ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๕ · หน้า 209b

སྒྲིབ་པ་ལས་ངེས་པར་གྲོལ་བར་སྐྱེ་བས་རྣམ་པར་གྲོལ་བའི་ལམ་དུ་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ལ་སོགས་པ་དག་ཀྱང་རྣམ་པར་གྲོལ་བའི་ལམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་ཁྱད་པར་གྱི་ལམ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་

དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ་ཞེས་བྱ་བ་ནི། ལེགས་པར་བཤད་པ་ཡིན་ནོ། །ཁྱད་པར་གྱི་ལམ་ནི་དེ་དག་ལས་གཞན་པའི་ལམ་གང་ཡིན་པའོ་ཞེས་བྱ་བ་ནི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་ལས་གཞན་པའོ། །ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་ཆགས་པ་ཡིན་

ཏེ། དེའི་སྐད་ཅིག་མ་དང་པོ་མ་གཏོགས་པ་ལྷག་མ་ནི་ཁྱད་པར་གྱི་ལམ་མོ། །བསྒོམ་པའི་ལམ་གྱི་རྣམ་པར་གྲོལ་བའི་ཤེས་པ་རྒྱུན་ཆགས་པ་གཞན་ཡང་དེ་དང་འདྲ་བ་བརྗོད་པར་བྱ་སྟེ། དཔེར་ན་ཟད་པ་ཤེས་པ་ལ་སོགས་པ་དང་། དེ་བཞིན་དུ་དགྲ་བཅོམ་པའི་མཐོང་བའི་ཆོས་ལ་བདེ་བར་གནས་

པ་དང་། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པར་བྱེད་པའི་ལམ་གསུམ་མ་གཏོགས་པ་གང་ཡིན་པ་ལྟ་བུའོ། །གལ་ཏེ་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བ་སྦྱོར་བའི་ལམ་ཡིན་ན། དེ་ལྟ་ན་ཆོས་ཀྱི་མཆོག་གི་སྔ་རོལ་གྱི་ལམ་གང་ཡིན་པ་དེ་ལ། ཇི་སྐད་དུ་བརྗོད་པར་བྱ་ཞེ་ན།

སྦྱོར་བའི་ལམ་ཁོ་ན་ཡིན་མོད་ཀྱི། དེ་ནི་ཐག་རིང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་མཆོག་དག་ལས་འདི་ཁྱད་པར་ཡིན་ནོ། །སྒྲ་བྱེ་བྲག་ཏུ་བཤད་པ་དྲི་བའི་ཕྱིར། ཅིའི་ཕྱིར་ལམ་ཞེས་བྱ་བ་སྨོས་སོ། །མྱ་ངན་ལས་འདས་པའི་ལམ་ཡིན་ནོ་ཞེས་བྱ་བ་ལ། ལམ་དང་ཤུལ་ཞེས་བྱ་བ་ནི་རྣམ་གྲངས་བསྟན་

པའོ། །ཇི་ལྟར་འདི་མྱ་ངན་ལས་འདས་པའི་ལམ་ཡིན་ཞེ་ན། དེའི་ཕྱིར་དེ་ནས་དེར་འགྲོ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། །ལམ་དེ་ནས་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །འདིས་མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་འདི་ནི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྗེས་སུ་ཚོལ་ཞེས་བྱ་བའི་དོན་ཏོ། །

ལམ་ནི་ཚོལ་བ་ཞེས་བྱ་བའི་ངོ་བོ་ཡིན་ནོ། །རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་དག་ཇི་ལྟར་ན་ལམ་ཉིད་ཡིན་ཞེས་བྱ་བ་ནི་དེ་དག་ནས་མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་ནོ་ཞེས་བྱ་བའོ། །སྦྱོར་བ་དང་བར་ཆད་མེད་པའི་ལམ་དག་ཁོ་ནས་ཉོན་མོངས་པ་སྤང་བར་ནུས་ཀྱི། །རྣམ་པར་

เล่ม ๑๔๕ · หน้า 210a

གྲོལ་བ་དང་ཁྱད་པར་གྱི་ལམ་དག་གིས་ནི་མ་ཡིན་ཏེ། ཉོན་མོངས་པ་རྣམས་སྤངས་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་དང་འདྲ་བ་དང་ཆེས་ཆེ་བ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དེ་དག་ནི་སྤངས་པའི་ལམ་དང་འདྲ་བ་ཡིན་ཏེ། རབ་ཏུ་དབྱེ་བ་དང་དམིགས་པ་དང་

རྣམ་པ་འདྲ་བའི་ཕྱིར་རོ། །ཆེས་ཆེ་བ་ནི་རྒྱུ་རྒྱས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཀྱང་ལམ་ཉིད་ཡིན་ནོ། །དེ་དག་ནི་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་ཡང་ལམ་ཉིད་ཡིན་ནོ། །དེ་ལྟར་ན་ཁྱད་པར་གྱི་ལམ་ཉིད་ཡིན་པ་ཉམས་པར་འགྱུར་ཏེ། དེའི་གོང་ན་ལམ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་

ཕུང་པོའི་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ལམ་དུ་གྱུར་པ་དེ་དག་ནས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་འཇུག་པ་དེའི་ཕྱིར་དེ་གཉིས་ཀྱང་ལམ་ཡིན་ནོ། །མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེས་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་

ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་ཞེས་བྱ་བའོ། །ཡང་ཇི་ལྟར་དེ་དག་རྣམ་པར་གཞག་ཅེ་ན། ས་དང་དབང་པོའི་སྒོ་ནས་སོ། །དེ་ཉིད་བསྟན་པའི་ཕྱིར།

བསམ་གཏན་དག་གི་ལམ་རྣམས་སླ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་གིས་ཡོངས་སུ་ཟིན་པ། ཞི་གནས་དང་ལྷག་མཐོང་མཉམ་པ་དག་གིས་ཞེས་བྱ་བ། ཡན་ལག་དག་གིས་ཡོངས་སུ་ཟིན་པ་ནི་ཡན་ལག་གིས་ཡོངས་སུ་ཟིན་པའོ། །ཡན་ལག་གིས་ཡོངས་སུ་ཟིན་པ་ཞི་

གནས་ལྷག་མཐོང་མཉམ་པ་ཉིད་ཅེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གིས་འབད་མི་དགོས་པར་ངང་གིས་འབྱུང་བའི་ཕྱིར། བསམ་གཏན་དག་གི་ལམ་ནི་ལམ་སླ་བ་ཡིན་ནོ། །བསམ་གཏན་དག་ནི་ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་མཉམ་པ་ཉིད་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་དེའི་ལམ་ནི་འབད་མི་དགོས་

པར་ངང་གིས་འབྱུང་བ་ཡིན་ཏེ། ཆུ་ལ་གཟིངས་བཞིན་ནོ། །དེའི་ཕྱིར་དེ་ནི་ལམ་སླ་བ་ཡིན་ནོ། །བསམ་གཏན་གྱི་དངོས་གཞི་དག་ལས་གཞན་པའི་ཟག་པ་མེད་པ་རྣམས་ཀྱི་ལམ་གང་ཡིན་པ་དེ་ནི་འབད་ནས་འབྱུང་བའི་ཕྱིར་ལམ་དཀའ་བ་ཡིན་ཏེ། ཐང་ལ་གཟིངས་བཞིན་ནོ། །འབད་ནས་འབྱུང་བ་ནི་དེ་ན་

เล่ม ๑๔๕ · หน้า 210b

ཡན་ལག་གིས་ཟིན་པ་མེད་པའི་ཕྱིར་དང་ཞི་གནས་དང་ལྷག་མཐོང་ཆུང་བའི་ཕྱིར་རོ། །མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་གྱི་ལམ་ནི་ཞི་གནས་ཆུང་ངོ་། །གཟུགས་མེད་པ་དག་ན་ནི་ལྷག་མཐོང་ཆུང་ངོ་། །ཐམས་ཅད་ནི་ཏིང་ངེ་འཛིན་ཡན་ལག་གིས་ཡོངས་སུ་ཟིན་པ་ཡིན་ནོ། །

ས་དགུའི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཕྱེ་བ་གང་ཡིན་པ་དེ་ཁོ་ན་རེ་རེ་ཞིང་དབང་པོའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ལམ་དེ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལམ་འདི་ལ་མངོན་པར་ཤེས་པ་བུལ་བ་ཡོད་པས་ན་མངོན་པར་ཤེས་པ་བུལ་བའོ། །བུལ་

བ་ཞེས་བྱ་བ་ནི་ཆུང་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །མངོན་པར་ཤེས་པ་ནི་ཤེས་རབ་སྟེ། འདིས་མངོན་དུ་ཕྱོགས་ནས་རབ་ཏུ་ཤེས་པས་ན་མངོན་པར་ཤེས་པའོ། །ཡང་ན་འདི་གང་ཟག་མོང་རྟུལ་པོ་ཡིན་པས་ཞེས་བྱ་བ་ནི་བླུན་པོ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །མོང་རྟུལ་བ་ཡང་

གང་ཞིག་ཅེ་ན། དབང་པོ་རྟུལ་པོ་གང་ཡིན་པ་སྟེ། མངོན་པར་ཤེས་པ་མྱུར་བ་ནི་འདི་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དང་ཚོར་བ་དང་། སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དག་གོ། །ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་

ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་ཞེས་བྱ་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་ཞེས་བྱ་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཞེས་བྱ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་དང་བརྩོན་འགྲུས་

དང་། སེམས་དང་དཔྱོད་པའི་ཏིང་ངེ་འཛིན་དག་གོ། །དབང་པོ་ལྔ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་དག་གོ། །སྟོབས་ལྔ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་དག་གོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་

དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་

เล่ม ๑๔๕ · หน้า 211a

དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །གང་ཟག་གི་བྱེ་བྲག་གིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་ཏེ། དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མ་རིག་པ་མ་ལུས་པར་

སྤངས་པའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་པའི་མ་རིག་པ་སྤངས་པའི་ཕྱིར་དེ་གཉི་ག་བྱང་ཆུབ་ཡིན་ནོ། །གཞན་ཡང་དེ་གཉིས་ཀྱིས་རང་གི་དོན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟད་པ་ཤེས་པས་རང་གི་དོན་བྱས་པ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་

ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མི་སྐྱེ་བ་ཤེས་པས་རང་གི་དོན་ཡང་བྱར་མེད་པ་ཉིད་རྟོགས་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་དང་མཐུན་ཉིད་ཕྱིར་ཞེས་བྱ་བ་ལ་དེ་དང་མཐུན་པའི་དངོས་པོ་ནི་དེ་དང་མཐུན་

པ་ཉིད་ཡིན་ནོ། །དེ་དང་མཐུན་ཉིད་ཕྱིར་ཞེས་བྱ་བ་ནི་དེའི་ཚོགས་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །རྫས་སུ་བཅུ་ཞེས་བྱ་བ་ནི་ཁ་ཅིག་གི་གཞུང་ལུགས་ཀྱིས་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་བཅུ་གཅིག་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་ཡང་དག་

པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བའི་མཚན་ཉིད་ཀྱི་ཡན་ལག་ཚུལ་ཁྲིམས་ཀྱི་ཡན་ལག་དག་སྟེ། རྣམ་པར་རིག་བྱེད་ཀྱི་རང་བཞིན་ཁྱད་པར་མེད་པས་རྫས་གཅིག་གི་བདག་ཉིད་དུ་རྣམ་པར་གཞག་གོ། །དྲན་པ་ཉེར་གཞག་ཤེས་རབ་སྟེ། །ཞེས་བྱ་བ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་

བྱ་བ་འབྱུང་བས་དྲན་པ་ཉེ་བར་གཞག་པ་དག་ནི་ཤེས་རབ་ཀྱི་བདག་ཉིད་དོ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །ཞེས་བྱ་བ་ནི་འདི་ལྟར་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་བར་བྱེད་དོ། །བརྩོན་འགྲུས་རྩོམ་མོ་ཞེས་གསུངས་སོ། །རྫུ་འཕྲུལ་

རྐང་པ་ཏིང་འཛིན་ཏོ། །ཞེས་བྱ་བ་ནི་འདི་ལྟར་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་དང་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་གིས་བསྡུས་

เล่ม ๑๔๕ · หน้า 211b

པ་དང་། ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་གིས་བསྡུས་པ་དག་ནི་ཤེས་རབ་ཁོ་ན་ཡིན་པས་རྫས་གཅིག་ཡིན་ནོ། །ཡང་དག་པར་འཇོག་པ་བཞི་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་གིས་བསྡུས་པ་དང་། ཡང་དག་པའི་རྩོལ་བ་ལམ་གྱི་ཡན་ལག་གིས་

བསྡུས་པ་ནི་བརྩོན་འགྲུས་ཁོ་ན་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་གིས་བསྡུས་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ལམ་གྱི་ཡན་ལག་གིས་བསྡུས་པ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

དང་། ཡང་དག་པའི་དྲན་པ་ནི་དྲན་པ་ཁོ་ན་ཡིན་པས་དྲན་པའི་རྫས་གཅིག་ཡིན་ནོ། །དབང་པོ་དང་སྟོབས་རྣམས་མིང་གིས་སྨོས་ཤིང་བཤད་པ་དེ་དག་ནི་རྫས་ལྔ་ཡིན་ནོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་གིས་མ་བསྡུས་པ་དག་ནི་

ལྷག་མར་ལུས་པས་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་དག་སྟེ། དེ་ལྟར་ན་བཅུ་ཡིན་ནོ། །ལུས་དང་ངག་གི་ལས་དག་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་མ་འདྲེས་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ།

རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་མཚུངས་པར་ཡོད་ཀྱང་དེ་དག་ལ་མཚན་ཉིད་འཆོལ་བ་མེད་དེ། འདི་ལྟར་སྲོག་གཅོད་པ་སྤོང་བ་ལ་སོགས་པས་བསྡུས་པ་གསུམ་ཆར་ཡང་ལུས་ཀྱི་ལས་ཁོ་ན་ཡིན་པས་རྫས་གཅིག་ཡིན་ལ། བརྫུན་དུ་སྨྲ་བ་སྤོང་བ་ལ་སོགས་པས་བསྡུས་པ་བཞི་ཆར་

ཡང་ངག་གི་ལས་ཡིན་པས་རྫས་གཅིག་ཡིན་ནོ་ཞེས་ཟེར་རོ། །གཙོ་བོ་སྨོས་པ་ཞེས་བྱ་བ་ལ། གཙོ་བོ་ནི་གང་དུ་དེའི་སྟོབས་ཀྱིས་གཞན་དག་ཀྱང་གནས་པ་ཡིན་གྱི། དེ་དག་མེད་པ་ནི་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་གཙོ་བོ་ནི་ཤེས་རབ་ཡིན་པས་དེའི་ཕྱིར་ཤེས་རབ་སྨོས་ཀྱི།

དྲན་པ་ཉེ་བར་གཞག་པ་ཤེས་རབ་ཁོ་ན་ཡིན་པར་ནི་མ་ཟད་དེ། འོ་ན་ཅི་ཞེ་ན། དད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། རྟོག་པ་ལ་སོགས་པ་དག་ཀྱང་ཡིན་ནོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཟག་པ་དང་བཅས་པ་དང་

เล่ม ๑๔๕ · หน้า 212a

ཟག་པ་མེད་པར་ཅི་རིགས་པར་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་ཐམས་ཅད་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སྦྱོར་བ་ལས་བྱུང་བ་སྨོས་པ་ནི་སྐྱེས་ནས་ཐོབ་པའི་དད་པ་ལ་སོགས་པ་དག་ལས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་འཇོག་པ་དང་། རྫུ་འཕྲུལ་

གྱི་རྐང་པ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །རབ་ཏུ་འཇོག་པས་ཞེས་བྱ་བ་ནི་འཛིན་པ་དང་། རེས་འགའ་འཇུག་པ་དང་། རེས་འགའ་ངེས་པར་འབྱེད་པས་ཞེས་བྱ་བའི་ཐ་ཚིག་སྟེ། དགེ་བའི་ཆོས་དང་མཐུན་པ་དང་། མི་དགེ་བའི་ཆོས་འཇུག་པ་དང་འགལ་བ་དག་འཇུག་པར་བྱེད་དོ་ཞེས་བྱ་བའི་བར་དུ་བཤད་པར་འགྱུར་

རོ། །དེ་ནི་ཡོན་ཏན་སྦྱོར་བ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་གཞི་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྫུ་འཕྲུལ་ནི་ཡོན་ཏན་འབྱོར་པ་ཡིན་ནོ་ཞེས་བྱ་བ་དང་། དེ་ལས་བྱུང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཏིང་ངེ་འཛིན་ནོ་ཞེས་བསྟན་པར་འགྱུར་ཏེ། ཡོན་ཏན་ཐམས་ཅད་

འབྱོར་པ་ནི་ཏིང་ངེ་འཛིན་ལ་རག་ལུས་པ་ཡིན་ནོ། །གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་ནི་རྐང་པ་ཡིན་ནོ་ཞེས་ཟེར་བ་རྒོལ་བ་དེ་དག་གི་ལྟར་ན་འདུན་པ་དང་སེམས་ལྷག་པའི་ཕྱིར་བཅུ་གཅིག་ལ་འདུན་པ་དང་།

སེམས་བསྣན་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བཅུ་གསུམ་དུ་འགྱུར་རོ། །བརྩོན་འགྲུས་དང་ཤེས་རབ་གཉིས་ནི་ལྷག་པ་མ་ཡིན་ཏེ། བརྩོན་འགྲུས་ཡང་དག་པར་སྤོང་བ་དག་གི་ནང་དུ་འདུས་ལ། དཔྱོད་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་དག་གི་ནང་

དུ་འདུས་སོ། །འདུན་པ་དང་སེམས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དག་གི་ནང་དུ་བསྡུ་བར་མི་ནུས་སོ། །མདོ་དང་ཡང་འགལ་ཏེ། གལ་ཏེ་འདིས་རྫུ་འཕྲུལ་པར་བྱེད་པས་ན་ཞེས་བྱ་བར་རྫུ་འཕྲུལ་ཏིང་ངེ་འཛིན་ཁོ་ན་ཡིན་ནའོ། །ཇི་ལྟར་མདོ་ལས་འགལ་ཞེ་ན། དགེ་སློང་དག་

ཁྱེད་ལ་རྫུ་འཕྲུལ་བསྟན་གྱིས་ཞེས་བྱ་བ་དེ་ལས་ནི་ཏིང་ངེ་འཛིན་གྱི་འབྲས་བུ་ལ་རྫུ་འཕྲུལ་གྱི་སྒྲར་བཤད་ཀྱི། ཏིང་ངེ་འཛིན་ཉིད་ལ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་བ་དང་། སྣང་བར་འགྱུར་བ་དང་མི་སྣང་བར་འགྱུར་བ་ཞེས་བྱ་བ་ལ་

เล่ม ๑๔๕ · หน้า 212b

སོགས་པའོ། །འདི་ལྟར་འདི་ནི་ཏིང་ངེ་འཛིན་གྱི་འབྲས་བུ་ལ་བྱ་བ་ཁོ་ན་ཡིན་པར་རུང་གི །ཏིང་ངེ་འཛིན་ཉིད་ལ་ནི་མ་ཡིན་ནོ། །དེ་ལ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། འདུན་པ་ལ་སོགས་པ་ནི་རྐང་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་ལས་དངོས་པོའི་བྱེད་པ་ལ་བརྟེན་ནས་རྫུ་

འཕྲུལ་གྱི་འབྲས་བུ་ལ་ཡང་རྫུ་འཕྲུལ་གྱི་སྒྲར་བཤད་ཀྱི། འདིས་རྫུ་འཕྲུལ་པས་ན་ཞེས་བྱེད་པའི་བྱེད་པ་ལ་བརྟེན་ནས་ནི་མ་ཡིན་ནོ། །ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་ཞེས་བྱ་བ་ལ། དབང་པོ་རྣམས་ནི་ཆུང་ངུའོ། །སྟོབས་རྣམས་ནི་ཆེན་པོའོ། །རྫི་བ་དང་རྫི་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། དབང་

པོ་རྣམས་ནི་དེའི་མི་མཐུན་པའི་ཕྱོགས་ཀུན་དུ་འབྱུང་བས་རྫི་སྟེ། དེའི་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་སྟོབས་ཞེས་བྱ་བའོ། །དབང་པོ་རྣམས་ཀྱི་གོ་རིམས་ནི་གཏེར་བརྐོ་བ་བཞིན་ནོ། །རབ་ཏུ་བྱེད་ཅེས་བྱ་བ་ནི་རྣམ་པར་འཇོམས་པའོ། །ལས་དང་པོའི་གནས་སྐབས་སུ་ཞེས་བྱ་

བ་རྒྱས་པར་འབྱུང་སྟེ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་རང་བཞིན་ཉེ་བར་བརྟག་པར་བྱ་བའི་ཕྱིར་རོ། །བརྩོན་འགྲུས་ཡང་དག་པར་སྤེལ་བའི་ཕྱིར་ཐོབ་པར་འགྱུར་བ་དག་ལ་ནི་ཡང་དག་པར་རབ་ཏུ་འཇོག་པ་རྣམས་རྣམ་པར་ཕྱེ་སྟེ་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་

ན། དྲོ་བར་འགྱུར་བ་དག་ན་ཁྱད་པར་ཐོབ་པར་འགྱུར་ཏེ། དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་ཐོབ་པའི་ཕྱིར་རོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ལ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ་ཞེས་བྱ་བ་ལ། གང་གི་ཕྱིར་རྩེ་མོ་དག་ནི་ཡོངས་སུ་ཉམས་

པར་མི་འགྱུར་བའི་དགེ་བའི་རྩ་བ་བཟོད་པས་བསྡུས་པ་རྣམས་ལ་འཇུག་སྟེ། འདི་རྣམས་ཀྱི་འཇུག་པས་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །གནས་སྐབས་དེའི་ཏིང་ངེ་འཛིན་རྣམས་ནི་རྫུ་འཕྲུལ་གྱི་རྟེན་ཡིན་པས་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་གཞག་གོ། །དབང་པོ་ཐོབ་པའི་ཕྱིར་བཟོད་པ་དག་ལ་ནི་དབང་པོ་རྣམས་

སོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེའི་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་བའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གནས་སྐབས་དེའི་དད་པ་ལ་སོགས་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེའི་ཕྱིར་བཟོད་པ་དག་ལ་དབང་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ལམ་འདྲེན་པས་དབང་

เล่ม ๑๔๕ · หน้า 213a

བྱེད་དོ། །ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བའི་ཕྱིར་ཞེས་བྱ་བ་ནི་གནས་སྐབས་དེའི་དད་པ་ལ་སོགས་པ་དག་ནི་ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བ་ཡིན་ཏེ། དེའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །ཇི་ལྟར་མི་བརྫི་ཞེ་ན། དེའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་

པའི་བཟོད་པ་སྐྱེ་བའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བའི་ཕྱིར་ཞེས་བྱ་བ་ནི་ཡང་ན་འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བའི་ཕྱིར། ཆོས་མཆོག་གི་གནས་སྐབས་ན་དད་པ་ལ་སོགས་པ་ལ་སྟོབས་རྣམས་ཞེས་བྱའོ། །བྱང་ཆུབ་དང་ཉེ་བའི་ཕྱིར་ཞེས་བྱ་བ་ནི་

ཟད་པ་དང་མི་སྐྱེ་བ་ཤེས་པ་དང་ཉེ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་མྱུར་བར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་མ་བཅོ་ལྔས་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་མངོན་པར་རྟོགས་པས་དེ་མྱུར་དུ་འགྲོ་བ་ཉིད་དེ། གལ་ཏེ་བསྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་

ལག་རྣམས་ཡིན་ན། ཅིའི་ཕྱིར་ལམ་གྱི་ཡན་ལག་དག་གི་སྔ་རོལ་དུ་བཤད་ཅེ་ན། དེའི་ཕྱིར་གྲངས་ཀྱི་རིམ་པ་བཞིན་དུ་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔར་བདུན་བཤད་ལ་ཕྱིས་ནི་བརྒྱད་བཤད་དོ། །གྲངས་ཀྱི་རིམ་པ་བཞིན་ཞེས་བྱ་བ་ནི་ཅི་ནས་ཀྱང་གྲངས་ཀྱི་གོ་རིམས་བཞིན་དུ་བཤད་པར་

འགྱུར་བར་བྱ་བའི་ཕྱིར་རོ། །གཞན་དག་ནི་གོ་རིམས་མ་ཉམས་པ་ཁོ་ནར་ཞེས་བྱ་བ་ལ་གོང་དུ་ནི་སྔར་བྱང་ཆུབ་ཀྱི་ཡན་ལག་དང་བསྒོམ་པའི་ལམ་བཤད་ལ། ཕྱིས་ལམ་གྱི་ཡན་ལག་དང་མཐོང་བའི་ལམ་བཤད་པས་གོ་རིམས་ཉམས་པ་ཡིན་ནོ། །ཡུལ་རྣམ་པ་མང་པོ་ལ་གཡེང་བར་འཕྲོ་བ་ཞེས་བྱ་བ་

ནི། གཟུགས་ལ་སོགས་པའི་ཡུལ་རྣམ་པ་མང་ཞིང་བྱེ་བྲག་མང་བ་སྟེ། དེ་ལ་གཡེང་བ་ནི་རྣམ་པར་གཡེང་བའོ། །བློ་འདི་དག་ལ་ཡུལ་རྣམ་པ་མང་པོ་ལ་གཡེང་བར་འཕྲོ་བའི་ངང་ཚུལ་ཡོད་པས་ན་ཡུལ་རྣམ་པ་མང་པོ་ལ་གཡེང་བར་འཕྲོ་བ་སྟེ་དེ་རྣམས་སོ། །ཞེན་པ་ལ་བརྟེན་པ་ཞེས་བྱ་བ་ནི། འདོད་པ་

ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །དྲན་པའི་ཀུན་དུ་རྟོག་པ་རྣམས་ཞེས་བྱ་བ་ལ། དྲན་པ་དང་མཚུངས་པར་ལྡན་པའི་ཀུན་དུ་རྟོག་པ་ནི་དྲན་པའི་ཀུན་དུ་རྟོག་པ་སྟེ། ཡུལ་ཉམས་སུ་མྱོང་བ་དྲན་པའི་ཀུན་དུ་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེའི་སྟོབས་ཀྱིས་བརྩོན་འགྲུས་ཡང་དག་པར་འཕེལ་བས་ཞེས་བྱ་བ་ནི་

เล่ม ๑๔๕ · หน้า 213b

དྲན་པ་ཉེ་བར་གཞག་པ་བཞིའི་སྟོབས་ཀྱིས་ཞེས་བྱ་བའི་དོན་གང་ཡིན་པའོ། །དགོས་པ་བཞི་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི། ཇི་སྐད་དུ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ་སྔ་མ་བཞིན་ནོ། །དེའི་འོག་ཏུ་ཏིང་ངེ་འཛིན་རྣམ་པར་སྦྱོར་བའི་ཕྱིར་ཞེས་

བྱ་བ་ལ། གང་གི་ཕྱིར་ཡང་དག་པར་རབ་ཏུ་འཇོག་པ་དག་གི་རྗེས་ལ་རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིངས་པས་ཏིང་ངེ་འཛིན་སྦྱོང་ངོ་། །དེའི་ཕྱིར་དེའི་རྗེས་ལ་ཏིང་ངེ་འཛིན་སྦྱོང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་རབ་ཏུ་ཕྱེའོ་ཞེས་ཐམས་ཅད་དུ་སྐབས་དང་སྦྱར་རོ། །འཇིག་རྟེན་

ལས་འདས་པའི་ཆོས་རྣམས་ཀྱི་བདག་པོར་གྱུར་པ་ཞེས་བྱ་བ་ནི་དེ་འདྲེན་པར་བྱེད་པ་ཉིད་ཀྱི་ཕྱིར་བདག་པོར་གྱུར་པར་རིག་པར་བྱའོ། །དེ་དག་ཉིད་ཅེས་བྱ་བ་ལ་དབང་པོ་དེ་དག་ཉིད་གང་གི་ཚེ་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་ཀུན་དུ་སྤྱོད་ཅིང་། མངོན་དུ་གྱུར་པ་དེའི་ཚེ་སྟོབས་ཞེས་བྱ་སྟེ།

དེ་དག་གི་མི་མཐུན་པའི་ཕྱོགས་ནི་མ་དད་པ་ལ་སོགས་པའོ། །གཉི་ག་ལ་ནི་ལམ་གྱི་ཡན་ལག་རྣམས་ཏེ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་ལའོ། །འདི་ལྟར་ཞེས་བྱ་བ་ནི་དེ་ཉིད་ཁུངས་རྒྱས་པར་འབྱུང་བའོ། །མཐོང་བའི་ལམ་ལ་བསྒོམ་པའི་ལམ་ཡོངས་སུ་རྫོགས་པར་མི་

འགྱུར་བས། ཇི་ལྟར་དེར་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པའི་ལམ་གྱིས་བསྡུས་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེའི་ཕྱིར་མཐོང་བའི་ལམ་ནས་བཟུང་ནས་ལམ་གྱི་ཡན་ལག་དག་ཡོད་དོ། །ཇི་སྐད་བཤད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་ཀྱང་བསྒོམ་པའི་ལམ་དུ་

ཡོངས་སུ་རྫོགས་པར་འགྱུར་གྱི། མཐོང་བའི་ལམ་དུ་ནི་མ་ཡིན་ནོ། །མཐོང་བའི་ལམ་དུ་ནི་ལམ་བསྒོམ་པ་ཡོངས་སུ་རྫོགས་པར་མི་རུང་སྟེ། དེའི་ཕྱིར་མཐོང་བའི་ལམ་ནས་བཟུང་ནས་ལམ་གྱི་ཡན་ལག་དག་ཡོད་དོ་ཞེས་བྱ་བར་ཤེས་སོ། །དེ་ལྟ་ཡིན་དང་མཐོང་བ་དང་། བསྒོམ་པའི་ལམ་གཉིས་

ཀ་ལ་ཡང་ལམ་གྱི་ཡན་ལག་ཡོད་པར་འགྱུར་རོ། །ཡང་དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ་ཅི་ཞེ་ན། གཉི་ག་ལ་ལམ་གྱི་ཡན་ལག་དག་ཡོད་དོ། །འཕགས་པའི་བདེན་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བ་འདིས་ནི་མཐོང་བའི་ལམ་བསྟན་ཏོ། །ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་

เล่ม ๑๔๕ · หน้า 214a

ནི་བསྒོམ་པའི་ལམ་མོ། །ཇི་ལྟར་རྟོགས་པའི་ལམ་གྱིས་ཞེས་བྱ་བ་ནི། ཇི་ལྟར་ཐོབ་པའི་ལམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེ་ལྟ་བས་ན་གཉི་ག་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདོད་པར་བྱ་དགོས་སོ། །བྱང་ཆུབ་ཡན་

ལག་ལམ་ཡན་ལག །ཟག་པ་མེད་ཅེས་བྱ་བ་ལ། ཟག་པ་མེད་པ་ཁོ་ན་ཡིན་གྱི། དེ་དག་ཁོ་ན་ཟག་པ་མེད་པ་ནི་མ་ཡིན་ཏེ། གཞན་རྣམ་གཉིས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་གཉིས་བསྒོམ་པ་དང་མཐོང་བའི་ལམ་ལ་རྣམ་པར་གཞག་པའི་ཕྱིར་ལ། སྲིད་པའི་རྩེ་མོའི་གཉེན་པོ་ཡིན་པས་

བསྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་གཞག་པའི་ཕྱིར་ཟག་པ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡིན་བཞིན་དུ་དེ་དག་ཁོ་ན་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་ཡིན་པའི་ཕྱིར་དང་། བྱང་ཆུབ་དང་ཉེ་བའི་

ཕྱིར་རོ། །ལམ་གྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་ལ་རྣམ་པར་གཞག་སྟེ། མཐོང་བའི་ལམ་གཅིག་ཏུ་ཟག་པ་མེད་པ་ཡིན་པའི་ཕྱིར་དེ་རྣམས་ཀྱང་ཟག་པ་མེད་པ་ཉིད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནམ། ཟག་པ་མེད་པ་རྣམས་ཁོ་ན་ལམ་གྱི་ཡན་

ལག་ཅེས་བྱ་ཞེ་ན། ཡོད་པ་བདེན་མོད་ཀྱི་དེ་དག་ནི་འཕགས་པའི་ལམ་ཞེས་བྱ་བའི་སྒྲ་མི་ཐོབ་སྟེ། ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་དེ་ལ་ལམ་གྱི་ཡན་ལག་ཉིད་དུ་ཐལ་བ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གཞན་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་ནོ། །

ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟོབས་ལ་ཐུག་པ་རྣམས་ཏེ། མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱིས་བསྡུས་པ་དག་ནི་ཟག་པ་མེད་པའོ། །དྲོ་བར་གྱུར་པ་ལ་སོགས་པས་བསྡུས་པ་དག་ནི་ཟག་པ་དང་བཅས་པའོ། །བསམ་གཏན་དང་པོ་ན་ཐམས་ཅད་ཅེས་

བྱ་བ་ལ། དེ་ན་ནི་དགའ་བ་ཡང་ཡོད་ལ། རྟོག་པ་དང་བཅས་པའི་ཕྱིར་ཡང་དག་པའི་རྟོག་པ་ཡང་ཡོད་དོ། །ཉེར་བསྡོགས་རྣམས་ནི་སྟོབས་ཀྱིས་དྲང་དགོས་པའི་ཕྱིར་ཞེས་བྱ་བ་ལ། དེ་ལ་བརྟེན་ནས་ས་འོག་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་ན། ཉེར་བསྡོགས་རྣམས་

เล่ม ๑๔๕ · หน้า 214b

བརྩོན་འགྲུས་ཆེན་པོས་མངོན་དུ་བྱེད་ལ་བདེ་བླག་ཏུ་ཐོབ་པའི་སེམས་ནི་དགའ་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ན་དགའ་བ་མེད་དོ། །གཞན་ཡང་ས་འོག་མའི་དོགས་པ་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པར་དོགས་པ་དང་བཅས་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་ཡང་དེ་རྣམས་ན་དགའ་

བ་མེད་དོ། །བསམ་གཏན་གཉིས་པ་ན་ནི་རྟོག་པ་མེད་པའི་ཕྱིར་ཡང་དག་པའི་རྟོག་པ་མེད་དོ། །བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་དགའ་བ་དང་རྟོག་པ་མ་གཏོགས་པ་ཞེས་བྱ་བ་ལ། དེའི་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་འབྱུང་བའི་ཕྱིར་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

མེད་ལ་རྟོག་པ་མེད་པའི་ཕྱིར་ཡང་དག་པའི་རྟོག་པ་ཡང་མེད་དོ། །བསམ་གཏན་བར་ན་ཡང་། དེ་གཉིས་ཉིད་མ་གཏོགས་པ་ཞེས་བྱ་བ་ནི་དགའ་བ་ཡང་དག་པའི་རྟོག་པ་གཉིས་མ་གཏོགས་ཏེ། དེ་ན་དེ་དག་མེད་པའི་ཕྱིར་རོ། །དེ་གཉིས་ན་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་ཞེས་བྱ་བ་ལ། འདོད་

པའི་ཁམས་དང་སྲིད་པའི་རྩེ་མོ་དག་ན་ནི་གོ་རིམས་བཞིན་དུ་མཉམ་པར་མ་བཞག་པའི་ཕྱིར་དང་། མི་གསལ་བའི་ཕྱིར་ཟག་པ་མེད་པའི་ལམ་མེད་དོ། །གཞན་དག་ན་རེ་སྲིད་པའི་རྩ་བ་ཡིན་པའི་ཕྱིར་དེ་དག་ན་ཟག་པ་མེད་པའི་ལམ་མེད་དོ་ཞེས་ཟེར་རོ། །ཚུལ་ཁྲིམས་ཉིད་རབ་ཏུ་དང་བ་ཡིན་པ་

ནི་ཚུལ་ཁྲིམས་དང་བ་སྟེ། དེ་ཡང་ཟག་པ་མེད་པའི་ཚུལ་ཁྲིམས་སོ། །ཆོས་ལ་ཤེས་ནས་དད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་ནས་དད་པའོ། །སངས་རྒྱས་དང་ཆོས་ལའང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་མངོན་པར་རྟོགས་ན་ཞེས་བྱ་བ་

རྒྱས་པར་འབྱུང་ངོ་། །ཆོས་གང་ལས་ཤེ་ན། སྡུག་བསྔལ་ལ་སོགས་པ་དེ་དག་ཁོ་ན་ལའོ། །ཇི་ལྟར་ཞེ་ན། འདི་དག་ནི་སྡུག་བསྔལ་ལ་སོགས་པ་ཙམ་ཞིག་ཏུ་ཟད་ཀྱི། འདི་ན་སེམས་ཅན་མེད་དོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ནི་ཆོས་ལ་ཤེས་ནས་དད་པའོ། །འཕགས་པ་

དགྱེས་པའི་ཚུལ་ཁྲིམས་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་འཚོ་བའི་བདག་ཉིད་ཅན་ཏེ། ཤེས་ནས་དད་པ་འཐོབ་བོ། །དགེ་བ་ལ་སོགས་པ་ཆོས་མང་དུ་བཤད་ལ། སྐྱབས་སུ་འགྲོ་བ་དག་ཏུ་ནི། མྱ་ངན་ལས་འདས་པ་ཁོ་ན་ཆོས་སུ་བཤད་པ་ཐེ་ཚོམ་ཟོས་པས། འདིར་

เล่ม ๑๔๕ · หน้า 215a

གང་ལ་ཆོས་སུ་དགོངས་པ་ཡིན་ཞེས་དྲིས་སོ། །ཆོས་བདེན་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཤེས་ནས་དད་པ་རྣམས་ནི་སངས་རྒྱས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱིས་ཡིད་ཆེས་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་ཆོས་གང་དག་ཡིད་ཆེས་པ་སྡུག་

བསྔལ་དང་ཀུན་འབྱུང་དང་འགོག་པ་དག་ཁོ་ནས་ཆོས་ཡིན་པར་ཤེས་པར་བྱའོ། །རང་སངས་རྒྱས་དང་བྱང་ཆུབ་སེམས་པའི་ལམ་ཡིན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་སངས་རྒྱས་དང་། དགེ་འདུན་གྱི་ལམ་གྱི་ཆོས་སུ་མ་བཤད་ཅེ་ན། གང་གི་ཕྱིར་སངས་རྒྱས་དང་དགེ་འདུན་གྱི་ལམ་གྱི་ངོ་བོར་རྣམ་པར་

གཞག་པ་དེའི་ཕྱིར་དེ་དག་ལ་ཤེས་ནས་དད་པ་དག་ནི་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ཡིན་གྱི་ཆོས་ལ་དད་པ་ནི་མ་ཡིན་ནོ། །དེའི་ཕྱིར་བདེན་པ་བཞི་ཆར་ཡང་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་འཐོབ་བོ་ཞེས་བྱ་བ་ནི་གང་གི་ཕྱིར་བདེན་པ་གསུམ་དང་ལམ་གྱི་བདེན་པའི་ཕྱོགས་

གཅིག་ཇི་སྐད་དུ་བཤད་པ་ཆོས་ཡིན་པའི་ཕྱིར་རོ། །དད་པའི་གཞིའི་བྱེ་བྲག་གིས་ཞེས་བྱ་བ་ལ། དད་པའི་དམིགས་པ་ལ་སོགས་པ་དམིགས་པའི་བྱེ་བྲག་གིས་དད་པ་རྣམ་པ་གསུམ་དུ་རྣམ་པར་གཞག་ནས་ཚུལ་ཁྲིམས་ཤེས་ནས་དད་པ་དང་བཅས་ཏེ་བཞི་ཡིན་ནོ། །བདེན་པ་རྣམས་ཡང་དག་

པ་ཇི་ལྟ་བ་བཞིན་རྟོགས་ནས་ཡིད་ཆེས་པ་ནི་ཤེས་ནས་དད་པ་ཡིན་ནོ་ཞེས་བྱ་བ་ནི། ཤེས་རབ་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ལ། དད་པས་ནི་ཡིད་ཆེས་པ་ཡིན་ནོ། །མདོ་ལས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་

ཚུལ་ཁྲིམས་དག་ཅེས་རིམ་པ་དེ་ལྟར་འབྱུང་བ་མ་ཡིན་ནམ། ཇི་ལྟར་ཆོས་མངོན་པ་ལས་གོ་རིམས་བཟློག་ཅེ་ན་དེའི་ཕྱིར་ལངས་ནས་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡང་ཅིའི་ཕྱིར་ལངས་པ་འདི་ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན། དེའི་ཕྱིར་སྨན་པ་དང་སྨིན་དང་ནད་གཡོག་ལྟ་

བུར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ནད་པ་ནད་དང་བྲལ་བ་ནི་སྨན་པ་ལས་མཐོང་བ་ཉིད་དང་། བསྟན་བཅོས་ཤེས་པ་ཉིད་དང་སྨན་ངེས་པར་སྦྱོར་བར་ཤེས་ནས་དང་པོར་སྨན་པ་ལ་དད་དོ། །དེའི་འོག་ཏུ་ནི་སྨན་ལ་དད་ལ། དེ་ནས་ནད་གཡོག་ལ་དད་པ་དེ་བཞིན་དུ། འདིར་ཡང་བཅོམ་ལྡན་འདས་ནི་སྨན་པ་

เล่ม ๑๔๕ · หน้า 215b

ལྟ་བུར་གྱུར་པ་ཡིན་ཏེ། མདོ་ལས་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ནི་སྨན་ཡིན་ཏེ། ཆོས་ནི་སྟོན་པར་བྱེད་པ་ཡིན་པའི་ཕྱིར་དང་། ཉོན་མོངས་པའི་ནད་སེལ་བས་ནད་མེད་པ་ཐོབ་པར་བྱེད་པའི་ཕྱིར། སྨན་ལྟ་བུར་གྱུར་པ་ཡིན་ནོ། །དགེ་འདུན་ནི་ནད་

གཡོག་ལྟ་བུར་གྱུར་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ནད་མེད་པ་ཐོབ་པར་བྱ་བའི་ཕྱིར་འདོམས་པ་དང་རྗེས་སུ་སྟོན་པས་ཕན་ཚུན་རིམ་གྲོ་བྱེད་པའི་ཕྱིར་རོ། །སེམས་དང་བས་བྱས་པའི་ཕྱིར་ཞེས་བྱ་བ་ལ། སེམས་རབ་ཏུ་དང་བ་ནི་སངས་རྒྱས་ལ་སོགས་པ་དག་ལའོ། །ཚུལ་ཁྲིམས་རབ་ཏུ་དང་བ་

ཡང་དེས་བྱས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐ་མ་བཞི་པར་བཤད་ཅིང་མཐར་བསྟན་ཏོ། །འདི་ནི་དེ་ལྟར་རབ་ཏུ་དང་བར་གྱུར་པའི་སྒྲུབ་པ་ཞེས་བྱ་བ་ལ། གཞན་དག་ནི་རབ་ཏུ་ཞུགས་པ་ཞེས་འདོན་ཏེ། དེ་ལྟར་རབ་ཏུ་ཞུགས་པར་གྱུར་པའི་ཞེས་བྱ་བར་རོ། །བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་

པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་སྒྲུབ་པ་དེ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ཡིན་ནོ། །ཡང་ན་ནད་མེད་པ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ།

ཅི་ཞེ་ན། སྨན་པ་དང་སྨན་དང་ནད་གཡོག་དང་ནད་མེད་པའི་གོ་རིམས་དང་མཐུན་པར་ཚུལ་ཁྲིམས་རབ་ཏུ་དང་བ་ཐ་མར་བཤད་པ་ཡིན་ནོ། །ཡང་སྟོན་པར་བྱེད་པ་དང་། ལམ་དང་ལམ་གྲོགས་དང་བཞོན་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་ཅི་ཞེ་ན། དེ་དག་གི་གོ་རིམས་ཡིན་ནོ། །བཅོམ་ལྡན་འདས་ནི་སྟོན་པར་བྱེད་པ་ལྟ་བུ་

ཡིན་ནོ། །ཆོས་ནི་ལམ་ལྟ་བུ་ཡིན་ནོ། །དགེ་འདུན་ནི་ལམ་གྲོགས་ལྟ་བུ་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ནི་བཞོན་པ་ལྟ་བུ་ཡིན་ཏེ། ཚུལ་ཁྲིམས་རྟེན་དུ་གྱུར་པའི་ཕྱིར་དེ་ལ་བརྟེན་པ་འཁོར་བ་ལས་ངེས་པར་འབྱུང་བས་ཐ་མར་བཞི་པར་བཤད་དོ། །འཕགས་པ་དགྱེས་པ་ཞེས་བྱ་བའི་དོན་གང་ཞིག་ཡིན་

ཅེ་ན། འཕགས་པ་བཞེད་ཅིང་མཉེས་ཞེས་བྱ་བའི་དོན་གང་ཡིན་པའོ། །སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་སློབ་པའི་ཡང་དག་པའི་ལྟ་བ་ནས་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་ཡན་ལག་བརྒྱད་དང་ལྡན་ནོ་ཞེས་གསུངས་སོ། །

เล่ม ๑๔๕ · หน้า 216a

མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་སློབ་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པའི་བར་དང་ལྡན་ནོ། །ཅིའི་ཕྱིར་སློབ་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་སློབ་པ་དང་མི་སློབ་པ་དག་

ཡང་དག་པའི་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཤེས་པ་དང་མཚུངས་པར་ལྡན་པར་མཚུངས་བཞིན་དུ། མི་སློབ་པ་ཁོ་ན་དེ་དག་དང་ལྡན་པར་བཤད་ལ། མི་སློབ་པ་མ་ཡིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེས་བྱ་བའོ། །དེའི་ཕྱིར། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །

རྣམ་གྲོལ་མ་བཤད་ཅེས་བྱ་བ་སྨོས་སོ། །གལ་ཏེ་སློབ་པ་ཡང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཁ་ཅིག་ལས་རྣམ་པར་གྲོལ་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་འཆིང་བའི་ཕྱོགས་གཅིག་ལས་གྲོལ་བས་ནི་གྲོལ་བ་ཞེས་མི་

བྱའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཤེས་པ་ཡིན་པས་དེ་འདི་ལ་མེད་དོ། །རྣམ་པར་གྲོལ་བ་དེ་དང་སོ་སོ་རང་གི་ཤེས་པ་དག་གིས་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་སོ་སོ་རང་གི་ཤེས་པ་ནི་དེ་སོ་སོ་རང་

གི་ཤེས་པའོ། །རྣམ་པར་གྲོལ་བ་དང་དེ་སོ་སོ་རང་གི་ཤེས་པ་ནི་རྣམ་པར་གྲོལ་བ་དང་དེ་སོ་སོ་རང་གི་ཤེས་པ་དག་སྟེ། རྣམ་པར་གྲོལ་བ་དང་དེ་སོ་སོ་རང་གི་ཤེས་པ་དག་གིས་སོ། །རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཞག་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །

དེ་ཁོ་ན་ལ་དེ་སྨོས་པ་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ། དེ་ཁོ་ན་ལ་ཞེས་བྱ་བ་ན་མི་སློབ་པ་ལའོ། །དེ་སྨོས་པ་ཞེས་བྱ་བ་ནི་ཡང་དག་པའི་རྣམ་པར་གྲོལ་བ་སྨོས་པ་དང་། ཡང་དག་པའི་ཤེས་པ་སྨོས་པའོ། །རིགས་དང་ལྡན་པ་ནི་རིགས་པ་ལས་མ་འདས་

པའོ། །མི་སློབ་པའི་ཡན་ལག་ཏུ་བཤད་དེ་ཞེས་བྱ་བ་ནི་མི་སློབ་པའི་ཡན་ལག་ཏུ་བསྟན་པའོ། །ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ལས་གཞན་པ་དགུ་ཇི་ལྟར་ཡིན་པ་དེ་བཞིན་དུ། ཡང་དག་པའི་རྣམ་པར་གྲོལ་བ་ཡང་ཡིན་ནོ། །སེམས་

เล่ม ๑๔๕ · หน้า 216b

རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ། འདོད་ཆགས་ལས་ཆགས་པ་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བའོ། །མ་རིག་པ་ལས་ཆགས་པ་དང་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བའོ། །དེའི་ཕྱིར་དེ་ལྟར་སྤང་བར་བྱ་བ་རྣམ་པ་གཉིས་

ཡོད་པ་ལས་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ཉིད་རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་བལྟའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་མི་སློབ་པའི་མོས་པའོ། །འདུས་མ་བྱས་ནི་ཕུང་པོའི་དོན་དུ་མི་རུང་བའི་ཕྱིར། འདུས་མ་བྱས་རྣམ་པར་གྲོལ་བའི་ཕུང་པོ་མ་ཡིན་ནོ། །

འོ་ན་གང་མདོ་ལས། རྣམ་པར་གྲོལ་བའི་ཕུང་པོ་ནི་མོས་པ་ལས་གཞན་ཡིན་པ་ཉིད་དུ་གསུངས་པ་དེའི་ཕྱིར། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་དག་གིས་མོས་པ་ཁོ་ན་རྣམ་པར་གྲོལ་བའི་ཕུང་པོར་བརྗོད། མདོ་དེ་ཉིད་སྟོན་པ་ནི་སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་

དག་པ་གཙོ་བོ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནས་འདུན་པ་དང་། བརྩོན་འགྲུས་དང་། རྩོལ་བ་དང་། ངེས་པར་འབྱུང་བ་དང་། ཕ་རོལ་གནོན་པ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བའོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་ཅེས་མང་པོའི་ཚིག་སྨོས་པ་ནི་དེ་དག་མང་བའི་

ཕྱིར་རོ། །གང་གི་ཕྱིར་མདོ་འདི་ལས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ལྟ་བ་དང་། རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོ་དག་བསྟན་པ་ཡིན་ནོ། །རྣམ་པར་གྲོལ་བ་གཙོ་བོ་ཡོངས་སུ་དག་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཡོངས་སུ་དག་པ་ནི། རྣམ་པར་

གྲོལ་བ་ཡོངས་སུ་དག་པ་སྟེ། དེའི་གཙོ་བོ་ནི་བརྩོན་འགྲུས་ཡིན་ནོ། །དེ་ལྟར་ན་འདིར་རྣམ་པར་གྲོལ་བ་དང་། ཡོངས་སུ་དག་པ་དང་། གཙོ་བོ་ཞེས་བྱ་བ་དྲི་བ་གསུམ་མོ། །དེའི་ཕྱིར་རྣམ་པར་གྲོལ་བ་ནི་མོས་པ་ཁོ་ན་ཡིན་པར་མ་ཟད་དོ། །འོ་ན་ཅི་ཞེ་ན། དེ་ཁོ་ན་

ཤེས་པས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སེམས་དྲི་མ་མེད་པ་ཉིད་ནི་ཟག་པ་མེད་པ་ཉིད་དང་དོན་གཞན་མ་ཡིན་པར་གྱུར་པ་མར་གྱི་ཉིང་ཁུ་དང་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་ལྟ་བ་ལས་ཐ་དད་པའི་ཤེས་པ་མི་སློབ་པའི་ཡན་ལག་ཉིད་དུ་རྣམ་པར་གཞག་པས་ཡང་དག་པའི་

เล่ม ๑๔๕ · หน้า 217a

ཤེས་པ་གང་ཞིག་ཅེ་ན་ཞེས་བྱ་བ་དྲི་བ་རྒྱས་པར་འབྱུང་ངོ་། །མི་སློབ་སེམས་ནི་སྐྱེ་འགྱུར་བ། །ཞེས་བྱ་བ་འབྱུང་ངོ་། །མ་འོངས་པ་དང་སྐྱེ་བར་འགྱུར་བ་ལ་ཐ་དད་ཅི་ཞིག་ཡོད། སྐྱེ་བར་འགྱུར་བ་སྨོས་པ་ཁོ་ནས་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དྲི་བ་དང་

མཐུན་པར་ལན་འདེབས་པའི་ཕྱིར། ཅི་འདས་པ་འམ་ཞེས་བྱ་བ་ལ་སོགས་པའི་དྲི་བ་དང་རྗེས་སུ་མཐུན་པར་མ་འོངས་པ་ཞེས་བརྗོད་དོ། །དེ་ཡང་སྐྱེ་བཞིན་པ་དང་སྐྱེ་བཞིན་པ་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར་སྐྱེ་བར་འགྱུར་བ་ཞེས་བྱ་བ་སྨོས་སོ། །སེམས་སྨོས་པ་ནི་

གཙོ་བོ་ཡིན་པའི་ཕྱིར་ཏེ། སེམས་ཁོ་ནར་མ་ཟད་ཀྱི་སེམས་ལས་བྱུང་བ་རྣམས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཡང་ན་དེ་དཔེ་ཙམ་ཞིག་དུ་ཟད་དོ། །འོ་ན་སྐྱེ་བར་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་སྐྱེ་བར་འགྱུར་བ་མ་ཡིན་པ་དང་འཇིག་རྟེན་པ་

དེ་ཇི་ལྟར་གྲོལ་བར་འགྱུར་ཞེ་ན། དེ་དག་ཀྱང་གྲོལ་བར་འགྱུར་ཏེ། སྐྱེ་བའི་སྒྲིབ་པ་མཚུངས་པའི་ཕྱིར་རོ། །སྐྱེ་བར་ངེས་པ་གང་ཡིན་པ་དེ་ཁོ་ན་བཤད་དོ་ཞེས་བྱ་བ་ནི། བསྟན་བཅོས་ལས་མ་འོངས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གང་ཡིན་པ་དེ་ཁོ་ན་རྣམ་པར་གྲོལ་བར་འགྱུར་

ཞེས་བཤད་དོ། །དེ་རྣམ་པར་གྲོལ་བ་ནི་བརྟག་སླ་བའི་ཕྱིར་རོ། །གང་ལས་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་ཞེ་ན་ཞེས་བྱ་བ་འབྱུང་ངོ་། །སྐྱེ་བའི་སྒྲིབ་པ་དེ་ཉིད་ལས་སོ་ཞེས་བྱ་བ་ནི། ཉོན་མོངས་པའི་སྒྲིབ་པ་དེ་ཉིད་ལས་ཏེ། དེ་སྐྱེ་བའི་གེགས་ཡིན་པའི་ཕྱིར་རོ། །

དེ་ནི་དེ་དང་མི་འདྲའོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སྐད་དུ་མ་གྲོལ་བ་ལ་དགེ་བ་གང་ཡིན་པ་དེ་ནི་ཉོན་མོངས་པའི་ཐོབ་པ་དང་མི་འགལ་ཏེ། རྒྱུད་དེ་དང་མཐུན་པའི་ཕྱིར་རོ། །མི་སློབ་པའི་རྒྱུད་ནི་ཉོན་མོངས་པའི་ཐོབ་པ་མ་ལུས་པ་དང་བྲལ་བས། དེའི་རྒྱུད་ལས་སྐྱེ་བའི་

དགེ་བ་ནི་ཉོན་མོངས་པའི་ཐོབ་པ་དང་ལྷན་ཅིག་མི་སྐྱེ་སྟེ། དེའི་ཕྱིར་མི་སློབ་པའི་རྒྱུད་ལ་སྐྱེས་པ་ནི། འཇིག་རྟེན་པ་ཡིན་ཡང་ཉོན་མོངས་པའི་ཐོབ་པ་དེ་ཉིད་ལས་རྣམ་པར་གྲོལ་བར་བསྟན་པར་འགྱུར་རོ། །འགག་པར་འགྱུར་བ་ནི་ད་ལྟར་བའོ། །ད་ལྟར་བ་ནི་རྒ་བ་དང་། མི་རྟག་

เล่ม ๑๔๕ · หน้า 217b

པའི་བྱེད་པ་ལ་ལྟོས་ནས་འགག་པར་འགྱུར་བ་ཞེས་བྱ་སྟེ། འགོག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་འགག་པར་འགྱུར་བ་ཁོ་ནས་ཞེས་ངེས་པར་གཟུང་བར་བྱ་བའི་ཕྱིར་ཏེ། གལ་ཏེ་འགག་པར་འགྱུར་བའི་ལམ་གྱིས་དེའི་སྒྲིབ་པ་མི་སྤོང་ན་ནི་ཇི་ལྟར་སྐྱེ་བཞིན་པ་

རྣམ་པར་གྲོལ་བཞིན་པ་དང་དེ་མ་ཐག་ཏུ་རྣམ་པར་གྲོལ་བར་འགྱུར། རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པ་འདུས་མ་བྱས་ཞེས་བྱ་བའོ། །ཁམས་གསུམ་པོ་འབྱུང་བ་ཞེས་བྱ་བ་ལ། གང་ནས་འབྱུང་ཞེ་ན། མདོ་དག་ལས་སོ། །

དེ་ཉིད་སྟོན་པ་ནི་སྤངས་པའི་ཁམས་དང་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདུས་མ་བྱས་ཉིད་ཁམས་ཞེས་བྱ། །ཞེས་བྱ་བ་ནི་འདུས་མ་བྱས་དང་། ཁམས་གསུམ་ལ་ཁྱད་པར་འགའ་ཡང་མེད་དོ། །གང་གི་ཕྱིར་འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་དེ་ཉིད་ཁམས་གསུམ་ཡིན་ཏེ། དེ་ཉིད་

བསྟན་པའི་ཕྱིར། དེ་ལ། འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་གྱི་འདོད་ཆགས་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ། །འདོད་ཆགས་ལས་གཞན་པ་ཞེས་བྱ་བ་ལ། འདོད་ཆགས་མ་གཏོགས་པའི་ཉོན་མོངས་པ་ཁམས་གསུམ་པ་

ཐམས་ཅད་སྤངས་པ་ནི་སྤངས་པའི་ཁམས་ཡིན་ནོ། །ཉོན་མོངས་པ་མ་གཏོགས་པ་ཞེས་བྱ་བ་ལ། ཀུན་དུ་སྦྱོར་བར་འགྱུར་བའི་གཞི་ཁམས་གསུམ་པ་ཐམས་ཅད་སྤངས་པ་ནི་འགོག་པའི་ཁམས་ཡིན་ནོ། །དངོས་པོ་གང་གིས་ཡིད་བྱུང་བར་གྱུར་པ་ཞེས་བྱ་བ་ནི་ལམ་གང་གིས་ཞེས་བྱ་བར་བསམས་

པའོ། །སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང་ཤེས་པ་རྣམས་ཁོ་ནས་ཡིད་འབྱུང་བར་འགྱུར་ཏེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་དག་གིས་མ་ཡིན་ཏེ། མཆོག་ཏུ་དགའ་བའི་

དངོས་པོ་ལ་དམིགས་པའི་ཕྱིར་རོ། །གང་གིས་སྤོང་འགྱུར་བ། ཀུན་གྱི་འདོད་ཆགས་བྲལ་བར་འགྱུར། །ཞེས་བྱ་བ་ནི། གང་གིས་ཉོན་མོངས་པ་སྤོང་བར་འགྱུར་བ་སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་། ལམ་ལ་བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོ། །དེ་ལྟ་ན་ནི་མུ་བཞི་སྲིད་པ་ཞེས་བྱ་བ་ལ།

เล่ม ๑๔๕ · หน้า 218a

ཇི་ལྟར་ཞེ་ན། ཡིད་འབྱུང་བར་འགྱུར་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པར་འགྱུར་བ་ཡང་ཡོད་དོ། །འདོད་ཆགས་དང་བྲལ་བར་འགྱུར་ལ། ཡིད་འབྱུང་བར་མི་འགྱུར་བ་ཡང་ཡོད། གཉི་ག་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་ཅེས་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་

དང་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་ཡིད་འབྱུང་བ་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཞིག་ངེས་པར་ལས་འཇུག་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དང་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་སྟེ། སྔར་སྤངས་ཟིན་པའི་ཕྱིར་རོ། །ཡིད་འབྱུང་བའི་དངོས་པོ་ལ་དམིགས་

པའི་ཕྱིར་ཡིད་འབྱུང་བར་ནི་འགྱུར་བ་ཁོ་ནའོ། །འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་དག་སྤོང་ན། འདོད་ཆགས་དང་བྲལ་བ་དག་ཁོ་ན་ཡིན་གྱི་སྐྱོ་བར་འགྱུར་བ་ནི་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །སྔ་མ་རྣམས་ཀྱིས་ཉོན་མོངས་པ་དག་སྤོང་ན་

གཉི་ག་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་སྟེ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་སོ། །ཇི་ལྟར་ཞེ་ན། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་ཡིད་འབྱུང་བ་ཡིན་ལ། ཉོན་མོངས་པ་དག་སྤོང་བ་ན་འདོད་ཆགས་དང་བྲལ་བ་ཡིན་ནོ། །ཕྱི་མ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་གཉི་ག་མ་

ཡིན་ནོ་ཞེས་བྱ་བ་ནི་ཕྱི་མ་སྟེ། འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་སོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་ན་འགོག་པ་དང་ལམ་ལ་ཆོས་ཤེས་པ་དང་བཟོད་པ་རྣམས་ཀྱིས་ཡིད་འབྱུང་བར་མི་འགྱུར་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །

འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ་སྔར་སྤངས་ཟིན་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དག་མི་སྤོང་ཞེ་ན། དེའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་མུ་དང་པོ་དང་བཞི་

པའི་ཉོན་མོངས་པ་མཐའ་དག་མི་སྤོང་ན་ཞེས་བསྟན་པ་གང་ཞིག་གང་དག་གིས་ཉོན་མོངས་པ་དག་མི་སྤོང་ཞེ་ན། དེ་ལ་འདོད་ཆགས་དང་བྲལ་བ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ཞེས་བྱ་བ་ནི་དོན་ཉེ་བར་དགོད་པའི་ཕྱིར་རོ། །འདོད་པའི་ཁམས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་

เล่ม ๑๔๕ · หน้า 218b

ལས་ཀྱང་རུང་། འདོད་ཆགས་དང་བྲལ་བ་ཞིག་བདེན་པ་རྣམས་ལྟ་བ་མངོན་པར་རྟོགས་པར་བྱེད་ན། ཆོས་ཤེས་པ་དང་བཟོད་པ་རྣམས་ཀྱིས་ཏེ། ཆོས་ཤེས་པ་རྣམས་དང་ཆོས་ལ་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྔར་སྤངས་

ཟིན་པའི་ཕྱིར་རོ། །དེའི་ཚེ་བྲལ་བའི་ཐོབ་པ་ཟག་པ་མེད་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །རྗེས་སུ་ཤེས་པ་དང་བཟོད་པ་དག་གིས་ནི་གདོན་མི་ཟ་བར་ཉོན་མོངས་པ་དག་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མེད་དོ། །ཤེས་པ་རྣམས་

ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསྒོམ་པའི་ལམ་ལ་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་རྣམས་ཀྱིས་ཡིད་འབྱུང་བར་འགྱུར་གྱི། འདོད་ཆགས་དང་བྲལ་བར་ནི་མི་འགྱུར་ཏེ། གཉེན་པོ་མ་ཡིན་པའི་

ཕྱིར་རོ། །བར་ཆད་མེད་པའི་ལམ་མ་གཏོགས་པ་སྦྱོར་བའི་ལམ་ལ་སོགས་པ་འགོག་པ་དང་ལམ་གྱི་ཡུལ་ཅན་དེ་དག་ནི་གཉི་ག་མ་ཡིན་ནོ། །འདོད་ཆགས་དང་མ་བྲལ་བ་བསྒོམ་པའི་ལམ་ལ་བར་ཆད་མེད་པའི་ལམ་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་དག་

སྤོང་ན་ཡིད་འབྱུང་བར་ཡང་འགྱུར་ལ། འདོད་ཆགས་དང་བྲལ་བར་ཡང་འགྱུར་རོ། །འདོད་ཆགས་དང་བྲལ་བ་ན་བར་ཆད་མེད་པའི་ལམ་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པས་ཡིད་འབྱུང་བ་ཁོ་ནར་འགྱུར་རོ། །འདོད་ཆགས་དང་མ་བྲལ་བ་འགོག་པ་དང་། ལམ་ལ་

དམིགས་པས་འདོད་ཆགས་དང་བྲལ་བ་ཁོ་ནར་འགྱུར་ལ། འདོད་ཆགས་དང་བྲལ་བ་ནི་གཉི་ག་མ་ཡིན་ནོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས། ལམ་དང་གང་ཟག་

བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པའི་འགྲེལ་བཤད་དོ། །གང་ཟག་རྣམས་ཀྱི་བྱེ་བྲག་གི་རྣམ་པ་དུ་མར་རྣམ་པར་གཞག་པ་བྱས་ཟིན་ཏོ། །ལམ་གྱི་བྱེ་བྲག་གི་སྒོ་ནས་གང་ཟག་རྣམས་རྣམ་པ་དུ་མར་རྣམ་པར་གཞག་པ་བྱས་ཟིན་ཏོ།། །།

เล่ม ๑๔๕ · หน้า 219a

ལམ་གྱི་བྱེ་བྲག་དེར་བཟོད་པ་རྣམས་ཞེས་ཀྱང་འབྱུང་། ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ངོ་། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་

བཟོད་པ་བརྒྱད་བཤད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་ཤེས་པ་བརྒྱད་བཤད་དོ། །དེ་བཞིན་དུ་མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ཡང་བཤད་ཅིང་། དེ་བཞིན་དུ་གང་ཟག་གཅིག་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་

པའི་ཤེས་པ་ཡན་ལག་ཏུ་བཤད་དོ། །ཡང་ན་བསྟན་བཅོས་དང་འབྲེལ་བར་བརྗོད་པ་སྟེ། བསྟན་བཅོས་ལས་བཟོད་པ་རྣམས་ཞེས་ཀྱང་འབྱུང་། ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ལ། འདི་བསྟན་བཅོས་

མདོར་བསྡུས་པར་རྣམ་པར་བཤད་པ་ཡིན་པས། དེའི་ཕྱིར་ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ། ཡང་དག་པའི་ཤེས་པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེས་བྱ་བ་འདི་དཔྱད་དེ། འདི་སྐད་དུ་གང་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དང་ཡང་དག་པའི་ལྟ་བ་དང་། ཡང་

དག་པའི་ཤེས་པ་ཞེས་དེ་ལྟར་བྱེ་བྲག་ཏུ་སྟོན་པར་བྱེད་པ་ཅི་ཤེས་རབ་འགའ་ཞིག་བཟོད་པ་ཁོ་ན་ཡིན་ལ་ཤེས་པ་མ་ཡིན་པ་འམ་ཤེས་པ་ཁོ་ན་ཡིན་ལ་བཟོད་པ་མ་ཡིན་པ་འམ། དེ་བཞིན་དུ་ལྟ་བ་ཁོ་ན་ཡིན་ལ་ཤེས་པ་མ་ཡིན་པའམ། ཤེས་པ་ཁོ་ན་ཡིན་ལ་ལྟ་བ་མ་ཡིན་པ་ཡོད་དམ་ཞེས་བསྟན་པར་འགྱུར་

རོ། །ཅི་ཤེས་རབ་འགའ་ཞིག་བཟོད་པ་ཁོ་ན་ཡིན་ལ་ཤེས་པ་མ་ཡིན་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་ན། ཡོད་དོ་ཞེས་བསྟན་པའི་ཕྱིར། དྲི་མེད་བཟོད་པ་རྣམས་ཤེས་པ་མིན་ཞེས་བྱ་བ་སྨོས་སོ། །དྲི་མེད་ཅེས་ཁྱད་པར་དུ་བྱས་པས་བཟོད་པ་ཟག་པ་དང་བཅས་པ་རྣམས་ཤེས་པ་

ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། ཤེས་པའི་དོན་ནི་ངེས་པའི་དོན་ཡིན་ན། བཟོད་པ་དག་ནི་ངེས་པ་མ་ཡིན་པས་ཤེས་པ་མ་ཡིན་ནོ། །ཇི་ལྟར་མ་ངེས་ཤེ་ན། དེས་སྤང་བར་བྱ་བ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེས་སྤངས་པར་ཞེས་བྱ་བ་ནི། བཟོད་པས་སྤང་བར་བྱ་བའོ། །འགག་པར་འགྱུར་བའི་

เล่ม ๑๔๕ · หน้า 219b

ལམ་གྱིས་ནི། དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་བཤད་པས་དེའི་ཕྱིར། དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་གྱིས་ཐོབ་པ་དང་རྗེས་སུ་འབྲེལ་བའི་རྒྱུད་ཁོ་ན་ལ་བཟོད་པ་རྣམས་སྐྱེ་བས་དེ་རྣམས་ནི་ཐེ་ཚོམ་མ་སྤངས་པ་ཡིན་ལ། ཐེ་ཚོམ་སྤངས་པའི་ཤེས་རབ་ལ་ནི་ཤེས་པ་ཞེས་བྱ་བ་ཡིན་པས་

བཟོད་པ་རྣམས་ནི་ཤེས་པ་མ་ཡིན་ནོ། །དེས་སྤང་བར་བྱ་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ཤེས་པ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཙམ་ཞིག་སྨོས་ན་ནི་དེ་ལྟ་ན་ལམ་ལ་རྗེས་སུ་

ཤེས་པ་ཁོ་ན་ཤེས་པར་འགྱུར་གྱི། ཤེས་པ་ལ་སྔ་མ་བདུན་ནི་མི་འགྱུར་ཏེ། ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ངེས་པར་ཉེ་བར་རྟོག་པའི་རང་བཞིན་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་

རྟོག་པ་མེད་པ་དང་། ཡོངས་སུ་ཚོལ་བའི་བསམ་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་ནི་བདེན་པ་དག་ཡང་དག་པར་རྟོག་པར་མི་བྱེད་ཅིང་ཉེ་བར་རྟོག་པར་མི་བྱེད་ཀྱི། བྱ་བ་བྱས་པས་ཇི་ལྟར་མཐོང་བ་དག་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ།

ཡང་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པར་སོ་སོར་རྟོག་པ་ཙམ་འབའ་ཞིག་དུ་ཟད་དོ། །མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་བདེན་པ་དག་ཡོངས་སུ་ཚོལ་བར་བྱེད་པ་ཡང་མ་ཡིན་ཏེ། འབྲས་བུ་རྫོགས་ཟིན་པའི་ཕྱིར་རོ། །བསམ་པ་ནི་བསམས་པའོ། །དེའི་ཕྱིར་དེ་གཉིས་ནི་ལྟ་

བའི་རང་བཞིན་མ་ཡིན་ནོ། །དེ་ལས་གཞན་འཕགས་བློ་གཉི་ག །ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་རོ། །དེ་ནི་ཉེ་བར་རྟོག་པ་ལ་ཞུགས་པ་ཡང་ཡིན་ལ། དེའི་ཡུལ་ཅན་གྱི་ཐེ་ཚོམ་སྤངས་པ་ཡང་ཡིན་ཏེ། དེའི་ཕྱིར་ཡང་དག་པར་རྟོག་པའི་ཕྱིར་

དང་། ངེས་པའི་ཕྱིར་གཉི་ག་གྲུབ་པོ། །རེ་ཞིག་འདི་ནི་ཟག་པ་མེད་པའི་ཤེས་རབ་དེ་ལྟར་རྣམ་པར་ཕྱེ་བའོ། །གཞན་ཤེས་ཞེས་བྱ་བ་ནི་ལྟ་བ་ཁོ་ན་ཡིན་པ་མེད་དོ་ཞེས་བྱ་བ་ཤེས་པར་བྱ་བའི་ཕྱིར་བརྩམས་པ་ཡིན་གྱི་འདི་ལྟ་བ་མ་ཡིན་ཞེས་བྱ་བ་ནི་མ་ཡིན་ནོ། །འཇིག་རྟེན་པའི་ཤེས་རབ་ཐམས་

เล่ม ๑๔๕ · หน้า 220a

ཅད་ཤེས་པ་ཡིན་པ་འདི་ནི་སྤྱིར་བཏང་བ་ཡིན་ལ། སྤྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བ་བརྩམས་པ་ནི། དྲུག་ནི་ལྟ་བའང་ཡིན་ཞེས་བྱ་བ་འདི་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་ནི་ཤེས་པ་འང་ཡིན་པའོ། །ལྟ་བ་ལྔ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་

པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ལ་སོགས་པ་དག་ལ་ཡོད་པར་ལྟ་བའོ། །འདིའི་མདོར་བསྡུས་པ་ནི་འདི་ཡིན་ཏེ། འཇིག་རྟེན་པའི་ཤེས་རབ་རྣམ་པ་དྲུག་ནི་ལྟ་བ་དང་ཤེས་པ་ཡིན་ལ། དེས་ལས་གཞན་པའི་འཇིག་རྟེན་པ་ཐམས་ཅད་ནི་ཤེས་པ་ཁོ་

ན་ཡིན་གྱི་ལྟ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡང་དག་པར་རྟོག་པའི་རྣམ་པར་མ་ཞུགས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་དང་། མཚུངས་པར་ལྡན་པ་ཇི་ལྟར་ཡང་དག་པར་རྟོག་པའི་རྣམ་པ་ཅན་མ་ཡིན་ཞེ་ན། དེ་ནི་ཕལ་ཆེར་ཁ་ཕྱིར་བལྟས་ནས་འཇུག་པ་དང་།

འདོད་ཆགས་ལ་སོགས་པའི་རྣམ་པའི་རྗེས་སུ་བྱེད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དག་ནི་དེར་ཆེས་བསལ་བ་ཡིན་གྱི། ཤེས་རབ་ནི་མ་ཡིན་ལ། འདོད་ཆགས་ལ་སོགས་པ་ཡང་དག་པར་རྟོག་པའི་རྣམ་པ་ཅན་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཞེན་པ་དང་། ཀུན་ནས་

མནར་སེམས་པ་དང་། ཁེངས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ནོ། །ཤེས་པ་བཅུས་ཞེས་བྱ་བ་བཅུ་པོ་གང་དག་གིས་ཤེ་ན། ཆོས་དང་། རྗེས་དང་། ཀུན་རྫོབ་དང་། གཞན་གྱི་སེམས་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་

སྐྱེ་བ་ཤེས་པ་དག་གིས་སོ། །རྩོམ་པ་འདི་ནི་ངེས་པར་གཟུང་བའི་ཕྱིར་ཡིན་གྱི། འཆི་འཕོ་བ་དང་། སྐྱེ་བ་དང་། སྨོན་གནས་ཤེས་པ་ལ་སོགས་པ་གཞན་དག་ནི་འདི་དག་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །མདོར་བསྡུས་ན་ནི། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་བྱ་བ་ནི། ངེས་པར་

གཟུང་བར་བྱ་བའི་ཕྱིར་བརྩམས་པ་སྟེ། རྣམ་པར་རྟོག་པ་གསུམ་མེད་པའི་ཕྱིར་རོ། །དེ་གཉིས་ལས་ཀྱང་། དང་པོ་ཀུན་རྫོབ་ཅེས་བྱའོ་ཞེས་བྱ་བ་འབྱུང་ངོ་། །ཕལ་ཆེར་བུམ་པ་དང་། སྣམ་བུ་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་ཀུན་རྫོབ་འཛིན་པའི་ཕྱིར་ཞེས་བྱ་བ་ལ། ཀུན་རྫོབ་ནི་

เล่ม ๑๔๕ · หน้า 220b

བུམ་པ་དང་། སྣམ་བུ་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པའི་དངོས་པོ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་གང་ཡིན་པའོ། །དེ་ལས་འབྱུང་བ་ནི་ཀུན་རྫོབ་སྟེ། གཟུགས་ལ་སོགས་པ་དག་ལ་བུམ་པ་ལ་སོགས་པའི་བློ་འབྱུང་བའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་ཕལ་ཆེར་ནི་གཟུགས་ལ་སོགས་

པའི་ཚོགས་པ་ལ་བརྟེན་པ་དེ་ལྟར་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལ་བརྟེན་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་གཅིག་ཏུ་ན་འདི་ནི་དྲོ་བར་གྱུར་པ་ལ་སོགས་པ་དག་གི་ཚེ་ཟག་པ་མེད་པའི་ཡུལ་ཅན་ཡང་འབྱུང་བ་ཡིན་

ན། ཅིའི་ཕྱིར་ཐ་སྙད་དང་མཐུན་པར་འཇུག་པ་ཞེས་བརྗོད་ཅེ་ན། ཕལ་ཆེར་བས་ཀྱང་སྟོན་པར་འགྱུར་ཏེ། དེ་དཔེར་ན་བློན་པོ་རྟག་ཏུ་སྨྲ་དགོས་པ་དང་། རྗེ་བོ་རྟག་ཏུ་བཀྱོན་པ་ཞེས་བྱ་བ་ལྟ་བུའོ། །ཟག་མེད་རྣམ་གཉིས་ཞེས་བྱ་བ་ལ། ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཤེས་པ་དང་

རྗེས་སུ་ཤེས་པ་རྣམ་པ་གཉིས་སུ་དབྱེའོ། །དེ་ལྟར་ན་ཤེས་པ་འདི་གཉིས་ནི་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་སོ། །གསུམ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་རྗེས་སུ་ཤེས་པའི་དབྱེ་བས་ཟག་པ་མེད་པ་རྣམ་པ་གཉིས་གཉིས་སུ་ཕྱེད་པ་དང་། ཀུན་རྫོབ་ཤེས་པ་སྟེ་གསུམ་ཡིན་

ནོ། །དེ་དག་ནི་དམིགས་པའི་བྱེ་བྲག་གིས་ཐ་དད་དེ། དེ་ལ། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཞེས་བྱ་བ་ལ་ཀུན་རྫོབ་ཤེས་པའི་ཡུལ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དམིགས་པ་ནི་ཅི་རིགས་པར་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་གཞན་ཡང་།

ཀུན་རྫོབ་ཤེས་པ་དགེ་བས་སྡུག་བསྔལ་ཤེས་པར་བྱ་བ་ནས་སོ་སོར་བརྟགས་པས་འགོག་པ་མ་ཡིན་པའི་བར་ཡང་ཤེས་པར་བྱ་བ་མ་ཡིན་ནམ་ཞེ་ན། ཡིན་ཏེ། བདག་མེད་པའི་རྣམ་པ་ཅན་ཆོས་ཐམས་ཅད་ལ་དམིགས་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་

དང་མྱ་ངན་ལས་འདས་པ་ཞི་བའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བཤད་དོ། །ཆོས་ཞེས་བྱ་བའི་སྤྱོད་ཡུལ་ནི། །འདོད་སྡུག་བསྔལ་ལ་སོགས་ཞེས་བྱ་བ་ལ། གོང་མའི་སྡུག་བསྔལ་ལ་སོགས་པ་ནི་སྤྱོད་ཡུལ་མ་ཡིན་ལ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། ནམ་མཁའ་ནི་སྤྱོད་

เล่ม ๑๔๕ · หน้า 221a

ཡུལ་མ་ཡིན་ནོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ཡང་གོང་མའི་སྡུག་བསྔལ་ལ་སོགས་པ་ཁོ་ན་ཡིན་གྱི། བཤད་མ་ཐག་པ་ནི་སྤྱོད་ཡུལ་མ་ཡིན་ནོ། །ཟག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་ཏེ། བདེན་པ་

དག་གི་ནང་དུ་མ་འདུས་པའི་ཕྱིར་རོ། །དེ་དག་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྡུག་བསྔལ་ལ་དམིགས་པའི་ཤེས་པ་ནི་སྡུག་བསྔལ་ཤེས་པ་སྟེ། གཞན་ལ་ཡང་དེ་དང་འདྲའོ། །ཆོས་དང་རྗེས་སུ་ཤེས་པ་བཞི་པོ་དེ་

དག་ཁོ་ན་ཞེས་བྱ་བ་ལ། ཇི་ལྟར་ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞི་ཡིན་ཞེ་ན། བདེན་པ་བཞི་ལ་དམིགས་པའི་བྱེ་བྲག་གིས་སོ། །དང་པོ་སྐྱེས་པ་ནི་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་རྒྱུན་ཆགས་པར་འཇུག་པ་དག་བདེན་པ་བཞི་ལ་དམིགས་པའི་ཕྱིར་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་

པ་དང་པོ་སྐྱེས་པ་གང་ཡིན་པ་དེ་དག་ནི་སྡུག་བསྔལ་ལམ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ནོ། །འགོག་པ་དང་ལམ་ལ་རྗེས་སུ་ཤེས་པ་ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་སྲིད་པའི་རྩེ་མོ་པའི་ཕུང་པོ་ལ་སྡུག་བསྔལ་ལམ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར་རོ་

ཞེས་བྱ་བ་སྨོས་ཏེ། དཔེར་ན་དུག་གི་མདས་བསྣུན་ཅིང་ཤི་བའི་ཡན་ལག་ཐམས་ཅད་ལ་ཁྱབ་སྟེ། འཆི་བའི་ཚེ་རྨའི་ཕྱོགས་ཁོ་ནར་གནས་ཀྱི་གཞན་དུ་ནི་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པ་འདིའི་ཤེས་པ་ཡང་སྤང་བར་བྱ་བ་སྲིད་པའི་རྩེ་མོ་པའི་ཕུང་པོའི་མཚན་ཉིད་ཅན་ཁོ་ན་ལ་གནས་སོ། །

གང་གི་ཕྱིར་ནངས་ཀྱི་ཕྱིས་འདིའི་སྲིད་པའི་རྩེ་མོ་ཁོ་ན་སྤོང་བ་དེའི་ཕྱིར་གང་གིས་གནོད་པ་དང་གང་གིས་བཅིངས་པ་དེ་ཁོ་ན་ལས་ཐར་བ་ལྟོགས་མོར་སེམས་པ་ན་མཇུག་ཐོགས་སུ་སྲིད་པའི་རྩེ་མོ་ཟད་པ་ཁོ་ན་ལ་དམིགས་པ། དེ་ཡང་སྡུག་བསྔལ་ལམ་ཀུན་འབྱུང་བ་ཡིན་ཏེ། དེའི་ཕྱིར་སྲིད་

པའི་རྩེ་མོ་ལ་སྡུག་བསྔལ་ལམ་ཀུན་འབྱུང་བའི་རྣམ་པར་དམིགས་སོ། །རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ཟད་པ་ཤེས་པ་འབྱུང་ལ། དེའི་རྗེས་ལ་མི་སྐྱེ་བ་ཤེས་པ་འབྱུང་བས་དེའི་ཕྱིར་འདྲི་བ་ནི། རྡོ་རྗེ་ལྟ་བུ་ཞེས་བྱ་བ་སོགས་པའོ། །དེ་གཉིས་དང་ཞེས་བྱ་བ་ནི་དང་པོ་སྐྱེས་པ་དག་དང་ཞེས་

เล่ม ๑๔๕ · หน้า 221b

བྱ་བའི་དོན་ཏོ། །གལ་ཏེ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྡོ་རྗེ་ལྟ་བུ་བདེན་པ་བཞི་ལ་དམིགས་པ་ཡང་སྲིད་པའི་དབང་དུ་བྱས་ནས་བརྗོད་པ་སྟེ། དེའི་ཕྱིར་འདི་ལ་ངེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། འོན་ཏེ་འགོག་པ་དང་ལམ་ལ་དམིགས་པ་ཞིག་ཡིན་ན་ནི་

ཞེས་བྱ་བ་སྨོས་ཏེ། འདི་ལྟར་དང་པོ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་གཉིས་ཡིན་གྱི་འགོག་པ་དང་ལམ་ལ་རྗེས་སུ་ཤེས་པ་དག་ནི་མ་ཡིན་ནོ། །བཞི་ལ་ཕ་རོལ་སེམས་རིག་པ། །ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པ་སྟེ།

དེ་ལ་ཟག་པ་དང་བཅས་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཅན་ནོ། །ཟག་པ་མེད་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ལམ་དང་ཆོས་དང་རྗེས་སུ་ཤེས་པ་གསུམ་གྱི་བདག་ཉིད་ཅན་ནོ། །གལ་ཏེ་ཆོས་དང་རྗེས་སུ་ཤེས་པ་ལས་མ་གཏོགས་པར་ལམ་ཤེས་པ་ཡོད་

པ་མ་ཡིན་པས་གཞན་གྱི་སེམས་ཤེས་པ་གསུམ་ཁོ་ན་ལས་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། འདི་དེ་ལྟ་ཡིན་མོད་ཀྱི་ཆོས་དང་རྗེས་སུ་ཤེས་པ་གང་གིས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་ཟག་པ་མེད་པ་ཤེས་པ་དེ་ལམ་ཤེས་པ་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་བ་

ཤེས་པ་ནི་མ་ཡིན་ནོ་ཞེས་གཞན་གྱི་སེམས་ཤེས་པ་སྐལ་བ་མཉམ་པའི་ཡུལ་ཅན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དེ་སྐད་བརྗོད་དོ། །ཟག་པ་མེད་པས་ཟག་པ་དང་བཅས་པ་ཤེས་པ་ནི་མ་ཡིན་ཏེ། འདིའི་ངེས་པ་ནི་དེ་ཡིན་ནོ། །དབང་པོ་འདས་པ་ཞེས་བྱ་བ་ནི་དད་པས་མོས་པའི་ལམ་གྱིས་མཐོང་བས་

ཐོབ་པ་མི་ཤེས་ཤིང་དུས་ཀྱི་རྣམ་པར་གྲོལ་བའི་ལམ་གྱིས་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པ་སྟེ། དབང་པོ་འདས་པའི་ཕྱིར་རོ། །འོག་མས་གོང་མ་མི་ཤེས་པའོ་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ལམ་གྱིས་དགྲ་བཅོམ་པའི་ལམ་མི་ཤེས་ཤིང་། ཉན་ཐོས་ཀྱི་ལམ་གྱིས་རང་སངས་

རྒྱས་ཀྱི་ལམ་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པའོ། །ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །ཞེས་བྱ་བ་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་གྲུབ་པོ། །གཞན་གྱི་སེམས་ཤེས་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ལ་

เล่ม ๑๔๕ · หน้า 222a

དམིགས་པ་ཡིན་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ནི་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་དམིགས་པ་ཡིན་ནོ། །དེ་གཉིས་ནི་ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་གཉིས་ནི་ཕན་ཚུན་རྒྱབ་ཀྱིས་

ཕྱོགས་པས་ཕན་ཚུན་དམིགས་པ་ཉིད་དུ་མི་རུང་སྟེ། ས་དང་ནམ་མཁའ་ལ་ལྟ་བ་བཞིན་ནོ། །མཐོང་བའི་ལམ་ལ་ཕ་རོལ་གྱི་སེམས་ཤེས་པ་མེད་དོ་ཞེས་བྱ་བ་ནི་མྱུར་དུ་འགྲོ་བ་ཉིད་ཀྱིས་སྦྱོར་བ་མེད་པའི་ཕྱིར་ལ། དེ་ཐོབ་པ་རྣམས་ལ་ཡང་སྦྱོར་བ་ལས་གཞན་གྱི་སེམས་ཤེས་པ་མངོན་དུ་འགྱུར་བའི་ཕྱིར་

རོ། །དེ་ལ་དམིགས་པ་ནི་ཡོད་དོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་དམིགས་པ་ཡོད་དོ་ཞེས་བྱ་བའི་དོན་ཏེ། སྦྱོར་བ་བྱས་ནས་གཞན་གྱི་སེམས་ཤེས་པ་དེ་ལ་གཞན་གྱི་སེམས་མཐོང་བའི་ལམ་ལ་དམིགས་པ་ཉིད་འབྱུང་ངོ་། །ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་ཞེས་བྱ་བ་འབྱུང་ངོ་། །དེ་ཇི་

སྲིད་དེ་ལ་སྦྱོར་བ་རྩོམ་པ་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དེ་ལ་སྟེ། དེ་ལ་ཞེས་བྱ་བ་ནི་དེའི་ཆེད་དུ་ཞེས་བྱ་བའི་དོན་གང་ཡིན་པའོ། །བརྒྱད་པ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་དང་། ཞེས་བྱ་བ་ནི་སྡུག་བསྔལ་བ་མི་རྟག་པ་ལ་སོགས་པའི་རྣམ་པ་སྐད་ཅིག་མ་བཞི་དང་།

ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་ཅན་བཞི་ཡིན་པས་དེའི་ཕྱིར་བརྒྱད་ཅེས་བྱའོ། །སྦྱོར་བ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་འབྱུང་ངོ་། །ཉན་ཐོས་ཀྱང་སྦྱོར་བ་ཆུང་བ་ཡིན་ཏེ། དེ་ལ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་སྦྱོར་བ་ཉིད་མི་སྲིད་དོ། །སྦྱོར་བ་མེད་པར་ཞེས་བྱ་བ་ལ། སྦྱོར་

བ་མི་མངའ་བར་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར་ཐུགས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་མཐོང་བའི་ལམ་གྱི་སྐད་ཅིག་ཐམས་ཅད་བར་མེད་པར་མཁྱེན་ཏེ། གྲངས་མེད་པ་གསུམ་དུ་ཚད་མེད་པའི་ཚོགས་ཀྱིས་བསགས་པའི་ཡེ་ཤེས་ཀྱི་ནུས་མཐུ་དེ་ནི་བསམ་གྱིས་མི་ཁྱབ་པ་འདི་

ཉིད་དོ། །ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཡིན་ནོ་ཞེས་བཤད་ན། དེ་གཉིས་ལ་དབྱེ་བ་མ་མཐོང་བས། ཡང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་ཁྱད་པར་ཅི་ཡོད་ཅེས་བྱ་བ་དེས་ཏེ། དེའི་ཕྱིར། ཟད་པ་ཤེས་པ་བདེན་རྣམས་ལ། །ཞེས་བྱ་བ་རྒྱས་

เล่ม ๑๔๕ · หน้า 222b

པར་སྨོས་སོ། །ཇི་ལྟར་ན་ཟག་པ་མེད་པ་ཤེས་པས་དེ་དེ་ལྟར་ཤེས་ཞེས་བྱ་བ་ནི་ཟག་པ་མེད་པ་ཤེས་པ་བཅུ་དྲུག་པའོ་ཞེས་བྱ་བའི་ངེས་པ་ཡོངས་སུ་བཟུང་ནས་སྨྲ་བའོ། །དེའི་རྗེས་ལ་ལངས་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟག་པ་མེད་པའི་ཤེས་པས་ནི་དེ་ལྟར་མི་ཤེས་ཏེ། རྣམ་པར་གྲོལ་

བ་རྟོག་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པའི་ཤེས་པ་ལས་ལངས་པ་ལ་རྣམ་པར་རྟོག་པ་འདི་དག་སྐྱེས་ཏེ། དེའི་རྗེས་ལ་དེ་སྐྱེ་བའི་སྐབས་ཡོད་པའི་ཕྱིར་རོ། །དེ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ཀུན་རྫོབ་ཤེས་པ་དེ་ནི་དེ་དག་གི་སྟོབས་ཀྱིས་ཐོབ་པའི་

ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་ལས་དེའི་བྱེ་བྲག་གིས་དེ་གཉིས་ཀྱི་བྱེ་བྲག་བསྟན་ཏོ། །དེའི་བྱེ་བྲག་གིས་ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པ་སྐྱེས་བུ་བྱེད་པའི་འབྲས་བུ་དེའི་བྱེ་བྲག་གིས་སོ། །དེ་ལ་ཟད་པ་ཤེས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་

ནས་ལམ་བསྒོམས་སོ། །ཞེས་བྱ་བའི་བར་རོ། །མི་སྐྱེ་བ་ཤེས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ནས་བདག་གིས་ལམ་བསྒོམས་ཏེ། ཡང་བསྒོམས་དུ་མེད་དོ་ཞེས་བྱ་བའི་བར་རོ། །དེ་གཉིས་ཀྱི་བྱེ་བྲག་ཅེས་བྱ་

བ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་སྟེ། འབྲས་བུའི་བྱེ་བྲག་ནི་རྒྱུའི་བྱེ་བྲག་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པས་ཀྱང་དེ་ལྟར་ཤེས་ཏེ་ཞེས་བྱ་བ་ནི་གང་དག་རྣམ་པ་བཅུ་དྲུག་ལས་མ་གཏོགས་པའི་ཟག་པ་མེད་པ་ཡང་འདོད་པ་དེ་དག་འདི་སྐད་དུ་ཟག་པ་མེད་པས་ཀྱང་དེ་ལྟར་ཤེས་

ཏེ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་བྱ་བ་དེ་དང་འགལ་ལོ་ཞེ་ན། དེའི་ཕྱིར་འགལ་བ་སྤང་བའི་ཕྱིར་མཐོང་བ་སྨོས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དག་ལ་མཐོང་བ་དང་། རིག་པ་དང་བློ་ཞེས་འདོན་པར་འགྱུར་ལ། དེའི་

མཇུག་ཐོགས་སུ་འདི་གཉིས་ཀྱང་བསྟན་པས། སྔར་གྱི་འཕངས་པ་ལས་དགེ་སློང་དག་གིས་ད་ལྟར་འདི་ཡང་མཐོང་བ་ཡིན་ཞེས་འདོན་པ་ཡིན་ཏེ་དེའི་ཕྱིར་འགལ་བ་མེད་དོ། །ཡང་ན་མངོན་སུམ་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་ཞེ་ན། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལ་མཐོང་བར་སྨོས་སོ། །དཔེར་

เล่ม ๑๔๕ · หน้า 223a

ན་གཟུགས་མཐོང་བ་མངོན་སུམ་དུ་འཇུག་པ་ཡིན་གྱི། རྗེས་སུ་དཔག་པ་ལས་འབྱུང་བ་འམ། ཡིད་ཆེས་པའི་ལུང་ལས་བྱུང་བ་མ་ཡིན་པས་དེ་བཞིན་དུ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ཡང་མངོན་སུམ་དུ་འཇུག་པ་ཡིན་གྱི། རྗེས་སུ་དཔག་ལས་བྱུང་བའམ། ཡིད་

ཆེས་པའི་ལུང་ལས་བྱུང་བ་ནི་མ་ཡིན་ཏེ། མཐོང་བ་དང་ཆོས་མཐུན་པས་མཐོང་བར་བཤད་དོ་ཞེས་བསྟན་ཏེ། དེའི་རྗེས་ཀྱི་དབང་དུ་བྱས་ནས་མཐོང་བ་སྨོས་པ་ནི་འགལ་བ་མེད་ཀྱི། ཟག་པ་མེད་པས་ཀྱང་དེ་ལྟར་ཤེས་ཏེ་ཞེས་གང་སྨྲས་པའི་ཕྱོགས་དེ་ལ་མཐོང་བ་སྨོས་པ་འགལ་བ་ཡིན་

ནོ། །དེའི་ལན་ནི་དེ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དུ་འཇུག་པ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་གང་ལས་འབྱུང་ཞེ་ན། བསྟན་བཅོས་ལས་སོ། །དེ་ལ་ཞེས་བྱ་བ་ནི་ཤེས་པ་བཅུ་དག་ལའོ། །ཀུན་རྫོབ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་ཞེས་བྱ་བ་ནི་ཤེས་པ་བཅུ་

པོ་དེ་དག་གི་དབང་དུ་བྱས་ཏེ། རང་གི་མཚན་ཉིད་ལ་ལྟོས་ནས་ཀུན་རྫོབ་ཤེས་པ་གཅིག་ཡིན་ནོ། །གཅིག་གི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཆ་ཤས་ཡིན་པ་སྟེ། དེ་ནི་ཕ་རོལ་གྱི་སེམས་ཤེས་པ་ལས་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །གང་གིས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་ཟག་

པ་དང་བཅས་པ་ཤེས་པ་གཞན་གྱི་སེམས་ཤེས་པ་དེ་ནི་ཟག་པ་དང་བཅས་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡིན་ནོ། །ཆོས་ཤེས་པ་ནི་ཤེས་པ་བཅུའི་དབང་དུ་བྱས་ཏེ། ཤེས་པ་གཅིག་ཡིན་ནོ། །བདུན་གྱི་ཆ་ཡང་ཡིན་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་དང་གཞན་

གྱི་སེམས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱིའོ། །དེ་ནི་དེ་དག་གི་ཆ་འདོད་པའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་གང་ཡིན་པ་སྟེ། ཆོས་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པ་དང་དེ་དང་འདྲའོ་ཞེས་བྱ་བ་ནི་ཤེས་པ་བཅུའི་དབང་དུ་བྱས་ཏེ་རང་གི་མཚན་ཉིད་ལ་

ལྟོས་ནས་རྗེས་སུ་ཤེས་པ་ཤེས་པ་གཅིག་ཡིན་ལ། ཇི་སྐད་བཤད་པ་བདུན་གྱི་ནི་ཆ་ཡིན་ནོ། །དེ་ནི་གོང་མའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་ཏེ། རྗེས་སུ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། བཞིའི་ཆ་ཡང་ཡིན་ཏེ་ཞེས་བྱ་བ་ནི་

เล่ม ๑๔๕ · หน้า 223b

ཆོས་དང་རྗེས་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱི་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་གང་ཡིན་པའོ། །འདིས་ནི་ཀུན་འབྱུང་དང་འགོག་པ་ཤེས་པ་ཡང་བཤད་པ། ཇི་སྐད་བཤད་པ་རྣམས་ཁོ་ནའི་ཆ་ཀུན་འབྱུང་བ་ལ་དམིགས་པ་དང་འགོག་པ་ལ་དམིགས་པ་གང་ཡིན་

པའོ། །ལམ་ཤེས་པ་ནི་གཅིག་ཡིན་ལ། ལྔའི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་རྣམས་ཀྱི་ཆ་ལམ་གྱི་བདེན་པ་ལ་དམིགས་པ་གང་ཡིན་པ་སྟེ། ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་ཤེས་

པ་གཅིག་ཡིན་ལ། བཞིའི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ལམ་དང་། ཀུན་རྫོབ་ཤེས་པ་རྣམས་ཀྱི་ཆ་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་གང་ཡིན་པ་སྟེ། གང་གིས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པའོ། །ཟད་པ་ཤེས་པ་ནི་ཤེས་པ་གཅིག་ཡིན་

ལ། །དྲུག་གི་ཆ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ཤེས་པ་རྣམས་ཀྱི་སྟེ། དེ་དག་རེ་རེ་ཞིང་སློབ་པ་དང་མི་སློབ་པ་ཉིད་དུ་ཐ་དད་པའི་ཕྱིར་ན་མི་སློབ་པའི་ཆ་ཡིན་ནོ། །མི་སྐྱེ་བ་ཤེས་པ་ཡང་ཟད་པ་ཤེས་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཡང་ཅིའི་

ཕྱིར་དེ་དག་གསུམ་ཡོད་པ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ཀུན་རྫོབ་ཤེས་པ་དག་གོ། །བཅུར་རྣམ་པར་གཞག་ཅེས་བྱ་བ་ནི་བཤད་མ་ཐག་པ་དག་གོ། །རྒྱུ་བདུན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་སྟེ་ཞེས་བྱ་བའི་སྒྲས་ནི་བཤད་མ་ཐག་པའི་ཚུལ་ཁོ་ན་ལེགས་སོ་ཞེས་བྱ་བའོ། །ཟག་པ་དང་

བཅས་པ་དང་ཟག་པ་མེད་པའི་ཤེས་པ་གཉིས་ཁོ་ན་རང་བཞིན་དང་གཉེན་པོ་ལ་སོགས་པའི་རྒྱུ་ལ་བརྟེན་ནས་གནས་སྐབས་དེ་དག་ཏུ་ཤེས་པའི་བདག་ཉིད་དེ་དང་དེས་རྣམ་པ་བཅུར་གཞག་གོ། །རང་བཞིན་ལས་ནི་རང་བཞིན་གྱིས་སོ། །ཀུན་རྫོབ་ཀྱི་ཤེས་པ་ནི་ཀུན་རྫོབ་ཤེས་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་དོན་དམ་

པ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དོན་དམ་པ་འམ་དོན་དམ་པར་མི་ཤེས་པ་ནི་ཀུན་རྫོབ་ཤེས་པ་སྟེ། ཐད་སྙད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་ལས་ཀུན་རྫོབ་ཤེས་པ་དེ་རྣམ་པར་གཞག་གི །གཉེན་པོ་དང་རྣམ་པ་ལ་སོགས་པ་དག་ལས་ནི་མ་ཡིན་ནོ། །ཡང་ཅིའི་

เล่ม ๑๔๕ · หน้า 224a

ཕྱིར་ཀུན་རྫོབ་ཤེས་པ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་ཡང་དོན་དམ་པ་ཤེས་པ་མ་ཡིན་ཞེ་ན། ཟག་པ་དང་བཅས་པའི་ཕྱིར་རོ། །འདོད་པའི་ཁམས་དང་ཁམས་གོང་མིའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གྲངས་བཞིན་དུ་ཆོས་དང་རྗེས་སུ་ཤེས་པ་གཉིས་དང་སྦྱར་

རོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་མཐའ་དག་གི་གཉེན་པོ་ཡིན་ནོ། །རྗེས་སུ་ཤེས་པ་ཁམས་གོང་མའི་ཡིན་པ་ཡང་དེ་དང་འདྲའོ། །དམིགས་པ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་ཡིན་པས།

སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་དམིགས་པ་ཐ་མི་དད་ཀྱི་རྣམ་པ་ཐ་དད་པ་འབའ་ཞིག་ཏུ་ཟད་དེ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་ནི་འདུས་བྱས་དང་འདུས་མ་བྱས་

ཡིན་པའི་ཕྱིར་དེ་ལ་དམིགས་པ་ཐ་དད་པ་ཡང་ཡོད་དོ། །སྦྱོར་བ་ལས་གཞན་གྱི་སེམས་ཤེས་པ་སྟེ་ཞེས་བྱ་བ་ལ། །དེ་ནི་གཞན་གྱི་སེམས་ཤེས་པར་བྱའོ་སྙམ་དུ་དེ་ལྟར་སྦྱོར་ཏེ། གཞན་གྱི་སེམས་ཤེས་པས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཤེས་སོ། །དེའི་ཕྱིར་

དེ་ནི་སྦྱོར་བ་ཁོ་ན་ལས་རྣམ་པར་གཞག་གི་དམིགས་པ་ལས་ནི་མ་ཡིན་ནོ། །བྱ་བ་བྱས་པ་ལས་ཞེས་བྱ་བ་ནི་བྱ་བ་བྱས་པ་ཉིད་ཀྱི་ཕྱིར་ནི་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཐམས་ཅད་ཀྱི་མཐར་དེ་ལ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པ་ལས་ཁྱད་པར་དུ་བྱེད་པ་སྟེ། དེ་ཡང་བྱ་

བ་བྱས་པ་ལས་སྐྱེ་བ་ཡིན་ནོ། །ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཅན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་སྔར་སྐྱེས་པ་ཐམས་ཅད་དེའི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་མི་སྐྱེ་བ་ཤེས་པ་ནི་ཟད་པ་ཤེས་པའི་རྒྱུ་མ་ཡིན་ཏེ་དམན་པའི་ཕྱིར་རོ། །ཐམས་ཅད་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་

བ་ལ། འདོད་པའི་ཁམས་མཐོང་བ་དང་བསྒོམ་པས་སྦྱང་བར་བྱ་བས་བསྡུས་པའི་རྣམ་པ་ལྔ་པོ་ཐམས་ཅད་ཀྱི་གཉེན་པོ་ཉིད་དུ་ཆོས་ཤེས་པ་མཐོང་བ་དང་བསྒོམ་པའི་ལམ་གྱིས་བསྡུས་པ་ཐམས་ཅད་བསྟན་པས། དེའི་ཕྱིར་གཞན་རིལ་མ་ཡིན་པའི་གཉེན་པོ་རིལ་ལམ་མ་ཡིན་ནོ་ཞེས་བྱ་བ་འདི་ཁས་བླངས་པར་

เล่ม ๑๔๕ · หน้า 224b

གྱུར་པ་དེ་བསྟན་པའི་ཕྱིར། གཞན་ཡང་བསྒོམ་པའི་ལམ་ལ་འགོག་པ་འམ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བསྒོམ་པས་སྤང་བར་བྱ་བ་ཁམས་གསུམ་པ་རྣམས་ཀྱི་ཡང་སྤོང་བའི་གཉེན་པོ་ཡིན་ལ་མཐོང་བས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཞིའི་གཉེན་པོའོ། །འགོག་པ་དང་ལམ་ལ་ཆོས་

ཤེས་པ་དག་ནི་ཁམས་སུ་གཏོགས་པ་མ་ཡིན་པ་དམིགས་པ་ཡིན་ཏེ། དེའི་ཕྱིར་ཁམས་གསུམ་གྱི་གཉེན་པོ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་དག་གིས་ནི་གཟུགས་དང་གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བར་མི་རུང་སྟེ། རྣམ་པར་སུན་འབྱིན་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རོ། །

གཞན་སུན་འབྱིན་པ་ན་གཞན་ལ་འདོད་ཆགས་དང་བྲལ་བ་ནི་མི་རིགས་སོ། །འགོག་པ་དང་ལམ་ལ་ཆོས་ཤེས་པ་དག་ནི་མི་ལྡན་པ་ལ་དམིགས་པའི་ཕྱིར། །རང་གི་ཡུལ་ལ་བྱ་བ་བྱས་པ་ཡིན་པ་དང་གཞན་གྱི་ཡུལ་ལ་འཇུག་གོ། །གཞན་དག་ནི་མ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་མ་སྨིན། །ཞེས་བྱ་བ་ལ།

གལ་ཏེ་འགོག་པ་དང་ལམ་ལ་ཆོས་ཤེས་པ་མི་ལྡན་པ་ལ་དམིགས་པའི་ཕྱིར། གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡིན་ན། དེ་ལྟར་ན་རྗེས་སུ་ཤེས་པ་ཡང་འདོད་པའི་ཁམས་ཀྱི་གཉེན་པོར་འདོད་པར་བྱ་དགོས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཤེས་པ་རྣམས་ནི་རྣོ་བ་ཡིན་པའི་ཕྱིར་རང་གི་ཡུལ་ལ་

བྱ་བ་བྱས་ཏེ། གཞན་གྱི་ཡུལ་ལ་བྱ་བ་དག་བྱེད་པ་ཡིན་ལ། གོང་ན་བསྒོམ་པས་སྤང་བར་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་གཉེན་པོར་རིག་ན། རྗེས་སུ་ཤེས་པ་ལ་ནི་འདོད་པའི་ཁམས་ན་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཆོས་ཤེས་པས་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཟིན་པའི་ཕྱིར་

རོ། །སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་གོང་མའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་ཤེས་པ་ལ་ནི་ཡུལ་གཞོམ་པར་བྱ་བ་ལ་བྱ་བ་ཡོད་དོ། །དགྲ་ཕམ་པར་བྱ་བའི་ཕྱིར་དེ་མངོན་པར་འདོད་པའི་གནས་འཇོམས་པ་བཞིན་ནོ། །མཐོང་བའི་ལམ་གྱིས་བསྡུས་པ་འམ་བསྒོམ་པའི་ལམ་

གྱིས་བསྡུས་པ་ཡང་རུང་སྟེ། འདོད་པའི་ཁམས་ཀྱི་གཉེན་པོ་རྗེས་སུ་ཤེས་པ་ནི་རྣམ་པ་ཐམས་ཅད་དུ་མེད་པས་རྣམ་པ་ཐམས་ཅད་དུ་མེད་པ་ཞེས་བྱ་བ་སྨོས་སོ། །ཡང་ཤེས་པ་བཅུ་པོ་འདི་དག་ལས་ཤེས་པ་གང་ཞིག་རྣམ་པ་དྲུག་ཏུ་འབྱུང་ཞེ་ན། དེ་ལ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ནི་རྣམ་

เล่ม ๑๔๕ · หน้า 225a

པ་བཅུ་དྲུག་སྟེ། བདེན་པ་བཞི་ལ་དམིགས་པ་ཉིད་ཀྱིས་བདེན་པ་རེ་རེ་ལ་རྣམ་པ་བཞི་བཞི་ཡིན་པའི་ཕྱིར་རོ། །དེ་དག་ནི་འོག་ནས་ཞེས་བྱ་བ་ལ། མི་རྟག་པ་ལ་སོགས་པའི་རྣམ་པ་དེ་དག་འོག་ནས་རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་དེར་བཤད་པར་བྱའོ། །ཀུན་རྫོབ་

ཤེས་པ་ནི་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ། གཞན་གྱི་རྣམ་པ་ཅན་ཡང་ཡིན་ཏེ། ཞེས་བྱ་བ་འབྱུང་སྟེ། དེ་ལ་རྣམ་པ་བཅུ་དྲུག་ཅན་དྲོ་བར་གྱུར་པ་དང་། རྩེ་མོ་དང་བཟོད་པ་ལ་སོགས་པ་དག་ནའོ། །གཞན་གྱི་རྣམ་པ་ཅན་ནི་མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དག་དང་། བྱམས་པ་ལ་སོགས་པ་དག་ནི་

ཀུན་རྫོབ་ཤེས་པ་རྣམ་པ་དུ་མ་ཅན་ནོ། །དེ་ཉིད་ལ་རྒྱུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ལ་སོགས་པ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་དང་། སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བུམ་པ་དང་། སྣམ་བུ་ལ་སོགས་པ་དག་ཏུ་བསྡུས་ཏེ། བུམ་པ་དང་སྣམ་

བུ་ལ་སོགས་པ་དག་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་མ་ཡིན་ལ་སྤྱིའི་མཚན་ཉིད་ཀྱང་མ་ཡིན་ནོ། །གཞན་གྱི་ཡིད་ཤེས་དྲི་མེད་ཀྱང་། །དེ་བཞིན་ཞེས་བྱ་བ་ལ། ཇི་ལྟར་ཤེས་པ་བཞི་པོ་འདི་དག་རེ་རེ་ཞིང་རྣམ་པ་བཞི་བཞི་ཡིན་པ་དེ་བཞིན་དུ། གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་རང་གི་བདེན་པའི་རྣམ་པ་དག་གིས་རྣམ་པ་བཞི་ཅན་ཡིན་ནོ། །

ལམ་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་གྱི་ནང་དུ་རྟོགས་པའི་ཤེས་པ་སྟེ། ལམ་ཤེས་པའི་ཕྱོགས་གཅིག་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གཉི་ག་ཡང་རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ་ཞེས་བྱ་བ་ལ། །སེམས་དང་སེམས་ལས་བྱུང་བ་དེ་དག་གི་རང་གི་མཚན་ཉིད་ནི་ལམ་ལ་སོགས་པ་ཉིད་ཡིན་ཞིང་། དེ་དག་གི་

ཡུལ་ཅན་གཞན་གྱི་སེམས་ཤེས་པ་ཡང་རྫས་རེ་རེའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཡང་རྣམ་པ་བཞི་ཅན་ཞེས་བྱ་སྟེ། དཔེར་ན་གཞན་གྱི་སེམས་ཤེས་པ་ཆགས་པ་ལ་སོགས་པའི་ཡུལ་ཅན་ལྟ་བུའོ། །ཆགས་པ་ལ་སོགས་པ་ཉིད་སེམས་ལས་བྱུང་བ་རྣམས་ཀྱི་སྤྱིའི་

མཚན་ཉིད་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྫས་རེ་རེའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཞེས་བྱའི། སྤྱིའི་རྣམ་པ་ཅན་ནི་མ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་

เล่ม ๑๔๕ · หน้า 225b

ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཀུན་བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་བཟུང་བ་དང་། ཆུང་ངུ་དང་། ཆེན་

པོར་གྱུར་པ་དང་། ཉེ་བར་མ་ཞི་བ་དང་། ཉེ་བར་ཞི་བ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའོ་ཞེས་གསུངས་ན། གལ་ཏེ་དེ་འདོད་ཆགས་

དང་བཅས་པར་འཛིན་པ་མེད་ན། ཇི་ལྟར་འདོད་ཆགས་དང་བཅས་པའོ་སྙམ་དུ་ཤེས། ཅི་སྟེ་དེ་འདོད་ཆགས་དང་བཅས་པར་འཛིན་ན་ནི་རྫས་རེ་རེ་ཞིང་སྤྱོད་ཡུལ་ལོ་ཞེས་བྱ་བ་འདི་ཇི་ལྟར་མི་འགལ་ཞེ་ན། གོས་དང་དྲི་མ་ཅིག་ཅར་དུ་མི་འཛིན་པ་བཞིན་ནོ་ཞེས་བྱ་བ་འབྱུང་སྟེ། གོས་དང་དྲི་མ་ནི་ཅིག་ཅར་

དུ་འཛིན་པ་མ་ཡིན་ཏེ། གང་གི་ཚེ་གོས་མཐོང་བ་དེའི་ཚེ་དྲི་མ་མི་འཛིན་ལ། གང་གི་ཚེ་དྲི་མ་མཐོང་བ་དེའི་ཚེ་གོས་མི་འཛིན་ནོ། །གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཡོངས་སུ་ཆད་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །འདོད་ཆགས་དང་བཅས་པ་ཉིད་ནི་རྣམ་པ་གཉིས་

ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་ནི་མངོན་དུ་གྱུར་པ་ལས་ཏེ། འདྲེས་པ་དང་མཚུངས་པར་ལྡན་པ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་དོན་གཅིག་གོ། །ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་ནི་ཐོབ་པ་དང་འབྲེལ་པ་ལས་ཏེ། ཐོབ་པ་དང་རྙེད་པ་དང་

ལྡན་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་སེམས་གང་ལ་འདོད་ཆགས་མངོན་དུ་གྱུར་པ་ལས་ཏེ། སེམས་དེ་ནི་འདེས་པའི་འདོད་ཆགས་དང་བཅས་པ་དང་ལྡན་པའི་འདོད་ཆགས་དང་བཅས་

པ་གཉིས་ཀྱིས་འདོད་ཆགས་དང་བཅས་སོ། །དེ་ལས་གཞན་པ་ཟག་པ་དང་བཅས་པའི་སེམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པའི་དགེ་བ་ནི་ལྡན་པའི་འདོད་ཆགས་དང་བཅས་ཏེ། འདོད་ཆགས་ཀྱི་ཐོབ་པ་ཙམ་དང་ལྷན་ཅིག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་གཉི་ག་ཡང་འདོད་ཆགས་དང་

เล่ม ๑๔๕ · หน้า 226a

བཅས་པའོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་གནས་དང་ཁ་ཅིག་ན་རེ་འདིར་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་གྱི། ཟག་པ་དང་བཅས་པ་གཞན་ཐོབ་པ་ཙམ་དང་ལྷན་ཅིག་པ་ནི་མ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོ་ནི་

འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་ཁ་ཅིག་གི་ལུགས་ཀྱིས་འདོད་ཆགས་ཀྱི་གཉེན་པོ་ལ་འདོད་ཆགས་དང་བྲལ་བ་ཞེས་བྱའི། འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་མ་ཡིན་ཞེ་ན། ཁ་ཅིག་ཅེས་བྱ་བ་དེ་ཉིད་ཀྱིས་རྒྱུ་སྨྲས་པ། གལ་ཏེ་འདོད་ཆགས་དང་

མཚུངས་པར་མི་ལྡན་པ་སེམས་གང་ལ་འདོད་ཆགས་མེད་ཅིང་དེའི་ཐོབ་པ་འབའ་ཞིག་ཡོད་པར་ཟད་པ་དེ་འདོད་ཆགས་དང་བྲལ་བ་ཡིན་ན་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་སྟེ། ཉོན་མོངས་པ་ཁོང་ཁྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཡང་འདོད་

ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །མདོ་ལས་ནི། ཞེ་སྡང་ལ་སོགས་པ་དང་། མཚུངས་པར་ལྡན་པ་ལ་འདོད་ཆགས་དང་བྲལ་བ་ཞེས་མ་གསུངས་ཏེ། འོ་ན་ཅི་ཞེ་ན། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ་ཞེས་གསུངས་སོ། །བདག་གི་ལྟར་ན་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་

སེམས་ཞེ་སྡང་ལ་སོགས་པ་དག་དང་མཚུངས་པར་མི་ལྡན་པས་དེ་ལས་གཞན་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་མི་འཛིན་ཏེ། དེའི་ཕྱིར་འདི་ལ་སྐྱོན་མེད་དོ། །འདི་ལ་སློབ་དཔོན་གྱི་སྐྱོན་གཞན་སྨྲས་པ་ནི། གཞན་དག་ན་རེ་དེ་ལྟ་ན་ནི་ཞེས་བྱ་བ་སྟེ། གལ་ཏེ་འདོད་

ཆགས་དང་མཚུངས་པར་ལྡན་པ་འདོད་ཆགས་དང་བཅས་པ་ཡིན་ཞིང་། འདོད་ཆགས་ཀྱི་གཉེན་པོ་འདོད་ཆགས་དང་བྲལ་བ་ཡིན་ན། དེ་ལྟ་ན་ནི་དེའི་གཉེན་པོ་མ་ཡིན་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་འདོད་ཆགས་དང་བཅས་པ་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བ་འང་མ་ཡིན་པར་འགྱུར་ཏེ།

མ་སྒྲིབས་པ་ལ་ལུང་དུ་མ་བསྟན་པ་དང་། བར་ཆད་མེད་པའི་ལམ་ལས་གཞན་པའི་དགེ་བ་ནི་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བཅས་པ་ཉིད་མ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །གང་ཞིག་དེའི་གཉེན་པོ་མ་ཡིན་ཞེ་ན།

เล่ม ๑๔๕ · หน้า 226b

སྦྱོར་བའི་ལམ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ཞེས་བྱ་བ་དེར་ཡང་འདྲ་བར་ཐལ་བར་འགྱུར་བར་སྟོན་ཏོ། དེ་བས་ན་འདིར་འདོད་ཆགས་དང་ལྡན་པས་ཀྱང་ཞེས་བྱ་བ་ནི་འདོད་ཆགས་རྒྱས་པར་འགྱུར་བས་ཀྱང་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་

བྱ་བའི་སྒྲས་ནི་འདིར་འདོད་ཆགས་དང་མཚུངས་པར་ལྡན་པ་ཉིད་ཀྱིས་ཀྱང་། འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱའོ། །དེ་ལྟ་ན་ཟག་པ་དང་བཅས་པ་དང་ཉོན་མོངས་པ་ཅན་མ་ཡིན་པ་ཡང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བར་བསྡུས་པར་འགྱུར་རོ། །ཀུན་དུ་བསྡུས་པ་ནི་དམིགས་པ་ལ་

མངོན་པར་བསྡུས་པའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་ལ། དགེ་བའི་སེམས་ནི་དམིགས་པ་ལ་མངོན་པར་བསྡུས་ཤིང་དམིགས་པ་ལས་མི་གཡེང་བ་སྟེ། རྣམ་པར་མི་གཡེང་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཀུན་དུ་བསྡུས་པ་ནི་གཉིད་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་དབང་པོ་ལྔ་རྒྱུ་བ་མངོན་

པར་བསྡུ་བའི་ཕྱིར་རོ། །རྣམ་པར་གཡེང་བ་ནི་ཉོན་མོངས་པ་ཅན་གཞན་ཡིན་ནོ་ཞེས་བྱ་བ་ནི་གཉིད་དང་མཚུངས་པར་ལྡན་པ་ལས་གཞན་པའི་ཉོན་མོངས་པ་ཅན་ནོ། །ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ལ། སེམས་དེ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རྣམ་པར་

གཡེང་བ་ཡིན་ཞིང་། གཉིད་དང་མཚུངས་པར་ལྡན་པས་ཀུན་ཏུ་བསྡུས་པར་འགྱུར་ན། གཅིག་ལ་ནི་འགལ་བ་ཉིད་རིགས་པ་ཡང་མ་ཡིན་ནོ། །བསྟན་བཅོས་ལས་ཞེས་བྱ་བ་ནི་གལ་ཏེ་ཀུན་དུ་བསྡུས་པ་གཉིད་དང་མཚུངས་པར་ལྡན་པ་ཡིན་ན་ནི་བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་བྱ་བའོ། །ཇི་ལྟར་

ཞེ་ན། སེམས་ཀུན་དུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་འབྱུང་སྟེ། རྒྱས་པར་འགྲེལ་པ་ཇི་ལྟ་བ་བཞིན་ནོ། །ཇི་ལྟར་རྗེས་སུ་ཤེས་པ་ཀུན་དུ་བསྡུས་པ་ལ་དམིགས་པར་འགྱུར་ཏེ། འདོད་པའི་ཁམས་ལས་གོང་ན་གཉིད་མེད་པའི་ཕྱིར་ལ་རྗེས་སུ་ཤེས་པ་ཡང་གཟུགས་དང་

གཟུགས་མེད་པ་ལ་དམིགས་པའི་ཕྱིར་རོ། །ལམ་ཤེས་པ་ཡང་ཀུན་དུ་བསྡུས་པའི་སེམས་ལ་དམིགས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལམ་ཤེས་པ་ནི་ལམ་ལ་དམིགས་པ་ཡིན་ལ་གཉིད་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ལམ་གྱིས་བསྡུས་པའི་སེམས་ནི་གཉིད་དང་མཚུངས་པར་ལྡན་པ་ཡང་མ་

เล่ม ๑๔๕ · หน้า 227a

མ་ཡིན་ནོ། །ཀུན་དུ་བསྡུས་པ་ནི་དམིགས་པ་ལ་མངོན་པར་བསྡུས་པའི་ཕྱིར་ཞེས་སྔར་ཇི་སྐད་དུ་བཤད་པ་ལྟར་ན་ནི་ཇི་སྐད་དུ་སྨྲས་པའི་སྐྱོན་མེད་དེ། དེ་ནི་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་མི་ལྡན་པས་བསྡུས་པ་ཡིན་ལ། རྣམ་པར་གཡེང་བ་ཡང་ཡིན་པར་མི་འགྱུར་རོ། །བསྟན་བཅོས་

དང་འགལ་བ་ཡང་མེད་དེ། ཀུན་དུ་བསྡུས་པའི་སེམས་དགེ་བ་ནི་ཁམས་གསུམ་གྱིས་བསྡུས་པ་དང་མ་བསྡུས་པ་ཡིན་པའི་ཕྱིར་ཀུན་དུ་བསྡུས་པའི་སེམས་ཀྱི་ཤེས་པ་དེ་ནི་ཤེས་པ་བཞི་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ། གཟུགས་དང་གཟུགས་མེད་པའི་ཀུན་དུ་བསྡུས་པའི་སེམས་དགེ་བ་ལ་དམིགས་པ་ནི་རྗེས་སུ་ཤེས་པ་

ཡིན་ལ། ཟག་པ་མེད་པའི་ཤེས་པ་དགེ་བའི་སེམས་ལ་དམིགས་པ་ལམ་གྱི་བདེན་པས་གསུངས་པ་ནི་ལམ་ཤེས་པ་ཡིན་ནོ། །ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་དེ་མངོན་པར་མི་སྤྲོ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །རབ་ཏུ་བཟུང་བ་ནི་བརྩོན་འགྲུས་དང་མཚུངས་པར་ལྡན་པ་སྟེ། རབ་ཏུ་བཟུང་བ་ནི་

བརྩོན་འགྲུས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཞེས་བྱ་བ་ལ། གང་དག་ལ་རྣམ་པར་བྱང་བ་ཆུང་ངུ་ཡོད་པའི་ལུས་ཅན་དེ་དག་ནི་རྣམ་པར་བྱང་བ་ཆུང་ངུ་དག་ཡིན་ནོ། །ཆུང་ངུ་ནི་ཅུང་ཟད་དོ། །རྣམ་པར་བྱང་བ་ནི་དག་པའོ། །འདིར་ནི་དགེ་བའི་རྩ་བ་དག་རྣམ་པར་བྱང་

བ་ཡིན་པར་འདོད་དེ། ངོ་བོ་ཉིད་ཀྱི་དགེ་བས་དག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་དགེ་བའི་རྩ་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཞེས་བསྟན་པར་འགྱུར་རོ། །ཆེན་པོར་གྱུར་པ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་བྱང་བ་ཆེན་པོ་དག་གིས་བསྟེན་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །

གཞན་ཡང་གོ་རིམས་བཞིན་དུ་རྩ་བ་དང་། རིན་དང་འཁོར་དང་རྗེས་སུ་འབྲང་བ་དང་། སྟོབས་ཆུང་བ་དང་ཆེན་པོའི་ཕྱིར་ཡང་ཆུང་ངུ་དང་ཆེན་པོར་གྱུར་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ཉོན་མོངས་པ་ཅན་ནི་མི་དགེ་བའི་རྩ་བ་གཉིས་ཀྱི་རྩ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ནི་འདོད་

ཆགས་དང་། ཞེ་སྡང་གཉིས་ལ་མཚུངས་པར་ལྡན་པ་མེད་པས་དེ་གཉིས་གང་ཡང་རུང་བ་ཞིག་དང་གཏི་མུག་མི་དགེ་བའི་རྩ་བས་རྩ་བ་དང་བཅས་པ་ཡིན་ནོ། །དགེ་བ་ནི་དགེ་བའི་རྩ་བ་གསུམ་གྱིས་སོ་ཞེས་བྱ་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་རྣམས་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །འབད་

เล่ม ๑๔๕ · หน้า 227b

པས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མི་འདོད་པ་བཞིན་དུ་ཡང་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །ཚེགས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དོན་གྱི་བསྒྲུབ་པ་ལ་སོགས་པ་དག་གིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །

ཉོན་མོངས་པ་ཅན་ནི་དེ་དང་འདྲ་བ་མ་འོངས་པ་འཐོབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་དང་འདྲ་བ་མ་འོངས་པ་ཐོབ་པ་མེད་པའི་ཕྱིར་ཏེ་ལུགས་ལས་ཆོས་དགེ་བ་འདུས་བྱས་འཐོབ་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཕུང་པོ་གསུམ་གྱི་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་

བྱེད་ཀྱི་ཕུང་པོ་དག་གིས་སོ། །རྣམ་པར་ཤེས་པའི་ཕུང་པོ་དག་གིས་རྗེས་སུ་འབྲང་བ་དང་བཅས་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་དེ་ཉིད་རྣམ་པར་ཤེས་པའི་འཁོར་ཡིན་པ་ནི་མི་རིགས་སོ། །དགེ་བ་ནི་འཁོར་མང་བ་ཡིན་ལ་ཞེས་བྱ་བ་ནི་དེ་དང་འདྲ་བ་མ་འོངས་པ་འཐོབ་པ་དང་མངོན་པར་འབྲེལ་པའི་ཕྱིར་རོ། །

ཕུང་པོ་བཞིས་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་པ་དང་། འདུ་བྱེད་དག་གིས་ཏེ། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པའི་གཟུགས་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །ཡང་ཉོན་མོངས་པ་ཅན་ནི་སྟོབས་ཆུང་བ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །

དགེ་བ་དེ་ཡང་ལོག་པར་ལྟ་བའི་སྐད་ཅིག་མ་གཅིག་གིས་ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕུང་པོ་ལྔ་འཇོམས་པའི་ཕྱིར་སྟོབས་ཆུང་བ་མ་ཡིན་ཞེ་ན། དེ་ནི་གཏན་ཆད་པ་མ་ཡིན་ཏེ། ཡང་མཚམས་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཏན་དུ་འཇོམས་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་ལས་

ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡང་སྟེ། རྩ་བ་དང་། རིན་དང་། འཁོར་དང་། རྗེས་སུ་འབྲང་བ་དང་། སྟོབས་ཆེ་ཆུང་གི་ཕྱིར་ཡང་ཆུང་ངུ་ནི་ཉོན་མོངས་པ་ཅན་ཡིན་ལ་ཆེན་པོར་གྱུར་པ་ནི་དགེ་བ་ཡིན་ནོ། །དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །

རྣམ་པར་མ་ཞི་བ་དང་ཞེས་བྱ་བ་ནི། རྒོད་པ་དང་། མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྣམ་པར་ཞི་བ་ནི་དགེ་བའོ། །དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཐོབ་པ་དང་བསྟེན་པའི་བསྒོམས་པ་དག་གིས་མ་

เล่ม ๑๔๕ · หน้า 228a

བསྒོམས་པའི་ཕྱིར་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་ནི་མ་འོངས་པ་འཐོབ་པ་ཡང་མེད་ལ། བསྟེན་པར་འོས་པ་ཡང་མ་ཡིན་ཏེ། འཐོབ་པ་དང་བསྟེན་ཞེས་བྱ་བ་ནི་དགེ་བ་འདུས་བྱས་ཐོབ་པའོ་ཞེས་འབྱུང་བའི་ཕྱིར་རོ། །བསྒོམས་པ་ནི་དེ་གཉིས་ཀྱིས་བསྒོམས་པའི་ཕྱིར། དེ་དགེ་བ་ཡིན་ནོ་ཞེས་བྱ་བ་

ནི་འཐོབ་པ་དང་། བསྟེན་པའི་བསྒོམས་པ་དག་གིས་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རང་བཞིན་རྣམ་པར་གྲོལ་བས་ཀྱང་། རྣམ་པར་གྲོལ་བ་མ་ཡིན་ལ་སོ་སོའི་སྐྱེ་བའི་རྒྱུད་ལ་སྐྱེ་བའི་

ཕྱིར་རྒྱུད་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་མ་ཡིན་ནོ། །རྣམ་པར་གྲོལ་བ་ནི་དེ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི། རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། དགེ་བ་ནི་ཉོན་མོངས་པ་དག་དང་མཚུངས་པར་ལྡན་པས་རང་བཞིན་གྱིས་

རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་ཡིན་ལ། སོ་སོའི་སྐྱེ་བོ་དགེ་ལེགས་ཅན་དང་སློབ་པ་དང་མི་སློབ་པའི་རྒྱུད་ལ་སྐྱེ་བས་རྒྱུད་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་ཡིན་ནོ། །རྨུགས་པ་དང་། གཉིད་དང་ལྷན་ཅིག་པར་གྱུར་ཅིང་ཞེས་བྱ་བ་ནི་རྨུགས་པ་དང་། གཉིད་དང་མཚུངས་པར་ལྡན་པའོ། །ནང་དུ་ཀུན་དུ་འགོག་པ་དང་

ལྷན་ཅིག་པར་འགྱུར་ལ་ཞེས་བྱ་བ་འདི་འཆད་པར་བྱེད་པ་ནི་ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ནོ་ཞེས་བྱ་བའོ། །རྗེས་སུ་གཡེང་པ་ཡིན་ཞིང་ཞེས་བྱ་བ་འདི་འཆད་པར་བྱེད་པ་ནི་རྣམ་པར་འཕྲོས་པ་ཡིན་ནོ་ཞེས་བྱ་བའོ། །སེམས་དེ་ཉིད་ཀུན་དུ་བསྡུས་པ་ཡང་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་རྨུགས་པ་

དང་གཉིད་དང་ལྷན་ཅིག་པར་གྱུར་པ་ལ་ཀུན་དུ་བསྡུས་པ་ཞེས་བྱ་བ་ནི་དེ་ལྟ་ན་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པ་གཉི་ག་ཡིན་པར་འགྱུར་ཏེ། དེ་ཉིད་གཉིད་དང་མཚུངས་པར་ལྡན་པས་ཀུན་དུ་བསྡུས་པ་ཡིན་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རྣམ་པར་གཡེང་པར་ཡང་

ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་གཉིད་དང་ལྷན་ཅིག་པ་རྣམ་པར་གཡེངས་པ་ཉིད་དུ་དམ་མ་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི། གཉིད་དང་ལྷན་ཅིག་པར་གྱུར་པ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཡང་རུང་སྟེ། ཐམས་ཅད་ཀུན་དུ་བསྡུས་པ་ཡིན་པར་དམ་འཆའོ། །བསྟན་བཅོས་

เล่ม ๑๔๕ · หน้า 228b

དང་འགལ་བར་འགྱུར་ཞེས་ཀྱང་བཤད་པ་མ་ཡིན་ནམ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། སེམས་ཀུན་དུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཤེས་པའི་ཤེས་པ་ནི་བཞི་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ལམ་ཤེས་པའོ་ཞེས་བྱ་བར་རོ། །བསྟན་བཅོས་

དང་འགལ་བ་ནི་བླའི། མདོ་དང་འགལ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། བསྟན་བཅོས་ནི་མདོའི་དབང་ཡིན་གྱི། མདོ་ནི་བསྟན་བཅོས་ཀྱི་དབང་མ་ཡིན་ཏེ། བསྟན་བཅོས་ལ་རག་ལས་པ་མ་ཡིན་ནོ། །མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་ཞེས་བྱ་བ་ལ། དེ་ཐམས་ཅད་ཉོན་མོངས་པ་ཅན་དུ་བཤད་པས་ཉོན་

མོངས་པ་ཅན་ཉིད་མཚན་ཉིད་ཐ་མི་དད་པ་ཡིན་ལ། ཉོན་མོངས་པ་ཅན་ཉིད་ནི་ཉོན་མོངས་པའི་ས་མང་པོ་རྣམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཀུན་དུ་བསྡུས་པ་དང་། རབ་ཏུ་བཟུང་བ་ལ་སོགས་པའི་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཆེན་པོ་དང་རྒོད་པ་མ་ཡིན་པ་དང་། རྣམ་པར་ཞི་བ་དང་། མཉམ་

པར་གཞག་པ་དང་། བསྒོམས་པ་དང་། རྣམ་པར་གྲོལ་བ་རྣམས་བསྡུས་པའོ། །ཇི་ལྟར་དེ་དག་མཚན་ཉིད་ཐ་མི་དད་པ་ཡིན་ནོ་ཞེ་ན། ཐམས་ཅད་དགེ་བ་ཡིན་ན་ཞེས་བཤད་པའི་ཕྱིར་དགེ་བ་ཉིད་ནི་དེ་དག་གི་མཚན་ཉིད་ཐ་མི་དད་པའི་ཕྱིར་ལ། དེ་ནི་དགེ་བའི་ས་མང་པོ་པ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །

དེའི་ཉེས་པའི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་ལ་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་དེའི་ཉེས་པ་ནི་དེའི་ཉེས་པའོ། །དེའི་ཉེས་པའི་ཁྱད་པར་ནི་དེའི་ཉེས་པའི་ཁྱད་པར་ཏེ། དེ་བསྟན་པ་ནི་དེའི་ཉེས་པའི་ཁྱད་པར་ཡང་དག་པར་བསྟན་པའོ། །འདི་ལྟར་སེམས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་གཡེང་བ་དང་

མཚུངས་པར་ལྡན་པའི་ཕྱིར་རྣམ་པར་གཡེངས་པ་ཡིན་ནོ། །ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཞུམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་བའི་ཡང་ཡོན་ཏན་གྱི་ཁྱད་པར་ཡང་དག་པར་བསྟན་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་བར་མཚུངས་ཀྱང་དམིགས་པ་ལ་

མངོན་པར་བསྡུས་པའི་ཕྱིར་རོ། །ཀུན་དུ་བསྡུས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལ་ནི་ཉོན་མོངས་པ་ཅན་ཉིད་དུ་མཚུངས་ཤིང་དགེ་བ་ཉིད་དུ་མཚུངས་བཞིན་དུ་དེ་དག་གི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་ཚིག་འདི་རྣམས་མདོ་དང་འགལ་བ་མ་སྤངས་པའི་ཕྱིར་ཞེས་བྱ་བ་

เล่ม ๑๔๕ · หน้า 229a

ལ། མདོ་ལས་ནི་རྨུགས་པ་དང་གཉིད་དང་ལྷན་ཅིག་པར་འགྱུར་བ་ལ་སེམས་ཀུན་དུ་བསྡུས་པར་བཤད་ཀྱི། དགེ་བ་ནི་མ་ཡིན་ཏེ། རྨུགས་པ་ནི་ཉོན་མོངས་པའི་ས་མང་པོ་པ་མ་ཡིན་པའི་ཕྱིར་རོ། །གཉིད་ནི་ཉོན་མོངས་པ་ཅན་ཡང་ཡོད་ལ། ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དོ། །འདི་ནི་

ཚིག་དེ་དག་གི་དོན་མ་ཡིན་ཏེ། དོན་ནི་ནུབ་ཕྱོགས་པ་རྣམས་ཀྱིས་ཇི་སྐད་སྨྲས་པ་དེ་ཉིད་ཡིན་ནོ། །གལ་ཏེ་མདོ་ལས་སེམས་དེ་ཉིད་ཞུམ་པ་ཡང་ཡིན་ལ། དེ་ཉིད་རྒོད་པ་ཡང་ཡིན་ནོ་ཞེས་བྱ་བར་བཞེད་ན་ནི་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་

ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདིར་མི་འགྱུར་གྱི། འདི་སྐད་དུ། དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཀྱང་མ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་

ཞུམ་པ་དེ་ཉིད་རྒོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་རྒོད་པ་དང་། རྒོད་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ་ཞེས་བྱ་བ་ངེས་པ་འདིར་མི་འགྱུར་གྱི་འདི་སྐད་དུ། དེའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་

འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཀྱང་མ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་རྒོད་པ་དེ་ཉིད་ཞུམ་པ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་བྱེ་བྲག་ཏུ་སྨྲ་བས་ཞུམ་པ་གང་ཡིན་པ་དེ་ཉིད་རྒོད་པ་ཡིན་ནོ་ཞེས་སྨྲས་ཤེ་ན། སེམས་ཞུམ་པ་ནི་ལེ་ལོ་

དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྒོད་པ་ནི་རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །ལེ་ལོ་དང་རྒོད་པ་གཉིས་ཀྱང་ཉོན་མོངས་པའི་ས་མང་པོ་ཡིན་པ་ཉིད་ཀྱིས་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་རོ། །འདིར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

མ་སྨོས་པ་ནི་དྲན་པ་ནི་ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་སེམས་གཉི་ག་ལ་མ་བཤད་ཀྱང་གྲུབ་པའི་ཕྱིར་ཏེ། མདོ་ལས་དྲན་པ་ནི་ཀུན་དུ་སོང་བ་ཡིན་ནོ་ཞེས་ང་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་འདི་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོར་བསྒོམ་པའམ་ཞེས་བྱ་བ་ནི་སོ་སོ་སོ་སོར་བསྒོམ་པའམ་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཡིད་

เล่ม ๑๔๕ · หน้า 229b

ལ་བྱེད་པ་བསྒོམ་པ་ཡིན་པར་འདོད་ཀྱི། མངོན་སུམ་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཡིད་ལ་བྱེད་པ་ནི་སྦྱོར་བའི་གནས་སྐབས་ན་དམིགས་པར་བྱེད་པ་སྟེ། དེ་ནི་སོ་སོར་མི་འགལ་ལོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡིད་ལ་བྱེད་པ་བསྒོམ་པས་ནི་བྱིང་བ་དང་བྲལ་བ་འགྱུར་ལ་དེ་དང་བྲལ་བས་རྒྱུད་ཉོན་

མོངས་པ་མེད་པ་ཡིན་པ་དང་། ཕྱི་ནས་ཐམས་ཅད་ཚོགས་པ་མངོན་སུམ་དུ་འགྱུར་རོ། །འདི་ལས་ལེ་ལོ་ལྷག་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་ལས་གང་གི་ཚེ་སེམས་ཞུམ་པར་འགྱུར་བ་ཞེས་རྒྱས་པར་གསུངས་པ་དེར་རོ། །རྒོད་པ་ལྷག་པ་ནི་རྒོད་པ་ཞེས་བཤད་པས་འགལ་བ་མེད་དེ། གལ་ཏེ་མདོ་ལས། སེམས་

དེ་ཉིད་ཞུམ་པ་ཡང་ཡིན་ལ་དེ་ཉིད་རྒོད་པ་ཡང་ཡིན་ཞེས་བྱ་བར་བཞེད་ན་ནི་གང་གི་ཚེ་སེམས་ཞུམ་པ་ཞེས་རྒྱས་པར་འགལ་བ་སྨྲས་པ་གང་ཡིན་པའོ། །དེ་གཉིས་ཀྱང་ལྷན་ཅིག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ལེ་ལོ་དང་། རྒོད་པ་གཉིས་སོ། །སེམས་དེ་ཉིད་ཞུམ་པ་ཡང་ཡིན་ལ། དེ་ཉིད་རྒོད་པ་ཡང་ཡིན་ནོ་ཞེས་སྨྲས་

སྟེ། ལེ་ལོ་དང་རྒོད་པ་དག་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་ངོ་། མདོ་སྡེ་པས། བསམ་པ་ཅན་གྱི་ཚིག་ལ་ནི་བཟློག་པ་མེད་ཀྱི། མདོའི་དགོངས་པ་ནི་ལེ་ལོ་ལྷག་པ་ཞུམ་པ་ཡིན་ལ་རྒོད་པ་ལྷག་པ་ནི་རྒོད་པའོ་ཞེས་བྱ་བ་འདི་མ་ཡིན་ནོ་ཞེས་སྨྲས་ཏེ། གང་གི་ཕྱིར་གང་གི་རེ་སེམས་ཞུམ་

པ་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །འདོད་ཆགས་དང་ལྡན་པའི་སེམས་ཐམས་ཅད་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་གང་བཤད་པ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེ་ལའང་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་གཉིས་ཀྱི་འདོད་ཆགས་དང་བཅས་པ་ཡིན་ནོ། །དེ་ལས་གཞན་པ་ཟག་

པ་དང་བཅས་པ་ནི་ལྡན་པའི་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །སློབ་པའི་ཟག་པ་མེད་པ་ཡང་འདོད་ཆགས་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ལ། སློབ་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སོགས་པའི་སེམས་ནི་མཐོང་བའི་ལམ་དང་བསྒོམ་པའི་

ལམ་ལ་གདོན་མི་ཟ་བར་འདོད་ཆགས་ཀྱི་འཐོབ་པ་དང་ལྷན་ཅིག་པ་ཡིན་ཏེ། འདོད་ཆགས་མ་སྤངས་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ཀྱི་དམིགས་པ་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་ནི་སེམས་གང་ཞིག་འདོད་ཆགས་ཀྱི་མི་དམིགས་པ་ཡིན་པ་དེ་འདོད་ཆགས་དང་ལྡན་པ་ཡིན་ནོ་སྙམ་ན་ནི་ཞེས་བྱ་བ་སྟེ། དགྲ་

เล่ม ๑๔๕ · หน้า 230a

བཅོམ་པའི་སེམས་ཟག་པ་དང་བཅས་པ་ཡང་འདོད་ཆགས་དང་བཅས་པ་ཞེས་བྱ་བར་གཟུང་བར་འགྱུར་རོ། །དགྲ་བཅོམ་པའི་འཇིག་རྟེན་པའི་སེམས་ཀྱང་གཞན་གྱི་འདོད་ཆགས་ཀྱི་དམིགས་པ་ཡིན་པས་དེའི་ཕྱིར། དེ་ཡང་འདོད་ཆགས་དང་བཅས་པར་འགྱུར་ན་འདི་འདོད་པ་ཡང་མ་ཡིན་

ནོ། །ཡང་ན་ཇི་ལྟར་ཟག་པ་དང་བཅས་པ་ཡིན་ཞེས་བྱ་བ་ནི། གལ་ཏེ་དགྲ་བཅོམ་པའི་འཇིག་རྟེན་པའི་སེམས་འདོད་ཆགས་ཀྱི་དམིགས་པ་མ་ཡིན་ནའོ། །ཇི་སྟེ་ཉོན་མོངས་པ་སྤྱི་པ་ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཀྱི་དམིགས་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པའོ་ཞེས་བྱ་བར་འདོད་ན། དེ་ལྟ་ན་

ཡང་གཞན་གྱི་སེམས་ཤེས་པས་གཏི་མུག་དང་བཅས་པར་གཟུང་བར་འགྱུར་ཏེ། དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་ནི་གཏི་མུག་གི་དམིགས་པ་ཡིན་པའི་ཕྱིར་རོ། །གཏི་མུག་ཀྱང་ཉོན་མོངས་པ་སྤྱི་པ་ཡིན་པས་དགྲ་བཅོམ་པའི་སེམས་གཞན་གྱི་གཏི་མུག་གི་དམིགས་པ་ཡིན་ནོ། །གཞན་གྱི་སེམས་

ཤེས་པ་ནི་འཐོབ་པ་ལ་དམིགས་པ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཕྱིར་དང་། འཐོབ་པ་ཡང་མི་ལྡན་པ་ཡིན་པའི་ཕྱིར་རོ། །སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གཞན་གྱི་སེམས་དང་སྦྱར་རོ། །འདོད་ཆགས་

གང་ལ་སེམས་དེ་དམིགས་པ་ཡོད་པ་ནི། སེམས་དེ་ལ་དམིགས་པའོ། །གང་ལ་སེམས་ལ་དམིགས་པའི་འདོད་ཆགས་ཡོད་པ་དེ་ནི་སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ནོ། །གང་ཞེ་ན། གཞན་གྱི་སེམས་ཤེས་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཀག་པ་ཡིན་ནོ། །ཅི་ཞིག་བསྟན་པར་འགྱུར་ཞེ་ན། གཞན་གྱི་སེམས་ཙམ་ཞིག་ཤེས་

ཀྱི། དེ་ལ་དམིགས་པའི་འདོད་ཆགས་ནི་མི་ཤེས་ཏེ། རྫས་རེ་རེ་ཞིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་བས་འདིར་འདོད་ཆགས་དང་ལྡན་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་སློབ་པའི་སེམས་ཟག་པ་མེད་པ་དང་མི་སློབ་པའི་ཟག་པ་དང་བཅས་པ་འདོད་ཆགས་དང་བཅས་པར་འགྱུར་བ་དང་། གཞན་གྱི་སེམས་

ཤེས་པ་ནི་འཐོབ་པ་ལ་དམིགས་པ་མ་ཡིན་པ་དང་། དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་པ་དེའི་ཕྱིར་འདོད་ཆགས་དང་ལྡན་པས་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། འདོད་ཆགས་ཀྱི་འཐོབ་པ་ཡོད་ཀྱང་།

เล่ม ๑๔๕ · หน้า 230b

འདོད་ཆགས་དང་མཚུངས་པར་མི་ལྡན་པའི་སེམས་ནི། འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་དང་། མདོའི་དགོངས་པ་ནི་ཞེས་བྱ་བ་ནི། མདོའི་དོན་གཞན་མི་སྲིད་པའི་ཕྱིར་རོ། །དེར་ནི་དེའི་འཐོབ་པ་དང་བྲལ་བ་ལས་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པའི་འཐོབ་པ་བྲལ་བ་

ལས་དགོངས་ཏེ་གསུངས་ཀྱི་མཚུངས་པར་ལྡན་པ་ཙམ་ལ་ནི་མ་ཡིན་ནོ་ཞེས་བསྟན་པ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་ཞེས་བྱ་བའི་ཚིག་གཞན་དང་། ཉེས་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་བསྟན་པའི་ཕྱིར་རོ་

སྙམ་དུ་བསམ་པ་ཡིན་ནོ། །བཤད་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དུ་བཤད་ཅེ་ན། ཁ་ཅིག་ན་རེ་མདོ་འདིར་ནི་ཞེས་བྱ་བ་ནས། གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ན་ནི། ཉོན་མོངས་པ་ལ་གཞན་དང་མཚུངས་པར་ལྡན་པ་ཡང་ཡིན་པར་

འགྱུར་རོ་ཞེས་ཟེར་བ་དེར་བཤད་དོ། །དགོངས་པ་འདིས་ན་ཉེས་པ་མེད་དེ་ཞེས་བྱ་བ་དགོངས་པ་གང་གིས་ཤེ་ན། དེའི་ཕྱིར་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི། མདོ་ཇི་ལྟ་བ་བཞིན་དུ་ཀུན་དུ་བསྡུས་པ་དང་རྣམ་པར་གཡེངས་པ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །

དེ་ལྟ་མ་ཡིན་ན་དེ་གཟུགས་ལ་དམིགས་པར་ཡང་འགྱུར་ལ་ཞེས་བྱ་བ་ནི་གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་ཆེ་གེ་མོ་ཞིག་ལ་ཆགས་སོ་ཞེས་བྱ་བ་ཤེས་ནའོ། །དེ་ལྟ་ཡིན་དང་གཞན་གྱི་སེམས་ཤེས་པར་མི་འགྱུར་ཏེ། གཟུགས་ལ་དམིགས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཕ་རོལ་གྱི་སེམས་འཛིན་པ་ན་ཞེས་བྱ་

བ་ནི། གཞན་གྱི་སེམས་ལ་དམིགས་པའི་སེམས་འཛིན་པ་ནའོ། །རང་གི་ངོ་བོ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི། རང་གི་སེམས་འཛིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ངོ་བོ་འཛིན་པ་ནི་མི་རིགས་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཇི་ལྟར་རང་གི་ངོ་བོ་འཛིན་པར་འགྱུར་ཞེ་ན། གཞན་

གྱི་སེམས་རིག་པ་ཞིག་གིས་གང་གི་སེམས་འཛིན་པ་དེས་ཀྱང་གཞན་གྱི་སེམས་ཤེས་པ་དེའི་སེམས་ལ་དམིགས་པ་གང་ཡིན་པ་འདི་ནི་སྲིད་པ་ཡིན་ཏེ། གཉི་ག་ཡང་གཞན་གྱི་སེམས་རིག་པ་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་སྡུག་བསྔལ་ལ་སོགས་པ་ལ་དམིགས་པར་འགྱུར་ལ། དེའི་ཕྱིར་

เล่ม ๑๔๕ · หน้า 231a

སྟོང་པ་ཉིད་དང་། མཚན་མ་འམ་མེད་པ་དང་ལྡན་པར་ཡང་འགྱུར་ན། འདོད་པ་ནི་མ་ཡིན་ནོ། །གཞན་གྱི་ཤེས་པ་ཐམས་ཅད་ནི་ཞེས་བྱ་བ་ནི། ཟག་པ་དང་བཅས་པ་འམ། ཟག་པ་མེད་པའོ། །སེམས་དང་སེམས་ལས་བྱུང་བ་དང་། རྫས་ཀྱི་རང་གི་མཚན་ཉིད་དང་ཞེས་བྱ་བ་

ལ། རྫས་ཀྱི་ཞེས་བྱ་བས་ནི་ཀུན་རྫོབ་བསལ་བར་བྱ་བའི་ཕྱིར་རོ། །རང་གི་མཚན་ཉིད་ཅེས་བྱ་བས་ནི་སྤྱིའི་མཚན་ཉིད་བཟློག་པར་བྱ་བའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ཞེས་སྨོས་པ་ནི་གཟུགས་ལ་སོགས་པ་རྫས་ཀྱི་རང་བཞིན་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ད་ལྟར་བྱུང་བ་ཞེས་སྨོས་

པ་ནི་སེམས་དང་སེམས་ལས་བྱུང་བ་འདས་པ་དང་། མ་འོངས་པ་དག་བཟློག་པར་བྱ་བའི་ཕྱིར་རོ། །ཕ་རོལ་གྱི་རྒྱུད་ཅེས་བྱ་བ་སྨོས་པ་ནི། རང་གི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བ་བསལ་བར་བྱ་བའི་ཕྱིར་རོ། །འདོད་པ་དང་གཟུགས་དང་ལྡན་པ་ཞེས་སྨོས་པ་ནི་གཟུགས་མེད་པ་དང་ལྡན་པའི་སེམས་

བཟློག་པར་བྱ་བའི་ཕྱིར་རོ། །དེ་དག་ནི་ས་འདས་པ་གཞན་གྱི་སེམས་ཤེས་པའི་ཡུལ་མ་ཡིན་ནོ། །མཐོང་བའི་ལམ་བཀག་པ་དང་ཞེས་བྱ་བ་ནི། མཐོང་བའི་ལམ་ལ་གནས་པ་ན་གཞན་གྱི་སེམས་ཤེས་པར་མི་བྱེད་དེ། སྦྱོར་བ་མི་སྲིད་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་མངོན་དུ་བྱེད་པར་འགྱུར་

བས་རབ་ཏུ་ཕྱེ་བ་ཡིན་ནོ། །དེའི་ཚེ་ནི་མངོན་དུ་བྱེད་པར་འགྱུར་བ་མེད་ལ་དེས་བསྡུས་པ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱིས་བསྡུས་པའི་སེམས་ནི་རྣམ་པར་ཆད་པའི་སེམས་ལ་དམིགས་པ་མ་ཡིན་ཏེ། མཐའ་དག་ལ་དམིགས་པའི་ཕྱིར་རོ། །བསྒོམ་པའི་ལམ་ལ་དམིགས་པ་ཞེས་བྱ་བ་ནི་

དེའི་ཚེ་མངོན་དུ་བྱེད་པ་དང་། དེས་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་མི་ལྡན་པ་ཞེས་གྲུབ་པ་བཞིན་དུ་ངེས་པར་བྱ་བའི་ཕྱིར་ཏེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་ཏེ། དེ་གཉིས་ནི་སྤྱིའི་རྣམ་པ་ཅན་དང་འདུས་མ་བྱས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གཞན་

གྱི་སེམས་ཤེས་པ་ནི་ཤེས་བྱའི་རང་གི་མཚན་ཉིད་སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྨོན་པ་མེད་པ་དང་མི་ལྡན་པ་མ་ཡིན་ཞེ་ན། འདི་ལྟར་གཞན་གྱི་སེམས་ཤེས་པ་སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་ལ་དམིགས་པ་ནི་སྨོན་པ་མེད་པ་དང་མཐུན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་

เล่ม ๑๔๕ · หน้า 231b

བ་ཤེས་པས་མ་བསྡུས་པ་ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་ཤེས་པ་བཞིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་གཞན་གྱི་སེམས་ཤེས་པ་ཀུན་དུ་རྟོག་པ་དང་ཡོངས་སུ་ཚོལ་བའི་བསམ་པ་ཅན་ཡིན་པའི་ཕྱིར་ལྟ་བའི་བདག་ཉིད་ལ་དེ་གཉིས་ལ་ལྟ་བའི་བདག་ཉིད་མ་ཡིན་པས་དེ་གཉིས་ཀྱིས་མ་བསྡུས་སོ། །བར་ཆད་མེད་པའི་ལམ་བཀག་པ་ཞེས་

བྱ་བ་ལ། བར་ཆད་མེད་པའི་ལམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་སྤོང་བའི་ལམ་ཡིན་ལ། གཞན་གྱི་སེམས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ཏེ། རྣམ་པ་དྲུག་རྣམ་པར་གྲོལ་བློ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་ཁྱད་པར་གྱི་ལམ་ཡང་ཡིན་ནོ་ཞེས་ཟེར་རོ། །དོན་དམ་པ་དག་ཡིན་ཡང་

ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་ནི། དོན་དམ་པའི་རྒྱུ་མཚན་ཅན་ནམ་དོན་དམ་པ་ཉིད་དོན་དམ་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་དོན་དམ་པ་པ་ཡིན་ཡང་ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ། །ཅི་ཞེ་ན་དེ་དག་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་གཏོགས་སོ་ཞེས་བྱ་བ་སྦྱར་རོ། །ཇི་ལྟར་འདི་

དག་ཀུན་རྫོབ་ལ་བརྟེན་ཞེ་ན། དེའི་ཕྱིར་བདག་གི་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་སྨོས་ཏེ་གོ་རིམས་བཞིན་ནོ། །དེ་དག་གི་སྟོབས་ཀྱི་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་ཞེས་བྱ་བ་ནི་ཀུན་རྫོབ་ལ་བརྟེན་པ་དང་། ཟག་པ་མེད་པ་ཉིད་ལ་གཏན་ཚིགས་སྨྲས་པ་སྟེ། གང་གི་ཕྱིར་ཟད་

པ་དང་མི་སྐྱེ་བ་ཤེས་པ་དག་གི་རྗེས་ཀྱི་ཀུན་རྫོབ་ཀྱི་ཤེས་པ་དག་དེ་ལྟ་བུའི་རྣམ་པ་ཅན་དུ་འཇུག་པ་དེའི་ཕྱིར་དེ་དག་གི་རྗེས་སུ་སྐྱེས་པ་ཀུན་རྫོབ་ཀྱི་ཤེས་པ་དག་ལ་དེ་དག་ཀུན་རྫོབ་ལ་བརྟེན་པ་ཞེས་བརྗོད་དེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་དོན་དམ་པ་ལ་འཇུག་ཀྱང་ཀུན་རྫོབ་ལ་བརྟེན་ཏོ། །སྟོང་པ་དང་བདག་མེད་

པའི་རྣམ་པ་དོན་དམ་པ་ལ་འཇུག་པ་དག་ནི་དོན་དམ་པ་ཉིད་ལ་བརྟེན་པས་འདི་དག་ཟད་པ་དང་མི་སྐྱེ་བ་ཤེས་པས་བསྡུས་པ་མེད་དོ། །ཅི་ཟག་པ་མེད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །བསམ་པ་ཅི་ཞིག་ཡིན་ཞེ་ན། ཅི་ཇི་ལྟར་ཟག་པ་མེད་པ་སྤྱི་ཡིད་ལ་བྱེད་པ་རྣམ་པ་བཅུ་དྲུག་བཤད་པ་དེ་བཞིན་དུ་ཟག་པ་མེད་པ་རང་

གི་མཚན་ཉིད་ཀྱི་རྣམ་པ་ཡང་འགའ་ཞིག་ཡོད་དམ་འོན་ཏེ་ཟག་པ་མེད་པ་སྤྱིའི་རྣམ་པ་ཁོ་ན་ཡིན་ཞེས་བྱ་བའོ། །དོགས་པ་དེ་ཡང་གང་ལས་ཤེ་ན། གཞན་གྱི་སེམས་ཤེས་པ་ཟག་པ་མེད་པའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཤད་པའི་ཕྱིར་རོ། །དྲི་མེད་བཅུ་དྲུག་ལས་གཞན་རྣམས་མེད་དེ། འདི་སྐད་བསྟན་

เล่ม ๑๔๕ · หน้า 232a

པར་འགྱུར་ཏེ། གཞན་ཟག་པ་མེད་པ་སྤྱིའི་རྣམ་པ་ཡང་མེད་ན། རང་གི་མཚན་ཉིད་ཀྱི་རྣམ་པ་ལྟ་ག་ལ་ཡོད་ཅེས་བྱ་བའོ། །མི་ལྡན་པའི་སེམས་ཀྱི་ཞེས་བྱ་བ་ནི་ཟག་པ་མེད་པས་སོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མི་རྟག་པ་ནི་མི་

རྟག་པ་ཞེས་བྱ་སྟེ། ཏ་སིལ་གྱི་རྐྱེན་འདི་ནི་ཞེས་བྱ་བའི་དོན་ལ་སྦྱར་རོ། །རྐྱེན་འདི་ནི་ཐམས་ཅད་ལ་དེ་བཞིན་དུ་ཤེས་པར་བྱའོ། །ཡང་ན་མི་རྟག་པ་ཞེས་བྱ་བ་ནི་མི་རྟག་པའི་ངོ་བོར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ནི་འདི་གཉིས་

ཀྱང་ཟག་པ་མེད་པའི་རྣམ་པ་ཡིན་ཏེ། འདི་ནི་གནས་ཡོད་དོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཡོད་དོ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ནི་འདི་ནི་རྒྱུ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། གནས་དང་གཞིའི་སྒྲ་ནི་རང་གི་མཚན་ཉིད་དང་རྒྱུའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །རིགས་པས་སྐྱེད་པའི་སྒོ་ནས་ཤེས་

པར་འགྱུར་རོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དོན་ནི་ཉི་འོག་པས་སྨྲས་པ་གང་ཡིན་པ་འདི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདིའི་དོན་མི་རྟག་པ་ལ་སོགས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་སྟེ། འདི་ནི་སྲིད་པ་ཡོད་དོ། །འདི་ནི་

གོ་སྐབས་ཡོད་དོ། །འདི་ནི་འབྱོར་པ་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ། །གཞིའི་སྒྲ་ནི་དེ་ལྟར་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་རྒྱུ་ཡོད་དོ་ཞེས་རྒྱུའི་ཚིག་ཁོ་ན་ཡིན་ནོ། །གནས་ནི་གོ་སྐབས་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པའི་སྒོ་ནས་སོ། །གལ་ཏེ་འདི་བསྟན་བཅོས་ཀྱི་དོན་ཡིན་པར་འགྱུར་ན་ཞེས་

བྱ་བ་རྒྱས་པར་འབྱུང་ངོ་། །བདག་དང་བདག་གི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་སོ། །ཆད་པ་དང་རྟག་པ་ཞེས་བྱ་བ་ནི་མཐར་འཛིན་པའི་ལྟ་བས་སོ། །རྒྱུ་མེད་པ་དང་། བྱེད་པ་མེད་པ་དང་། སྐུར་པ་འདེབས་པ་ཞེས་བྱ་བ་ནི་ལོག་པར་ལྟ་བས་སོ། །མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་

དང་། དམ་པ་ཞེས་བྱ་བ་ནི་ལྟ་བ་མཆོག་ཏུ་འཛིན་པས་སོ། །འདས་པ་དང་། གྲོལ་བ་དང་། ངེས་པར་འབྱིན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པས་སོ། །ནེམ་ནུར་དང་ཡིད་གཉིས་དང་། ཐེ་ཚོམ་ཞེས་བྱ་བ་ནི་ཐེ་ཚོམ་གྱིས་སོ། །ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །

เล่ม ๑๔๕ · หน้า 232b

སྡང་བ་ཞེས་བྱ་བ་ནི་ཞེ་སྡང་གིས་སོ། །རློམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱིས་སོ། །རྨོངས་པ་ཞེས་བྱ་བ་ནི་གཏི་མུག་གིས་སོ། །དེ་སྐད་ཀྱང་མི་འབྱུང་སྟེ་ཞེས་བྱ་བས་ནི་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཞེས་བྱ་བ་འདི་རྣམ་པ་བཅུ་དྲུག་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མ་ཡིན་པར་ཤེས་པར་བྱས་པར་

འགྱུར་རོ། །དེ་ལྟ་བས་ན་འདི་ནི་དེའི་དོན་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པར་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་ཇི་སྐད་དུ་སྨྲས་པའོ། །དེ་ལྟར་ཡིད་དང་གཞན་གྱི་སེམས་ཤེས་པ་ཐམས་ཅད་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་གྲུབ་བོ། །རྫས་སུ་ནི་བདུན་

ཡིན་ཞེས་བྱ་བ་ནི། ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྣམ་པ་བཞིའི་རྫས་སུ་ཡིན་ཞིང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་རྣམ་པ་རྣམས་ལས་རེ་རེ་ཞིག་རྫས་སུ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་གི་རྣམ་པ་ཐམས་ཅད་རྒྱུའི་རྣམ་གྲངས་ཡིན་ཏེ། དཔེར་ན་དབང་པོ་དང་བརྒྱ་བྱིན་དང་

གྲོང་ཁྱེར་འཇིག་ཅེས་བྱ་བ་དང་འདྲའོ། །དེ་བཞིན་དུ་འགོག་པ་དང་། ལམ་གྱི་རྣམ་པ་ཐམས་ཅད་ཀྱང་འགོག་པ་དང་ལམ་ཞེས་བྱ་བའི་རྣམ་གྲངས་ཡིན་པས་རྫས་སུ་བདུན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་བརྗོད་དེ། སྡུག་བསྔལ་གྱི་རྣམ་པ་བཞིན་དུ་ཀུན་འབྱུང་ལ་སོགས་པའི་

རྣམ་པ་ཐམས་ཅད་ཀྱང་སོ་སོར་མངོན་དུ་བྱ་དགོས་པའི་ཕྱིར་རྣམ་པ་རྣམས་ནི་ཤེས་རབ་ཀྱི་ངོ་བོ་ཉིད་པས་སོ་ཞེས་ཟེར་རོ། །དེ་ལ་རྐྱེན་ལ་རག་ལུས་པའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་རྐྱེན་ལ་རག་ལས་པའི་ཕྱིར་ཏེ། རྐྱེན་ལ་རག་ལས་ཏེ། སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པའི་

བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བའོ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བདག་གིར་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་སྟོང་པའོ་ཞེས་བྱ་བ་ལ། བདག་ཡོད་ན་བདག་གི་བར་འགྱུར་རོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱི་བདག་མེད་པའོ་ཞེས་བྱ་བ་ནི། གང་གི་

རྟག་པ་དེ་ནི་སྡུག་བསྔལ་བའོ། །སྡུག་བསྔལ་བ་ནི་བདག་མེད་པའོ་ཞེས་བྱ་བས་སྡུག་བསྔལ་གྱི་བདེན་པ་དེ་ནི་བདག་གི་མཚན་ཉིད་ཅན་མ་ཡིན་ལ། བདག་མེད་པ་དེ་ལ་བདག་གོ་སྙམ་དུ་མངོན་པར་ཞེན་པ་ནི་བདག་ཏུ་ལྟ་བ་སྟེ། དེའི་གཉེན་པོར་བདག་མེད་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་རྒྱུའོ་ཞེས་བྱ་

เล่ม ๑๔๕ · หน้า 233a

བས་ནི། རྒྱུ་ཐག་རིང་པོའི་གནས་སྐབས་སྟོན་ཏེ། དང་པོའི་ས་བོན་ལྟ་བུའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི། ས་བོན་གྱི་ཆོས་ཀྱི་ལུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ་ཞེས་བྱ་བས་ནི། དེ་མ་ཐག་ཏུ་སྐྱེ་བ་ལྟར་རྒྱུ་ཐག་ཉེ་བའི་གནས་

སྐབས་སྟོན་ཏེ། འདི་ཕྲད་ནས་འབྱུང་བས་ཀུན་འབྱུང་བའོ། །འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ་ཞེས་བྱ་བས་ནི་རྒྱུན་མ་འཆད་པའི་རྒྱུར་སྟོན་ཏེ། ས་བོན་དང་། མྱུ་གུ་དང་། ལོ་མ་དང་། སྡོང་བུ་ལ་སོགས་པ་ལྟར་འདི་ལས་རྒྱུན་ཆགས་པ་འམ་རབ་ཏུ་སྐྱེ་བས་ན་རབ་ཏུ་སྐྱེ་བའོ། །མངོན་པར་བསྒྲུབ་པའི་དོན་གྱིས་

ན་རྐྱེན་ཞེས་བྱ་བས་ནི། རྒྱུ་ལ་སོགས་པ་རྐྱེན་མང་པོ་ཞིག་ལ་སྐྱེ་བ་སྟེ། རྐྱེན་རྣམས་ཕན་ཚུན་མངོན་དུ་ཕྱོགས་པ་ལས་དེ་སྐྱེ་བའི་ཕྱིར། རྐྱེན་གཅིག་གིས་སྐྱེད་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་འཇི་བའི་གོང་བུ་དང་། ཐལ་ཞར་དང་། འཁོར་ལོ་དང་། ཐ་གུ་དང་། ཆུ་རྣམས་འདུས་པ་དཔེར་བརྗོད་

དོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ་ཞེས་བྱ་བ་ནི། ཕུང་པོ་སྐྱེ་བ་འགོག་པའི་དོན་གྱིས་སོ། །མེ་གསུམ་ཞི་བའི་ཕྱིར་ཞེས་བྱ་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ཞི་བའི་ཕྱིར་རོ། །འཚེ་བ་མེད་པའི་ཕྱིར་གྱ་ནོམ་པའོ་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པའོ། །

སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ་ཞེས་བྱ་བ་ལ། སྐྱོན་ནི་སྡུག་བསྔལ་གྱི་རྒྱུ་རྣམས་ཏེ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ཞེས་བྱ་བའི་དོན་ཏོ། །བགྲོད་པའི་དོན་གྱིས་ནི་ལམ་མོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བགྲོད་པའི་དོན་གྱིས་སོ། །རིགས་པ་དང་ལྡན་པའི་ཕྱིར། རིགས་པའོ་ཞེས་

བྱ་བ་ནི། འཐད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་བསྒྲུབ་པའི་དོན་གྱིས་བསྒྲུབ་པའོ་ཞེས་བྱ་བ་ནི་ཡང་དག་པར་འགྲོ་བའི་དོན་གྱིས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ་ཞེས་བྱ་བ་ནི། འབྲས་ལས་ཉམས་པ་འཆི་བ་མེད། །

ཅེས་འབྱུང་བའི་ཕྱིར་རོ། །ངེས་པར་འབྱུང་བའི་དགོས་པ་ནི་ངེས་པར་འབྱིན་པ་སྟེ། དབང་པོའི་དགའ་སྟོན་བཞིན་ནོ། །གཏན་དུ་བ་མ་ཡིན་པའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་ནི། སྔར་ནི་སྔ་ན་མེད་པས་མི་རྟག་པར་བཤད་ལ། ད་ནི་ཞིག་ནས་མེད་པས་མི་རྟག་པའོ་ཞེས་སྟོན་ཏོ། །ཁུར་ལྟ་བུར་གྱུར་པའི་ཕྱིར་ཞེས་བྱ་

เล่ม ๑๔๕ · หน้า 233b

བ་ནི། ཁུར་ལྟ་བུར་གྱུར་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་གང་ཟག་དེ་འཚིར་ཞིང་གནོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་དགུར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལ་འདོད་དགུར་བྱེད་པའི་ངང་ཚུལ་ཡོད་པས་ན་འདོད་དགུར་བྱེད་པའོ། །འདོད་དགུར་བྱེད་པ་མེད་པ་ནི་འདོད་དགུར་བྱེད་

པ་མ་ཡིན་པའོ། །དོན་འདི་ནི་མདོ་ལས་ཀྱང་གསུངས་ཏེ། དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་པར་འགྱུར་ན། གཟུགས་བདག་ཉིད་ལ་གནོད་པ་བྱེད་པར་འགྱུར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོང་བའི་ཚུལ་གྱིས་རྒྱུའོ་ཞེས་བྱ་བ་ནི། འདི་ལས་འོང་བས་ན་རྒྱུ་སྟེ། འདི་ལས་སྐྱེ་བས་ན་ཞེས་བྱ་བའི་ཐ་

ཚིག་གོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ་ཞེས་བྱ་བ་ནི། གང་གི་ཕྱིར་མ་འོངས་པའི་དུས་ནས་བདག་ཉིད་དུ་རེད་ཅིང་འབྱུང་བའོ། །འཕེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ་ཞེས་བྱ་བ་སྟེ། དཔེར་ན་ས་བོན་དང་། མྱུ་གུ་དང་། ལོ་མ་ལ་སོགས་པའི་རྒྱུན་གྱིས་འཕེལ་བ་ལྟ་བུའོ། །སོ་སོར་འབྲང་བའི་དོན་གྱིས་

རྐྱེན་ཏོ་ཞེས་བྱ་བ་ནི་སྐྱེད་པའི་བྱ་བ་ལ་གཙོ་བོར་གྱུར་པའོ། །རྗེས་སུ་འགྲོ་བའི་དོན་གྱིས་ཞེས་བྱ་བའི་ཐ་ཚིག་ཏུ་བསྟན་པར་འགྱུར་རོ། །འབྲེལ་པ་མེད་པས་འབྲེལ་བ་ཞིག་པའི་ཕྱིར་འགོག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ཕྱི་མ་དང་འབྲེལ་པ་མེད་ཅིང་། སྡུག་བསྔལ་སྔ་མ་འགོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །

འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་རོ། །དགེ་བའི་ཕྱིར་གྱ་ནོམ་པའོ་ཞེས་བྱ་བ་ནི། ཐར་པ་དམ་པའི་དོན་དུ་དགེ་ཞེས་བྱ་བ་ཡིན་པས་སོ། །ཡིད་བརྟན་པའི་མཆོག་ཡིན་པའི་ཕྱིར་ངེས་པར་འབྱུང་བའོ་ཞེས་བྱ་

བ་ནི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པས་མཆོག་ཏུ་བདེ་བའི་ཕྱིར་དང་། དེ་ལས་གཞན་ཡིད་བརྟན་པར་བྱ་བ་མེད་པའི་ཕྱིར་རོ། །ལམ་ངན་པའི་མི་མཐུན་པའི་ཕྱོགས་ཀྱི་ལམ་མོ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་རོ། །རིགས་པ་མ་ཡིན་པའི་མི་མཐུན་པའི་ཕྱོགས་ཀྱིས་རིགས་པའོ་ཞེས་བྱ་བ་

ནི་དེ་ལས་གཞན་པ་རིགས་པ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གྲོང་དང་མི་འགལ་བའི་དོན་གྱིས་བསྒྲུབ་པའོ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་གྲོང་དུ་འཇུག་པ་དང་མི་འགལ་ཞིང་སླུ་བར་མི་བྱེད་པའོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ། །སྲིད་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་

เล่ม ๑๔๕ · หน้า 234a

ཕྱིར། ངེས་པར་འབྱིན་པར་བྱེད་པའོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། འཇིག་རྟེན་པ་ནི་ཕྱོགས་གཅིག་གི་གཉེན་པོ་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་སྨོས་པའོ། །སྐྱེ་བ་དང་

འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་འཐོབ་པའི་སྔར་རམ་འོག་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་མཐུན་པར་གྱུར་པའི་ཕྱིར་སྡུག་བསྔལ་བའོ་ཞེས་བྱ་བ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །བདག་དང་བྲལ་བའི་ཕྱིར་སྟོང་པའོ་ཞེས་བྱ་བ་ནི། ནང་གི་བྱེད་པའི་སྐྱེས་བུ་དང་

བྲལ་བའི་ཕྱིར་རོ། །བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་བདག་མེད་པའོ་ཞེས་བྱ་བ་ནི། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ་ཞེས་བདག་གི་མཚན་ཉིད་མེད་པའི་ཕྱིར་རོ། །འདུན་པའི་རྩ་བ་ཅན་ཞེས་བྱ་བ་ནི་དང་པོའི་རྒྱུའི་དབང་དུ་མཛད་ནས་འདུན་པའི་རྒྱུ་ཅན་

ནོ། །འདིར་འདུན་པ་ནི་སྲེད་པའི་རྣམ་གྲངས་སོ། །འདུན་པ་ལས་ཀུན་འབྱུང་བ་ཞེས་བྱ་བ་ནི་ཉེ་བའི་རྒྱུ་དབང་དུ་མཛད་ནས་འདུན་པའི་རྒྱུ་ཅན་ནོ། །འདུན་པའི་རིགས་ཅན་ཞེས་བྱ་བ་ནི་འདུན་པའི་རྐྱེན་ཅན་ནོ། །འདུན་པ་ལས་རབ་ཏུ་སྐྱེ་བ་ཞེས་བྱ་བ་ནི། དེ་མ་ཐག་པའི་རྒྱུའི་དབང་དུ་མཛད་ནས་སོ། །རབ་ཏུ་

སྐྱེ་བ་ཞེས་བྱ་བའི་སྒྲ་ཐ་མར་འདོན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་ཀུན་འབྱུང་གི་རྣམ་པ་བཞི་ལས་རབ་ཏུ་སྐྱེ་བའི་རྣམ་པ་གསུམ་པར་འདོན་ཅིང་རྐྱེན་གྱི་རྣམ་པ་བཞི་པར་འདོན་མོད་ཀྱི། མདོ་ལས་བསྟན་པར་ནི་རབ་ཏུ་སྐྱེ་བའི་སྒྲ་རྒྱུ་ཀུན་འབྱུང་བ་རྐྱེན་རབ་ཏུ་སྐྱེ་བ་ཞེས་ཕྱི་ནས་འདོན་པར་བྱའོ། །ཡང་འདུན་

པར་མཚུངས་བཞིན་དུ་འདུན་པ་འདི་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ངའོ་སྙམ་པ་ནི་བྱེ་བྲག་མེད་པར་ལུས་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་ཕུང་པོ་མཐའ་དག་ལ་བདག་གི་དངོས་པོ་དོན་དུ་གཉེར་བས་ཞེས་བྱ་བའི་དོན་ཏོ། །གྱུར་ཅིག་སྙམ་པ་ནི་བྱེ་བྲག་མེད་པར་ཡང་སྲིད་པ་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་

པའི་རྣམ་པ་ལ་མི་ལྟོས་པར་ཡང་སྲིད་པ་ཙམ་ཞིག་དོན་དུ་གཉེར་བའོ། །འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་རྒྱས་པར་འབྱུང་བ་རྣམ་པ་འདིར་གྱུར་ཅིག་ཅེས་ལྷ་འམ། མི་ཡང་རུང་སྟེ། བྱེ་བྲག་ཏུ་སྲེད་པ་ལ་འདུན་པའོ། །ཉིང་མཚམས་སྦྱོར་བ་ཉིད་འཆིང་བ་ཡིན་པས་ན་ཉིང་མཚམས་སྦྱོར་བའི་འཆིང་བ་སྟེ། དེ་ལ་འདུན་པ་

เล่ม ๑๔๕ · หน้า 234b

ནི་དོན་དུ་གཉེར་བའོ། །དམྱལ་བར་ཉིང་མཚམས་སྦྱོར་བའི་འཆིང་བ་དོན་དུ་གཉེར་བ་མི་སྲིད་པས་དེའི་ཕྱིར་ཡང་ན་ལས་མངོན་པར་འདུ་བྱེད་པ་ལ་འདུན་པ་ཡིན་ཞེས་བྱ་བ་སྨོས་སོ། །ལས་ལ་མངོན་པར་འདུ་བྱེད་པ་ནི་ལས་མངོན་པར་འདུ་བྱེད་པ་སྟེ། དེ་ལ་འདུན་པ་ནི་སྦྱིན་པ་འདི་ལྟ་བུ་དང་འདི་ལྟ་བུ་སྦྱིན་ནོ་སྙམ་དུ་དོན་དུ་

གཉེར་བའི་སྒོ་ནས་དོན་དུ་གཉེར་བའོ། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་དང་པོའི་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི། དང་པོ་འདུན་པ་དེས་འཕངས་པའི་འདུན་པ་ལས་བརྒྱུད་ནས་ཕུང་པོ་ལྔ་འམ་བཞིའི་སྐྱེ་བ་མངོན་པར་འགྲུབ་པ་སྟེ། འདི་ནི་ཕུང་ཁྲོལ་ཐམས་ཅད་ཀྱི་རྩ་བའི་རྒྱུ་ཡིན་ནོ། །འབྲས་བུའི་ས་བོན་བཞིན་

ནོ་ཞེས་བྱ་བ་ནི། རྩ་བའི་རྒྱུ་ཡིན་པ་ལྟ་བུ་སྟེ། ས་བོན་གྱིས་འཕངས་པའི་མྱུ་གུ་ལ་སོགས་པའི་རྒྱུ་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་ཀུན་འབྱུང་བ་ཡིན་ཏེ། དེས་དེ་ཡང་དག་པར་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི། བྱེ་བྲག་མེད་པར་ཡང་སྲིད་པ་ལ་འདུན་པ་གང་ཡིན་པ་འདུན་པ་གཉིས་པ་དེས་ལུས་དེ་ཡང་དག་པར་

འགྲུབ་པའི་ཕྱིར། སྐད་ཅིག་མ་བརྒྱུད་པས་འབྲས་བུ་མྱུ་གུ་ལ་སོགས་པ་སྐྱེ་བ་བཞིན་ཏེ། དཔེར་ན་བརྒྱུད་ནས་མྱུ་གུ་ལ་སོགས་པ་སྐྱེ་བ་འབྲས་བུའི་ཡང་དག་པར་འགྲུབ་པ་ཡིན་པ་དེ་དང་འདྲའོ། །གསུམ་པ་ནི་འདི་ལྟ་བུར་གྱུར་ཅིག་སྙམ་པའི་འདུན་པ་ཇི་སྐད་དུ་བཤད་པའོ། །དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་ཡིན་ཏེ་ཞེས་

བྱ་བ་ནི། བྱེ་བྲག་ཏུ་ཡང་སྲིད་པ་ལ་འདུན་པ་རྣམ་པ་གང་ཡིན་པ་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་དུ་གྱུར་པ་དང་། མི་ལུས་དོན་དུ་གཉེར་བ་ནི་འགྲོ་བ་གཞན་གྱི་ལུས་ཀྱི་རྐྱེན་དུ་མི་འགྱུར་རོ། །ལུས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རླུང་དང་། ཉི་མ་ལ་སོགས་པ་བསྡུ་སྟེ། དེ་དག་ཀྱང་

འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ནུས་པ་ནི་བསིལ་བ་དང་། དྲོ་བ་ཉིད་དོ། །རྣམ་པར་སྨིན་པ་ནི་མངར་བ་དང་། སྐྱུར་བ་ཉིད་དོ། །མཐུ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ནུས་མཐུའི་ཁྱད་པར་ཏེ། གང་ལས་འབྱུང་བ་དང་། སྡུད་པ་ལ་སོགས་པར་འགྱུར་བའོ། །བཞི་པ་ནི་རབ་ཏུ་སྐྱེ་བ་སྟེ། དེ་ཁོ་ན་ལས་དེ་སྐྱེ་

བའི་ཕྱིར་ཞེས་བྱ་བ་ལ། དེ་ཁོ་ན་ལས་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་འཆིང་བ་ལ་འདུན་པ་ལས་སོ། །དེ་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་ཡང་སྲིད་པ་ཞེས་བྱ་བ་སྐྱེ་ཞིང་འབྱུང་བའི་ཕྱིར་འབྲས་བུའི་ཐ་མ་མེ་ཏོག་བཞིན་ཏེ། དཔེར་ན་ཐ་མ་མེ་ཏོག་ལས་འབྲས་བུ་རབ་ཏུ་སྐྱེ་བ་བཞིན་ནོ། །འདིར་

เล่ม ๑๔๕ · หน้า 235a

འདུན་པ་བཞི་པ་ནི་ཡང་སྲིད་པའི་མངོན་སུམ་པའི་རྒྱུ་ཡིན་ནོ། །སྔ་མ་གསུམ་ནི་བརྒྱུད་པའི་རྒྱུ་ཡིན་ནོ། །ཡང་ན་འདུན་པ་བཞི་ནི་སྲེད་པའི་བྱེ་བྲག་རྣམས་ལས་ལྔ་ཚན་གཉིས་དང་བཞི་ཚན་གཉིས་ཡིན་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པ་དག་སྟེ། གོ་རིམས་བཞིན་ནོ། །ཇི་ལྟར་ཞེ་ན། ངའོ་

སྙམ་དུ་བྱེ་བྲག་མེད་པར་ལུས་ལ་འདུན་པ་དེ་ནི་སྲིད་པའི་བྱེ་བྲག་ལྔར་འགྱུར་ཏེ། དགེ་སློང་དག་ངའོ་སྙམ་པ་ཡོད་ན། ང་འདི་ལྟ་བུའོ་སྙམ་པ་འབྱུང་བར་འགྱུར་ཞིང་། ང་འདི་འདྲའོ་སྙམ་པ་དང་། ང་དེ་ལྟ་མ་ཡིན་ནོ་སྙམ་པ་དང་། ང་བཟང་ངོ་སྙམ་པ་དང་། ང་ངན་ནོ་སྙམ་པ་འབྱུང་བར་འགྱུར་རོ་ཞེས་བྱ་བའོ། །བྱེ་བྲག་

མེད་པར་ལུས་ལ་འདུན་པས་སྡུག་བསྔལ་བ་ལྔ་ཚན་འདི་ནི་དེ་ལྟའོ། །ལྔ་ཚན་གཉིས་པ་ནི་དེ་ལ་འབྱུང་བར་འགྱུར་རོ་སྙམ་པ་འབྱུང་བར་འགྱུར་ཞིང་དེ་ལ་འབྱུང་བར་མི་འགྱུར་སྙམ་པ་དང་། འདི་ལྟ་བུར་འགྱུར་རོ་སྙམ་པ་དང་། འདི་འདྲ་བར་འབྱུང་བར་འགྱུར་རོ་སྙམ་པ་དང་། དེ་ལྟ་མ་ཡིན་པར་འབྱུང་བར་འགྱུར་

རོ་སྙམ་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། འདུན་པ་ལྔ་ཚན་འདི་ནི་བྱེ་བྲག་མེད་པར་ཡང་སྲིད་པ་ལ་འདུན་པ་ཡིན་ནོ། །དེ་ལ་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང་དེ་ལ་འདི་ལྟ་བུར་གྱུར་ཅིག་སྙམ་པ་དང་དེ་འདྲ་བར་གྱུར་ཅིག་སྙམ་པ་དང་དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་འབྱུང་བ་བཞི་ཚན་འདི་ནི་བྱེ་བྲག་

མེད་པར་ཡང་སྲིད་པ་ལ་འདུན་པ་ཡིན་ནོ། །གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ལྟ་བུ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་བ་བཞི་ཚན་འདི་ནི་བཞི་པ་ཉིང་མཚམས་སྦྱོར་བའི་འཆིང་བ་ལ་འདུན་པ་ཡིན་ནོ། །དེ་ལ་དང་པོ་ནི་སྡུག་བསྔལ་

གྱི་དང་པོའི་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འཇུག་པ་མེད་པའི་ཕྱིར་འགོག་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་སྐྱེ་བའི་འཇུག་པ་ཞི་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་ཞི་བའི་ཕྱིར་ཞི་བ་སྟེ། སྡུག་བསྔལ་ནི་མ་ཞི་བ་ཡིན་ལ། དེ་ཡང་སྐྱེ་བ་ཁོ་

ན་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དགེ་སློང་དག་དེ་ལྟར་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །གོང་ན་མེད་པའི་ཕྱིར་གྱ་ནོམ་པའོ་ཞེས་བྱ་བ་ལ། གོང་ན་ཡོད་པ་ནི་གྱ་ནོམ་པ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཡང་ཕྱིར་མི་ལྡོག་པའི་ཕྱིར་ངེས་པར་འབྱུང་བའོ་ཞེས་བྱ་བ་ལ། གཏན་དུ་བ་མ་ཡིན་པ་ནི་ངེས་པར་འབྱུང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด