དྲུག་པ་གཟུགས་མེད་པར་ཉེ་བར་འགྲོ་བའི་བར་རོ། །དཔེ་གསུམ་གྱིས་ཞེས་བྱ་བ་ནི་ཞོགས་མ་ཆུང་ངུའི་མེ་ལ་སོགས་པ་སྟེ། དཔེར་ན་ཞོགས་མ་ཆུང་ངུའི་མེ་མངོན་པར་འགྲུབ་བཞིན་དུ་འཆི་བར་འགྱུར་བ་དང་། དཔེར་

ན་ལྕགས་ཀྱི་ཐུ་ལུམ་མམ། ཐོང་ལྕགས་མེ་ཀུན་དུ་འབར་བར་རབ་ཏུ་བསྲེགས་པ་ལྕགས་ཀྱི་ཐོ་བས་བརྒྱབ་པ་རྣམས་ཀྱི་ཚ་ཚ་གྱེན་དུ་ཡར་བཞིན་དུ་འཆི་བར་འགྱུར་བ་དང་། དཔེར་ན་ལྕགས་ཀྱི་ཚ་ཚ་དེ་ཉིད་གྱེན་དུ་ཡར་ནས་ས་ལ་མ་ལྷུང་བ་ཁོ་ནར་འཆི་བར་འགྱུར་བ་ལྟ་བུའོ། །ཡང་ན་གསུམ་པོ་ཐམས་

ཅད་ཅེས་བྱ་བ་ནི་བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་དང་གོང་དུ་འཕོ་བ་རྣམས་ཏེ། རེ་རེ་ཞིང་མྱུར་བ་དང་མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། ཕྱིར་མི་འོང་བ་དགུར་འགྱུར་རོ། །ཕྱིར་མི་འོང་བ་གསུམ་དང་ཞེས་བྱ་བ་ནི་གང་དག་

གི་བྱེ་བྲག་གིས་ཕྱིར་མི་འོང་བ་དགུར་བཤད་པའོ། །དགུ་པོ་དེ་དག་གི་ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་དེ་དག་གི་བྱེ་བྲག་གིས་བསྡུས་པ་དེ་དག་གིའོ། །རེ་ཞིག་གསུམ་ནི་ཞེས་བྱ་བ་ནི་བར་མ་དོ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་སོ། །མངོན་པར་འགྲུབ་པ་ནི་

སྲིད་པ་བར་མ་སྟེ། མངོན་པར་འགྲུབ་པ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་

བསགས་པའི་ཕྱིར་གོང་དུ་འཕོ་བ་ཡིན་ཏེ། རེ་ཞིག་གསུམ་གྱི་ཁྱད་པར་ལས་ཀྱི་བྱེ་བྲག་ལས་གྱུར་པ་ནི་དེ་ལྟ་བུ་ཡིན་ནོ། །ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་བ་དང་། འབྲིང་དང་ཆེན་པོའི་ཕྱིར་གོ་རིམས་བཞིན་དུ་དེ་དག་ཉིད་ཀྱི་ཁྱད་པར་ཉོན་མོངས་པའི་བྱེ་བྲག་ལས་གྱུར་པ་ཡིན་ནོ། །དབང་པོ་རྣོན་པོ་དང་

เล่ม ๑๔๕ · หน้า 182a

འབྲིང་དང་ཆུང་ངུའི་ཕྱིར་གོ་རིམས་བཞིན་དུ་དེ་དག་ཉིད་ཀྱི་ཁྱད་པར་དབང་པོའི་བྱེ་བྲག་ལས་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་སོ་སོའི་ཁྱད་པར་ཡང་ཅི་རིགས་པར་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེའི་ཕྱིར་གསུམ་ཚན་དང་པོ་གཉིས་ནི་ཞེས་བྱ་བ་སྨོས་ཏེ། གསུམ་ཚན་བར་མ་

དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གསུམ་ཚན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གོང་མ་བཞིན་དུ་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་སོ། །ཇི་ལྟར་ཞེ་ན། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དག་ནི་གོ་རིམས་བཞིན་དུ་ཉོན་མོངས་པ་ཆུང་བ་དང་འབྲིང་དང་ཆེན་པོའི་ཕྱིར་

དང་། དབང་པོ་རྣོན་པོ་དང་འབྲིང་དང་ཆུང་ངུའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་དེ་འདྲའོ། །གསུམ་ཚན་ཐ་མ་ནི་ཞེས་བྱ་བ་ནི། གསུམ་ཚན་གོང་དུ་འཕོ་བ་གང་ཡིན་པ་སྟེ། དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ཁྱད་པར་དུ་ལྟ་སྟེ།

ཀྱང་ཞེས་བྱ་བའི་སྒྲས་ནི་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་ཀྱང་ཡིན་ཏེ། དེ་ཁོ་ན་ལྟར་གོ་རིམས་བཞིན་དུ་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཕྱིར་དང་དབང་པོ་ཆེན་པོ་དང་འབྲིང་དང་ཆུང་ངུའི་ཕྱིར་རོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། ལས་

སྐྱེ་བ་ཆེས་མང་བ་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པ་དང་དབང་པོ་རྣམ་པ་དགུའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱ་བ་ལ། ལས་མ་སྨོས་པ་ནི་ཁྱབ་པ་མ་ཡིན་པའི་ཕྱིར་ཏེ། གསུམ་ཚན་དང་པོ་གཉིས་ཀྱི་ཁྱད་པར་ནི་ལས་ཀྱི་བྱེ་བྲག་ལས་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་དང་དབང་

པོའི་བྱེ་བྲག་ལས་ཕྱིར་མི་འོང་བ་དགུ་ཡིན་ན། འོ་ན་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་སློང་དག་ངས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་བསྟན་པར་བྱའོ་ཞེས་འབྱུང་བའི་མདོ་དེ་ལས་སོ། །བདུན་གང་ཞེ་ན། བར་མ་དོར་ཡོངས་

སུ་མྱ་ངན་ལས་འདའ་བ་གསུམ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དང་གོང་དུ་འཕོ་བའོ། །དེའི་ཕྱིར། གོང་དུ་འཕོ་བ་མ་ཕྱེ་བར། །ཞེས་རྒྱས་པར་སྨོས་སོ། །ཡང་ཅིའི་ཕྱིར་ཕྱིར་མི་འོང་བ་གཉིས་ཕྱེ་སྟེ་བསྟན་ལ། གསུམ་པ་ནི་མ་ཕྱེ་བར་བསྟན་ཞེ་ན། དེ་དབྱེ་བ་ཤིན་ཏུ་

เล่ม ๑๔๕ · หน้า 182b

མང་བས་མ་ཕྱེ་བའི་ཕྱིར་ཏེ། འཁྲུག་པར་འགྱུར་ཏེ་འོང་བས་སོ། །དེ་ནི་བསམ་གཏན་སྤེལ་བ་དང་མ་སྤེལ་བ་ཡིན་པའི་ཕྱིར་དང་། ཁམས་གཅིག་དང་གཉིས་སུ་ཉེ་བར་འགྲོ་བའི་ཕྱིར་དང་། འཕར་བ་ལ་སོགས་པར་ཕྱེ་བའི་ཕྱིར་ཏེ། དབྱེ་བ་ཤིན་ཏུ་མང་པོས་ཕྱེ་བས་དེའི་ཕྱིར་མ་ཕྱེ་བའོ། །

ཆོས་མངོན་པ་ལས་ནི་ཕྱེ་ནས་བཤད་དེ། མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏེ། སྐྱེ་བ་དང་འགྲོ་བ་དང་ཚེ་ཕྱི་མ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་དག་ནི་ཞེས་

བྱ་བ་ནི་ཕྱིར་མི་འོང་བ་དག་སྟེ། ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་རོ། །དམ་པ་མ་ཡིན་པ་མི་དགེ་བ་ལ་མི་འཇུག་པ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པ་མི་བྱེད་པ་སྟེ་མི་ཚངས་པར་སྤྱོད་པ་ལ་སོགས་པ་ནི་མི་དགེ་བའི་སེམས་ཀྱིས་བྱེད་ན།

འདོད་ཆགས་དང་བྲལ་བ་དེ་དག་ནི་མི་དགེ་བ་སྤངས་པའི་ཕྱིར་དམ་པ་ཁོ་ན་ལ་འཇུག་གི་དམ་པ་མ་ཡིན་པ་ལ་ནི་མི་འཇུག་གོ། །ཕྱིར་འོང་བ་མེད་ཅེས་བྱ་བ་ནི་འགྲོ་བ་གང་དུ་སྐྱེས་པ་དེའི་འོག་གམ། དེར་གཏན་མི་འོང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་བཤད་པ་འདི་གཞན་ལ་ནི་མེད་

པས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་མེད་པའོ། །གང་གི་ཕྱིར་དེ་གཉིས་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་པའི་ཕྱིར་ལས་དགེ་བ་དང་། མི་དགེ་བ་ལ་འཇུག་པ་དང་། ལྷའི་འགྲོ་བ་ནས་མིའི་འགྲོ་བར་འོང་བ་

དེའི་ཕྱིར། འདི་དག་རྣམ་གྲངས་མེད་པར་སྐྱེས་བུ་དམ་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་དག་ལ་ཡང་ཞེས་བྱ་བ་སྨོས་ཏེ། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་ལའོ། །སྡིག་པ་རྣམ་པ་ལྔ་ཞེས་བྱ་བ་ལ། སྡིག་པ་རྣམ་པ་ལྔ་ནི་སྲོག་གཅོད་པ་དང་མ་བྱིན་པར་

ལེན་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་ཆང་འཐུང་བ་ཞེས་བྱ་བའོ། །ཉོན་མོངས་པ་མི་དགེ་བ་ལ་ཕལ་ཆེར་སྤངས་པའི་ཕྱིར་ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་སྤངས་པའི་ཕྱིར་དང་། འདོད་པ་ན་སྤྱོད་པའི་

เล่ม ๑๔๕ · หน้า 183a

བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ཁ་ཅིག་སྤངས་པའི་ཕྱིར་རོ། །གང་དག་ལ་རྣམ་གྲངས་མེད་པར་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་བཞིན་དུ་རྣམ་པ་གཞན་དུ་མ་ཡིན་པས་ཏེ། འོ་ན་ཅི་ཞེ་ན། སྡིག་པ་ཐམས་ཅད་གཏན་མི་བྱེད་པའི་སྡོམ་པ་

ཐོབ་པའི་ཕྱིར་དང་། ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བ་མི་དགེ་བ་ཐམས་ཅད་སྤངས་པའི་ཕྱིར་དང་། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་ཆར་ཡང་སྤངས་པའི་ཕྱིར་ཏེ། དེ་དག་ནི་རྣམ་གྲངས་མེད་པར་སྐྱེས་བུ་དམ་པ་ཡིན་ནོ། །མདོ་འདིར་ཕྱིར་མི་འོང་བ་དེ་དག་

གི་སྐབས་ཡིན་གྱི། སློབ་པ་གཞན་དག་གི་སྐབས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་གང་གི་

ཆ་དང་པོ་ལ་རྒྱུན་དུ་ཞུགས་པའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས། ཚེ་གཉིས་པ་ལ་ཕྱིར་མི་འོང་བ་ཐོབ་པ་སྟེ། དེ་ནི་འདོད་པའི་ཁམས་སྐྱོན་མང་བ་ལ། ཡང་སྲིད་པའི་སྡུག་བསྔལ་གྱིས་གཟིར་བས་སྐྱོ་བ་མང་བའི་ཕྱིར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །བདག་ནི་

ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །ཞེས་བྱ་བ་དེ་ཇི་ལྟར་རུང་སྟེ། འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡང་ཁམས་གཞན་དུ་འགྲོ་བ་ཡིན་ཏེ། དེ་ནི་ལྷ་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་ཅིང་། མི་དག་ཏུ་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་ལ། དེས་

བདག་ཉིད་ཚེ་ཡོངས་སུ་གྱུར་ཅིང་། གཟུགས་ཀྱི་ཁམས་སུ་སྐྱེ་བར་ཡང་བསྟན་ཏོ། །བདག་ནི་ཐ་མར་ཉམས་ན་ཞེས་བྱ་བ་ལ། ཐ་མ་ཞེས་བྱ་བ་ནི་མིར་གྱུར་པའི་ཐ་མ་སྟེ། ཚེའི་མཐར་རོ། །ཉམས་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་མ་ཐོབ་པ་སྟེ། མ་ཐོབ་པའི་ཡོངས་སུ་ཉམས་པས་

ཡོངས་སུ་ཉམས་པའོ། །དེའི་ཕྱིར་འདོད་པར་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་འགྲོ་བ་མེད། ཞེས་བྱ་བའི་མདོ་འདི་དང་། མདོ་དེ་འགལ་ལོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འགལ་བ་མེད་དེ། ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་རོ་ཞེ་ན། ཡང་དག་པར་དགའ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด