ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๕ · หน้า 261a

པར་ཤེས་པའི་རྟེན་ནོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་སོ་ཞེས་བྱ་བ་ནི་ཡང་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དེ་དག་བསམ་གཏན་དང་པོའི་ས་པའི་རྣམ་པར་གྲོལ་བའི་ལམ་ཤེས་རབ་ཀྱི་རང་བཞིན་ཉིད་ཡིན་ཡང་། བསམ་གཏན་གཉིས་པ་དང་གསུམ་པ་དང་།

བཞི་པའི་ས་པའི་བར་ཆད་མེད་པའི་ལམ་གྱི་དབང་གིས་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཉིད་ཡིན་ཏེ། དེ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་བར་ཆད་མེད་པའི་ལམ་གྱི་མཇུག་ཐོགས་སུ་སྐྱེ་བ་ཡིན་ནོ། །གཙོ་བོ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་དགེ་བ་ཡིན་པའི་ཕྱིར་གཙོ་བོ་ཡིན་ལ་དེ་ལ་

ཡོད་པའི་བསྟན་པ་ནི་གཙོ་བོ་ཡིན་ནོ། །ཕལ་ཆེ་བ་ཞེས་བྱ་བ་ནི་མང་བས་བྱས་པ་ནི་ཕལ་ཆེ་བ་སྟེ། དགེ་བ་བཞི་ནི་མང་བ་ཡིན་ལ། ལུང་དུ་མ་བསྟན་པ་ནི་གཉིས་ཡིན་པས་སོ། །ཤེས་པ་མངོན་སུམ་དུ་བྱ་བ་ཞེས་བྱ་བ་ནི་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱ་བ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་མངོན་སུམ་

དུ་བྱ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་ཤེས་པ་ཞེས་རེ་རེ་ལ་སྦྱར་བར་བྱའོ། །གཞན་དག་ནི་མ་ཡིན་ཞེས་བྱ་བ་ནི་ལྷའི་རྣ་བ་དང་རྫུ་འཕྲུལ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རྣམས་སོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པས་ནི། སྔོན་གྱི་མཐའ་ལ་

ཀུན་ཏུ་རྨོངས་པ་དང་ཟློག་པར་བྱེད་དོ། །འཆི་འཕོ་དང་སྐྱེ་བ་ཤེས་པས་ནི་བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །ཟག་པ་ཟད་པ་ཤེས་པས་ནི་འདི་ལས་སྲིད་པ་གཞན་གྱི་མི་ཤེས་སོ་ཞེས་ཕྱི་མའི་མཐའ་ལ་ཀུན་ཏུ་རྨོངས་པ་སེལ་བར་བྱེད་དོ། །སློབ་དཔོན་འདུས་བཟངས་ན་རེ་ནི་འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་

པས་ནི་ཕྱི་མའི་མཐའ་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །ཟག་པ་ཟད་པའི་མངོན་པར་ཤེས་པས་ནི་བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ་ཞེས་ཟེར་རོ། །ཡང་མངོན་པར་ཤེས་པ་གསུམ་ཁོ་ན་རིག་པ་གསུམ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། འདི་ལྟར་མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་

ཤེས་པ་མངོན་དུ་བྱེད་པའི་རིག་པ་དང་། མི་སློབ་པའི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང་། མི་སློབ་པའི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་ཞེས་གསུངས་ལ། རིག་པ་གསུམ་དུ་རྣམ་པར་གཞག་པ་ཡང་འདི་སྐད་དུ་མདོ་འདི་ཉིད་ལས་སྡེ་སྣོད་གསུམ་པ་ཡིན།

เล่ม ๑๔๕ · หน้า 261b

རིག་པ་གསུམ་པ་ཡིན་ཞེས་འབྱུང་བའོ། །ཟག་པ་ཟད་པ་མངོན་དུ་བྱ་བ་ཁོ་ན་མི་སློབ་པའི་རིག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་སོ། །དེ་ཞེས་བྱ་བ་ནི་རྒྱུད་ཀྱི་སྒོ་ནས་ཡིན་གྱི། རང་བཞིན་གྱིས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་གཉིས་ནི་སློབ་པ་ཡང་མ་ཡིན་ལ་མི་སློབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་

སྨོས་ཏེ། ཟག་པ་དང་བཅས་པའི་ཕྱིར་རོ། །མངོན་པར་ཤེས་པ་འདི་དག་ཞེས་བྱ་བ་ནི་སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །སློབ་པའི་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་འ། །མི་འདོད་དམ་ཞེས་བྱ་བ་ནི་ཁས་མི་ལེན་ནམ་ཞེས་བྱ་བའོ། །ཡང་མ་

རིག་པས་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལངས་པར་གྱུར་པ་ན་བསྒོམ་པས་སྤང་བར་བྱ་བའི་མ་རིག་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །སེམས་གྱི་རྣམ་གྲངས་ཤེས་པ་ནི་ཀུན་བརྗོད་པའི་ཆོ་

འཕྲུལ་ཡིན་ནོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ་ཞེ་འགྲས་པ་དང་བར་མ་རྣམས་བྱ་བ་ལ་སོགས་པ་ནི་ངེས་ཚིག་གི་ཚུལ་གྱི་ཆོ་འཕྲུལ་དག་ཡིན་ནོ། །མི་འཕྲུལ་ཕྱིར་དང་ཞེས་བྱ་བ་རྫུ་འཕྲུལ་དང་ཀུན་བརྗོད་པ་དག་ནི་འདི་ལས་ཕྱི་རོལ་པ་རྣམས་ལ་ཡང་སྲིད་ཀྱི་ཟག་པ་

ཟད་པ་ཤེས་པ་ནི་མ་ཡིན་ཏེ། མི་འཕྲུལ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་སྨན་དང་གསང་སྔགས་དག་གིས་ཀྱང་འགྲུབ་སྟེ། གན་དྷར་བ་ཞེས་བྱ་བའི་རིགས་སྔགས་གང་གིས་ནམ་མཁའ་ལ་འགྲོ་བ་ཡོད་ཅིང་། སྨན་གྱི་ཁྱད་པར་ལག་པ་དང་རྐང་པ་ལ་བསྐུས་པ་གང་གིས་ནམ་མཁའ་ལ་

འགྲོ་བ་ཡོད་པར་གྲག་གོ། །གཞན་གྱི་སེམས་ཀུན་བརྗོད་པ་ཡང་མཚན་མ་དང་གསང་སྔགས་ལ་སོགས་པ་དག་གིས་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་རྗེས་སུ་སྟོན་པ་ནི་རྣམ་པ་གཞན་གྱིས་བྱ་བར་མི་ནུས་པས་མི་འཕྲུལ་བ་ཉིད་ཡིན་ཏེ་ཉོན་མོངས་པ་ཟད་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེའི་

ཕྱིར་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཆོག་ཡིན་ནོ། །རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཏེ། འདིས་འབྱོར་པར་བྱེད་པས་སོ། །འབྱོར་པར་བྱེད་པ་ནི་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡིད་བཞིན་དུ་མགྱོགས་པ་ན་ཞེས་བྱ་བ་ལ་ཡིད་ཀྱིས་འགྲོ་བ་ནི་དམིགས་པ་འཛིན་པ་སྟེ། དུས་དེ་ཙམ་གྱིས་བཅོམ་ལྡན་འདས་

เล่ม ๑๔๕ · หน้า 262a

ཀྱིས་འདི་ནས་བཞེད་པའི་ཡུལ་འོག་མིན་དུ་བྱོན་ཏེ། མཐུ་འདི་ཉན་ཐོས་ལ་ནི་ཡོད་པ་མ་ཡིན་པས། ཡིད་མགྱོགས་ནི་སངས་རྒྱས་རྣམས་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་ཐག་ཤིན་ཏུ་རིང་བ་ཡང་ཐུགས་བསྐྱེད་པ་ཙམ་གྱིས་གཤེགས་པས་སངས་རྒྱས་བཅོམ་

ལྡན་འདས་མཐུ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །མོས་པ་ལས་བྱུང་བ་ནི་མོས་པའི་འབྲས་བུ་ཡིན་ཏེ། མྱུར་དུ་འགྲོ་བ་ནི་ལུས་ཕྱིན་པར་བྱེད་པས་སོ། །མོས་པ་ལས་བྱུང་བ་ནི་ཐག་རིང་བ་ལ་ཉེ་བར་མོས་པ་གང་ཡིན་པ་ལས་ཏེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་

བསམ་གཏན་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའོ་ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པ་མེད་པ་སྟེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱིའི་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ནི་སྤྲུལ་པར་

མི་བྱེད་དེ། སྔོན་མེད་པའི་སེམས་ཅན་འབྱུང་བར་འགྱུར་དུ་འོང་བས་སོ། །སྒྲའི་སྤྲུལ་པ་ནི་ཡོད་པ་མ་ཡིན་ཏེ། རྒྱུན་འཆད་པའི་ཕྱིར་རོ། །བདག་དང་གཞན་གྱི་ལུས་དང་འབྲེལ་པ་ཞེས་བྱ་བ་ནི་བདག་གི་ལུས་དང་འབྲེལ་པ་དང་། གཞན་གྱི་ལུས་དང་འབྲེལ་པའོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་

འདོད་པའི་ཁམས་ན་རང་དང་གཞན་གྱི་ལུས་དང་འབྲེལ་པ་དེ་བཞིན་དུ་གཟུགས་སུ་གཏོགས་པ་ཡང་བདག་གི་ལུས་དང་གཞན་གྱི་ལུས་དང་འབྲེལ་པ་ཞེས་བྱ་བ་རྣམ་པ་གཉིས་ཡིན་ནོ། །འདི་ནི་སྤྲུལ་པ་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པའིའོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་

འདྲའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ཡང་། འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་རང་གི་ལུས་དང་འབྲེལ་པ་དང་། གཞན་གྱི་ལུས་དང་འབྲེལ་པ་ཡིན་ནོ། །རྣམ་པ་བརྒྱད་ཡིན་ནོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པའི་རྣམ་པ་བཞི་དང་། གཟུགས་ཀྱི་ཁམས་སུ་སྐྱེས་

པའི་རྣམ་པ་བཞི་སྟེ། རྣམ་པ་བརྒྱད་ཡིན་ནོ། །མདོར་བསྡུས་ན་ཞེས་བྱ་བ་ནི་རྒྱས་པར་ནི་མཐའ་ཡས་པའོ། །ཇི་ལྟར་དྲི་དང་རོ་དང་མི་ལྡན་ཞེས་བྱ་བ་ནི་གལ་ཏེ། གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པ་སྐྱེ་མཆེད་བཞི་ཁོ་ན་སྤྲུལ་པར་བྱེད་ན། ཇི་ལྟར་རང་གི་ལུས་དང་འབྲེལ་པ་སྤྲུལ་པ་ན་དྲི་དང་རོ་དག་

เล่ม ๑๔๕ · หน้า 262b

དང་མི་ལྡན་ཞེས་བྱ་བའོ། །གོས་དང་རྒྱན་བཞིན་དུ་མི་ལྡན་ནོ་ཞེས་བྱ་བ་ནི་དཔེར་ན་སེམས་ཅན་དུ་མི་བགྲང་བའི་ཕྱིར་གོས་དང་རྒྱན་རང་གི་ལུས་དང་འབྲེལ་པ་དག་དང་མི་ལྡན་པ་དེ་བཞིན་དུ་སྤྲུལ་པ་དང་ཡང་མི་ལྡན་ནོ། །གཞན་དག་ན་རེ་སྐྱེ་མཆེད་གཉིས་སྤྲུལ་པར་བྱེད་དོ་ཞེས་བྱ་བ་ནི་རང་གི་ལུས་

དང་འབྲེལ་པ་གཟུགས་དང་རེག་བྱའི་སྐྱེ་མཆེད་ཁོ་ན་སྤྲུལ་པར་བྱེད་པ་སྟེ། དེའི་ཕྱིར་དྲི་དང་རོ་དག་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང་བཞི་པའི་ས་པ་དག་ཀྱང་བཞི་དང་ལྔར་སྦྱར་བར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། བསམ་གཏན་གསུམ་པའི་འབྲས་

བུ་བཞི་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་པོ་དང་གཉིས་པ་དང་། གསུམ་པའི་ས་པ་དག་གོ། །བསམ་གཏན་བཞི་པའི་འབྲས་བུ་ལྔ་སྟེ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་ས་པ་དག་གོ། །འགྲོས་ཀྱི་སྒོ་ནས་ཀྱང་ཁྱད་པར་དུ་

འཕགས་སོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པ་བསམ་གཏན་གྱི་ས་པ་ལ་སོགས་པའི་འབྲས་བུ་ནི་གོ་རིམས་བཞིན་དུ། བསམ་གཏན་གཉིས་པ་དང་གསུམ་པ་དང་། བཞི་པར་འགྲོ་ལ། བསམ་གཏན་དང་པོའི་འབྲས་བུ་ནི་བསམ་གཏན་དང་པོ་ཉིད་དུ་འགྲོའོ། །བསམ་གཏན་དང་པོའི་

འབྲས་བུ་སྤྲུལ་པས་ནི་བསམ་གཏན་གཉིས་པའི་འབྲས་བུ་སྤྲུལ་པས་བསམ་གཏན་གསུམ་པའི་སར་འགྲོ་བར་མི་ནུས་ཏེ། བསམ་གཏན་གཉིས་པའི་འབྲས་བུ་སྤྲུལ་པས་བསམ་གཏན་གསུམ་པའི་སར་འགྲོ་བར་མི་ནུས་པ་ལ་སོགས་པ་ཡང་དེ་དང་འདྲའོ། །དེ་རྙེད་བསམ་གཏན་བཞིན་ཞེས་བྱ་བ་ཇི་ལྟར་

བསམ་གཏན་རྙེད་ཅེ་ན། འདོད་ཆགས་དང་བྲལ་བ་དང་སྐྱེ་བས་སོ་ཞེས་འཆད་དོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཞེས་བྱ་བ་ལ་ཏིང་ངེ་འཛིན་གྱི་འབྲས་བུ་ནི་སྤྲུལ་པའི་སེམས་ཏེ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་རམ། མངོན་པར་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ས་གོང་མ་

པས་ནི་བསམ་གཏན་དང་པོའི་ས་པས་སྨྲར་འཇུག་སྟེ། ཡན་ཆད་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སེམས་མེད་པའི་ཕྱིར་རོ། །ཇི་ལྟར་འདི་སྨྲར་འཇུག་ཅེས་བྱ་བ་ནི་བསམ་པ་ཅི་ཞིག་ཅེ་ན། སྤྲུལ་པའི་སེམས་འགགས་ཤིང་

เล่ม ๑๔๕ · หน้า 263a

སྨྲར་འཇུག་པའི་སེམས་སྐྱེས་ནས་སྤྲུལ་པའི་སེམས་འགགས་པས་སྤྲུལ་པ་འགགས་ཏེ། སེམས་དེ་གཉིས་ཅིག་ཅར་མེད་པའི་ཕྱིར་ཏེ། དེའི་ཕྱིར་ཇི་ལྟར་སྨྲར་འཇུག་ཅེ་ན་ཞེས་བྱ་བའོ། །བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཞེས་བྱ་བ་ནི་སྤྲུལ་པའི་སེམས་ཀྱིས་སྤྲུལ་པ་སྤྲུལ་པར་

བྱེད་དོ། །དེ་ནས་དུས་ཕྱིས་བྱིན་གྱིས་བརླབ་པའི་སེམས་མངོན་དུ་བྱེད་ལ། དེས་སྤྲུལ་པ་བྱིན་གྱིས་བརླབས་ནས། ཕྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་སེམས་མངོན་དུ་བྱས་ཏེ་སྨྲར་འཇུག་གོ། །འདིར་སྨྲས་པ། བྱིན་གྱིས་རློབ་པའི་སེམས་མངོན་དུ་གྱུར་ན་སྤྲུལ་པའི་སེམས་མི་སྣང་བར་གྱུར་པས་

སྤྲུལ་པ་མི་སྣང་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། སྔོན་གྱི་བསམ་པའི་རྒྱུད་རྗེས་སུ་འབྲང་སྟེ་སྤྲུལ་པ་སྤྲུལ་པར་བྱའོ། །དེ་བྱིན་གྱིས་བརླབ་པར་བྱའོ། །དེ་སྨྲར་གཞུག་གོ་སྙམ་དུ་དེ་ལྟར་སྔར་སེམས་ལ་གཞག་པ་ཡིན་ནོ། །གནས་སྐབས་གཉིས་སུ་བྱིན་གྱིས་བརླབས་སྲིད་པའི་ཕྱིར་ཅི་གསོན་

པོ་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་འདྲིའོ། །འཕགས་པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་འཕགས་པ་འོད་སྲུངས་ཆེན་པོའི་མོས་པས་ཞེས་བྱ་བའི་ཐ་ཚིག་གོ། །དང་པོར་དུ་མས་གཅིག་ཡིན་ཏེ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དང་པོ་སྒྲུབ་ན་ནི་སྤྲུལ་པའི་སེམས་མང་པོས་སྤྲུལ་པ་ཉེ་བར་

ལེན་པ་དང་བཅས་པ་གཅིག་སྤྲུལ་པར་བྱེད་ལ། མངོན་པར་ཤེས་པ་བྱང་ནས་ནི་སེམས་གཅིག་གི་དུས་མ་ཡིན་ནོ། །སྤྲུལ་པའི་སེམས་ནི་བསྒོམ་པའི་འབྲས་བུ་དང་། སྐྱེ་བས་ཐོབ་པ་དང་རྣམ་པ་གཉིས་ཡིན་པས་ཡང་ཅི་སྤྲུལ་པའི་སེམས་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །བསྒོམ་ལས་སྐྱེས་པ་

ལུང་མ་བསྟན། །ཞེས་བྱ་བ་ལ་ས་གོང་མར་སྐྱེས་པས་ས་འོག་མ་པའི་སྤྲུལ་པའི་སེམས་མངོན་དུ་བྱེད་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་བྱ་བ་ནི་ཡི་དགས་ལ་སོགས་པ་དག་ནི་རེས་འགའ་གཞན་ལ་ཐོ་བཙམས་པའི་ཕྱིར་གཟུགས་སྤྲུལ་

པར་བྱེད་ལ། རེས་འགའ་ཕན་གདགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བལྟ་བར་བྱ་བའོ། །དེ་དག་གིས་བྱས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷ་ལ་སོགས་པས་བྱས་པ་དང་། སྐྱེ་བས་བྱས་པའི་སྤྲུལ་པ་བདག་དང་གཞན་གྱི་རྒྱུད་དང་འབྲེལ་པ་སྐྱེ་མཆེད་དགུ་པ་ཡིན་ནོ། །ག་ལས་ཤེ་ན། སྒྲ་མེད་པའི་གཟུགས་

เล่ม ๑๔๕ · หน้า 263b

ཅན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ན་སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་མིག་ལ་སོགས་པ་ཡོད་པ་དེའི་ཕྱིར་མིང་གི་སྒོ་ནས་སྐྱེ་མཆེད་དགུ་པ་ཡིན་གྱི། རྫས་ཀྱི་སྒོ་ནས་ནི་མ་ཡིན་ནོ། །སྒྲ་ནི་རྒྱུན་མེད་པའི་ཕྱིར་སྤྲུལ་པར་མི་བྱེད་ལ། སྤྲུལ་པ་སེམས་མེད་པ་ཡིན་པའི་ཕྱིར་ཡིད་དང་ཆོས་

ཀྱི་སྐྱེ་མཆེད་དག་ཀྱང་མེད་དོ། །སྤྲུལ་པ་སེམས་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། བསྟན་བཅོས་ལས་སྤྲུལ་པ་སེམས་དང་བཅས་པ་ཞེས་བརྗོད་པར་བྱ་བ་འམ། སེམས་མེད་པ་ཞེས་བརྗོད་པར་བྱ། སྨྲས་པ་སེམས་མེད་པའོ་ཞེས་གསུངས་སོ། །གལ་ཏེ་དབང་པོ་དག་ཀྱང་སྤྲུལ་

པར་བྱེད་ན་ནི་དབང་པོ་རྣམས་སེམས་ཅན་དུ་བགྲང་བ་ཡིན་པའི་ཕྱིར་ཇི་ལྟར་སྔོན་མེད་པའི་སེམས་ཅན་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་དབང་པོ་རྣམས་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྤྲུལ་པ་སྐྱེ་མཆེད་བཞི་པ་དེ་ནི་མིག་ལ་སོགས་པའི་དབང་པོ་དང་ཐ་མི་དད་པར་སྐྱེས་

པ་སྟེ། རང་གི་ལུས་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་མཆེད་དགུ་པར་བཤད་དོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་ཡིན་པའི་ཕྱིར་ཏེ། སྤྲུལ་པ་ནི་རྣམ་པར་སྨིན་པ་དང་རྒྱས་པ་ལས་བྱུང་བར་མི་རིགས་སོ། །དབང་པོའི་རྟེན་

ཙམ་སྤྲུལ་པ་ཡིན་ཏེ། རས་ཁྲ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དབང་པོ་ནི་སྤྲུལ་པར་མི་བྱེད་དོ་ཞེས་བྱ་བ་སྨོས་སོ། །དཔེར་ན་ང་ལས་ནུ་དང་སྲིད་པ་བར་མ་པ་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་ལས་ལས་སྐྱེས་པའི་རྫུ་འཕྲུལ་སྟོན་པའོ། །བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བ་དང་། ཁྱིམ་བདག་རིན་པོ་ཆེ་

རྣམས་ཀྱི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་དེ་དག་གི་ནི་ལྷའི་དང་འདྲ་བས་ལྷའི་ཡིན་ནོ། །འདི་ལྟར་དེ་གཉིས་ནི་བསམ་གཏན་ས་པའི་གཟུགས་དང་བ་ཡིན་པ་དེའི་ཕྱིར་དེ་དག་ནི་ལྷའི་ཁོ་ན་ཡིན་གྱི་ལྷའི་དབང་འདྲ་བའི་ལྷའི་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷའི་མིག་ནི་ཤ་དང་པགས་པ་དང་རུས་པ་དང་ཁྲག་དང་མ་

འབྲེལ་ཞིང་གཟུགས་དང་བའོ་ཞེས་བརྗོད་དོ། །ལྷའི་མིག་གམ་རྣ་བ་ནི་དེ་དང་མཚུངས་པ་མེད་དོ་ཞེས་བྱ་བ་ནི་དེ་དག་ལྟ་བ་དང་ཉན་པའི་སྒོ་ནས་མངོན་པར་བསྒྲུབས་པ་སྟེ། དེའི་ཕྱིར་རྟག་ཏུ་རྣམ་པར་ཤེས་པ་དང་བཅས་པ་ཡིན་ནོ། །ཞར་བ་དང་ལོང་བ་ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ཞར་བ་ནི་གང་རུང་

เล่ม ๑๔๕ · หน้า 264a

ཅིག་མ་ཚང་བའོ། །ལོང་བ་ནི་ཡོ་བའོ། །ལྷའི་རྣ་བ་ལ་སོགས་པ་བཞི་ཡང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷའི་མིག་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་བསྡུ་སྟེ། འདི་དག་ཐམས་ཅད་སྐྱེས་ནས་ཐོབ་པ་ཡིན་ནོ། །འདོད་པ་ན་སྤྱོད་

པའི་ལྷ་དང་ཀླུ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་ཀྱི་ཡིན་གྱི། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་སྐྱེ་བས་ཐོབ་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །གང་རྟོག་དང་རིག་སྔགས་ཀྱི་བྱས་པ་འང་ཞེས་བྱ་བ་

དེ་ཡང་རྣམ་པ་གསུམ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ཁོ་ན་མི་དགེ་བ་ཡོད་ཀྱི་གཞན་ན་ནི་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་བསྒོམས་པའི་འབྲས་བུ་ནི་དགེ་བ་ཁོ་ན་མ་ཡིན་ནོ། །དམྱལ་བ་པས་ནི་དང་པོར་ཤེས། །ཞེས་བྱ་བ་ནི་དམྱལ་བ་རྣམས་ཀྱིས་ནི་སྐྱེས་ཙམ་ཉིད་ནས་སྔོན་གྱི་གནས་རྗེས་

སུ་དྲན་པའི་ཤེས་པས་དེ་མ་ཐག་པའི་སྐྱེ་བ་དྲན་གྱི་གཞན་ནི་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པས་ཀྱང་དང་པོའི་ཁོ་ན་ཤེས་སོ། །ཇི་སྲིད་དུ་སྡུག་བསྔལ་གྱི་ཚོར་བས་མཉེན་པས་ཞེས་བྱ་བ་ལ་དེ་དག་ནི་གང་གི་ཚེ་ཚོར་བ་དྲག་པོ་གནད་ཐམས་ཅད་འབྱེད་པར་བྱེད་པ་དག་གིས་གནོད་པ་དེའི་ཚེ་བདག་ཉིད་

ཀྱང་མི་དྲན་ན། སྔོན་གྱི་གནས་སམ་གཞན་གྱི་སེམས་ཤེས་པར་གོ་ག་ལ་འགྱུར། འགྲོ་བ་གཞན་ན་གནས་པ་ནི་རྟག་ཏུ་ཤེས་སོ་ཞེས་བྱ་བ་ནི་ཡི་དགས་དང་དུད་འགྲོ་དང་མི་དང་ལྷའི་འགྲོ་བ་ལ་གནས་པ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་དེ་དག་གིས་རྟག་ཏུ་ཤེས་སོ། །

རེ་ཞིག་དུད་འགྲོས་ནི་ཤེས་སོ། །ཀླུ་ལ་སོགས་པ་བཞིན་ནོ། །ཡི་དགས་ཀྱིས་ཀྱང་ཤེས་ཏེ། ཇི་སྐད་དུ། བདག་གིས་མཐུན་དང་མི་མཐུན་པས། །ལོངས་སྤྱོད་དག་ནི་གང་བསགས་པ། །དེ་དག་གཞན་གྱི་ལོངས་སྤྱོད་དེ། །ཁོ་བོ་ཅག་ནི་སྡུག་བསྔལ་བསྟེན། །ཞེས་བཤད་པ་ལྟ་བུའོ། །མི་སྐྱེ་བ་དྲན་པ་དག་ནི་

མཐོང་བ་ཉིད་དོ། །ལྷས་ཀྱང་དྲན་ཏེ། ཇི་སྐད་དུ། དྲང་སྲོང་ཚོགས་ཀྱིས་བསྟན་པ་དང་། །ཆོས་ཀྱི་རྒྱལ་པོ་བཞུགས་གྱུར་ཅིང་། །བདག་ལ་དགའ་བ་སྐྱེད་པ་ཡི། །རྒྱལ་བྱེད་ཚལ་དེ་འདི་ཡིན་ནོ། །ཞེས་བྱ་བ་དང་། དེ་བཞིན་དུ་གང་ནས་ཤི་འཕོས་ནས་གང་དུ་སྐྱེས་ཞེས་བྱ་བ་ལ་སོགས་པ་བཤད་པ་

เล่ม ๑๔๕ · หน้า 264b

ལྟ་བུའོ། །མི་ལ་སྐྱེ་བས་ཐོབ་པ་མེད། །ཅེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་དོ། །སྐྱེ་བས་ཐོབ་པ་བཀག་པས་འདོད་ཆགས་དང་བྲལ་བས་ཐོབ་པ་དང་། རྟོག་པ་དང་། རིག་སྔགས་དང་། སྨན་དང་ལས་ཀྱིས་བྱས་པ་ཡོད་དོ་ཞེས་བཤད་པར་འགྱུར་རོ། །དེ་དག་གི་དེ་ནི་ལས་ཀྱི་

ཁྱད་པར་ལས་སྐྱེས་པ་ཡིན་ཏེ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་བསྒོམས་པའི་འབྲས་བུ་ཁོ་ན་མ་ཡིན་ཏེ་འོ་ན་ཅི་ཞེ་ན། རྣམ་པ་གསུམ་སྟེ། ཇི་སྐད་བཤད་པའི་བསྒོམས་པའི་འབྲས་བུ་དང་སྐྱེ་བས་ཐོབ་པ་སྟེ།

ལྷ་ལ་སོགས་པ་རྣམས་ཀྱི་དང་། ལས་ལས་སྐྱེས་པ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་གནས་བདུན་པའི་འགྲེལ་བཤད་དོ། །

ཤེས་པ་རྣམས་བཤད་ཟིན་ཏོ།། །།དེ་རྣམས་ཀྱང་བསམ་གཏན་དང་གཟུགས་མེད་པ་ལ་བརྟེན་ནས་སྐྱེ་བས་འབྲེལ་པ་བསྟན་པའི་ཕྱིར་ཤེས་པའི་སྐབས་ཀྱི་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་སོ། །ཟད་པ་ཤེས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་

ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྟོབས་ལ་སོགས་པ་རྣམས་དང་། ཉན་ཐོས་རྣམས་དང་ཐུན་མོང་བ་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་རྣམས་དང་། སོ་སོའི་སྐྱེ་བོ་དང་ཐུན་མོང་བ་མངོན་པར་ཤེས་པ་དང་། བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་རྣམས་འཐོབ་བོ་

ཞེས་སྤྱིར་བཤད་ལ། དེ་དག་ཀྱང་ཤེས་པའི་རང་བཞིན་དང་རང་བཞིན་གཞན་ཡིན་ནོ། །དེ་ལ་ཤེས་པའི་རང་བཞིན་སྟོབས་ལ་སོགས་པ་ནས་མངོན་པར་ཤེས་པ་ལ་ཐུག་པ་གང་ཡིན་པ་དེ་དག་ནི་ཤེས་པའི་སྐབས་ཁོ་ནས་བཤད་ཟིན་ཏོ། །དེ་ལ། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་བྱ་བ་

དེ་ལྟ་བུ་ལ་སོགས་པས་ནི་རྒྱས་པར་ཤེས་པ་བསྟན་པའི་དབང་དུ་བྱས་སོ། །དེ་ནས་ཤེས་པ་དང་འབྲེལ་པས་དེའི་རང་བཞིན་གྱི་ཡོན་ཏན་རྣམས་ཁོ་ན་བཤད་ཀྱི། རང་བཞིན་གཞན་རྣམས་ནི་མ་ཡིན་ཏེ། བསམ་གཏན་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཞེས་བྱ་བའི་སྐབས་

เล่ม ๑๔๕ · หน้า 265a

ཀྱིས་གཏི་མུག་མེད་པའི་རང་བཞིན་རྒྱས་པར་བཤད་ལ། ད་ནི་མ་ཆགས་པ་དང་ཞེ་སྡང་མེད་པའི་རང་བཞིན་བསམ་གཏན་དང་གཟུགས་མེད་པ་རྣམས་བཤད་པར་བྱའོ་ཞེས་བྱ་བའོ། །དེ་ལ་དང་པོ་བསམ་གཏན་རྣམས་ལས་བརྩམས་ཏེ། གཙོ་བོ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཙོ་བོ་

ཡིན་ཞེ་ན། དེའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གཟུགས་མེད་པ་རྣམས་ཀྱང་ཡོན་ཏན་གྱི་རྟེན་ཡིན་མོད་ཀྱི། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་འབྱུང་བའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་མ་ཡིན་པས་དེ་དག་སྔར་མ་བརྗོད་དོ། །བདེ་བའི་མཇུག་ཐོགས་སུ་སྐྱེ་

བའི་ཕྱིར་ཡང་གཟུགས་མེད་པ་རྣམས་བསྟན་པ་སྐྱེ་བ་དང་མཐུན་པ་ཡིན་ནོ། །བསམ་གཏན་དག་ནི་རྣམ་གཉིས་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའི་བསམ་གཏན་གྱི་དབྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་དང་སྙོམས་པར་འཇུག་པའི་བསམ་གཏན་གྱི་བྱེ་བྲག་གིས་ཞེས་བྱ་བ་སྨོས་སོ། །དེ་ལ་སྐྱེ་བའི་བསམ་

གཏན་ནི་འབྲས་བུའོ། །སྙོམས་པར་འཇུག་པའི་བསམ་གཏན་ནི་རྒྱུའོ། །དགེ་བ་རྩེ་གཅིག་པ་ཞེས་བྱ་བ་འདི་ནི་སྙོམས་པར་འཇུག་པའི་བསམ་གཏན་གྱི་ཐུན་མོང་གི་མཚན་ཉིད་དོ། །སེམས་རྩེ་གཅིག་པ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཡང་ཡོད་པས་དགེ་བ་ཞེས་བྱ་བ་སྨོས་སོ། །དགེ་བ་གཡེང་

བ་ཡང་ཡོད་པས་རྩེ་གཅིག་པ་ཞེས་བྱ་བ་སྨོས་སོ། །སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་ཞེས་བྱ་བ་དེར་སེམས་ལས་བྱུང་བ་མ་སྨོས་པ་ནི་སེམས་གཙོ་བོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་རྣམས་དམིགས་པ་གཅིག་པའི་རང་བཞིན་ཡིན་པའི་

ཕྱིར་རོ། །རྗེས་འབྲང་བཅས་ནས་ཕུང་པོ་ལྔ། །ཞེས་བྱ་བ་ནི་གལ་ཏེ་སྙོམས་པར་འཇུག་པའི་བསམ་གཏན་རྣམས་ཀྱི་རང་བཞིན་ཚོལ་ན་ནི། དེའི་རང་བཞིན་ཡིན་པ་དེ་ཉིད་ཀྱི་དགེ་བ་རྩེ་གཅིག་པ་ཡིན་ཏེ། བསམ་གཏན་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་འཁོར་དང་

བཅས་པ་བརྗོད་པར་འདོད་ན་ནི། དེའི་ཕྱིར་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། རྗེས་སུ་འཇུག་པའི་གཟུགས་ཡོད་པའི་ཕྱིར་རོ། །དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་ཞེས་བཤད་ན། དེ་ནི་ངེས་པར་མ་ཟིན་པས་དེའི་ཕྱིར་རྩེ་གཅིག་པ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བ་འདྲིའོ། །

เล่ม ๑๔๕ · หน้า 265b

དམིགས་པ་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། ཡུལ་གཅིག་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་རྩེ་གཅིག་པ་དམིགས་པ་གཅིག་པ་ཉིད་ཡིན་ན་ནི། །དེས་ན་སེམས་དམིགས་པ་གཅིག་པ་སྟེ། མ་གཡེངས་ཤིང་མཉམ་པར་གཞག་པ་དག་ཁོ་ན་

ཏིང་ངེ་འཛིན་ཡིན་གྱི། ཆོས་གཞན་སེམས་ལས་བྱུང་བ་ནི་མ་ཡིན་ཏེ། དམིགས་པ་གཅིག་པ་ཉིད་དེ་ནི་སེམས་དག་ལས་གཞན་མེད་དེ། སེམས་ནི་གཡེངས་པ་ཉིད་ཡིན་པར་འགྱུར་དུ་འོང་བས་སོ། །སེམས་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་རྣམས་ནི་དམིགས་པ་གཅིག་ལ་འཇུག་པ་

ལས་རང་ལ་ནུས་པ་ཡོད་པ་མ་ཡིན་ཏེ། རྣམ་པར་གཡེང་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་གཡེང་བ་བཞིན་དུ་སེམས་རྣམས་ཀྱི་དམིགས་པ་གཅིག་པ་ཉིད་ཀྱང་རང་བཞིན་ལས་བྱུང་བ་མ་ཡིན་པས་དེའི་ཕྱིར་སེམས་རྣམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི། གང་གིས་དེ་དག་རྩེ་གཅིག་

པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ནོ། །དེ་ཉིད་རྩེ་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་ལྡན་པས་དེ་དག་སེམས་རྩེ་གཅིག་པར་འགྱུར་བས་ཏིང་ངེ་འཛིན་ཁོ་ནས་སེམས་རྩེ་གཅིག་པ་ཡིན་གྱི་སེམས་དག་ནི་མ་ཡིན་ནོ། །སྐད་ཅིག་མ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་ཡིན་

ནམ་མ་ཡིན། ཞེས་བྱ་བ་ནི་སེམས་ཐམས་ཅད་རྩེ་གཅིག་པ་ཁོ་ན་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་དམིགས་པ་ཡིན་ལ་འཕོ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ལ་ཏིང་ངེ་འཛིན་ཡོངས་སུ་རྟོགས་པ་དོན་མེད་དོ། །དགེ་བའི་སེམས་ཐམས་ཅད་མཉམ་པར་གཞག་པ་ཉིད་ཡིན་པར་

ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཉིས་པ་དེ་ལས་རྣམ་པར་མི་གཡེང་བ་ཡིན་ནོ་ཞེས་བྱ་བ་ནི། སེམས་གཉིས་པ་ནི་སེམས་སྔ་མ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སེམས་དང་པོའི་དམིགས་པ་ལས་མི་གཡེང་བས་ཉེས་པ་འདི་མེད་དོ་ཞེས་བྱ་བའོ། །མཚུངས་པར་

ལྡན་པ་ལ་ཏིང་ངེ་འཛིན་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་དང་པོ་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ལ་ཏིང་ངེ་འཛིན་དོན་མེད་པ་ཡིན་ཏེ། དེ་ལ་བྱ་བ་མི་བྱེད་པའི་ཕྱིར་རོ། །གང་ཁོ་ན་ལ་ཏིང་ངེ་འཛིན་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་སེམས་ལྟར་ཏིང་

เล่ม ๑๔๕ · หน้า 266a

ངེ་འཛིན་གྱི་དབང་གིས་སྔ་མ་དང་ཕྱི་མ་དམིགས་པ་གཅིག་པ་ཉིད་དུ་ཡོངས་སུ་རྟོག་པར་འགྱུར་བ། ཏིང་ངེ་འཛིན་ལ་ནི་ཏིང་ངེ་འཛིན་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཏིང་འཛིན་རྣམས་ལ་ཏིང་ངེ་འཛིན་ལས་ཐ་དད་པ་གོམས་པའམ། གཞན་ཞིག་ལས་རྩེ་གཅིག་པ་ཉིད་

དུ་ཁས་བླང་བར་བྱའོ། །གོམས་པ་ལ་སོགས་པ་གང་ཁོ་ན་ལ་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་དུ་འགྱུར་བ་དེ་ཁོ་ན་ལས་སེམས་དག་ཀྱང་དམིགས་པ་གཅིག་ཏུ་འགྱུར་བས་དོན་གཞན་དུ་གྱུར་པའི་ཏིང་ངེ་འཛིན་དོན་མེད་དོ། །ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་སེམས་སྔ་མ་

དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་མཐུས་ཕྱི་མ་སེམས་སྔ་མའི་དམིགས་པ་ལས་མི་གཡེང་བ་ཡིན་ནོ། །དེ་ལྟ་ན་ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར། སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །མ་ཡིན་ཏེ་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་

སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ། །ཏིང་ངེ་འཛིན་སྟོབས་དང་ལྡན་པ་ནི་སེམས་གཉིས་པ་སེམས་དང་པོའི་དམིགས་པ་ལས་མི་གཡེང་བར་བྱེད་ཀྱི། སྟོབས་ཆུང་བས་ནི་མ་ཡིན་ལ། ཏིང་ངེ་འཛིན་ཐམས་ཅད་ཀྱང་

སྟོབས་མཚུངས་པ་མ་ཡིན་ཏེ། དེའི་ཕྱིར་ཏིང་ངེ་འཛིན་ས་མང་པོ་ཡིན་ཡང་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དགེ་བའི་རྒྱུན་འཇུག་པར་ནུས་པ་ཏིང་ངེ་འཛིན་ཁོ་ན་ལ་བསམ་གཏན་དུ་བརྗོད་པའི་ཕྱིར་ཐམས་ཅད་ནི་མ་ཡིན་ནོ། །

སེམས་རྩེ་གཅིག་པ་ཁོ་ན་ཏིང་ངེ་འཛིན་ཡིན་ཏེ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་པའོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་ལྷག་པའི་སེམས་ཀྱི་བསླབ་པ་དང་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞི་

ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་རྩེ་གཅིག་པའི་སེམས་ཁོ་ན་ཏིང་ངེ་འཛིན་ཡིན་ཏེ། དཔེར་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཚུལ་ཁྲིམས་ཁོ་ན་ཡིན་གྱི། དེ་ལས་གཞན་མ་ཡིན་ལ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཤེས་རབ་ཁོ་ན་ཡིན་གྱི། དེ་ལས་གཞན་མ་ཡིན་པ་བཞིན་ནོ། །

เล่ม ๑๔๕ · หน้า 266b

ཡང་ཇི་ལྟར་མདོ་ཉིད་ལས་ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་དང་། ལྟ་བ་ཡོངས་སུ་དག་པའི་གཙོ་བོ་དང་། རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་ཞེས་བཤད་པ་ནི་ཚུལ་ཁྲིམས་དང་ལྟ་བ་དང་། རྣམ་པར་གྲོལ་བ་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ་སེམས་ཡོངས་སུ་དག་པའི་

གཙོ་བོ་ཡང་སེམས་ལས་དོན་གཞན་མ་ཡིན་ནོ་ཞེས་མདོ་ལས་ཁོང་དུ་ཆུད་དོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་གལ་ཏེ་བསམ་གཏན་དག་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ན། ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་ཏེ། ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར་ཏིང་ངེ་འཛིན་

དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་བསམ་གཏན་ཉིད་དུ་ཐལ་བར་མི་འགྱུར་རོ། །མ་ཡིན་ཏེ་ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་བསམ་གཏན་ཞེས་མིང་དུ་བཏགས་ཀྱི། ཏིང་ངེ་འཛིན་

ཙམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་མི་འགྱུར་རོ། །ཉི་མ་བཞིན་ནོ་ཞེས་བྱ་བ་ནི་གང་ཞིག་ཕུལ་དུ་ཕྱིན་པར་སྣང་བ་དང་ལྡན་པ་དེ་ཉིད་ལ་ཉི་མ་ཞེས་བྱའི་སྲིན་བུ་མེ་ཁྱེར་ལ་སོགས་པ་དག་ནི་མ་ཡིན་ནོ། །ཟུང་དུ་འབྲེལ་པར་ངང་གིས་འབྱུང་བའི་ཕྱིར། །ཞེས་

བྱ་བ་ནི་ཟུང་དུ་འབྲེལ་པ་ནི་ཟུང་དུ་འབྲེལ་པ་སྟེ་འབྲེལ་ཞེས་བྱ་བའི་དོན་ཏོ། །གཉའ་སྦྲེལ་བ་དང་འདྲ་བ་ནི་ཟུང་དུ་འབྲེལ་པའོ། །ཟུང་དུ་འབྲེལ་པར་ངང་གིས་འབྱུང་བས་ན་ཟུང་དུ་འཇུག་པར་ངང་གིས་འབྱུང་བ་སྟེ། ཞི་གནས་དང་ལྷག་མཐོང་དག་གིས་མཉམ་པར་ངང་གིས་འབྱུང་ཞེས་བྱ་བའི་

ཐ་ཚིག་གོ། །ཟུང་དུ་འབྲེལ་པར་ངང་གིས་འབྱུང་བའི་དངོས་པོ་ནི་ཟུང་དུ་འབྲེལ་བར་ངང་གིས་འཇུག་པ་ཉིད་དེ་དེའི་ཕྱིར་རོ། །གལ་ཏེ་དགེ་བའི་སེམས་རྩེ་གཅིག་པ་ཉིད་བསམ་གཏན་ཡིན་ན། ཉོན་མོངས་པ་ཅན་རོ་མྱང་བ་དང་ལྡན་པ་ཇི་ལྟར་བསམ་གཏན་ཡིན་ཞེ་ན། ལོག་པར་ངེས་པར་

སེམས་པའི་ཕྱིར། །ཞེས་བྱ་བ་འབྱུང་སྟེ། འདི་ལྟར་ལོག་པར་ངེས་པར་སེམས་པར་བྱེད་པ་ཡིན་ཏེ། ལོག་པར་ངེས་པར་རྟོག་ཅེས་བྱ་བའི་ཐ་ཚིག་གོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལོག་པར་ངེས་པར་སེམས་པའི་ཕྱིར་བསམ་གཏན་ཉིད་དུ་ཐལ་བར་འགྱུར་རོ་

เล่ม ๑๔๕ · หน้า 267a

ཞེ་ན། མ་ཡིན་ཏེ། དེ་དང་མཐུན་པ་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཧ་ཅང་ཐལ་བར་འགྱུར་བ་མེད་དེ། དེ་དང་མཐུན་པ་མཚན་ཉིད་མང་པོ་མི་མཐུན་པ་མེད་པ་བསམ་གཏན་ཉོན་མོངས་པ་ཅན་ལ་དེའི་མིང་དུ་བཏགས་པའི་ཕྱིར་རོ། །ས་བོན་རུལ་བ་བཞིན་ནོ་ཞེས་བྱ་བ་ནི་

དཔེར་ན་རྡོ་ལ་སོགས་པ་ས་བོན་མ་ཡིན་པ་དེའི་རིགས་དང་མཚན་ཉིད་ཤིན་ཏུ་མི་འདྲ་བ་གང་ཡང་རུང་བ་ལ་ས་བོན་རུལ་བ་ཞེས་མི་བྱའོ། །འོ་ན་ཅི་ཞེ་ན། ས་བོན་གྱི་རིགས་ཉིད་ཉམས་པ་ས་བོན་དང་འདྲ་བ་གང་ཡིན་པ་དེ་ཉིད་ལ་ས་བོན་རུལ་བའོ་ཞེས་མིང་དུ་འདོགས་པ་བཞིན་ནོ། །བསམ་གཏན་

མི་དགེ་བ་དག་ཀྱང་གསུངས་སོ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ནས་སེམས་པར་བྱས་ནས་སེམས་པར་བྱེད་རབ་ཏུ་སེམས་པར་བྱེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ཏེ། དེའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་མེད་དོ། །བསམ་གཏན་

དགེ་བ་ཞེས་བྱ་བ་ནི་ཕལ་ཆེ་བ་བསྟན་པ་ཡིན་ནོ། །ལྷན་ཅིག་དཔྱོད་པའི་ཕྱིར་དུ་བ་དང་མེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་འདི་ན་དུ་བ་ཡོད་པས་ཞེས་སྨོས་པས་མེ་ཡང་སྨྲས་པ་ཡིན་ཏེ། མེ་མེད་ན་དུ་བ་མི་འབྱུང་བས་ལྷན་ཅིག་དཔྱོད་པའི་ཕྱིར་རོ། །དེ་དང་འདྲ་བར་དཔྱོད་པ་སྨོས་པས་རྟོག་པ་

ཡང་སྨོས་པ་ཡིན་ཏེ། ལྷན་ཅིག་དཔྱོད་པའི་ཕྱིར་རོ། །བསམ་གཏན་ཁྱད་པར་ཅན་ན་རྟོག་པ་མེད་པར་དཔྱོད་པ་ཡོད་པས་ལྷན་ཅིག་དཔྱོད་པ་མེད་པར་དོགས་པ་བསུ་ནས། རྟོག་པ་མེད་པར་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་ཁྱད་པར་ཅན་ན་ནི་དགའ་བ་དང་བདེ་བ་དང་ལྡན་

པའི་དཔྱོད་པ་མེད་པས་རྟོག་པ་མེད་དོ། །དེའི་ཕྱིར་དགའ་བ་དང་བདེ་བ་དཔྱོད་པ་དང་ལྡན་པའི་དཔྱོད་པ་ནི་རྟོག་པ་ལ་མི་འཁྲུལ་ཏེ། མེ་ལ་དུ་བ་བཞིན་ནོ། །དེ་དག་གི་སྐྱེ་བ་རྣམས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་དེ་རྣམ་བཞི། །

ཞེས་བྱ་བའོ། །རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་འབྱེད་པར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བར་བྱེད་པ་སྟེ། དབེན་པ་ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བར་

เล่ม ๑๔๕ · หน้า 267b

བྱེད་པའི་ལམ་གང་ཡིན་པ་སྟེ། འདིས་རྣམ་པར་འབྱེད་པར་བྱེད་པས་ན་ཞེས་བྱ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅུང་ཟད་སེར་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཅུང་ཟད་ཙམ་སེར་བ་ལ་ཅུང་

ཟད་སེར་བ་ཞེས་བྱ་བ་དེ་བཞིན་དུ་གཟུགས་ཅུང་ཟད་ཅིག་ཡོད་པ་ཡང་གཟུགས་མེད་པ་ཡིན་ནོ། །དེ་དག་མེད་ན་ཇི་ལྟར་ཞེས་བྱ་བ་ནི་ལུས་དང་ངག་མེད་ནའོ། །དེ་དག་གིས་སྡོམ་པར་འགྱུར་ཞེས་བྱ་བ་ནི་ལུས་དང་ངག་གི་སྡོམ་པར་འགྱུར་ཞེས་བྱ་བའོ། །གཟུགས་མེད་པའི་ཁམས་ན་འབྱུང་བ་མེད་

པར་འབྱུང་བ་ལས་གྱུར་པ་ཡང་མི་རུང་སྟེ། འབྱུང་བ་ལ་ལྟོས་པ་མེད་པའི་འབྱུང་བ་ལས་གྱུར་པ་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་ཟག་པ་མེད་པའི་སྡོམ་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཟག་པ་མེད་པའི་འབྱུང་བ་དག་མེད་བཞིན་དུ་ཡང་ཟག་པ་མེད་པའི་སྡོམ་པ་འབྱུང་བ་ལས་གྱུར་པའི་གཟུགས་ཡོད་

པ་དེ་བཞིན་དུ་ཟག་པ་དང་བཅས་པའི་འབྱུང་བ་དག་མེད་བཞིན་དུ་ཡང་ལུས་དང་ངག་གི་སྡོམ་པའི་རང་བཞིན་འབྱུང་བ་ལས་གྱུར་པའི་གཟུགས་གཟུགས་མེད་པ་ན་སྤྱོད་པ་ཡོད་པར་འགྱུར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་ཟག་པ་དང་བཅས་པའི་འབྱུང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་

པ་ནི་ཟག་པ་མེད་པའི་འབྱུང་བ་མེད་པའི་ཕྱིར་ལ། ཁམས་གསུམ་མ་གཏོགས་པའི་ཕྱིར་དེའི་འབྱུང་བ་དག་རྒྱུར་བྱས་ནས་འབྱུང་བ་ཡིན་གྱི། འབྱུང་བ་ལ་མི་ལྟོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་མེད་པའི་ཁམས་ན་ལུས་དང་ངག་གི་སྡོམ་པ་གཞན་གྱི་ས་པའི་འབྱུང་བ་སྐལ་བ་མི་མཉམ་པ་

དག་ལ་བརྟེན་ནས་མི་འབྱུང་ལ། འབྱུང་བ་ལ་མི་ལྟོས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྟོག་པ་འདི་ནི་མེད་དོ། །དཔེ་དང་དངོས་པོ་ལ་འདྲ་བ་མེད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་ཡང་དེ་དགག་པར་བཤད་དོ་ཞེས་བྱ་བ་ནི་གཟུགས་མེད་པར་སྙོམ་པར་འཇུག་པ་ལ་ཡང་སྡོམ་པ་སྐྱེ་བ་མེད་

དེ། འབྱུང་བ་མེད་པའི་ཕྱིར་རོ། །གཞན་གྱི་ས་པའི་སྡོམ་པ་ནི་འབྱུང་བ་གཞན་རྒྱུར་བྱས་ནས་འབྱུང་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཞེས་འབྱུང་བས་དེ་དགག་པར་བཤད་དེ། དེ་ལྟར་ན་སྐྱེ་བ་དང་སྙོམས་པར་འཇུག་པ་

เล่ม ๑๔๕ · หน้า 268a

ལ་གཟུགས་བཀག་པ་ཡིན་ནོ། །འོན་ཏེ་ལུས་ཀྱང་ཡོད་ལ་ཞེས་བྱ་བ་ནི་ཁོག་པའོ། །དབང་པོ་གཟུགས་ཅན་རྣམས་ཀྱང་ཡོད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །ཇི་ལྟར་ན་དེ་དག་གཟུགས་ཅུང་ཟད་ཡོད་པར་འདོད་ཅེས་བྱ་བ་ནི་གཟུགས་མཐའ་དག་ཡོད་པའི་ཕྱིར་རོ། །

གལ་ཏེ་བོང་ཚོད་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ། གཟུགས་མཐའ་དག་ཡོད་པ་མ་ཡིན་པས། གཟུགས་ཅུང་ཟད་ཡོད་པ་ཞེས་མི་བྱ་སྟེ། འོ་ན་ཅི་ཞེ་ན། བོང་ཚོད་ཆུང་བའི་ཕྱིར་རོ་ཞེས་བྱ་བར་འདོད་ན། ཆུའི་སྐྱེ་བོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆུའི་སྐྱེ་བོ་ལྟར་མི་སྣང་བ་དག་ལ་ཡང་

གཟུགས་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་གཟུགས་དང་བའི་ཕྱིར་དེ་དག་གཟུགས་ཅུང་ཟད་ཡོད་པ་ཡིན་གྱི་ཚད་ཆུང་བའི་ཕྱིར་ནི་མ་ཡིན་ནོ་སྙམ་ན། སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་དག་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ནི་དང་བའི་ཕྱིར་རྡོ་རྗེའི་རང་

བཞིན་གྱི་རི་དག་ལ་ཡང་ཐོགས་པ་མེད་པར་འགྲོ་བས་དེའི་ཕྱིར་དེ་དག་ལ་ཡང་གཟུགས་མེད་པར་ཐལ་བར་འགྱུར་རོ། །གང་ལས་ཆེས་དང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་གཟུགས་ལས་གཟུགས་ན་སྤྱོད་པ་དང་ལ། གཟུགས་ན་སྤྱོད་པ་བས་གཟུགས་མེད་པ་ན་སྤྱོད་པ་དང་བ་ཡིན་ཞིང་།

དེ་ལས་ཆེས་དང་བ་གཞན་མེད་དེ། །དེའི་ཕྱིར་གཟུགས་མེད་པ་དེ་དག་ཁོ་ན་ཡིན་གྱི་སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་ནི་མ་ཡིན་ནོ་ཞེ་ན། སྲིད་པའི་རྩེ་མོ་ཁོ་ན་གཟུགས་མེད་པ་ཡིན་པར་འགྱུར་གྱི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གསུམ་ནི་མ་ཡིན་ཏེ། དེ་ལས་གཞན་པ་གཟུགས་

ཆེས་དང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། སྙོམས་པར་འཇུག་པ་བཞིན་དུ་སྐྱེ་བ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྙོམས་པར་འཇུག་པ་དག་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་དབྱེ་བས་གནས་པ་དེ་བཞིན་དུ་

དེ་དག་གི་སྐྱེ་བའི་ཁྱད་པར་ཡང་གདོན་མི་ཟ་བར་ཁས་བླང་དགོས་སོ། །དེའི་ཕྱིར་སྲིད་པའི་རྩེ་མོའི་གཟུགས་ཁོ་ན་ཆེས་དང་བས་གཟུགས་མེད་པ་ཡིན་པར་ཐལ་བར་འགྱུར་གྱི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལྷག་མ་གསུམ་ནི་མ་ཡིན་ནོ། །ཅི་སྟེ་གཟུགས་མེད་པར་སྐྱེ་བའི་གཟུགས་

เล่ม ๑๔๕ · หน้า 268b

ནི་ས་འོག་མ་པའི་མིག་གིས་མི་འཛིན་པའི་ཕྱིར་དང་བ་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་ཁོ་ན་གཟུགས་མེད་པ་ཡིན་གྱི། སྲིད་པ་བར་མ་ལ་སོགས་པ་དག་ནི་མ་ཡིན་ནོ་སྙམ་ན། བསམ་གཏན་དུ་སྐྱེ་བའི་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་དང་པོའི་ས་པའི་དབང་

པོས་བསམ་གཏན་གཉིས་པ་ལ་སོགས་པ་མི་འཛིན་པ་ནས་དེ་བཞིན་དུ་བསམ་གཏན་གསུམ་པའི་ས་པའི་དང་པོས་བསམ་གཏན་བཞི་པའི་ས་པའི་གཟུགས་མི་འཛིན་པའི་བར་དུ་ཡིན་ཏེ། ས་གོང་མ་པའི་གཟུགས་ཆེས་དང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་ན་གང་ལས་དེ་དག་

གཟུགས་མེད་པ་ཞེས་བྱ་བའི་གཟུགས་ན་སྤྱོད་པ་དག་མ་ཡིན་པར་འགྱུར་བ་དེ་དང་ཁྱད་པར་ཅི་ཞིག་ཡོད། །གལ་ཏེ་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ཏེ། འདོད་པའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་ཡིན་ལ། གཟུགས་

ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་ཀྱི་ཁམས་ཡིན་ནོ། །གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ཀྱི་མིང་ནི་དོན་དང་མཐུན་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདོད་རྒྱལ་བ་ཡིན་ནོ་ཞེ་ན། དེ་ལ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ། རིགས་པ་ནི་ཚད་མ་

ཡིན་ལ། དེ་ཡང་རྗེས་སུ་དཔག་པ་ཡིན་ཏེ། གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་ཏེ། གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ལའོ། །འདོད་པ་དེ་ནི་ལུང་ངམ་དེ་སྟེ་རྗེས་སུ་དཔག་པ་ལས་རྟོགས་ན། གཟུགས་མེད་པའི་ཁམས་ན་གཟུགས་ཡོད་པ་ཉིད་ལ་རྗེས་སུ་

དཔག་པ་མ་མཐོང་ཞིང་ལུང་ཡོངས་སུ་འཛིན་པ་ནི་གལ་ཏེ་ཚེ་དང་དྲོད་གཉིས་འདྲེས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོ་ལས་ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་། དྲོད་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་ཡིན་ནོ་ཞེས་གསུངས་ཏེ། །དེའི་ཕྱིར་དེ་ན་ཚེ་ཡོད་

དང་དྲོད་ཀྱང་ཡོད་པར་འགྱུར་རོ། །འདམ་བུའི་ཤོག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། མདོ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་དཔེར་ན་འདམ་བུའི་ཤོག་གཉིས་གནམ་དུ་འགྲེང་བར་འགྱུར་ལ་དེ་གཉིས་ཕན་ཚུན་བསྟེན་ཅིང་ཕན་ཚུན་བསྟེན་ནས་འདུག་པ་དེ་ལས་འགའ་ཞིག་གིས་ཅིག་ཤོས་བསལ་

เล่ม ๑๔๕ · หน้า 269a

ན་ཅིག་ཤོས་འགྱེལ་བར་འགྱུར་རོ། །གཉིས་པ་བསལ་ན་ཅིག་ཤོས་འགྱེལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་མིང་དང་གཟུགས་རྣམས་ཀྱང་ཕན་ཚུན་བསྟེན་ཅིང་བསྟེན་ནས་གནས་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །མིང་ཡོད་པས་གདོན་མི་ཟ་

བར་གཟུགས་མེད་པ་དག་ན་གཟུགས་ཡོད་པར་འགྱུར་ཏེ། གཟུགས་ལ་ལྟོས་པ་མེད་པར་མིང་འབའ་ཞིག་གནས་པ་མི་སྲིད་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་རྣམ་པར་ཤེས་པའི་རྐྱེན་གྱི་མིང་དང་གཟུགས་ཞེས་གསུངས་སོ། །དེ་ལ་གཟུགས་མེད་པར་ཉིང་མཚམས་སྦྱོར་བའི་

སྐད་ཅིག་མ་ལ་རྣམ་པར་ཤེས་པ་དང་། དེའི་རྐྱེན་གྱིས་མིང་ཡིན་ལ། དེ་ཡང་གདོན་མི་ཟ་བར་ལྷན་ཅིག་པར་འགྱུར་ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་ཀྱི་བར་ལས་གཞན་དུ་ཞེས་བྱ་བ་རྒྱས་པར་འབྱུང་ལ། མདོ་ལས་དགེ་སློང་དག་

རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ། གཟུགས་ལ་དམིགས་པ། གཟུགས་ལ་བརྟེན་པ་གནས་སོ་ཞེས་རྒྱས་པར་འབྱུང་ཞིང་། དགེ་སློང་དག་གང་ལ་ལ་ཞིག་འདི་སྐད་དུ་བདག་ནི་གཟུགས་ལས་གཞན་དང་། ཚོར་བ་ལས་གཞན་དང་། འདུ་ཤེས་ལས་གཞན་དང་། འདུ་བྱེད་

ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བ་འམ། འོང་བ་འམ་སྐྱེ་བར་སྨྲའོ་ཞེས་ཟེར་ན་དེའི་ངག་དེ་ནི་ཚིག་ཙམ་དུ་ཟད་དོ་ཞེས་རྒྱས་པར་གསུངས་ཏེ། ལུང་དེ་ལས་ཀྱང་གཟུགས་མེད་པ་དག་ཏུ་གཟུགས་མི་འགྲུབ་སྟེ། ལུང་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་ལས་

ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལས་སོ། །འདིར་དགོངས་པའི་དོན་ནི་འདི་ཡིན་ཏེ། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་འདི་འདོད་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་འབྱུང་བས་འདོད་

པ་ན་སྤྱོད་པའི་ཚེ་ཁོ་ན་ལ་དགོངས་ནས་གསུངས་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ནི་ལུས་ཀྱང་མེད་ན་ལུས་འཇིག་པ་ལྟ་ག་ལ་ཞིག་ཡོད། གཟུགས་ཀྱི་ཁམས་ན་ནི་གཟུགས་ཡོད་མོད་ཀྱི། ལུས་འཇིག་པར་མངོན་པ་ནི་མེད་དོ། །གང་ཡང་མིང་དང་གཟུགས་དག་ཕན་ཚུན་བསྟེན་པ་

เล่ม ๑๔๕ · หน้า 269b

ཉིད་དུ་གསུངས་པ་ཡང་འདོད་པ་དང་གཟུགས་ན་སྤྱོད་པ་ཁོ་ན་ལས་དགོངས་ནས་གསུངས་སོ་ཞེས་བྱ་བར་མངོན་ཏེ། གཉི་ག་ཡོད་ན་ཕན་ཚུན་བསྟེན་པ་ཉིད་སྲིད་ན། གཟུགས་མེད་པ་ན་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ན་ཕན་ཚུན་བསྟེན་ཏེ་གཟུགས་མེད་པའི་ཕྱིར་རོ། །གང་ཡང་རྣམ་

པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་མིང་དང་གཟུགས་འདི་ལ་རྐྱེན་རྣམ་པར་ཤེས་པ་ཡོད་པས་ན་འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཏེ། གང་གི་ཕྱིར་གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ནི་མིང་ཁོ་ནའི་རྐྱེན་ཡིན་གྱི་གཟུགས་ཀྱི་ནི་མ་ཡིན་པའི་ཕྱིར་རོ། །

རྣམ་པར་ཤེས་པ་འོང་བ་དང་འགྲོ་བ་དགག་པ་ཞེས་བྱ་བ་ནི་འཇིག་རྟེན་སྔ་མ་ནས་སྲིད་པ་བར་མའི་རྒྱུན་གྱིས་འདིར་སྐྱེ་བ་ནི་འོང་བའོ། །དེ་བཞིན་དུ་འདི་ནས་འཇིག་རྟེན་ཕ་རོལ་དུ་སྐྱེ་བ་ནི་འགྲོ་བའོ། །ཅི་དེ་དག་ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །

དེ་བཀག་ཅེས་བྱ་བ་ནི་རྣམ་པར་ཤེས་པ་འོང་བ་དང་འགྲོ་བ་བཀག་པའོ། །འོན་ཏེ་འགའ་ཞིག་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་གོ། །ཁོ་བོ་ཅག་ནི་དེ་ཐམས་ཅད་མེད་ན་དེ་བཀག་པ་ཡིན་གྱི། གསུམ་ཡོད་ན་རྣམ་པར་ཤེས་པ་འོང་བ་དང་འགྲོ་བ་ཡིན་ནོ་ཞེས་བྱ་

བ་ལ་སོགས་པ་སྨྲའོ། །གལ་ཏེ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་དཔྱད་པར་མི་བྱའོ་ཞེ་ན་ཞེས་བྱ་བ་ནི། མདོ་ལས་ནི་ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པ་ཞེས་བྱ་བ་ནས་རྒྱས་པར་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ་གནས་སོ་ཞེས་བྱ་བའི་བར་འདི་བྱེ་

བྲག་མེད་པར་གསུངས་པ་ཡིན་ཏེ། མདོའི་ཚིག་འདིས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ཚེ་ལ་དགོངས་ནས་གསུངས་སོ་ཞེས་བྱ་བ་ནས། དེ་ཐམས་ཅད་མེད་ན་དེ་བཀག་པའི་ཞེས་བྱ་བའི་བར་བྱེ་བྲག་ཏུ་མ་བྱས་ལ། བྱེ་བྲག་མེད་པར་གསུངས་པས་ན་དཔྱད་པར་མི་བྱའོ་

ཞེ་ན། དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཕྱིའི་དྲོ་བ་ཡང་ཞེས་བྱ་བ་སྟེ། སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་ཚེ་མེད་པར་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཏེ། དེར་ནི་ཚེ་དང་སེམས་ཅན་དུ་བགྲང་བ་

เล่ม ๑๔๕ · หน้า 270a

འདྲེས་སོ་ཞེས་བྱེ་བྲག་ཏུ་མ་མཛད་དོ། །ཕྱིའི་གཟུགས་ཤིང་དང་རྩིག་པ་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་མིང་ལ་བརྟེན་པ་ཉིད་དུ་ཐལ་བར་འགྱུར་ཏེ། བྱེ་བྲག་མེད་པར་གསུངས་པའི་ཕྱིར་རོ། །དེར་ནི་མིང་དང་སེམས་ཅན་དུ་བགྲང་བའི་གཟུགས་

ཕན་ཚུན་བསྟེན་ནས་གནས་སོ་ཞེས་མ་གསུངས་སོ། །དེའི་ཕྱིར་མིང་ལྟར་གཟུགས་ཀྱང་བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཐམས་ཅད་བཟུང་བར་ཐལ་བར་འགྱུར་རོ། །རྣམ་པར་ཤེས་པ་གནས་པ་བཞི་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་ལྟར་རྣམ་པར་ཤེས་པ་གནས་པ་

བཞི་ཁྱད་པར་མེད་པར་གསུངས་པའི་ཕྱིར་གཟུགས་མེད་པའི་ཁམས་ན་གཟུགས་ཡོད་པ་ཉིད་དུ་འདོད་པ་དེ་བཞིན་དུ། ཟས་བཞི་གསུངས་པའི་ཕྱིར་འདོད་པའི་ཁམས་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡང་ཁམ་དུ་བྱེད་པའི་ཟས་ཡོད་པར་ཐལ་བར་འགྱུར་རོ། །ཅིའི་

ཕྱིར་ཞེ་ན། བྱེ་བྲག་མེད་པར་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་པར་བྱེད་པ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། བྱེ་བྲག་མེད་པར་གསུངས་པའི་ཕྱིར་རེག་པ་ལ་སོགས་པ་ལྟར་

ཁམ་དུ་བྱེད་པའི་ཟས་ཀྱང་ཐམས་ཅད་ཡོད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་པར་བྱེད་པ་ཞེས་བྱ་བ་སྤྱིར་བསྟན་པ་འདི་ལ་དམིགས་ཀྱིས་བསལ་བ་འདི་ཡོད་སྙམ་ན། ལྷ་ལས་འདས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་དེ་ལྟ་ཡིན་

ན་གཟུགས་མེད་པ་དག་ན་ཡང་གཟུགས་ཡོད་པར་ཐལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམིགས་ཀྱིས་བསལ་བའི་ཕྱིར་རོ། །དམིགས་ཀྱིས་བསལ་བ་ཉིད་སྟོན་པ་ནི་གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །

གལ་ཏེ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་དག་ལས་གཟུགས་ཞིག་ཡོད་པར་འགྱུར་ན། གཟུགས་ཡོད་ཕན་ཚུན་རང་གི་གཟུགས་གདོན་མི་ཟ་བར་འདུ་ཤེས་པར་བྱེད་པར་འགྱུར་བས། དེར་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་པར་མི་འགྱུར་ཞིང་། །དེ་

เล่ม ๑๔๕ · หน้า 270b

དག་གཟུགས་རྣམས་ལས་ངེས་པར་འབྱུང་བར་མི་འགྱུར་ཞིང་། གཟུགས་རྣམས་ལས་འདས་པར་ཡང་མི་འགྱུར་རོ། །གཟུགས་ཡོད་ན་དེར་སྐྱེས་པ་རྣམས་གཟུགས་ཅན་མ་ཡིན་པ་ཞེས་བྱ་བར་ཡང་མི་རུང་སྟེ། དེའི་ཕྱིར་དེ་ནི་གཟུགས་ཡོད་དོ་ཞེས་བྱ་བར་རྟོགས་སོ། །གཟུགས་

མེད་པར་གཏོགས་པའི་གཟུགས་ས་འོག་མ་པ་ནི་རགས་པ་ཡིན་ལ། གཟུགས་མེད་པ་ན་སྤྱོད་པ་ནི་ཕྲ་བ་ཡིན་ཏེ། དེའི་ཕྱིར་གཟུགས་རགས་པ་ལ་དགོངས་ཏེ། གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་མེད་པའི་རྣམ་པར་ཐར་

པ་ཞི་བ་གང་དག་ཅེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ་ཞེ་ན། ཁམ་གྱི་ཟས་ལ་ཡང་མཚུངས་སོ། །ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་ལས་འདས་ཏེ་ཞེས་བྱ་བ་ནི་ཁམས་འོག་མའི་ས་པའི་ཁམ་གྱི་ཟས་རགས་པའི་དབང་དུ་མཛད་ནས་གསུངས་ཀྱི། དེའི་ས་པ་ཕྲ་བ་ནི་མ་ཡིན་ནོ། །གལ་ཏེ་

ས་འོག་མ་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་དག་ཅེས་བྱ་བར་འདོད་ན་ནི་དེ་ལྟ་ན་འོ་ན་བསམ་གཏན་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་བསམ་གཏན་དང་པོ་ནི་འདོད་པ་ན་སྤྱོད་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བ་ཡིན་པ་ནས།

དེ་བཞིན་དུ་བསམ་གཏན་བཞི་པ་ནི་གསུམ་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བའི་བར་དུ་ཡིན་པས་གཟུགས་མེད་པར་ཐལ་བར་འགྱུར་རོ། །དེ་ཡང་ས་གོང་མ་ལ་ལྟོས་ནས་རགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་སྲིད་པའི་རྩེ་མོ་ཁོ་ན་གཟུགས་མེད་པ་ཡིན་པར་འགྱུར་རོ། །གལ་

ཏེ་རང་གི་ས་པའི་གཟུགས་ཡོད་བཞིན་དུ་ཡང་འོག་མ་པའི་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་རྣམས་ངེས་པར་འབྱུང་བར་གསུངས་ན་ནི། དེ་ལྟ་ཡིན་ན། ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བར་ཡང་ཅིའི་ཕྱིར་མ་བཤད། དེ་དག་ནི་ས་འོག་མ་པའི་གཟུགས་ལྟར་

ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཡང་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བསྡུའོ། །གཟུགས་ལས་ངེས་པར་འབྱུང་བ་ལྟར་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཉིད་དུ་གསུངས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ས་འོག་

เล่ม ๑๔๕ · หน้า 271a

མ་པའི་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་དག་ཡིན་ནོ་ཞེས་བྱ་བར་མི་ཤེས་ཀྱི། འོ་ན་ཅི་ཞེ་ན། རྣམ་པ་ཐམས་ཅད་དུ་རུང་གི་ས་པའི་གཟུགས་ལས་ཀྱང་ངེས་པར་འབྱུང་བའི་ཕྱིར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་ཀྱི་རྣམ་པ་ཟད་པར་ལས་

འདས་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྣམ་པ་སྨོས་པ་ནི་ནང་གི་འམ་ཕྱིའི་འམ་རགས་པ་འམ་ཕྲ་བ་འམ་དམན་པ་འམ་གྱ་ནོམ་པ་ཞེས་བྱ་བ་ལ་སོགས་པ་གཟུགས་མ་ལུས་པ་ཉེ་བར་གཟུང་བའི་ཕྱིར་ཏེ་གཟུགས་ཀྱི་རྣམ་པ་དེ་དག་ཐམས་ཅད་ལས་འདས་པ་ཡིན་ཏེ། སྙོམས་

པར་འཇུག་པ་དང་སྐྱེ་བ་ལ་གཟུགས་མ་ལུས་པ་མེད་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་རྣམ་པ་ལས་ནི་མ་ཡིན་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་ལ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྲིད་པའི་ཕྱིར་རོ། །སོགས་པ་

ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པའི་བར་བརྗོད་པར་བྱའོ། །དེའི་ཕྱིར་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཞེས་གསུངས་ཀྱི། ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཞེས་ནི་མ་གསུངས་སོ། །གལ་ཏེ་གཟུགས་མེད་པ་རྣམས་གཟུགས་ལས་ངེས་པར་འབྱུང་བ་ཡིན་

ན། འོ་ན་དེའི་ཕྱིར་སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བར་ཐལ་བར་འགྱུར་ལ། དེ་ལྟ་ཡིན་ན་མདོ་དང་འགལ་ཏེ། མདོ་ལས་ང་ནི་སྲིད་པས་སྲིད་པ་ལས་འབྱུང་བར་མི་སྨྲའོ་ཞེས་གསུངས་སོ་ཞེ་ན། དེའི་ཕྱིར་སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བར་གསུངས་པ་ཞེས་བྱ་བ་རྒྱས་

པར་སྨོས་སོ། །འདོད་པའི་སྲིད་པའམ། གཟུགས་ཀྱི་སྲིད་པའམ། གཟུགས་མེད་པའི་སྲིད་པ་དེ་ཉིད་ཀྱིས་འདོད་པའི་སྲིད་པའམ། གཟུགས་ཀྱི་སྲིད་པའམ། གཟུགས་མེད་པའི་སྲིད་པ་དེ་ཉིད་ལས་ངེས་པར་མི་འབྱུང་བའི་ཕྱིར་དེ་སྐད་གསུངས་ཀྱི། ས་དང་ཁམས་གོང་མའི་སྲིད་

པས་ས་དང་ཁམས་འོག་མའི་སྲིད་པ་ལས་ངེས་པར་མི་འབྱུང་བའི་ཕྱིར་ནི་མ་ཡིན་ནོ། །བསམ་གཏན་དང་ཐམས་ཅད་དུ་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་དེ་ལ་གཟུགས་ཀྱི་སྲིད་པས་ནི་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་ཏེ། གཟུགས་ཀྱི་སྲིད་པས་ནི་འདོད་པའི་སྲིད་པ་

เล่ม ๑๔๕ · หน้า 271b

ལྟར་གཟུགས་ཀྱི་སྲིད་པས་གཟུགས་མེད་པའི་སྲིད་པ་ལས་ངེས་པར་འབྱུང་བ་མ་ཡིན་ལ། གཟུགས་མེད་པའི་སྲིད་པས་ཀྱང་གཟུགས་ཀྱི་སྲིད་པ་ལྟར་འདོད་པའི་སྲིད་པ་དང་གཟུགས་མེད་པའི་སྲིད་པ་ལས་ངེས་པར་འབྱུང་བ་མ་ཡིན་ནོ། །གཟུགས་ཀྱི་སྲིད་པས་འདོད་པའི་སྲིད་པ་ལས་

གཏན་དུ་ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། འཇིག་རྟེན་པའི་འདོད་ཆགས་བྲལ་བ་རྣམས་ས་འོག་མར་ཡང་སླར་ལྡོག་པའི་ཕྱིར་རོ། །བསམ་གཏན་དག་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གཟུགས་མེད་པ་དག་ལ་གཟུགས་ཀྱི་རྣམ་པ་མ་གསུངས་པ་ལ་ནི་དེ་མེད་པ་མ་གཏོགས་པ་རྒྱུ་གཞན་

རྟོགས་པར་མི་ནུས་ཏེ། དེའི་ཕྱིར་གཟུགས་མེད་པ་ན་གཟུགས་མེད་དོ་ཞེས་བྱ་བར་གནས་སོ། །ད་ནི་ཇི་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་གཟུགས་མེད་པ་དག་ན་གཟུགས་མེད་ན་དེ་དག་འཆི་འཕོ་ཞིང་ཁམས་འོག་མར་སྐྱེ་བའི་ཚེ་གཟུགས་རྒྱུན་བཅད་པ་རྣམས་ཀྱི་

གཟུགས་ཡང་སྐྱེ་བར་མི་འགྱུར་རོ། །དགྲ་བཅོམ་པ་འཁོར་བ་ཕུང་པོ་རྒྱུན་ཆད་པ་ལ་ཡང་འབྱུང་བར་ཐལ་ལོ་ཞེས་བྱ་བའོ། །གཟུགས་ནི་སེམས་ལས་སྐྱེ་བ་ཡིན། །ཞེས་བྱ་བ་ལ། གཟུགས་མེད་པ་དག་ན་གཟུགས་མེད་པ་དག་ཏུ་སྐྱེ་བ་རྣམས་ལ། གཟུགས་དང་མཐུན་པའི་

སེམས་ཀྱི་རྒྱུན་ཉིད་གནས་ལ། དེ་ཉིད་དེ་དག་གི་འཆི་ལྟས་ཡིན་ནོ་ཞེས་སྨྲས་ཏེ། དེའི་ཕྱིར་སྔར་གཟུགས་དང་ལྷན་ཅིག་སྤྱོད་པའི་སེམས་ཀྱི་རྒྱུད་ཀྱིས་རྐྱེན་གྱིས་རྣམ་པར་སྨིན་པའི་རྒྱུ་སྔར་འགགས་པ་ལས་གཟུགས་སྐྱེ་སྟེ། སྐལ་བ་མཉམ་པའི་རྒྱུ་ནི་འདས་པ་དང་ད་ལྟར་བྱུང་བ་ཁས་

བླངས་པའི་ཕྱིར་རོ། །དགྲ་བཅོམ་པ་རྒྱུན་མ་ལུས་པར་བཅད་པ་ལ་ལས་དང་ཉོན་མོངས་པ་མེད་པའི་ཕྱིར་ཕུང་པོ་སྐྱེ་བའི་རྐྱེན་འགའ་ཡང་མེད་པས་ཡང་དེ་འབྱུང་བར་ཐལ་བ་མེད་དོ། །རེ་ཞིག་འདི་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ནོ། །མདོ་སྡེ་པའི་ཚུལ་གྱིས་ནི་དེའི་རྣམ་པར་སྨིན་པའི་

རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་གཟུགས་མེད་པ་དག་ན་འཆི་འཕོ་བ་ལ་སྐྱེ་བ་གང་ཡིན་པ་དེའི་འོ། །རྣམ་པར་སྨིན་པའི་རྒྱུ་ནི་དེ་འཕེན་པར་བྱེད་པའི་སེམས་པའོ། །དེས་བསྒོས་པ་ནི་གཟུགས་དེ་བསྐྱེད་པར་བྱ་བའི་ཕྱིར།

เล่ม ๑๔๕ · หน้า 272a

དེ་ལ་ནུས་པ་གཞག་པའི་ཕྱིར་རོ། །དེ་འཇུག་པ་ནི་རྒྱུད་ལ་རྙེད་པ་ཡིན་པས་སེམས་འཇུག་པ་རྙེད་པ་ལས་ཏེ། དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་དེ་ལས་གཟུགས་སྐྱེ་བའི་གཟུགས་ལས་ནི་མ་ཡིན་ནོ། །དགྲ་བཅོམ་པ་

ལ་ནི་དེ་ལྟར་རྣམ་པར་སྨིན་པའི་བག་ཆགས་འཇུག་པ་རྙེད་པའི་རྒྱུ་ས་བོན་སྲེད་པ་མེད་པས་ཡང་དེ་ལ་སྐྱེ་བའི་རྒྱུན་དུ་ཐལ་བ་མེད་དོ། །ཇི་ལྟར་གནས་པ་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཞེས་བྱ་བ་དང་། གང་

གི་རྒྱུད་གཟུགས་ལ་སྲེད་པ་བྲལ་བ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །གསུམ་པོ་ཞེས་བྱ་བའི་གཟུགས་མེད་པ་ཞེས་སྦྱར་བའི་ཕྱིར། ཕོའི་རྟགས་ཀྱི་བསྟན་པ་ཡིན་ནོ། །དེ་ལྟར་སྦྱོར་ཕྱིར་ཞེས་བྱ་བ་ནི་སྦྱོར་བའི་དུས་ན་ནམ་མཁའ་ལ་སོགས་པ་ལ་དམིགས་པར་འགྱུར་གྱི།

གཞན་ན་ནི་ཅི་རིགས་པར་ཆོས་གཞན་དག་ལ་ཡང་དམིགས་སོ་ཞེས་སྟོན་ཏོ། །ནམ་མཁའ་མཐའ་ཡས་སོ་སྙོམ་དུ་མོས་པའི་སྦྱོར་བ་གྲུབ་པས་གཟུགས་ལ་རྣམ་པར་གྲོལ་བའི་ཕྱིར་རྣལ་འབྱོར་སྤྱོད་པ་ལ་དེའི་ས་པའི་ཕུང་པོ་དག་ལ་ནམ་མཁའི་འདུ་ཤེས་ཡང་དག་པར་གནས་

སོ། །རྣམ་ཤེས་མཐའ་ཡས་སོ་སྙམ་དུ་མོས་པའི་སྦྱོར་བ་གྲུབ་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ། རྣམ་པར་ཤེས་པའི་ཚོགས་དྲུག་ཡོངས་སུ་དག་པ་ལ་མཚན་མ་བཟུང་ནས་རྣམ་པར་ཤེས་པའོ་ཞེས་ཡིད་ལ་བྱེད། ཉེ་བར་རྟོག་མོས། ཡང་དག་པར་ཤེས། སྦྱོར་བ་

དེ་གྲུབ་པའི་ཕྱིར་དེ་ལས་ལངས་པས་ཅི་རིགས་པར་ཆོས་གཞན་དག་ལ་ཡང་དམིགས་སོ། །ཅི་ཡང་མེད་དོ་སྙམ་དུ་བཏང་སྙོམས་ཀྱི་སྦྱོར་བ་གྲུབ་པས་ཅི་ཡང་མེད་པའི་སྐྱེ་མཆེད་ལྟ་བ་རྒྱ་ཆེ་བ་དང་། མཐའ་ཡས་པ་ལས་དེས་དབེན་པའི་འདུ་ཤེས་ཀྱི་མོས་པ་འབྱུང་ངོ་། །དེའི་

ཕྱིར་སྦྱོར་བའི་དབང་གིས་མིང་བཏགས་སོ། །འདུ་ཤེས་ཆུང་བའི་ཕྱིར་ཏེ། རྒྱུ་བ་མི་གསལ་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ཏེ་འདུ་ཤེས་མེད་པ་ལྟ་བུར་དེ་གནས་སོ། །དེ་ནི་སྙོམས་པར་འཇུག་པ་བདུན་ལ་ཇི་ལྟ་བ་བཞིན་དུ་འདུ་ཤེས་གསལ་བ་མ་ཡིན་ལ།

เล่ม ๑๔๕ · หน้า 272b

འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་དག་ལ་ཇི་ལྟ་བ་བཞིན་དུ་འདུ་ཤེས་མེད་པ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །དེ་ལ་ཡང་དེ་ལྟར་སྦྱོར་བའི་ཕྱིར་

དེ་ཉིད་ཀྱི་སྒོ་ནས་མི་རུང་བ་མ་ཡིན་ནམ་ཞེ་ན་དེའི་ཕྱིར། གལ་ཏེ་དེ་ལ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་དེ་དག་གིས་དེ་ལ་དེ་ལྟར་འཛིན་ཞེས་བྱ་བ་ལ། དེ་དག་གིས་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་པོ་དག་གིས་སོ། །དེ་ལ་ཞེས་བྱ་བ་ནི་འདུ་ཤེས་

མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྟེ། འདུ་ཤེས་དང་འདུ་ཤེས་མེད་པ་ལ་སྐྱེ་བ་དེ་དག་རྒྱུ་ཅིས་དེར་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བློ་སྐྱེ་ཞེས་བྱ་བ་ལ། འདུ་ཤེས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་རྒྱུར་བརྗོད་དགོས་པར་འགྱུར་བས་དེ་ཉིད་བཤད་དེ། སྦྱོར་བའི་དབང་

གིས་རྣམ་གྲངས་གཞན་དུ་མིང་བཏགས་སོ། །སྐྱེ་མཆེད་རྣམས་ལུས་སུ་དཀྲི་བའི་ཕྱིར་དང་། རྒྱས་པར་དཀྲི་བའི་ཕྱིར་སྐྱེ་མཆེད་ཅེས་བྱའོ། །ཇི་ལྟར་ན་བདུན་ནི་རྣམ་པ་གསུམ་ཡིན་ཞེ་ན། རོ་མྱང་ལྡན་དང་དག་པ་དང་། །ཟག་མེད་ཅེས་བྱ་བ་སྨོས་སོ། །ཟག་པ་མེད་པ་ནི་

མེད་དོ་ཞེས་བྱ་བ་ནི་འདུ་ཤེས་དམན་པའི་ཕྱིར་རོ། །བསམ་གཏན་ཉོན་མོངས་པ་གཞན་དང་ལྡན་ཡང་། ཅིའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་དུ་བཤད་ཀྱི། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞེ་ན། བསམ་གཏན་རྣམས་ནི་

དམིགས་པ་དང་འབྲེལ་པས་རབ་ཏུ་ཕྱེ་བའི་ཕྱིར་སྲིད་པ་དང་མཚུངས་པར་ལྡན་པ་དག་ཁོ་ན་བཤད་དེ། ཉོན་མོངས་པ་གཞན་ནི་སྲེད་པ་ཇི་ལྟ་བ་དེ་བཞིན་དུ་དམིགས་པ་དང་སེམས་སྦྲེལ་བར་མི་བྱེད་དེ། རོ་མྱང་བའི་སྒོ་ནས་འཇུག་པའི་ཕྱིར་དང་། ཏིང་ངེ་འཛིན་དང་འདྲ་བར་

དམིགས་པ་ལ་ཉེ་བར་རྟོག་པའི་ཕྱིར་རོ། །འཇིག་རྟེན་པའི་དགེ་བ་ནི། དག་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་མ་འབྲེལ་པའི་ཕྱིར་དང་། མ་ཆགས་པ་ལ་སོགས་པ་དགེ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །རོ་མྱོང་བར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་དག་པ་རོ་

เล่ม ๑๔๕ · หน้า 273a

མྱོང་བར་བྱེད་པའོ། །དེ་ལས་ནི་ལངས་པ་ཡིན་ནོ་ཞེས་བྱ་བ་ནི་དག་པ་ལས་ལངས་པ་ཡིན་ནོ། །གང་གིས་རོ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་རོ་མྱང་བ་དང་མཚུངས་པ་ལྡན་པ་སྟེ་དེ་ལ་སྙོམས་པར་འཇུག་པ་ཡིན་ནོ། །བསམ་གཏན་ཁོ་ན་ཡན་ལག་དང་ལྡན་པ་

ཡིན་གྱི། །གཟུགས་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། ཁ་ཅིག་ན་རེ་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཏེ། གང་དག་གང་ན་རྒྱུ་བ་རགས་པ་ཡིན་པ་དེ་དག་ནི་དེར་ཡན་ལག་ཉིད་དུ་གཞག་ན། གཟུགས་མེད་པ་དག་ན་ནི་ཉེ་བར་ཞི་བ་ལྷག་པའི་ཕྱིར་སེམས་དང་

སེམས་ལས་བྱུང་བ་དེ་དག་ཐམས་ཅད་རྒྱུ་བ་ཞན་པས་དེ་དག་ལ་ཡན་ལག་རྣམ་པར་གཞག་པ་མི་སྲིད་པས་ཏིང་ངེ་འཛིན་ཤས་ཆེ་བ་དེ་དག་ན་ནི་སེམས་ལས་བྱུང་བ་གཞན་འགའ་ཡང་གཙོ་བོ་མ་ཡིན་ནོ། །གཅིག་ལ་ནི་ཡན་ལག་གི་སྒྲར་ཡང་མི་རུང་ངོ་། །དེའི་ཕྱིར་གཟུགས་མེད་པ་

དག་ཏུ་ཡན་ལག་རྣམ་པར་མ་གཞག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་ས་གང་དག་ཏུ་སེམས་ལས་བྱུང་བ་ཚར་ཕྱིན་པ་འགག་པ་དེ་ཁོ་ནར་ཡན་ལག་རྣམ་པར་བཞག་སྟེ། བསམ་གཏན་དང་པོར་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དག་འགག་གོ། །གཉིས་པར་ནི་

རྟོག་པ་དང་། དཔྱོད་པ་དག་གོ། །གསུམ་པར་ནི་དགའ་བའོ། །བཞི་པར་ནི་བདེ་བའི་དབང་པོ་འགག་གོ། །དེ་ཡན་ཆད་ན་ནི་སེམས་ལས་བྱུང་བ་གང་ཡང་ཚར་ཕྱིན་པར་ལྡོག་པ་མེད་དོ་ཞེས་ཟེར་རོ། །ཡན་ལག་ཅེས་བྱ་བའི་དོན་ཅི་ཞིག་ཅེ་ན། འདིས་བསམ་གཏན་

དང་པོ་ལ་སོགས་པ་ནས་བཞི་པའི་བར་གསལ་བར་བྱེད་པས་ན་ཡན་ལག་སྟེ། མཚོན་པར་བྱེད་མངོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ཡན་ལག་གི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་ལ། དེ་དག་ཀྱང་རང་གི་ས་དང་མཐུན་པས་ན་ཡན་ལག་གོ། །ཡང་ན་ཡན་

ལག་གི་སྒྲ་ནི་མཆོད་སྦྱིན་གྱི་ཡན་ལག་ལྟར་ཚོགས་དག་ལ་འཇུག་སྟེ། འདི་དག་ཕན་ཚུན་ཚོགས་ཡིན་པས་ཡན་ལག་ཡིན་ནོ། །ཏིང་ངེ་འཛིན་ནི་ཡན་ལག་ཀྱང་ཡིན་ལ་བསམ་གཏན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་རྟོགས་པ་ལ་སོགས་

เล่ม ๑๔๕ · หน้า 273b

པ་རྣམས་སོ། །ཡན་ལག་བཞི་པའི་དམག་ཡན་ལག་དག་ལས་དོན་གཞན་དུ་གྱུར་པ་མེད་པར་ཇི་ལྟ་བར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་དང་འདྲ་སྟེ། འདིར་ཚོགས་པ་ལ་ལྟོས་ནས་བསྟན་པའི་ཕྱིར་དོན་གཞན་དུ་གྱུར་པ་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་

ཏིང་ངེ་འཛིན་གཙོ་བོར་བརྗོད་པའི་ཕྱིར་བཤད་དོ། །ས་དེ་དག་ནི་ཏིང་ངེ་འཛིན་གཙོ་བོ་ཡིན་ཏེ། མདོ་ལས་ཏིང་ངེ་འཛིན་གྱི་དབང་པོ་ནི་བསམ་གཏན་བཞི་དག་ལ་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ནི་དེ་ལ་

འདུ་བྱེད་བཏང་སྙོམས་ནི་བསམ་གཏན་གཉིས་པའི་ས་པའི་དགའ་བ་ལ་གཏོད་པ་མེད་པའོ། །དྲན་པ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་མི་བརྗེད་པ་སྟེ། ཐག་མི་རིང་བའི་ཚུལ་གྱིས་སོ། །ཤེས་བཞིན་ནི་རྗེས་སུ་བསྲུང་བའི་ཚུལ་གྱིས་སོ། །བཏང་སྙོམས་ཡོངས་སུ་དག་པ་ཞེས་བྱ་བ་ལ། བཏང་སྙོམས་ཀྱི་ཡོངས་

སུ་དག་པ་ནི་བཏང་སྙོམས་ཡོངས་སུ་དག་པ་སྟེ། ས་འོག་མའི་སྐྱོན་དང་བྲལ་བའི་ཕྱིར་རོ། །སྐྱོན་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་ལ་སོགས་པ་བརྒྱད་དེ་དེ་དག་བཤད་པར་བྱའོ། །དྲན་པ་ཡོངས་སུ་དག་པ་དེ་དང་འདྲ་སྟེ། སྐྱོན་དང་བྲལ་བའི་ཕྱིར་རོ། །བསམ་གཏན་དང་པོ་པ་ཞེས་བྱ་བ་

ལ། བསམ་གཏན་དང་པོ་ན་ཡོད་པ་ནི་བསམ་གཏན་དང་པོ་པའོ། །དེ་ཉིད་ཀྱི་ཕྱིར་སྨྲ་བ་ཞེས་བྱ་བ་ནི་གང་གི་ཕྱིར་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ལྷག་པ་དང་། གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་རྣམས་ལྷག་པ་དང་། བཞི་པ་

ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལྷག་པ་དང་པོ་དང་གཉིས་པ་དག་ཏུ་དགའ་བ་དང་བདེ་བ་དག་ཁྱད་པར་མེད་པ་དང་། གསུམ་པ་དང་བཞི་པ་དག་ཏུ་བཏང་སྙོམས་དང་དྲན་པ་ཁྱད་པར་མེད་པ་དང་། བཞི་ཀར་ཏིང་ངེ་འཛིན་ཁྱད་པར་མེད་པས་ཏེ།

དེའི་ཕྱིར་སྨྲས་པ། ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གཉིས་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་པ་དག་སྟེ། བསམ་གཏན་དང་པོ་ཁོ་ན་ན་ཡོད་པའི་ཕྱིར་དང་། གཉིས་པ་ན་མེད་པའི་ཕྱིར་རོ། །གཉིས་པ་ན་མེད་

เล่ม ๑๔๕ · หน้า 274a

པའི་ནང་རབ་ཏུ་དང་བའོ་ཞེས་བྱ་བ་ནི་གཉིས་པ་ཁོ་ན་ན་ཡོད་པའི་ཕྱིར་དང་། དང་པོ་ན་མེད་པའི་ཕྱིར་རོ། །གསུམ་པ་ནི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་གཉི་ག་ན་ཡོད་པའི་ཕྱིར་རོ། །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་

རྣམས་སོ་ཞེས་བྱ་བ་ནི་བཤད་པ་དག་ལས་གཞན་པའི་ཆོས་གང་དག་ཡིན་པ་དེ་རྣམས་ནི་བསམ་གཏན་དང་པོའི་ཡན་ལག་མ་ཡིན་ཞིང་གཉིས་པའི་ཡན་ལག་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་ཐམས་ཅད་ཕན་ཚུན་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཡན་ལག་གང་དག་

བསམ་གཏན་དང་པོ་ན་ཡོད་པ་དེ་དག་གསུམ་པ་ན་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །མུ་བཞི་པ་ནི་

བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་

མ་ཡིན་པའི་ཚོར་བ་དང་། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པའོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་གསུམ་པ་ན་ཡང་

ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའི་ཆོས་རྣམས་སོ། །

ཡན་ལག་གང་དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་། དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་། བཏང་སྙོམས་

เล่ม ๑๔๕ · หน้า 274b

ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པའོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གསུམ་ན་ཡོད་པ་དེ་དག་བསམ་གཏན་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་

པོ་ནི་ཏིང་ངེ་འཛིན་མ་གཏོགས་པ་བསམ་གཏན་གསུམ་པའི་ཡན་ལག་རྣམས་སོ། །གཉིས་པ་ནི་ཏིང་ངེ་འཛིན་མ་གཏོགས་པ་བསམ་གཏན་བཞི་པའི་ཡན་ལག་རྣམས་སོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །བསམ་གཏན་གསུམ་

ཆར་ན་ཚོར་བ་བདེ་བ་ཡོད་པའི་དབང་དུ་བྱས་ཏེ། འདྲི་བ་ནི། ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེས་བྱ་བ་སྟེ། བསམ་གཏན་གཉིས་པ་ན་ཡོད་པ་ནི་མ་ཡིན་སྙམ་དུ་བསམས་པའོ། །ཡང་ཇི་ལྟར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་

རྫས་གཞན་དུ་བརྗོད་ཅེ་ན། གསུམ་པ་ལ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་རྣམས་སོ་ཞེས་སྨོས་པའི་ཕྱིར་རོ། །དང་པོ་ན་ཤིན་ཏུ་སྦྱངས་པའི་བདེ་བ་ཡིན་ཞེས་བྱ་བ་ནི་བདེ་བ་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་སྦྱངས་པའི་བདེ་བ་དང་། ཚོར་བ་བདེ་བའོ། །དེ་ལ་བསམ་

གཏན་དང་པོ་དང་། གཉིས་པ་དག་ཏུ་ནི་ཤིན་ཏུ་སྦྱངས་པའི་བདེ་བའི་ཡང་འདི་བཤད་ལ། བསམ་གཏན་གསུམ་པར་ནི་ཚོར་བ་བདེ་བ་ཡན་ལག་ཏུ་བཤད་པས་དེའི་ཕྱིར་བསམ་གཏན་གསུམ་པའི་བདེ་བ་བསམ་གཏན་དང་པོ་དང་གཉིས་པའི་བདེ་བ་ལས་རྫས་གཞན་དུ་བརྗོད་དོ། །འདི་ལ་ནི་ཤིན་ཏུ་སྦྱངས་པ་

བདེ་བ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། སྙོམས་པར་འཇུག་པའི་བསམ་གཏན་གཉིས་ན་བདེ་བའི་དབང་པོ་དང་མི་ལྡན་པའི་ཕྱིར་ཏེ་ཞེས་བྱ་བའོ། །དེ་ནི་ལུས་ཀྱིའམ་སེམས་ཀྱི་གཞི་ཡིན་གྲང་ན། གཉི་ག་ཡང་དེ་ན་མི་སྲིད་དོ། །ལུས་ཀྱི་ནི་རྣམ་པར་ཤེས་པ་ལྔ་

དང་ལྷན་ཅིག་སྐྱེས་པ་ཡིན་ན་སྙོམས་པར་ཞུགས་པ་ལ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཀུན་དུ་འབྱུང་བ་མ་ཡིན་ཏེ། ཁ་ཕྱིར་བལྟས་པར་འཇུག་པའི་ཕྱིར་རོ། །དེ་ན་སེམས་ཀྱི་བདེ་བ་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དགའ་བ་ཞེས་འབྱུང་བའི་ཕྱིར་རོ། །དེ་ན་ཡོད་པའི་

เล่ม ๑๔๕ · หน้า 275a

སེམས་ཀྱི་བདེ་བ་གང་ཡིན་པ་དེ་ནི་དགའ་བ་ཞེས་བྱའོ། །ཇི་སྟེ་དགའ་བ་ནི་ཚོར་བ་མ་གཏོགས་པའི་ཆོས་གཞན་ཁོ་ན་ཡིན་ལ། བདེ་བ་ནི་བསམ་གཏན་གསུམ་ན་ཡོད་པའི་ཚོར་བ་སིམ་པ་ཡིན་ནོ་སྙམ་ན། དེའི་ཕྱིར་དགའ་བ་ནི་ཡིད་བདེ་བ་ཡིན་ན་ཞེས་བྱ་བ་སྨོས་ཏེ།

དགའ་བ་ནི་ཡིད་བདེ་བ་ལས་ལོགས་ཤིག་ཏུ་ངེས་པར་མི་ཟིན་ལ། བདེ་བ་དང་ཡིད་བདེ་བ་དག་ཀྱང་ཅིག་ཅར་ཡོད་པ་མ་ཡིན་ཏེ། ཚོར་བའི་རྫས་གཉིས་སེམས་གཅིག་ལ་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །དེ་གཉིས་རྣམས་གྲངས་ཀྱིས་ཞེས་བྱ་བ་ནི་བདེ་བ་དང་ཡིད་

བདེ་བ་གཉིས་སོ། །ཡན་ལག་ལྔ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་གཉིས་རྣམ་གྲངས་ཀྱིས་འབྱུང་ན་ནི་བསམ་གཏན་ཡན་ལག་བཞི་པ་ཁོ་ནར་འགྱུར་གྱི་ཡན་ལག་ལྔ་པ་ནི་མ་ཡིན་ཏེ། སྐད་ཅིག་རེ་རེ་ལ་བདེ་བ་དང་ཡིད་བདེ་བ་གཉིས་ལས་གང་ཡང་རུང་

བ་ཞིག་མེད་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་ལས་བྱུང་བའི་བདེ་བའི་དབང་པོ་ནི་མེད་པ་ཁོ་ན་སྟེ་ཞེས་བྱ་བ་ནི་བདེ་བའི་དབང་པོ་ནི་ལུས་ཀྱི་ཁོ་ན་ཡོད་ཀྱི་སེམས་ཀྱི་ནི་མེད་དོ། །སེམས་ཀྱི་ཚོར་བ་སིམ་པ་ནི་ཡིད་བདེ་བའི་དབང་པོ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་བདེ་བའི་དབང་པོ་

སེམས་ཀྱི་མ་ཡིན་ན། འོ་ན་ཇི་ལྟར་བསམ་གཏན་གསུམ་པར་བདེ་བ་ཡན་ལག་ཏུ་རྣམ་པར་གཞག་ཅེ་ན། དེའི་ཕྱིར་བསམ་གཏན་གསུམ་ཆར་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པའི་བདེ་བ་ཡན་ལག་མ་ཡིན་ལ། གསུམ་པར་སེམས་

ཀྱི་བདེ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བསམ་གཏན་གསུམ་ཆར་ན་ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་རྣམ་པར་གཞག་གོ་ཞེས་ཟེར་རོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་སེམས་ཀྱི་བདེ་བའི་དབང་པོ་མེད་དོ་ཞེས་བྱ་བ་འདི་ལ་འགལ་བ་སྟོན་པའོ། །ཇི་ལྟར་ཞེ་ན། ལུས་ཀྱི་ལྟར་སེམས་ཀྱི་བདེ་བ་ཡང་

སེམས་ཀྱི་དབང་པོ་ཉིད་དུ་གསུངས་པའི་ཕྱིར་རོ། །ཚིག་དེ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ཏེ་ཞེས་བྱ་བ་ལ། གང་ཞེ་ན། སེམས་ལས་བྱུང་བའི་ཞེས་བྱ་བའོ། །སྒྲོ་བཏགས་པ་ཡིན་གྱི། གཙུག་ལག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། སྡེ་པ་གཞན་ཐམས་ཅད་ལས་ལུས་

เล่ม ๑๔๕ · หน้า 275b

ཀྱི་ཞེས་བྱ་བ་དེ་སྐད་དུ་འབྱུང་བའི་ཕྱིར་སྒྲོ་བཏགས་པ་ཡིན་ནོ་ཞེས་བྱ་བར་ཤེས་ཏེ། དེའི་ཕྱིར་མདོ་དང་འགལ་བ་མེད་དོ། །བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་བསམ་གཏན་གསུམ་པར་ཏེ། རང་གི་སྒྲས་གསུངས་པའི་ཕྱིར་ལུས་ཀྱི་བདེ་བ་ཁོ་ནའོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ཡིད་

ཀྱི་ལུས་སོ་ཞེས་བྱ་བ་ནི་ཅི་སྟེ་འདིར་ལུས་ཀྱི་སྒྲ་ལུས་ཀྱི་དབང་པོ་ལ་མི་འདོད་ཀྱི། འོ་ན་ཅི་ཞེ་ན། ཡིད་ཀྱི་ལུས་ཡིན་ཏེ། ཚོར་བའི་ཚོགས་དྲུག་ལྟར་གཟུགས་ཅན་མ་ཡིན་པ་དག་ལ་ཡང་ལུས་ཀྱི་སྒྲ་མཐོང་ངོ་། །དེའི་ཕྱིར་ཡིད་ཀྱི་ལུས་སོ་ཞེས་བྱ་བར་ཤེས་པར་བྱའོ་སྙམ་ན། དེ་སྐད་དུ་

བཤད་དེ་ཡོན་ཏན་ཅི་ཞིག་ཡོད། བདེ་བ་ཡིད་ཀྱིས་མྱོང་ལ་ཞེས་གསལ་པོ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟར་ན་བསམ་གཏན་གསུམ་པ་ན་ལུས་ཀྱི་བདེ་བ་ཁོ་ན་ཡོད་ཀྱི་སེམས་ཀྱི་ནི་མ་ཡིན་ནོ། །བསམ་གཏན་དང་པོ་གཉིས་ན་ཡང་ལུས་ཀྱི་བདེ་བ་ཁོ་ན་ཡོད་ཀྱི་ཤིན་ཏུ་སྦྱངས་པའི་བདེ་བ་

ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསམ་གཏན་བཞི་པ་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་དང་པོ་དང་གཉིས་པ་བས་བསམ་གཏན་བཞི་པ་ལ་ཤིན་ཏུ་སྦྱངས་པ་མང་ཡང་བདེ་བ་མ་སྨོས་པ་དེའི་ཕྱིར་བསམ་གཏན་དང་པོ་གཉིས་ན་ཚོར་བའི་བདེ་བ་མངོན་པར་འདོད་ཀྱི། ཤིན་ཏུ་

སྦྱངས་པའི་བདེ་བ་ནི་མ་ཡིན་ཏེ། གཞན་དུ་ན་བསམ་གཏན་བཞི་པ་ཤིན་ཏུ་སྦྱངས་པའི་ཕྱིར་བདེ་བ་ཆེས་ཤིན་ཏུ་ཡན་ལག་ཏུ་རྣམ་པར་འཇོག་པར་འགྱུར་རོ། །གལ་ཏེ་བདེ་བའི་ཚོར་བ་དང་མཐུན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་དང་པོ་གཉིས་ན་བདེ་བ་ཡོད་པས་

དེ་དང་རྗེས་སུ་མཐུན་པའི་ཤིན་ཏུ་སྦྱངས་པའི་བདེ་བ་བཤད་ཀྱི་བསམ་གཏན་བཞི་པ་ལ་ནི་བདེ་བ་མེད་པའི་ཕྱིར་ཤིན་ཏུ་སྦྱངས་པ་མང་ཡང་བདེ་བ་དང་མཐུན་པ་མ་ཡིན་པས་བདེ་བ་ཞེས་མི་བརྗོད་དོ་ཞེས་བྱ་བའོ། །གསུམ་པ་ན་ཡོད་པའི་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གསུམ་པ་

ན་ཡོད་པའི་ཤིན་ཏུ་སྦྱངས་པ་ཆེས་ཤིན་ཏུ་བདེ་བ་དང་མཐུན་པ་ཡིན་ལ། བདེ་བ་ཡང་མ་གསུངས་པས་འཁྲུལ་ལོ་ཞེས་བྱ་བའོ། །གལ་ཏེ་བཏང་སྙོམས་ཀྱིས་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པ་བདེ་བ་དང་མཐུན་པ་ཡིན་མོད་ཀྱི། དེ་ནི་བཏང་

เล่ม ๑๔๕ · หน้า 276a

སྙོམས་ཀྱི་ས་བཅོམ་པས་བདེ་བར་མ་བརྗོད་དོ་ཞེས་བྱ་བའོ། །མ་ཡིན་ཏེ་བཏང་སྙོམས་ཁོ་ནས་དེ་འཕེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟར་མ་ཡིན་ཏེ། བཏང་སྙོམས་ཁོ་ནས་བསམ་གཏན་གསུམ་པར་ཤིན་ཏུ་སྦྱངས་པ་འཕེལ་བའི་ཕྱིར་རོ། །

འདི་ཇི་ལྟར་ཤེས་ཤེ་ན། སྔ་མ་གཉིས་པས་དེ་ཁྱད་པར་དུ་འཕགས་པས་ཞེས་བྱ་བ་སྨོས་ཏེ། བསམ་གཏན་དང་པོ་དང་གཉིས་པའི་ས་པའི་ཤིན་ཏུ་སྦྱངས་པ་བས་བསམ་གཏན་གསུམ་པའི་ས་པའི་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། ས་འོག་མའི་སྐྱོན་

སྤངས་པ་ལས་དེར་ལུས་དང་སེམས་དག་ཆེས་ལས་སུ་རུང་བའི་ཕྱིར་རོ། །གང་གི་ཚེ་འཕགས་པ་ཉན་ཐོས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཇི་ལྟར་དེ་ལས་ཤིན་ཏུ་སྦྱངས་པ་དང་བདེ་བ་སོ་སོར་བཤད་ཅེ་ན། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ལས་སྐྱེས་པའི་བདེ་བ་

ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་འདིའི་ཆོས་ལྔ་ནི་སྤོང་བར་འགྱུར་ལ། ཆོས་ལྔ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་ནས། ཆོས་ལྔ་པོ་གང་དག་གཅིག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ནང་རབ་

ཏུ་དང་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་ཏེ་ཆོས་ལྔ་པོ་འདི་དག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་སྟེ། དེའི་ཕྱིར་དེ་ལྟར་ན་འདི་ལས་ཤིན་ཏུ་སྦྱངས་པ་གསུངས་ནས་ཡང་བདེ་བ་སྨོས་པའི་ཕྱིར་ཤིན་ཏུ་སྦྱངས་པ་

དང་བདེ་བ་གཉིས་ཐ་དད་པར་འབྱུང་ངོ་། །དེའི་ཕྱིར་བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ཁོ་ན་བདེ་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་སྙོམས་པར་ཞུགས་པ་ལ་ཇི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་ནི་དེ་དག་གིས་བདེ་བའི་དབང་པོ་ཐམས་ཅད་ལུས་ཀྱི་

ཡིན་པར་ཁས་བླངས་ན་སྙོམས་པར་ཞུགས་པ་ལ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཀུན་དུ་འབྱུང་བར་མི་རུང་སྟེ། ཁ་ཕྱིར་བལྟས་པར་འཇུག་པའི་ཕྱིར་དང་། རྣམ་པར་ཤེས་པ་གཉིས་ཅིག་ཅར་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ཞེས་བྱ་བ་ནི་ཏིང་ངེ་

เล่ม ๑๔๕ · หน้า 276b

འཛིན་གྱི་ཁྱད་པར་ནི་བསམ་གཏན་གསུམ་པ་སྟེ། དེ་ལས་སྐྱེས་པ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའོ། །ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི། དེ་ལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་སྟེ། ལུས་མཉེན་པར་བྱེད་པའི་ཕྱིར་རོ། །བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་བདེ་བའི་

ཡུལ་ལོ། །ལུས་ལ་རྒྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ལ་ཁྱབ་པའི་ཕྱིར་རོ། །སྙོམས་པར་ཞུགས་པ་ལ་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་བ་ནི་དེ་ལྟ་བུའོ། །གལ་ཏེ་ཕྱི་རོལ་ཏུ་རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་ཉམས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེའི་སྟོབས་ཀྱིས་

ཏིང་ངེ་འཛིན་བསྟན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཏིང་ངེ་འཛིན་གྱི་རྒྱུ་མཚན་ཅན་གྱི་བདེ་བ་ལུས་ཀྱི་ནང་དུ་འབྱུང་བའི་ཕྱིར་ཕྱི་རོལ་དུ་རྣམ་པར་གཡེངས་པ་མེད་ལ་བདེ་བ་དེ་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་དེ་མངོན་དུ་གྱུར་ན་ཏིང་ངེ་འཛིན་

ཉམས་པར་མི་འགྱུར་རོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་ལངས་པར་འགྱུར་རོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་ཤེས་པ་དེ་མཉམ་པར་གཞག་པ་དང་མཐུན་པ་ཡིན་ཡང་། མཉམ་པར་མ་བཞག་པ་ཁོ་ན་ཡིན་པས་དེའི་ཕྱིར་མཉམ་པར་བཞག་པའི་རྣམ་པར་ཤེས་པ་འགག་

པའི་ཕྱིར་དང་། ལུས་ཀྱི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་སྐྱེས་པའི་ཕྱིར་ལངས་པར་འགྱུར་རོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་ལངས་པར་མི་འགྱུར་བ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པ་ལུས་ཀྱི་ནང་དུ་འབྱུང་བའི་ལུས་

ཀྱི་བདེ་བ་ནི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་རོ་ཞེས་དེ་མ་ཐག་ཏུ་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོ་ནི་གཟུགས་ན་སྤྱོད་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་རེག་

བྱའི་ཡུལ་ཅན་མ་ཡིན་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་རྟེན་དུ་ཡང་མི་རུང་སྟེ། གསུམ་དག་ནི་ཐམས་ཅད་རང་གི་ས་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་ཤིན་ཏུ་སྦྱངས་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་

เล่ม ๑๔๕ · หน้า 277a

པའི་ལུས་ཀྱི་དབང་པོས་གཟུགས་ན་སྤྱོད་པ་ཤིན་ཏུ་སྦྱངས་པའི་མིང་ཅན་རེག་བྱ་ཁོ་ན་འཛིན་གྱི། དེའི་ས་པ་གཞན་ནི་མ་ཡིན་པས་སྐྱོན་མེད་དོ། །ཟག་པ་མེད་པ་དག་ཏུ་ཡང་འགྱུར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་བསམ་གཏན་ལ། རེག་བྱ་དང་ལུས་

ཀྱི་རྣམ་པར་ཤེས་པ་གཉིས་ཀྱང་ཟག་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡན་ལག་ཅུང་ཟད་ཅིག་ནི་ཟད་པ་དང་བཅས་པ། ཅུང་ཟད་ཅིག་ནི་ཟག་པ་མེད་པ་ཡིན་ན་མི་རུང་བས་སོ། །ཡང་ཇི་ལྟར་ན་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་ཡན་ལག་ཉིད་ཡིན་ཞེ་ན། དེ་

གཉིས་ཡན་ལག་ཏུ་མི་བརྗོད་ཀྱི་འོ་ན་ཅི་ཞེ་ན། བདེ་བ་བརྗོད་ལ། དེ་གཉིས་ནི་དེ་དང་མཚུངས་པར་ལྡན་པའི་ཕྱིར་དང་། དེའི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་མེད་པ་ཉིད་བཤད་དོ། །ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དུ་གསུངས་པ་དང་། བྱང་ཆུབ་ཀྱི་ཡན་

ལག་རྣམས་ཀྱང་ཟག་པ་མེད་པའི་ཕྱིར་དེ་དག་ཀྱང་ཟག་པ་མེད་པར་འདོད་དོ། །བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་ཀྱི། དངོས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེ་ན། ཟག་པ་མེད་པ་ཉིད་ཀྱང་དེ་དང་འདྲ་སྟེ། ཟག་པ་མེད་པ་དང་

མཐུན་པའི་ཕྱིར་ཟག་པ་མེད་པ་དག་ཡིན་གྱི། དངོས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །མིག་ཇི་སྙེད་པ་དང་། གཟུགས་ཇི་སྙེད་པ་དང་། མིག་གི་རྣམ་པར་ཤེས་པ་ཇི་སྙེད་པ་ནས། དེ་བཞིན་དུ་རྒྱས་པར་ལུས་ཇི་སྙེད་པ་དང་། རེག་བྱ་ཇི་སྙེད་པ་དང་། ལུས་ཀྱི་རྣམ་པར་ཤེས་

པ་ཇི་སྙེད་པ་ཞེས་བྱ་བའི་མདོ་འདི་དང་འགལ་ཏེ། རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་གཉི་ག་ཟག་པ་དང་བཅས་པ་ཉིད་དུ་གསུངས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལས་གཞན་པའི་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་ལ་དགོངས་ཏེ་

གསུངས་པའི་ཕྱིར་འགལ་བ་མེད་དོ། །གལ་ཏེ་བདེ་བ་དང་དགའ་བ་ཕྲད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་དག་ནི་ཅིག་ཅར་ཡོད་པ་མ་ཡིན་ཏེ། ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་

เล่ม ๑๔๕ · หน้า 277b

ཡན་ལག་ལྔར་མི་འགྱུར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་སྲིད་པའི་ཕྱིར་བསྟན་པས་ཞེས་བྱ་བ་ནི་ཡན་ལག་ལྔ་བསྟན་པ་དང་འགལ་བ་མེད་དེ། སྲིད་པའི་ཕྱིར་བསྟན་པས་སོ། །རྟོག་པ་དང་དཔྱོད་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྟོག་པ་དང་དཔྱོད་པ་དག་ཅིག་ཅར་མི་འབྱུང་ཡང་

སྲིད་པའི་དབང་དུ་བྱས་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཞེས་བཤད་པ་བཞིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་གཉིས་རིམ་གྱིས་འཇུག་གོ། །ཅིག་ཅར་མ་ཡིན་པ་སྟེ་བསྒྲུབ་པར་བྱ་བ་ཡིན་པའམ། ཡང་ན་ལྔ་པོ་རྣམ་

གྲངས་ཀྱིས་ཡོད་པས་ཡན་ལག་ལྔ་ཡིན་གྱི། ལྔ་པོ་ཅིག་ཅར་ཡོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཡིན་པའོ། །གྲུབ་པ་ཡིན་ཏེ། སེམས་ཀྱི་རྩིང་བ་དང་ཞིབ་པ་དག་ཕན་ཚུན་བཅོམ་ནས་འབྱུང་བའི་ཕྱིར་ཅིག་ཅར་མི་སྲིད་ཅིང་། རྩིང་བ་དང་ཞིབ་པ་ས་དང་རྣམ་པ་

པའི་བྱེ་བྲག་གིས་ལྟོས་པ་ཅན་ཡང་ཡིན་པས་སྲིད་པའི་རྩེ་མོའི་བར་དུ་རྟོག་པ་དང་དཔྱོད་པ་དག་ཡོད་པར་འགྱུར་རོ་ཞེས་སྔར་མཛོད་ཀྱི་གནས་གཉིས་པར་རྒྱས་པར་སྨོས་ཟིན་ཏོ། །དེ་ལྟ་བས་ན་བསམ་གཏན་དང་པོ་ལ་ཡོད་པའི་ཡན་ལག་ལྔ་པོ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་

ཏིང་ངེ་འཛིན་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ཁོ་ན་ལས་ཡན་ལག་གཉིས་དང་གསུམ་དང་བཞི་བོར་ནས་ཡིན་ཏེ། དེ་ལ་ཡན་ལག་གཉིས་བོར་ནས་བསམ་གཏན་གཉིས་པ་རྣམ་པར་གཞག་སྟེ། དེ་ན་རྟོག་པ་དང་དཔྱོད་པ་དག་མེད་པའི་ཕྱིར་རོ། །ཡན་ལག་གསུམ་

བོར་ནས་བསམ་གཏན་གསུམ་པ་རྣམ་པར་གཞག་སྟེ། དེ་ན་དགའ་བ་ཡང་མེད་པས་སོ། །ཡན་ལག་བཞི་བོར་ནས་བསམ་གཏན་བཞི་པ་རྣམ་པར་གཞག་སྟེ། དེ་ན་བདེ་བ་ཡང་མེད་པས་སོ། །དེ་ཉིད་ཀྱི་ཕྱིར་དེ་དག་བོར་ནས་བསམ་གཏན་ལྷག་མ་རྣམ་པར་གཞག་པའི་

ཕྱིར། བསམ་གཏན་དང་པོ་ལ་སེམས་ལས་བྱུང་བ་གཞན་དག་ཡོད་ཀྱང་ལྔ་ཁོ་ན་ཡན་ལག་ཏུ་བཤད་ཀྱི། འདུ་ཤེས་ལ་སོགས་པ་རྣམས་ནི་མ་ཡིན་ནོ། །འདུ་ཤེས་ལ་སོགས་པ་རྣམས་བོར་ནས་བསམ་གཏན་གོང་མ་རྣམ་པར་གཞག་པ་ནི་མ་ཡིན་ཏེ། དེ་རྣམས་ཐམས་

เล่ม ๑๔๕ · หน้า 278a

ཅད་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་དང་པོ་ལ་དེ་རྣམས་ཡན་ལག་ཉིད་དུ་མ་གསུངས་སོ། །ཡང་ན་ཅིའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་དགོངས་པ་འདི་མི་འདོད་ན་རྒྱུ་གཞན་ཞིག་བརྗོད་པར་བྱའོ་ཞེས་བྱ་བའོ། །གལ་ཏེ་ཕན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་ཤེས་ལ་སོགས་

པ་དག་པས་རྟོག་པ་ལ་སོགས་པ་རྣམས་ཕན་པ་ཡིན་པའི་ཕྱིར་རོ་ཞེས་རྒྱུ་གཞན་སྨྲས་པ་ནི་དྲན་པ་དང་ཤེས་རབ་དག་ཆེས་ཕན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དྲན་པ་དང་ཤེས་རབ་ཇི་ལྟ་བ་དེ་ལྟར་རྟོག་པ་དང་དཔྱོད་པ་ཕན་པ་མ་ཡིན་ཏེ། དྲན་པ་ལེགས་པར་གནས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་

པ་ལ་ཞུམ་པ་དང་རྒོད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དྲན་པ་དང་ཤེས་རབ་གཉིས་ཕན་པ་ཡིན་ཡང་ཡན་ལག་ཏུ་མ་བཤད་པ་དེའི་ཕྱིར་རྟོག་པ་ལ་སོགས་པ་རྣམས་ཕན་པའི་ཕྱིར་བསམ་གཏན་དང་པོའི་ཡན་ལག་ཏུ་མ་བཤད་ཀྱི། འོ་ན་ཅི་ཞེ་ན། ཡན་ལག་གཉིས་དང་གསུམ་དང་

བཞི་བོར་ནས་བསམ་གཉིས་པ་ལ་སོགས་པ་རྣམ་པར་གཞག་པར་བྱ་བའི་ཕྱིར་ཡིན་ནོ། །ཁ་ཅིག་དེ་སྐད་དུ་རྒོལ་བ་ཡོད་ཀྱི་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་གཉིས་པས་དྲན་པ་དང་ཤེས་རབ་ཆེས་ཕན་ན་ཅིའི་ཕྱིར་མ་སྨོས་ཞེས་བྱ་བ་འདི་ནི་བདག་ཉིད་ཀྱིས་ཉེ་བར་ཤེས་པ་མ་ཡིན་པ་ཉིད་དོ་ཞེས་

སྟོན་པའོ། །སྔོན་གྱི་སློབ་དཔོན་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྙེད་མངོན་པ་དེ་དག་ཐམས་ཅད་ཡན་ལག་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སེམས་ལས་བྱུང་བ་ཁ་ཅིག་ཁོ་ན་ཡན་ལག་ཡིན་ཏེ། རང་གི་བདེ་བ་རྒན་རབས་རྣམས་ཀྱིས་ཡན་ལག་ལྔ་ལ་སོགས་པ་ཡོངས་སུ་བཟུང་བའི་ཕྱིར་རོ། །

ཞར་ལ་བྱུང་བས་ཆོག་གོ། །རྒྱུད་རབ་ཏུ་ཞི་བར་རྒྱུ་བ་ཞེས་བྱ་བ་ལ། སྔར་རྟོག་པ་དང་དཔྱོད་པའི་འཁྲུག་པས་སེམས་དམིགས་པ་ལ་གཞོལ་བར་མ་གྱུར་པ་ལ་རྟོག་པ་དཔྱོད་པ་དང་བྲལ་བས་དམིགས་པ་ཆེས་མཉམ་པར་གཞག་པར་འགྱུར་ཏེ། དེའི་ཕྱིར་རྟོག་པ་དང་དཔྱོད་པའི་

འཁྲུག་པ་དང་བྲལ་བས་རབ་ཏུ་དང་བར་གནས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རབ་ཏུ་དང་བ་དད་པ་ཡིན་ནོ་ཞེས་ཟེར་ཏེ། རབ་ཏུ་དང་བ་དད་པ་ཉིད་ཡིན་པས་རབ་ཏུ་དང་བ་དད་པ་སྟེ། དེ་ནི་བསམ་གཏན་གཉིས་པ་ཐོབ་པའི་ཕྱིར་ངེས་པར་འབྱུང་བ་ཡིན་དང་མཉམ་པར་གཞག་པའི་

เล่ม ๑๔๕ · หน้า 278b

ས་དག་ལ་ངེས་པར་འབྱུང་ངོ་སྙམ་དུ་ཡིད་ཆེས་པ་སྐྱེ་སྟེ་དེ་ནི་འདིར་ནང་རབ་ཏུ་དང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དད་པ་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ཐམས་ཅད་དུ་ཡོད་པ་ཡིན་ཡང་བསམ་གཏན་གཉིས་པ་ཁོ་ན་ལ་ཡན་ལག་ཏུ་རྣམ་པར་གཞག་གོ། །གཞན་དག་ན་རེ་རྟོག་པ་དང་དཔྱོད་པ་དང་

ཏིང་ངེ་འཛིན་རྣམས་ཀྱང་རྫས་གཞན་མ་ཡིན་ལ། ནང་རབ་ཏུ་དང་བ་ཡང་རྫས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་སེམས་ཀྱི་ངག་ཀུན་ནས་སློང་བར་བྱེད་པའི་གནས་སྐབས་རྩིང་བ་ཉིད་ནི་རྟོག་པ་ཡིན་ལ། ཞིབ་པའི་ཀུན་ནས་སློང་བའི་གནས་སྐབས་ནི་དཔྱོད་པའོ། །རྣམ་པར་མི་གཡེངས་

པའི་གནས་སྐབས་ནི་ཏིང་ངེ་འཛིན་ཏོ། །རབ་ཏུ་ཞི་བར་རྒྱུ་བའི་གནས་སྐབས་ནི་ནང་ཡོངས་སུ་དང་བའོ། །རྫས་གཞན་མེད་ན་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སེམས་ལས་བྱུང་བ་ནི་སེམས་ལ་ཡོད་པ་ཡིན་ཏེ། སེམས་ཉིད་སེམས་ལས་བྱུང་བ་ཡིན་པར་ནི་མི་རིགས་སོ་ཞེས་བྱ་

བའོ། །ཆོས་གཞན་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་ལ་ཡོད་པའི་གནས་སྐབས་ཀྱི་བྱེ་བྲག་ཅེས་བྱ་བ་ཡང་སེམས་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་མ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་ལ་སོགས་པ་དག་རྫས་གཞན་མ་ཡིན་པའམ། སེམས་

ཀྱི་གནས་སྐབས་ཀྱི་བྱེ་བྲག་སེམས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའོ། །རྣམ་པར་བསྒྱུར་བའི་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་བསྒྱུར་བའི་མདོ་ལས་ནི་དབང་པོ་ལྔ་ནི་ཡིད་མི་བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་

དབང་པོ་དང་། དགེ་སློང་གི་ཡིད་མི་བདེ་བའི་དབང་པོ་སྐྱེས་པ་ལ་སྐྱེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་དང་། ཡིད་མི་བདེ་བའི་དབང་པོ་མ་ལུས་པར་འགག་པར་འགྱུར་བ་ནས།

ཡོངས་སུ་གཏུགས་པའི་བར་དུ་འགྱུར་ཏེ། དགེ་སློང་དག་འདི་ནི་ཡིད་མི་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ཞེས་བྱ་བའོ། །དེ་བཞིན་དུ་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་རྒྱས་པར་གསུངས་ནས། གྲངས་བཞིན་དུ་

เล่ม ๑๔๕ · หน้า 279a

བསམ་གཏན་གཉིས་པ་དང་། གསུམ་པ་དང་བཞི་པ་རྫོགས་པར་བྱས་ཏེ། གནས་ཞེས་བརྗོད་པར་བྱ་ཞིང་། བཏང་སྙོམས་ཀྱི་དབང་པོའི་ནི་རྒྱུ་མཚན་ཐམས་ཅད་ཡིད་ལ་མི་བྱེད་པས་མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱས་

ནས་གནས་ཏེ། འདིར་འདིའི་བཏང་སྙོམས་ཀྱི་དབང་པོ་མ་ལུས་པར་འགག་པར་འགྱུར། མ་ལུས་པར་ནུབ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་ཏེ། འདི་ནི་བཏང་སྙོམས་ཀྱི་དབང་པོ་ལས་ངེས་པར་འབྱུང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །དེའི་ཕྱིར་ལུང་

ལས་དགའ་བ་ཁོ་ན་ཡིད་བདེ་བ་ཡིན་གྱི། བདེ་བ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ་བཤད་པ་ལྟར་ཡན་ལག་དེ་དག་ཅེས་བྱ་བ་ནི་དང་པོའི་ལྔ་དང་གཉིས་པའི་གསུམ་དང་། གསུམ་པའི་ལྔ་དང་། བཞི་པའི་བཞིའོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་

བ་མེད་དོ་ཞེས་བྱ་བ་ལ། དབེན་པ་ལས་སྐྱེས་པ་ནི་དབེན་པ་ལས་སྐྱེས་པ་སྟེ། དགའ་བ་དང་བདེ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་ཏེ། རང་གི་ས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདོད་

པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་པ་ཡིན་ནོ། །ནང་རབ་ཏུ་དང་བ་མེད་དེ་ཞེས་བྱ་བ་ལ། དེ་ཉིད་ལ་རྒྱུ་སྨོས་པ་ནི་ཉོན་མོངས་པས་རྙོག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེའི་སའི་ཉོན་མོངས་པ་དག་གིས་རབ་ཏུ་མ་དང་བའི་ཕྱིར་རོ་

ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི། དེས་རྨོངས་པས་ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱས་པ་ལ་དྲན་པ་དང་ཤེས་བཞིན་མེད་དོ། །དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་བཏང་སྙོམས་

ཀྱང་ཉོན་མོངས་པ་ཅན་གྱི་གསུམ་པ་ལ་མེད་དེ། དེའི་ཕྱིར་དེ་ཉིད་ཡན་ལག་གཉིས་པ་ཡིན་ནོ། །གལ་ཏེ་བཏང་སྙོམས་མེད་ན་ཅིའི་ཕྱིར་མ་བཀག་ཅེ་ན། ཉོན་མོངས་པ་ཅན་གྱི་བཞི་པ་ལ་དེ་བཀག་པའི་ཕྱིར་དོན་གྱི་གསུམ་པ་ཡང་དེ་བཀག་པར་ཤེས་པར་འགྱུར་བའི་ཕྱིར་རོ། །

เล่ม ๑๔๕ · หน้า 279b

ཉོན་མོངས་པ་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་བཏང་སྙོམས་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ན། བཏང་སྙོམས་ཡོངས་སུ་དག་པ་མེད་ལ། ཉོན་མོངས་པ་ཀུན་དུ་འབྱུང་བས་དེས་ཀུན་དུ་རྨོངས་པའི་ཕྱིར། དྲན་པ་ཡོངས་སུ་དག་པ་ཡང་མེད་དོ། །

ཁ་ཅིག་ཤིན་ཏུ་སྦྱངས་པ་བཏང་སྙོམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དག་ཉོན་མོངས་པ་ཅན་དག་ལ་ཡང་དགའ་བ་དང་དད་པ་དང་དྲན་པ་དང་ཤེས་བཞིན་དག་ཡན་ལག་ཏུ་འདོད་པ་དེ་དག་གི་ལྟར་ན་དང་པོ་དང་གསུམ་པ་དག་ནི་ཡན་ལག་བཞི་པ་ཡིན་ལ། གཉིས་

པ་དང་བཞི་པ་དག་ནི་ཡན་ལག་གསུམ་པ་ཡིན་ནོ། །བསམ་གཏན་གསུམ་པ་ནི་སྐྱོན་དང་བཅས་པའི་ཕྱིར་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲས་ཡན་ལག་དང་ལྡན་པ་ཡང་ཡིན་ནོ་ཞེས་སྔར་གྱི་ཚུལ་བསྡུ་བར་བྱ་བའི་ཕྱིར་ནི་ཞེས་བྱ་བའི་སྒྲས་སྨོས་སོ། །བདེ་བ་ལ་སོགས་པ་བཞི་

ནི་བསམ་གཏན་གྱི་སྐྱོན་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ལུས་མ་རུངས་པ་སྤངས་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དང་དགའ་བ་དང་། བདེ་བ་དག་གིས་ཞེས་བྱ་བ་ལ། ཇི་ལྟར་བསམ་གཏན་སྔ་མ་གསུམ་པོ་རྟོག་པ་ལ་སོགས་པ་དག་གིས་གཡོ་བ་སྟེ། བསམ་གཏན་དང་

པོ་རྟོག་པ་དང་དཔྱོད་པ་དག་གིས་གཡོ་ལ། གཉིས་པ་དགའ་བས་གཡོ་ཞིང་། གསུམ་པ་བདེ་བས་གཡོ་བ་དེ་ལྟར་བསམ་གཏན་བཞི་པ་ནི་དེ་དག་གིས་མི་གཡོ་སྟེ། དཔེར་ན་མར་མེ་རླུང་གིས་མི་གཡོ་བ་དེ་དང་འདྲའོ། །རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་

བ་ཞེས་བྱ་བ་ནི། དེ་ན་དྲི་དང་རོ་མེད་པས་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པའི་ཚོགས་གཞན་མེད་པའི་ཕྱིར་ཞེས་བྱ་བ་ནི། མིག་ཅེས་བྱ་བ་ལ་སོགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །དེ་མེད་ན་རྟོག་པ་དང་དཔྱོད་པ་མེད་དོ། དེ་དག་

ནི་རྟག་ཏུ་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་གཏན་གཉིས་པ་ལ་སོགས་པ་དག་ན་གཟུགས་དང་སྒྲ་དང་རེག་བྱའི་སྐྱེ་མཆེད་རྣམས་དམིགས་པ་དང་། རྣམ་པར་

เล่ม ๑๔๕ · หน้า 280a

རིག་བྱེད་ཀུན་ནས་སློང་བར་བྱེད་པའི་སེམས་ཡོད་དོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་དག་ཏུ་སྐྱེས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་ས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། འོ་ན་ཅི་ཞེ་ན། དེ་དག་གི་བསམ་གཏན་དང་པོའི་ས་

པ་མངོན་དུ་བྱེད་དོ། །སྤྲུལ་པའི་སེམས་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ས་གོང་མར་སྐྱེས་པ་ས་འོག་མའི་སྤྲུལ་པ་སྤྲུལ་པར་འདོད་པ་དག་ས་འོག་མའི་སྤྲུལ་པའི་སེམས་མངོན་དུ་བྱེད་པ་དེ་བཞིན་དུ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་དང་

སྒྲ་དང་རེག་བྱ་ལ་དམིགས་པར་འདོད་ཅིང་། རྣམ་པར་རིག་བྱེད་ཀུན་ནས་སློང་བར་འདོད་པ་དག་བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མངོན་དུ་བྱེད་དོ། །དག་པ་པ་ལ་སོགས་པ་

ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཟག་པ་མེད་པ་དང་ཉོན་མོངས་པ་ཅན་བསྡུའོ། །ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ་ཞེས་བྱ་བ་ནི། དཔེར་ན་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་

ལས་འདོད་ཆགས་དང་བྲལ་བ་ལས་སྲིད་པའི་རྩེ་མོའི་བར་ཅི་རིགས་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་དག་པ་པ་རྣམ་པ་གསུམ་ཐོབ་པ་ལྟ་བུའོ། །ས་འོག་མར་སྐྱེས་པ་ལས་ཞེས་བྱ་བ་ནི་དཔེར་ན་སྲིད་པའི་རྩེ་མོ་ནས་འཆི་འཕོ་ཞིང་ཅི་ཡང་མེད་པའི་སྐྱེ་མཆེད་

དུ་སྐྱེ་བ་ནས། བསམ་གཏན་དང་པོར་སྐྱེ་བ་ན་ཐོབ་པའི་བར་ལྟ་བུའོ། །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སོགས་པ་དག་ནས་འཆི་འཕོ་བས་འོག་མར་སྐྱེ་བ་ལ་ཡང་བརྗོད་པར་བྱའོ། །སྲིད་པའི་རྩེ་མོ་མ་གཏོགས་པ་ཞེས་བྱ་བ་ནི། དེ་ནི་ས་འོག་མ་ལས་འདོད་ཆགས་

དང་བྲལ་བ་ཁོ་ན་ལས་ཐོབ་ཀྱི། ས་འོག་མར་སྐྱེས་པ་ལས་ནི་མ་ཡིན་ཏེ། དེ་ཡན་ཆད་གནས་གཞན་མེད་པའི་ཕྱིར་རོ། །བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་ལ་བསམ་ནས་དེ་སྐད་དུ་བཤད་ཀྱི། ཉེར་བསྡོགས་ནི་དེ་དང་མི་ལྡན་པ་འདོད་ཆགས་དང་བྲལ་

เล่ม ๑๔๕ · หน้า 280b

བས་ཀྱང་སྦྱོར་བ་ལས་འཐོབ་བོ། །དེ་དང་མི་ལྡན་ཞེས་ཅིའི་ཕྱིར་བརྗོད། འདོད་ཆགས་དང་བྲལ། སྐྱེ་བ་ལས་ནི་ཞེས་བྱ་བ་འདི་ཙམ་གྱིས་ཅི་མཆོག །གང་ལས་ན་དེ་དང་མི་ལྡན་ཞེས་ཁྱད་པར་དུ་བྱེད་པར་འགྱུར་ཞེ་ན། གང་གི་ཕྱིར་དག་པ་པ་དང་ལྡན་པ་ཡང་སྦྱོར་བ་

ལས་བསམ་གཏན་ནམ་གཟུགས་མེད་པའི་དངོས་གཞི་དག་པ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ཅིང་། ཡོངས་སུ་ཉམས་པ་ལས་ཉམས་པའི་ཆ་དང་མཐུན་པ་འཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཡོངས་སུ་ཉམས་པ་ལས་ཉམས་པའི་ཆ་དང་

མཐུན་པ་འཐོབ་པས་སོ། །དེ་བཞིན་དུ་ཡོངས་སུ་ཉམས་པ་དང་སྐྱེ་བས་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དག་པ་པ་ཡོངས་སུ་ཉམས་པས་འཐོབ་པར་འགྱུར་ལ། ཡོངས་སུ་ཉམས་པས་འདོར་བར་འགྱུར་བ་ཡོད་དམ། བསམ་གཏན་དག་པ་པ་སྐྱེ་བས་འཐོབ་ལ།

སྐྱེ་བས་འདོར་བ་ཡོད་དམ་ཞེ་ན་ཞེའོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་དང་པོ་ཉོན་མོངས་པ་དང་མཐུན་པའི་

ཕྱིར། དེའི་ས་པའི་ཉོན་མོངས་པ་བཞིན་དུ་འདོར་བའི་ཕྱིར་རོ། །རེ་ཞིག་དྲི་བ་དང་པོའི་ལན་ནི་དེ་ལྟའོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བ་ལས་འཐོབ་པ་ཞེས་བྱ་བ་ནི། གལ་ཏེ་ཚངས་པའི་འཇིག་རྟེན་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་

ཉམས་ན་ཡང་ཉམས་པའི་ཆ་དང་མཐུན་པ་དེ་དེའི་ས་པའི་ཉོན་མོངས་པ་བཞིན་དུ་འཐོབ་བོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་འདོར་རོ་ཞེས་བྱ་བ་ནི། །གང་གི་ཚེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་དག་པ་པ་འདོར་

རོ་ཞེས་བྱ་བའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ཀྱང་ཅི་རིགས་པར་བརྗོད་པར་བྱའོ། །ཟག་པ་མེད་པ་ནི་བསམ་གཏན་ནམ་གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བས་སྟེ། དེ་དང་མི་ལྡན་པ་ལས་ལྡན་པ་འཐོབ་བོ། །དེ་དང་ལྡན་

เล่ม ๑๔๕ · หน้า 281a

པ་ནི་ཟད་པ་ཤེས་པ་ལས་མི་སློབ་པ་འཐོབ་ལ། དབང་པོ་འཕོ་བ་ལས་ཀྱང་དད་པས་མོས་པ་ཟག་པ་མེད་པ་དང་ལྡན་པ་ཁོ་ན་མཐོང་བས་ཐོབ་པར་གྱུར་ནས། སྔར་མ་ཐོབ་པ་ཐོབ་པོ། །དེ་བཞིན་དུ་དུས་ཀྱི་རྣམ་པར་གྲོལ་བ་ཡང་མི་གཡོ་བ་རྟོགས་པ་ན་མི་

སློབ་པ་འཐོབ་པོ། །ངེས་པར་འཇུག་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་ཀྱང་ངེས་པར་འཇུག་པ་ན་དང་པོ་ཉིད་དུ་ཟག་པ་མེད་པ་འཐོབ་པ་མ་ཡིན་ནམ་ཞེ་ན། མཐར་གྱིས་མི་ཐོབ་པའི་ཕྱིར་གདོན་མི་ཟ་བ་མ་ཡིན་ཏེ་ཞེས་བྱ་

བ་ནི་མཐར་གྱིས་པ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པས་དེས་བསམ་གཏན་གྱི་དངོས་གཞི་ཟག་པ་མེད་པ་མི་འཐོབ་པོ། །འཕགས་པས་གདོན་མི་ཟ་བར་འཐོབ་པ་དང་། ཇི་ལྟར་གདོན་མི་ཟ་བར་ཐོབ་པ་ཉིད་དེ་ལྟར་བཤད་དོ། །ཉོན་

མོངས་ཅན་རྣམས་ཉམས་སྐྱེ་ཡིས། །ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་པོ་དེ་ལས་འདོད་ཆགས་དང་བྲལ་བ་ལས་བཏང་བ་ནི་ཡང་དེ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འཐོབ་པོ། །བསམ་གཏན་གཉིས་པ་ལ་སོགས་

པ་ནས་བསམ་གཏན་དང་པོར་སྐྱེ་ན་ཉོན་མོངས་པ་ཅན་གྱི་དང་པོ་འཐོབ་སྟེ། དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ཉོན་མོངས་པ་ཅན་གྱི་སྲིད་པའི་རྩེ་མོ་ནི། དེ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ཁོ་ན་ལས་འཐོབ་ཀྱི། །

སྐྱེ་བ་ལས་ནི་མ་ཡིན་ནོ་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ཞེས་བྱ་བ་ནི་དག་པ་པ་དང་ཟག་པ་མེད་པར་ཞེས་བྱ་བར་སྦྱར་རོ། །ཟག་པ་མེད་པ་ལས་ཉོན་མོངས་པ་ཅན་མི་འབྱུང་སྟེ། ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །ཐོད་རྒལ་གྱི་སྙོམས་པར་འཇུག་པ་

གཅིག་རྒལ་བ་ཡིན་པས་གསུམ་པའི་གོང་མ་ནི་མི་སྐྱེའོ། །བསམ་གཏན་དང་གཟུགས་མེད་པ་གཞན་གྱི་མཇུག་ཐོགས་སུ་ཡང་རྫས་བཅུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་བཞི་པའི་མཇུག་ཐོགས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་

เล่ม ๑๔๕ · หน้า 281b

ཐོགས་སུའོ། །དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་ཞེས་བྱ་ནི་ཆོས་ཤེས་པ་འདོད་པའི་ཁམས་ལ་བརྟེན་པའི་ཕྱིར་དང་། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་ཆོས་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པར་སྙོམས་པར་མི་འཇུག་གོ། །རང་གི་ས་

པའི་ཉོན་མོངས་ཀྱང་། །ཞེས་བྱ་བ་ནི། བསམ་གཏན་དང་པོ་དག་པ་པའི་མཇུག་ཐོགས་སུ་བདུན་སྐྱེ་སྟེ། རང་གི་ས་པ་གསུམ་པོ་ཟག་པ་མེད་པ་དང་། དག་པ་པ་དང་། ཉོན་མོངས་པ་ཅན་དང་། བསམ་གཏན་གཉིས་པ་དང་གསུམ་པའི་ས་པ་དག་པ་པ་དང་།

ཟག་པ་མེད་པ་དག་གོ། །དེ་ལྟར་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ནི་བརྒྱད་དོ། །བསམ་གཏན་གཉིས་པའི་མཇུག་ཐོགས་སུ་ནི་དགུའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ནི་བཅུའོ། །དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་

གཞན་གྱི་མཇུག་ཐོགས་སུ་ནི་བཅུ་གཅིག་གོ། །ཟག་པ་མེད་པའི་མཇུག་ཐོགས་སུ་ནི་ཉོན་མོངས་པ་ཅན་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་འཇུག་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །གཞན་ཡང་དག་པ་པ་ཡང་ཐམས་ཅད་ཀྱི་མཇུག་ཐོགས་སུ་ནི་སྐྱེ་ན། ཟག་པ་

མེད་པ་ལ་ལྟ་ཅི་སྨོས་ཏེ། དེ་སྐད་དུ་ཡང་། དག་པ་རྣམ་པ་བཞི་ཞེས་འཆད་དོ། །རང་གི་ས་པའི་དག་པ་པ་དང་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི། རང་གི་ས་པའི་ཟག་པ་མེད་པ་མ་ཡིན་ལ། ས་གོང་མ་པའི་དག་པ་པ་འམ། ཟག་པ་མེད་པ་འམ། ཉོན་མོངས་པ་ཅན་

ཡང་མ་ཡིན་པའོ། །ས་འོག་མ་པ་ནི་དག་པ་པ་གཅིག་པུ་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་ལ། ཟག་པ་མེད་པ་ཡང་མ་ཡིན་ནོ། །ཉོན་མོངས་པས་གཟིར་བ་ནི་ཞེས་བྱ་བ་ནི་ཉོན་མོངས་པས་ཟིལ་གྱིས་མནན་པའོ། །དགེ་བ་ལས་འཕོས་པ་ཡིན་གྱི་ཞེས་བྱ་བ་ནི་སྡིག་

པ་ལ་སྡིག་པར་བྱེད་པ་ལྟ་ན་དེ་དེའི་ཡང་དག་པའི་ལྟ་བ་ཡིན་པས་དེ་ནི་དགེ་བ་ཁོ་ན་ཡིན་གྱི་ཉོན་མོངས་པ་ཅན་ནི་མ་ཡིན་ནོ། །བསམས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་ལྟར་གལ་ཏེ་འདི་སྙམ་དུ་བདག་གིས་ནམ་ཕྱེད་ཀྱི་ཚེ་སད་པར་བྱའོ་སྙམ་དུ་བློ་བསྐྱེད་ནས་

เล่ม ๑๔๕ · หน้า 282a

ཉལ་ན། རྒྱུན་སྔོན་གྱི་བསམ་པའི་རྗེས་སུ་འཇུག་པའི་ཕྱིར་དུས་དེ་ཁོ་ནར་སད་པར་འགྱུར་བ་དེ་དང་འདྲའོ། །ཟག་པ་མེད་པ་ནི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རྣམ་པ་ཐམས་ཅད་དུ་མི་སྐྱེའོ་ཞེས་བྱ་བ་ནི་རང་གི་ས་པ་ཡང་མི་སྐྱེ་ལ། ས་

འོག་མ་པ་ཡང་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་འཇུག་པའི་དུས་ཀྱི་ཕྱིར་དེ་སྐད་དུ་བཤད་ཀྱི་ཞེས་བྱ་བ་ནི་དག་པ་དང་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རང་གི་ས་པའི་ཉོན་མོངས་པ་ཅན་ཁོ་ན་སྐྱེའི་གཞན་གྱི་ས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །

ཇི་སྐད་དུ་ཞེ་ན། དག་པ་ལས་དེ་བཞིན། རང་གི་ས་པའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་ཞེས་དེ་སྐད་དུའོ། །འཆི་འཕོ་བའི་ཚེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཆི་འཕོ་བའི་ཚེ་ཞེས་བྱ་བ་ནི་འཆི་བའི་སྲིད་པའི་གནས་སྐབས་

ཡིན་ལ། དེ་ཡང་མཉམ་པར་གཞག་པ་ཡིན་པས་དེ་སྐྱེ་བའི་བསམ་གཏན་དག་པ་པ་སྲིད་པ་ཡོད་དོ། །བསམ་གཏན་དག་ཏུ་སྐྱེས་པའི་སྐྱེ་བས་ཐོབ་པའི་དགེ་བ་མཉམ་པར་གཞག་པ་གང་ཡིན་པ་དེ་ཡང་དག་པར་ཞེས་བྱའོ། །དེའི་མཇུག་ཐོགས་སུ་རང་དང་གོང་

མ་དང་འོག་མའི་ས་པ་ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་པ་ཅན་སྐྱེ་སྟེ། དགེ་བའི་སེམས་ཀྱིས་འཆི་འཕོ་ན་འགར་ཡང་ཉིང་མཚམས་སྦྱོར་བ་ལ་གནོད་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་ལས་ཞེས་བྱ་བ་ལ་སོགས་པ་ནི། ས་འོག་མ་ཉོན་མོངས་

པ་ཅན་སྐྱེའི། ས་གོང་མ་པ་ནི་མ་ཡིན་ཏེ། རང་གི་ས་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །སྲིད་པའི་རྩེ་མོ་ནི་རྣམ་པ་གསུམ་ཡིན་ཏེ། ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་སོ་ཞེས་བྱ་བ་ལ། སྲིད་པའི་རྩེ་མོ་ན་ནི་མཐོང་བའི་ལམ་དང་མཐུན་པའི་ངེས་

པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ། ཟག་པ་མེད་པ་དང་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡོད་ཀྱི། ཁྱད་པར་གྱི་ཆ་དང་མཐུན་པ་ནི་མ་ཡིན་ཏེ། གོང་ནས་གཞན་མེད་པའི་ཕྱིར་རོ། །ཉམས་པའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་སྐྱེ་བ་དང་།

เล่ม ๑๔๕ · หน้า 282b

རྗེས་སུ་མཐུན་པའོ་ཞེས་བྱ་བ་ནི། དེ་ལས་ཉོན་མོངས་པ་ཅན་གདོན་མི་ཟ་བར་སྐྱེ་བ་ནི་མ་ཡིན་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་གཅིག་སྟེ། དེ་གཅིག་པུ་སྐྱེའོ་ཞེས་བྱ་བ་

ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁོ་ནའོ། །གཞན་དག་ན་རེ་ཁྱད་པར་གྱི་ཆ་དང་མཐུན་པ་ཡང་སྐྱེའོ་ཞེས་ཟེར་རོ། །ཟག་པ་མེད་པ་ལས་ལྡང་བའི་ཚེ་དག་པ་པ་གང་མངོན་སུམ་དུ་བྱེད་ཅེ་ན། ཉམས་པའི་ཆ་དང་མཐུན་པ་མ་གཏོགས་པ་རྣམ་པ་གསུམ་ཀ་ཡང་ངོ་། །

འབྲེལ་པ་དང་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ་ཞེས་བྱ་བ་ནི་ལུགས་དང་མཐུན་པའི་གོ་རིམས་བཞིན་དང་། ལུགས་དང་མི་མཐུན་པའི་གོ་རིམས་བཞིན་དུའོ། །ཉོན་མོངས་པ་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་དབང་བའི་ཕྱིར་རོ་ཞེས་བྱ་བ་ནི། ཉོན་མོངས་པ་མེད་

པ་ནི་དགྲ་བཅོམ་པ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་དབང་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་གི་ས་དང་ས་འོག་མར་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཟག་པ་དང་བཅས་པ་ནི་སྲིད་པའི་རྩེ་མོ་མ་

གཏོགས་པ་བརྒྱད་ལ་བརྟེན་ཏོ། །ཟག་པ་མེད་པ་ནི་ས་དགུ་ལ་བརྟེན་ཏོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ནི་གོ་རིམས་བཞིན་དུ་ས་བདུན་དང་བརྒྱད་ལ་བརྟེན་པ་ནས་བསམ་གཏན་དང་པོ་ཟག་པ་དང་བཅས་པ་དང་ཟག་

པ་མེད་པ་འདོད་པ་དང་། བསམ་གཏན་དང་པོ་ལ་བརྟེན་པའི་བར་ཡིན་ནོ། །ཅུང་ཟད་ཀྱང་དགོས་པ་མི་བྱེད་དེ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་དགོས་པ་མི་བསྒྲུབ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་དམན་པའི་ཕྱིར་རོ། །སྲིད་རྩེར་འཕགས་པའི་ཅི་ཡང་མེད། །ཅེས་

བྱ་བ་ལ་འཕགས་པ་ནི་ཟག་པ་མེད་པ་སྟེ། སྲིད་པའི་རྩེ་མོར་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ཤིང་། མངོན་སུམ་དུ་གྱུར་པ་ལས་དེའི་ཟག་པ་སྤོང་བར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲས་ནི་དམིགས་ཀྱིས་བསལ་བའི་དོན་སྟོན་པར་བྱེད་པའོ། །

เล่ม ๑๔๕ · หน้า 283a

རང་གི་མེད་པའི་ཕྱིར་དང་དེ་ཡང་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཟག་པ་མེད་པའི་ལམ་མེད་པར་དགྲ་བཅོམ་པ་ཉིད་འཐོབ་པ་མེད་ལ། སྲིད་པའི་རྩེ་མོ་པའི་ཟག་པ་མེད་པ་ཡང་མེད་པས་དེར་སྐྱེས་པས་དགྲ་བཅོམ་པ་ཉིད་འཐོབ་པ་གང་ཡིན་པ་དེས་

ལམ་འོག་མ་མངོན་སུམ་དུ་བྱེད་པ་ལས་ཉེས་པ་མེད་དོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པ་ཁོ་ན་མངོན་སུམ་དུ་བྱེད་ཀྱི། གཞན་ནི་མ་ཡིན་ཏེ། དེ་ཐག་ཉེ་བའི་ཕྱིར་ཏེ། གོམས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པ་སྨོས་

པས་ནི་ཟག་པ་དང་བཅས་པའི་དངོས་པོ་གཟུང་ངོ་ཞེས་བྱ་བ་ནི། མདོ་ལས་སྲིད་པ་ནི་ཆོས་གང་དག་ཡིན་ཞེ་ན། ཟག་པ་དང་བཅས་པའི་ཆོས་རྣམས་སོ་ཞེས་འབྱུང་བའི་ཕྱིར་རོ། །ས་རྣམས་ནི་སྲེད་པས་ཡོངས་སུ་བཅད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྲེད་པ་ནི་རང་གི་

སའི་དམིགས་པ་ལ་ངེས་པའི་ཕྱིར་རོ། །དེ་གཉིས་ཀྱིས་ཡོངས་སུ་གཅོད་དེ། དཔེར་ན་གང་ལ་འདོད་པའི་སྲེད་པ་རྒྱས་པར་འགྱུར་བ་དེ་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་

མ་ཡིན་ནོ་ཞེས་བྱ་བ་ལ། ཟག་པ་མེད་པ་ལ་དམིགས་པ་ནི་སྲེད་པ་ཡིན་པར་མི་རིགས་ཏེ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །དེ་དོན་དུ་གཉེར་བ་དེ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་གྱི་སྲེད་པ་ནི་མ་ཡིན་ནོ། །གཟུགས་

མེད་དངོས་གཞིའི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། །ཞེས་བྱ་བ་ལ། དངོས་གཞི་ཞེས་སྨོས་པ་ནི་ཉེར་བསྡོགས་བསལ་བའི་ཕྱིར་ཏེ། ཉེར་བསྡོགས་དག་ནི་ས་འོག་མ་ལ་དམིགས་པ་ཡིན་ནོ། །དགེ་བ་སྨོས་པ་ནི་རོ་མྱང་བ་དང་མཚུངས་པར་

ལྡན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དགེ་བ་དང་ཟག་པ་མེད་པ་བསྡུའོ། །ཟག་བཅས་སྨོས་པ་ནི་ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །ས་འོག་མ་པའི་ཟག་པ་དང་བཅས་པའི་དངོས་པོ་མ་ཡིན་ཏེ་ཞེས་བྱ་བ་ནི། ས་འོག་མ་རབ་ཏུ་མ་ཞི་བ་ཡིན་པའི་

เล่ม ๑๔๕ · หน้า 283b

ཕྱིར་དང་། དེ་དག་ཤིན་ཏུ་རབ་ཏུ་ཞི་བ་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་པ་ཞེས་བཤད་ཀྱི། བསམ་གཏན་དག་ལ་ནི་མ་ཡིན་ཏེ། བསམ་གཏན་དག་ནི་དམིགས་པ་ལས་འདའ་བ་མེད་པས། ཀུན་དུ་ལྟ་བ་ཡིན་པའི་

ཕྱིར་རོ། །དམིགས་པ་ཟག་པ་མེད་པ་ནི་རང་གི་ས་དང་ས་གོང་མ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ས་འོག་མ་པ་ཡང་ཡིན་ནོ། །དེ་ཡང་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་རྣམ་པ་གཉིས་ཡིན་པས་དེའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་

ཅེས་བྱ་བ་སྨོས་སོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་མ་ཡིན་ལ་ཞེས་བྱ་བ་ནི། རང་གི་གཉེན་པོ་ལ་དམིགས་པའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཁོ་ན་དེ་དག་གི་དམིགས་པ་ཡིན་གྱི། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ནི་མ་

ཡིན་ནོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་འགའ་ཞིག་གཉེན་པོ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དམིགས་པ་ཟག་པ་མེད་པ་ནི་ཞེས་ཁྱད་པར་མེད་པར་སྨོས་པས་ས་འོག་མའི་འགོག་པ་ལ་ཡང་ཐལ་བར་འགྱུར་བས་དེའི་

ཕྱིར་ས་འོག་མའི་འགོག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དགག་བྱའི་སྒོ་ནས་དེ་ལ་དམིགས་པའི་ཕྱིར་རོ། །དངོས་གཞི་བཀག་པས་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེར་བསྡོགས་དག་ནི་བར་ཆད་

མེད་པའི་ལམ་གང་དག་ཡིན་པ་དེ་དག་གི་དམིགས་པ་ནི་ས་འོག་མ་ཡིན་ནོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་བསམ་གཏན་བཞི་པ་ཡིན་ལ། སྲིད་པའི་རྩེ་མོའི་ཉེར་བསྡོགས་ཀྱི་བར་ཆད་མེད་

པའི་ལམ་རྣམས་ཀྱི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་པའི་བར་དུའོ། །རྣམ་པ་གསུམ་པོ་འདི་དག་ལས་ཞེས་བྱ་བ་ནི། བསམ་གཏན་དང་གཟུགས་མེད་པ་པ་དང་ཟག་པ་མེད་པ་དང་། ཉོན་མོངས་པ་ཅན་དག་ལ་ཟག་པ་མེད་པ་གང་ཞིག་སྲིད་པ་དེས་ཉོན་མོངས་པ་

เล่ม ๑๔๕ · หน้า 284a

རྣམས་ཅི་རིགས་པར་སྤོང་ངོ་། །ཟག་པ་མེད་པ་གང་གིས་ཤེ་ན། དངོས་གཞིས་ཏེ། ཉེར་བསྡོགས་དག་པས་ཀྱང་ཞེས་དམིགས་ཀྱིས་བསལ་བ་འཆད་པར་འགྱུར་བའི་ཕྱིར་རོ། །དག་པ་པས་ཀྱང་མི་སྤང་ན་ཉོན་མོངས་པ་ཅན་གྱི་ལྟ་སྨོས་ཀྱང་ཅི་

དགོས་ཞེས་བྱ་བ་ནི། རང་ཉིད་དྲི་མ་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ཡང་མ་ཡིན་ལ་ཞེས་བྱ་བ་ལ། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དག་པ་པས་ས་འོག་མ་པའི་ཉོན་མོངས་པ་རྣམས་མི་སྤོང་སྟེ།

དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འོག་མ་ལས་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གྱི་དངོས་གཞི་ལ་མི་འཇུག་གོ། །དེ་ཉིད་དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ཉིད་དེའི་གཉེན་པོ་ཡིན་པར་

ནི་མི་རིགས་ཏེ། སྲོག་ཐམས་ཅད་ལ་ཉོན་མོངས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་ཉོན་མོངས་པ་དག་གིས་གཅིག་ཏུ་འཆིང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ས་པའི་ཉོན་མོངས་པ་རྣམས་དེ་ལས་རྒྱས་པར་འགྱུར་བའི་ཕྱིར་རོ། །ཉོན་

མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེས་ནི་དངོས་པོ་དེ་གཞོམ་པར་མི་ནུས་ཏེ། དཔེར་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་ཉིད་བཞིན་ནོ། །ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དམན་པས་

ཁྱད་པར་དུ་འཕགས་པ་སྤོང་བར་མི་རིགས་ཏེ། དེ་ལྟ་མ་ཡིན་ན་འདོད་པའི་ཁམས་ཀྱིས་ཀྱང་བསམ་གཏན་དང་པོ་སྤོང་བ་ཐལ་བར་འགྱུར་རོ། །ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དེས་ས་འོག་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་

བས་ན་ས་འོག་མའི་གཉེན་པོའོ། །གང་གིས་དེ་ལ་འཇུག་པ་ཞེས་བྱ་བ་ནི་ཉེར་བསྡོགས་གང་གིས་བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དེ་དག་ལ་འཇུག་པ་སྟེ། མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ་ཞེས་བྱ་བ་ནི།

เล่ม ๑๔๕ · หน้า 284b

དག་པ་དང་ཟག་པ་མེད་པ་དང་། ཉོན་མོངས་པ་ཅན་ནོ། །དེ་དག་ལ་ཚོར་བ་ཡང་དེ་དང་འདྲ་བར་ཡོད་དམ་ཞེས་བྱ་བ་ནི་དངོས་གཞི་དང་འདྲ་བར་བསམ་གཏན་དང་པོ་དང་གཉིས་པའི་ཉེར་བསྡོགས་ན་དགའ་བ། བསམ་གཏན་གསུམ་པའི་ཉེར་བསྡོགས་ན་བདེ་བ།

བསམ་གཏན་བཞི་པའི་ཉེར་བསྡོགས་ན་བཏང་སྙོམས་ཡོད་དམ་ཞེས་བྱ་བའོ། །འབད་དེ་དྲང་བར་བྱ་བའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་ལྡན་པ་ཡིན་ཏེ། མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་ཡིན་གྱི་འབད་

དེ་དྲང་བར་བྱ་བ་ནི་མ་ཡིན་ནོ། །ས་འོག་མ་ལས་ཡིད་བྱུང་བ་དང་མ་བྲལ་བའི་ཕྱིར་ཡང་དགའ་བ་དང་བདེ་བ་དག་མེད་པས་བཏང་སྙོམས་དང་མཚུངས་པར་ལྡན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན། རོ་མྱང་བ་

དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་བྲལ་བའི་ལམ་ཉིད་དུ་མི་རུང་ངོ་། །སྲེད་པ་དང་བཅས་པས་ནི་ཉོན་མོངས་པ་སྤོང་བར་བྱེད་ནུས་པ་མ་ཡིན་ནོ། །དང་པོ་འཕགས་པའང་ཞེས་བྱ་བ་ལ། དེས་ནི་རང་གི་ས་ལས་ཀྱང་ཡིད་བྱུང་བ་དང་ལྡན་པས་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་ཟག་པ་

མེད་པ་ཡིན་ནོ། །འོ་ན་བྱེ་བྲག་ཏུ་བཤད་པ་ལས་ཉེར་བསྡོགས་ཀྱིས་མཚམས་སྦྱོར་བའི་སེམས་དང་། འཆི་འཕོ་བའི་སེམས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་མཚམས་སྦྱོར་བ་མེད་པས་ཉེར་བསྡོགས་རྣམས་རོ་མྱང་བ་དང་མཚུངས་

པར་ལྡན་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་རྣམས་ལ་ནི་མཉམ་པར་གཞག་པ་ལ་ཉོན་མོངས་པ་བཀག་གི །སྐྱེ་བ་ལ་ཉོན་མོངས་པ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཉེར་བསྡོགས་ཀྱི་སེམས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཁ་ཅིག་གསུམ་ཞེས་བྱ་བ་ནི་

མཚམས་སྦྱོར་བའི་སེམས་ཡོད་པའི་ཕྱིར་དང་། རོ་མྱང་བའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །དོན་ཐ་དད་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེར་བསྡོགས་རྣམས་ནི་དངོས་གཞི་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་བསམ་གཏན་དང་

เล่ม ๑๔๕ · หน้า 285a

པོ་ན་ལ་ལ་ན་རྟོག་པ་དང་དཔྱོད་པ་ཡོད་ལ། ལ་ལ་ན་དཔྱོད་པ་ཁོ་ན་ཡོད་པ་དེ་ལྟར་གཉིས་པ་ལ་སོགས་པ་དག་ལ་མ་ཡིན་པས་དེར་བསམ་གཏན་ཁྱད་པར་ཅན་མ་བརྗོད་དོ། །དེ་བདེ་མིན་སྡུག་མིན་ཞེས་བྱ་བ་ལ། དེ་ན་རྣམ་པར་ཤེས་པའི་ཚོགས་གསུམ་

མེད་པའི་ཕྱིར་བདེ་བ་མེད་ལ། ཞི་གནས་དམན་པ་ཉིད་ཀྱི་མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཡིན་པའི་ཕྱིར་དགའ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡིན་ཏེ། མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བར་བྱ་བ་ཡིན་པའི་ཕྱིར་རོ། །རྟོག་པ་ཙམ་ཞིག་བཀག་

པའི་ཕྱིར་ཞེས་བྱ་བ་ནི། རྟོག་མེད་བསམ་གཏན་ཁྱད་པར་ཅན། །ཞེས་སྨོས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ་ཞེས་བྱ་བ་ནི་མཚན་མ་མེད་པ་ལས་བྱུང་བ་ནི་མཚན་མ་མེད་པའོ། །ཡུལ་ལྔ་ཞེས་བྱ་བ་ནི་ཡུལ་རྣམས་ཤིན་ཏུ་འཕྲོག་པར་བྱེད་པ་

ཉིད་ཡིན་པ་དེ་ལྟར་དབང་པོ་རྣམས་མ་ཡིན་པས་ཡུལ་སྨོས་སོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་དང་མི་རྟག་པ་ཉིད་དོ། །གཞན་དག་ན་རེ་མཚན་མའི་སྒྲ་ནི་རྒྱུའི་རྣམ་གྲངས་ཏེ་འདི་ལས་ཡུལ་ཆོས་མཚན་མ་མེད་ཅིང་རྒྱུ་མེད་པ་ཡོད་པས་ན་མཚན་མ་མེད་

པའོ་ཞེས་ཟེར་རོ། །གཞན་དག་ན་རེ་དུས་ཀྱི་མཚན་མ་དང་བྲལ་བའི་ཕྱིར་ན། མྱ་ངན་ལས་འདས་པ་མཚན་མ་མེད་པ་ཡིན་ལ་དེའི་ཡུལ་ཅན་གྱི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ་ཞེས་ཟེར་རོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །ཞེས་བྱ་བ་ནི། གང་གི་ཕྱིར་ཏིང་ངེ་འཛིན་བདག་མེད་པ་དང་།

སྟོང་པའི་རྣམ་པ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཉེ་བ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ཡང་རྣམ་པ་གཉིས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་བདག་མེད་པའི་རྣམ་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་ཡིན་ལ། སྟོང་པའི་རྣམ་པ་ནི་བདག་གིར་ལྟ་བའི་གཉེན་

པོ་ཡིན་ནོ། །བདེ་བའི་རྣམ་པ་ལྷག་མ་དག་དང་མཚུངས་པར་ལྡན་པའི་ཞེས་བྱ་བ་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་དང་། འགོག་པའི་རྣམ་པ་རྣམས་ལས་གཞན་པ་བདེན་པའི་རྣམ་པ་གང་ཡིན་པ་དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །རྣམ་པ་བཅུ་

เล่ม ๑๔๕ · หน้า 285b

པ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་སྟེ་གཉིས་དང་། ཀུན་འབྱུང་དང་ལམ་རེ་རེ་ལ་རྣམ་པ་བཞི་བཞིའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་བྱུང་བའི་ཕྱིར་དང་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་། དེའི་རྒྱུ་ཀུན་

འབྱུང་ནི། མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་སྟེ། དེ་དག་གིས་ཡིད་བྱུང་བའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་དག་གིས་སྡུག་བསྔལ་བ་ལ་ཡིད་བྱུང་ལ། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་གིས་ཀུན་འབྱུང་

བ་ལས་ཡིད་བྱུང་བའོ། །གཟིངས་ལྟ་བུར་ཞེས་བྱ་བ་ནི་འདི་ལ་གཟིངས་དང་འདྲ་བ་ཡོད་པས་ན་དེ་ནི་གཟིངས་ལྟ་བུའོ། །དེའི་དངོས་པོ་ནི་གཟིངས་ལྟ་བུ་ཉིད་དེ། འཁོར་བའི་རྒྱ་མཚོ་ལས་རྒལ་བ་དང་འབྲེལ་པས་ན། ལམ་ནི་གཟིངས་ལྟ་བུའོ། །ཇི་ལྟར་འདི་ལ་གཟིངས་

དང་འདྲ་བ་ཡོད་པ་སྟེ་སྟོན་པ་ནི་དོར་བར་བྱས་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དཔེར་ན་གཟིངས་ལ་བསྟན་ནས་ཆུ་བོ་རྒལ་བ་ནི་དེ་ལ་གནས་པ་མ་ཡིན་ཞིང་དོན་བྱས་ཟིན་ཏེ་གཟིངས་འདོར་བ་དེ་དང་འདྲའོ། །དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ་ཞེས་བྱ་

བ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་དང་། ལམ་རྣམས་ལས་འདའ་བར་མངོན་དུ་ཕྱོགས་པ་ནི་དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པའོ། །དེའི་དངོས་པོ་ནི་དེ་ལས་འདའ་བར་མངོན་དུ་ཕྱོགས་པ་ཉིད་དེ། དེའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། གང་གི་

ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་མི་དགའ་ཞིང་དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པ་སྟེ། དེའི་ཕྱིར་སྨོན་པ་མེད་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ལ། སྡུག་

བསྔལ་གྱི་བདེན་པ་སྟོང་པ་དང་། བདག་མེད་པའི་རྣམ་པ་དག་གིས་འཛིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་དེ་ལ་ཡིད་བྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ། །སྟོང་པ་དང་བདག་མེད་པ་དག་མེད་པ་ནི་མྱ་ངན་ལས་འདས་པའི་ཡང་མཚན་

เล่ม ๑๔๕ · หน้า 286a

ཉིད་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་སྟོང་པ་དང་བདག་མེད་པར་གཟུང་བཞིན་པ་ལས་ནི་ཡིད་བྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་གི་རྣམ་པ་ཅན་མ་ཡིན་ནོ། །དག་དང་དྲི་

མ་མེད་ཅེས་བྱ་བ་ལ། དག་པ་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །དྲི་མ་མེད་པ་ནི་མཐོང་བའི་ལམ་གྱི་གནས་སྐབས་སོ། །འཇིག་རྟེན་པ་རྣམས་ནི་ས་བཅུ་གཅིག་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་། བསམ་གཏན་

ཁྱད་པར་ཅན་དང་། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་བརྒྱད་ནའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་གང་ན་ལམ་ཡོད་པ་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་མ་གཏོགས་པ་ས་གཞན་དགུ་ནའོ། །དེ་དག་དྲི་མེད་རྣམ་ཐར་སྒོ་གསུམ་མོ། །

ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་ནི་ཟག་པ་དང་བཅས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་ཡང་ཡིན་ལ། ཟག་པ་དང་བཅས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མི་འཐད་དེ། དེ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་དག་གི་རྣམ་པར་

ཐར་པ་འཇུག་པས་ན་དེ་དག་རྣམ་པར་ཐར་པའི་སྒོ་ཡིན་ནོ། །སྒོ་མོ་དང་འདྲ་བ་ནི་སྒོ་སྟེ། ཐར་པ་ཐོབ་པའི་རྒྱུ་ལ་ཐར་པའི་སྒོ་བཤད་དོ། །གང་ཞིག་གང་གི་གཙོ་བོའི་སྒོ་མོ་ཡིན་པ་དེ་ནི་དེའི་སྒོ་ཞེས་བྱའོ། །སྟོང་པ་ཉིད་ལ་དམིགས་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སྟེ། དེ་བཞིན་

དུ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །མི་སློབ་པའི་ཞེས་རྒྱས་པར་འབྱུང་ངོ་། །སྟོང་པ་ཉིད་ཀྱིས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སྟོང་པ་ཉིད་དུ་ཡིད་ལ་བྱེད་ལ། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་དེའི་རྗེས་ལ་སྐྱེས་པའི་དགེ་བའི་རྩ་བ་ཡིན་པའི་སྒོ་ནས་སྟོང་པ་ཉིད་ཁྱོད་ཀྱང་སྟོང་ངོ་ཞེས་མི་

སློབ་པ་དེ་ཉིད་ཡིད་ལ་བྱེད་དེ། ཇི་ལྟར་འགའ་ཞིག་གིས་ཤིང་གི་རོ་མེར་བཅུག་ནས་དེ་ཚིག་པ་དང་། ཤིང་དེ་ཡང་འཇུག་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཉོན་མོངས་པ་བསྲེགས་ནས་སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་ཀྱིས་སུན་འབྱིན་པར་བྱེད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་

เล่ม ๑๔๕ · หน้า 286b

ལ་བསྐྱེད་པར་བྱ་བ་ཡིན་གྱི། བདག་མེད་པའི་རྣམ་པར་ཞུགས་པའི་རྗེས་ལ་ནི་མ་ཡིན་ཏེ། དེ་ནི་དེ་སྐྱོ་བ་དང་མཐུན་པའི་ཕྱིར་རོ། །ཇི་ལྟར་སྟོང་པ་མཐོང་བ་བཞིན་དུ་བདག་མེད་པ་མཐོང་བ་ནི་སྐྱོ་བར་བྱེད་པ་ཡིན་ནོ། །སྲིད་པ་བདག་མེད་པར་མཐོང་བ་དག་ལ་ཡང་མངོན་པར་དག་པ་ཡོད་དེ། འཁོར་

བ་སྟོང་པར་མཐོང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་འདི་ནི་རྣམ་པ་གཉིས་དང་ལྡན་པ་ཡིན་ཡང་སྟོང་པ་ཉིད་ཅེས་བྱའི། བདག་མེད་པ་ཉིད་ཅེས་ནི་མི་བྱ་སྟེ། སྟོང་པ་ཉིད་ཀྱི་རྣམ་པ་ནི་ཆེས་ཤིན་ཏུ་རྣམ་པར་དབེན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན་གཅིག་པུ་ལམ་དུ་ཞུགས་པ་ལམ་སྟོང་པ་

མཐོང་བས་སྐྱོ་ནས་མྱུར་དུ་འགྲོ་བ་དེ་དང་འདྲའོ། །སྨོན་པ་མེད་པས་ཀྱང་ཉེ་བར་ལེན་པའི་ཕུང་པོ་རྣམས་མི་རྟག་པར་ཡིད་ལ་བྱེད་ལ་དེའི་རྗེས་ལ་སྐྱེས་པའི་སྨོན་པ་མེད་པ་སྨོན་པ་མེད་པ་ནི་མི་སློབ་པ་དེ་མི་རྟག་པར་ཡིད་ལ་བྱེད་དོ། །སྡུག་བསྔལ་བར་ཡང་མ་ཡིན་ལ་རྒྱུ་ལ་སོགས་

པར་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་ཏུ་ཡང་མ་ཡིན་ཏེ། ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ནི་ཀུན་འབྱུང་བ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བའི་

ཐ་ཚིག་གོ། །དེ་ནི་སྡུག་བསྔལ་དང་འབྲེལ་པ་མ་ཡིན་ཏེ། དེ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། དེ་ནི་དེ་སུན་འབྱིན་པའི་རྣམ་པར་ཞུགས་པས་ལམ་ལ་སྡང་བ་ཡིན་པའི་ཕྱིར་རོ། །འདི་ནི་མི་རྟག་

པའི་རྣམ་པ་ལམ་ལ་སྡང་སྟེ། དེའི་ཕྱིར་ལམ་དང་རིགས་པ་ལ་སོགས་པའི་རྣམ་པ་ཅན་མ་ཡིན་ནོ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་མཚན་མ་མེད་པ་སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །ཇི་ལྟར་འདིའི་

སོ་སོར་མ་བརྟགས་པས་འགོག་པ་ཡིན་ཞེ་ན། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་དེའི་རྗེས་ལ་ཟག་པ་དང་བཅས་པའི་སྐད་ཅིག་མ་འདའ་བ་གང་དག་ཡིན་པ་སྟེ། གལ་ཏེ་དེ་དག་བྱུང་བར་མ་གྱུར་ན། མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་རྣམས་འབྱུང་བར་

เล่ม ๑๔๕ · หน้า 287a

འགྱུར་རོ། །མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་དེ་དག་རྐྱེན་མ་ཚང་བས་སོ་སོར་མ་བརྟགས་པས་འགོག་པས་འགོག་པར་འགྱུར་ཏེ། །སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །འཇུག་པ་ཆད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཞི་བའི་རྣམ་པ་ཁོ་ན་

ཡིན་ནོ། །ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་སོ་སོར་མ་བརྟགས་པས་འགོག་པ་ཁོ་ན་ལ་དམིགས་སོ། །ཡང་ཅིའི་ཕྱིར་ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་ཅེ་ན། མི་མཐུན་པ་མེད་པའི་ཕྱིར་ཏེ། གང་ཞིག་འཕགས་པ་རྣམས་དང་མི་མཐུན་

པ་དེ་གཏན་བྲལ་བར་བྱ་བའི་ཕྱིར་བསྒྲིམས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་སྔར་མཛོད་ཀྱི་གནས་དང་པོར་བཤད་ཟིན་ཏོ། །འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་མི་རྟག་པ་

པ་ཉིད་ཀྱི་འགོག་པ་དང་ཐུན་མོང་ཡིན་པ་ཉིད་ཀྱི་ཕྱིར་འགོག་པའི་རྣམ་པར་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མི་སློབ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་དེ་ལ་དམིགས་པར་མི་འགྱུར་བ་ཉིད་དེ། ཉེ་བར་ལེན་པའི་ཕུང་པོ་ཡང་མི་རྟག་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་ཕྱིར་གྱ་ནོམ་པའི་རྣམ་པར་མ་

ཡིན་ཏེ། གྱ་ནོམ་པ་ནི་དགེ་བ་དང་དྲི་མ་མེད་པའོ་ཞེས་བཤད་ན། སོ་སོར་མ་བརྟགས་པས་འགོག་པ་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། དེའི་ཕྱིར་གྱ་ནོམ་པའི་རྣམ་པར་མི་དམིགས་སོ། །བྲལ་བ་མ་ཡིན་པའི་ཕྱིར་ངེས་པར་འབྱུང་བའི་རྣམ་པར་མ་ཡིན་ཏེ། འདི་ལྟར་སོ་སོར་མ་བརྟགས་པའི་འགོག་

པས་འཁོར་བ་ལས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འཕགས་པའི་ལམ་ལ་སྡང་བའི་ཕྱིར། །ཞེས་བྱ་བ་ལ། ཇི་ལྟར་སྡང་ཞེ་ན། སྟོང་བ་ལ་སོགས་པའི་རྣམ་པ་དག་ཏུ་དེ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །རེ་ཞིག་ཏིང་ངེ་འཛིན་གཞན་གཉིས་ནི་སྟོང་པ་དང་མི་རྟག་པའི་རྣམ་པ་དག་ཏུ་དེ་ལ་དམིགས་པའི་

ཕྱིར་འཕགས་པའི་ལམ་ལ་སྡང་བར་རིགས་ན། གསུམ་པ་ནི་བཞི་པར་འདུས་མ་བྱས་ཀྱི་དངོས་པོ་ལ་དམིགས་པའི་ཕྱིར་ཇི་ལྟར་འཕགས་པའི་ལམ་ལ་སྡང་བ་ཉིད་དུ་རུང་ཞེ་ན། མི་སློབ་པའི་ཏིང་ངེ་འཛིན་མི་འཇུག་པའི་རྒྱུའི་ཆོས་ལ་བསྔགས་པའི་ཕྱིར་རོ། །ཟག་པ་མེད་པ་དག་ནི་དེ་ལྟ་མ་ཡིན་ནོ་

เล่ม ๑๔๕ · หน้า 287b

ཞེས་བྱ་བ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ནི་དེ་ལྟར་འཕགས་པའི་ལམ་ལ་སྡང་བ་མ་ཡིན་པའོ། །མི་ནང་ཞེས་བྱ་བ་ནི་མི་དག་གི་ནང་དུའོ། །དེར་ཡང་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་དུའོ། །སྐྱེས་པ་དང་བུད་མེད་ཀྱིས་སྐྱེད་པར་བྱེད་དེ། སྐྱེས་པ་འགའ་ཞིག་ཏུ་མ་ཟད་ཀྱི། བུད་མེད་དག་

ཀྱང་ཚེའི་འདུ་བྱེད་འཇོག་པ་དང་གཏོང་བ་དག་ལ་དབང་བ་ཡིན་ནོ། །ལྷ་དག་གི་ནང་དུ་ཞེས་བྱ་བ་ནི་གང་གི་ཕྱིར་མི་རྣམས་ཀྱི་ལུས་ནི་ཤིན་ཏུ་གྱ་ནོམ་པ་ཡིན་ཡང་ན་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་རྟེན་དུ་གྱུར་པས། ནང་ལ་སོགས་པ་ལྟ་བུ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་

རྣལ་འབྱོར་པ་དེ་བྱ་བ་བྱས་པའི་ཕྱིར་འདུ་བྱེད་ཟག་པ་མེད་པར་འཇུག་པ་ལ་ཡང་མི་མཐུན་པར་འདུ་ཤེས་པར་འགྱུར་བར་འདུ་བྱེད་འཇུག་པ་ལ་མི་མཐུན་པའི་འདུ་ཤེས་དེ་འདྲ་བ་འདྲེན་པ་ཡིན་ཏེ། དེའི་ཕྱིར་མི་དག་གི་ནང་ཁོ་ནར་སྐྱེད་ཀྱི་ལྷ་དག་གི་ནང་དུ་ནི་མ་ཡིན་ཏེ། ལྷ་རྣམས་

ནི་ཕལ་ཆེར་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་ཉིད་ཀྱིས་ལུས་ཁ་ན་མ་ཐོ་བ་མེད་པ་ཡིན་པའི་ཕྱིར་རོ། །མི་གཡོ་ལ་ཞེས་བྱ་བ་ནི། གང་གི་ཕྱིར་སློབ་པ་དང་། དུས་ཀྱི་རྣམ་པར་གྲོལ་བ་རྣམས་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་ལམ་ལ་སྡང་བ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་

གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དུས་ཀྱི་རྣམ་པར་གྲོལ་བ་ལ་སྟེ། དེ་ནི་འཕགས་པའི་ལམ་རྗེས་སུ་བསྲུང་བ་ལ་བརྩོན་པ་བྱས་པ་ཉིད་ཡིན་པས་དེ་སུན་འབྱིན་པར་མི་ནུས་སོ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་དག་མ་གཏོགས་པ་སྟེ།

དེ་དག་ནི་ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པར་ཞུགས་པས་སྤྱོད་ཡུལ་འོག་མ་དང་གོང་མ་ལ་ངེས་པའི་ཕྱིར་འཕགས་པའི་ལམ་སུན་འབྱིན་ནོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ་ཞེས་བྱ་བ་ལ་རྒྱས་པར་འབྱུང་བ་ནི་ཏིང་ངེ་འཛིན་ལ་སྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལེན་མང་དུ་བྱས་ན། མཐོང་བའི་

ཆོས་ལ་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་དང་། དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པའི་ཤེས་པ་མཐོང་བར་འགྱུར་བ་དང་། ཤེས་རབ་རབ་ཏུ་རྣམ་པར་དབྱེ་བ་དང་། ཟག་པ་ཟད་པར་འགྱུར་བའོ། །དེ་དང་པོ་ཡིན་པའི་ཕྱིར་གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་གཉིས་པ་ལ་སོགས་པ་དག་གོ། །

เล่ม ๑๔๕ · หน้า 288a

འདི་ནི་ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡིན་ཏེ། འདི་སྐད་དུ་དགེ་སློང་གནས་བརྟན་གང་ཞིག་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་དང་། ཚངས་རིས་པ་གང་དག་དེར་སྐྱེས་པ་དེ་གཉིས་ལ་ཁྱད་པར་རམ། བསམ་པ་འམ། ཐ་དད་དུ་བྱ་བ་འགའ་ཡང་

མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ནར་ཅིའི་ཕྱིར་བཤད་ཅེ་ན། དེའི་ཕྱིར་ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་གྱི། ཐམས་ཅད་ཀྱི་ཚེ་ཕྱི་མ་ལ་བདེ་

བར་གནས་པ་ནི་ངེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཡོངས་སུ་ཉམས་པ་དང་། གོང་དུ་སྐྱེ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ན་བཤད་ཀྱི། ཚེ་ཕྱི་མ་ལ་བདེ་བར་གནས་པ་ནི་མ་ཡིན་ནོ། །གཞན་དག་ན་རེ་མཐོང་བའི་ཆོས་ལ་ཞེན་པ་རྣམས་འདོད་

པའི་བདེ་བ་ལ་འདུན་པ་བཟློག་ནས་བསམ་གཏན་གྱི་བདེ་བ་ལ་སྦྱར་བར་བྱ་བའི་ཕྱིར་ཏེ། ཚེ་ཕྱི་མའི་བདེ་བ་མཐོང་བའི་ཆོས་ལ་རག་ལས་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདིར་སྔར་སྙོམས་པར་ཞུགས་པའི་ཕྱིས་དེར་སྐྱེའོ་ཞེས་གསུངས་སོ་ཟེར་རོ། །ཡང་བསམ་གཏན་ཐམས་ཅད་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཉིད་ཡིན་བཞིན་

དུ་ཡང་མདོ་ལས་དང་པོ་ཁོ་ནར་བཤད་ཅེ་ན། རྣལ་འབྱོར་པ་ནི་འདོད་པའི་ཁམས་ཉེས་པ་མང་བ་ལས་འདས་པའི་ཕྱིར་དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པ་ཡིན་ཏེ། འབྲོག་ཏུ་ཡོངས་སུ་ངལ་ཞིང་སྐོམ་པ་ཆུ་རྙོག་པ་ཅན་གྱིས་ཚིམ་པ་བཞིན་ནོ། །འཕགས་པའི་ལམ་ཐམས་ཅད་ཀྱི་བདེ་བ་དམིགས་པའི་ཡང་ཕྱིར་

ཏེ། འདིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་དང་། ཡོངས་སུ་ཤེས་པ་དགུ་དང་། འབྲས་བུའི་ལམ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུས་བསྡུས་པ་དང་། ཁམས་གསུམ་གྱི་གཉེན་པོ་རྣམས་ཀྱང་ཡོད་པས་དེ་ཉིད་མཐོང་བའི་ཆོས་ལ་བདེ་བར་གནས་པར་བཤད་དོ། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །

ཅེས་བྱ་བ་ལ། འབྲས་བུ་ལ་རྒྱུ་བཏགས་པ་ཡིན་ཏེ། ལྷའི་མིག་གི་མངོན་པར་ཤེས་པ་ནི་ཏིང་ངེ་འཛིན་བསྒོམ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་ཡིན་ནོ། །ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ཞེས་བྱ་སྟེ། དེ་ལ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด